CLOSE WINDOW

Gpb043.005: དྲག་སྔགས་ཐམས་ཅད་འདུས་པའི་འཁོར་ལོ་དྲག་སྔགས་གཅོད་པའི་རྒྱུད་ཅེས་བྱ་བ
Wylie

ཨེ་མན་ཏྲ་སརྦ་ཙི་ན་ཙཀྲ་རྦད་མ་ཏནྟྲ་ནཱ་མ་ཐ། བོད་སྐད་དུ། དྲག་སྔགས་ཐམས་ཅད་འདུས་པའི་འཁོར་ལོ་དྲག་སྔགས་གཅོད་པའི་རྒྱུད་ཅེས་བྱ་བ། བཅོམ་ལྡན་འདས་དྲག་པོ་འཇིགས་བྱེད་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། ། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་འཇིགས་བྱེད་ཆེན་པོ་གཟིར་ཅིང་གནོད་བྱེད་ཀྱི་རྒྱལ་པོ། དུར་ཁྲོད་ཆེན་པོའི་གནས་ཤིན་ཏུ་འཇིགས་ཤིང་སྐྱི་བུང་བ་ལ་ཡང་བའི་གནས་ན། འཁོར་ཉིད་ལས་མི་ཞན་པའི་ཁྲོ་བོ་ཁྲོ་མོ་དང། གཞན་ཡང་ཕྱག་ན་རྡོ་རྗེ་ལ་སོགས་པ་བྱང་ཆུབ་སེམས་དཔའ་རྣམས་དང།། དྲེགས་པ་ཅན་གྱི་ཚོགས་བདུད་དང། སྨུ་དང། རྒྱལ་པོ་དང། བཙན་དང། མགོན་པོ་དང། གཟའ་དང། རྡོ་རྗེ་ལེགས་པ་དང། ཀླུ་ལ་སོགས་པ་དང། གཞན་ཡང་མ་མོའི་ཚོགས་མང་པོ་དང།། བདུད་མོ་དང། སྲིན་མོ་དང། ཐམས་ཅད་འདུས་ནས་གནས་སོ།། དེའི་ཚེ་བཅོམ་ལྡན་འདས་འཇིགས་བྱེད་ཆེན་པོ་དེས་དྲེགས་པ་ཐམས་ཅད་དྲག་པོས་གཟིར་ཅིང་ཡོངས་སུ་གཅོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་བཞུགས་སོ། ། ཏིང་ངེ་འཛིན་དེ་ཡི་མཐུས་ས་གཞི་ཐམས་ཅད་རབ་ཏུ་གཡོས་སོ།། ལོ་ཀ་ཐམས་ཅད་རབ་ཏུ་གཡོས་པ་དང། འགུལ་བ་དང། རབ་ཏུ་འགུལ་བ་དང། ལྡེག་པ་དང། རབ་ཏུ་ལྡེག་པ་དང། འོད་དང་སྒྲ་ལ་སོགས་པ་སྣ་ཚོགས་བྱུང་ངོ།། དེའི་ཚེ་ཕྱག་ན་རྡོ་རྗེ་ལ་སོགས་པ་ཉིད་ལས་མི་གཞན་པའི་འཁོར་རྣམས་ཀྱིས། དཔལ་འཇིགས་བྱེད་ཆེན་པོ་དང་ཐབས་ཤེས་རབ་གཉིས་མེད་པའི་ངང་ལས་བཞེངས་ནས་དྲག་པོ་སྔགས་ཐམས་ཅད་ཀྱི་སྦྱོར་བས། ལྷ་དང་དྲེགས་པ་ཅན་ཐམས་ཅད་གཟིར་བར་བྱེད་པ། འཕྲོག་པར་བྱེད་པ་དང། གཅོད་པར་བྱེད་པ་དང། འཇིགས་པར་བྱེད་པའི་གདོན་རྣམས་དང།། ཡང་དག་པའི་ཐུགས་ལས་འཐོན་ནས་འཁོར་རྣམས་ལ་བཀའ་སྩོལ་བར་ཡོངས་སུ་རྟོགས་ནས། འཇིགས་པ་མེད་པ་ཡོངས་སུ་ལྷན་ནེར་གནས་སོ།། འཇིག་རྟེན་གྱི་དྲེགས་པ་ཕོ་མོ་རྣམས་འཇིགས་པ་མེད་པར་བརྒྱལ་བར་གྱུར་ཏོ།། དེ་ནས་བྷ་ག་བན་ཐུགས་ཞི་བའི་ངང་ལས་ཐུགས་རྗེ་ཆེན་པོས་འཁོར་རྣམས་སྣོད་དུ་རུང་བར་བྱ་བའི་ཕྱིར་བྱིན་གྱིས་བརླབས་ནས། བརྒྱལ་བ་རྣམས་སླར་དྲན་པ་རྙེད་ནས་བདེ་བར་གནས་པར་མཛད་དོ།། དེ་ནས་ཕྱག་ན་རྡོ་རྗེ་ལ་སོགས་པ་ཉིད་ལས་མི་གཞན་པའི་འཁོར་རྣམས་ཀྱིས་རང་རང་གི་གདན་ལས་བཞེངས་ནས། མཁྱེན་བཞིན་དུ་བྷ་ག་བན་ལ་མགྲིན་གཅིག་ཏུ་འདི་སྐད་ཅེས་གསོལ་ཏོ།། བྷ་ག་བན་འཇིགས་བྱེད་ཆེན་པོས་ལོ་ཀར་ས་གཡོ་བ་དང། འགུལ་ལྡེག་དང་འོད་དང་སྒྲ་དང་དྲག་པོ་འདི་འབྱུང་བ་འདི་ཅིའི་རྐྱེན་ལགས་ཞེས་ཞུས་པས། ། དེ་ནས་བྷ་ག་བན་གྱིས་ཐབས་ཤེས་རབ་གཉིས་མེད་པའི་ངང་ལས་བཞེངས་ནས། ཕྱག་ན་རྡོ་རྗེ་ལ་སོགས་པའི་འཁོར་རྣམས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། རིགས་ཀྱི་གཙོ་བོ་ལ་སོགས་པའི་འདུས་པའི་འཁོར་ཁྱེད་ཉོན་ཅིག། ཡང་དག་ཉིད་དུ་ངས་བཤད་ཀྱིས།། ལྔ་བརྒྱ་དུས་ཀྱི་སྙིགས་མ་ལ།། ཟས་ངན་ལྕི་བ་ཟ་བ་དང།། གོས་ངན་རེ་བ་གོན་པ་དང།། དགེ་སྡིག་འཆོལ་པར་སྤྱོད་པ་དང། ། མཚོན་གྱི་བསྐལ་པ་དར་བ་དང།། ནད་ཀྱི་བསྐལ་པ་བྱུང་དུས་སུ།། རྣལ་འབྱོར་གྲོང་བསྙེན་དར་བའི་དུས།། སྣང་སྲིད་ལྷ་འདྲེ་ཐམས་ཅད་འབོད།། ལྷ་འདྲེ་དྲེགས་པ་རྩལ་འགྲན་དུས།། སྦྱོར་བ་ནང་འཐབ་རིག་སྔགས་འགྲན། ། ལྷ་འདྲེ་འཁྲུག་ཅིང་སྲུངས་མ་ལྡོག། བཀྲ་མི་ཤིས་པ་འབྱུང་འགྱུར་ཏེ།། བསྙེན་བསྒྲུབ་ལས་སྦྱོར་སྣལ་ཐང་ལ།། ནུས་པ་འབྱུང་བའི་ལོང་མེད་པས།། དཀར་པོ་ཡོངས་སུ་བརྒྱངས་པ་དང།། ནག་པོ་ཉལ་ཐག་བཅད་པའི་ཕྱིར། ། མ་འོངས་སྐལ་ལྡན་དོན་ཆེད་དུ།། སྔགས་ཀྱི་སྦྱོར་བའི་མན་ངག་རྣམས།། ང་ཉིད་གསུང་བའི་རྟགས་ཡིན་ནོ།། ཞེས་གསུངས་སོ།། དེའི་ཚེ་དྲེག་པ་ཕོ་མོ་རྣམས་རང་དབང་མེད་པར་འཇིགས་པས། ། བྷ་ག་བན་ལ་གསོལ་པ། བདག་ཅག་སྙིང་གི་དཀྱིལ་དག་ན།། རང་རང་གསོད་པའི་སྔགས་དང་བརྡེག། གཞན་དག་གསོད་པའི་སྔགས་དང་བརྡེག། དེ་དག་སྟོན་པས་བཀའ་སྩལ་འཚལ།། ཞེས་ཞུས་སོ། ། དྲག་སྔགས་གཅོད་པའི་རྒྱུད་ལས། གླེང་གཞིའི་ལེའུ་སྟེ་དང་པོའོ།།།། དེ་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། མ་ལུས་ཀུན་གྱི་སྔོན་དུ་ནི།། བསྙེན་པ་ཚད་དུ་བསྐྱལ་ནས་ཀྱང།། བསྙེན་ནས་ཉེ་བར་མི་འགྱུར་ཞིང། ། བསྒྲུབས་ཀྱང་གང་ཡང་མི་འགྲུབ་ན།། སངས་རྒྱས་བསྟན་པ་བསྲུང་བའི་ཕྱིར།། རྣལ་འབྱོར་ཇི་ལྟ་བུ་ཡིས་འགྲུབ།། གནས་ཀྱི་མཚན་ཉིད་ཇི་ལྟ་བུ།། ཁྱད་པར་རྫས་ནི་ཇི་ལྟ་བུ། ། དུས་ཀྱི་ཁྱད་པར་ཇི་ལྟར་ལགས།། ཏིང་འཛིན་རིམ་པ་ཇི་ལྟར་ལགས།། སྲོག་དང་མཚོན་ཆ་ལ་སོགས་པའི།། མགོ་དང་ལུས་དང་རྐང་དང་ནི།། དམག་དང་གོ་དང་མཚོན་དང་ནི།། ངར་དང་གྲི་དང་ཚ་ལ་ཡི། ། མན་ངག་སོ་སོ་ཇི་ལྟ་བུ།། སྔགས་ཀྱི་བྱུང་ཚུལ་ཇི་ལྟར་ལགས།། སྔགས་ཀྱི་སྦྱོར་བ་གང་ཞིག་ལགས།། སངས་རྒྱས་བསྟན་པ་གང་གིས་བསྲུང།། སྦྱོར་བའི་དབྱེ་བ་ཇི་ལྟར་ལགས།། སྨོད་མོ་རྣམ་པ་དུ་ཞིག་མཆིས། ། དྲག་སྔགས་རིག་སྔགས་ཇི་ལྟར་ལགས།། བཅད་ཐབས་རྣམ་པ་དུ་ཞིག་མཆིས།། བཅད་པའི་ནུས་པ་གང་དང་ལྡན།། མ་བཅད་རྐྱེན་ནི་ཇི་ལྟར་ལགས།། སྔགས་ཀྱི་བཟླས་ལུགས་ཇི་ལྟར་ལགས།། བཟླས་པའི་ཚད་ནི་གང་གིས་འགྲུབ། ། སྔགས་ཀྱི་ཙཀྲ་ཇི་ལྟར་བསྐོར།། འཁོར་ལོའི་དབྱེ་བ་ཇི་ལྟར་ལགས།། མཚན་མའི་རྟགས་ནི་ཇི་ལྟར་འབྱུང།། རང་གི་ལྷ་སྔགས་ལོག་ན་ཇི་ལྟར་བགྱི།། གཞན་གྱི་རིག་སྔགས་མཚོན་ཟུགས་ཇི་ལྟར་བཤིག། བདག་གིས་མ་འཚལ་བཤད་དུ་གསོལ།། དྲག་སྔགས་གཅོད་པའི་རྒྱུད་ལས་ཞུས་པའི་ལེའུ་སྟེ་གཉིས་པའོ།།།། དེ་ནས་བཅོམ་ལྡན་འདས་དཔལ་ཆེན་པོས་དེ་སྐད་གསོལ་བར་གནང་ནས་ཀྱང། ། འཁོར་གྱི་ཚོགས་ལ་བཀའ་སྩལ་པ།། ཉོན་ཅིག་རིགས་ཀྱི་གཙོ་བོ་ཁྱེད།། མ་འོངས་སྐལ་ལྡན་དོན་ཆེད་དུ།། སྔགས་ཀྱི་མན་ངག་བཤད་པར་བྱ།། ལྔ་བརྒྱ་དུས་ཀྱི་ཐ་མ་ལ།། དྲག་སྔགས་གཅོད་པའི་ཙཀྲ་འདི། ། ཀུན་གྱི་བྱ་བ་ཐུན་མོང་མིན།། འདི་ཉིད་བསྒྲུབ་པའི་རྣལ་འབྱོར་འདི།། གསང་སྔགས་སྣོད་དུ་རུང་བ་དང།། ཚེ་རབས་གོང་ནས་སྦྱངས་པ་ཡི།། ལས་དང་ཐུགས་རྗེ་ལྡན་པའི་མིས།། དད་པ་ཆེ་ཞིང་ཤེས་རབ་རྣོ། ། ཞེན་ཆགས་ཆུང་ལ་སེར་སྣ་མེད།། བརྩོན་འགྲུས་ཆེ་ལ་དམ་ཚིག་སྲུང།། བླ་མ་བཀུར་ཅིང་མཉེས་པ་འབུལ།། ཐོབ་པ་ཆེ་ལ་མན་ངག་ལྡན།། སྔགས་ཀྱི་དོན་ལ་མ་རྨོངས་མཁས།། ད་ལྟའི་གང་ཟག་དག་གིས་བྱ། ། དེ་ལྟ་བུ་ཡི་དམ་པ་དེས།། ཆོས་དང་མཐུན་པའི་གནས་བཙལ་ཏེ།། བྲག་དཀར་རྡོ་རྗེ་གདེངས་པ་དང།། རིན་ཆེན་སྤུངས་པ་འདྲ་བ་དང།། གསེར་གྱི་མཆོད་རྟེན་འདྲ་བ་དང།། གླང་ཆེན་སེང་གེ་སྒྲིགས་འདྲ་དང། ། རྩི་ཤིང་ནགས་ཚལ་ཡོད་པ་དང།། གནམ་ནི་ཙཀྲ་འདྲ་བ་དང།། ས་ནི་པདྨའི་དབྱིབས་སུ་གནས།། དེ་དག་གནས་ཀྱི་མཚན་ཉིད་ནི།། བཀྲ་ཤིས་ཡིད་འོང་གནས་སུ་གསུངས།། ཡང་ན་འདི་འདྲའི་གནས་སུ་བསྒྲུབས། ། བྲག་ནི་དམར་ནག་སྣ་ངོ་སྐྱ།། ལུང་གསུམ་མདོ་དང་རི་གསུམ་རྩེ།། དགུང་རྡེ་མི་རོ་སྤུངས་པ་འདྲ།། དུར་ཁྲོད་གནས་དང་ཤིང་གཅིག་ཏུ།། གནོད་སྦྱིན་གདོན་གྱི་གནས་སུ་བསྒྲུབ།། ཡང་ན་རང་ཉིད་གནས་པ་ཡི། ། ཉལ་ས་དབེན་པའི་གནས་སུ་བྱ།། ཁྱད་པར་རྫས་ཀྱི་རིམ་པ་ནི།། དྲག་པོ་ཨེ་ཡི་དཀྱིལ་འཁོར་བྲི།། ཕུད་དང་བདུད་རྩི་རཀྟ་དང།། སྨན་གཏོར་དང་ནི་དུག་གཏོར་དང།། ཞིང་གི་བླ་རི་ལ་སོགས་པ། ། དུག་ཁྲག་དང་ནི་ཐིག་ལེ་དང།། ལྕགས་ཕྱེ་ཟངས་ཕྱེ་རྡོ་ཕྱེ་དང།། ཉུངས་ཀར་ཉུངས་ནག་ཐུན་གྱི་རྫས།། གང་འགུགས་པ་ཡི་རྟེན་བཅས་ལ།། ཐོད་པ་ལིང་ག་ལ་སོགས་པ།། ཁྱད་པར་རྫས་ཀྱི་རིམ་པའོ། ། ཁྱད་པར་དུས་ཀྱི་རིམ་པ་ནི།། དུས་ཀྱི་སྙིགས་མ་ཤར་ཙམ་ན།། རྣལ་འབྱོར་གྲོང་བསྙེན་བྱེད་པའི་ཚེ།། བསྙེན་བསྒྲུབ་ལས་སྦྱོར་གང་བྱས་ཀྱང།། འདོད་པའི་རྟགས་ཀུན་མེད་པ་རུ།། རང་གི་ལྷ་དང་རིག་སྔགས་ལོག། དེ་དུས་སྔགས་ཀྱི་སྦྱོར་བ་བྱ།། གཞན་གྱི་རིག་སྔགས་ཟུག་གྱུར་ན།། མཚན་མའི་རྟགས་ཀུན་ངན་གྱུར་མ།། དེ་ཚེ་སྔགས་ཀྱི་སྦྱོར་བ་བྱ།། དུས་མིན་པ་རུ་བྱ་བ་མིན།། དུས་མིན་པ་རུ་བྱས་ན་ནི།། རྣམ་སྨིན་འབྲས་བུ་རང་ལ་འབྱུང། ། ཞེས་གསུངས་སོ།། དྲག་སྔགས་གཅོད་པའི་རྒྱུད་ལས། ཁྱད་པར་སྔོན་འགྲོ་ལེའུ་སྟེ་གསུམ་པའོ།།།། དེ་ནས་ཡང་དག་བཤད་བྱ་བ།། ཏིང་ངེ་འཛིན་གྱི་རིམ་པ་ནི།། བསྲུང་བའི་ཙཀྲར་བསམ་བྱས་ལ། ། བསོད་ནམ་ཚོགས་ནི་རྙེད་པ་དང།། ཡེ་ཤེས་ཆོགས་ནི་བསགས་པའི་ཐབས།། ཏིང་ངེ་འཛིན་གྱི་བྱ་བའོ།། ཡེ་ཤེས་བཀའ་ཡི་འཁོར་ལོ་ལ།། གང་མོས་པ་ལ་བསྙེན་པ་བྱ།། མི་རྟོག་སྟོང་པའི་ངང་ལས་ནི། ། ཏིང་འཛིན་གསུམ་པོ་བསྒོམ་པ་དང།། འབྱུང་བ་རིམ་བརྩེགས་བསྐྱེད་པ་དང།། གཞལ་ཡས་གདན་གྱི་རིམ་པ་དང།། རང་གི་ས་བོན་ཡིག་འབྲུ་ལས།། བསྐྱེད་པའི་སྔགས་ཀྱི་ལྷ་བསྒོམ་དང།། དབང་བསྐུར་བྱིན་གྱིས་བརླབ་པ་དང། ། སྤྱན་དྲངས་བཞུགས་སུ་གསོལ་བ་དང།། མཆོད་དང་བསྟོད་པའི་རིམ་པ་ཀུན།། ཏིང་ངེ་འཛིན་གྱིས་བྱ་བའོ།། ཁྱད་པར་རང་གི་ལྷ་བསྒོམས་ནས།། རང་གི་སྔགས་ནི་བཟླས་པར་བྱ། ། བསོད་ནམས་ཚོགས་ནི་རྒྱ་ཆེར་བསག། ཅིས་ཀྱང་འགྲུབ་པར་མ་གྱུར་ན།། སྔོན་བཞིན་ལན་གསུམ་བར་དུ་བསྐྱར།། དེ་ནི་ཏིང་ངེ་འཛིན་གྱི་རིམ་པ་འོ།། བསྙེན་དང་བསྒྲུབ་པ་ལས་ལ་སྦྱར་ལ་སོགས་པའི་མན་ངག་ནི། ། མགོ་བོ་ལུས་དང་རྐང་པར་ནི།། དམག་དང་གོ་དང་མཚོན་དང་ནི།། ངར་དང་གྲི་དང་ཚ་ལ་དང།། སྦྱོར་བ་འདི་བཞིན་ལྡན་གྱུར་ན།། བསྙེན་ན་རང་དབང་མེད་པར་ཉེ།། བསྒྲུབས་ན་རང་དབང་མེད་པར་འགྲུབ། ། སྦྱོར་ན་རང་དང་མེད་པར་འབྱོར།། བསྙེན་བསྒྲུབ་ལས་ལ་སྦྱར་བ་ནི།། ནང་ངམ་ཕྱི་རུ་འགྲོ་བ་ན།། རྣལ་འབྱོར་ཀུན་གྱི་བྱ་བ་ཡིན།། དམག་དང་གོ་དང་མཚོན་ཆ་ནི།། གཙོ་སྔགས་གྱིང་སྔགས་དམག་ཡིན་ཏེ། ། དེ་ཡི་མཚོན་སྔགས་མ་ལུས་གོས་ཡིན་ནོ།། གཅོད་པའི་ཡི་གེ་མཚོན་ཆའོ།། ངར་དང་གྲི་ཡི་མཚན་ཉིད་ནི།། མགོ་ལ་ངར་ཏེ་མཇུག་ཏུ་གྲི།། ལོ་ཀའི་སྔགས་ནི་ངར་ཡིན་ཏེ།། དེ་ཡི་མཚོན་ཆའི་སྔགས་ནི་གྲི་ཡིན་ནོ། ། གཟས་པ་ཕོ་མོའི་སྲོག་ནི་ཚལ་ལ་ཡིན།། མི་ཆོད་གཅོད་པའི་སྔགས་ནི་ངར་ཡིན་ཏེ།། ཆོད་པར་བྱེད་པའི་སྔགས་ནི་གྲི་ཡིན་ནོ།། བསྙེན་བསྒྲུབ་ལས་སྦྱོར་རྣལ་ཐང་གིས།། མན་ངག་འདི་བཞིན་ཤེས་པར་བྱ། ། དེས་ཀྱང་གྲུབ་པར་མ་གྱུར་ན།། ས་མ་ཡ་རྟགས་འབུམ་ཚོ་གཅིག། དེ་ཡིས་མྱུར་དུ་མཚན་མ་སྟོན།། ཞེས་གསུངས་སོ།། དྲག་སྔགས་གཅོད་པའི་རྒྱུད་ལས། ཏིང་ངེ་འཛིན་གྱི་བསྙེན་བསྒྲུབས་རྣལ་ཐང་ལེའུ་སྟེ་བཞི་པའོ། །།། དེ་ནས་ཡང་དག་བཤད་བྱ་བ།། དྲག་སྔགས་རིག་སྔགས་མཚན་ཉིད་ནི།། བསྙེན་སྔགས་གང་ཡང་རུང་བ་རྣམས།། ཧཱུ~ཾ་གིས་དྲངས་ནས་དྲག་སྔགས་ཡིན།། བསྒྲུབ་པ་ཡིན་ནི་དྲག་དང།། ལས་སྦྱོར་གྱི་ནི་དྲག་སྔགས་རྣམས། ། དྲག་སྔགས་དོན་ནི་འདི་རུ་བཅད།། གང་ཡང་རུང་བའི་དྲག་སྔགས་ལ།། ཨུ་ནི་གཉིས་དང་ལྡན་པ་ནི།། ཨེ་ཧུར་ཐུམས་ཙ་ཙ་སོགས།། བུ་རྣྀ་ཛ་དང་ཙིཏྟ་ཁ་རཀ་ཛ།། སྙིང་ཁྲག་དབྲོག་པའི་དྲག་སྔགས་ཡིན། ། བཛྲ་ཏྲ་ཐ་ནཱ་ཤ་ཡ།། དྲག་ཏུ་བརྡེག་པ་ཐུབ་པའི་དྲག་སྔགས་ཡིན།། མྱགས་དང་ཐུམ་རིལ་རྦད་ཅེས་པ།། གཟིར་བ་དག་གི་དྲག་སྔགས་ཡིན།། མཱ་ར་ཡ་དཾ་མ་ར་ན།། འདི་གཉིས་གསོད་པའི་དྲག་སྔགས་ཡིན། ། ཐ་མ་རྦད་དང་འབྲེལ་བ་ཡི།། གཟིར་ཞིང་གཅོད་པའི་དྲག་སྔགས་ཡིན།། ཨཱ་ཀརྵ་ཡ་ཧཱུ~ཾ་ཕཊ་ནི།། གསོད་དང་བརླག་པའི་དྲག་སྔགས་ཡིན།། སྔགས་ཀྱི་སྒྲ་ནི་མནྟྲ་ཏེ།། སྐྱོབས་པ་ཡོད་ཅིང་བྱིན་བརླབས་འབྱུང་བའོ། ། སྔགས་ཀྱི་སྒྲ་འགྱུར་བཤད་པ་ནི།། མོ་སྔགས་མཐའ་ལ་བྷྱོ་འབྱུང་བ།། ཞི་བ་ཉིད་དུ་རྦད་པའི་སྒྲ།། ཛ་བྱུང་བ་ནི་བོད་པའོ།། ཧྲི་ཧྲི་དྲག་ཏུ་བོད་པའོ།། བཾ་རཀྵ་རྫས་ལ་བོད་པའོ།། ཧཱུ~ཾ་དང་ཛ་ལ་བརྟགས་པ་ནི། ། ཐུགས་རྗེ་དབང་གིས་བོད་པའོ།། བྷྱོ་དང་ཛ་དང་ཧྲིང་དང་ནི།། ཙ་ཙ་ལ་སོགས་སྔགས་རྣམས་ནི།། བདེ་བར་འགྲོ་བའི་སྔགས་སྒྲ་ཡིན།། གསོད་པའི་སྔགས་ནི་མཱ་ར་ཡ།། གཟིར་བའི་སྔགས་ནི་མྱགས་ཐུམ་རིལ། ། དགུག་པའི་སྔགས་ནི་ཨཾ་གུ་ཤ། གནད་ལ་དབབ་པའི་སྔགས་ནི་ཐུན་ཡ་སྟེ།། ཐུབ་པའི་སྔགས་ཀྱི་སྒྲ་ནི་ནཱ་ཤ་ཡ།། བསྲུང་བའི་སྔགས་ཀྱི་སྒྲ་ནི།། རཀྵ་ཀརྨ་ཀརྱཾ་ཡིན།། དེ་བ་བྷང་ན་ལྷ་ཡི་སྒྲ།། ནརྀ་ཡཾ་བྱུང་ན་དགྲ་མིང་སྟེ། ། ཏྲྀ་ཡཾ་བྱུང་ན་བགེགས་ལའོ།། མྱགས་དང་མྱོགས་དང་ཐུམ་རིལ་ནི།། ཐུན་གྱི་སྔགས་ཀྱི་སྒྲ་ཡིན་ནོ།། སྔགས་ཀྱི་ཡིག་འབྲུའི་སྣ་རྣམས་ནི།། མཁས་པས་ཡང་དག་ཤེས་པར་བྱ།། དྲག་སྔགས་གཅོད་པའི་རྒྱུད་ལས། ། སྔགས་ཀྱི་སྒྲ་འགྱུར་བཤད་པའི་ལེའུ་སྟེ་ལྔ་པའོ།།།། དེ་ནས་ཡང་དག་བཤད་བྱ་བ།། སྲོག་གི་སྙིང་པོ་སྤྲུལ་ལྟ་བུར་གནས་པ་སྟེ།། དེ་ལ་སྔགས་ཀྱི་འབྱུང་འཇུག་ནི།། ཡས་མར་བཟློག་ནས་འཁྱིལ་བ་ནི། ། དབུས་ནས་མཐའ་རུ་འཇུག་པའོ།། སྔགས་ནི་སྲོག་གི་སྙིང་པོ་སྟེ།། སྲོག་མེད་འཆི་ལ་སྙིང་མེད་དྲན་པ་ཉམས།། སྲོག་སྙིང་ཞེས་སུ་བཤད་པ་ཡིན།། ཙིཏྟ་རིན་པོ་ཆེ་ཡི་དཀྱིལ།། ཉི་ཟླ་ག་འུ་ཁ་སྦྱར་ནང། ། དྭངས་མ་ལྔ་ཡི་ངོ་བོ་ཅན།། ཁ་དོག་ངེས་པ་མེད་པ་ཅིག། ཡི་གེའི་གཟུགས་སུ་རང་གྲུབ་ནས།། རྗེས་མཐུན་ཡི་གེ་མིང་དུ་གདགས།། དེ་ནི་གནས་པའི་སྲོག་ཅེས་བྱ།། གནས་སྲོག་སྙིང་པོས་བསྐོར་བ་ནི། ། རང་དབང་མེད་པའི་སྲོག་ཅེས་བྱ།། འཁྲུལ་པའི་གཟུགས་སུ་སྣང་བ་དེ།། ཕན་དང་གནོད་པ་ངོས་འཛིན་པས།། མི་འགྱུར་བ་ཡི་སྲོག་ཅེས་བྱ།། མི་འགྱུར་བ་ཡི་སྲོག་ལ་བཞི།། ལྷ་རུ་མི་འགྱུར་ཧཱུ~ཾ་དང་དེ་བ་ཡིན། ། འདྲེ་ནི་མི་འགྱུར་ཡིག་འབྲུ་ཏྲི།། བསྲུང་བྱ་མི་འགྱུར་ཡིག་འབྲུ་མཾ།། དགྲ་ལ་མི་འགྱུར་ཤ་ཏྲོ་ཏེ།། བཟླས་པའི་སྔགས་ཀྱིས་མཐའ་བསྐོར་བས།། སྙིང་པོ་ཞེས་སུ་བཤད་པ་ཡིན།། དེ་ལ་སྔགས་ཀྱི་བྱུང་འཇུག་ནི། ། ཡེ་ཤེས་ལྷ་ཡི་བསྙེན་སྔགས་དང།། ལོ་ཀ་ལས་མཁན་སྲོག་སྙིང་རྣམས།། དྲག་ལས་གང་བྱེད་ལས་ཀྱིས་སོ།། མཁས་པས་སྡེབ་པ་ཤེས་པར་བྱ།། མགོ་མེད་མགོ་བོ་བརྟགས་པ་དང།། མགོ་ཅན་མགོ་བོ་བཅད་པ་དང། ། ལོང་བ་རྒྱབ་སྦྲེལ་བཏང་བ་དང།། འདུག་ས་གོང་འོག་སྦོ་བ་དང།། རང་གི་དུག་སྐྱོན་དབྱུང་བ་དང།། རང་སྔགས་ཞེན་ནས་བླང་བ་དང།། ཉིན་ནུབ་གཉིས་སུ་དབྱེ་བ་དང།། མང་པོ་གཅིག་ཏུ་སྦམ་པ་དང། ། མེ་ཆུ་འགལ་བ་བསོག་པ་དང།། མཐའ་རྟེན་ཡི་གེ་བརྟགས་པ་དང།། འདི་དག་རྣམ་པ་གཉིས་ཡིན་ཏེ།། རང་གི་བསྲུང་མ་ལོག་པ་དང།། གཞན་གྱི་སྲུངས་མ་ཟུག་པའོ།། རང་གི་བསྲུང་མ་ལོག་གྱུར་ན། ། དམ་བརྡར་ཡི་གེ་གཞུག་པར་བྱ།། ལྷ་སྔགས་རང་ཆས་སྦྱོར་བ་ནི།། མིང་གི་ཡི་གེ་དང་པོ་ལ།། ཏྲིག་ནན་བཏགས་ཏེ་ལས་ལ་སྦྱར།། རང་སྦྱིན་དྲག་པོས་སྦྱར་བའོ།། རང་དབང་མེད་པར་གསོད་པ་ཡི།། མགོ་དང་མཇུག་ནི་རྣལ་ཐང་ལ། ། ལུས་ཀྱི་གོ་རིམས་བཟློག་ཅིང་ལས་སྦྱར་བ་ནི།། སྲིད་པའི་ཕྲེད་ཉལ་དམ་ཚིག་རྗེས་དྲན་ཡིན།། རྣམ་སྨིན་འབྲས་བུ་ཡོངས་སུ་རྟོགས་ནས་ནི།། གང་ལ་སྦྱར་བའི་ནུས་པ་མ་ལུས་འདོན་བར་བྱེད། ། གསང་བ་སྤོགས་པའི་ཆོ་ག་ནི།། ཤི་སས་མཐའ་རུ་འགྲོ་བ་ནི།། ཡི་གེ་འབྲུ་ལོག་ལས་ལ་སྦྱར་བྱས་ན།། དྲེགས་པ་ཕོ་མོ་གནད་ལ་འབེབས་བྱེད་ཅིང།། ཕྱག་རྡོར་མཐུ་ཡང་རང་དབང་མེད་པར་འཕྲོག། ལས་རྣམས་ཐམས་ཅད་མྱུར་དུ་འགྲུབ་པར་བྱེད། ། ཨོཾ་བཛྲ་ཤྲཱི་ཧེ་རུ་ཀ་ཧཱུ~ཾ་ཕཊ། ཨོཾ་ཏྲིག་ནན་བཛྲ་ཤྲཱི་ཧེ་རུ་ཀ་ཏྲིག་ནན་ཧཱུ~ཾ་ཕཊ།། ཨོཾ་ཤྲོ་ཏེ་བཛྲ་རུ་ཧེ་ཧཱུ~ཾ་ཕཊ། ཕཊ་ཧཱུ~ཾ་ཀ་རུ་ཧེ་ཤྲི་བཛྲ་ཨོཾ། འགྱུར་བ་ལས་ཀྱི་ལྷ་ལ་དེ་བཞིན་ཤེས་པར་བྱའོ། ། འཇིག་རྟེན་དྲེགས་པ་ཐམས་ཅད་ཀྱི་སྲོག་ལ་ཡང་ནི་འདི་བཞིན་ཤེས་པར་བྱའོ།། དེ་དྲག་སྔགས་སྦྱོར་བ་འདི།། དུས་མིན་པ་རུ་བྱ་བ་མིན།། དུས་མིན་པ་རུ་བྱས་གྱུར་ན།། རྣམ་སྨིན་འབྲས་བུ་རང་ལ་འབྱུང། ། དུས་ལ་བབ་ནས་བྱས་གྱུར་ན།། སྒྲ་མི་སྙན་གྱི་མི་རྣམས་ཀྱང།། དུས་མིན་པ་རུ་འཆི་བར་འགྱུར།། ལུས་འཕགས་པོ་ཡི་མི་རྣམས་ཀྱང།། ལུས་པོ་ཚད་བས་ཆུང་བར་འགྱུར།། བ་ལང་སྤྱོད་ཀྱི་མི་རྣམས་ཀྱང། ། ལོངས་སྤྱོད་སྔོན་པས་ཆུང་བར་འགྱུར།། འཛམ་བུ་གླིང་ལ་ལྟ་ཅི་སྨོས།། འདི་འདྲའི་དྲག་སྔགས་མི་བཟད་པ།། ཐམས་ཅད་རྡུགས་པའི་ལས་ཡིན་པས།། དུས་མ་ཡིན་པར་སྦྱར་བྱས་ན།། རྣམ་སྨིན་འབྲས་བུ་རང་ལ་འབྱུང། ། ཡིག་འབྲུ་སྔགས་དང་སྤེལ་བར་བྱ།། ལོག་ནོན་དང་ནི་དྲིལ་ཐེམས་དང།། ཨར་ལ་གཏད་པ་གནད་ལ་དབབ།། ཤི་ས་དང་ནི་གསོ་བ་རྣམས།། འབྱུང་འཇུག་མཁས་པས་ཤེས་པར་བྱ། ། རང་བཞིན་གཞན་གྱི་སྡེབས་པ་ཡིས།། རྒྱལ་ལམ་གནོད་པ་བྱུང་བ་ན།། སྔོན་ལ་ཡེ་ཤེས་ལྷ་བསྐྱེད་ལ།། རྩ་སྔགས་མི་ཤིགས་རྐ་བས་བརྒྱན།། དབུ་རུ་རབ་འབྱུང་མི་ཤིགས་དམག། རང་ལུས་བསྲུང་ཞིང་བཟློག་པ་ནི། ། སྔགས་དང་རྫས་དང་ཏིང་འཛིན་གྱིས།། བྱས་པ་བཤིག་ཅིང་ཟུག་པ་དབྱུང།། གསང་ལམ་དགག་ཅིང་མཁའ་འགྲོ་གཟན་ལ་དབབ།། བཟློག་དང་དཀྲུག་དང་གཏོར་བ་ཡིས།། རང་གཤེད་རང་ལ་དབབ་པར་བྱ། ། དེ་དག་སྔགས་ཀྱི་འབྱུང་འཛུད་དོ།། དྲག་སྔགས་གཅོད་པའི་རྒྱུད་ལས།། སྲོག་གི་སྙིང་པོའི་གནས་ལུགས་དང་སྲོག་སྙིང་དབྱེ་བའི་སྔགས་ཀྱི་ལེའུ་སྟེ་དྲུག་པའོ།།།། དེ་ནས་ཡང་དག་བཤད་བྱ་བ།། སྔགས་ཀྱི་སྦྱོར་བ་འདི་ལྟ་སྟེ། ། རང་བཞིན་དྲག་པོ་བཙན་ཐབས་ཀྱིས།། དྲེགས་པ་ཅན་ལ་དབབ་པ་དང།། སྤུ་གྲི་མེ་དཔུང་སྦྱོར་བ་ཡིས།། དྲེགས་པ་བརླག་པར་བྱ་བ་དང།། སྔགས་ཀྱི་སྦྱོར་བ་རྣམ་བརྒྱད་ཀྱིས།། ཡི་དམ་ལྷ་ལ་དབབ་པ་དང། ། དགྲ་བགེགས་གཉིས་ལ་དབབ་པའོ།། དང་པོ་ཡི་དམ་ལྷ་ལ་དབབ་པ་ནི།། དང་པོར་རང་བཞིན་དག་ཏུ་བྱ།། དེ་ཡིས་འཐེམས་པར་མ་གྱུར་ན།། དྲག་པོ་དག་ཏུ་བྱ་བ་ཡིན།། དེ་བཞིན་གཞན་མ་རིམ་གྱིས་སྦྱར། ། མགོ་རྩ་ལོག་ན་རྣམ་སྨིན་འབྱུང།། དེ་ནས་ཡང་དག་བཤད་བྱ་བ།། བསྙེན་བསྒྲུབ་ཚད་དང་ལྡན་ནས་ཀྱང།། མཚན་མ་སྟོན་པར་མ་གྱུར་ན།། རང་སྔགས་བཟློག་པའི་མན་ངག་ནི།། ཕྱག་རྡོར་ཉིད་ཀྱང་འཇིག་པར་འགྱུར། ། གཞན་མ་མ་ལུས་སྨོས་ཅི་དགོས།། ལས་ལ་སྦྱར་ན་འབྲས་བུ་རང་དབང་མེད་པར་འགྲུབ།། འཇིག་རྟེན་པ་དང་འཇིག་རྟེན་འདས་པ་ཡི།། བསྙེན་བསྒྲུབ་མི་འགྲུབ་དབང་མེད་ཕྱིར།། སྔགས་ཀྱི་སྨོད་པའི་སྡེབས་རྣམས་ཀྱིས། ། མྱུར་དུ་འགྲུབ་པར་ཐེ་ཚོམ་མེད།། དྲག་སྔགས་གཅོད་པའི་རྒྱུད་ལས། བཛྲ་ཧེ་རུ་ཀའི་སྦྱོར་བའི་ལེའུ་སྟེ་བདུན་པའོ།།།། དེ་ནས་ཡང་དག་བཤད་བྱ་བ།། གཤིན་རྗེ་གཤེད་ཀྱི་སྔགས་སྦྱོར་ནི། ། དེ་ལྟར་ཡང་དག་ཤེས་པར་བྱ།། བསྙེན་བསྒྲུབ་ལས་སྦྱོར་གསང་སྔགས་ལ།། རང་བཞིན་དྲག་པོ་བཙན་ཐབས་རྣམས།། ནུས་པའི་ཚོད་དང་སྦྱར་བ་དང།། དུག་དང་སེར་འཇུག་དུག་དབྱུང་རྣམས།། དེ་བཞིན་ཡང་དག་ཤེས་པར་བྱ། ། རང་བཞིན་དྲག་པོ་གཉིས་ཀ་ལ།། དཀྲུགས་ལ་བཟློག་ཐབས་རྣམ་པ་གཉིས།། འབྲུ་ཡི་དཀྲུག་བཟློག་བསྟན་པ་ནི།། སྡེ་ཡི་དཀྲུག་བཟློག་བསྟན་པའོ།། དེ་ལ་འབྲུ་ཡི་དཀྲུག་བཟློག་བསྟན་པ་ནི། ། གྲོང་ཁྱེར་སྟོད་ནས་དཀྲུགས་པ་དང།། གྲོང་ཁྱེར་སྨད་ནས་དཀྲུགས་པ་དང།། དེ་རྣམས་རྣལ་ཐང་སྔགས་དང་གསུམ།། འབྲུ་བཟློག་བཙན་ཐབས་སྔགས་དང་བཞི།། མཁས་པས་སྦག་མ་རྐྱང་པར་དབྱེ་བའོ། ། དེ་ལྟར་སྔགས་རྐང་བརྒྱད་དུ་ཤེས་པར་བྱའོ།། རྣལ་ཐང་བཞི་ཡི་ངོས་བཟུང་བ།། རྣལ་ཐང་བཞི་ལ་དྲག་པོ་བཞི།། དེ་ཡི་བྱེ་བྲག་འདི་ལྟ་སྟེ།། ཨོཾ་ཨ་ཀྲོ་ཏེ་ཀ་ཡ་མནྟ་ཧ་ན་མ་ཐ་བྷཉྫ་ཧཱུ~ཾ་ཕཊ། དེ་ནི་རྣལ་ཐང་ཟུ་ལུ་ཡིན། ། མས་བཟློག་བཙན་ཐབས་འདི་ལྟ་སྟེ།། ཨོཾ་ཧཱུ~ཾ་ཛ་བན་ཐ་མ་ན་ཧ་ཀ་ཏ་མན་ཡ་ཀ་ཏེ་ཀྲོ་ཨ་ཕཊ། གྲོང་ཁྱེར་སྟོད་ནས་དཀྲུགས་པ་ནི།། སྟོད་ནས་ཡིག་འབྲུ་གོང་འོག་སྤོ།། ཨོཾ་ཨ་ཀྲོ་ཏེ་ཀ་ཡ་མནྟ་ཀ་ཧ་ནས་མ་ཐ་བྷཉྫ་ཧཱུ~ཾ་ཕཊ། གྲོང་ཁྱེར་སྨད་ནས་དཀྲུག་པ་ནི།། སྔགས་དེ་མས་ཡར་བཟློག་པ་སྟེ།། ཨོཾ་ཧཱུ~ཾ་བྷཉྫ་མ་ཐ་ཧ་ན་ཏ་ཀ་ཡ་མནྟེ་ཀ་ཨ་ཀྲོ་ཧཱུ~ཾ་ཕཊ། དེ་ནི་རྣལ་ཐང་དཀྲུགས་བཟློག་བཞིའོ།། དྲག་པོའི་ལས་ལའང་དཀྲུགས་བཟློག་བཞིའོ། ། དེ་ཡིས་ངོས་བཟུང་བསྟན་པ་ནི།། རྣལ་ཐང་སྔགས་དེ་ཕྱེད་མར་བཅད།། མན་ངག་སྟོད་ནས་སྤེལ་བར་བྱ་སྟེ།། ཨོཾ་གྱི་འོག་མ་དེ་འོག་ནས།། གཅིག་པོར་གཅིག་ཞུག་ཤེས་པར་བྱ། ། ཨོཾ་ཨ་ཧ་ཀྲོ་ན་ཏེ་མ་ཀ་ཐ་ཡ་བན་མ་ཛ་ཏ་ཧཱུ~ཾ་ཀ་ཕཊ། དེ་ནི་དཀྲུག་པ་དྲག་པོ་ཡིན།། དྲག་པོ་མས་བཟློག་འདི་ལྟར་རོ།། ཨོཾ་ཨཱཿཧཱུ~ཾ་ཏ་ཛ་མན་བན་ཡ་ཐ་ཀ་མ་ཏེ་ན་ཀྲོ་ཨ་ཕཊ། དྲག་པོ་སྟོད་ནས་དཀྲུག་པ་ནི།། སྟོད་ནས་ཡིག་འབྲུ་གོང་འོག་སྤོ། ། ཨོཾ་ཧ་ཨན་ཀྲོ་མ་ཏེ་ཐ་ག་བྷཉྫ་མ་ཧཱུ~ཾ་ཏ་ཕཊ་ཀ། དྲག་པོ་སྨད་ནས་དཀྲུག་པ་འདི།། དཀྲུག་པའི་དཀྲུག་པ་ཡིན་པར་བཤད།། མས་བཟློག་སྔགས་ནི་བཙན་ཐབས་ཏེ།། དུས་སུ་བཟླས་པའི་དྲག་སྔགས་ཡིན། ། དུས་མིན་པ་རུ་བཟླས་པ་མིན།། འབྲུ་ཡི་དཀྲུག་བཟློག་བསྟན་པའོ།། སྡེ་ཡི་དཀྲུག་བཟློག་བསྟན་པ་ནི།། བསྙེན་བསྒྲུབ་ལས་ཀྱི་སྔགས་རྣམས་ནི།། མགོ་མཇུག་བཟློག་ལ་བཟླས་པ་དང།། དཀྲུག་པ་རྣམས་ནི་ཤེས་པར་བྱ། ། ཡས་མར་དཀྲུགས་པས་དངོས་གྲུབ་འབྱུང།། མས་ཡར་དཀྲུགས་པས་ལས་རྣམས་བྱེད།། ཕྱི་ལྟར་དཀྲུགས་པས་དོན་རྣམས་འགྲུབ།། ཡང་ན་ལྷ་འདྲེ་སོ་སོ་ཡི།། དཀྲུག་བཟློག་གོ་རིམས་འདི་ལྟ་སྟེ། ། གཅིག་མགོ་གཅིག་གིས་སྦྱང་བ་དང།། དབུས་ནི་རང་སར་གཞག་པར་བྱ།། ལུས་ཀྱི་གོ་རིམ་ཟློག་པ་ནས།། ཡིག་འབྲུ་ལྷག་མ་མཐའ་རུ་དབྱུང།། གཉིས་སྡེབས་དག་ཀྱང་ཤེས་པར་བྱ།། མཐའ་ཡི་སྔགས་ནི་རང་སར་བཞག། འདི་ནི་སྡེ་ཡི་དཀྲུག་བཟློག་བསྟན་པའོ།། རང་གི་སྔགས་མ་ལུས་པ་དཀྲུག་བཟློག་བྱ།། ཕས་ཀྱི་སྔགས་ལ་མགོ་མཇུག་ཀུན།། དཀྲུག་ཟློག་སོ་སོར་ཤེས་པར་བྱ།། ཕས་ཀྱི་བསྙེན་བསྒྲུབ་ལ་སྔགས་ལ།། ཕྱེད་མར་གཏུབ་དང་དུམ་བུར་གཏུབ། ། དེ་ཡི་བར་དུ་སྲོག་སྙིང་མིང་རུས་གཞུག། གཟིར་དང་མནན་དང་མྱོས་སུ་གཞུག། རང་གི་ལས་སྔགས་མཚོན་ཆས་བརྡེག། ཡང་ན་སྔགས་རྐང་བརྒྱད་པ་བརྡེག། གང་འདོད་སྔགས་ཀྱི་སོ་རྣམས་བརྡེག། ཐུན་དང་ཟོར་སྲེག་མནན་པ་བྱ།། དེ་དག་མན་ངག་མདོ་བསྡུས་པ།། རིང་ན་དྲག་པོ་བཙན་ཐབས་དང།། རྐང་འཐེན་དང་ནི་ནོར་བུ་ལུགས།། དུཾ་དུཾ་ཁྲིགས་སུ་བཟླས་པར་བྱ།། དྲག་སྔགས་གཅོད་པའི་རྒྱུད་ལས། ། དྲག་སྔགས་ཐམས་ཅད་གཅོད་པའི་རྒྱུད་ཅེས་བྱ་བ་རྫོགས་སོ།།།། རྒྱ་གར་སྐད་དུ། ཨེ་སྤུ་གྲི་ཡ་མན་ཏ་ཀ་ཙཀྲ་བཛྲ་ཀརྨཱ་ཡ་ར་མ་ནི་རྦད་རྦད་ཨ། ཨ་ཏན་ཏྲ་ཡ།

CLOSE WINDOW