CLOSE WINDOW

Gpb043.004: རླུང་ནག་འཁྲུགས་པའི་རྒྱུད
Wylie

བ་ཡཾ་བེ་ཀ་ལོ་གོ་པ་ཡ་ས་ཏྲན་ཏྲ། བོད་སྐད་དུ། རླུང་ནག་འཁྲུགས་པའི་རྒྱུད། སྟོན་པ་བཅོམ་ལྡན་འདས་ལ་ཕྱག་འཚལ་ལོ།། དེ་ནས་ཡང་དག་དོན་ནི་བཀའ་སྩལ་པ།། ཆོས་ཀུན་ཐམས་ཅད་དོན་ནི་གཅིག་པ་ལ། ། ཡེ་ཤེས་དང་ནི་མི་རིག་རྒྱུ་གཉིས་བྱུང།། ཡེ་ཤེས་སངས་རྒྱས་མ་རིག་སེམས་ཅན་འཁྲུལ།། སྲིད་པ་ལས་ཀྱི་གཤིན་རྗེའི་ལྟོ་བ་ན།། སྲིད་གསུམ་སེམས་ཅན་ལས་ལ་འཁྲུལ། ། ལས་ཀྱི་དབང་གིས་བདག་གཞན་དགྲ་ཟིན་བྱུང།། དཀོན་མཆོག་གསུམ་གྱི་བསྟན་པ་གཉན་ལ་གདོས།། དེས་ན་བསྟན་པ་བསྲུང་བའི་ཙཀྲ་འདི།། ལྔ་བརྒྱའི་དུས་སུ་གཅེས་པས་ཉམས་སུ་བླང།། འབྱུང་བཞིའི་འཁྲུལ་འཁོར་ལས་ཀྱི་གསད་ཐབས་འདི། ། དྲག་པོ་གཅིག་ཐུབ་བཙན་དུག་ངར་མའམ།། རལ་གྲི་སོ་མངས་ལྟ་བུར་ཤེས་པར་བྱ།། རླུང་ནག་འཁྲུགས་པའི་རྒྱུད་ལས། དགོས་པ་བསྟན་པའི་ལེའུ་སྟེ་དང་པའོ། །།། འདི་ལ་འཁོར་ལོའི་རྒྱུ་དང་ངོ་བོ་དབྱིབས།། ཚད་དང་བྲི་ཐབས་མི་མཐུན་གཤེད་ཀྱི་རྫས།། རྒྱུ་ནི་རོ་རས་དག་གམ་ཤོག་ཤོག་ལ།། ཚད་ནི་བཅུ་གཉིས་བརྒྱད་དང་བཞི་རུ་གསུངས།། བྲི་ཐབས་ལྟེ་བ་སོར་དྲུག་བླུམ་པོར་བསྐོར། ། གླིང་བཞི་གླིང་གསུམ་དག་ལ་ལྷ་ཡི་གཟུགས།། གླིང་གཅིག་བསྒྲུབ་བྱའི་གཟུགས་སུ་ཤེས་པར་བྱ།། དེ་ཡི་ཕྱི་རིམ་འཁོར་ལོ་རྩིབས་ལྔ་ལ།། རླུང་གི་ལྷ་ལྔའི་སྲོག་སྙིང་སྨོད་མོ་བྲི།། དེ་ཡི་ཕྱི་རིམ་བཅུ་གཉིས་རྩིབས་མཆན་ལ། ། ལོ་གཉན་བཅུ་གཉིས་སྔགས་དང་སྨོད་བཅས་བྲི།། དེ་ཡི་ཕྱི་རིམ་ཉེར་གཅིག་རྩིབས་སུ་བྱ།། ལྷ་འདྲེ་རྩ་གཅིག་སྨོད་པ་བཅས་པ་བྲི།། དེ་ཡི་ཕྱི་རིམ་ཉི་ཤུ་རྩ་བརྒྱད་དམ།། ཡང་ན་རྩིབས་ནི་སུམ་ཅུ་དྲུག་པ་ལ། ། གཟའ་དང་རྒྱུ་སྐར་དག་གི་སྙིང་པོ་བྲི།། དེ་ཡི་ཕྱི་རིམ་ལྷ་འདྲེ་སྟོང་རྩ་གཉིས།། དག་གི་སྙིང་པོ་གྲིལ་ལ་བྲི།། ཐེ་སེ་རྒྱལ་པོ་རྗེ་བློན་སྤེལ་བ་དང།། ལྷ་འདྲེ་ལ་གཏད་སྨོད་པ་བཅས་པ་བྲི། ། དེ་ཡི་ཕྱི་རིམ་འཁོར་ཡུག་ཟླུམ་པོ་ལ།། རྒྱུད་ལུང་མན་ངག་ལྷ་འདྲེའི་སྲོག་སྙིང་བྲི།། དེ་ཡི་ཕྱི་རིམ་དུ་ཡང་ཟླུམ་པོ་ལ།། ལྷ་འདྲེ་ཆེ་དགུ་རྣམས་ཀྱི་མིང་བྲིའོ།། རྩིབས་མཆན་རྣམས་སུ་དགྲ་ལ་སྨོད་མོ་བྲི།། དེ་ནི་སོར་མོ་བཅུ་གཉིས་པ་ལའོ། ། སོར་མོ་བརྒྱད་པའི་བྲི་ཐབས་བསྟན་པ་ནི།། ལྟེ་བ་ཟླུམ་པོ་དག་ལ་སོར་གསུམ་མོ།། གླིང་གསུམ་དག་ལ་སོགས་སྔགས་གསུམ་པོ་དགོད།། དེ་ཡི་ཕྱི་རིམ་འཁོར་ཡུག་ཟླུམ་པོ་ལ།། ལྷ་འདྲེ་གདུག་པ་ཉེར་གཅིག་གི། སྲོག་སྔགས་མིང་དང་སྨོད་མོ་བཅས་པ་བྲི།། སོར་བཞི་པ་ཡི་བྲི་ཐབས་བསྟན་པ་ནི།། འཁོར་ལོ་གཉིས་ལ་དགྲ་ཟིན་རྣམ་པ་གཉིས།། རྐང་པ་བསྣོལ་བའི་ཚུལ་དུ་བྲི་བར་བྱ།། དབྱེ་བའི་སྔགས་རྣམས་ལུས་ལ་བྲི་བྱ་ཞིང། ། བསད་པའི་སྔགས་ཀྱིས་མཐའ་མ་བསྐོར།། དེ་ཡི་ཕྱི་རིམ་སྨོད་སྔགས་སྲིད་ཚད་བྲི།། རླུང་ནག་འཁྲུགས་པའི་རྒྱུད་ལས། འཁོར་ལོ་བྲི་བའི་ལེའུ་སྟེ་གཉིས་པའོ།།།། མི་མཐུན་གཤེད་ཀྱི་རྫས་ནི་འདི་ཡིན་ཏེ། ། གདགས་སྲིབས་ཆུ་ཡིས་ཆོད་པའི་ཤིང་གཉིས་ལ།། ཞལ་སྟོད་ཁ་མིག་བྲིས་ལ་སྔགས་དང་ནི།། སྨོད་པ་ཀུན་ཀྱང་དེ་ལ་ཤོང་ཚད་བྲི།། ཨོ་རོག་དང་འུག་པའི་དང་སྒྲོ་དེ་ལ་གཟུགས། ། དེ་ཡང་གཡས་དང་གཡོན་དུ་ཤེས་པར་བྱ།། མི་དང་ལྷ་ཡི་སྲོག་དང་ཕྱེ་ཞིག་ཟི།། སྟེང་འོག་གཉིས་སུ་བྱ་མགོ་བྱེ་མགོ་བཞག། མཚམས་བཞིར་དགྲ་བོའི་མིང་དང་མཚན་མ་བྲི།། སོར་མོ་བཅུ་གཉིས་པ་ཡི་འཁོར་ལོ་ལ། ། སྲོག་ཤིང་ཁྲུ་གང་ཚུགས་ཤིང་ཁྲུ་གསུམ་བྱ།། བརྒྱད་པ་ལ་ནི་སྲོག་ཤིང་ལྕགས་ཁྲུ་གང།། ཚུགས་ཤིང་ཁྲུ་དོ་བར་ནི་ཤེས་པར་བྱ།། སོར་བཞི་པ་ལ་སྲོག་ཤིང་ལ།། ཚུགས་ཤིང་ཁྲུ་གང་ཚད་དུ་བྱ།། ཉེ་བར་སྦྱར་རམ་ཡང་ན་རིག་པ་བློ་དང་སྦྱར་བྱས་ཏེ། ། ཆུང་ན་འདོད་ཅིང་ཆེ་ན་ཡངས་པར་བྱ།། རླུང་ནག་འཁྲུགས་པའི་རྒྱུད་ལས། བཅའ་བཞི་ལེའུ་སྟེ་གསུམ་པའོ།།།། དེ་ནས་ལོག་ནོན་བསྟན་པ་འདི་ལྟར་ཏེ། ། ཤིང་ངམ་ཡང་ན་རྡོ་ལེབ་དག་ལ་ནི།། སྟོང་ཉིད་མཚོན་ཆའི་གཟུགས་དང་སྔགས་བྲིས་ལ།། ཚུགས་ཤིང་རྒྱབ་ཏུ་གཟུགས་ཤིང་མཆོད་པར་བྱ།། རླུང་ནག་འཁྲུགས་པའི་རྒྱུད་ལས།། ལོག་ནོན་གྱི་ལེའུ་སྟེ་བཞི་པའོ། །།། རླུང་འཁོར་ཆེན་པོའི་སྔགས། ཏྲ་ག་ཛ་ལིཾ་དུང་ས་ལི། སི་ཛི་མ་སད་ཏྲ་ཧཱུ~ཾ། ཏྲྀ་གཾ་ཕྲི་སད་ཏྲི་དཾ་ཧཱུ~ཾ་ཛ། ཏྲྀ་ལ་གྷ་ན་སད་ཛ། ཏྲི་ནི་སུ་ཏྲི་ཀ་ར་པྲ་དུ་ཧཱུ~ཾ། རླུང་གི་ལྷ་ལྔའི