Wylie |
། མགོས་ལ་གནང།།།། རྒྱ་གར་སྐད་དུ། ཡ་མ་མནྟྲ་མ་རན་ཏནྟྲ་ནཱ་མ། བོད་སྐད་དུ། གཤིན་རྗེ་སྔགས་བཟློག་གི་རྒྱུད་ཅེས་བྱ་བ། འཇམ་དཔལ་གཤིན་རྗེ་གཤེད་ལ་ཕྱག་འཚལ་ལོ། ། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། ཡབ་འཇམ་དཔལ་གཤིན་རྗེ་ཡིས་བདུད་དང་མུ་སྟེགས་ཐམས་ཅད་བརླག་པར་བྱ་བའི་ཆེད་དུ། འཆར་བ་ནག་པོའི་ཞེས་བྱ་བའི་འཁོར་ལོ་ལ་གཏད་པ་ལས། བདུད་དང་མུ་སྟེགས་ཐམས་ཅད་བརྒྱལ་ནས། བཅོམ་ལྡན་འདས་ལ་འདུད་པར་གྱུར་ཏེ། དེ་ནས་བྲན་བཞིན་དུ་གྱུར་ཏོ།། གླེང་གཞིའི་ལེའུ་སྟེ་དང་པོའོ།།།། དེ་ལ་དང་པོ་དཀྱིལ་འཁོར་ནི། ། ཟུར་གསུམ་རྩེ་གཅད་བརྩེགས་མར་བྱ།། ཡང་ན་རས་སམ་ལྡེར་སོ་བྱ།། རྟེན་གསུམ་ལ་ནི་མཆོད་རྟེན་གསུམ།། ཕོ་དང་མོ་ཡི་ཆེ་གེ་མོ།། འཕན་ཆེན་ལ་ནི་འཕྱང་དུ་གཞུག། རྩེ་བཅད་གྲུ་གསུམ་བརྩེགས་མར་བྱ། ། ཡང་ན་ཉི་ཤུ་རྩ་གཅིག་བྱ།། ཡང་ན་བརྒྱ་དང་རྩ་བརྒྱད་བྱ།། ཡང་ན་བཅུ་བཞིའམ་བདུན་ནམ་གསུམ།། དེ་ལྟར་བྱས་ལ་ཐུན་རྫས་བསག། དཀྱིལ་འཁོར་གྱི་ལེའུ་སྟེ་གཉིས་པའོ། །།། དེ་ནས་རྫས་རྣམས་བཤད་པར་བྱ།། ཐོད་པ་དང་ནི་ཀོང་བུར་བཅས།། མངལ་ཁྲག་རྨེ་ཁྲག་གསུམ་དང་སྦྱར།། ཚེ་དང་ཉུངས་ཀར་དུག་རྫས་གསུམ།། མར་མེ་སྦང་མ་ཁྲག་དང་བཅས།། མོན་དང་བུད་མེད་སྐྱེས་པ་དང། ། ལྷ་བཤོས་ཐོག་ཆེན་ཙ་ལ་སོགས།། རྫས་རྣམས་རིམ་པར་དགོད་པར་བྱ།། རྫས་དགོད་པའི་ལེའུ་སྟེ་གསུམ་པའོ།།།། དེ་ནས་སྔགས་ཀྱི་དབྱེ་བ་ནི།། བཟློག་དང་རྦད་དང་གསད་དང་གསུམ། ། བཟློག་པ་ཤ་རི་བྷྱོ་ལས་དྲང།། གསང་བའི་སྔགས་ནི་ཁ་བསྒྱུར་ཡིན།། རྦད་པ་རྣམ་དབྱེར་བྷྱོ་ནས་གྲང།། དེ་ལ་སྔགས་ཀྱི་མཚན་ཉིད་ནི།། ཨོཾ་ཤ་རི་བྷྱོ་མ་རི་བྷྱོ་ཉ་རི་བྷྱོ་ཁྲག་མ་མ་བྷྱོ། ཞེས་པས་དེ་ནི་བཟློག་པར་བྱ། ། གསད་པའི་སྔགས་དག་བསྟན་པ་ནི།། ཤ་རི་བྷྱོ་ཤ་ཏྲུཾ་མཱ་ར་ཡ་ཕཊ། མ་རི་བྷྱོ་ཤ་ཏྲུཾ་མཱ་ར་ཡ་ཕཊ། ཁྲག་མ་མ་བྷྱོ་ཤ་ཏྲུཾ་མཱ་ར་ཡ་ཕཊ། ཙིར་སྙིང་བྷྱོ་ཤ་ཏྲུཾ་མ་ར་ཡ་ཕཊ། སྙིང་བྷྱོ་ཤ་ཏྲུཾ་མ་ར་ཡ་ཕཊ། མཀྵེ་ཐོད་ཁྲག་ཛ་ཤ་ཏྲུཾ་མ་ར་ཡ་ཕཊ། ཁྲག་ཏི་སྙིང་ལ་ཡ་ཤ་ཏྲུཾ་མཱ་ར་ཡ་རྦད། ནརི་ཏྲི་ཆོད་ཤ་ཏྲུཾ་མ་ར་ཡ་རྦད། མུ་ལོ་ཆོད་ཤ་ཏྲུཾ་མཱ་ར་ཡ་རྦད། ཤ་ལོ་ཆོད་ཤ་ཏྲུཾ་མ་ར་ཡ་རྦད། ཤལ་ཀྱིད་ཀྱི་བྷྱོ་ཤ་ཏྲུཾ་མཱ་ར་ཡ་རྦད། ས་མ་ཡ་ཨ་ཏྲི་ཀྲ་མ་ཏི། ནི་བར་ན་ནི་བར་ན། བཟློག་བཟློག་སོད་སོད་རྦད་ཕཊ། ཅེས་བྱའོ།། སྔགས་ཀྱི་ལེའུ་སྟེ་བཞི་པའོ།།།། དེ་ལ་རྦད་པ་འདི་སྐད་དོ།། ཧཱུ~ཾ། ཡབ་ཅིག་འཇམ་དཔལ་གཤིན་རྗེ་གཤེད།། ཞལ་གཅིག་ཕྱག་གཉིས་འཇིགས་པའི་ཚུལ། ། སྐུ་ནི་ཤིན་ཏུ་གནག་པ་ལ།། དབུ་སྐྲ་རལ་པ་ཐོར་ཅོག་ཅན། ཁྲག་དང་ཞག་གི་ཐིག་ལེས་བརྒྱན།། གདུག་པ་སྦྲུལ་གྱི་རྒྱན་ཆ་ཅན།། སྲིད་པའི་འཁོར་ལོ་ལྟོ་ན་གནས།། ལག་པའི་གར་གྱིས་ནམ་མཁའ་ཁེངས། ། རྐང་པའི་སྟབས་ཀྱིས་ས་གཞི་གནོན།། སྤྲུལ་པའི་སྟོབས་ཀྱི་བར་སྣང་གང།། མངག་པའི་སྟོབས་ཀྱིས་ཕྱོགས་བཞི་བཀང།། ཕོ་ཉའི་སྟོབས་ཀྱིས་མཚམས་བཞི་བཀང།། སྐུ་ཡི་སྤྲུལ་པས་ལྷ་བྲན་འགྱེད། ། སྟེང་གི་གདོན་རྣམས་བཟློག་ཏུ་གསོལ།། གསུང་གི་སྤྲུལ་པ་སྡེ་བཞི་འགྱེད།། བར་གྱི་གདོན་རྣམས་བཟློག་ཏུ་གསོལ།། ཐུགས་ཀྱི་སྤྲུལ་པས་ཀླུ་རྣམས་འདུལ།། འོག་གི་གདོན་རྣམས་བཟློག་ཏུ་གསོལ།། ལྷ་སྲིན་སྡེ་བརྒྱད་ཕོ་ཉར་འགྱེད། ། དགྲ་བགེགས་རྣམས་ཀྱི་སྙིང་ནས་དྲོངས།། ཐེ་བྲང་རྣམས་ཀྱི་གདོན་རྣམས་བཟློག། སྲིད་པ་གསུམ་ལ་མདོས་ཁ་སྡིག། མ་གཤིན་ཐམས་ཅད་དབང་དུ་སྡུས།། བྱོལ་ཟོར་བཟློག་པའི་འཇིགས་ཚུལ་ཅན། ། གཡས་པས་བདུད་ཀྱི་སྟ་རི་ཡིས།། ཕོ་གདོན་ཐམས་ཅད་བཟློག་ཏུ་གསོལ།། གཡོན་པ་ལྟ་བའི་མེ་ལོང་བསྣམས།། མོ་གདོན་ཐམས་ཅད་བཟློག་ཏུ་གསོལ།། ཉི་ཟླའི་ཐོད་ཀྱིས་བརྒྱན་པ་ནི། ། གཟའ་ཡི་གདོན་རྣམས་བཟློག་ཏུ་གསོལ།། སྦྲུལ་ཆུན་འཇིགས་པས་བརྒྱན་བྱས་པ།། འོག་གི་གདོན་རྣམས་བཟློག་ཏུ་གསོལ།། ཁྲོ་གཏུམ་ཁྱོད་ལ་ཕྱག་འཚལ་ལོ།། རྔམ་པའི་སྟོབས་ཀྱིས་བདུད་བཞི་འདུལ། ། འཇིགས་ཚུལ་རྔམ་པའི་ཆ་བྱད་ཀྱིས།། རྣལ་འབྱོར་ཚེ་སྲིངས་དཔལ་ཡང་བསྐྱེད།། བྱང་ཁའི་སྦྱོར་བ་བཟློག་ཏུ་གསོལ།། སྐུལ་བའི་ལེའུ་སྟེ་ལྔ་པའོ།།།། ཧཱུ~ཾ། འཇིགས་པའི་སྐུ་སྟོད་ཁྲོ་རྒྱལ་ནི།། སྐུ་ནི་རབ་ཏུ་རྔམ་པ་ལ། ། ཞལ་གཅིག་ཕྱག་གཉིས་བརྗིད་པར་ལྟ།། སྐུ་མདོག་གནག་པས་བདུད་རྣམས་འདུལ།། གཡས་པ་གྲི་གུག་བསྣམས་པ་ནི།། ལོག་པར་འདྲེན་པའི་སྙིང་རྩ་གཅོད།། གཡོན་པ་སྙིང་ཁྲག་ཞལ་དུ་གསོལ། ། ནད་ཁྲག་ཞལ་དུ་གསོལ་བའི་རྟགས།། འཕང་ན་སྲིད་པའི་འཁོར་ལོ་བསྣམས།། སྲིད་པའི་བྱོལ་ཁ་བཟློག་ཏུ་གསོལ།། སྤྱི་གཙུག་མཆོད་རྟེན་ནག་པོ་ལས།། ཡེ་ཤེས་ལྷ་ཚོགས་བཟློག་ཏུ་གསོལ།། ཁྱོད་ཀྱི་ལག་པ་གཡས་པ་ན། ། མཆོད་རྟེན་དཀར་པོ་བསྣམས་པ་ནི།། ཕོ་བདུད་ཐམས་ཅད་བཟློག་ཏུ་གསོལ།། ཁྱོད་ཀྱི་ལག་པ་གཡོན་པ་ན།། མཆོད་རྟེན་དམར་པོ་བསྣམས་པ་ནི།། མོ་གདོན་ཐམས་ཅད་བཟློག་ཏུ་གསོལ། ། འཕན་ཆེན་རབ་ཏུ་འཕྱར་བས་ནི།། རྣལ་འབྱོར་ཚེ་སྲིངས་དཔལ་ཡང་སྐྱེད།། འཁོར་ལོ་རབ་ཏུ་འཕངས་པ་ཡིས།། ཆོས་ཀྱི་དབྱིངས་དང་རབ་ལྡན་ནས།། ལྷ་འདྲེ་ཐམས་ཅད་དབང་དུ་སྡུས།། དབུ་ལ་རིན་ཆེན་འབར་བ་ཡིས། ། རྣལ་འབྱོར་དགོངས་པ་ལྷུན་གྱིས་གྲུབ།། འཇིགས་པའི་སྐུ་ལ་ཕྱག་འཚལ་བསྟོད།། ཚངས་པ་བརྒྱ་བྱིན་ལྷ་ཡི་གདོན།། བརྗིད་པའི་སྟོབས་ཀྱིས་བཟློག་ཏུ་གསོལ།། དགའ་བོ་འཇོག་པོ་ཀླུ་ཡི་གདོན། ། གཟི་བརྗིད་སྟོབས་ཀྱིས་བཟློག་ཏུ་གསོལ།། གང་བ་བཟང་པོ་གནོད་སྦྱིན་གདོན།། འཇིགས་པའི་སྟོབས་ཀྱིས་བཟློག་ཏུ་གསོལ།། ཟ་བྱེད་རྔམ་པ་སྲིན་པོའི་གདོན།། རྔམ་པའི་སྟོབས་ཀྱིས་བཟློག་ཏུ་གསོལ། ། གཙོ་བོ་ཁ་འབར་ཡི་དྭགས་གདོན།། བཞད་པའི་སྟོབས་ཀྱིས་བཟློག་ཏུ་གསོལ།། ཕག་གདོང་འཇིགས་པ་ཤ་ཟའི་གདོན།། གཏུམ་པའི་སྟོབས་ཀྱིས་བཟློག་ཏུ་གསོལ།། བྱི་ན་ཡ་ཀ་བགེགས་ཀྱི་གདོན། ། འགྱིང་བའི་སྟོབས་ཀྱིས་བཟློག་ཏུ་གསོལ། ཁྱབ་འཇུག་ཆེན་པོ་གཟའ་ཡི་གདོན།། དྲེགས་པའི་སྟོབས་ཀྱིས་བཟློག་ཏུ་གསོལ།། གྲི་ཐོགས་ཁྲམ་ཐོགས་བདུད་ཀྱི་གདོན།། སྤྲུལ་པའི་སྟོབས་ཀྱིས་བཟློག་ཏུ་གསོལ། ། འཛིན་པ་སྡོམ་པོ་གིང་གི་གདོན།། ཡང་སྤྲུལ་སྟོབས་ཀྱིས་བཟློག་ཏུ་གསོལ། ཁ་བཞི་ཆེན་པོ་བཙན་གྱི་གདོན།། འཇིགས་པའི་སྟོབས་ཀྱིས་བཟློག་ཏུ་གསོལ།། ཏེལ་པ་ཕྱ་སངས་གཤིན་རྗེའི་གདོན།། སྐུ་ཡི་སྟོབས་ཀྱིས་བཟློག་ཏུ་གསོལ། ། རལ་གཅིག་ནག་མོ་མ་མོའི་གདོན།། གསུང་གི་སྟོབས་ཀྱིས་བཟློག་ཏུ་གསོལ།། རོལ་པ་རྐྱང་དགུ་རྨུ་ཡི་གདོན།། མགོ་བརྙན་སྟོབས་ཀྱིས་བཟློག་ཏུ་གསོལ།། མ་ཧཱ་དེ་བ་ལྷ་ཡི་གདོན། ། བདེན་པའི་སྟོབས་ཀྱིས་བཟློག་ཏུ་གསོལ།། ཀ་ལ་ཡཀྴེ་མུ་སྟེགས་གདོན། ཁྲོས་པའི་སྟོབས་ཀྱིས་བཟློག་ཏུ་གསོལ།། བྷྱོ་བྷྱོ་བྷྱོ། རྦད་པའི་ལེའུ་སྟེ་དྲུག་པའོ།།།། ཧཱུ~ཾ། འཇིགས་ཚུལ་རྔམ་པའི་ཆ་བྱད་ཅན། ། སྐུ་ནི་རི་རབ་ཁྱོན་དང་མཉམ།། སྤྱན་ནི་བར་སྣང་ཁམས་སུ་གཟིགས།། ལྗགས་ནི་སྤྲུལ་པ་གློག་ལྟར་འཁྲུག། དབུ་སྐྲ་ཐོར་ཅོག་ཟུར་བུར་འཁྱིལ།། ཐོད་པ་སྐམ་རློན་རྒྱན་དུ་བྱས།། སྦྲུལ་ནག་འབར་བས་རལ་པ་བཅིངས། ། སྐུ་ལ་རཀྟའི་ཚོམ་བུས་བརྒྱན། ཁྲག་དང་ཞིག་གི་ཐིག་ལེ་ཅན།། དབུ་དང་ཕྱག་གཉིས་སྤྲུལ་པའི་ཚེ།། སྤྲུལ་པའི་ཁྲོ་བོས་སྟོང་ཁམས་ཁྱབ།། གསུང་གི་སྤྲུལ་པ་ཧ་ཧའི་སྒྲས།། གསུང་གི་ཁྲོ་བོས་སྟོང་གསུམ་གང། ། ཐུགས་ནི་མཉམ་པའི་ངང་ལ་བཞག། དོན་དམ་དབྱིངས་ཀྱི་ལྷ་རུ་གསལ།། དེ་ལ་ཡོན་ཏན་བསམ་མི་ཁྱབ།། འཕྲིན་ལས་བཅོལ་བའི་དོན་ཀུན་འགྲུབ།། སྐུ་ཡི་རབ་ཏུ་རྟགས་བསྟན་པ། ། སྐུ་ཡི་སྤྲུལ་པས་ཚངས་པ་འདུལ།། སྤྱན་ནི་ཉི་མའི་འོད་ཟེར་འདྲ།། ཉི་ཟླ་གཟའ་སྐར་འདུལ་བའི་རྟགས།། ཤངས་ནས་ཚུབ་མས་སྟོང་གསུམ་གང།། དགྲ་བགེགས་རླུང་ལ་བསྐུར་བའི་རྟགས།། ཚེམས་ནི་གཅོད་པའི་སྟ་གྲི་སྟེ། ། བདུད་དཔུང་ཐམས་ཅད་གཅོད་པའི་རྟགས།། ལྗག་ནི་འཁྱུག་པའི་གློག་ཡིན་ཏེ།། སྲིད་གསུམ་རྨང་ནས་འཇིག་པའི་རྟགས།། སྐུ་ནི་རབ་ཏུ་འཇིགས་པའི་ཚུལ།། ཀླུ་ཕྲན་དབང་དུ་སྡུད་པའི་རྟགས། ། གསུང་ནི་ཚངས་པའི་སྒྲ་ལྟར་སྒྲོགས།། ཆོས་སྒྲ་ཕྱོགས་བཅུར་སྒྲོགས་པའི་རྟགས།། ཐུགས་ནི་མི་རྟོགས་དང་ལ་བཞག། བྱང་ཆུབ་སེམས་དང་ལྡན་པའི་རྟགས།། གསུས་པ་རབ་ཏུ་འཁྱིལ་བ་ནི།། སྲིད་གསུམ་ལྟོ་ན་གནས་པའི་རྟགས། ། ཞབས་གཉིས་དོར་སྟབས་བགྲད་པ་ནི།། བདུད་བཞི་རབ་ཏུ་གནོན་པའི་རྟགས།། དགྲ་བོ་བཟློག་པའི་ཧཱུ~ཾ་སྒྲ་ཅན།། བགེགས་ཀུན་བཟློག་པའི་ཕཊ་སྒྲ་ཅན།། བྱད་ཁ་བཟློག་པའི་བྷྱོ་སྒྲ་ཅན། ། འབྱུང་པོ་འདུལ་བའི་སྒྲ་སྒྲོགས་ཤིང།། དགྲ་བགེགས་གསོད་པའི་སྒྲ་སྒྲོགས་པ།། མ་རུངས་པ་ལ་རྒྱོབ་རྒྱོབ་སྒྲོགས།། ཧཱུ~ཾ་ཧཱུ~ཾ་ཕཊ་ཕཊ་བྷྱོ་བྷྱོ་དང།། དུལ་དུལ་ཧེ་ཧེ་སྒྲ་སྒྲོགས་པ།། བཟློག་བསྒྱུར་བྱེད་པའི་མཐུ་བོ་ཆེ། ། ཁྲམ་ཁ་བསྒྱུར་བའི་སྟོབས་པོ་ཆེ།། བདུད་ཁ་བསྒྱུར་བའི་བརྗོད་པོ་ཆེ།། ཤོད་ཁ་ཆེན་པོ་ད་ཕྱེ་ཞིག། རྩིས་ཁ་ཆེན་པོ་ད་བསྒྱུར་ཅིག། དོ་ནུབ་སྲིད་པའི་ཁྲོམ་སྣ་བསྒྱུར།། དོ་ནུབ་ལྷ་འབྲེའི་དམག་སྣ་བསྒྱུར། ། ཕས་ཀྱི་ཕུར་པ་འཕེན་པ་བཟློག། ཚེ་ཟོར་ཉུངས་ཟོར་འཕེན་བཟློག། གཤིན་རྗེའི་འཁོར་ལོ་བསྐོས་བ་བཟློག། བདུད་ཀྱི་ཁྲ་ལ་འདེབས་པ་བཟློག། མ་མོའི་ཁྲག་ཟོར་འཕེན་པ་བཟློག། ཀླུ་ཡི་བྱང་དུ་བཅུག་པ་བཟློག། ཐེའུ་རང་ཚེ་ལ་རྐུ་པ་བཟློག། འགོང་པོ་སྲིལ་འཇོག་པ་བཟློག། མུ་སྟེགས་པར་དུ་བྱེད་པ་བཟློག། ལྟས་ངན་བརྒྱ་བཅུ་རྩ་བཞི་བཟློག། མོ་ངན་སོགས་སྡིག་བྱེད་པ་བཟློག། རྨི་ལམ་ངན་པ་ཐམས་ཅད་བཟློག། མཚན་མ་རྩུབ་པ་སྟོན་པ་བཟློག། ལོ་ཡི་སྐེག་དང་ཟླ་སྐཻག་བཟློག། ཞག་གི་སྐེག་དང་ཟ་སྐེག་བཟློག། ཀི་ཀང་གཤེད་བཞི་བབ་པ་བཟློག། ཞང་ཞུང་གཙོ་ཟོར་འཕེན་པ་བཟློག། སུམ་པའི་གླང་ཟོར་འཕེན་པ་བཟློག། རྒྱ་གར་ངན་སྔགས་བཟློག་ཏུ་གསོལ།། བལ་པོའི་ངན་སྔགས་བཟློག་ཏུ་གསོལ།། བན་དྷེའི་ཕུར་ཁ་སྟོན་པ་བཟློག། བོན་པོའི་སྨྲ་ཟོར་བྱུང་བ་བཟློག། བུད་མེད་སྨོད་ཟོར་བྱེད་པ་བཟློག། སྐྱེས་པའི་མདའ་ཟོར་བྱེད་པ་བཟློག། བསམ་པ་ངན་པ་རྒྱུ་བ་བཟློག། སྦྱོར་བ་རྩུབ་མོ་བྱེད་པ་བཟློག། བྷྱོ་བྷྱོ་བྷྱོ། བཟློག་པའི་ལེའུ་སྟེ་བདུན་པའོ།།།། གཤིན་རྗེ་ནག་པོའི་སྔགས་བཟློག། གདོང་ཟོར་ནག་པོ་བསྟོད་པའི་རྒྱུད་ཅེས་བྱ་བ་རྫོགས་སོ། །།། སྤུ་ངན་རྡོ་རྗེ་ཁྲི་གཙུག་ལ།། ལྷ་སྲིན་སྡེ་བརྒྱད་འདུ་འདུ་ནས།། གསང་སྔགས་བདག་པོར་དབང་ཡང་བསྐུར། ཁྱད་པར་འཆར་ཀ་ནག་པོ་གཏད།། སྤེལ་བའི་གནས་མེད་གཏེར་དུ་སྦས། ། དམ་མེད་ལག་ཏུ་ཤོ་ར་རེ།།།།
CLOSE WINDOW