CLOSE WINDOW

Gpb043.006: རྣམ་གསུམ་དྲག་པོ་གཤིན་རྗེ་དྲག་སྔགས་གཅོད་པའི་རྒྱུད། རྣམ་གསུམ་རྒྱུད་ཀྱི་མན་ངག་འདུས་པ་ཞེས་བྱ་བ
Wylie

། དྲག་སྔགས་ཐམས་ཅད་གཅོད་པའི་རྒྱུད་ཅེས་བྱ་བ་རྫོགས་སོ།།།། རྒྱ་གར་སྐད་དུ། ཨེ་སྤུ་གྲི་ཡ་མན་ཏ་ཀ་ཙཀྲ་བཛྲ་ཀརྨཱ་ཡ་ར་མ་ནི་རྦད་རྦད་ཨ། ཨ་ཏན་ཏྲ་ཡ། གུ་ཧྱ་ཙཏྟི་སིདྡྷི། བོད་སྐད་དུ། རྣམ་གསུམ་དྲག་པོ་གཤིན་རྗེ་དྲག་སྔགས་གཅོད་པའི་རྒྱུད། རྣམ་གསུམ་རྒྱུད་ཀྱི་མན་ངག་འདུས་པ་ཞེས་བྱ་བ། བཅོམ་ལྡན་འདས་དྲག་པོ་གཅོད་བྱེད་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། ། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་དུར་ཁྲོད་ཆེན་པོའི་གནས་ཤིན་ཏུ་འཇིགས་ཤིང་སྐྱི་བུང་བ་ན་འཁོར་རྣམ་པ་བཞི་ཡིས་བསྐོར་ཏེ། དྲེགས་པ་ཅན་ཐམས་ཅད་ཀྱི་བདག་པོ་ཡོངས་སུ་གཅོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། ། ཏིང་ངེ་འཛིན་དེའི་མཐུས་ཕྱག་ན་རྡོ་རྗེ་དང། ཡ་མན་ཏ་ཀ་དང། རྡོ་རྗེ་གཞོན་ནུ་ལ་སོགས་པ་རྣམས་ཀྱིས། དྲག་པོའི་སྔགས་ཐམས་ཅད་ཀྱི་སྦྱོར་བ་གཅོད་པར་བྱེད་པ་དང། འཇིགས་པར་བྱེད་པའི་དོན་རྣམ་པར་ཡོངས་སུ་རྟོགས་ནས། མི་འཇིགས་རང་བྱུང་གི་ཡི་གེ་དང། མི་འགྱུར་བའི་ཡི་གེ་དང། ཡི་གེ་བཅུ་གཉིས་ནི་ཡང་དག་པའི་ཐུགས་ནས་བཏོན་ནས། དྲེགས་པ་ཕོ་མོ་ལ་སོགས་ཏེ། འཁོར་རྣམས་ལ་དགོངས་པས་བཀའ་སྩལ་བ། འཁོར་རྣམས་ཀྱི་སྲོག་དང། མཚོན་ངར་དང། ཚ་ལ་ལ་སོགས་པ་ནི། བསྙེན་དང། བསྒྲུབ་དང། སྦྱོར་བའི་མན་ངག་གོ། དྲེགས་པ་ཕོ་མོ་ལ་སོགས་ཀྱིས། ། བསྙེན་དང་བསྒྲུབ་པའི་སྐལ་ལྡན་ལ།། དངོས་གྲུབ་སོ་སོར་སྩོལ་བ་དང།། འཕྲིན་ལས་སོ་སོར་བཅོལ་བཞིན་གྱིས།། དཀར་པོ་ཡོངས་སུ་བསྐྱང་བ་དང།། ནག་པོ་མ་ལུས་རླག་པར་གྱིས། ། རིགས་ཀྱི་གཙོ་བོ་ཁྱེད་གསུམ་ཡང།། སྔགས་ཀྱི་སྦྱོར་བའི་མན་ངག་དང།། ཡང་དག་ཉིད་དུ་ལྡན་པར་གྱིས།། སྦྱོར་བ་འདི་བཞིན་ལྡན་གྱུར་ན།། བསྒྲུབས་ན་རང་དབང་མེད་པར་འགྲུབ།། བསྙེན་དང་བསྒྲུབ་དང་སྦྱོར་བ་རྣམས། ། ནང་གི་ཕྱི་རུ་འགྲོ་བ་སྟེ།། རྣལ་འབྱོར་ཀུན་གྱིས་བྱ་བ་ཡིན།། ཕྱི་བསྒྲུབ་དམ་ཚིག་ཉམས་ཤིང་ཉེ་བར་མ་གྱུར་ན།། རྩ་སྔགས་མགོ་བའི་འོག་ཏུ་ས་མ་ཡ་ཞེས་གདགས།། དེས་ནི་མྱུར་དུ་མཚན་མ་སྟོན། ། ལས་རྣམས་དུས་སུ་མ་གྲུབ་ན།། དང་པོ་རང་དབང་མེད་པར་དྲེགས་པ་དགུག། གཟིར་ཞིང་སྙིང་ཁར་ཕྲོགས་ལ་གསད་ནས་སུ།། གསོ་ཞིང་དམ་རྫས་བདུད་རྩི་བྱིན་ནས་སུ།། ཆེ་བའི་ང་རྒྱལ་བསྐྱེད་ཅིང་གཉེན་པོའི་ལྷ་བསྒོམ་ནས། ། ཞབས་འོག་མནན་པས་ལས་རྣམས་བསྒྲུབ་པར་བསམ།། རྣལ་ཐང་རྦད་འབྱུང་བསྒྲུབ་པ་སྟེ།། གོང་འོག་མིང་གི་ཡི་གེ་དང་པོ་ལ།། ཏྲིག་ནན་གདགས་ཤིང་སྙིང་པོའི་མཐའ་གཞུག་ཏུ།། ལས་སྔགས་འབྱུང་བ་དྲག་པོའི་བསྒྲུབ་པ་སྟེ། ། ལས་རྣམས་མ་ལུས་མྱུར་དུ་འགྲུབ་པར་བྱེད།། དྲེགས་པ་མས་ལུས་ཐམས་ཅད་ལ།། མ་འོངས་སྐལ་ལྡན་རྣམས་ཀྱིས་ཀྱང།། ལས་མི་ཉུར་ན་སྦྱར་བར་བྱའོ། ། ཞི་བས་སྤོགས་པ་བསྒྲུབ་པ་དང།། རང་དབང་མེད་པར་སྤོགས་པ་ནི།། མགོ་དང་མཇུག་གི་རྣལ་ཐང་ལ།། ལུས་ཀྱི་གོ་རིམས་བཟློག་ཅིང་ལས་ལ་སྦྱར།། སྲིད་པའི་འཕྲོད་ཉལ་དམ་ཚིག་རྗེས་དྲན་ཞིང།། རྣམ་སྨིན་འབྱུང་བར་ཡོངས་སུ་རྟོགས་ནས་ནི། ། འདི་དང་འདྲ་བའི་དྲག་སྔགས་ནུས་པ་ཡིས།། ཕྱག་རྡོར་མཐུ་འཕྲོག་ལས་རྣམས་མྱུར་དུ་འགྲུབ།། གསང་བར་སྤོགས་པའི་ཆོ་ག་ནི།། ཤི་སའི་མཐའ་རུ་འགྲོ་བ་སྟེ།། མགོ་དང་མཇུག་གི་རྣལ་ཐང་ལ། ། ཡི་གེ་འབྲུ་ཟློག་ལས་ལ་སྦྱོར་བས་ནི།། དྲེགས་པའི་ལས་རྣམས་མྱུར་དུ་འགྲུབ།། སྤྱི་ཚུགས་ཞབས་འོག་མནན་པར་བསམས་པ་ཡིས།། ནད་ཐུན་དགྲ་ལ་ཕབ་པར་བསམས་བྱས་པས། ། སྲིད་པའི་སྤྱི་ཚུགས་དམ་ཚིག་རྗེས་དྲན་ནས།། རྣམ་སྨིན་རང་ལ་འབྱུང་བར་རྟོགས་ཤིང་འབྲས་བུ་མྱུར་འགྲུབ་བྱེད།། མགོ་ལ་ངར་ཏེ་མཇུག་ལ་གྲི།། ངར་དང་གྲི་ཡི་མཚན་ཉིད་ནི།། འཇིག་རྟེན་བཟླས་པའི་སྔགས་ནི་ངར་ཡིན་ནོ། ། དེའི་ལས་དང་མཚོན་ཆའི་སྔགས་ནི་གྲི་ཡིན་ནོ།། གཟས་པ་ཕོ་མོ་མ་ལུས་སྲོག་ན་ཚལ་ཡིན།། ངར་དང་གྲི་ནི་ཚལ་ལའོ།། དམག་དང་གོ་དང་མཚོན་ཆ་ནི།། གཙོ་འཁོར་སྔགས་ནི་དམག་ཡིན་ཏེ། ། དེ་ཡི་འཁོར་སྔགས་མ་ལུས་གོ་ཡིན་ནོ།། གཅོད་པའི་ཡི་གེ་མཚོན་ཡིན་ནོ།། ཕོ་སྣ་མོ་ཡིས་དྲངས་པ་དང།། གིང་སྣང་གཙོ་ཡིས་དྲངས་པ་དང།། གཙོ་སྣ་གིང་གིས་དྲངས་པ་དང།། མོ་སྣ་ཕོ་ཡིས་དྲངས་པ་དང། ། སྔགས་ཀྱི་དྲང་ཐབས་འདི་རྣམས་ནི།། རབ་སྟེ་གདམས་ངག་དམ་པའོ།། ཚེ་ཟད་ལས་ཟད་འཁོར་ལོ་དང།། ལས་རྣམས་དཀྲུག་ཅིང་གསོད་པ་དང།། ཚེ་རྣམས་དཀྲུག་ཅིང་གསོད་པ་དང།། མན་ངག་དམ་པ་འདི་རྣམས་ནི། ། མཐའ་བཏུལ་བ་ཡི་མན་ངག་སྟེ།། སྔགས་ཀྱི་མཐའ་རུ་ཤེས་པར་བྱའོ།། འདི་འདྲའི་དྲག་སྔགས་སྦྱོར་བ་ཡིས།། སྒྲ་མི་སྙན་པའི་མི་རྣམས་ཀྱང།། དུས་མ་ཡིན་པར་འཆི་བར་ནུས།། ལུས་འཕགས་པོ་ཡི་མི་རྣམས་ཀྱང། ། ལུས་པོ་སྔོན་བས་ཆུང་བར་འགྱུར།། བ་གླང་སྤྱོད་ཀྱི་མི་རྣམས་ཀྱང།། ལོངས་སྤྱོད་སྔོན་བས་ཆུང་བར་འགྱུར།། འཛམ་བུ་གླིང་པའི་མི་རྣམས་ཀྱང།། སྐད་ཅིག་ཡུད་ཀྱིས་བརླག་པར་ནུས།། འདི་འདྲའི་དྲག་སྔགས་ནུས་མཐུ་ཅན། ། ཐམས་ཅད་མཐའ་ལ་མ་ཡིན་པར།། དུས་མ་ཡིན་པར་སྦྱར་བྱས་ན།། འབྲས་བུ་མེད་ཅིང་བརླག་པར་འགྱུར།། ཡི་གེ་འབྲུ་ཟློག་མན་ངག་འདིས།། མཧཱ་དེ་བ་འཇིག་པར་ནུས། ། ལས་ལ་སྦྱར་ན་འབྲས་བུ་འགྲུབ།། འཇིག་རྟེན་པ་དང་འདས་པ་ཡིས།། བསྒྲུབ་པ་མི་ཡིས་སྒྲུབ་པ་ཡིས།། དབང་མེད་འགྲུབ་པར་བྱ་བའི་ཕྱིར།། སྔགས་ཀྱི་སྦྱོར་བ་འདི་རྣམས་ཀྱིས།། མྱུར་དུ་འགྲུབ་པར་ཐེ་ཙོམ་མེད། ། དེ་སྐད་ཅེས་བཀའ་སྩལ་པ་དང།། བཅོམ་ལྡན་འདས་འཇམ་དཔལ་གཤིན་རྗེ་གཤེད་སྟན་ལས་ལངས་ཏེ། འདི་སྐད་ཅེས་གསོལ་ཏོ།། མ་ལུས་ཀུན་གྱི་སྔོན་དུ་ཡང།། བསྒྲུབས་ན་ལས་རྣམས་མི་འགྲུབ་ཅིང། ། བསྙེན་པས་ཉེ་བར་མ་གྱུར་ན།། ཁྱོད་ཀྱི་བསྟན་པ་བསྲུང་བྱའི་ཕྱིར།། དུས་གསུམ་དག་གི་ཐ་མ་ལ།། དགེ་སྡིག་འཆོལ་བར་སྤྱོད་པ་དང།། རྣལ་འབྱོར་གྲོང་བསྙེན་དར་བ་དང།། ཟས་ངན་ལྕི་བ་ཟ་བ་དང། ། གོས་ངན་རེ་བ་གོན་པ་དང།། དེ་ཚེ་དྲེགས་པ་ཕོ་མོ་འཁྲུག། འཁུ་ལྡོག་ཆེ་ལ་ལས་མི་བྱེད།། དྲེགས་པ་ཕོ་མོ་རྣམས་ཀྱིས་ནི།། ཉིད་ཀྱིས་ཉིད་ལས་རྨེ་བ་དང།། རང་མཚོན་རང་ལ་དབབ་པ་དང། ། གཉེན་པོའི་མཚོན་ཆ་དྲེགས་པ་རྣམས་ལ་དབབ་པ་དང།། རང་ཉིད་མཚོན་ཆ་རང་ལ་དབབ་པའི་ནུས་པ་ནི།། མ་ཧཱ་དེ་བ་ཉིད་ཀྱང་རྐང་མཐིལ་ནས།། སྤྱི་བོའི་གཙུག་ཏུ་འགས་པར་འགྱུར།། ཡ་མན་ཏ་ཀའི་སྙིང་ཁྲག་ས་ལ་ལྷུག་གིས་འོང། ། རྡོ་རྗེ་སེམས་དཔའ་ཉིད་ཀྱང་ལྷག་གིས་འོང།། འབྲུ་བཟློག་མཚོན་ཆ་རང་ལ་ཕབ་པའི་ནུས་པ་ཡིན།། དུས་མ་ཡིན་པར་སྦྱར་མི་བྱ།། གཉེན་པོའི་མཚོན་ཆ་རང་ལ་ཕབ་པའི་ནུས་པ་ནི། ། དྲེགས་པ་ཕོ་མོ་མ་ལུས་རང་དབང་མེད་པར་འཇིག་པར་བྱེད།། དྲེགས་པའི་དྲག་སྔགས་མ་ལུས་ཀྱིས།། འཇིག་རྟེན་བརླག་པར་འགྱུར་བའི་ཕྱིར།། དྲག་སྔགས་རིག་སྔགས་ཇི་ལྟར་གཅད།། དྲག་པོའི་སྔགས་འདི་ཇི་ལྟ་བུ། ། གནས་ལུགས་རིམ་པ་ཇི་ལྟར་གནས།། བཤིག་ཅིང་གཅོད་པ་ཇི་ལྟ་བུ།། གཅད་ཐབས་རྣམ་པ་དུ་ཞིག་མཆིས།། གཅད་པའི་ནུས་པ་གང་དང་ལྡན།། མ་བཅད་རྣམ་སྨིན་ཇི་ལྟར་འབྱུང།། སྲོག་དང་ལས་སྔགས་དྲག་པོར་འགྲོ་བ་ཇི་ལྟ་བུ། ། སྙིང་པོའི་རྣམ་པ་ཇི་ལྟ་བུ།། སྙིང་པོ་ལ་ནི་ཇི་ལྟར་གཅད།། སྔགས་ཀྱི་སྒྲ་འགྱུར་ཇི་ལྟར་འགྲོ།། ཡང་དག་བཞི་ཡིས་བཀའ་སྩོལ་ཅིག། བདག་ཅག་སྙིང་གི་དཀྱིལ་དག་ན།། བདག་རང་གསོད་པའི་སྔགས་ཀྱང་བདོག། གཞན་དག་གསོད་པའི་སྔགས་ཀྱང་བདོག། སྔགས་ཀྱི་སྒྲ་འགྱུར་གནས་ལུགས་རྣམས།། བདག་གིས་མ་འཚལ་བཤད་དུ་གསོལ།། དེ་སྐད་ཅེས་གསོལ་པ་དང།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ། ཉོན་ཅིག་རིགས་ཀྱི་གཙོ་བོ་ཁྱོད།། སྔགས་ཀྱི་སྒྲ་འགྱུར་གནས་གནས་ལུགས་ནི།། སྲོག་གི་སྙིང་པོ་སྦྲུལ་འཁྲིལ་ལྟ་བུར་གནས།། དྲག་སྔགས་མ་ལུས་མཚོན་ཆ་ལྟ་བུར་གནས།། སྔགས་ཀྱི་གནས་ལུགས་དེ་གཉིས་སོ། ། སྔགས་ཀྱི་སྒྲ་འགྱུར་བཤད་པ་ནི།། མོ་སྔགས་མཐའ་ལ་བྷྱོ་བྱུང་བས།། ཞི་བ་ཉིད་དུ་རྦད་པའི་སྒྲ།། ཛ་བྱུང་ཞི་བར་བོད་པའོ།། བཾ་རག་ཤའི་སྒྲ་བྱུང་རྫས་ལ་བོད་པའོ།། མཐའ་ལ་ཛ་ཧཱུ~ཾ་བཾ་ཧོ་བྱུང་བ་ནི། ། དབང་མེད་བོད་ཅིང་ཕྱག་རྒྱས་གདམས་པའོ།། ཙ་ཙ་ཧཱུ~ཾ་ནི་དྲག་པོ་བོད་པའོ།། བྷྱོ་དང་ཛ་དང་ཧྲིཾ་དང་ནི།། ཙ་ཙ་ལ་སོགས་སྔགས་རྣམས་ནི།། བོད་པར་འགྲོ་བའི་སྔགས་ཀྱི་སྒྲ་ཡིན་ནོ།། གསད་པའི་སྔགས་ཀྱི་སྒྲ་ནི་མཱ་ར་ཡ་རུ་གཅད། ། གཟིར་བ་སྔགས་ཀྱི་སྒྲ་ནི་མྱགས་ཐུམས་རིལ་རྦད་དུ་གཅད།། ནད་ཀྱི་སྔགས་ཀྱི་སྒྲ་ནི་ཐུན་ཡ་རུ་གཅད།། དེ་ལ་འབྱུང་ལྔའི་ཡི་གེ་དབུགས་བྱུང་བས།། འབྱུང་བ་ལྔ་ནི་ནད་ཀྱི་ཐུན་དུ་གཅད། ། ནཱ་ཤ་ཡ་ཡི་སྒྲ་བྱུང་བ།། ཐུབ་པ་སྔགས་ཀྱི་སྒྲ་རུ་བཤད།། དེ་གོང་མཚོན་ཆའི་སྒྲ་བྱུང་བ།། མཚོན་ཆ་ཉིད་ཀྱིས་ཐུབ་པའོ།། རྦད་དང་འབྲེལ་པས་གཅད་པ་སྟེ།། ནརི་ཡང་འབྱུང་བ་དགྲ་ལ་རྟེན། ། ཏྲི་ཡང་འབྱུང་བ་བགེགས་ལ་རྟེན།། བྷྱོ་བྱུང་མོ་ལ་རྦད་པ་སྟེ།། ཕོ་མོས་རྦད་པ་སྔགས་ཀྱི་སྒྲའོ།། མྱགས་དང་མྱོགས། ཐུཾ་ལཾ་ཐུམ་རིལ།། པྲ་མ་ཡ་དང། རཀྟ་ཡ་མྱོས་དང། རྦད་དང་མུགས་ལ་སོགས་པ་ནི། ། ཐུན་གྱི་སྔགས་ཀྱི་སྒྲ་ཡིན་པས།། དེ་མ་ཡིན་པར་གཟིར་བ་མིན།། མཐའ་མ་རྦད་དང་འབྲེལ་པ་ནི།། གཟིར་ཅིང་གཅད་པའི་མན་ངག་གོ། ཨེ་དང་ཧུར་དང་ཐུམས་དང་ཛཿ་ཙ་ཙ་ཨ་ལ་སོགས་པ་ནི།། པུར་ནི་ཛ་དང་ཙིཏྟ་ཁ་རག་ཛ། ། སྙིང་ཁྲག་དབྲོག་པའི་སྔགས་སུ་གཅད།། འཕྲོག་བྱེད་སྔགས་ནི་འདི་ལས་མེད།། མཱ་ར་ཡ་དང་མ་ར་ན།། གསོད་པའི་དྲག་སྔགས་དུས་ལས་མི་འདའ་བ།། འདི་གཉིས་མ་ཡིན་གསོད་པའི་དྲག་སྔགས་མེད། ། རྦད་དང་འབྲེལ་པ་མཚོན་གྱིས་སོ།། ནཱ་ཤ་ཡ་དང་ཏྲ་ཐ་དང།། ཧ་ན་དང་ནི་ད་ཧ་སྟེ།། བརྡེག་ཅིང་གཏུབ་པའི་དྲག་སྔགས་དེ་ལས་མེད།། ཨུ་ནེ་གཉིས་དང་ནི་ལྡན་ཏེ།། ཨཾ་གུ་ཤ་དང་ཛཿབཏགས་པ། ། དགུག་པའི་དྲག་སྔགས་དེ་ལས་མེད།། རཀྵ་དང་ནི་ཁ་བྷི་ར།། སྲུངས་སྐྱོབ་དྲག་སྔགས་དེ་ལས་མེད།། ཙི་ཙི་ཛ་ལ་ཀོས་ཏ་ནི།། མཛེ་ཡི་དྲག་སྔགས་དེ་ལས་མེད།། བརྡེག་ཅིང་དྲག་སྔགས་རྣམ་པ་ནི།། ག་རྫ་དང་ནི་སྤོ་ཏ་དང། ། བི་སྤོ་ཊ་དང་བིན་དྷ་དང།། ཚིནྡྷ་དང་ནི་ཙ་ར་ཡ།། ཧ་ལ་དང་ནི་ཏྲ་ཐ་ཡ།། བརྡེག་པའི་དྲག་སྔགས་དེ་ལས་མེད།། མཚོན་ཆའི་དྲག་སྔགས་བཤད་བྱ་བ།། ཏིག་སྣ་དང་ནི་སྤུ་གྲི་དང། ། ཙཀྲ་དང་ནི་བཛྲ་དང།། ཀི་ལ་ཡ་དང་ཏྲི་ཤུ་ལ།། ཨུད་མ་ཡ་དང་ཙནྟྲ་ཡ།། འདི་རྣམས་མཚོན་གྱི་སྔགས་ཡིན་ཏེ།། མཚོན་ཆའི་སྔགས་ལ་དེ་ལས་མེད།། འབྱུང་ལྔ་སྔགས་ཀྱི་ཡི་གེ་ནི།། ཨེ་ཁཾ་ལཾ་ཡཾ་རཾ་སོགས་ལྔ།། འབྱུང་ལྔའི་ཡི་གེ་དེ་ལས་མེད། ། བྷྲུཾ་ཨེ་ཨ་ཀེ་བི་ཤུདྡྷེ།། གཞལ་ཡས་ཡི་གེ་དེ་ལས་མེད།། ཨོཾ་ཨཱཿཧཱུ~ཾ་སྭཱཧཱ་ལྔ་པོ་ནི།། རིགས་ལྔའི་ཡི་གེ་དེ་ལས་མེད།། བསྙེན་པ་དང་ནི་ཉེ་བསྙེན་དང།། བསྒྲུབ་པ་དང་ནི་བསྒྲུབ་ཆེན་དང།། སྦྱོར་བ་དང་ནི་སྦྱོར་ཆེན་པོ། ། བསྙེན་བསྒྲུབ་མན་ངག་དེ་ལས་མེད།། སྤོགས་པའི་སྦྱོར་སྔགས་མན་ངག་མི་ལྡན་ན།། ཉེ་ཀྱང་འགྲུབ་པ་དཀའ་ཞིང་འབྲས་བུ་མྱུར་དུ་འགྲུབ་མི་འགྱུར།། གཅད་པའི་དྲག་སྔགས་ལྡན་པ་ཡིས།། འཇིག་རྟེན་དྲེགས་པ་ལངས་པ་འགྱུར་བ་དང། ། གཅད་ན་གང་ཡང་ཆོད་པར་འགྱུར།། གཤིག་པའི་དྲག་སྔགས་ལྡན་པ་ཡིས།། གཤིག་ན་གང་ཡང་འཇིག་པར་འགྱུར།། གཅད་དུ་འདོད་ཕྱིར་གཅད་དུ་མི་འདོད་དྲག་སྔགས་དང། ། བཤིག་ཏུ་འདོད་ཕྱིར་བཤིག་ཏུ་མི་འདོད་དྲག་སྔགས་དང།། དགུག་ཏུ་འདོད་ཕྱིར་དགུག་ཏུ་མི་འདོད་དྲག་སྔགས་དང།། གསད་དུ་འདོད་ཕྱིར་གསོ་བའི་དྲག་སྔགས་དང།། བོད་དུ་འདོད་ཕྱིར་བསྐྲད་པའི་དྲག་སྔགས་དང། ། བརྐུ་རུ་འདོད་ཕྱིར་བརྐུ་རུ་མི་འདོད་དྲག་སྔགས་དང།། དྲག་སྔགས་རྣམ་པ་འདི་རྣམས་ནི།། སོ་སོ་མ་ཡིན་རང་བཞིན་གཅིག་སྟེ་ཐ་མི་དད།། འདི་རྣམས་གཅིག་དང་གཅིག་ནི་དུས་གཅིག་འབྱུང་བས་ན། ། དཔེར་ན་རྒྱུ་དང་འཇིག་པ་ནི།། སྔོན་མ་ཡིན་དང་ཕྱིས་མ་ཡིན།། འཇིག་པ་རྒྱུ་དང་ལྷན་ཅིག་པའོ།། འཇིག་པ་རྒྱུ་དང་ཐ་མི་དད་པོ།། འཇིག་པ་རྒྱུ་ཡི་ཡི་གེ་ནི།། ཨོཾ་ལ་ཏྲིག་ནན་ས་བོན་སྔགས་སྦྱར་བ། ། འཇིག་པ་རྒྱུ་ཡི་ཡི་གེའོ།། འགུགས་པ་རྒྱུ་ཡི་ཡི་གེ་ནི།། སྟོང་པ་རྒྱུ་ཡི་ཡི་གེ་ཨཿལ་ནི།། ལྕགས་དང་ལྕགས་རྒྱུ་སྔགས་ཀྱིས་བརྒྱན་པ་ནི།། འགུགས་པ་རྒྱུ་ཡི་ཡི་གེའོ།། གསད་པ་རྒྱུ་ཡི་ཡི་གེ་ནི།། གནས་པའི་སྲོག་ལ་གསད་སྔགས་དང། ། ནརི་མཱ་ར་ཡ་ཞེས་བཏགས་པ་ནི།། གསད་པ་རྒྱུ་ཡི་ཡི་གེའོ།། གསོ་བ་རྒྱུ་ཡི་ཡི་གེ་ནི།། གནས་པའི་ཡིག་འབྲུ་སྐུ་གསུང་ཐུགས།། ཡོན་ཏན་འཕྲིན་ལས་སྔགས་རྣམས་ལ།། ཨ་མྲྀ་ཏ་འབྲུ་ལྔ་བཏགས་པས། ། གསོ་བ་རྒྱུའི་ཡི་གེར་ཤེས་པར་བྱའོ།། དེ་ནས་ཡང་དག་བཤད་བྱ་བ།། མི་འགྱུར་རྒྱུ་ཡི་ཡི་གེ་བཞི་རྣམས་ནི།། མཾ་དང་དེ་བ་ཏྲི་དང་ཤ་ཏྲུཾ་བཞི་རྣམས་ནི།། མི་འགྱུར་སྒྲ་ཡི་ཡི་གེར་ཤེས་པར་བྱའོ།། རག་ཤ་དང་ནི་ཤ་ཀྲོ་དང། ། མི་གཅིག་སྒྲ་ཡི་ཡི་གེར་ཤེས་པར་བྱའོ།། ཨ་བཞི་འབྱུང་བ་བཞི་རྣམས་ནི།། སྙིང་པོ་ཉེ་སྙིང་རང་འབྱུང་བཞི་བཞི་འབྱུང།། རང་འབྱུང་སྔགས་ནི་འཇིག་ཏུ་མི་བཏུབ་པའོ།། ལས་ཀྱི་སྔགས་ཀྱི་བར་དག་ཏུ། ། མི་འགྱུར་ཡི་གེ་བཞི་བྱུང་བ།། ལས་རྣམས་བཤིག་ཏུ་མི་བཏུབ་པ་བཀའི་ཡི་གེའོ།། བར་མཚམས་བཞི་རུ་གཞུག་པར་བྱའོ།། ལས་རྣམས་བཀའ་ལ་ལུས་པའི་ཕྱིར།། ཡིག་འབྲུ་ཀ་བཞིར་ཤེས་པར་བྱའོ། ། གཟིར་ཐུན་སྔགས་ཀྱི་གོང་དུའོ།། གཅད་པ་རྦད་ཀྱི་གོང་དུའོ།། བསད་པ་མཱ་ར་ཡའི་གོང་དུའོ།། དགུག་པ་ཨཾ་གུ་ཤའི་གོང་དུའོ།། ཨ་བཞི་ཀ་བཞི་ཡིག་འབྲུ་བརྒྱད།། རང་འབྱུང་ཡི་གེ་ཡིན་པས་ན།། ཀ་དང་བཛྲ་སྤོས་བྱས་ནས། ། མི་འགྱུར་རྡོ་རྗེ་ལས་ཀྱི་ཡི་གེར་ཤེས་པར་བྱའོ།། དགུག་དང་གཟིར་བ་ལ་སོགས་ལ།། ཅིར་ཀྱང་མི་བཏུབ་མེད་པའི་ཕྱིར།། རང་བྱུང་ཡི་གེ་གཞུག་བྱ་ཞིང།། བསྲུང་བྱ་དག་ལ་བརྩོན་བྱས་ནས། ། མི་འགྱུར་རྡོ་རྗེའི་སྐུ་དང་མཉམ།། དྲག་སྔགས་གཅོད་པའི་གླེང་གཞི་འདི།། ཡང་དག་ཉིད་དུ་ཡིད་ལ་ཆོངས།། གཤིན་རྗེ་དྲག་སྔགས་གཅོད་པའི་རྒྱུད་ལས། གླེང་གཞིའི་ལེའུ་སྟེ་དང་པའོ།།།། དེ་ནས་ཡང་དག་བཤད་བྱ་བ། ། དྲེགས་པ་དུག་གི་རང་བཞིན་པས།། དུག་ཉིད་ཀྱིས་ནི་འཇིག་པར་འགྱུར།། དྲེགས་པ་མཚོན་གྱི་རང་བཞིན་པས།། མཚོན་ཉིད་ཀྱིས་ནི་འཇིག་པར་འགྱུར།། དྲེགས་པ་ནད་ཀྱི་རང་བཞིན་པས། ། ནད་ཉིད་ཀྱིས་ནི་འཇིག་པར་འགྱུར།། དྲེགས་པ་སྔགས་ཀྱི་རང་བཞིན་པས།། སྔགས་ཉིད་ཀྱིས་ནི་འཇིག་པར་འགྱུར།། ཇི་ལྟར་འདོད་པ་འབྱུང་འགྱུར་ནོར་བུ་རིན་ཆེན་སྔགས།། དུག་དང་མཚོན་དང་ནད་རྣམས་ནི། ། སྔགས་ཀྱིས་གཞན་ལ་ཕབ་པས་ན།། སྐད་ཅིག་ཡུད་ཀྱི་རླག་པར་བྱེད།། དྲེགས་པ་ཉིད་ལ་ཕབ་པས་ནི།། ལས་རྣམས་མྱུར་དུ་འགྲུབ་པར་བྱེད།། རྣོམ་གྲིའི་སྣོད་དམ་མོན་ཐོད་དུ།། ཐུན་གྱི་སྙིང་པོ་བྲིས་ནས་སུ། ། ར་ཁྱི་མི་ཡི་ཁྲག་དང་ནི།། ཚ་བ་རྣམ་བཞི་སོགས་བྱས་ཏེ།། སྤྲོས་པས་ཚ་བ་བཞི་བཅུ་དྲུག་གོ། སྒྱེད་བུ་ཐོད་པ་གསུམ་ལྡན་དང།། དབུས་སུ་མེ་དཔུང་བསྐྱེད་ནས་སུ།། ལྕགས་ཕྱེ་ཟངས་ཕྱེ་རྡོ་ཕྱེ་གསུམ། ། དུག་གསུམ་རྩད་གཅོད་ཐུན་གྱི་རྫས།། མཚོན་ཆའི་རང་བཞིན་ཤེས་པར་བྱའོ།། ཁྲག་དང་ཚ་བ་ནད་ཀྱི་རང་བཞིན་ཏེ།། དུག་ལྔས་དྲེག་པ་དུག་གི་རང་བཞིན་ནོ།། སྙིང་པོ་ཐིག་ལེ་དཀར་ནག་ཁྲོ་བོའི་རང་བཞིན་ཅན། ། ཁྲི་ཚོ་བརྒྱད་སོགས་ཐུན་རྫས་ལྔ་བསྔགས་པས།། ཉུངས་ཀར་དུག་དང་ལྕགས་ཟངས་རྡོ་ཕྱེ་ལ།། འཕར་འོད་འཚེག་པ་བྱུང་ན་དངོས་གྲུབ་རྟགས།། མཚོན་ཆ་བརྡུངས་ཀྱི་རྨིན་ཐུན་རྣམས་གྲུབ་པའི་རྟགས། ། ཐུན་བསྒྲུབ་དག་ལ་འཇུག་པར་བྱའོ།། ཁྲག་སྣ་གསུམ་དང་ཚ་བ་བཅུ་དྲུག་སྦྱར་བྱས་ཤིང།། བརྒྱ་བརྒྱ་དག་ཏུ་བཀུག་བྱས་ནས།། ངར་དང་གོ་ཆ་དྲན་བྱེད་ང་རྒྱལ་ལྡན།། ལྕགས་ཕྱེ་ཟངས་ཕྱེ་རྡོ་ཕྱེ་དང། ། དུག་དང་ཉུངས་ཀར་བསྡགས་ཤིང་ཁྲག་གི་ནང་འཕངས་པ་ཡིས།། དུག་གི་འོད་ཟེར་འཕྲོ་བ་དང།། མཚོན་ཆ་ཉིད་དུ་འཕྲོ་བ་དང།། ཁྲོ་ཆུང་ཉིད་དུ་འཕྲོ་བ་དང།། དེ་ཡི་འོད་ཟེར་བྱིན་བརླབས་ཀྱིས།། དུག་དང་ཁྲག་གི་རྒྱ་མཚོ་ཁོལ་ནས་ནི། ། དུག་དང་འབྱུང་བའི་རྐྱེན་གྱིས་འཇིག་པར་བསམ།། རྒྱུ་དྲུག་བག་ཅན་ཡི་གེར་ལྡན་པའི་ལིང་ག་ལ།། དཀར་ནག་ཕྱིན་ཀ་ལོག་གིས་དཀྲིས་ལ་བཞག། སྙིང་ཁར་གྲུ་གསུམ་དགུག་སྔགས་བཞུགས་པ་དང། ། དཔུང་ཁ་གཉིས་དང་ལྟེ་བར་དབང་མེད་ཀྱི།། སྲོག་ལ་ཀཱི་ལ་ཡ་ཞེས་བཞུགས་པ་དང།། འདི་ནི་ལིང་ག་ཐུན་གྱི་བཅའ་ཐབས་ཏེ།། འཁོར་ལོ་ལ་རྟེན་ཐུན་གྱི་བཅའ་ཐབས་དང།། ལིང་ག་ལ་རྟེན་ཐུན་གྱི་བཅའ་ཐབས་སོ། ། ཡབ་ཡུམ་འཁོར་ལོ་སྟེང་འོག་ལ།། བར་ནས་གཟས་པ་འཁྲུལ་ཞིང་བཞག། ཨེ་དང་ཀ་དང་བྲུཾ་དང་ལས།། ཐོད་པ་གཞལ་ཡས་བྱིན་གྱིས་བརླབ།། ལྷ་བསྐྱེད་ཁྲག་དང་ཚ་ནད་བྱིན་གྱིས་བརླབས། ། རཾ་ཐུན་ཐུན། བཾ་ཐུན་ཐུན། ཁཾ་རཀྟ་ཐུན་ཐུན། ཡ་ཐུན་ཐུན། ལཾ་ཐུན་ཐུན། ནད་ཀྱི་རྣམ་པར་བྱིན་གྱིས་བརླབ་ལ་བཞག། ཐུན་བསྙེན་རྫོགས་པའི་རྫས་རྣམས་ནི།། གཡོན་པ་རྡོ་རྗེ་ཁྲོ་མོས་གྲུབ་ནས་ནི། ། གཡས་པ་རྡོ་རྗེ་ཁྲོ་བོས་བྲབ་པར་བྱ།། དེ་ཡི་རྟགས་མཆོག་བསྟན་པ་ནི།། དགུག་པ་རྒྱ་མཚོ་བཞི་རྣམས་དང།། ཐུན་ནི་ཁྲི་ཚོ་བཞི་རུ་བཤད།། གྲངས་ཀྱིས་གྲུབ་པའི་ཚད་ཡིན་ནོ།། དཀར་ལ་དངས་ན་ཞི་བ་གྲུབ། ། སེར་ལ་དངས་ན་རྒྱས་པ་གྲུབ།། དམར་ལ་དངས་ན་དབང་མཆོག་ཉིད།། མཐིང་ནག་ཆོས་སྐུའི་དངོས་གྲུབ་ཡིན། ཁོལ་ཞིང་རླངས་བྱུང་དྲག་པོ་ཡིན།། སོ་སོའི་སྔགས་དང་ཏིང་འཛིན་དངོས་གྲུབ་བླང། ། ཞི་རྒྱས་དབང་དྲག་སྔགས་རྣམས་ལ།། སིདྡྷི་གདགས་ཤིང་དངོས་གྲུབ་བླང།། དེ་ནས་ཐུན་ཡང་མི་འགྱུར་བྱིན་གྱིས་བརླབ།། ཨཿབཛྲ་ནག་པོ་ཧ་ལ་ཐུན་ནི།། ཨ་བཛྲ་བྲུ་ཏི་ཐུན། ཨ་བཛྲ་བྷ་ལི་ཏ་ཐུན། ཨ་བཛྲ་རཀྟ་ཙ་ར་ཡ་ཐུན། ཙཀྲ་སྤུ་གྲི། ཏིག་སྣ་ཏྲི་ཤུལ། ཀཱི་ལ་ཡ། ཨ་ཀོ་ཏ་ཡ་མུད་ཀ་ར། ཙཀྲ་བཛྲ་ནི་ཐུན། ཨོཾ་བཛྲ་ན་ཐུན། ཨ་བཛྲ་ནི་ཐུན། ཧཱུ~ཾ་བཛྲ་ནི་ཐུན། སྭ་བཛྲ་ནི་ཐུན། ཧཱ་བཛྲ་ནི་ཐུན། ཐུན་བསྙེན་ཐུན་བསྒྲུབ་རྫོགས་གྱུར་ནས། ། ཐུན་སྦྱོར་དག་ལ་འཇུག་པའི་ཕྱིར།། རྨི་ལམ་མཚན་མ་བརྟག་པ་ནི།། གོ་མཚོན་བརྡར་གྱི་རྨི་བ་དང།། མཚོན་ཐོགས་དག་ལ་གཡུལ་འགྱེད་དང།། མེ་སྦར་ཁྲག་ཆེན་བསྐོལ་རྨི་ན།། ཐུན་བསྒྲུབ་གྲུབ་པའི་རྟགས་ཡིན་ནོ། ། གཤིན་རྗེ་དྲག་སྔགས་གཅོད་པའི་རྒྱུད་ལས།། ཐུན་བསྙེན་དང་ཐུན་བསྒྲུབ་བསྟན་པའི་ལེའུ་སྟེ་གཉིས་པའོ།།།། དེ་ནས་ཡང་དག་བཤད་བྱ་བ།། ཐུན་གྱི་སྦྱོར་བའི་མན་ངག་ནི། ། རྟགས་ཐོན་ཐུན་གྱི་རྫས་རྣམས་ནི།། སུམ་ཆ་རྟ་རུ་གཟུང་བར་བྱ།། སུམ་ཆ་རྟེན་ལ་བརྡེག་པར་བྱ།། གཡག་རུ་གཡས་སམ་འབྲི་རུ་གཡོན།། དེ་ཉིད་ཀྱིས་ནི་བརྡེག་པར་བྱ།། སུམ་ཆ་ལིང་ག་ཉིད་ལ་བྲབ། ། སྔགས་རྣམས་མ་ལུས་སྦྱར་ནས་སུ།། ཉི་ཤུ་རྩ་གཅིག་ལོ་ཚད་དང།། ཡང་དག་ཉིད་དུ་བྲབ་པར་བྱའོ།། འདིས་ནི་བརླག་པར་ཐེ་ཚོམ་མེད།། དེ་ནས་ཐུན་དྲིལ་མན་ངག་ནི།། སུམ་ཆ་མནན་ལ་སུམ་ཆ་བསྲེག། གཤིན་རྗེ་དྲག་སྔགས་གཅོད་པའི་རྒྱུད་ལས། ཐུན་སྦྱོར་བསྟན་པའི་ལེའུ་སྟེ་གསུམ་པའོ།།།། གཤིན་རྗེ་གཤེད་ཀྱིས་ཡང་གསོལ་པ།། ཀྱེ་ཀྱེ་བཅོམ་ལྡན་ཐུགས་རྗེ་ཅན།། ཡེ་ཤེས་གཤིན་རྗེའི་གཤེད་སོགས་ཀྱི། ། སྐུ་ཡི་སྙིང་པོ་ཇི་ལྟ་བུ།། གསུང་གི་སྙིང་པོ་ཇི་ལྟ་བུ།། ཐུགས་ཀྱི་སྙིང་པོ་ཇི་ལྟ་བུ།། ཡོན་ཏན་འཕྲིན་ལས་སྙིང་པོ་གང།། ཨ་ཀྲོ་ཡིག་འབྲུ་བཅུ་བདུན་པ།། སྐུ་ཡི་སྙིང་པོ་དམ་པ་ཡིན།། ཧཱུ~ཾ་གིས་དྲངས་ན་དྲག་སྔགས་སོ། ། ཧྲིཥྟི་ཡིག་འབྲུ་བཅུ་གཅིག་པ།། གསུང་གི་སྙིང་པོ་ཡིན་པས་ན།། ཧཱུ~ཾ་ཡིས་དྲངས་ན་དྲག་སྔགས་སོ།། ཀཱ་ལ་རཱུ་པ་ཡིག་འབྲུ་བདུན།། ཐུགས་ཀྱི་སྙིང་པོ་དམ་པ་ཡིན།། ཧཱུ~ཾ་གིས་དྲངས་ན་དྲག་སྔགས་སོ། ། ཡོན་ཏན་འཕྲིན་ལས་སྔགས་ཀྱང་དེ་བཞིན་ནོ།། ཨོཾ་ཨ་ཀྲོ་ཏེ་ཀ་ཡ་མནྟ་ཀ་ཧ་ན་མ་ཐ་བྷཉྫ་ཧཱུ~ཾ་ཧཱུ~ཾ། ཨོཾ་ཧྲིཥྟཱིཿཝི་ཀྀ་ཏཱ་ན་ན་ཧཱུ~ཾ་ཧཱུ~ཾ། ཨོཾ་ཀཱ་ལ་རཱུ་པ་ཡ་ཧཱུ~ཾ། ཡ་མ་རཱ་ཛ་ས་དོ་མེ་ཡ། ཡ་མེ་དོ་རུ། ཎ་ཡོ་ཏ་ཡ། ཡ་ཏ་ཡོ་ནི། ར་ཡཀྵེ་ཡ། ཡཀྵེ་ཡཙྪ། ནི་ར་མ་ཡ། ཡ་མེ་ཏོ་ས། ཙ་ར་མ་ཡ། ཨ་མོ་ཤ་ཀྲོ་ནན། ནི་པྲ་མ་ཡ། ནི་རཀྟ་ཡ། ནི་ཙ་ར་ཡ། རྣམ་མཱ་ར་ཡ། འདི་བཞིན་དྲག་སྔགས་འཁོར་ལོ་ནི།། ཕོ་སྔགས་བཟློག་པ་མོ་རུ་འགྲོ།། མོ་སྔགས་བཟློག་པས་ཕོ་རུ་འགྲོ། ། ཕོ་མོ་གཉིས་ཀྱི་བཟླས་ཐབས་ཀྱིས།། དྲག་པོ་རུ་ནི་ཤེས་པར་བྱ།། འབྲུ་བཟློག་ལས་ལ་སྦྱར་བ་ནི།། བཙན་ཐབས་སུ་ནི་ཤེས་པར་བྱ།། ཨོཾ་ཧཱུ~ཾ་ཨ་ཀྲོ་ཏེ་ཀ་ཡ་མནྟ་ཀ་ཧ་ན་མ་ཐ་བྷཉྫ་ཧཱུ~ཾ། ཡ་མ་རཱ་ཛ་ས་ཏོ་མེ་ཡ། ཨ་མུ་ཀ་ནརི་ཤ་ཏྲུཾ། ཨུ་ནེ་ཨུ་ནེ་ཨཾ་གུ་ཤ་ཛ་ཛ། ཧཱུ~ཾ་ཨ་ཀྲོ་ཏེ་ཀ་ཡ་མནྟ་ཀ་ཧ་ན་མ་ཐ་བྷཉྫ་ཧཱུ~ཾ། ཡ་མེ་ཏོ་རུ་ཎ་ཡོ་ད་ཡ། ཧཱུ~ཾ་ཨ་ཀྲོ་ཏེ་ཀ་ཡ་མནྟ་ཀ་ཧ་ན་མ་ཐ་བྷཉྫ་ཧཱུ~ཾ། ཡ་ཏ་ཡོ་ནི་ར་ཡ་ཀྵེ་ཡ། ཧཱུ~ཾ་ཨ་ཀྲོ་ཏེ་ཀ་ཡ་མནྟ་ཀ་ཧ་ན་མ་ཐ་བྷཉྫ་ཧཱུ~ཾ། ཡཀྵེ་ཡ་ཙ་ནི་ར་མ་ཡ། ཨ་མུ་ཀ་ནརི་ཤ་ཏྲུཾ་ཨུ་ནེ་ཨུ་ནེ་ཨཾ་གུ་ཤ་ཛ་ཛ། འདི་ནི་རྣལ་ཐང་འཁོར་ལོ་སྟེ། ཆེ་གེ་མོ་པྲ་མ་ཡ། ཨ་མུ་ཀ་རཀྟ་ཡ་ནི་ཙ་ར་ཡ་ཤ་ཏྲུཾ་མཱ་ར་ཡ། ཨོཾ་ཛ་བྷན་དྷ་མ་ན་ཧཱ་ཀ་ཏ་ནམ་ཡ་ཀ་ཏེ་ཀྲོ་ཨ་ཧཱུ~ཾ། ཡ་མེ་ཏོ་ས་ཙར་མ་ཡ། ཨ་མུ་ཀ་ཤ་ཏྲུཾ་ཨུ་ནེ་ཨུ་ནེ་ཨོཾ་གུ་ཤ་ཛ་ཛ། འབྲུ་བཟློག་སྔགས་དང་དེ་བཞིན་མཚན་མོ་བཞི་རུ་བཟླས། ལས་ཀྱི་ཁ་ཚར་དེ་བཞིན་ཤེས་པར་བྱའོ། ། མ་མ་ཛ་ར་ཡ་ཀྵེ་ཡ། ཨ་མུ་ཀ་ར་ཀ་ཏེ་ཡ། ཡ་ཀྵེ་ཡ་ར་ནི་ཡ་ད་ཡ། ནརི་ཙ་ར་ཡ། ཡ་ཏ་ཡོ་ན་རུ་ཏོ་མེ་ཡ། ཤ་ཏྲུཾ་མཱར་ཡ་ན། ཨོཾ་ཡ་མནྟ་ཀ་ཧཱུ~ཾ། ཡ་མ་རཱ་ཛ་ས་ཏོ་མེ་ཡ། ཨུ་ནི་ཨུ་ནི། ཨཾ་ཎི་ཀུ་ཤ་ཛྫ། མ་ཡ་མེ་ཏོ་རུ་ཎི་ཡོ་ཏ་ཡ། ཨུ་ནི་ཨུ་ནི། ཡ་ཏ་ཡོ་ནི་ར་ཡ་ཀྵེ་ཡ། ཨུ་ནི་ཨུ་ནི་ཨཾ་གུ་ཤ་ཛ་ཛ། འདི་བཞིན་ཉི་མ་བཞི་པ་ཡི།། གཡས་གཅོད་དང་ནི་གཡོན་གཅོད་དོ།། སྲོག་བཞི་འབྲུབ་ཁུང་བཞི་ལྡན་ནས།། གསོད་ཅིང་གཅོད་པའི་མན་ངག་གིས། ། སྦྱང་མོ་དག་གིས་བཀུག་བྱས་ནས།། སྲོག་བཞིས་སོ་སོར་གསད་པ་དང།། སྤྱིར་དྲིལ་གཤེད་ལ་གཏད་པ་དང།། འཁོར་ལོ་གནད་ཀྱི་མན་ངག་གིས།། བཀའ་ཡི་འཁོར་ལོ་བསྐོར་ནས་སུ།། འཇིག་རྟེན་ལས་ཀྱི་གཤིན་རྗེ་དག་ལ་གཏད། ། བསྙེན་པ་ཡ་མན་ཏ་ཀ་སྟེ།། བྱེ་བ་ཚར་གསུམ་བསྐུལ་བར་བྱ།། མོན་པ་མོན་ནག་འོང་བ་དང།། ཞིབ་ཅན་ཕོ་མོར་འོང་གྱུར་ན།། བསྙེན་པ་གྲུབ་པའི་རྟགས་ཡིན་ནོ།། ཉེ་བསྙེན་དག་ལ་འཇུག་པར་བྱ། ། ཉེ་བསྙེན་ཨ་ཀྲོའི་སྔགས་ཡིན་ཏེ།། བྱེ་བ་ཉིས་འབུམ་བསྐྱལ་བར་བྱ།། ལུས་ལ་གོ་མཚོན་གོན་པ་དང།། དམགས་དཔོན་བྱས་པར་རྨི་བ་དང།། མོན་པ་མངོན་དུ་འབྱུང་བ་དང།། ཉི་ཟླ་ཤར་བ་རྨི་བ་དང། ། མངོན་སུམ་གཟུགས་ལ་བྱོན་པ་འོང།། དེ་ལྟར་བྱུང་བའི་དངོས་གྲུབ་རྣམས།། སྐུ་གསུང་ཐུགས་ཀྱི་བརྡ་ཡིས་བརྟག། དངོས་གྲུབ་བླངས་ལ་བསྒྲུབ་པ་བརྩམ།། དྲག་སྔགས་གཅོད་པའི་རྒྱུད་ལས། སྐུ་གསུང་ཐུགས་ཀྱི་སྔགས་དང། བསྙེན་པ་དང། ཉེ་བའི་བསྙེན་པ་བསྟན་པའི་ལེའུ་སྟེ་བཞི་པའོ།།།། དྲག་སྔགས་གཅོད་པའི་རྒྱུད་དག་ལས།། གཤིན་རྗེ་བསྒྲུབ་པའི་མན་ངག་ནི།། གྲུ་གསུམ་འཁོར་ལོའི་གཞལ་ཡས་སུ། ། ཡ་མན་ཏ་ཀའི་སྔགས་ལ་གཟས་པ་ཡི།། སྲོག་བཞི་ལྡན་བྱས་ཨུ་ནེ་གཉིས་ཀྱིས་དགུག། སྟོང་པ་ལྕགས་དང་ལྕགས་ཀྱུའི་སྔགས་ཀྱིས་དགུག། ཨ་ཀྲོ་སྔགས་དང་གོང་མ་གཉིས་ཀྱིས་དགུག། ལས་ཀྱི་འཁོར་ལོའི་སྔགས་ཀྱིས་དགུག་པ་དང། ། ཛ་ཡ་ར་ནི་བཅུ་བདུན་དག་གིས་དགུག་པ་དང།། ཕོ་མོའི་སྔགས་ཀྱི་འཁོར་ལོ་དག་གིས་དགུག་པ་དང།། དགུག་པ་སྔགས་ཀྱི་སྦྱོར་བ་འདི་རྣམས་སོ།། ཨོཾ་ཡ་མནྟ་ཀ་ཧཱུ~ཾ། ཨ་མུ་ཀ་ནརི་ཤ་ཏྲུཾ། ཨུ་ནེ་ཨུ་ནེ་ཨཾ་གུ་ཤ་ཛ་ཛ། འདི་བཞིན་ཀུན་ལ་བཏགས་བཀུག་ནས་སུ།། འཁོར་ལོ་བསྐོར་ཞིང་གིང་གིས་བཀུག་ནས་སུ།། གཤེད་པོ་ཡབ་ཡུམ་ལག་ཏུ་གཏད་པར་བྱ།། ཐུན་གྱིས་ཐུན་མ་མོ་འབུམ་གྱི་ལག་ཏུ་གཏང། ། གསད་གཟིར་སྙིང་ཁྲག་དབྲོག་པ་འདི།། གཤིན་རྗེ་དྲག་པོར་བསྒྲུབ་པའི་མཐའ་བཏུལ་བའོ།། དགུག་ཅིང་འཁོར་ལོ་བསྐོར་བས་ནི།། དྲག་པོའི་འཁོར་ལོའི་མཐའ་བཏུལ་ལོ།། མགོ་མཇུག་རྐང་གསུམ་ལྡན་པ་ལ། ། ངར་དང་གྲི་དང་ཚ་ལ་བསྟན།། གོ་དང་མཚོན་གྱིས་བརྒྱན་པར་བྱ།། སྔགས་ཀྱི་སྡེབས་ཀྱི་མན་ངག་སྟེ།། ཡང་དག་ཉིད་དུ་ཤེས་པར་བྱ།། དྲག་སྔགས་གཅོད་པའི་རྒྱུད་ལས། གཤིན་རྗེ་དྲག་པོར་བསྒྲུབ་པའི་དགུག་དང། གསད་དང། གཟིར་བའི་མཐའ་བཏུལ་བའི་ལེའུ་སྟེ་ལྔ་པའོ།།།། གཤིན་རྗེ་གཤེད་ཀྱིས་ཡང་གསོལ་པ།། འཁོར་ལོ་རྣམ་པ་དུ་ཞིག་མཆིས།། བདག་གིས་མ་འཚལ་བཤད་དུ་གསོལ། ། ཉོན་ཅིག་གཤིན་རྗེའི་གཤེད་ཕོ་ཁྱོད།། འཁོར་ལོའི་རྣམ་གྲངས་བསྐོར་ཐབས་རྣམས།། བཤད་ཀྱིས་རྩེ་གཅིག་ཡིད་ཀྱིས་ཉོན།། འཁོར་ལོ་རྣམ་པ་གཉིས་ཡིན་ཏེ།། ཡེ་ཤེས་བཀའ་ཡི་འཁོར་ལོ་དང། ། འཇིག་རྟེན་ལས་ཀྱི་འཁོར་ལོའོ།། བསྐོར་ལུགས་རྣམ་པ་བརྒྱད་ཡིན་ཏེ།། རྣལ་ཐང་འཁོར་ལོས་དང་ངོ་བོ་ལྡན་པ་ནི།། ཡང་དག་གྲུབ་པར་བྱེད་པའི་ཙཀྲ་འོ།། ཕོ་བསྐོར་གཡས་ལ་མོ་བསྐོར་གཡོན།། རྩ་བའི་སྔགས་དང་འཁོར་ལོའི་བར་དུ་ནི། ། གཟས་པའི་སྲོག་བཞི་ལྡན་བྱས་ནས།། འཁོར་ལོའི་མཐའ་ལ་གནས་པའི་ཡིག་འབྲུ་ལ།། མི་འགྱུར་བ་ཡི་མཚན་གནས་སུ།། ས་གཞི་དང་སྦྱར་ཉིན་མཚན་བརྒྱད་དུ་བཟླས།། ཕོ་སྣ་མོ་ཡིས་དྲངས་པའི་ཙཀྲ་དང། ། མོ་སྣ་ཕོ་ཡིས་དྲངས་པའི་འཁོར་ལོ་སྟེ།། གཞན་ཡང་གཉན་དགུ་སྲོག་དང་སྦྱར་ལ་མནན་པར་བྱའོ།། གཤིན་རྗེ་དྲག་སྔགས་གཅོད་པའི་རྒྱུད་ལས། འཁོར་ལོའི་རྣམ་གྲངས་དང། བསྐོར་ཐབས་བསྟན་པ་དང། འཁོར་ལོ་སྡོང་པོ་ལྟ་བུའི་སྦྱོར་བ་བསྟན་པའི་ལེའུ་སྟེ་དྲུག་པའོ།།།། གཤིན་རྗེ་གཤེད་ཀྱིས་ཡང་གསོལ་པ།། བསྐོར་ཐབས་རྣམ་བརྒྱད་ལ་སོགས་ཀྱི།། གྲངས་ཀྱི་རྣམ་པ་ཇི་ལྟ་བུ། ། བསྲུང་བྱ་མི་འགྱུར་ཚེ་འཛིན་སྲོག་གི་འཁོར་ལོ་ལ།། བསྐོར་ཐབས་རྣམ་པ་ལྔ་རུ་བསྟན།། བསྲུང་བ་དང་ནི་ཞི་བ་དང།། རྒྱས་པ་དང་ནི་དྲག་པོའོ།། དྲག་པོའི་བསྐོར་ཐབས་རྣམ་པ་གསུམ་པོ་ཡིན།། རང་བཞིན་དྲག་པོ་བཙན་ཐབས་གསུམ་ཡིན་ནོ། ། རང་བཞིན་བསྐོར་བའི་འཁོར་ལོ་འདིས།། འབྲུས་བུ་གྲུབ་པར་མ་གྱུར་ན།། གོ་རིམས་བཟློག་པའི་འཁོར་ལོ་འདིས།། འབྲས་བུ་རང་དབང་མེད་པར་འགྲུབ།། ཡི་གེ་འབྲུ་བཟློག་འཁོར་ལོ་འདིས། ། དྲེགས་པ་ཉིད་ཀྱང་གནད་ལ་འབེབས།། བསྐོར་བས་མ་ལུས་འཇིག་པར་འགྱུར།། འཁོར་ལོ་མཚོན་ཆའི་མན་ངག་འདི།། དྲེགས་པ་ཉིད་ལ་དབབ་པ་དང།། དགྲ་བགེགས་ཡོངས་ལ་དབབ་པའི་ཕྱིར། ། སྔགས་དང་འཁོར་ལོའི་མཐའ་རྣམས་ནི།། བཟློག་དང་དཀྲུག་པའི་མན་ངག་གིས།། མེད་དཔུང་ལྟ་བུའི་སྦྱོར་བ་ཡིས།། དཀྲུག་པའི་སྦྱོར་བ་མེ་དཔུང་འདྲ།། མེ་དཔུང་དུག་ནི་ཀུན་ལ་ཡོད། ། དེ་ཕྱིར་མེ་དཔུང་སྦྱོར་བའོ།། འདི་ནི་སྔགས་དང་འཁོར་ལོ་ཀུན་གྱི་མཐའ་འོ།། འབྲུ་བཟློག་མཚོན་ཆའི་འཁོར་ལོ་འདི།། སྡོང་པོ་ལྟ་བུའི་སྦྱོར་བ་སྟེ།། གཡས་བརྡེག་གཡོན་བརྡེག་ཡིན་པས་ན།། འཇིག་པའི་ཡི་གེ་བཅུག་པ་ཡིས། ། ཐམས་ཅད་ཀུན་ཀྱང་འཇིག་པར་ནུས།། རང་འབྱུང་ཡི་གེ་ཆུད་པ་ཡིས།། མི་འཇིགས་པ་རུ་ཐེ་ཚོམ་མེད།། འཁོར་ལོ་ལྡིངས་དང་འཁྱམས་དང་བཟློག་པ་ལ།། མི་འགྱུར་ཡིགེ་བཅུག་པ་ཡི།། ལྡིངས་དང་འཁྱམས་དང་ལྡོག་པའི་ཐེ་ཚོམ་མེད། ། དེ་ཕྱིར་མི་འགྱུར་ཡི་གེའོ།། སྔགས་ཀྱི་སྦྱོར་བ་གང་བྱེད་ཀྱང།། མི་འགྱུར་ཡི་གེ་ཤེས་པར་བྱའོ།། འདི་དང་མི་ལྡན་སྔགས་ཀྱི་སྦྱོར་འགྱེད་པ།། འཁྱམ་ལྡོག་ལྡངས་དང་རྣམ་སྨིན་རང་ལ་འོང། ། བསྐོར་ཐབས་བརྒྱད་ཀྱི་མཐའ་ལ་ནི།། མེ་དཔུང་སྦྱོར་བ་ཤེས་པར་བྱའོ།། དྲག་སྔགས་གཅོད་པའི་རྒྱུད་ལས། འཁོར་ལོ་བསྐོར་ཐབས་དང་རྣམ་གྲངས་བསྟན་པའི་ལེའུ་སྟེ་བདུན་པའོ།།།། དེ་ནས་ཡང་གཤིན་རྗེ་མཆོག་གིས་སྟན་ལས་ལངས་ཏེ་འདི་སྐད་ཅེས་གསོལ་ཏོ། ། ཀྱེ་ཀྱེ་བཅོམ་ལྡན་ཐུགས་རྗེ་ཅན།། རང་བཞིན་དྲག་པོ་བཙན་ཐབས་ལ།། རང་བཞིན་བགྱི་བ་ཇི་ལྟ་བུ།། དྲག་པོ་བགྱི་བ་ཇི་ལྟ་བུ། ། བཙན་ཐབས་བགྱི་བ་ཇི་ལྟ་བུ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། ཚུལ་བཞིན་ལ་ནི་རང་བཞིན་ཏེ།། འཇིག་རྟེན་ལས་ཀྱི་གཤིན་རྗེ་རྣམས།། གཙོ་བོའི་སྔགས་ཀྱི་མཐའ་དག་ལ།། སྲོག་སྙིང་དག་ལ་ཨུ་ནེ་གཉིས་དང་ཨཾ་གུ་ཤ་ཛ་བཏགས་པས། ། བགུག་ནས་གཟིར་ཞིང་སྙིང་ཁྲག་ཕྲོགས་ནས་སུ།། གསད་ཅིང་གསོལ་ཏེ་དམ་ལ་གདགས་བྱ་ཞིང།། མིང་གི་ཡི་གེ་དང་པོ་ལ།། ཏྲིག་ནན་གཞུག་ཅིང་ལས་ལ་སྦྱར་བ་ཡིས། ། ལྷ་རྣམས་མ་ལུས་བཀུག་ནས་སུ།། ཨོཾ་ཡ་མནྟ་ཀ་ཧཱུ~ཾ། ཡ་མ་རྭ་ཛ་ས་ཏོ་མེ་ཡ་ཏྲིག་ཏན།། ཡ་ཏྲི་མྱགས་ཐུམས་རིལ་རྦད་ཡ་ཏྲི་ཨེ་ཧུར་ཐུམས་ཛ། ཨེ་ཙ་ཙ་ཨ། ཡ་ཏྲི་མཱ་ར་ཡ་རྦད་ཧཱུ~ཾ་ཡ་མནྟ་ཧཱུ~ཾ། ཡ་མ་རཱ་ཛ་ས་ཏོ་མེ་ཡ། ཨ་མྲྀ་ཏ་ཨོཾ་ཨ་ས་མ་ཡ་ཨ་མྲྀ་ཏ་ཨོཾ། ཨ་མྲྀ་ཏ་ཧཱུ~ཾ། ཨ་མྲྀ་སྭ། ཨ་མྲྀ་ཏ་ཏཱ། ང་ནི་བཅོམ་ལྡན་དཔལ་ཆེན་ཁྲག་འཐུང་གཤིན་རྗེའི་གཤེད།། ཉོན་ཅིག་དྲེགས་པ་གཤིན་རྗེ་རྣམས།། ཁྱོད་ཀྱི་སྙིང་ཁྲག་ང་ལ་ཡོད།། ང་ཡི་ལས་བཅོལ་ཁྱོད་ཀྱིས་བསྒྲུབས། ། ཧཱུ~ཾ་ཡ་མན་ཏ་ཀ་ཧཱུ~ཾ། ཡ་མ་རཱ་ཛ་ཏྲིག་ནན། ས་ཏོ་མེ་ཡ་ཨ་མུ་ཀཾ་ནརི་ཤ་ཏྲུཾ་ཨུ་ནི་ཨཾ་གུ་ཤ་ཛ་ཛ། ཡ་མ་རཱ་ཛ་ཏྲིག་ནན། ས་ཏོ་མེ་ཡ་ཙ་ཀྲ་ཆེ་གེ་མོ་པྲ་མ་ཡ། ཡ་མེ་ཏོ་རུ་ཏྲིག་ནན། ཎ་ཡོ་ཏ་ཡ་ཙཀྲ་ཨ་མུ་ཀཾ་རཀྟ་ཡ། ཡ་ཏ་ཡོ་ནི་ཏྲིག་ནན། ར་ཡ་ཀྵེ་ཡ། ཙཀྲ་རྣི་ཙ་རི་ཡ། ཡ་ཀྵེ་ཡ་ཙ་ཏྲིག་ནན། ནི་མ་ར་ཡ། ཤ་ཙ་ཀྲ་ཤ་ཧཱུ~ཾ་མཱ་ར་ཡ་རྦད། འདི་བཞིན་འཁོར་ལོ་དྲག་པོའི་མན་ངག་སྟེ།། དྲེགས་པ་མ་ལུས་ཀུན་ལ་དེ་བཞིན་ཤེས་པར་བྱ། ། ལྷ་ལ་གཟིར་ནི་རྣམ་གཉིས་ཏེ།། རང་བཞིན་གཟིར་དང་དྲག་པོས་གཟིར།། བཙན་ཐབས་གཟིར་ན་སྤྱི་ཁྱབ་བོ།། ལྷ་སྔགས་འབྲུ་བཟློག་ཨོཾ་ལ་ཏྲིག་ནན་གདགས་ཤིང།། ས་ཚོན་དག་ལ་མཚོན་ཆ་གང་ཕབ། ། བཙན་ཐབས་དག་ཏུ་གཟིར་བ་སྟེ།། ལྷ་གཟིར་རྣམས་ཀྱི་མཐའ་ཡིན་ནོ།། རྣལ་ཐང་སྔགས་ཀྱིས་དགུག་ཅིང་གཟིར་བ་ནི།། ཨོཾ་དང་ཧཱུ~ཾ་དང་ཕཊ་བཏོན་ནས།། ལུས་སྔགས་དག་ལ་ཏྲིག་ནན་གདགས། ། ས་བོན་དག་ལ་མཚོན་ཆ་ཕབ་པ་ཡིས།། རང་བཞིན་གཟིར་བའི་མན་ངག་གོ། གོ་རིམས་བཟློག་ནས་གཟིར་བ་ཡང།། དེ་ཉིད་ཇི་བཞིན་ཤེས་པར་བྱའོ།། སྔགས་མཐར་ཙཀྲ་གདགས་ཤིང་ལས་སྦྱོར་ནི། ། འཁོར་ལོས་གནད་ལ་དབབ་པའི་མན་ངག་གོ། དྲག་སྔགས་གཅོད་པའི་རྒྱུད་ལས། རང་བཞིན་དྲག་པོ་བཙན་ཐབས་ཀྱིས་ལྷ་དང་གཞན་གནད་ལ་དབབ་པ་བསྟན་པའི་ལེའུ་སྟེ་བརྒྱད་པའོ།།།། གཤིན་རྗེ་གཤེད་ཀྱིས་ཡང་གསོལ་པ། ། མ་གྲུབ་སྤོགས་པའི་ཆོ་ག་དང།། སྔགས་ཀྱི་བཟླས་ཐབས་ཇི་ལྟ་བུ།། མ་འོངས་སྐལ་ལྡན་རྣམས་ཀྱིས་ནི།། ལྷ་ལ་འཇིགས་ནི་ཇི་ལྟར་བསྐུར།། ཉོན་ཅིག་གཤིན་རྗེའི་གཤེད་པོ་ཁྱོད། ། མ་འོངས་སྐལ་ལྡན་རྣམས་ཀྱིས་ནི།། མ་གྲུབ་སྤོགས་པའི་ཆོ་ག་ཡི།། གོ་རིམས་བཟློག་པས་སྤོགས་པ་དང།། ཡི་གེ་འབྲུ་བཟློག་སྤོགས་པ་ཡིས།། མ་གྲུབ་མཐའ་ཡི་སྦྱོར་བ་ནི།། ཚེ་ཟད་ལས་ཟད་འཁོར་ལོའོ། ། དམྱལ་བ་ཡང་སོས་རྣམ་སྨིན་ཏེ།། དོན་ཉིད་རྟོགས་ན་འཇིག་པར་འགྱུར།། ལྷ་དང་གཟས་པ་དུས་གཅིག་བརླག། ཚེ་ཟད་ལས་ཟད་དུས་གཅིག་པའོ།། བཏགས་པའི་སྲོག་ལ་ཁྲི་བཟླས་ཏེ།། རང་དབང་མེད་བ་གནས་པའི་སྲོག། མི་འགྱུར་སྲོག་དང་བཞི་པོ་ལ།། དེ་བཞིན་ཁྲི་དང་ཁྲི་ཚོ་བཞི།། མཛད་པའི་མཛད་ལུགས་རྣམ་གཉིས་ཏེ།། སྤྱི་བོའི་གཙུག་ནས་ཟད་པ་ཡིས།། དེས་ཀྱང་གྲུབ་པར་མ་གྱུར་ན།། རྐང་པའི་མཐིལ་ནས་མཛད་པར་བྱའོ། ། དེ་ནས་ཡང་དག་བཤད་བྱ་བ།། ལྷ་ལ་འཇིགས་ནི་འདི་ལྟར་བསྐུར།། སྒྲིབ་མེད་སྤྱན་གྱིས་བདག་ལ་མི་གཟིགས་སམ།། སྐྱོན་མེད་ཐུགས་ཀྱིས་བདག་ལ་མི་དགོངས་སམ།། མཉམ་ཉིད་གསུང་གིས་བདག་བྱིན་མི་རློབ་བམ། ། བདག་འདྲ་ཉོན་མོངས་ཞེ་སྡང་འདི་འདྲ་ན།། ཁྱེད་ཀྱི་ཐུགས་རྗེས་བདག་ལ་མི་དགོངས་སམ།། སྔོན་གྱི་ཐུགས་རྗེ་རྗེས་སུ་མི་དྲན་ནམ།། བདེ་གཤེགས་བཀའ་བཞིན་དོན་ལས་མ་འགལ་ལམ། ། རང་རིག་ཡེ་ཤེས་བདག་ལ་སྔོན་དུ་ཤར་ཙམ་ན།། ཁྱེད་ཀྱི་ཐུགས་རྗེས་བདག་ལ་ཅི་བགྱིར་མཆིས།། ཕྱི་ནང་དགྲ་བགེགས་རྡུལ་དུ་མ་མཆིས་ན།། ཁྱེད་ཀྱི་དགོས་པས་བདག་ལ་ཅི་བགྱིར་མཆིས།། སྤྱི་ཚུགས་འཕྲེད་ཉལ་རྣམ་སྨིན་མི་ཡོང་ངམ། ། ཡང་སོས་ལྟ་བུའི་རྣམ་སྨིན་ཁྱེད་ལ་མི་ཡོང་ངམ།། བཅོལ་བའི་འཕྲིན་ལས་མྱུར་དུ་མ་བསྒྲུབས་ན།། ཉིད་ཀྱི་མཚོན་ཆ་ཉིད་ལ་མི་འབབ་བམ།། ཁྱེད་ཀྱིས་ཕྱི་ནང་དགྲ་བགེགས་མྱུར་དུ་མ་བཏུལ་ན། ། བདག་གིས་ཕུང་པོ་རྡུལ་དུ་བརླགས་པས་ཅི་ལ་སྨན།། སྤྱི་ཚུགས་རྐང་མཐིལ་གཉིས་ནས་ཁྱེད་རང་མ་མཛད་དམ།། ཚེ་ཟད་ལས་ཟད་དམྱལ་བར་མི་ལྟུང་ངམ།། དེ་བས་བཅོལ་བའི་ལས་འདི་མྱུར་དུ་སྒྲུབས། ། དྲག་སྔགས་གཅོད་པའི་རྒྱུད་ལས།། སྤོགས་ཐབས་མཐའི་འཁོར་ལོ་དང། ལྷ་ལ་འཇིགས་བསྐུར་བསྟན་པའི་ལེའུ་སྟེ་དགུ་པའོ།།།། གཤིན་རྗེ་གཤེད་ཀྱིས་ཡང་གསོལ་པ།། གོ་རིམས་བཟློག་པའི་སྔགས་ནི་ཇི་ལྟར་ལགས། ། ཚེ་ཟད་ལས་ཟད་སྔགས་ནི་ཇི་ལྟར་ལགས།། བདག་གིས་མ་འཚལ་བཤད་དུ་གསོལ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། ཉོན་ཅིག་གཤིན་རྗེ་གཤེད་པོ་ཁྱོད། ། གོ་རིམས་བཟློག་པའི་སྔགས་དང་ནི།། ཚེ་ཟད་ལས་ཟད་སྔགས་རྣམས་ནི།། བཤད་ཀྱིས་རྩེ་གཅིག་ཡིད་ཀྱིས་ཉོན།། གོ་རིམས་བཟློག་པའི་བཟླས་ཐབས་ནི།། ཨོཾ་དང་ཧཱུ~ཾ་ནི་རྣལ་ཐང་ལ།། ལུས་ཀྱི་ཡི་གེའི་འདུག་ས་གོང་འོག་ཡས་མར་སྤོས་ཤིང་ལས་ལ་སྦྱར། དེས་ཀྱང་གྲུབ་པར་མ་གྱུར་ན།། ཨོཾ་དང་ཧཱུ~ཾ་གི་འདུག་ས་བརྗེས་ནས་སུ།། ཡི་གེ་འབྲུ་བཟློག་གོ་རིམས་མས་ཡར་ལ།། བརྗེས་ཤིང་ལས་སྦྱར་འགྲུབ་པར་ཐེ་ཚོམ་མེད། ། དུས་མ་ཡིན་པར་སྦྱར་མི་བྱ།། འཁོར་ལོ་ལ་རྟེན་ཚེ་ཟད་ལས་ཟད་དང།། ཐུན་ལ་རྟེན་པའི་ཚེ་ཟད་ལས་ཟད་གཉིས།། ལུས་ཀྱི་ཡན་ལག་ཡིག་འབྲུ་རེ།། ཨོཾ་གྱི་འོག་ཏུ་སྤོས་ཤིང་གྲངས་བྱས་ན།། སྔགས་རྣམས་ལུས་ཀྱི་མཐར་བསྐྱལ་ལྷ་ཡི་ཚེ་ཟད་དོ། ། དེ་ནས་དགྲ་བོའི་ཚེ་ཟད་ནི།། ཆེ་གེ་མོ་ནས་གྲངས་ཤིང་ཤ་ཏྲོར་བསྐྱལ་བ་དང།། ཨ་མུ་ཀ་ནས་ཤ་ཏྲོར་བསྐྱལ་བ་དང།། ནརི་ནས་ཤི་ཏྲོར་བསྐྱལ་བ་དང།། ཤ་ཏྲོ་ནས་ནརི་རུ་བསྐྱལ་བ་དང། ། འདི་ནི་ཡས་མར་དགྲ་བགེགས་ཚེ་ཟད་དོ།། ཡས་མར་འདྲེན་པའི་ཆེ་གེ་མོ།། མས་ཡར་འདྲེན་པ་ཤ་ཏྲོ་སྟེ།། ཐུན་ནམ་འཁོར་ལོའི་སྔགས་རྣམས་ནི།། མས་ཡར་ཟད་པས་ཡིག་འབྲུ་རེ།། ལས་ཀྱི་སྔགས་ཀྱི་དབུ་རུ་གདོན། ། མས་ཡར་ཟད་པས་ཡིག་འབྲུ་རེ།། ལས་ཀྱི་སྔགས་ཀྱི་དབུ་རུ་གདོན།། ཡིག་འབྲུ་ཟད་པར་སྟོན་པས་ནི།། ཚེ་ཟད་ལས་ཟད་ཡིན་པའི་ཕྱིར།། ལྷ་ཡི་ཚེ་དང་དགྲ་བགེགས་ཚེ།། ལས་དང་གསུམ་ཅར་ཟད་པའི་ཚེ། ། ཁྲི་ཚོ་བཞི་ཡིས་ཟད་པ་དང།། སྟོང་ཕྲག་བཞི་ཡིས་ཟད་པ་དང།། བརྒྱ་ཕྲག་བཞི་ཡིས་ཟད་པའོ།། ཚེ་ཟད་ལས་ཟད་འཁོར་ལོ་འདི།། གསུམ་ཆར་སྦྲུལ་ན་བརླག་འགྱུར་ཞིང།། སོ་སོར་སོང་ན་འབྲས་མི་འབྱིན། ། དགུག་དང་ཐུན་དང་གསད་པ་དང།། བསྲེག་དང་གནན་པ་ལ་སོགས་པ།། ལས་རྣམས་མ་ལུས་ཡིན་པས་ན།། ལོ་ཚད་རེ་ནི་སྤོས་བྱས་ཤིང།། གྲངས་ཀྱི་ཚད་ཀྱིས་བརྒྱལ་བ་ཡིས།། རབ་འབྲིང་ཐ་མས་འབྲས་བུ་ཐོག། གདུག་པའི་མཐའ་ལ་མ་ཡིན་པར།། སྔས་ན་རྣམ་སྨིན་འབྲས་བུ་འབྱུང།། ཨོཾ་ཀྲོ་ཨ་ཀ་ཏེ་མན་ཡ་ཀ་ཏ་ན་ཧ་ཐ་མ་ཛ་བཉྫ་ཧཱུ~ཾ། ཨོཾ་ཛ་བྷན་ཐ་མན་ཧ་ཀ་ཧ་ཏ་མན་ཡ་ཀ་ཏེ་ཀྲོ་ཨ་ཧཱུ~ཾ། ཨོཾ་བྷཉྫ་མ་ཐ་ཧ་ན་ཏ་ཀ་མན་ཡ་ཏེ་ཀ་ཨ་ཀྲོ་ཧཱུ~ཾ། ཨོཾ་ཥྟི་ཧྲི་ཀྲོ་བི་ཏྲ་ན་ཏྲ་ན་ཧཱུ~ཾ། ན་ན་ཨོཾ་ལ་ཀཱ་རུ་པ་པ་ཡ་ཧཱུ~ཾ། པྲ་མ་ཡ། རག་ཏ་ཡ། ཙ་ར་ཡ། མཱ་ར་ཡ། ལུས་སྔགས་དང་ནི་ལས་སྔགས་ཀྱི།། བར་དུ་གཟས་པ་སྦྲེལ་ཞིང་གཅད། ཧཱུ~ཾ་ཨ་ཀྲོ་ཏེ་ཀ་ཨ། ཡ་མན་ཏ་ཀ་ཨ། ཧ་ན་མ་ཐ་བཉྫ་ཨ། རང་འབྱུང་ཡི་གེ་བཅུག་པའོ།། ཨ་ཀ་བཛྲ་པྲ་མ་ཡ། ཨ་ཀ་བཛྲ་མུར་ཙཛ་ཡ། ཨ་ཀ་བཛྲ་རཀྟ་ཡ། ཨ་ཀ་བཛྲ་མཱ་ར་ཡ། ལས་རྣམས་མི་འགྱུར་ཡི་གེ་བཞི། ། བཛྲའི་འོག་ཏུ་བཞུགས་པར་བྱའོ།། དྲག་སྔགས་གཅོད་པའི་རྒྱུད་ལས། གོ་རིམས་བཟློག་དང། འབྲུ་བཟློག་དང། ཚེ་ཟད་ལས་ཟད་བསྟན་པའི་ལེའུ་སྟེ་བཅུ་པའོ།།།། གཤིན་རྗེ་གཤེད་ཀྱིས་ཡང་གསོལ་པ། ། ཕྱི་ནས་སྤོགས་པའི་སྦྱོར་བ་རྣམས།། ཕས་བཤིག་གཅད་པའི་སྦྱོར་བ་ཡིས།། བར་ཆད་གསུངས་པ་ཇི་ལྟ་བུ།། མི་བགྱིད་དམ་ཚིག་ཇི་ལྟ་བུ།། མ་བསྲུངས་སྐྱོན་ནི་ཇི་ལྟ་བུ།། བསྲུངས་པའི་འབྲས་བུ་ཇི་ལྟ་བུ། ། ཞེས་གསོལ་པ་དང། བཀའ་སྩལ་པ། སྤོགས་བཤིག་བཅད་པ་ལ་སོགས་ཀྱིས།། བགྱི་དང་མི་བགྱིའི་ཁྱད་པར་དང།། དམ་ཚིག་ཉེས་དམིགས་འབྲས་བུ་རྣམས།། བཤད་ཀྱི་རྩེ་གཅིག་ཡིད་ཀྱིས་ཉོན།། སྤོགས་པའི་སྦྱོར་བ་ཡེ་ཤེས་དང། ། འཇིག་རྟེན་དྲེགས་པ་གཉིས་ཅར་ལ།། ཚུལ་བཞིན་བསྙེན་སྒྲུབ་ཚད་བསྐྱལ་ནས།། གྲུབ་པར་མ་གྱུར་པ་དེ་ལ།། ཞི་བའི་སྔགས་ཀྱིས་སྤོགས་པ་དང།། རྩ་བརྒྱད་ཚོགས་ཀྱིས་སྤོགས་པ་དང། ། འབུམ་གཏེར་ཚ་ཚས་སྤོགས་པ་དང།། ངག་བརྗོད་ཚིག་གི་སྤོགས་པ་དང།། སྦྱིན་སྲེག་གཏོར་མས་སྤོགས་པ་དང།། ཉེའུ་འདོན་ཆོས་ཀྱི་སྒྲ་སྒྲོགས་ཤིང།། བསྙེན་པའི་དབུ་རུ་ས་མ་ཡ་གཞུག་ཅིང།། ཉེ་བསྙེན་བསྐྱར་བས་མ་གྲུབ་ན། ། དེར་ནི་སྤོགས་པའི་ཆོ་ག་བྱའོ།། ཏྲིག་ནན་གདགས་ཤིང་སྤོགས་པ་ཁྲི་ཚོ་གཅིག། གོ་རིམས་བཟློག་པ་སྟོང་ཚོ་གཅིག། འབྲུ་བཟློག་པས་ནི་དུས་དུས་བརྒྱ།། ཚེ་ཟད་ལས་ཟད་སྟོང་ཚོ་བཞི། ། མཚོན་ཆ་དབབ་པ་རྒྱ་མཚོ་བཞི།། ཉིད་ཀྱིས་དབབ་པ་བརྒྱ་ཚོ་གཅིག། ཕོ་སྣ་མོ་ཡིས་དྲངས་པ་དང།། མོ་སྣ་ཕོ་ཡིས་དྲངས་པ་དང།། གཙོ་སྣ་གིང་གིས་དྲང་བ་དང།། གིང་སྣ་གཙོ་ཡིས་དྲང་བ་ནི།། བརྒྱ་ཚན་རེ་རེས་འགྲུབ་པ་ཡིན། ། བརྒྱ་ཚན་རེ་རེས་ཀུན་ལ་སྦྱར།། གིང་གི་སྔགས་ཀྱིས་གཙོ་དྲངས་པ།། གཙོ་སྣ་གིང་གིས་དྲངས་པ་ཡིན།། འདི་བཞིན་ཀུན་ལ་དྲང་བར་བྱ།། གོང་གི་སྤོགས་པས་མ་སྤོགས་པར།། དྲག་པོས་སྤོགས་ལ་འཇུག་པ་ནི། ། སྤྱི་ཚུགས་དང་ནི་འཕྲེད་ཉལ་དང།། དམྱལ་བ་ཡང་སོས་རྣམ་སྨིན་འབྱུང།། གོང་བཞིན་སྤོགས་པས་མ་གྲུབ་ན།། ལྷ་ལ་རྣམ་སྨིན་ཕབ་པ་ཡིས།། དེས་ནི་མྱུར་དུ་འགྲུབ་པ་ཡིན།། སྦྱོར་བ་ཐམས་ཅད་བཤིག་འཇིག་སྟེ། ། ཚེ་ཟད་ལས་ཟད་བཤིག་མི་འཇིག། སྦྱོར་བ་ཐམས་ཅད་བཅད་ཆོད་དེ།། རང་འབྱུང་སྔགས་ཀྱི་སྦྱོར་བ་བཅད་མི་ཆོད།། འདི་འདྲའི་སྔགས་ཀྱི་སྦྱོར་བ་འདི།། མི་བྱ་བ་ཡི་དམ་ཚིག་འདི་རྣམས་སོ། ། སློབ་དཔོན་སྐུ་ལ་བསྔོ་བ་དང།། ཆོས་བྱེད་རྣམས་ལ་འཚེ་བ་དང།། རྣལ་འབྱོར་བསམ་གཏན་དཀྲུག་བྱེད་དང།། ལུ་གུ་རྒྱུད་ལ་འགལ་བྱེད་དང།། བསྟན་པ་གཉན་པོ་འཇིག་འགྱུར་བས། ། བསྟན་པ་བསྲུང་ཕྱིར་ལས་འདི་སྦྱོར་བྱེད་པ།། འབྲས་བུ་སྐུ་གསུམ་དབྱེར་མེད་ཐོབ།། དེ་ལྟར་མ་ཡིན་ལྟོམ་ཆོལ་དག་ཏུ་ལས་སྦྱོར་བ།། ནད་མང་ཚེ་ཐུང་རྣམ་སྨིན་རང་ལ་འབྱུང།། འདི་འདྲའི་སྔགས་ཀྱི་དམ་ཚིག་ནི། ། རྒྱུན་གྱི་སྙིང་པོ་དག་དང་མི་འབྲལ་ཞིང།། སྦྱོར་བ་ཚད་དང་ལྡན་པ་ཤེས་པར་བྱ།། འདི་ནི་ཡིད་ལ་བཅང་ཞིང་བསྟན་པ་བསྲུང་ཕྱིར་མ་ཡིན་པ།། ཉེས་པ་མེད་པར་སྤྱད་ན་སྤུ་གྲི་ལྟ་བུར་ཕར་གཅོད་ཚུར་གཅོད་འོང། ། དེ་ཕྱིར་དམ་ཚིག་བསྲུངས་བྱས་ནས།། སྐུ་གསུམ་ཡེ་ཤེས་ལྔ་ལྡན་འབྲས་བུ་ཏོག་གིས་ལེན།། ཡེ་ཤེས་ལྔ་ཞེས་བྱ་བ་ནི། མེ་ལོང་ལྟ་བུའི་ཡེ་ཤེས་ཀྱིས། སྣང་ཞིང་སྲིད་པའི་ཆོས་ཐམས་ཅད་སྐད་ཅིག་ལ་སྣང་ལ་རང་བཞིན་མེད་པར་ཤེས། ། སོ་སོར་རྟོག་པའི་ཡེ་ཤེས་ཀྱིས། ཆོས་ཐམས་ཅད་མ་འདྲེས་ཡོངས་སུ་རྫོགས་པ་ཆུའི་གཉེར་མ་ལྟ་བུར་ཤེས། བྱ་བ་གྲུབ་པའི་ཡེ་ཤེས་ཀྱིས། ཆོས་ཐམས་ཅད་བྱ་བ་རང་བཞིན་སོ་སོར་གྲུབ་པར་ཤེས། མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱིས། ཆོས་ཐམས་ཅད་རང་བཞིན་གྱིས་འོད་གསལ་བར་ཤེས། ལྷུན་གྱིས་གྲུབ་པའི་ཡེ་ཤེས་ཀྱིས་ཆོས་ཐམས་ཅད་ང་དང་རང་བཞིན་གྱི་བདག་ཉིད་དུ་ལྷུན་གྱིས་གྲུབ་པར་ཤེས། དེ་ལྟར་ཡེ་ཤེས་ལྔར་ཤར་ཙམ་ན། ཐམས་ཅད་འགག་པ་མེད་པར་འབྱུང་བའི་ཆོས་ཀྱི་སྐུའོ།། དེར་མ་རྫོགས་པ་མེད་པས་ན་ལོངས་སྤྱོད་རྫོགས་པའི་སྐུའོ།། དེར་མ་ཁྱམ་པ་མེད་པས་ན་ལོག་ཏོག་འདུལ་བ་ལ་མཁས་པ་སྤྲུལ་པའི་སྐུའོ། ། དེ་ལྟར་མཚན་ཉིད་ལྔ་དང་ལྡན་པའི་རྡོ་རྗེ་འཆང་གི་སྐུའོ།། དྲག་སྔགས་གཅོད་པའི་རྒྱུད་ལས། དམ་ཚིག་བསྲུང་ཐབས་མ་བསྲུངས་པའི་སྐྱོན་བསྲུངས་པའི་འབྲས་བུ་བསྟན་པའི་ལེའུ་སྟེ་བཅུ་གཅིག་པའོ། །།། དེ་ནས་ཡང་བཅོམ་ལྡན་འདས་རྡོ་རྗེ་གཞོན་ནུ་ཞེས་བྱ་བ་སྤྲུལ་པའི་སྐུར་ལངས་སྣང་བ་དེས། ཉིད་ལ་གཉིས་ཀྱི་སྐུར་སྤྲུལ་ནས་འདི་སྐད་ཅེས་གསོལ་ཏོ།། ཀྱེ་ཀྱེ་བཅོམ་ལྡན་ཐུགས་རྗེ་ཅན། ། འདྲེན་པ་གནད་ལ་དབབ་པའི་ཕྱིར།། ཡེ་ཤེས་ཁྲོ་བོ་ཕ་བཅུ་དང།། ཡེ་ཤེས་ཁྲོ་མོ་མ་བཅུ་དང།། དེ་རྣམས་དྲེགས་པ་ཕོ་མོ་ཡིས།། གདུག་པ་རྩོམ་པ་ཚར་བཅད་ཅིང།། དུག་གསུམ་རྩད་ནས་བཅད་པའི་ཕྱིར། ། ཁྲོ་བོ་བཅུ་ཡི་མཚོན་ཆ་རྣམས།། དབབ་དང་མི་དབབ་ཇི་ལྟ་བུ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། ཉོན་ཅིག་ཁྲོ་བོ་ཆེན་པོ་ཁྱོད།། མངག་པའི་མཐའ་རྣམས་མ་ལུས་ནི།། ཁྱོད་ཀྱིས་བསྡུས་པ་ཡིན་པས་ན། ། ཁྲོ་བོ་བཅུ་ཡི་མཚོན་ཆ་དེ།། གྲུབ་པར་གྱུར་ན་གཟས་པ་ཉིད་ལ་དབབ།། མ་གྲུབ་ཁྲོ་བོ་ཉིད་ལ་དབབ།། དེས་ནི་གྲུབ་པར་འགྱུར་བ་ཡིན།། དེ་ནས་གཟས་པ་ཉིད་ལ་གདབ།། ཁྱོད་ཀྱི་དྲག་སྔགས་མི་བཟད་འདི། ། བཏབ་ན་གང་ཡང་བརླག་པར་འགྱུར།། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣན། བི་ཏྲི་མྱགས་ཐུམས་རིལ་རྦད། ཧཱུ~ཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུ~ཾ་ཏི་པ་ཏ་ཙཀྲ་ཧཱུ~ཾ། ཁྲོ་བོ་བཅུའི་དྲག་སྔགས་བཅུ། ག་རྫ་ག་རྫ་ཧཱུ~ཾ་ཕཊ། ཧ་ན་ཧ་ན་ཧཱུ~ཾ་ཕཊ། ད་ཧ་ད་ཧ་ཧཱུ~ཾ་ཕཊ། པ་ཙ་པ་ཙ་ཧཱུ~ཾ་ཕཊ། ཏིཥྤ་ཏིཥྤ་ཧཱུ~ཾ་ཕཊ། ཧུ་ལུ་ཧུ་ལུ་ཧཱུ~ཾ་ཕཊ། བནྡྷ་བནྡྷ་ཧཱུ~ཾ་ཕཊ། ཧ་ན་ཧ་ན་ཧཱུ~ཾ་ཕཊ། བྷིན་དྷ་བྷིན་དྷ་ཧཱུ~ཾ་ཕཊ། སྥོ་ཊ་ཡ་སྥོ་ཊ་ཡ་ཧཱུ~ཾ་ཕཊ། འདི་རྣམས་ཁྲོ་བཅུའི་དྲག་པོའི་མཚོན་ཆ་ནི། ། རྡོ་རྗེ་གཞོན་ནུ་དྲག་པོའི་མཚོན་ཆ་ནི།། ནན་དང་བཾ་དང་མཱ་ར་ཡ།། འཁོར་ལོ་རྒྱས་འདེབས་མཚོན་ཆ་ནི།། ཙཀྲ་ཧ་ན་ཧ་ནཱ་ཧཱུ~ཾ་ཕཊ། གཞན་ཀུན་མཚོན་ཆ་དྲེགས་པ་གཞན་དང་མཐུན།། དྲག་སྔགས་གཅོད་པའི་རྒྱུད་ལས། མཚོན་ཆ་བསྟན་པའི་ལེའུ་སྟེ་བཅུ་གཉིས་པའོ།།།། དེ་ནས་ཡང་དག་བཤད་བྱ་བ།། མཚོན་ཆའི་འབྲུ་བཟློག་ཏིག་ནན་གདགས་བྱ་ཞིང།། འབྲུ་རེ་དག་ལ་མཱ་ར་ཡ་དང་ཕཊ།། གཏང་བ་མཚོན་ཆས་གཅད་པའི་མན་ངག་གོ། རྡོ་རྗེ་གཞོན་ནུའི་དྲག་སྔགས་ཀྱིས།། ཁྲོ་བོ་ཕ་བཅུ་མན་ཆད་ཀྱིས་དྲེགས་པ་ཕོ་མོ་མ་ལུས་ནི།། རང་བཞིན་དྲག་པོ་བཙན་ཐབས་ཀྱིས།། ལས་རྣམས་མ་ལུས་འགྲུབ་པར་འགྱུར། ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ། བཛྲ་ཀྲོ་དྷ་ཧཱུ~ཾ་ཀཱ་ར། ཨུ་ནི་ཨུ་ནི་ཧཱུ~ཾ་ཨཾ་ཀུ་ཤ་ཛ་ཛཿ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུ~ཾ། བཛྲ་ཀྲོ་དྷ་ཧཱུ~ཾ་ཀ་ར་ཏྲིག་ནན་ཧཱུ~ཾ་ཏྲི་མྱགས་ཐུམ་རིལ་རྦད། ཧཱུ~ཾ་ཏྲི་ཨེ་ཧུར་ཐུམས་ཛ་ཨེ་ཙ་ཙ་ཨ། ཧཱུ~ཾ་ཏྲི་མཱ་ར་ཡ་རྦད། ཧཱུ~ཾ་བཛྲ་ཀཱི་ལི་ཀཱི་ལི་ཡ་ཧཱུ~ཾ། ཨོཾ་བཛྲ་ཀྲོ་དྷ་ཧཱུ~ཾ་ཀ་ར། ཨ་ས་མ་ཡ་ཨ་མྲྀ་ཏ་ཨོཾ། ཨ་ཧཱུ~ཾ་སྭཱཧཱ། ཧཱུ~ཾ་བཛྲ་ཀཱི་ལི་ཀཱི་ལི་ཡ་ཧཱུ~ཾ། ཨོཾ་བཛྲ་ཀྲོ་དྷ་ཧཱུ~ཾ་ཀཱ་ར་ཏྲིག་ནན། ཧཱུ~ཾ་ཀཱ་ར་ཨ་མུ་ཀཾ་ཤ་ཀྲོ་ནན། ག་རྫ་ག་རྫ་ཧཱུ~ཾ་ཕཊ། འདི་ནི་དྲག་པོའི་གཟེར་བསྒྲུབ་སྟེ། ། འབྲུ་བཟློག་ལས་ལ་སྦྱར་བ་སྟེ།། བཙན་ཐབས་སུ་ཡང་ཤེས་པར་བྱའོ།། ཚུལ་བཞིན་ཟང་མར་བསྒྲུབ་པ་ནི།། རང་བཞིན་དུ་ཡང་ཤེས་པར་བྱའོ།། མ་གྲུབ་སྤོགས་པའི་ཆོ་ག་དང།། ཚེ་ཟད་ལས་ཟད་སྦྱོར་བ་ནི། ། གཞན་བཞིན་དུ་ཡང་ཤེས་པར་བྱའོ།། མི་འགྱུར་བཀའ་ཡི་ཡི་གེ་ཡང།། གཞན་རྣམས་བཞིན་དུ་ཤེས་པར་བྱའོ།། ཕུར་བུས་གདབ་པའི་དྲག་སྔགས་ཀྱིས།། བཏབ་ན་ལྷ་ཡང་བརླག་པར་འགྱུར། ། དྲག་སྔགས་གཅོད་པའི་རྒྱུད་ལས། ཕུར་པའི་མན་ངག་བསྟན་པའི་ལེའུ་སྟེ་བཅུ་གསུམ་པའོ།།།། དེ་ནས་ཡང་བཅོམ་ལྡན་འདས་ཀྱི་ཏིང་ངེ་འཛིན་དེའི་མཐུས། ཕྱག་ན་རྡོ་རྗེ་སྟན་ལས་ལངས་ཏེ་འདི་སྐད་ཅེས་གསོལ་ཏོ། ། ཀྱེ་ཀྱེ་བཅོམ་ལྡན་ཐུགས་རྗེ་ཅན།། དྲེགས་པ་མ་ལུས་ཐམས་ཅད་ཀྱི།། དྲག་སྔགས་གཅོད་པའི་རྒྱུད་དག་གིས།། འཇིག་པར་བྱེད་པའི་རྒྱུ་དང་ནི།། བཅད་པའི་ངོ་བོ་ངེས་ཚིག་དང།། འཇིག་པའི་ངོ་བོ་ངེས་ཚིག་གི། དབང་དང་ལྟ་བ་ཇི་ལྟ་བུ།། མ་འོངས་སྐལ་ལྡན་དོན་ཆེད་དུ།། སྟོན་པ་ཁྱོད་ཀྱིས་བཀའ་སྩོལ་ཅིག། ཉོན་ཅིག་གསང་མཆོག་རིགས་ཀྱི་བུ།། བཅད་པའི་རྒྱུ་དང་ངོ་བོ་ངེས་ཚིག་དང། ། འཇིག་པའི་རྒྱུ་དང་ངོ་བོ་ངེས་ཚིག་དང།། དབང་དང་ལྟ་བའི་མན་ངག་འདི།། བཤད་ཀྱིས་རྩེ་གཅིག་ཡིད་ཀྱིས་ཉོན།། འཇིག་རྟེན་དྲེགས་པའི་ངང་ཚུལ་གྱིས།། བསྒྲུབ་དང་བསྙེན་དང་སྦྱོར་བ་ཡིས། ། བསྟན་པ་བསྲུང་དང་བསྟན་པ་འཇིག། དགུག་དང་བསྐྲད་དང་གཟིར་བ་དང།། བསད་གནན་བཏབ་དང་བསྲེག་པ་དང།། འཕང་དང་གདབ་པའི་སྦྱོར་བ་ཡོད།། འདི་རྣམས་མ་ལུས་ཐམས་ཅད་ཀྱང། ། འཇིག་རྟེན་དྲེགས་པའི་འདུག་ཚུལ་གྱིས།། བསྟན་པ་བསྲུང་ཕྱིར་མ་བཅད་ན།། མཚོན་དང་དུག་དང་ནད་སོགས་ཀྱིས།། རྣལ་འབྱོར་བསམ་གཏན་གཅོད་པར་བྱེད།། འཇིག་པའི་མན་ངག་མི་ལྡན་ན།། བཀའ་འཁོར་ལས་ཀྱི་འཁོར་ལོ་ཡིས། ། རྣལ་འབྱོར་བསམ་གཏན་འཇིག་པར་བྱེད།། འཇིག་པའི་ངོ་བོ་ངེས་ཚིག་ནི།། བྱས་པ་ཡོད་ཕྱིར་འཇིག་པ་ཡོད།། གཅད་པའི་ངོ་བོ་ངེས་ཚིག་ནི།། བཅད་པ་ཡོད་ཕྱིར་གཅོད་བའང་ཡོད། ། བསྙེན་བསྒྲུབ་དྲེགས་པའི་འདུག་ཚུལ་གྱིས།། མ་འབྲེལ་ན་ཡང་མི་ཆོད་ཕྱིར།། མ་བཅད་ཡང་ལྡོག་པ་ཡིན།། དེ་ལ་གཅོད་པའི་དྲག་སྔགས་ནི།། གང་ལྟར་གྲུབ་ཀྱང་གཅོད་ན་ཆོད།། བསྲུང་བྱ་མན་ངག་དམ་པ་སྟེ། ། ཉོན་མོངས་དྲེགས་པའི་འདུག་ཚུལ་དང།། འཁྲུལ་པའི་དབང་གིས་ཐམས་ཅད་ཡོད།། རང་བཞིན་ངོ་བོ་ཐམས་ཅད་གང་ཡང་མེད།། རང་བྱུང་ཨ་ཡི་ངོ་བོར་ན།། དྲག་སྔགས་མན་ངག་གང་ཡང་མེད།། ལས་སྔགས་བཛྲའི་ངོ་བོར་ན། ། ལས་ཀྱི་དྲག་སྔགས་གང་ཡང་མེད།། མེད་ཕྱིར་བསྒྱུར་དུ་མི་བཏུབ་པའོ།། མེད་ཕྱིར་བཅད་དུ་མི་བཏུབ་པའོ།། འཇིག་ཅིང་བཅད་དུ་མེད་པ་རང་འབྱུང་ཡིན།། རང་གནས་རག་མ་ལུས་ཕྱིར་དབང་ཡང་ཡིན། ། ཐམས་ཅད་ངོས་བཟུང་མེད་ཕྱིར་ལྟ་བ་ཡིན།། བསྲུང་བཟློག་བསད་སོགས་ཐམས་ཅད་ནི།། ཡིག་འབྲུ་བཅུ་གཉིས་ནང་དུ་འདུས་ཕྱིར་མན་ངག་ཡིན།། དྲག་སྔགས་གཅོད་པའི་རྒྱུད་ལས་དབང་དང་ལྟ་བ་བསྟན་པའི་ལེའུ་སྟེ་བཅུ་བཞི་པའོ། །།། ཕྱག་རྡོ་རྗེ་ས་ཡང་གསོལ་པ།། ཀྱེ་ཀྱེ་བཅོམ་ལྡན་ཐུགས་རྗེ་ཅན།། དྲག་སྔགས་གཅོད་པའི་མན་ངག་གིས།། བཅད་ཐབས་རྣམ་པ་དུ་ཞིག་མཆིས།། བཅད་པའི་སྔགས་ནི་ཇི་ལྟ་བུ། ། ཉོན་ཅིག་གསང་མཆོག་རིགས་ཀྱི་བུ།། དྲག་སྔགས་བཅད་ཐབས་རྣམ་གཉིས་ལ།། བཅད་པའི་རྒྱུ་ནི་གཉིས་ཡིན་ཏེ།། རྩ་སྔགས་བཅད་དང་ལས་སྔགས་བཅད།། དེ་ལ་བཅད་ཐབས་གཉིས་ཡིན་ཏེ། ། ཁྱད་པར་བཅད་དང་ཐུན་མོང་བཅད།། ཡས་མར་བཟླས་ཤིང་རྫོགས་པར་བཅད་པ་དང།། མས་བཟློག་བཟླས་ཤིང་ཡིག་འབྲུ་རྫོགས་པར་བཅད་པ་དང།། བཅད་ཐབས་རྣམ་པ་འདི་གཉིས་ལ།། གཞན་གྱི་རིག་སྔགས་ཟུག་གྱུར་རམ། ། རང་གི་རིག་སྔགས་ལོག་གྱུར་ན།། རིག་སྔགས་གཅད་ཅིང་ཕུར་བུས་གདབ།། རང་འབྱུང་རྡོ་རྗེ་འཁོར་ལོ་ཡིས།། རིག་སྔགས་མཚོན་ཆ་མ་ལུས་གཅོད།། གཅོད་ཕྱིར་ཡི་དམ་ལྷར་གསལ་ནས། ། དྲེགས་པ་ཞབས་འོག་མནན་བསམས་ཏེ།། ཐུན་མོང་ཁྱད་པར་ཏིང་འཛིན་བསྒོམ།། རང་འབྱུང་རྡོ་རྗེ་འཁོར་ལོ་ཡིས།། ནམ་མཁའི་དཀྱིལ་ནས་ཐོག་ལྟར་འབབ།། རིག་སྔགས་མཚོན་ཆ་གཅོད་པ་བསམ། ། སྔགས་ཀྱི་སྦྱོར་བའི་བཟླས་ཐབས་ནི།། དྲེགས་པ་རིག་སྔགས་མཚོན་ཆ་གཉིས།། བར་དུ་གཅོད་ན་སྣེལ་ལ་བཅད།། སོ་སོར་གཅོད་ན་རང་དང་ཕྲལ་ལ་བཅད།། ཧཱུ~ཾ་ནཱི་ལཾ་བཛྲ་དྷ་ར་བཛྲ་པ་ནི་རཱ་ཛྙཱ་པ་ཡ་ཏི་ཧཱུ~ཾ། ཨོཾ་མ་ཧཱ་ཀཱ་ལ་གུ་ན་ཧྲི་ད་ཧཱུ~ཾ། ཨཾ་ཀུ་ཤ་ཛ། ཏྲིག་ནན་ཛ། ཏྲི་བཛྲ་ཙཀྲ་མྱགས་ཐུམ་རིལ་རྦད་ཡ། མཱ་ར་ཡ་རྦད། ནཱ་ཤ་ཡ་རྦད། ཨཱ་ཀརྵ་ཡ་ཧཱུ~ཾ་ཕཊ། འདི་བཞིན་ཡིག་འབྲུ་དེ་རྣམས་མས་ཡར་བཅད། ཛ་ཏྲིག་ནན་ཛ་ཏྲི་བཛྲ་ཙཀྲ་མྱགས་ཐུམ་རིལ་རྦད། མཱ་ར་ཡ་རྦད། ནཱ་ཤ་ཡ་རྦད། ཨཱ་ཀརྵ་ཡ་ཧཱུ~ཾ་ཕཊ། རྟེན་ལ་ཕུར་བུས་གདབ་ཅིང་དྲེགས་པའི་ཡིག་འབྲུ་ཨོཾ་ལ་ལྷན་གྱིས་བཅད་པ་ནི། དགུག་པའི་རྩ་སྔགས་རིག་སྔགས་བཅད་པའོ། ། ཧཱུ~ཾ་ནཱི་ལཾ་བཛྲ་དྷ་ར་བཛྲ་པཱ་ནི་རཱ་ཛྙཱ་པ་ཡ་ཏི་ཧཱུ~ཾ། ཛྲ་ཤ་ཀུ་ཨཾ། ཧཱུ~ཾ་ཡ་ཏ་ཧྲི་ནི་གུ་ལ་ཀ་ཧཱ་ཨོཾ་ཏྲིང་ནན་ཨོཾ་ཏྲི་བཛྲ་ཙཀྲ་མྱགས་ཐུམ་རིལ་རྦད།། མཱ་ར་ཡ་རྦད། ནཱ་ཤ་ཡ་རྦད། ཨཱ་ཀརྵ་ཡ་ཧཱུ~ཾ་ཕཊ། ཛ་ལ་ལྷན་གྱིས་ཡིག་འབྲུ་རེ་རེ་སྤོས་ཤིང་གཅད་པ་ནི། དགུག་པའི་རིག་སྔགས་མས་ཡར་བཅད་པའོ།། ཡས་མར་བཅད་པའོ།། འདི་བཞིན་བཅད་པའི་དྲག་སྔགས་ནུས་པ་ཡིས།། མི་འགྱུར་རྡོ་རྗེའི་སྐུ་ཡང་སྐྱེད་པར་རྦད་ཀྱིས་ཆད།། ཕྱག་རྡོར་སྙིང་ཁྲག་ས་ལ་ལྕུག་གི་འོང་ནུས་ན། ། དྲེགས་པ་མཚོན་ཆ་རིག་སྔགས་གཞན་དག་སྨོས་ཅི་དགོས།། ཡིག་འབྲུ་ཟད་པར་བཅད་པས་ཆོད་པར་འགྱུར།། རྩ་སྔགས་རིག་སྔགས་སོ་སོར་གཅོད་པ་ན།། ཡི་དམ་སྔགས་ལ་རང་འབྱུང་ཡི་གེ་བཅུག་ནས་ནི། ། ཨ་ཧཱུ~ཾ་ནཱི་ལཾ། ཨ་བཛྲ་དྷ་ར། ཨ་བཛྲ་པ་ཎི། ཨཱ་ཛྙཱ་པ་ཡ་ཏི་ཧཱུ~ཾ། ཛ་རག་ཁ་ཏ་ཙ་ཏོ་ཤ་རྦད་རིལ་ཐུམ་ཤ་རག། ཏྲག་ཡ་ལ་ཏ་ཙ་ཛ། ནི་སུ་རྦད། རིལ་ཐུམས་ལ། ཐུཾ་ནི་ལ་ཀ་ཧཱ་མ། ཧཱ་མ་ཏྲིག་ནན། མ་ཏྲི་བཛྲ་ཙཀྲ་མྱགས་ཐུམས་རིལ་རྦད། མཱ་ར་ཡ་རྦད། ནཱ་ཤ་ཡ་རྦད། ཨཱ་ཀརྵ་ཡ་ཧཱུ~ཾ་ཕཊ། ཁ་རག་ཛ་ལ་ལྷན་གྱིས་བཅད་པའོ།། ཡི་དམ་སྔགས་དང་རིག་སྔགས་བར་དུ་ནི།། གཟས་པའི་མིང་དང་རིག་སྔགས་གང་ཡིན་མིང་ཡང་གཞུག། ཨ་ཧཱུ~ཾ་ནཱི་ལམ་ཨཱ་བཛྲ་བཱ་ཎི་ཨཱ་ཛྙཱ་པ་ཡ་ཏི་ཧཱུ~ཾ། ཆེ་གེ་མོའི་གསང་སྔགས་རྦད་མཱ་ར་ཡ་རྦད་ཏྲིག་ནན་མ་ཏྲྀ་བཛྲ་ཙཀྲ་མྱགས་ཐུམས་རིལ་རྦད། མཱ་ར་ཡ་རྦད། ནཱ་ཤ་ཡ་རྦད། ཨཱ་ཀརྵ་ཡ་ཧཱུ~ཾ་ཕཊ། རྦད་ལ་ལྷན་གྱིས་སྤོས་ཤིང་བཅད།། རྩ་སྔགས་མ་ལུས་ཐམས་ཅད་ནི།། ཨོཾ་ལ་ཏྲིག་ནན་ཡིག་འབྲུ་སྤོས་ཤིང་བཅད།། ཡིག་འབྲུ་ཐམས་ཅད་བཟློག་ལ་ཏྲིཀ་ནན་སྤོས་ཤིང་བཅད།། ངོས་མ་ཟིན་པའི་དྲེགས་པ་ཡང། ། རིག་སྔགས་མཚོན་ཆ་མ་ལུས་ནི།། མ་བཅད་ཡི་གེར་འདུས་པ་ནི།། བཅད་ན་ཆོད་ཅིང་རིག་སྔགས་མཚོན་ཆ་འཇུག་མི་འགྱུར།། དེ་ཕྱིར་དྲག་སྔགས་གཅོད་པའི་རྒྱལ་པོ་འདི།། སྔགས་རྣམས་མ་ལུས་ཐམས་ཅད་ནི། ། བཟློག་ཅིང་ཡིས་འབྲུ་རྫོགས་པར་བཅད་པ་ཡིས།། རིག་སྔགས་དུག་མཚོན་ནད་ཀྱིས་འཇིག་མི་འགྱུར།། དེ་ཕྱིར་དྲག་སྔགས་གཅོད་པའི་རྒྱུད་ཀྱི་རྒྱལ་པོ་ཡིན།། རྟགས་ཐོན་ཐུན་དང་གདབ་སོ་ལ་སོགས་བཅད་ན་ཆོད། ། གྲུབ་པའི་ཚད་ནི་ཡིག་འབྲུའི་གྲངས་ལས་མེད།། དྲག་སྔགས་མ་ལུས་ཐམས་ཅད་ནི།། གཞན་གྱི་དྲག་སྔགས་མས་བཟློག་ཏྲིག་ནན་ལ།། རང་ཉིད་དྲག་སྔགས་བར་དུ་གཞན་ཉིད་ཀྱིས། ། དྲག་སྔགས་ཡིག་འབྲུ་སྤོས་ཤིང་རྫོགས་གསལ་བ།། བདག་གིས་གཞན་གྱི་རིག་སྔགས་བཅད་པའོ།། གཅོད་བྱེད་རྡོ་རྗེ་འཁོར་ལོ་ཡིག་འབྲུ་གསུམ།། གཟིར་ཞིང་གཅོད་པའི་ཡིག་འབྲུ་བཞི།། བསད་ན་སོད་པའི་ཡིག་འབྲུ་བཞི། ། གཏུབས་ན་གཅོད་པའི་ཡིག་འབྲུ་བཞི།། རླག་པར་བྱེད་པའི་ཡིག་འབྲུ་དྲུག། མཚོན་ཆའི་སྔགས་རྣམས་མ་ལུས་ནི།། མཚོན་ཆ་གོང་མའི་ཡིག་འབྲུ་གོང་མས་བཅད།། གནས་པ་འཇིག་པར་བྱེད་པ་ནི། ། རླུང་གིས་རླུང་ནི་འཇིག་པར་བྱེད།། འབྱུང་བ་ཐམས་ཅད་དེ་བཞིན་ནོ།། སྔགས་ནི་སྔགས་ཀྱིས་འཇིག་འགྱུར་ལ།། བསམ་གཏན་བསམ་གཏན་ཉིད་ཀྱིས་འཇིག། བྱས་པས་འཇིག་པ་ཐ་དད་མིན།། དྲག་སྔགས་གཅོད་པའི་རྒྱུད་ལས། དྲེགས་པ་དང་དྲེགས་པའི་དྲག་སྔགས་བཅད་ཐབས་བསྟན་པ་དང་སྔགས་བསྟན་པའི་ལེའུ་སྟེ་བཅོ་ལྔ་པའོ།།།། དེ་ནས་ཡང་དག་བཤད་བྱ་བ།། ཐུན་བསྙེན་བསྒྲུབ་པའི་དུས་དག་ཏུ། ། དྲེགས་པ་དུག་ཏུ་བཏང་བ་དང།། མཚོན་ཆ་དུག་ཏུ་བཏང་བ་དང།། དྲེགས་པ་ཁྲོ་བོར་བཏང་བ་དང།། མཚོན་ཆ་ཁྲོ་བོར་བཏང་བ་དང།། དྲེགས་པ་འཁོར་ལོའི་རང་བཞིན་པས།། མཚོན་ཆ་ནད་ཀྱི་རང་བཞིན་ནོ། ། འགྲུབ་འགྱུར་སྔགས་ཀྱིས་ཤེས་པར་བྱའོ།། ནག་པོ་ཧ་ལ་ཧ་ལ་མྱོས་མྱོས། འབྲུ་ཏི་ས་མ་ཡ་མུགས་རྦད། ཙཀྲ་རཾ་ཐུན། ཡཾ་ཐུན། ཁཾ་ཐུན། བཾ་ཐུན། ཁཾ། ཀོས་ཏ་ཙི་ཙི་ཛ་ལ་ཐུན། འདི་རྣམས་གོ་རིམས་དྲེགས་པ་རྣམས། ། དུག་གི་རང་བཞིན་གཏོང་ན་ཧཱུ~ཾ་གི་འོག་ཏུའོ།། མཚོན་ཆ་དུག་ཏུ་གཏོང་ན་རྦད་ཀྱི་འོག་ཏུའོ།། དེ་བཞིན་བཏང་ཐབས་ཀུན་ལ་ཤེས་པར་བྱའོ།། མྱགས་ཐུམ་རིལ་རྦད་ནི། ཐུན་སྔགས་ཀྱི་མཐའ་བཏུལ་བའོ། ། མཱ་ར་ཡ་དང་རྦད་བྱུང་བ།། བསད་པ་ཀུན་གྱི་མཐའ་བཏུལ་ལོ།། མཚོན་དང་རྩ་སྔགས་གོང་དུ་བཏོན་པ་ནི།། མགོ་ལ་དྲིལ་ཏེ་མཇུག་ངར་རོ།། ངར་དང་གྲི་ཡི་མཚན་ཉིད་ནི།། མཆོད་གཅོད་བྱེད་ངར་ཡིན་ཏེ། ། ཆོད་པར་བྱེད་པ་གྲི་ཡིན་ནོ།། གཞན་ཡང་སྤྱོད་པའི་འཕྲིན་ལས་བསྟན་པ་ནི།། སྤྱོད་པའི་འཕྲིན་ལས་ལྟ་བ་བཞི་ཡིན་ཏེ།། མི་འགྱུར་གླང་ཆེན་ལྟ་བུའི་སྤྱོད་པ་དང།། དྲེགས་གཏུམ་གཡག་རྒོད་ལྟ་བུའི་སྤྱོད་པ་དང། ། རྩལ་འབྲོག་བུང་བ་ལྟ་བུའི་སྤྱོད་པ་དང།། ཐམས་ཅད་འཁྲུང་ཞིང་འབྱོར་བྱེད་པས་ན།། ས་གཞི་ལྟ་བུའི་སྤྱོད་པ་དང།། སྤྱོད་པའི་ལྟ་བ་འདི་རྣམས་ནི།། ཡང་དག་ཉིད་དུ་ཤེས་པར་གྱིས།། ཤིང་ལས་གྱེས་པ་ཤིང་གི་ཚ་བ་བཞི། ། རྩ་ལས་གྱེས་པ་རྩ་ཡི་ཚ་བ་བཞི།། ས་ལས་གྱེས་པ་ས་ཡི་ཚ་བ་བཞི།། ཆུ་ལས་གྱེས་པ་ཆུ་ཡི་ཚ་བ་བཞི།། བསྲུང་བའི་ཚ་བ་བཞི་ནི་སྔགས་ཀྱི་དུག་ཡིན་ནོ།། སྨན་གྱི་ཚ་བ་བཞི་ནི་ལིང་ཉིད་ལའོ། ། ཁྱི་ནག་ལུག་ནག་ཕག་གི་ཐོད་པའི་སྒེད་བུ་འོ།། རི་རབ་ཚུལ་དུ་བསྒོམ་པའོ།། རྟེན་གྱི་ཚུལ་དུ་བསྒོམ་པའོ།། འདི་དག་ཐུན་གྱི་བཅའ་གཞི་སྟེ།། ཀུན་ཀྱང་རྟགས་ནི་གཏན་ལ་མ་ཕེབས་ན།། སོ་སོར་སྤོགས་ཤིང་གཏན་ལ་དབབ། ། རྟགས་བྱུང་ཐུན་ནི་བྲབ་བྱ་བ།། གཡོན་པས་བླངས་ཤིང་གཡས་པས་བྲབ།། སྔགས་རྣམས་དྲིལ་ཏེ་ཚད་དང་ལྡན་པར་བརྡེག། ཚེ་རྣམས་ཐམས་ཅད་ཨེ་ནང་ཡུམ་གྱི་བྷ་གར་རོ།། ལས་རྣམས་ཐམས་ཅད་བཀའ་ནི་ཡེ་ཤེས་ཁྱད་པར་རོ། ། ཨོཾ་མ་ཧཱ་ཀཱ་ལ་གུ་ན་ཧྲྀ་ད་ཡ་ཧཱུ~ཾ། ཆེ་གེ་མོ་ཀ་ནརི་ཤ་ཏྲུཾ་ནན། ཀ་བཛྲ་མ་ཧཱ་ཀ་ལ་ནརི་ཐུམ་ལམ་ཐུཾ་རིལ་རྦད། ཀ་བཛྲ་པུརྞྀ་ཛ། ཀ་བཛྲ་སྙིང་ལ་ཡ། ཀ་བཛྲ་ཏྲག་རག་ཤ་ཐུམ་རིལ་རྦད། ཀ་བཛྲ་ཤ་ཀྲོ་ཙིཏྟ་ཁ་རག་ཀ་བཛྲ་ཛ། རྞི་ནརྀ་མྱགས་ཐུམ་རིལ་རྦད་ཡ། ལས་དང་རྩ་སྔགས་མི་འགྱུར་ཡི་གེར་ཨ་མུ་ཀཾ་ཡ་མཱ་ར་རྦད། ཨོཾ་ཏ་ཡ་མ་ཀ་ཧཱུ~ཾ་ཤ་ཏྲུཾ་ཆེ་གེ་མོ་ཎྲི་ནན། ཤ་ཏྲུཾ་མཱ་ར་ཡ། ཨོཾ་ཀ་ཡ་མ་དྷ་ཧཱུ~ཾ། ཨ་མུ་ཀ་ཤ་ཏྲཱུཾ་ནན། ཆེ་གེ་མོ་མཱ་ར་ཡ་རྦད། འདི་བཞིན་དྲེགས་པའི་སྔགས་རྣམས་དང།། ཐམས་ཅད་ཀུན་གྱི་འབྲུ་འགྱུར་དང།། སྦོས་ཤིང་བརྡེག་པའི་དྲག་སྔགས་ཏེ།། ཐམས་ཅད་ཀུན་ལ་ཤེས་པར་བྱའོ། ། པྲ་མ་ཡ་དང་རཀྟ་ཡ།། ཙ་ར་ཡ་དང་མ་ར་ཡ།། འདི་བཞིན་འཁོར་ལོའི་ས་ཡིན་ཏེ།། ཙཀྲ་སྤོས་ཤིང་ཟད་པར་བརྡེག། ཨོཾ་ཧཱུ~ཾ་ཡ་མནྟ་ཀ་ཆེ་གེ་མོ་ནརི་ཤ་ཏྲུཾ་ནན། ཨ་མུ་ཀ་མཱ་ར་ཡ་རྦད། འདི་འདྲའི་སྔགས་ཀྱི་བརྡེག་ཐབས་འདི། ། སྦྱོར་བ་མེ་དཔུང་འདྲ་སྟེ་དུག་ནི་ཀུན་ལ་ཡོད།། དེ་ཕྱིར་ཚེ་ཟད་ལས་ཟད་འཁོར་ལོའོ།། སྦྱོར་བ་སྔགས་ཀྱི་འཁོར་ལོ་རྣམས།། བློ་ལ་གཟུད་པ་མ་ཡིན་གྱི།། ཡིག་ཤིང་དག་ལ་བྲིས་ཤིང་གདོན། ། ལྕགས་ཕུར་བཅུ་བདུན་མན་ངག་ལས།། ཀ་བ་བཞི་དང་མ་ལྡན་ནུས་མི་འབྱིན།། ཆོད་པའི་མཚན་མ་བསྟན་པ་ནི།། སེམས་ཅན་གང་ཡང་བསད་རྨིན།། རྩ་སྔགས་ཆོད་པའི་རྟགས་ཡིན་ནོ།། མཚོན་ཆ་གང་ཡིན་བཅག་རྨིན། ། དྲག་སྔགས་གཅོད་པའི་རྟགས་ཡིན་ནོ།། དྲག་སྔགས་གཅོད་པའི་རྟེན་ནི་མཚོན་ཆའོ།། སྦྱོར་བ་མན་ངག་ལྡན་པས་ལྷ་དང་འཇིག་རྟེན་པ་རྣམས་ལས་ལ་བཅུག་ནས་སུ།། གང་ཡང་བཀའ་ཡི་རྡོ་རྗེ་ལས་རྣམས་འགྲུབ། ། དྲག་སྔགས་གཅོད་པའི་རྒྱུད་ལས།། སྤྱོད་པའི་འཕྲིན་ལས་དང།། རྩ་སྔགས་མི་འགྱུར་བར་བསྟན་པའི་ལེའུ་སྟེ་བཅུ་དྲུག་པའོ།།།། དེ་ནས་ཡང་གཤིན་རྗེ་གཤེད་ཀྱིས་སྟན་ལས་ལངས་ནས་འདི་སྐད་ཅེས་གསོལ་ཏོ། ། ཀྱེ་ཀྱེ་བཅོམ་ལྡན་ཐུགས་རྗེ་ཅན།། ཉི་ཟེར་ཆུ་བོ་སྡོང་པོ་དང།། སྦྲུལ་འཁྲིལ་བདུད་དང་སྤུ་གྲི་དང།། སྙིང་པོའི་གནས་ལུགས་རལ་གྲི་དང།། མེ་དཔུང་སྔགས་ཀྱི་སྦྱོར་བའི་རྣམ་པ་འདི། ། གཅིག་དང་གཉིས་ཀྱི་སྦྱོར་བ་ལས།། ཐམས་ཅད་ཀུན་གྱི་སྦྱོར་བར་འབྱུང།། སྦྱོར་བ་འདི་རྣམས་རྟ་ནི་ཇི་ལྟ་བུ།། ལས་འཁྲུགས་འཁོར་ལོའི་སྔགས་ནི་ཇི་ལྟ་བུ།། རྒྱུད་འདི་གཏད་དང་གདམས་པ་ཇི་ལྟ་བུ། ། བདག་གིས་མ་འཚལ་བཤད་དུ་གསོལ།། སྦྱོར་བའི་རྣམ་པ་འདི་བརྒྱད་ནི།། ཐམས་ཅད་ཀུན་གྱི་སྦྱོར་བ་སྟེ།། རྩ་སྔགས་ཡོད་ན་ས་ནི་ཇི་ལྟར་བརྟགས་ཀྱང་བཏུབ།། གཏོད་ན་ལྷ་དྲེགས་གང་ཡིན་ལྟ།། མི་གཏོད་གཟས་པ་ཉིད་ལ་བསྐྱོན། ། འཁོར་ལོའི་རྟེན་གཟས་པ་ཉིད་ལའོ།། ལས་འཁྲུགས་འཁོར་ལོའི་སྔགས་ནི་འདི་ལྟར་རོ།། ཨོཾ་ཡ་མཱན་ཏ་ཀ་ཧཱུ~ཾ། ཨ་མུ་ཀཾ་ཤ་ཏྲུཾ་ནན། ནརི་མཱ་ར་ཡ་རྦད། ཡ་ཨོཾ་མ་རྟ་ཀ་ཧཱུ~ཾ། ཨ་མུ་ཀཾ་ནརི་ཤ་ཏྲཱུཾ། ཆེ་གེ་མོ་མཱ་ར་ཡ་རྦད། ཨོཾ་ཡ་མཱན་ཏ་ཀ་ཧཱུ~ཾ། ནི་ཨ་མུ་ཀ་ཨ་ཏྲཱུཾ་ནན། མྱུར་དུ་འགྲུབ་པའི་སྦྱོར་བའོ།། རང་ལ་བསྐོར་བའི་འཁོར་ལོ་ནི།། ཉོན་མོངས་རྒྱུད་རྣམས་བརླག་བྱ་དང།། བླ་མེད་འབྲས་བུ་ཐོབ་བྱའི་ཕྱིར།། རང་འབྱུང་བསམ་གཏན་རང་འབྱུང་སྔགས་ནང་དུ། ། སྐྱེ་གནས་བཞི་དང་འགྲོ་དྲུག་རྒྱུད་དང་རང་རྒྱུད་སྡིག་པ་བསྒྲལ།། གཟས་པ་དགྲ་ཡི་ཤེས་པ་ནརྀ་ཡིན་ཏེ།། རང་རྒྱུད་སྡིག་པའི་ཤེས་ཀ་མ་ཡིན་ནོ།། རང་རྒྱུད་དགྲ་ཡི་ཤེས་པ་ཨ་མོ་ཀ། རང་རྒྱུད་སྡིག་པའི་ཤེས་པ་རང་དབང་མེད།། སུ་ཀ་མ་པྲེ་ཏི་དུ་ཞེས་ཡིན་ནོ།། འདི་ལ་ལས་རྣམས་སྦྱར་བ་ཡིས།། སྡིག་པ་མ་ལུས་ཞི་ཞིང་ངར་རྒྱུད་གཅོད་པའི་སེམས།། འདིས་ཀྱང་རིམས་ཀྱི་ཡེ་ཤེས་སྐྱེ། ། ཡེ་ཤེས་སྐྱེས་པས་ཐོགས་མེད་མཐུའི་རྫུ་འཕྲུལ་ཐོག། རི་ཁམས་ཆུ་ལ་སོགས་པ་ལ།། ཐོགས་མེད་རྒྱུ་བ་འབྱུང་བ་དང།། སྣང་སྲིད་ཆོས་ལ་ཐོགས་མེད་འབྱུང་བ་སྟེ།། དེ་བཞིན་གཤེགས་པའི་དང་པོར་ནི། ། སྨིག་སྒྱུ་ལྟ་བུར་འབྱུང་བ་དང།། དུ་བ་ལྟ་བུར་འབྱུང་བ་དང། ཁ་བ་བབས་པ་ལྟ་བུར་འབྱུང་བ་སྟེ།། དེ་བཞིན་འབྱུང་བ་རང་བཞིན་མེད་པར་རྟོགས་ནས་ཀྱང།། སྣང་སྲིད་ཆོས་རྣམས་སྐད་ཅིག་ཡུད་ཀྱིས་ཤེས་པར་འགྱུར། ། ཉི་མ་ཤར་བ་ལྟ་བུར་དོན་འདི་རྟོགས་བྱའི་ཕྱིར།། རང་གི་དུག་ལྔ་རང་དབང་མེད་ཞི་བས།། འཇིག་ཅིང་བཅད་དེ་མེད་པར་བྱའོ།། ཞི་བས་འཇིག་པར་མ་གྱུར་ན།། རང་དབང་མེད་པར་འཇིག་ཅིང་བརླག་པར་བྱའོ། ། དེས་ནི་རིམས་ཀྱིས་ཡེ་ཤེས་སྐྱེ།། སྡིག་པ་མི་འགྱུར་སྲོག་ནི་ཡང།། དུར་ཀ་ཏི་ཞེས་ཤེས་པར་བྱའོ།། ཐམས་ཅད་ལ་ཡང་སརྦ་གཞུག། གདགས་པའི་སྲོག་ནི་གཞན་དང་མཐུན།། སྲོག་གསུམ་བསྒྱུར་ཞིང་ལས་ལ་སྦྱར་བ་ཡིས། ། འབྲས་བུ་སྐུ་ལྔ་ཡེ་ཤེས་ལྔ་རྒྱུ་ཡིས།། འབྲས་བུ་སྐུ་གསུམ་དབྱེར་མེད་ཐོབ།། རྡོ་རྗེ་འཆང་བ་ཆེན་པོར་ངེས།། མན་ངག་ཐམས་ཅད་འདུས་པ་ཡིས།། རིན་ཆེན་གཏེར་འདྲ་དྲག་སྔགས་གཅོད་པའི་རྒྱུད། ། སྡོམ་ཆོལ་ཀུན་གྱིས་སྤྱད་ན་བསྟན་པ་འཇིག་འགྱུར་བས།། ཡང་དག་དོན་ལྡན་རྣལ་འབྱོར་རྣམས་ལ་ཡོངས་སུ་གཏད་པ་ཡིན།། རྣལ་འབྱོར་སྣོད་གཅིག་གམ་གཉིས་མིན་པ། ། ཡོངས་ལ་སྤེལ་ན་བསྟན་པ་འཇིག་ཅིང་རྣམ་སྨིན་དཔག་མེད་འབྱུང།། སྙིང་དང་ཡིད་ཀྱི་དཀྱིལ་འཁོར་བཅངས་ལ་སྤྱད་པར་བྱའོ།། དྲག་སྔགས་གཅོད་པའི་རྒྱུད་ལས། ཚེ་ཟད་ལས་ཟད་ཀྱི་འཁོར་ལོ་དང། རང་རྒྱུད་གནས་པས་བྱང་ཆུབ་ཐོབ་པའི་མན་ངག་དང། རྒྱུད་གཏད་པའི་མན་ངག་བསྟན་པའི་ལེའུ་སྟེ་བཅུ་བདུན་པའོ།།།། རྣམ་གསུམ་འདུས་པའི་མན་ངག། དྲག་སྔགས་གཅོད་པའི་རྒྱུད་བསྲུང་བ་དང་བསད་པའི་མན་ངག་གི་དོན་འདུས་པ། མ་རྒྱུད་དོན་གྱི་མན་ངག་བསྟན་པའི་རྒྱུད་རྫོགས་སོ།།།། རྒྱ་གར་སྐད་དུ། མཉྫུ་ཤཱི་ཡ་མཱནྟ་ཀ་ཙིནྟ་མ་ཎི་ནཱ་ཏན་ཏྲ་གུ་ཧྱ། བོད་སྐད་དུ། འཇམ་དཔལ་གཤིན་རྗེ་གཤེད་པོ་ཡིད་བཞིན་ནོར་བུའི་རྒྱུད་ཅེས་བྱ་བ།

CLOSE WINDOW