CLOSE WINDOW

Gpb042.006: ཤ་བ་རུ་འཛིངས་ཀྱི་རྒྱུད
Wylie

ཡ་མ་ནི་མོ་ཧ་དྷ་བ་རི་བ་རུ་ལ་ད་ཏནྟྲ། བོད་སྐད་དུ། ཤ་བ་རུ་འཛིངས་ཀྱི་རྒྱུད། ཡ་མནྟ་ཀ་ལ་ཕྱག་འཚལ་ལོ།། སྔོན་ལྷོ་ཕྱོགས་དུར་ཁྲོད་ཀྱི་གློང་འཇིགས་ཤིང་ཡང་བ་སྤུ་ཟིང་བྱེད་པའི་གནས་དེ་ན། བཅོམ་ལྡན་འདས་དཔལ་ཁྲག་འཐུང་གི་རྒྱལ་པོ་གཤིན་རྗེ་གཤེད་ལ། གཤིན་རྗེ་ཆར་ཀ་ལ་སོགས་པའི་འཁོར་དྲེགས་པ་ཕོ་མོ་བསམ་གྱིས་མི་ཁྱབ་པས་བསྐོར་ནས་གནས་པའི་དུས་ན། དགེ་སློང་ཅང་ཤེས་ཀོའུ་དི་ནྱ་ཡ་ལས་བཅོམ་ལྡན་འདས་ལ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས་ཐལ་མོ་སྦྱར་ནས་དྲུང་དུ་འདུད་ནས་འདི་སྐད་ཅེས་གསོལ་ཏོ།། ཀྱེ་བཅོམ་ལྡན་འདས་བདུད་ལས་རྒྱལ་བ། མགོན་པོ་དཔའ་བོ་དྲེགས་པའི་སྐུ།། དུས་ཀྱི་ཐ་མ་བྱུང་བའི་ཚེ།། གཤིན་རྗེ་འཆར་ཀ་ནག་པོ་འདི།། གང་ཟག་དང་བསྐྱེད་པར་འགྱུར།། དེ་ཡི་དུས་སུ་ཆར་ག་ཀ་དར།། དར་བའི་དུས་ན་ནང་མི་གཤིན། ། བདག་ལ་ཕ་ལོག་བདག་རང་འཁུ།། དེ་ཡི་དུས་ན་ཇི་ལྟར་བགྱི།། ཞེས་པ་དང། དགེ་སློང་ཅང་ཤེས་ཏམ་ཉོན་ཅིག། ལྷོ་ཕྱོགས་ཀྱི་དུར་ཁྲོད་ཆེན་པོའི་གློང་ན། འཇམ་དཔལ་གཤིན་རྗེ་ལ་དྲེགས་པ་མང་པོས་བསྐོར་ནས་རྒྱུད་སྡེ་ཐམས་ཅད་ཀྱི་ལུང་ནོད་ནས། སྔགས་ཐམས་ཅད་འབྱེད་པ་གཅིག་གནས་ཀྱིས་དེ་རུ་བཞུད་ཅིག་གསུང་ངོ།། དེར་དགེ་སློང་ཐོས་པ་ཆེ་བར་ཅང་ཤེས་ཀོའུ་དི་ནྱ་དང། མང་པོར་ཐོས་པའི་ཀུན་དགའ་བོ་དང། ཤེས་རབ་ཆེ་བའི་ཤཱ་རིའི་བུ་དང། རྫུ་འཕྲུལ་ཅན་གྱི་མོའུ་འགལ་གྱི་བུ་དང། ལྷའི་མིག་དང་ལྡན་པའི་མ་འགགས་པ་དང། མཐུ་ཆེ་བའི་དགའ་བྱེད་དང། འཇིགས་པ་མེད་པའི་བ་ཀུ་ལ་དང། མངོན་ཤེས་ཅན་གྱི་རྟ་ཐུལ་དང། མཐུ་སྟོབས་ཅན་གྱི་གསུས་པོ་ཆེ་དང། དགེ་སློང་དགུ་ཀས་ལྷོ་ཕྱོགས་དུར་ཁྲོད་དུ་བྱོན་ནས་གསོལ་བ་བཏབ་པས། དགུ་དགུ་ལོན་པའི་དུས་ལ། བཅོམ་ལྡན་འདས་འོད་འདོམ་གང་དང་བཅས་ནས། འཇམ་དཔལ་ཉིད་དང་འཆི་བདག་གི་ཐུགས་ཡང་དག་པ་ཇི་ལྟ་བུ་མཁྱེན་ནས། འཁོར་རྣམས་ལ་བཀའ་སྩལ་ཏོ།། ཤ་པོ་རུ་འཛིངས་ལས་གླེང་བསླང་བའི་ལེའུ་སྟེ་དང་པོའོ།།།། དེ་ནས་དགེ་སློང་རྣམས་ལ་བཀའ་སྩལ་པ། བདག་ལ་ཕ་ལོག་བདག་རང་འཁུ།། དེ་ཡི་མན་ངག་སྟོན་པ་ནི།། འཆི་བདག་བེ་བ་ས་ཏ་ལགས།། དེ་ཡི་བསྙེན་པོར་དེ་ཆེ་སྟེ།། དེ་ལ་དེ་ཉིད་སྐྱོན་ཕབ་པས།། དེ་ཉིད་དེ་ཡི་བསྙེན་པོར་འགྱུར། ། ཅེས་གསུངས་པས་ན།། འཇམ་དཔལ་གཤིན་རྗེའི་སྤྲུལ་པ་སྟེ།། བེ་བ་ས་ཏ་ཉིད་ལ་དྲིས།། རོ་ལངས་གཤིན་རྗེ་དགྲ་མགོན་ཡིན།། དགྲ་རྒྱུད་ནག་པོའི་སྤུ་གྲི་ཡོད།། ཆར་ཀའི་སྙིང་དང་ལུས་སྲོག་འབྲེལ། ། དེ་བས་རབ་ཏུ་གསང་ལ་བྱ།། ཞེས་བཀའ་སྩལ་ཏོ།། ཡང་འཁོར་རྣམས་ཀྱིས་གསོལ་བ་བཏབ་བོ།། དེ་ནས་ནམ་མཁའི་མཐོངས་ན། ཉི་མའི་བུ་གཤིན་རྗེ་ཛི་བི་ཏ་ཏན་ཏ་ཀ་ར་ཞེས་བྱ་བ། དོན་དམ་པར་བེབ་ས་ཏ་ཞེས་བྱ་བས། འཁོར་རྣམས་ལ་བཀའ་སྩལ་པ། ཁྱོད་ཀྱི་དོན་ཇི་ལྟར་འདོད་པ་དེ་བདག་གིས་བཤད་ཀྱིས་ཉོན་ཅིག། བཅོམ་ལྡན་མི་ཕམ་བདུད་ལས་རྒྱལ།། བྲམ་ཟེའི་རིགས་མཆོག་སྨོད་མོ་བརྣོ།། དེ་ཡིས་གསུངས་པའི་དོན་རྣམས་ལ། ། དེ་ལ་ཞུ་བ་ཐོགས་པ་མེད།། ཅེས་བཀའ་བསྒོ་བའི་ལེའུ་སྟེ་གཉིས་པའོ།།།། དེ་ནས་འཁོར་ལ་བཀའ་སྩལ་པ།། བདག་དང་བདག་གཉིས་བདེན་པ་ན།། བདག་གིས་བདག་ལ་འདི་ལྟར་བྱ། ། བདག་དང་འཐུན་པའི་གནས་ཉིད་དུ།། དམ་རྫས་ཡོ་བྱད་བསགས་ནས་སུ།། བདག་ཉིད་ང་རྒྱལ་ཏིང་འཛིན་བསྐྱེད།། ཛི་བི་ཏན་ཏ་ཀ་རའི་སྒྲས།། རི་རབ་བརྩོགས་པོ་འཕང་བྱས་ནས།། གང་ལ་བྱ་བ་འདུལ་བར་བྱ། ། གང་ལ་བྱ་བ་ཐུལ་ནས་ནི།། ཆེ་གེ་མོ་ཞེས་འདུལ་བར་བྱ།། ཞེས་འབྱུང་ངོ།། ཡང་དེ་རྣམས་ཀྱི་དོན་བདག་ལ་སྟོན་ཅེས་ཞུ་བ་ཕུལ་བས། བཀའ་སྩལ་པ། དེ་ནི་སྔོན་ཆར་ཀ་ནག་པོས་འཇིག་རྟེན་ཕུང་ལ་ཁད་ནས། ཛི་བི་ཏན་ཏྲ་ཀ་རའི་སྒྲ་ལ་གྲངས་ན་བེ་བ་ས་ཏ་ཞེས་བྱའོ།། དེ་བདུད་ཉི་མའི་བུ་ཞེས་བྱ་སྟེ། འཆི་བདག་དག་མགོན་ནོ།། དེར་ཆར་ཀ་བཏུལ་བས་མཐར་འཆི་བདག་ཏུ་མིང་དུ་བཏགས་ནས། ང་ཉིད་ང་རང་ལ་སྔོ། དེའི་དུས་ན་འདི་ལྟར་བགྱི། ཞེས་བཀའ་སྩལ་ལོ།། བསྟན་པ་ཐ་མ་གསེར་གྱི་སྤང་པོ་ལ། མན་ངག་ཐ་མ་ཤ་པོ་རུ་འཛིངས་བྱུང། ཞེས་བཀའ་སྩལ་ཏོ།། གཏན་ཚིགས་ཀྱི་ལེའུ་སྟེ་གསུམ་པའོ།།།། ཡང་འཁོར་གྱིས་གསོལ་པ། བཅོམ་ལྡན་འདས་དེ་རྣམས་ཀྱི་དོན་བདག་ཅག་རྣམས་ལ་བསྟན་དུ་གསོལ། ཅེས་ཞུས་པས། ཡང་བཀའ་སྩལ་པ། དེ་ནི་གཤིན་རྗེ་དགྲ་མགོན་གྱི་བེ་བ་ས་ཏའི་ཀྲི་སྣ་རིམ་པ་གཉིས་པའི་འཁོར་ལོ་བསྐོར། ། ཡི་གེ་ཡ་དང་རལ་གྲིའི་འོད།། ལིང་ག་བསྐུལ་ཚིག་བཅས་པ་བྲི།། ཨེ་ནག་གྲུ་གསུམ་དུར་ཁྲོད་སོལ།། མོན་ནག་རབས་ཆད་མཚན་ངན་ལ།། གཤིན་རྗེ་ཐུགས་ཀྱི་འཁོར་ལོ་བསྐོར། ། ནག་པོ་འཇིགས་ཚུལ་རལ་གྲི་ཅན།། མ་ཧེ་ཞོན་ནས་འཁོར་རྣམས་འདུལ།། ཆར་ཀ་ནག་པོའི་ཤ་ཁྲག་དབུགས།། ཟ་ཞིང་གཤིན་རྗེ་བྲན་དུ་འཁོར།། མར་མེ་དབུགས་ཀྱི་རྟ་ཉིད་ལ།། བརྣག་པའི་ཐུན་ནོ་ཚ་བའི་རྫས། ། ལས་རྣམས་བྱའོ་གཤེད་མ་ཡིན།། ཐ་མར་རང་ཤ་རང་གིས་བཟའ།། ཤ་ཁྲག་དྲོན་མོ་རང་གིས་བཏུང།། དེ་ནི་སྔོན་གྱི་དམ་ཚིག་སྟེ།། རང་ངམ་རང་ལ་བཅའ་བའོ།། ཐུགས་ཀྱི་ཡི་གེ་རྣམ་བཞིས་ཀྱང། ། རང་སྣ་རང་གིས་དྲངས་ཏེ་བསྐུལ།། དེ་ནི་མཾ་དང། རི་དང། མ་དང། རཾ་དང་བཞིས། རང་དབང་མེད་པར་བསྐུལ་ནས་བཀུག། གཤེད་མའི་ལག་ཏུ་གཏད་ནས་ནི།། དཔེར་ན་བྱ་སྒྲོ་རླུང་ཁྱེར་བཞིན།། རང་དབང་མེད་པར་གཤེད་མའི་ལག། སྔོན་གྱི་སྡུག་བསྔལ་ཉམས་སུ་མྱོང།། དེ་བས་རང་སྲོག་རང་གིས་གཅད།། ཅེས་བྱུང་བས། དེའི་དོན་དེ་ལྟར་ཤེས་པར་བྱ་སྟེ། དེ་ལྟར་བྱས་ན་ཆར་ཀ་ནག་པོ་མྱུར་དུ་རང་གཤེད་འཁོར་བར་ཐེ་ཚོམ་མེད། གདོན་མི་ཟ་སྟེ་འཁོར་བར་འགྱུར་རོ།། དཀྱུས་ཀྱི་ལེའུ་སྟེ་བཞི་པའོ།།།། ཡང་གསོལ་པ། བཅོམ་ལྡན་འདས། དེ་རྣམས་ཀྱི་བཅའ་གཞི་ཇི་ལྟར་བགྱི། ཞུས་པས། བྲག་ནག་པོ་སོག་པོ་ཁྲོས་པ་འདྲ་བའམ། ། ཡང་ན་རི་ནག་སྲིན་པོ་འདྲ།། ཡང་ན་ཆུ་ཆེན་སྦྲུལ་འདྲ་ཡང།། དེ་ཡི་གནས་སུ་གླུད་ཆེན་གཏང།། ཚ་ཚ་ཆུ་གཏོར་སྤང་ཀོང་ཀློག། གཏོར་སླུད་རྒྱ་ཆེན་གཏང་ལ་གསོལ་བ་གདབ། ཕྱིའི་ལྷ་འདྲེ་མཆོད་ལ་དཔང་པོ་གཞོལ། མཐོ་གཟུགས། མཚམས་བཅད། ནང་གི་ལྷ་འདྲེ་བརྟེན་ལ་དམག་དཔུང་གཞོལ། བདག་ཉིད་གཤིན་རྗེའི་ང་རྒྱལ་བསྐྱེད་ལ་གཤིན་རྗེའི་ལས་གཞུང་བསྲང། དེ་ནས་མཎྜལ་ཕུང་ས་གསུམ་ལ་བྱ། དུག་དང་རྨེ་ཁྲག་རོ་སོལ་སྦྱར་ལ་བྱུག། རྨེ་ཁྲག་མིང་གིས་མེད་དུ་མི་རུང་ངོ།། དུར་ཁྲོད་རས་ལ་སྦྱོར་རྩི་ལྡུམ་པོ་དང།། བོང་ང་ནག་པོ་ཀྱི་ལྕེ་ནག་པོ་དང།། སྦྱར་ཏེ་བྱུགས་ལ་རས་འདུལ་ལེགས་པར་བྱ།། བྱ་རོག་སྒྲོ་རྩས་རྨེ་ཁྲག་དུག་སྦྱར་ལ། ། རིམ་པ་གཉིས་པའི་འཁོར་ལོ་ལག་པར་བྲི།། རྩིབས་བཞིའི་འཁོར་ལོའི་སྤྱི་བོའི་ངོས་ལ་བྲི།། འཆི་བདག་ཁ་གདངས་ལྐོས་ཀོའི་ངོས་ལ་བྲི།། རླུང་གི་དཀྱིལ་འཁོར་སྤྱི་བོའི་ཕྱིན་ཕྱོགས་བྲི། ། དེ་ནི་ཐོད་པའི་འཁོར་ལོའོ།། རྨེ་ཁྲག་དུག་གི་ལས་ལ་བྲི་བ་ནི།། ཆེ་གེ་མོའི་ལིང་ག་དབང་པོ་ཚང་བ་ལ།། མགོ་དང་ལག་པ་གཡས་གཡོན་ལྔ།། འདོམས་དང་སྙིང་ཁ་མདུན་དུ་གཤེད་མ་དགོད།། དཔྲལ་བ་ལྟག་པ་གཡས་གཡོན་ལ། ། ཡི་གེ་འབྲུ་བཞི་བསྐུལ་ཚིག་བཅས་པ་བྲི།། དེ་ཡི་རྒྱབ་ཏུ་རླུང་གི་དཀྱིལ་འཁོར་བྲི།། དེ་ཡི་ཁུད་གཏུམ་ཐོད་པའི་ནང་བཅུག་ལ།། ཨེ་དཀྱིལ་བཞག་ལ་བདག་རང་གཤིན་རྗེ་བསྒོམ། ། དང་པོ་ཧྲི་སྟི་བསྙེན་པ་ལ།། བར་དུ་ཀྵི་ཀྲྀ་ལ་བསྐྱལ།། ཐ་མ་ཤ་རི་མ་རི་སྦྲེལ།། གཤེད་མ་བསྐུལ་གྱིན་གཟུགས་ལ་བསྟིམ།། ཡན་ལག་དབང་པོ་རང་རེའི་ལག་ཏུ་གཏད།། བཀའ་རྣམས་བསྒོ་ཡིན་ཤ་ཁྲག་ཟ་རུ་གཞུག། ཐ་མར་ནག་པོ་སྟོད་ལ་མནན་ལ་བཞག། ཆེ་གེ་མོའི་ཕྱོགས་བཞིར་རྟའི་གཟེར་ཆེན་ཐོབ།། དེ་ནི་ནག་པོ་རང་ལ་འཁོར།། རང་ཤ་ཟ་ཡིན་རང་ལ་འཁོར།། རང་ཁྲག་འཐུང་གིན་རང་ལ་འཁོར།། དེས་ན་ནག་པོ་རུ་འཛིངས་བྱ། ། རུ་སྟོ་གཉིས་ཀ་འཛིངས་གྱུར་ན།། རུ་ཚན་གང་བྱུང་འཆག་པའོ།། མན་ངག་གཉིས་ཀ་འཐབ་འགྱུར་ན།། གྲུབ་ཚད་གང་ཞན་འགུལ་པར་འགྱུར།། དེས་ན་རབ་ཏུ་གསང་བར་བྱའོ།། དེ་ནི་མན་ངག་དམ་པ་སྟེ། ། དེ་ལྟ་བུ་ལ་བརྩོན་བྱས་ན།། ནག་པོ་ཆར་ཀ་རང་གཤེད་འཁོར།། གང་ལ་དམིགས་པ་ཐེ་ཚོམ་མེད།། ཆུ་སྲིན་པིར་གྱི་ཁ་ནང་དུ།། གྲེ་བར་རིན་ཆེན་ཆུད་པ་ལྟར།། བསྐལ་པ་འཁྲུགས་ཀྱང་ཁར་དབྱུང་མིམ་མན་ངག་བཅའ་གཞི་བསྟན་པའི་ལེའུ་སྟེ་ལྔ་པའོ། །།། ཡང་འཁོར་གྱིས་ཞུས་པ། ཀྱེ་བཅོམ་ལྡན་འདས་དཔའ་བོ་ཆེན་པོ་བདུད་ལས་རྒྱལ།། དུས་ངན་ཐ་མ་བྱུང་བའི་ཚེ།། བདག་ལ་ཕ་ལོགས་བདག་རང་འཁུ། ། དེ་ཡི་དུས་ན་འཁོར་ནས་འཁོར་གིན་ཟ།། དེའི་ཐབས་ཇི་ལྟར་བྱ།། ཞུས་པས། བཀའ་སྩལ་པ། དུས་ཀྱི་ཐ་མ་བྱུང་བའི་ཚེ།། སྔགས་པ་ནང་རྒྱས་བྱེད་པའི་ཚེ།། དེ་ཚེ་ང་ཡི་བསྟན་པ་འབྱུང།། ཞེས་པ་བཀའ་སྩལ་པ་ལས། ། དེ་ཡི་བྱ་ཐབས་བསྟན་པ་ནི།། སྔགས་པ་ཁོ་ཡི་ཕྱོགས་བཞི་རུ།། གཟེར་རྟ་བཞི་བཅུག་སྟོད་ལ་མནན།། དེས་ནི་ཕར་རྦད་རང་ལ་འཁོར།། དཔེར་ན་བ་མོ་བེའུ་མི་འདོར་བཞིན།། ཕར་ལ་རྦད་ཀྱང་ཚུར་ལ་འཁོར། ། དེ་ནི་རུ་དོ་ཁུགས་སུ་ཆུད།། ཤ་བའི་རུ་དོ་གཉིས་འཛིངས་པས།། རུ་འཛིངས་རུ་རྩ་མིན་ཤོས་འཆག། དེ་ལ་བསམ་ན་མི་མ་ཡིན།། ཅེས་བཀའ་སྩལ་ཏོ།། ཡང་གསོལ་པ། དེ་ཡི་གཟེར་རྣམས་ཇི་ལྟར་བགྱི། ། བཀའ་སྩལ་པ།། དེ་ཡི་གཟེར་རྣམས་འདི་ལྟ་བྱ།། རྫ་ཡི་གའུ་ཁ་སྦྱར་དུ།། ནག་པོ་ལྔ་ཡི་སྙིང་དང་ཤ། ཁྲག་དང་ཕལ་ག་སྔགས་པའི་མིང་རུས་གཞུག་ཁོ་ཡི་ཡུལ་གྱི་ཤར་ཕྱོགས་སུ།། བྱང་ཤར་ལྷོ་ཤར་བར་གྱི་ཕྱེད་དུ། ། མདའ་གང་ཐུར་དུ་བྲུས་ལ་གཞུག། དེའི་སྟེང་དུ་གའུ་སྙིང་སྣ་ཚོགས། ཤ་སྣ་ཚོགས། ཁྲག་སྣ་ཚོགས། ཕྱི་ནང་གསང་བའི་ལྷ་འདྲེའི་སྲོག་སྙིང་བྲིས་པའི་དཀྱིལ་དུ་ལིང་ག་གཏུམ། དེར་བཅུག་གའུ་ཁ་བཅད་སྦ། ། དེའི་སྟེང་དུ་གའུ་རུ།། བ་དམར་ར་དཀར་འབྲི་ཟལ་གྱི་འོ་མ་དང། མར་གསུམ་དང། ཙི་སྣ་སྨན་སྣ་རིན་པོ་ཆེ།། གསེར་དངུལ་ཟངས་ལྕགས་རིན་པོ་ཆེ།། མུ་ཏིག་བྱི་རུ་ཤེལ་མུ་མེན་རྣམས།། ཀླུའི་སྲོག་རྣམས་བྲིས་ལ་ཁྲམ་ཀྱང་བྲི། ། དེའི་ཁུང་དུ་ཁོའི་ལིང་ག་གཏུམ།། གའུ་བཅུག་ལ་ཁ་བཅད་ལ།། གའུ་གསུམ་པོ་བརྩེགས་ལ་མནན།། ནག་པོ་གཏིང་སྦ། སྡེ་བརྒྱད་བར་སྦ། ཀླུ་ལ་ཁར་སྦས་ལ།། སས་བྱིབ་མིས་མཚོར་བར་བྱ། དེ་ནི་ཤར་གྱི་གཟེར་ཆེན་ནོ།། ལྷོ་ཕྱོགས་དཀྱིལ་དུ་མདའ་གང་ཐུར་དུ་བྲི།། རིན་པོ་ཆེ་ཡི་སྣོད་ཟངས་སམ།། ཡང་ན་བྱུགས་པ་ཡང་ན་རྫ།། རུས་སྦལ་ཁོག་པ་ཤིན་ཏུ་ཤིས།། འབྲས་དང་གྲོ་དང་ཟོ་བ་ནས། ། སྲན་མ་སྲན་ཆུང་བྲ་བོ་ཏིལ།། ཁྲེ་དང་ཁྲམ་འབོར་མོ་ཞིམ་ཚེ་ལ།། ཆན་དུ་བྱས་པས་གཞི་བསླངས་གཏོར་མ་བྱ།། སྦྲུལ་མགོ་མགུ་ཡི་གཟུགས་བྱས་དཀྱིལ་དུ་གཞུག། དམར་ཟལ་དཀར་རྒྱ་སེར་ཟལ་མར་གྱིས་བརྒྱན། ། དེ་ཡི་དཀྱིལ་དུ་ཁོར་ཡི་ལིང་ག་གཞུག། དེའི་ལོགས་གསུམ་དུ།། རྡོ་ནག་རྡོ་སྔོན་ཁྲ་བོ་གསུམ།། སྒྱེད་ཁར་བཙུགས་ལ་ལ་ཁར་བཞག་པ་ནི།། སྡེར་རམ་སྐྱོགས་སམ་རྫ་གཞོང་བཟང་པོ་རུ།། འབྲུ་སྣ་བརྒྱད་དང་རམ་བུ་གཟེ་མ་དང། ། བྲག་ནག་དྲེག་པ་རྣམས་ལ་གཏོར་མ་བྱའོ།། ལྷ་སྲིན་གཏོར་མ་རྒྱས་པར་བྱ།། མུ་སྟེགས་ཀླུ་ལ་སོགས་པ་རྒྱས་པ་ཡི།། ཤ་སྣ་ཁྲག་སྣས་བརྒྱན་བྱས་ལ།། དཀྱིལ་དུ་ལིང་ག་གཞུག་ལ་གཞག། དེའི་སྟེང་ཐོད་པ་སྐམ་པོ་རུ།། གཤིན་རྗེའི་གཏོར་མ་འབྲུ་བདུན་ལ་བྱ།། ནག་པོ་ལྔ་ཡི་ཤ་དང་སྙིང།། མི་ཤ་མིང་གིས་མེད་དུ་མི་རུང་ངོ།། དཀྱིལ་དུ་ལིང་ག་བཅུག་ལ།། སྟེང་དུ་ཆར་ཀའི་གཟུགས་ཀྱིས་མནན། ། སས་བྱིབ་མིས་མི་ཚོར་བར་བྱ།། ནུབ་ཀྱི་ཕྱོགས་སུ་མདའ་གང་ཟུར་དུ་བརྐོ།། འབྲོང་དར་མ་ཡི་ཐོད་པ་ཡོད་ན་རབ།། མེད་ན་གཡུང་གཡག་ཐོད་པ་རུ།། ལྷ་མ་སྲིན་སྡེ་ཉི་ཤུ་རྩ་བཞིའི་གཟུགས་དང་སྐུ་མདོག་རྒྱས་པར་བྲི། ། སྲོག་སྔགས་རང་རེའི་ལྟོ་བར་བྲི།། དེའི་དཀྱིལ་དུ་ཆེ་གེ་མོའི་ལིང་ག་བཅུག་ལ་མནན།། དེ་སྟེངས་སྤྱད་ཁུ་དར་མའི་ཐོད་པ་རུ།། ཆར་ཀའི་གཟུགས་སྐུ་མདོག་དང་འཁོར་དང་བྲིས་ལ་གཞུག། རང་རང་ལྟོ་བར་སྲོག་སྙིང་བྲིའོ། ། ཐོད་པ་དེ་གཉིས་ཀྱི་འོག་གི་སྟེང་དུ།། སྦེ་ཐོད་གཅིག་གི་ནང་དུ་ནི།། ཁོའི་ལྷ་སྲུངས་མིང་གཟུགས་བྲི།། རང་རང་ཁོང་དུ་སྲོག་སྔགས་བྲི།། སྔགས་པ་ཁོ་རང་ཉིད་ཀྱང་བྲི།། དེ་ཡི་སྟེང་དུ་སྦ་བ་ཡིན། ། དེ་རྣམས་ཤོག་གུ་དག་ལ་བྲིའོ།། བྱང་དུ་མོན་ནག་པོའི་ཐོད་པ་ལ།། ཕྱི་རུ་ཆེ་གེ་མོའི་ཡུལ་ཞིང་བྲི།། ནང་དུ་ལིང་ག་ཚང་བར་བྲི།། སྤྱི་བོར་ཆེ་གེ་མོ་གཟིར་བྱ་བ་བྲི།། སྙིང་ཁ་རུ་བེ་བ་ས་ཏས་སྲོག་ཆོད་ཅིག་པ་བྲི། ། ལྟེ་བར་ཆར་ཀས་སྐྱེ་རྒྱུད་ཆོད་ཅིག་པ་བྲི།། ལག་པ་གཡས་སུ་ཕོ་རིགས་རྣམས་ཀྱིས་ཤ་ཟོ་ཅིག་པ་རུ་བྲི།། ལག་པ་གཡོན་དུ་མོ་རིགས་ཀྱིས་ཁྲག་འཐུང་བར་བྲི།། རྐང་པ་གཡས་སུ་རོ་ལངས་རྣམས་ཀྱིས་རྒྱུད་ཆོད་ཅིག་བྲིའོ། ། རྐང་པ་གཡོན་དུ་བལ་མོ་རྣམས་ཀྱིས་བླ་ཚེ་ལོང་བག་པར་བྲི།། ཐོད་པར་བཅུག་ལ་གྲི་གོས་ཅིག་གིས་གཏུམ།། དེའི་ཕྱོགས་བཞིར་མཚོན་ཆ་བཞི་བརྡེག་སྟེ།། ཤར་ནས་སེ་མདའ་སེ་གཞུ་གཏད།། ལྷོ་ནས་མི་རྐང་གླིང་བུས་གཏད། ། ནུབ་ནས་དུག་ཤིང་ཕུར་བུས་གཏད།། བྱང་ནས་མདའ་འམ་གྲིའི་མི་ཐོང་པོས་གཏད།། དི་ཡོ་ཐོད་པ་ལ་རྩེ་མོ་གཏད་ལ་སྦ།། དེ་ནི་སྟོད་ལ་གནན་པའོ།། ཤ་པོ་རུ་འཛིངས་ལས། ནག་པོ་གཏད་འཛིན་གྱི་ལེའུ་སྟེ་དྲུག་པའོ།།།། ཡང་གསོལ་པ། བཅོམ་ལྡན་འདས་དེ་རྣམས་ཀྱི་ཏིང་ངེ་འཛིན་ཇི་ལྟར་ལགས། བཀའ་སྩལ་པ། དེ་རྣམས་ཀྱི་ཏིང་ངེ་འཛིན་འདི་ལྟ་སྟེ། ཤར་དུ་གའུ་གཞུག་པ་ཡང། ། དང་པོའི་གའུ་ཆར་ཀ་ནག་པོའི་རྟེན།། དེ་ཡི་སྟེང་མ་ལྷ་སྲིན་སྤྱི་ཡི་རྟེན།། དེ་ཡི་སྟེང་མ་ཀླུ་གཉན་ས་བདག་གསུམ་གྱི་རྟེན།། རྟེན་ལ་ཆགས་ཤིང་འཁོར་བས་ན་རྟེན་ཞེས་བྱའོ།། ལྷོའི་གཏོར་མ་རྣམ་གསུམ་ནི། དང་པོ་ཀླུ་དང་ས་བདག་མཆོད་པར