་སྙིང་པའོ།། ཡ་ག་ཤཾ་ཕཊ། དུར་ཤཾ་ཕཊ། སེ་ཤཾ་ཕཊ། ཤག། ཤཾ་ཕཊ། ཕེ་སེ་ན་ཤཾ་ཕཊ། བར་ཤཾ་ཕཊ། ཤར་ཤམ་ཕཊ། ཏྲ་ཙ་ཤཾ་ཕཊ། གཟའ་བརྒྱད་ཀྱི་སྙིང་པོའོ།། ཐེ་ཁྲི་ཧཾ་ཡ་ཕཊ་ཕཊ། སྨི་ཏི་པ་ཏི། གྲི་ཊ་ཕཊ་ཕཊ། བ་ཏ་མ་ལེ་བྲི་ཏི་ཕཊ། ཧ་ལ་དེ་མང་གྷི་ཏི་ཕཊ། སྨི་ཏི་གྷ་ཏེ་ལེ། ཕྲི་དུ་ཕཊ། བྲ་མ་ཧ་ཕཊ། བྷ་ར་ཏ་མ་ལེ་ཕཊ། བྷུ་ཏ་ས་ཧ་ཕཊ། སྨྱུ་བ་ཕཊ་ཕཊ། སུ་ཏྲི་གོ་ཏྲ་ཕཊ་ཕཊ། སྨ་ར་གྷོ་ཏེ་ཕཊ། མ་ཏིབ་ཏ་ཕཊ། དེ་ནི་ལོ་བཅུ་གཉིས་ཀྱི་སྔགས་སོ། ལི། ཁན། དྭ། ཁེན། ཁཾ། གྱིན། ཟིན། ཟོན། དེ་ནི་སྤར་ཁ་བརྒྱད་དོ།། ཨ་མར། མེར། ཐབ། ཐིབ། མན། ཡན། ཡིན། ཐུབ། ཏྲི་ཡ་སྭཱཧཱ། སྨེ་བ་དགུའི་སྙིང་པོའོ།། ཀ་རི་ནི་སྭཱཧཱ། རུ་ཧཱུ་ནི་སྭཱཧཱ། མོ་ཏྲ་ཤི་སྭཱཧཱ། ཨ་ཏ་ཤི་སྭཱཧཱ། པུ་ན་སུ་སྭཱཧཱ། མ་དུ་སྭཱཧཱ། ཨ་པུ་ལེ་སྭཱཧཱ། མ་ཁ་སྭཱཧཱ། ཕུར་ན་ར་སྭཱཧཱ། མུ་ད་ར་ཕུ་ཀྲུ་ཀྲུ་སྭཱཧཱ། ཏི་ཏ་སྭཱཧཱ། ཚི་ཏ་སྭཱཧཱ། ས་ཏི་སྭཱཧཱ། བེ་ཏ་སྭཱཧཱ། སྭཱཧཱ། ཙཏྟི་སྭཱཧཱ། ཨུ་ཤ་ར་ཏ་སྭཱཧཱ། ཨོ་བ་ཏི་སྭཱཧཱ། ཤ་ཏ་བ་ཏི་ནི་སྭཱཧཱ། ཡ་ས་ནི་སྭཱཧཱ། ས་ནི་ས་ཏ་སྭཱཧཱ། ཕུར་བ་མ་ཏི་སྭཱཧཱ། ཨུ་བ་ད་ར་སྭཱཧཱ། པ་ར་དེ་སྭཱཧཱ། ཨ་ཤུ་ནི་སྭཱཧཱ། ཨ་པ་ཏ་སྭཱཧཱ། བ་ཧ་ཏི་སྭཱཧཱ། ཨ་ཡུ་ཉི་སྭཱཧཱ། བེ་ར་ཉི་སྭཱཧཱ། རྒྱུ་སྐར་ཉི་ཤུ་རྩ་བརྒྱད་ཀྱི་སྙིང་པོའོ།། བཛྲ་པྲ་མོ་ཧཱ་ར་མ་ར་ཧཱ་ཧཱ་མ་ཨཱ་ཀརྵ་ཡ་ཕཊ། སརྦ་དུཥྟ་ན་པྲ་མོ་ཧཱ་ཧཱུ~ཾ་ཕཊ། བཛྲ་སན་ཏྲི་ཡ། བཛྲ་ཏིང་ཏིང་ཡ། མ་ཧྲིང་ཧྲི་ཡ། བཛྲ་ཁ་ཏ་ཁ་ཏ་ཡ། བཛྲ་ཙཀ་ཀུ་རུ། བཛྲ་ཡ་དུ་མ་ཡང། བཛྲ་བོང་བོང་ཡ། བཛྲ་ར་ཏྲི་ཡ། བཛྲ་ཀུ་རུ་ཀུ་རུ་ཡ། བཛྲ་ཞུང་ཞུང་ཡ། བཛྲ་ཁ་མེ་མེ་ཁ་ཡ། བཛྲ་མ་ཞུ་མ་ཞུ་མ་ཁ་ཡ། བཛྲ་མ་ར་ཏྲི་ཡཱ། བཛྲ་མ་ཡབ་ཡ། བཛྲ་ཙུ་ཏྲ་ནི་ཏྲ་ཛ་ཡེ། བཛྲ་ཏྲི་ལཾ་དུ་ཡ། བཛྲ་ཏྲི་ལཾ་ཏྲི་ཡི། བཛྲ་ཏྲི་ནན་ཏྲི་ནན། ཏྲི་ཡ། བཛྲ་ནན་ཏྲི་ཡ། མ་ར་ཧྲི་ནན་ཏྲི་ཧྲི། ཨ་བཛྲ་ནན་ཏྲ་ཡ། གྲི་ན་བཛྲ་ཀ་ཤ་ཏྲི་ཡ། བཛྲ་ཀ་ཤང་དེ་ཡ། བཛྲ་ཀྲྀ་ལི་དུ་ཡ། བཛྲ་ཀ་པ་ཧ་ཡ། བཛྲ་ན་ཤེ་བ་ཡ། བཛྲ་ཏྲི་མཱ་ར་ཡ། མ་ར་ན་ཧྲི་ཡ། བཛྲ་གཾ་དུ་བ་དུ་ཡ་ཡ། ལྷ་འདྲེ་སུམ་ཅུ་སོ་གཅིག་གི་སྙིང་པོའོ། ། བཛྲ་ཀ་ལི་ཀ་ལི་པ་ཏྲི་ཐར་ལང་དུ། ཀཾ་ཀཾ་ཡཾ་མ་ཡཾ། ཆེ་གེ་མོ་སོད་ཅིག། ལྷ་འདྲེ་སྤྱིར་དྲིལ་བའི་སྙིང་པོའོ།། དེ་ནི་རླུང་འཁོར་ཆེན་པོ་སྟེ། རླུང་འཁོར་འབྲིང་པོའི་སྔགས་ནི་འདིའོ།། བཛྲ་ཤ་ཏ་ཧ། གྲ་མ་ཧི། ཏྲ་བི་དེ། མ་ཛ་ཙ། ཨེ་མ་ཤ། མ་ཧཱ་མཱ། ཏྲ་ཤ་ཧཾ། མང་དུ། ཨ་མ་ལ། ད་དྷ་མ། ཙ་ལ་དུ། ཧྲིལ་ག། ན་ནི་ཏི། ཏ་ལ་ནི། ཨ་ཤ་ནི། ཨ་ཧོ་ཕཊ། ཀྲ་མ་ཧ། ཏྲི་པ་དེ། ཏྲ་ཏྲི་ཏྲཾ། ཧཾ་ཤཾ་ཏི། སྟ་སྟི། སླ་ཧོ། ཡཾ་ཏི། ཡ་ཏེ། ཕ་བཾ་ཧོ། སྭ་ཧོ་བཾ། ཡ་ཤ་ཤོ། པྲ་ཏི་ཡཾ། ནཱ་ག་པྲེ། ནི་ནི། ཕ་མ་ཕཊ། བི་ཤ་ཟར། ཏྲི་པ་ལ་དུ། སུ་པ་ནི། བ་ར་པྲ་ཏ། ཨཾ་ཕབ་བྱི་ནི་ན། ཕབ་བྱི་ལ་ཡ་ཀ། ཏྲི་པ་ལ་ན་ནན་ཡ་ཀ། བྱི་ན་ཡ་ཀ། སོ་སོ་སྲོག་གི་སྙིང་པོ་ཡིན། ། དེ་ནི་འཁོར་ལོ་བར་པས་སོ།། རླུང་འཁོར་ཆུང་ངུའི་སྔགས་ནི་འདིའོ།། མ་མ་ཏྲག་རུ་ཏྲ་མཱ་ར་ཡ་ཕཊ། རླུང་འཁོར་ཆེན་པོའི་ཕྱི་མཐའ་རུ།། ལྷ་འདྲེའི་མིང་གི་ནང་གོང་དུ།། སྲོག་གི་སྙིང་པོ་བྲི་བ་ནི།། འཇིག་རྟེན་ཁམས་རྣམས་ཐམས་ཅད་ན། ། འཇིག་རྟེན་གསུམ་གྱི་རྣམ་ཤེས་ནི།། ཨ་ལྷ། ནརི་མི། སུ་ལྷ་མ་ཡིན། བྱོལ་སོང་པྲི། ཡི་དྭགས་ཏྲི། དུ་ལ་དམྱལ་བ། མ་མ་མོ། ཡ་གཤིན་རྗེ། དུ་ནི་བདུད། ཀྵ་ནི་གནོད་སྦྱིན། སྨུ་ནི་ཡ། རྡོ་རྗེ་ལེགས་པ་ཙ་ཡིན་ཏེ། ནཱ་ག་ཀླུ། ར་ནི་སྲིན་པོ་སྟེ།། གཉན་ག་ས་བདག་ས་ཡིན་ཏེ།། དམ་སྲི་སྲིལ་ཛ་ལ་མ།། ནུ་ནེ་ཐེ་བྲང་ཀ་རུ་ཤེས།། མི་ཡི་རིགས་འཛིན་ནརི་ཡིན་ཏེ།། རྣམ་ཤེས་སྲོག་གི་སྙིང་པོ་ཡིན།། རླུང་ནག་འཁྲུགས་པའི་རྒྱུད་ལས། སྔགས་ཀྱི་ལེའུ་སྟེ་ལྔ་པའོ།།།། དེ་ནས་དགྲ་ཡི་བླ་ཚེ་ནི།། སྔགས་པའི་ལག་ཏུ་བཞག་པའི་ཕྱིར།། རྐང་རྗེས་མཆིལ་སྣབས་གོས་དང་སྐྲ།། སེན་མོ་དྲི་མ་རྣམ་ལྔ་སྟེ།། ལིང་ག་དགྲ་ལ་ཐེབས་པར་གདབ། ། རང་གི་དྲི་མ་མི་བཏང་ངོ།། དེ་ནི་མཆོག་ཏུ་གཅེས་པ་སྟེ།། བླ་སྲོག་གཟུང་བའི་མན་ངག་གོ། འབྲུབ་ཁུང་རྒྱུ་ནི་འདི་ལྟ་སྟེ།། དམ་ཉམས་ཡུལ་མཁར་ས་དང་ནི།། བུང་བུའི་བདུད་རྩི་མི་བསད་ས།། མི་ཕུང་ས་དང་རོ་སྲེགས་ས། ། ཆུ་ཆེན་ཕར་འགྲམ་ཚུར་འགྲམ་ས།། འགྱོགས་ཕོགས་དང་དུར་ཁྲོད་ས་གཡོས་ས།། ས་སྦྱིན་དག་དང་བསྲེས་བྱས་ལ།། རྨེ་ཁྲག་བོང་བུའི་ཆུ་ཡིས་སྦྲུ། གྲུ་གསུམ་སུམ་རྩེག་བརྩིགས་བྱས་ཏེ། ། རྩང་དམར་སྲིན་མོའི་འགྲོས་སུ་གཟུགས།། ནད་སྣ་མང་པོའི་ཁྲག་དང་ནི།། རོ་སོལ་ཕྱེ་མ་བསྲེས་བྱས་ཏེ།། གྲུ་གསུམ་ནག་པོར་བྱུང་པར་བྱ།། འཁོར་ལོ་རྫས་ཀྱི་དུད་པས་བདུག། འཕྲ་མ་དག་ནི་གཞུག་བྱས་ཏེ། ། བྱ་རོག་འུག་པས་ལྷ་དང་དབྱེ།། ལིང་ག་དགོངས་ཁའི་ཟེར་ལ་བྲི།། དེ་དུས་བླ་ཚེ་དགུག་བྱ་སྟེ།། མེ་ཆེན་བཏང་ལ་རྔ་ཆེན་བརྡུང།། དེ་ཡི་བླ་ཚེ་ཁུགས་པ་ཡིན།། འཁོར་ལོ་བསྐྱོན་ལ་བསྐོར་བར་བྱ། ། དེ་ལྟར་བྱས་ན་ངེས་པར་འགྲུབ།། རླུང་ནག་འཁྲུགས་པའི་རྒྱུད་ལས།། བླ་ཚེ་དགུག་པའི་ལེའུ་སྟེ་དྲུག་པའོ།།།། ཡང་ནི་འཇིགས་བྱེད་ཆེན་པོ་དེས།། དགྲ་བོ་ལྷ་དང་དབྱེ་བ་བཤད།། ཡ་མ་དུ་ནི་གཉའ་རག་ཤ་དུ་ནེ། ནཱ་ག་དུ་ནེ། དུ་ཤ་ཨ་ཨ་ཀེ་ལ་ཏི་ཙ་པ་ལ། ཡཀྵ་དུ་ནེ་དུ་ཤེ་ཡུ། ནཱ་ག་བེ་ནེ་ཤེ་མཱ་ར་ཡ་རྦད། ཡ་མ་དུ་ནི་དུ་ཤེ། དགྲ་བོ་རཀ་ཤ་དུ་ནེ། དགྲ་བོ་ནཱ་ག་དུ་ནེ། དུ་ཤི་དགྲ་བོ་ཀ་ལ་ཏི་ལ་ཙ་པ་ཡ། ཡཀ་ཤ་དུ་ནེ་དུ་ཤེ། དགྲ་བོ་ནཱ་ག་བེ་ཤ་དགྲ་བོ་མ་ར་ཡ་རྦད། རྩིབས་ལྔ་པ་ཡི་འཁོར་ལོ་ནི།། གཉིས་ལ་དགྲ་བོའི་མིང་དག་དང།། ལྷ་ཡི་དབྱེ་སྔགས་བཅས་པ་བྲི།། རྩིབས་མཆན་སྨོད་པར་དགང་བར་བྱ།། འདྲེ་སྲིན་སྔགས་ཀྱི་བསྐོར་ལ་གཞག་ཁ་ཁ་ཧུ་ལུའི་ལྟོ་བར་གཞུག། ལས་ཀྱི་རླུང་གིས་བསྐོར་ཞིང་བརྡེག། ཚ་གྲང་དབྱེ་བའི་རྫས་ཀྱིས་བྱུག། མངན་ལྕུགས་སྨོད་པའི་ཚོགས་ཀྱིས་བསྐོར།། ལྷ་ལྔའི་མིང་དང་སྤེལ་བ་ནི།། མཁས་པས་བསྒྲིམས་ཏེ་བྲིས་ལ་བཞག། གནས་དང་ཚུགས་ཤིང་ལ་སོགས་འདྲ།། དུར་ཁྲོད་གནས་སུ་ལྷ་དང་མི།། སྤེལ་ཏེ་གནས་སུ་འདྲེ་གཟུགས་དང།། ལྕུགས་དང་དབྱེ་བའི་ངན་སྔགས་དགོད།། དེ་ཡང་ལག་ལེན་འདི་ལྟ་སྟེ། ། ལྷ་ཡི་གཟུགས་ཀྱི་ལྟོ་བར་ནི།། ཡ་མ་དུ་ནི་ལྷ་དང་ཕྱེ། ཡ་མ་དུ་ནེ་ལྷ་ལྔ་དང་ཕྲོལ་ཅིག། ཕྱེ་ཞིག་ཅེས་འདྲེ། ཞེས་པ་ལ་སོགས་ལྕུགས་དང་བཅས།། བྲི་ཏེ་གཞུག་པར་ཤེས་པར་བྱ།། མི་ཡི་གཟུགས་ཀྱི་ལྟོ་བར་ནི། ། མིང་རུས་དག་དང་ཡ་མ་དུ།། ཞེས་པ་བྲིས་ལ་གཞུག་པར་བྱ།། འདྲེ་ཡི་ལྟོ་བར་ལྷ་འདྲེའི་ཚོགས།། ཉེར་གཅིག་མིང་ནི་བྲིས་བྱས་ཏེ།། ལྷ་དང་ཕྱེ་ཞིག་བྱ་བ་གཞུག། ཕོ་རོག་ཐོད་པ་ལྷ་ཡི་ནི།། ཡ་མ་དུ་ནི་ལྷ་དང་ཕྱེ་ཞིག། ཅེས་པ་དེ་ཡིས་འདྲེ་བ་ཡིན།། སྲོག་དང་མིང་ཡང་བྲིས་ལ་གཞུག། འུག་པའི་ཐོད་པར་དགྲ་བོ་ཡི།། མིང་རུས་བྲིས་ལ་གཞུག་བྱ་སྟེ།། སྟག་པའི་ཚེ་ལ་ཕོ་རོག་གཟུགས།། གླང་མའི་རྩེ་ལ་འུག་པ་གཟུགས། ། དེ་གཉིས་ཐབས་པས་སོ་སོར་འགྲོ།། མི་གཉིས་འབྱེད་ན་སོ་སོར་བྱ།། རླུང་ནག་འཁྲུགས་པའི་རྒྱུད་ལས། དགྲ་བོ་ལྷ་དང་དབྱེ་བའི་ལེའུ་སྟེ་བདུན་པའོ།།།། སྐྱིན་ཐང་རླུང་གི་འཁོར་ལོ་ཡིས།། ཕོ་མོ་དབྱེ་བའི་ཐབས་བཤད་པ། ། འཁོར་ལོ་གཉིས་ལ་ཕོ་མོ་མཚན།། དབྱེ་བའི་སྔགས་ཀྱིས་བསྐོར་ཅིང་བྲི།། ཚ་གྲང་འཇིགས་པའི་རྫས་དག་ནི།། བཙན་དུག་དག་དང་ཚ་བ་གསུམ།། ག་པུར་དང་ནི་གསིལ་གསུམ་དང། ། མི་དང་བྱ་རོག་འུག་པའི་ཁྲག། དེ་དག་གིས་ནི་བྱུག་པར་བྱ།། འཇིག་རྟེན་ལྷ་འདྲེའི་སྔགས་ཀྱིས་བསྐོར།། ཕྱེ་ཞིག་ཅེས་པའི་སྨོད་མོ་བྲི།། གཡས་བསྐོར་གཡོན་བསྐོར་འཁོར་ལོ་བསྐོར།། མི་སྲིང་སྔགས་ཀྱང་སོ་སོར་བྲི། ། མིང་སྲིང་གཉིས་ཀྱི་ལྟོ་བར་གཞུག། འཇིག་རྟེན་ལས་ཀྱི་རླུང་གིས་བརྟེན།། གནས་དང་ཚུགས་ཤིང་སྔར་དང་འདྲ།། འཇིག་ཅིང་དབྱེ་བའི་རྫས་བསྟན་པ།། ཆུ་ཆེན་ཕར་འགྲམ་ཚུར་འགྲམ་ས། ། འགྱོགས་བརྒྱབ་དུར་ཁྲོད་ས་གཡོས་པ།། རྨེ་ཁྲག་སྐད་ཆེན་ཆུ་ཡིས་སྤྲུ།། ས་སྦྱིན་དག་དང་བསྲེས་པ་ལ།། གྲུ་གསུམ་ནག་པོ་མཐོ་གང་ནང།། འབྲུ་སྣ་ལྔ་ཡི་ཕྱེ་དག་ལ།། ལྷ་འདྲེ་མི་ཡི་གཟུགས་བྱས་ལ།། ཕོ་ཡི་སྙིང་ཁར་མོ་ཡི་མཚན། ། མོ་ཡི་སྙིང་ཁར་ཕོ་ཡི་མཚན།། སྔན་དང་དབྱེ་བའི་སྔགས་འདི་གཞུག་ཁ་ཁ་འུར་འུར་ཤག་ཤག་ཕྱེ། ཁ་འུར་ཁ་འུར་པའི་ཤག་ཕྱེ། རག་ཤ་སི་ལི་ལི་དགྲ་བོ་ཤག་ཕྱེ། ཆེ་གེ་མོའི་ཙིཏྟི་དཀྲུགས་དཀྲུགས་ཕྱེ། ར་ཕོའི་གཟུགས་སུ་མོ་གཟུགས་གཞུག། ར་མོའི་གཟུགས་སུ་ཕོ་གཟུགས་གཞུག། བར་དུ་མཛོ་རུར་མ་ནིང་གཟུགས།། བཅུག་ལ་སྔོ་དམར་སྐུད་པས་དཀྲི།། བྱ་རོག་སྐྱུང་ཁ་པོ་ཡི་གཡས།། འུག་པ་ཧོར་པ་མོ་ཡི་གཡོན། ། འབྲུ་ནས་འཁོར་ལོའི་ཐད་དུ་གཞུག། མ་ནིང་ཐོག་ཏུ་འཁོར་ལོ་འོ།། བཟའ་མི་ཇི་ལྟར་མཛའ་བ་ཡང།། འཐབ་ཅིང་སོ་སོར་ཤག་གིས་འགྲོ།། སྤུན་ཟླ་དབྱེ་བ་འདི་ལྟ་སྟེ།། ལིང་ག་བྲིས་ལ་གཟུགས་སུ་གཞུག། ནུ་བོ་བུད་མེད་ལྟ་བུར་བྱ།། ཡ་མ་དུ་ནི་མིང་དང་སྤེལ།། འཁོར་ལོ་དང་ནི་ལིང་ག་ལ།། གུ་གུལ་ནག་པོས་བདུག་པར་བྱ།། གཞན་རྣམས་གོང་གིས་འདྲེ་བའོ།། སྤུན་ཟླ་ཇི་ལྟར་མཛའ་བ་ཡང།། འཐབ་ཅིང་སོ་སོར་ཤག་གིས་འགྲོ། ། རླུང་ནག་འཁྲུགས་པའི་རྒྱུད་ལས། མཛའ་བ་དབྱེ་བའི་ལེའུ་སྟེ་བརྒྱད་པའོ།།།། ཡབ་ནི་རླུང་ལྷ་རྫུན་པོ་ཆེ།། ཡུམ་ནི་སྲིན་མོ་སྨྲ་འདོད་མ།། བུ་ནི་བཟོང་པོ་མཆུ་ཡིན་པས།། ཕྲ་མ་གཞན་པས་མཁས་པ་ཡིན། ། བུ་མོ་ཁྲག་སྲིན་ལྕུགས་མཁན་མ།། ལྕུགས་ལ་ཤིན་ཏུ་དགའ་བས་ན།། དབྱེ་བ་མི་འགྲུབ་མི་སྲིད་དོ།། ཡཾ་ཡཾ་ཡ་ཏྲི་ཕྱེ། མཾ་མཾ་མ་ཏྲི་ཕྱེ། ར་ཙ་སུ་རུ་ཕྱེ། ཏྲེའུ་ཏྲེའུ་ཕྱེ། ཤག་ཕྱེ་ཤག། ཁ་འུར་ཁ་འུར་ཤག་ཕྱེ། དགྲ་བོ་འདི་རྣམས་དཀྲུགས་དཀྲུགས་ཕྱེ་ཤག། ཏྲིལ་ཤ་ནི་ས་མ་ཡ་དགྲ་བོ་ཕྱེ་ཤག། གཅིག་ལ་བྱ་རོག་ཁྲག་གིས་བྱུག། གཅིག་ལ་འུག་པའི་ཁྲག་གིས་བྱུག། གཅིག་ལ་ཆ་བའི་རྫས་ཀྱིས་བྱུག། གཅིག་ལ་གྲང་བའི་རྫས་ཀྱིས་བྱུག། མཚོན་ཆ་ཁ་ཐལ་འབྱུང་སྲིད་པས།། ལས་གྲུབ་ཚེ་ན་འཁོར་ལོ་བཤིག། མ་བཤིག་ན་ནི་རང་ལ་འཁོར།། རླུང་གིས་ལས་ཀུན་བྱེད་པ་སྟེ།། འབྱུང་བ་ཁོར་ཕོར་འཁོལ་བ་ཡིན།། མ་ནི་མ་མོ་ཙ་ནི་བ་ཙན། ། དུ་ནི་བདུད་ལ་ཨ་ནི་ལྷ།། ཡ་ནི་གཤིན་རྗེ་སྲིན་པོ་ཤ། ནི་ནི་རླུང་ལྷ་གནོད་སྦྱིན་ཀྵ།། སྡེ་བརྒྱད་ཡིག་འབྲུ་འཁོར་ལོ་ལྟོར།། དགྲ་བོ་ཕྱེ་དང་བཅས་པ་བྲི།། རྩུབ་པའི་ལྟས་སྟོན་མྱུར་བ་འབྱུང།། རླུང་ནག་འཁྲུགས་པའི་རྒྱུད་ལས། དབྱེ་བ་ལས་ཀྱི་ཐུས་ཀའི་ལེའུ་སྟེ་དགུ་པའོ།།།། སྙིགས་མའི་དུས་སུ་སོང་བའི་ཚེ།། རྣལ་འབྱོར་དམ་ཚིག་མི་སྲུང་བའི།། འབྱུང་བའི་ནང་འགྲས་གྱུར་ན།། ཕ་རོལ་ཟིལ་གྱིས་གནོན་པ་ནི། ། ཤོག་གུའམ་ནི་དུར་ཤུན་ལ།། གསེར་རམ་ཡུངས་པ་བ་གླང་ཡིས།། རི་རབ་གླིང་དང་བཅས་པ་བྲི།། ལཾ་ནན། ཡཾ་ནན། སྟཾ་པ་ནན། པ་ཡ་བེ་ནན། སྟཾ་པ་ནན། ཨུར་ན་མ་ནི་སྟཾ་པ་ལཾ་ནན། ཅེས་པ་བྲིས་པའི་ཙཀྲ་ནི། ། བཞིའམ་ཡང་ན་གཅིག་ཀྱང་རུང།། སྟོབས་ཆེན་ཕྱོགས་སུ་ཁ་བལྟས་བྲི།། དུག་རས་དུག་གིས་བྱུག་བྱས་ལ།། རབས་ཆད་ས་གསུམ་བྱུགས་ལ་བརྒྱང།། གྲི་ཁྲག་དུག་དང་རབས་ཆད་ཁྲག། སྦྱར་ཏེ་ཤ་ཞོན་བ་དན་ཅན། ། གཞི་མ་ཅིག་ནི་བྲིས་ནས་སུ།། ཉམས་པའི་གནས་ཀྱི་ཕྱོགས་བཞིའམ།། འཁོར་ལོའི་གྲིབ་མ་སོང་བ་རུ།། ཡ་མའི་ཁ་ལ་བྲུ་བའམ།། ཡ་མའི་གནས་སུ་སྨེ་སོལ་བྱུག། དགྲ་དང་རླུང་ལྷའི་གཟུགས་ཀྱང་བཞུག། གང་གི་རི་རབ་དེ་ཡི་གནན།། སྔགས་ཀྱང་གོང་མ་བརྗོད་པར་བྱ།། དེ་སྟེང་དུ་མཆད་རྩེ་གསུམ་དང།། ལྷ་ཁང་ས་དང་ཟམ་རོ་དང།། རོ་བསྲེགས་རྡོ་དང་ལ་བཙས་རྡོས།། མནན་ལ་ལུས་ངག་མནན་སྔགས་བཟླས། ། དེ་ནས་དེ་ཡི་ནུབ་བྱང་དུ།། གྲུ་གསུམ་ནང་དུ་མཎྜལ་ནི།། དྲི་ཡི་ཐིག་ལེ་བདུན་བཏབ་སྟེ།། རླུང་ལྷ་བསྐྱེད་ཅིང་དགུག་བསྟིམ་བྱ།། མ་སྤྱད་རིན་ཆེན་རྫ་ཡི་གདན།། ལུས་ངག་ཡིད་གསུམ་གནན་སྔགས་བརྗོད། ། རང་གི་གནས་ཀྱི་ནུབ་བྱང་དུ།། རླུང་ལྷ་མཆོད་ཅིང་དཔང་གཟུགས་སྨོད།། སྨོད་སྔགས་བཟླས་ཤིང་རང་གི་འཁོར་ལོ་དྲི་ཡིས་བདུག། འགྲུབ་ཅིང་ཆུད་མི་གསོན་པ་ཡི།། སྔགས་ནི་དུས་གསུམ་དག་ཏུ་བརྗོད། ། རང་གིས་སྲུང་བའི་འཁོར་ལོ་ལ།། བུ་ཙ་ཕུལ་ལ་ཏྲི་ཡིས་བསང།། ཡི་དམ་ལྷ་དང་ཆོས་སྐྱོང་ལ།། ཚོགས་གཏོར་བཏང་ཞིང་གསོལ་བ་གདབ།། དེ་ལྟར་བྱས་ན་སྙམ་གཉིས་ལས།། རྣལ་འབྱོར་སྐལ་ལྡན་རྩེ་ལ་སྣོད། ། བྱས་པས་བྱས་པ་བཤིག་པ་དང།། འབྱུང་བས་འབྱུང་བ་བཤིག་པ་དང།། སྒྱུ་མས་སྒྱུ་མ་བཤིག་པ་དེ།། བསྟན་པའི་བདུད་རྣམས་འདུལ་བའོ།། རླུང་ནག་འཁྲུགས་པའི་རྒྱུད་ལས། ནང་འདྲས་བཟློག་པའི་ལེའུ་སྟེ་བཅུ་པའོ། །།། གལ་ཏེ་ལས་རྣམས་མ་གྲུབ་ན།། སྲིད་པའི་གཤིན་རྗེ་ལྟོ་དཀྲུགས་ཀྱི།། འཁོར་ལོ་བཅས་ལ་བསྟན་པ་བསྲུང།། གནས་དང་ཚུགས་ཤིང་ལ་སོགས་འདྲ།། ཟླ་བ་མར་གྱི་ཚེ་ངན་ནས།། ཡང་ན་དགུའམ་ནག་པོ་ལ། ། གཟའ་རྒོད་སྒྲ་གཅན་འཛིན་ལ་སྟོད།། བསྒྲུབ་པ་ཤེས་ལྡན་རིམ་རྫོགས་པས།། ཞིང་ཆེན་གོས་ལ་རེ་བའི་བསྟན།། ཐོར་ཅོག་སྤྱི་བོར་བཅིང་བྱ་སྟེ།། གཤིན་རྗེའི་ཕྱོགས་སུ་ཁ་བལྟས་ནས།། ཁྲོས་པའི་སེམས་ཀྱི་བྲིས་པར་བྱ། ། ངུས་ནི་སྒྲའི་འབྲུག་གམ་ས་གཡོས་པའོ།། དུར་ཁྲོད་རས་ལ་སྐྱང་འདུལ་བྱ།། ཙཀྲ་གཉིས་ལ་དགྲ་ནི་གཉིས།། རྐང་པ་བསྣོལ་ཏེ་བྲི་བར་བྱ།། དབྱེ་བའི་སྔགས་ནི་ལུས་ལ་བྲི།། གསང་པའི་སྔགས་ནི་ལུས་ལ་བསྐོར། ། ཁྲུ་གང་གྲུ་བཞིར་བརྒྱངས་པ་ལས།། ནང་དུ་ཙཀྲ་རྩིབས་ལྔ་པ།། རྐང་པའི་རྩིབས་གཉིས་བསྣོལ་ཏེ་བྲི།། དམིགས་པའི་ལིང་ག་རྩིབས་ལ་བརྒྱང།། ལྷ་ཡི་སྲོག་དང་ཡིག་འབྲུ་བཞི། ། ར་ཛ་སུ་རུ་རྫོགས་པ་དང།། དམིགས་པའི་མིང་རུས་ཚང་བར་བྲི།། བྱ་རོག་ཁྲག་དང་ཚ་བའི་རྫས།། ཡ་མའི་མགོ་ངོས་གཟུགས་ལ་བྱུག། ཁོང་ངོས་ལིང་གའི་འཁོར་ལོ་ལ།། མ་ཡི་སྲོག་དང་ཡིག་འབྲུ་བཞི། ། དགྲ་བོའི་མིང་རུས་ཕྱེ་བྲིས་ལ།། གྲང་བའི་རྫས་དང་འུག་ཁྲག་བྱུག། གསད་པའི་སྔགས་ཀྱིས་མཐའ་མ་བསྐོར།། གཤིན་རྗེའི་གཡས་སུ་བཟོང་བུའི་མཆུ།། རལ་གྲི་གཡས་པ་ལྕགས་ཀྱུ་གཡོན།། ལྟོ་བར་སུ་རུ་ཚང་བ་དང། ། སྨོད་མོ་བཅོལ་གཏད་ཚང་བར་བྲིས།། དེ་ཡི་མདུན་དུ་སྲིན་མོའི་གཟུགས།། བུད་མེད་ཕྱག་མཚན་མིང་པོ་འདྲ།། ལུས་ལ་འབྲུ་བཅུ་སྨོད་མོས་བཅའ།། མཁས་པ་ཤིན་ཏུ་བསྒྲིམས་ཏེ་བྲི།། མུ་ཁྱུད་གཉིས་བརྩེགས་ནང་མ་ཚེ། ། དེ་ལ་ལྷ་འདྲེའི་སྙིང་པོ་བྲི།། སྨོད་མོ་མིང་དང་བཅས་པ་དགོད།། ཕྱི་མའི་མུ་ཁྱུད་ཟླུམ་སྐོར་ལ།། འདི་སྐད་གཤིན་རྗེ་ཁྱོད་ཉིད་ཀྱི།། ལྟོ་ན་སྲིད་པ་གསུམ་གནས་པས།། ང་རྒྱལ་བདག་ལ་ཁྱོད་ཉིད་ཀྱིས། ། མི་འདུས་གཅིག་ཀྱང་མ་མཆིས་པས།། དམ་ཉམས་བསྒྲལ་བའི་ཞིང་འདི་ཉིད་དེ།། དཀོན་མཆོག་སྡང་སྨོད་བསྟན་པ་འཇིག། རུ་དྲ་འདི་རྣམས་སྒྲོལ་ཅིག་ལྟའོ།། ཞེས་པ་ལ་སོགས་པ་སྨོད་མོ་བྲིའོ། ། འཁོར་ལོ་འདྲ་འདྲ་གཉིས་བྱས་ལ།། གཅིག་ལ་ཕོ་འཁོར་དོན་པོ་གདན།། གཅིག་ལ་མོ་འཁོར་དམིགས་པ་གཞུག། འཁོར་ཕྱོགས་བློ་ཡིས་སྦྱར་ལ་བྱ།། ཚུགས་ཤིང་མདུན་དུ་གཤིན་རྗེའི་ཁྱིམ།། དུར་ཁྲོད་ས་ལ་སུམ་བརྩེགས་བརྩིག། ཁྲུ་གང་ས་ལ་མཐོ་གང་སྤངས།། རོ་སོལ་སྨེ་ཁྲག་སྦྱར་ལ་བྱུག། ལིང་ག་ཆེན་པོ་གཅིག་བྲིས་ཏེ།། འཁོར་ལོའི་མཚན་མ་ཚང་བར་བྲི།། གུ་གུལ་རམས་ཕྱེ་མུ་ཟི་བྱུག། གྲུ་གསུམ་ནང་དུ་གན་རྒྱལ་བཞག། སྙིང་ཁར་འཁོར་ལོ་འོང་བར་བྱ།། འབྲིལ་ཤིང་སྐྱེ་ལ་བྱ་མགོ་གདགས།། བྱེ་མགོ་འབྲུབ་ཁུང་ནང་དུ་གཞུག། དེ་ལྟར་སྤོགས་པའི་འཁོར་ལོ་བསྐོར།། ལས་རྣམས་གྲུབ་པར་གདོན་མི་ཟ།། དེ་ལྟར་ཙཀྲ་བསྐོར་བྱས་པས། ། ལས་ཀྱི་རླུང་ཡང་འཁྲུག་ཅིང་ལྡོག། དེ་ཡིས་འཆི་བདག་གཤིན་རྗེ་ནི།། ཡེ་ནས་སྲིད་གསུམ་བདག་པོ་འཁྲུག། དེ་རྣམས་མཐོང་རྟོག་བཟློག་ཅིང་འཁྲུག། མཚན་མ་འདི་ཡིས་ལན་སེམས་ནས། ། དམིགས་པ་རྩད་ནས་གཅོད་པར་བྱེད།། རླུང་ལ་མི་སྲིད་བྱེད་ཅིང་འཁྲུག། དེ་ཡང་མཚན་མ་འཁྲུགས་གསོད་བྱེད། ཁམས་གསུམ་སེམས་ཅན་ཀུན་ལ་ཡང།། འཁྲུག་ཅིང་རྣམ་པ་འཚེ་བ་ཡིན།། རྣམ་སྨིན་བསམ་གྱིས་མི་ཁྱབ་པས། ། འགའ་ལ་བྱ་ཡི་ཀུན་ལ་མེན།། སྔགས་པ་རང་ཉིད་ལ་ཡང་གནོད།། ཐེ་ཚོམ་ཡིད་གཉིས་སྤངས་ལ་བསྐོར།། རླུང་ནག་འཁྲུགས་པའི་རྒྱུད་ལས། སྤོགས་པའི་ལེའུ་སྟེ་བཅུ་གཅིག་པའོ། །།། ཤིན་ཏུ་ཁུ་ལྡོག་ཆེ་བ་ན།། རླུང་ལྷ་ལས་ལ་གཟུད་ཅིང་བཙུན།། དེ་ཡི་བྱ་བའི་རིམ་པ་ཡང།། ཤ་ཞོན་རླུང་གི་སྣམ་བུ་ཐོགས།། ས་སྤྱིན་དག་ལ་གཟུགས་བྱས་པའི།། སྙིང་ཀར་འབྲས་བུ་གནས་ལིང་གཞུག། གུ་གུལ་ནག་པོའི་དུད་པས་བདུག། འབྲུབ་ཁུང་འཁོར་ལོའི་ཐད་ཀར་གཞུག། ཞག་གྲངས་བདུན་ཚན་གསུམ་ལས་མིན།། བྱིའུ་ལིང་གའི་མགོ་ཐོག་མནན།། ལས་གྲུབ་གསོ་བའི་ཆོ་ག་བྱ། ། རྣམ་འཇོམས་གྲངས་ལས་འདས་པ་བསྒྲག། ཚ་ཚ་ཉེ་འདོན་བཀའ་དག་བསྒྲག། ཆོས་སྐྱོང་རྣམས་ལ་གསོལ་བ་གདབ།། ཚངས་པའི་ཚེ་དང་ལྡན་པ་ཡང།། ལོ་མི་ཐོགས་པར་འཆི་བར་འགྱུར།། དེ་བས་ཀྱང་ནི་འཁུ་ས་ཆེན། ། སྐུ་གསུང་ཐུགས་ཀྱི་ཁྲོ་བོ་གསུམ།། ཚུགས་ཤིང་གསུམ་ལ་རིམ་པར་བྲི།། དེ་ཡིས་ཐུབ་པར་གདོན་མི་ཟ།། རླུང་ནག་འཁྲུགས་པའི་རྒྱུད་ལས། འཁུ་ལྡོག་བསྲུང་བའི་ལེའུ་སྟེ་བཅུ་གཉིས་པའོ། །།། ལས་འདི་བྱ་བའི་རིམ་པ་ནི།། ཆོས་སྐོར་ཁང་དབེན་འདྲེ་ཅན་ནམ།། རྩི་ཤིང་མི་སྐྱེ་ཡ་ངའི་གནས།། དུར་ཁྲོད་འབྱུང་པོ་གནས་པའི་ས།། བྲག་ཆེན་བཙན་བདུད་གནས་པའི་སར།། གསེར་སྐྱེམས་མཆོད་གཏོར་རྒྱ་ཆེར་གཏང། ། མ་ཉེས་ཤགས་གདབ་དབང་ཡང་གཟུགས།། ཆོ་ངེས་གདབ་ཅིང་བྲང་ཡང་བརྡུང།། ཆོས་སྐྱོང་མཁའ་འགྲོ་འཁོར་བཅས་ལ།། གསོལ་བ་བཏབ་ལ་གྲོགས་སུ་བསྐོར།། བདུད་པུང་འཇོམས་པའི་ཉི་མ་ལ། ། རོ་རས་དུག་ཤུན་ཁྲུ་གང་ལ།། ཁྲོས་པའི་སེམས་ཀྱིས་བྲི་བར་བྱ།། དབུས་ཀྱི་ལྟེ་བ་ཟླུམ་པོ་ལ།། བརྒྱད་འགབས་ཚུལ་འདྲ་གླིང་བཞིར་བྱ།། དེ་ཡི་གནས་སུ་རླུང་ལྷའི་བུ།། མི་ལུས་བྱ་ཡི་མཆུ་ཅན་ལ། ། ནང་མི་རང་གི་སྲོག་སྙིང་དང།། སྨོད་མོ་མིང་དང་བཅས་པ་བྲི།། མགོ་བོའི་གླིང་ལ་ཕ་མ་གཉིས།། བསྣོལ་བ་དག་ཏུ་བྲི་བར་བྱ།། གཡོན་དུ་བུ་མོའི་ལྟོ་བ་རུ།། སྲོག་སྔགས་ལ་སོགས་སྨོད་མོ་བྲི།། ཕ་མ་གཉིས་ལ་གསང་སྔགས་བྲི། ། འཕོངས་ཀྱི་གླིང་ལ་ཨ་མུ་ཀའི་གཟུགས།། དུ་ཡོད་མིང་རུས་བྲི་བར་བྱ།། དེ་ཡི་ཕྱི་རིམ་ཟླུམ་བསྐོར་ལ།། སྲོག་གི་སྔགས་རྣམས་ཚང་བར་བྲི།། ཕོ་ལ་རྩིབས་ཀྱང་བདུན་ཚོ་གསུམ།། ལྷ་འདྲེ་ཉེར་གཅིག་སྲོག་སྔགས་མིང། ། རྟེན་དང་བཅས་པ་བྲི་བར་བྱ།། རྩིབས་མཆན་དམིགས་པ་འཐབ་པ་དང།། སོད་དཀྲུགས་ཕྱེ་ཞིག་སྨོད་མོ་བྲི།། རླུང་ལྷ་ཡབ་ཡུམ་ལྟོ་བར་བཞུག། ལས་ཀྱི་རླུང་གིས་བཏེག་ལ་བཞག། མོ་འཁོར་རྩིབས་ནི་བརྒྱད་ཚན་གཉིས། ། རྩིབས་ལ་སྲོག་སྔགས་མིང་དང་བཅས།། རྟེན་དང་བཅས་པ་བྲི་བར་བྱ།། དབུས་དང་རྩིབས་མཆན་ཡབ་ཡུམ་འདྲ།། ལྕམ་དྲལ་གཉིས་ཀྱང་འདྲ་བ་ལ།། ཡབ་ཡུམ་གཉིས་པོ་སྦྱར་བར་བྱའོ། ། བྱ་རོག་འུག་པའི་རཀྵས་བྱུག། དེ་ཡིས་མི་མཐུན་རྫས་བསྟན་པ།། གདགས་སྲིབས་ཆུ་ཡི་ཆོད་པ་ཡིས།། ས་བདག་ཀླུ་གཉན་གནས་པའྀ་ས།། དེར་སྐྱེས་གླང་མ་སྟག་པ་གཉིས།། ཞལ་དང་ཁ་མིག་ཚང་བར་བྱ། ། སྟག་པའི་རྩེ་ལ་ཨོག་སྒྲོ་གཟུགས།། མོ་ཤིང་འུག་པའི་སྒྲོ་གཟུགས་སོ།། ཙཀྲ་འབྲིང་པོའི་སྔགས་དག་གམ།། དབྱེ་བ་ཕོ་མོའི་སྔགས་ཕྱེ་ལ།། ཚུགས་ཤིང་གཉིས་ལ་བྲིས་ལ་བཞག། སྒོ་རེབ་ལྟ་བུའི་དབྱིབས་ཅན་ལ། ། མ་ཐེམ་ཆུ་ལ་ཡ་ཐེམ་མེ།། གཡས་པ་རླུང་ལ་གཡོན་པ་ས།། མིང་གཟུགས་ལེགས་པར་བཀོད་ལ་བཞག། དབུས་ཀྱི་ཀ་བ་མཐོ་གང་འོག། ཙཀྲ་སྐྱོན་ལ་བསྐོར་བར་བྱ།། ལས་རྣམས་གྲུབ་པར་གདོན་མི་ཟ། ། དེ་ཡི་རྒྱབ་ཏུ་བདག་བསྲུང་བའི།། སྟོང་ཉིད་ཆེན་པོ་སྲ་བའི་གོ། ཅིས་ཀྱང་མི་ཚུགས་པའི།། ཙཀྲ་ལེགས་པར་བྲིས་ལ་བཞག། རླུང་ནག་འཁྲུགས་པའི་རྒྱུད་ལས། སྤྲ་ཁྲིད་ཀྱི་ལེའུ་སྟེ་བཅུ་གསུམ་པའོ། །།། འབྱུང་བ་རླུང་ལ་མ་རྟེན་གང་ཡང་མེད།། སྲིད་པ་ཕྱི་ནང་གཉིས་ཀ་རླུང་ལ་རྟེན།། སྣོད་ཀྱི་ལོ་ཀ་འཕོ་འཇུག་དང།། བཅུད་ཀྱི་སེམས་ཅན་འགྲོ་འདུག་ཉལ་འགྲེང་དང།། སྐེད་འདོན་སྨྲ་ཞིང་ཟློས་པ་རླུང་ཡིན་ནོ། ། དེ་ཕྱིར་རླུང་གི་འཁོར་ལོས་ལས་ཀུན་བྱེད།། རླུང་གི་འཁོར་ལོ་མི་ཤེས་སྔགས་པ་ཀུན།། རི་མོ་སྣ་ཚོགས་འཁོར་ལོ་ཡིན་ནོ་ཞེས།། བསྐོར་བའི་ཐབས་མེད་རང་གི་ཡིད་སྨོན་ཡིན།། དེ་ལ་བཟློས་བསྐོར་བྱེད་པ་ཚི་ཆད་དོ། ། སྐལ་མེད་སྔགས་པ་མཚམས་གཅོད་བསྒྲུབ་མཐུ་བྱེད།། བརྒྱགས་ཆད་སོ་ནམ་དགེ་སྦྱོར་འཆག་ཅིང་རང་སེམས་སྡུག། བསམ་ངན་ཞེ་སྡང་སྐྱེས་པས་ངན་སོང་ལྟུང།། རླུང་འཁོར་འདི་ཡིས་དགྲ་འདུས་སྔགས་པ་ཀུན། ། ཆོས་སྤྱོད་བྱ་བ་བྱེད་ཅིང་བསྡད་བས་ཆོག། ལས་ཀ་འབྱུང་བས་བྱེད་པས་རང་སེམས་དལ། ཁོང་དུ་སྦྲུལ་ཞུགས་ལུས་ལ་མེ་འབར་ཀྱང།། ཡིད་ལ་གཅང་ཞིང་ཁ་རུ་གདོན་མི་བྱ།། ངན་སོང་གསུམ་གྱི་སྡུག་བསྔལ་ཨེ་རེ་འཇིགས། ། སྙིང་གི་དཀྱིལ་དུ་སྦོས་ཤིག་ས་མ་ཡ།། ལྔ་བརྒྱའི་སྙིགས་མར་སོང་བའི་ཚེ།། སྒྲུབ་མཐུ་ལོང་མེད་ནུས་པ་ཆུང།། རྒྱལ་པོ་ཁྲིམས་ཉམས་སྤྱོད་ངན་དར།། དམ་ཆོས་སྤྱད་དབང་མེད་པ་དང། ། ཆོས་སྐོར་འཇོམས་ཤིང་དགེ་འདུན་འཚེ།། བཙུན་པ་ཁྲིམས་ཉམས་སྡེ་འཁྲུག་བྱེད།། སྔགས་པ་དམ་ཚིག་མི་བསྲུང་བར།། ནང་རྨེ་བྱེད་ཅིང་ནོར་ཕྱིར་འབྲང།། སྐྱེ་བོ་བསྲུངས་པས་རློམ་པ་ཚེ།། ཅིས་ཀྱང་མི་ཐུབ་མི་བཟློག་པའི། ། འབྱུང་བ་རླུང་གི་འཁོར་ལོ་འདིས།། དེ་ཆེ་འབྱུང་བས་འབྱུང་བ་བཤིག། དཔེར་ན་ཆུ་ཆེན་འབྲུབ་པ་འདྲ།། བསྐལ་པ་མེ་ཆེན་འབར་བ་འདྲ།། ལས་ཀྱི་རླུང་ནག་འཁྲུག་པ་འདྲ།། ཁོང་དུ་གདུག་པའི་སྦྲུལ་ཞུགས་ཀྱང། ། སྤེལ་ན་མནར་མེད་དམྱལ་བར་སྐྱེ།། བསྟན་པའི་དོན་ལ་དགོངས་པ་ཡི།། སྐལ་ལྡན་རེ་རེ་ཙམ་ལ་ནི།། རྒྱུད་འདི་གཏད་ལ་བཀའ་རྒྱས་གདབ།། རླུང་ནག་འཁྲུགས་པའི་རྒྱུད་ལས། རྒྱུད་ཀྱི་ཆེ་བ་བསྟན་པའི་ལེའུ་སྟེ་བཅུ་བཞི་པའོ། །།། ཆོས་འཁོར་བསྟན་པ་འཇིག་པ་དང།། བླ་མ་བརྙས་ཤིང་རྣལ་འབྱོར་འཚེ།། ཅིས་ཀྱང་བདག་ལ་སྙད་འཛུགས་ན།། དེ་ཚེ་འདི་ཡི་ལས་བྱའོ།། རླུང་ནི་ལས་ཀུན་བྱེད་པས་ཏེ། ། འབྱུང་བ་ཁོལ་པོར་འཁོར་བ་ཡིན།། བསྒྲུབ་མཐུའི་ནུས་པ་རྡུགས་པ་དང།། རྒྱལ་པོས་རྒྱལ་ཁྲིམས་མི་ཐུབ་ཅིང།། དམ་ཆོས་སྤྱད་ལ་སྐུར་པ་འདེབས།། མི་ནག་བཟློག་པ་བྱེད་པ་མང།། སྙིགས་དུས་སེམས་ཅན་ལས་ཀྱིས་འཁོལ། ། དེ་ཚེ་ལས་འདི་དགོངས་པས་ཏེ།། ནམ་དགོས་དུས་སུ་སྤྱད་པས་ཆོག། དཔེར་ན་གཡུལ་ངོར་རལ་གྲི་འདྲ།། འདི་ལ་གནད་ཆེན་བཞི་ཡོད་དེ།། མི་ཐེབས་མི་སྲིད་པ་ཡི་གནད། ། ལས་བྱེད་རྡོ་རྗེའི་མིག་ནས་འབྱུང།། འཇམ་པོ་རྩུབ་མོར་བསྒྱུར་བའི་གནད།། རྩུབ་པའི་རྫས་ཀྱི་ཙཀྲ་དབྱུང།། རང་ལ་མི་ལྡོག་པ་ཡི་གནད།། ཙཀྲ་ཀླད་ལ་བླ་ལ་ཟེར་ལན་གསུམ་བསྐོར།། སྣ་འདྲེན་མྱུར་ཞིང་མགྱོགས་པའི་གནད། ། ཡུལ་གྱི་ལྷ་འདྲེ་ལས་ལ་གཟུད།། ཟབ་པར་ངེས་ཀྱིས་སྙིང་ལ་ཆོངས།། བསྟན་བསྲུངས་རྒྱུད་ཆེན་རྒྱལ་པོ་འདི།། བསྟན་པ་བསྲུང་བའི་གདེང་དུ་ཞོག། རླུང་ནག་འཁྲུགས་པའི་རྒྱུད་ལས། གནད་ཆེན་བཞིའི་ལེའུ་སྟེ་བཅོ་ལྔ་པའོ།།།། རླུང་ནག་འཁྲུགས་པའི་བསྐལ་པ་དུམ་བུར་ཕྱུང་བ་དགོས་པའི་ལག་ཆ་ཚང་བ་རྫོགས་སོ།།།། རྒྱ་གར་སྐད་དུ། ཨེ་མན་ཏྲ་སརྦ་ཙི་ན་ཙཀྲ་རྦད་མ་ཏནྟྲ་ནཱ་མ་ཐ། བོད་སྐད་དུ། དྲག་སྔགས་ཐམས་ཅད་འདུས་པའི་འཁོར་ལོ་དྲག་སྔགས་གཅོད་པའི་རྒྱུད་ཅེས་བྱ་བ། བཅོམ་ལྡན་འདས་དྲག་པོ་འཇིགས་བྱེད་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། ། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་འཇིགས་བྱེད་ཆེན་པོ་གཟིར་ཅིང་གནོད་བྱེད་ཀྱི་རྒྱལ་པོ། དུར་ཁྲོད་ཆེན་པོའི་གནས་ཤིན་ཏུ་འཇིགས་ཤིང་སྐྱི་བུང་བ་ལ་ཡང་བའི་གནས་ན། འཁོར་ཉིད་ལས་མི་ཞན་པའི་ཁྲོ་བོ་ཁྲོ་མོ་དང། གཞན་ཡང་ཕྱག་ན་རྡོ་རྗེ་ལ་སོགས་པ་བྱང་ཆུབ་སེམས་དཔའ་རྣམས་དང།། དྲེགས་པ་ཅན་གྱི་ཚོགས་བདུད་དང། སྨུ་དང། རྒྱལ་པོ་དང། བཙན་དང། མགོན་པོ་དང། གཟའ་དང། རྡོ་རྗེ་ལེགས་པ་དང། ཀླུ་ལ་སོགས་པ་དང། གཞན་ཡང་མ་མོའི་ཚོགས་མང་པོ་དང།། བདུད་མོ་དང། སྲིན་མོ་དང། ཐམས་ཅད་འདུས་ནས་གནས་སོ།། དེའི་ཚེ་བཅོམ་ལྡན་འདས་འཇིགས་བྱེད་ཆེན་པོ་དེས་དྲེགས་པ་ཐམས་ཅད་དྲག་པོས་གཟིར་ཅིང་ཡོངས་སུ་གཅོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་བཞུགས་སོ། ། ཏིང་ངེ་འཛིན་དེ་ཡི་མཐུས་ས་གཞི་ཐམས་ཅད་རབ་ཏུ་གཡོས་སོ།། ལོ་ཀ་ཐམས་ཅད་རབ་ཏུ་གཡོས་པ་དང། འགུལ་བ་དང། རབ་ཏུ་འགུལ་བ་དང། ལྡེག་པ་དང། རབ་ཏུ་ལྡེག་པ་དང། འོད་དང་སྒྲ་ལ་སོགས་པ་སྣ་ཚོགས་བྱུང་ངོ།། དེའི་ཚེ་ཕྱག་ན་རྡོ་རྗེ་ལ་སོགས་པ་ཉིད་ལས་མི་གཞན་པའི་འཁོར་རྣམས་ཀྱིས། དཔལ་འཇིགས་བྱེད་ཆེན་པོ་དང་ཐབས་ཤེས་རབ་གཉིས་མེད་པའི་ངང་ལས་བཞེངས་ནས་དྲག་པོ་སྔགས་ཐམས་ཅད་ཀྱི་སྦྱོར་བས། ལྷ་དང་དྲེགས་པ་ཅན་ཐམས་ཅད་གཟིར་བར་བྱེད་པ། འཕྲོག་པར་བྱེད་པ་དང། གཅོད་པར་བྱེད་པ་དང། འཇིགས་པར་བྱེད་པའི་གདོན་རྣམས་དང།། ཡང་དག་པའི་ཐུགས་ལས་འཐོན་ནས་འཁོར་རྣམས་ལ་བཀའ་སྩོལ་བར་ཡོངས་སུ་རྟོགས་ནས། འཇིགས་པ་མེད་པ་ཡོངས་སུ་ལྷན་ནེར་གནས་སོ།། འཇིག་རྟེན་གྱི་དྲེགས་པ་ཕོ་མོ་རྣམས་འཇིགས་པ་མེད་པར་བརྒྱལ་བར་གྱུར་ཏོ།། དེ་ནས་བྷ་ག་བན་ཐུགས་ཞི་བའི་ངང་ལས་ཐུགས་རྗེ་ཆེན་པོས་འཁོར་རྣམས་སྣོད་དུ་རུང་བར་བྱ་བའི་ཕྱིར་བྱིན་གྱིས་བརླབས་ནས། བརྒྱལ་བ་རྣམས་སླར་དྲན་པ་རྙེད་ནས་བདེ་བར་གནས་པར་མཛད་དོ།། དེ་ནས་ཕྱག་ན་རྡོ་རྗེ་ལ་སོགས་པ་ཉིད་ལས་མི་གཞན་པའི་འཁོར་རྣམས་ཀྱིས་རང་རང་གི་གདན་ལས་བཞེངས་ནས། མཁྱེན་བཞིན་དུ་བྷ་ག་བན་ལ་མགྲིན་གཅིག་ཏུ་འདི་སྐད་ཅེས་གསོལ་ཏོ།། བྷ་ག་བན་འཇིགས་བྱེད་ཆེན་པོས་ལོ་ཀར་ས་གཡོ་བ་དང། འགུལ་ལྡེག་དང་འོད་དང་སྒྲ་དང་དྲག་པོ་འདི་འབྱུང་བ་འདི་ཅིའི་རྐྱེན་ལགས་ཞེས་ཞུས་པས། ། དེ་ནས་བྷ་ག་བན་གྱིས་ཐབས་ཤེས་རབ་གཉིས་མེད་པའི་ངང་ལས་བཞེངས་ནས། ཕྱག་ན་རྡོ་རྗེ་ལ་སོགས་པའི་འཁོར་རྣམས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། རིགས་ཀྱི་གཙོ་བོ་ལ་སོགས་པའི་འདུས་པའི་འཁོར་ཁྱེད་ཉོན་ཅིག། ཡང་དག་ཉིད་དུ་ངས་བཤད་ཀྱིས།། ལྔ་བརྒྱ་དུས་ཀྱི་སྙིགས་མ་ལ།། ཟས་ངན་ལྕི་བ་ཟ་བ་དང།། གོས་ངན་རེ་བ་གོན་པ་དང།། དགེ་སྡིག་འཆོལ་པར་སྤྱོད་པ་དང། ། མཚོན་གྱི་བསྐལ་པ་དར་བ་དང།། ནད་ཀྱི་བསྐལ་པ་བྱུང་དུས་སུ།། རྣལ་འབྱོར་གྲོང་བསྙེན་དར་བའི་དུས།། སྣང་སྲིད་ལྷ་འདྲེ་ཐམས་ཅད་འབོད།། ལྷ་འདྲེ་དྲེགས་པ་རྩལ་འགྲན་དུས།། སྦྱོར་བ་ནང་འཐབ་རིག་སྔགས་འགྲན། ། ལྷ་འདྲེ་འཁྲུག་ཅིང་སྲུངས་མ་ལྡོག། བཀྲ་མི་ཤིས་པ་འབྱུང་འགྱུར་ཏེ།། བསྙེན་བསྒྲུབ་ལས་སྦྱོར་སྣལ་ཐང་ལ།། ནུས་པ་འབྱུང་བའི་ལོང་མེད་པས།། དཀར་པོ་ཡོངས་སུ་བརྒྱངས་པ་དང།། ནག་པོ་ཉལ་ཐག་བཅད་པའི་ཕྱིར། ། མ་འོངས་སྐལ་ལྡན་དོན་ཆེད་དུ།། སྔགས་ཀྱི་སྦྱོར་བའི་མན་ངག་རྣམས།། ང་ཉིད་གསུང་བའི་རྟགས་ཡིན་ནོ།། ཞེས་གསུངས་སོ།། དེའི་ཚེ་དྲེག་པ་ཕོ་མོ་རྣམས་རང་དབང་མེད་པར་འཇིགས་པས། ། བྷ་ག་བན་ལ་གསོལ་པ། བདག་ཅག་སྙིང་གི་དཀྱིལ་དག་ན།། རང་རང་གསོད་པའི་སྔགས་དང་བརྡེག། གཞན་དག་གསོད་པའི་སྔགས་དང་བརྡེག། དེ་དག་སྟོན་པས་བཀའ་སྩལ་འཚལ།། ཞེས་ཞུས་སོ། ། དྲག་སྔགས་གཅོད་པའི་རྒྱུད་ལས། གླེང་གཞིའི་ལེའུ་སྟེ་དང་པོའོ།།།། དེ་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། མ་ལུས་ཀུན་གྱི་སྔོན་དུ་ནི།། བསྙེན་པ་ཚད་དུ་བསྐྱལ་ནས་ཀྱང།། བསྙེན་ནས་ཉེ་བར་མི་འགྱུར་ཞིང། ། བསྒྲུབས་ཀྱང་གང་ཡང་མི་འགྲུབ་ན།། སངས་རྒྱས་བསྟན་པ་བསྲུང་བའི་ཕྱིར།། རྣལ་འབྱོར་ཇི་ལྟ་བུ་ཡིས་འགྲུབ།། གནས་ཀྱི་མཚན་ཉིད་ཇི་ལྟ་བུ།། ཁྱད་པར་རྫས་ནི་ཇི་ལྟ་བུ། ། དུས་ཀྱི་ཁྱད་པར་ཇི་ལྟར་ལགས།། ཏིང་འཛིན་རིམ་པ་ཇི་ལྟར་ལགས།། སྲོག་དང་མཚོན་ཆ་ལ་སོགས་པའི།། མགོ་དང་ལུས་དང་རྐང་དང་ནི།། དམག་དང་གོ་དང་མཚོན་དང་ནི།། ངར་དང་གྲི་དང་ཚ་ལ་ཡི། ། མན་ངག་སོ་སོ་ཇི་ལྟ་བུ།། སྔགས་ཀྱི་བྱུང་ཚུལ་ཇི་ལྟར་ལགས།། སྔགས་ཀྱི་སྦྱོར་བ་གང་ཞིག་ལགས།། སངས་རྒྱས་བསྟན་པ་གང་གིས་བསྲུང།། སྦྱོར་བའི་དབྱེ་བ་ཇི་ལྟར་ལགས།། སྨོད་མོ་རྣམ་པ་དུ་ཞིག་མཆིས། ། དྲག་སྔགས་རིག་སྔགས་ཇི་ལྟར་ལགས།། བཅད་ཐབས་རྣམ་པ་དུ་ཞིག་མཆིས།། བཅད་པའི་ནུས་པ་གང་དང་ལྡན།། མ་བཅད་རྐྱེན་ནི་ཇི་ལྟར་ལགས།། སྔགས་ཀྱི་བཟླས་ལུགས་ཇི་ལྟར་ལགས།། བཟླས་པའི་ཚད་ནི་གང་གིས་འགྲུབ། ། སྔགས་ཀྱི་ཙཀྲ་ཇི་ལྟར་བསྐོར།། འཁོར་ལོའི་དབྱེ་བ་ཇི་ལྟར་ལགས།། མཚན་མའི་རྟགས་ནི་ཇི་ལྟར་འབྱུང།། རང་གི་ལྷ་སྔགས་ལོག་ན་ཇི་ལྟར་བགྱི།། གཞན་གྱི་རིག་སྔགས་མཚོན་ཟུགས་ཇི་ལྟར་བཤིག། བདག་གིས་མ་འཚལ་བཤད་དུ་གསོལ།། དྲག་སྔགས་གཅོད་པའི་རྒྱུད་ལས་ཞུས་པའི་ལེའུ་སྟེ་གཉིས་པའོ།།།། དེ་ནས་བཅོམ་ལྡན་འདས་དཔལ་ཆེན་པོས་དེ་སྐད་གསོལ་བར་གནང་ནས་ཀྱང། ། འཁོར་གྱི་ཚོགས་ལ་བཀའ་སྩལ་པ།། ཉོན་ཅིག་རིགས་ཀྱི་གཙོ་བོ་ཁྱེད།། མ་འོངས་སྐལ་ལྡན་དོན་ཆེད་དུ།། སྔགས་ཀྱི་མན་ངག་བཤད་པར་བྱ།། ལྔ་བརྒྱ་དུས་ཀྱི་ཐ་མ་ལ།། དྲག་སྔགས་གཅོད་པའི་ཙཀྲ་འདི། ། ཀུན་གྱི་བྱ་བ་ཐུན་མོང་མིན།། འདི་ཉིད་བསྒྲུབ་པའི་རྣལ་འབྱོར་འདི།། གསང་སྔགས་སྣོད་དུ་རུང་བ་དང།། ཚེ་རབས་གོང་ནས་སྦྱངས་པ་ཡི།། ལས་དང་ཐུགས་རྗེ་ལྡན་པའི་མིས།། དད་པ་ཆེ་ཞིང་ཤེས་རབ་རྣོ། ། ཞེན་ཆགས་ཆུང་ལ་སེར་སྣ་མེད།། བརྩོན་འགྲུས་ཆེ་ལ་དམ་ཚིག་སྲུང།། བླ་མ་བཀུར་ཅིང་མཉེས་པ་འབུལ།། ཐོབ་པ་ཆེ་ལ་མན་ངག་ལྡན།། སྔགས་ཀྱི་དོན་ལ་མ་རྨོངས་མཁས།། ད་ལྟའི་གང་ཟག་དག་གིས་བྱ། ། དེ་ལྟ་བུ་ཡི་དམ་པ་དེས།། ཆོས་དང་མཐུན་པའི་གནས་བཙལ་ཏེ།། བྲག་དཀར་རྡོ་རྗེ་གདེངས་པ་དང།། རིན་ཆེན་སྤུངས་པ་འདྲ་བ་དང།། གསེར་གྱི་མཆོད་རྟེན་འདྲ་བ་དང།། གླང་ཆེན་སེང་གེ་སྒྲིགས་འདྲ་དང། ། རྩི་ཤིང་ནགས་ཚལ་ཡོད་པ་དང།། གནམ་ནི་ཙཀྲ་འདྲ་བ་དང།། ས་ནི་པདྨའི་དབྱིབས་སུ་གནས།། དེ་དག་གནས་ཀྱི་མཚན་ཉིད་ནི།། བཀྲ་ཤིས་ཡིད་འོང་གནས་སུ་གསུངས།། ཡང་ན་འདི་འདྲའི་གནས་སུ་བསྒྲུབས། ། བྲག་ནི་དམར་ནག་སྣ་ངོ་སྐྱ།། ལུང་གསུམ་མདོ་དང་རི་གསུམ་རྩེ།། དགུང་རྡེ་མི་རོ་སྤུངས་པ་འདྲ།། དུར་ཁྲོད་གནས་དང་ཤིང་གཅིག་ཏུ།། གནོད་སྦྱིན་གདོན་གྱི་གནས་སུ་བསྒྲུབ།། ཡང་ན་རང་ཉིད་གནས་པ་ཡི། ། ཉལ་ས་དབེན་པའི་གནས་སུ་བྱ།། ཁྱད་པར་རྫས་ཀྱི་རིམ་པ་ནི།། དྲག་པོ་ཨེ་ཡི་དཀྱིལ་འཁོར་བྲི།། ཕུད་དང་བདུད་རྩི་རཀྟ་དང།། སྨན་གཏོར་དང་ནི་དུག་གཏོར་དང།། ཞིང་གི་བླ་རི་ལ་སོགས་པ། ། དུག་ཁྲག་དང་ནི་ཐིག་ལེ་དང།། ལྕགས་ཕྱེ་ཟངས་ཕྱེ་རྡོ་ཕྱེ་དང།། ཉུངས་ཀར་ཉུངས་ནག་ཐུན་གྱི་རྫས།། གང་འགུགས་པ་ཡི་རྟེན་བཅས་ལ།། ཐོད་པ་ལིང་ག་ལ་སོགས་པ།། ཁྱད་པར་རྫས་ཀྱི་རིམ་པའོ། ། ཁྱད་པར་དུས་ཀྱི་རིམ་པ་ནི།། དུས་ཀྱི་སྙིགས་མ་ཤར་ཙམ་ན།། རྣལ་འབྱོར་གྲོང་བསྙེན་བྱེད་པའི་ཚེ།། བསྙེན་བསྒྲུབ་ལས་སྦྱོར་གང་བྱས་ཀྱང།། འདོད་པའི་རྟགས་ཀུན་མེད་པ་རུ།། རང་གི་ལྷ་དང་རིག་སྔགས་ལོག། དེ་དུས་སྔགས་ཀྱི་སྦྱོར་བ་བྱ།། གཞན་གྱི་རིག་སྔགས་ཟུག་གྱུར་ན།། མཚན་མའི་རྟགས་ཀུན་ངན་གྱུར་མ།། དེ་ཚེ་སྔགས་ཀྱི་སྦྱོར་བ་བྱ།། དུས་མིན་པ་རུ་བྱ་བ་མིན།། དུས་མིན་པ་རུ་བྱས་ན་ནི།། རྣམ་སྨིན་འབྲས་བུ་རང་ལ་འབྱུང།

CLOSE WINDOW