་བགྱི་ལྷ་སྲིན་སྡེ་བརྒྱད་མཆོད།། ཐ་མ་གཤིན་རྗེའི་ཚོགས་དང་ནག་པོའི་ཚོགས་རྣམས་མཆོད།། དེའི་ཏིང་འཛིན་རིམ་པ་ནི། ཕ་ལོག་ཁོའི་གཏོར་མ་དང་རྫས་དང་ཆང་ཕུད་སྨན། ། མཆོད་ནས་རྦད་ཀྱང་གཏོར་མ་གསུམ་གྱི་ཏིང་ངེ་འཛིན་མི་འཆོར་རྟག་ཏུ་དེ་ལ་ཆགས།། གཏོར་མ་རྒུལ་མཚམས་ཀྱིས་དེ་ལ་སླར་ལ་ཆགས། ནུབ་ཀྱི་བན་དྷ་རྣམ་གསུམ་ནི།། སྦེ་ཐོད་དར་མ་རྔམ་ཞིང་ཆགས་པའི་རྟ། ། འབྲོང་ཐོད་དར་མ་རྔམ་ཞིང་འགིང་བའི་རྟ།། སྤྱད་ཐོད་དར་མ་ཟ་ཞིང་རྔམ་པའི་རྟ། ཁོའི་སྐོངས་དང་མཆོད་པ་རྒྱ་ཆེན་བྱས་པ་དང།། དེ་ཀ་ཙམ་གྱིས་དེ་རུ་རྔམ་པར་འགྱུར།། བྱང་གི་ཐོད་པ་མཚོན་ཆར་བཅས་པ་ཡང། ཁོ་ཉིད་འབྲུབ་ཁུང་ནང་དུ་གདབ་ལས་བྱེད་པ་དང།། དེ་མ་ཐག་ཏུ་འདེབས་པར་འགྱུར།། ནང་དུ་ལིང་ག་མེད་དུ་ཁོང་ཉིད་ཁ་སྟོང་སྐྱེད་པར་འགྱུར།། དེ་བས་ལིང་ག་མཚན་དང་ལྡན་པར་བྱ། ། ཏིང་འཛིན་བསྟན་པའི་ལེའུ་སྟེ་བདུན་པའོ།།།། ཡང་གསོལ་པ། དེ་རྣམས་དུས་དང་ཞག་གྲངས་རྣམས།། མི་འགྱུར་བདག་ལ་བསྟན་དུ་གསོལ།། ཅེས་གསོལ་པ་དང། ཡང་བཀའ་སྩལ་པ། ཞག་ནི་ཉི་ཤུ་རྩ་བརྒྱད་ལ། ། ལས་དེ་རྣམས་ནི་རྫོགས་པར་བྱ།། དང་པོ་རང་གི་གནས་སུ་བཅས་བྱས་ལ།། རྫས་རྣམས་འཚོགས་ནས་དེའི་མོའི་སྔགས་རྣམས་ལ།། བསྙེན་པ་བརྒྱ་རྩ་བརྒྱད་བསྐྱལ་བར་བྱ།། གྲངས་ནི་ཐིམ་པ་དང་ཞག་བདུན་གྱི་ནམ་ཕྱེད་ཟླ་བ་ཐ་ཆུང་བཞི། ། ཡང་ན་ཁོའི་ལོ་གཤེད་ཀྱི་ཟླ་བ་ལ།། ཤར་གྱི་གའུ་སྦ་བར་བྱ།། དེ་ནས་བདུན་ནས་ནུབ་ཀྱི་ག་འུ་སྦ།། དེ་ནས་བདུན་ནས་བྱང་གི་གའུ་སྦ།། དེ་ནས་བདུན་ནས་ལྷོ་ཡི་གཏོར་མ་སྦ། ། དེ་ནས་རང་ཁྱིམ་ལོག་པ་དང།། ལྟ་བསྒོམས་ཏིང་འཛིན་བསར།། གཏོར་མ་ཕུལ་ལ་རྦད་པར་བྱ།། རང་གཤེད་དབབ་པའི་བསྐུལ་ཉིད་གཏང།། ཡང་སྲོག་གི་སྤུ་གྲི་ནས།། དེ་ལྟར་བྱས་ནས་ཕོ་ལོག་ཕུང། ། དྲོད་ཚད་བསྟན་པའི་ལེའུ་སྟེ་བརྒྱད་པའོ།།།། ཡང་གསོལ་པ། དེ་རྣམས་སྔགས་དང་ལིང་ག་ཅིས་སུ་བྲི།། བྲི་བའི་དུས་ཉིད་ཇི་ལྟར་ལགས།། ཡང་བཀའ་སྩལ་པ། ཀླུའི་གའུ་དང་གཏོར་མའི་ལིང་ག་སྲོག་སྔགས་ཀུན། ། སྨན་སྣ་བཅུ་གསུམ་གྲི་ཁག་སྦྱར་ལ་བྲི།། ལྷ་སྲིན་སྤྱིའི་རྨེ་ཁྲག་དུག་སྣས་བྲི།། ཆར་ཀའི་རྨེ་ཁྲག་གསུམ་དང་དུག་སྦྱར་བྲི།། ཀླུའི་ཉི་མ་གྲོས་ལ་བྲི།། ལྷ་སྲིན་ཉི་མ་ཕྱེད་ལ་བྲི།། ཆར་ཁའི་གྲིབ་སོ་འུབས་ལ་བྲི། ། བཟླས་པའི་རིམ་པ་ཡང་དེ་བཞིན་ནོ།། ཟླ་སྟོད་མ་ཡིན་ཟླ་སྨད་དག་ལ་བྱ།། སྐར་མ་སྒྲོག་གམ་དབྱུག་པ་རྟ་གཉིས་བྲ་ཉེ་བཟང།། བཅའ་གཞི་བསྟན་པའི་ལེའུ་སྟེ་དགུ་པའོ།།།། ཡང་གསོལ་པ། བཅོམ་ལྡན་འདས། འདི་ཡི་དུས་ནི་དར་བ་ནམ་ཞིག་དར།། དོན་དང་ཆེད་ནི་གང་དང་གང་གི་དོན།། རྒྱུད་དང་འགྲིམ་པའི་དཔོན་ནི་གང་དང་གང།། ཞེས་གསོལ་པས། བཀའ་སྩལ་པ། འདི་ཡི་དོན་ཆེད་བདག་དང་བདག་གི་རོགས། ། ལྷ་སྦྱིན་ཆེ་གཉིས་རུ་འཛིངས་དོན་དུ་མཛད།། དར་དུས་བསྐལ་པ་ཐ་མ་འཇིག་ཀར་དར།། བརྒྱུད་རིམས་དང་པོ་བདག་གིས་བརྩམས།། དེ་ནས་ཀུན་དགའ་བོ་ལ་གཏད།། དེས་དགེ་སློང་དགུ་དགྲ་བོ་ལ་གཏད། ། དེས་ཟླ་འོད་གཞོན་ནུ་ལ་གཏད།། དེས་ཟླ་གསང་བུ་ར་ཧང་པོའི་ནགས་ལ་སྦས།། དེ་ནས་བསྐལ་པའི་ཆ་སྨད་ལ།། རུམ་བུ་གུ་ཧྱའི་ཉམས་ཀྱིས་སྟོན།། དེས་རྫུ་འཕྲུལ་སྟག་གི་མགོའི་བྲལ་ལ་སྦས། ། དེ་ནས་བསྐལ་པ་ཐ་མ་ལ།། རྒྱལ་བུ་སྤྲིན་གྱི་ཤུགས་ཅན་གྱིས་བཏོན།། དེས་པཎྜི་ཏ་ལྔ་བརྒྱ་དང།། ལོ་ཙ་བ་འགོས་ཁུག་པ་ལྷ་རྩས་ལ་གཏད།། དར་མ་ཀ་ཤོས་པ་ལ་རོའི་བྲག་ལ་སྦས།། དེ་ནི་བརྒྱུད་པའི་རིམ་པའོ། ། བརྒྱུད་པའི་ལེའུ་སྟེ་བཅུ་པའོ།།།། ཡང་གསོལ་པ། བདག་ཅག་རྣམས་ཀྱིས་རྒྱུད་འདི་ཇི་སྐད་བྱ་བར་གཟུང། ཡང་བཀའ་སྩལ་པ། རྒྱུད་འདི་ནི་གང་རུང་རུང་ཀུན་གྱི་ཐུན་མོང་མ་ཡིན་ལ། གང་རུང་རུང་ལ་སྤྱད་པ་ཡང་མ་ཡིན་ལ། གང་རུང་རུང་ལ་སྤེལ་བ་ཡང་མ་ཡིན་ལ། དུས་ཀྱི་ཐ་མ་བྱུང་ཙམ་ན།། ཆར་ཀ་ནག་པོ་དར་ཙམ་ན།། ཁྱིམ་པ་དང་པ་སྐྱེས་ཙམ་ན།། བན་དྷེ་དམ་ཉམས་སྒྲོལ་ཙམ་ན།། སྔགས་པ་ནང་རྒྱས་བྱེད་ཙམ་ན། ། ཆར་ཀ་ནང་རྨེ་བྱེད་ཙམ་ན།། དེ་ཡི་དུས་སུ་འདི་དར་བས།། ནག་པོ་རུ་ཏོ་འཛིངས་པའི་ཕྱིར།། དེས་ན་འདི་ཤ་པོ་རུ་འཛིངས་ཀྱི་རྒྱུད་ཅེས་བྱ་བར་བཟུང་ན། རྒྱུད་ཡོངས་སུ་གཏད་པའི་ལེའུ་སྟེ་བཅུ་གཅིག་པའོ། །།། གཤིན་རྗེ་ཆར་ཀ་ནག་པོ་ཤ་པོ་རུ་འཛིངས་ཀྱི་རྒྱུད་ཅེས་བྱ་བ་རྫོགས་སོ།།།། རྒྱ་གར་སྐད་དུ། སརྦ་བྷྱིད་དྷ་ར་ཛྭ་ལ་མ་ཧཱ་རཱ་ཛ་ཏནྟྲ། བོད་སྐད་དུ། རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ཐམས་ཅད་འཇོམས་བྱེད་འབར་བ།

CLOSE WINDOW