CLOSE WINDOW

Gpb040.003: མདོ་རྒྱུད་རྟོག་པ་བསུདས་པའི་སྒྲོན་མ་ཞེས་བྱ་བ། ཐུགས་རྗེ་སྦྱནག་ཐག་གི་གནས། མཛད་པ་ལྷའི་ཆོ་འཕྲུལ་ལས་མཐར་ཕྱིན་པའི་སྒྲུབ་པ། གསང་སྔགས་ངེས་པར་འབྱེད་པའི་དོན་གསལ་བར་བྱེད་པའི་སྒྲོན་མ། ལུང་ཐམས་ཅད་ཀྱི་རྒྱལ་པོ་ཆེན་པོ
Wylie

སྣུབས་ནམ་མཁའི་སྙིང་པོས། བསམ་ཡས་བྲག་དམར་དུ་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།།།། རྒྱ་གར་སྐད་དུ། བུ་ཏྲ་ཏན་ཏྲ་ཀ་པ་ན་མ་པྲ་ཏ་པ། ཀ་རུ་ན་ས་ཏ་ནཱ་མ། ཀ་ར་མ་ར་ཡ་དྷ་བ། ཀ་ར་མ་ཀུ་རུ་མ་ལ། སན་དྷ་ན། གྷུ་ཧ། མན་ཏྲ་ཏི། སིདྷི་ཀ་པྲ་ཏི་པཾ། གྷུ་ཧ་ཨུ་ཏོང་ཏ། སརྦ་མ་ཧ་ར་ཙ། བོད་སྐད་དུ། མདོ་རྒྱུད་རྟོག་པ་བསྡུས་པའི་སྒྲོན་མ་ཞེས་བྱ་བ། ཐུགས་རྗེ་སྦྱང་ཐག་གི་གནས། ། མཛད་པ་ལྷའི་ཆོ་འཕྲུལ་འཕྲིན་ལས་མཐར་ཕྱིན་པའི་བསྒྲུབ་པ། གསང་སྔགས་ངེས་པར་འབྱེད་པའི་དོན་གསལ་བར་བྱེད་པའི་སྒྲོན་མ། ལུང་ཐམས་ཅད་ཀྱི་རྒྱལ་པོ་ཆེན་པོའོ།། བཅོམ་ལྡན་འདས་ཀུན་ཏུ་བཟང་པོ་ཡེ་ཤེས་རིག་པའི་རྒྱལ་པོ་ལ་ཕྱག་འཚལ་ལོ། ། དེ་ནས་འདི་ནི་རབ་བཤད་པ།། ཀུན་གྱི་ལུང་ཆེན་འདི་ཡིན་ཏེ།། ཡོང་ཡེ་བསྐལ་པ་བསམ་ཡས་ཤིང།། བརྗོད་དུ་མེད་པར་གནས་པ་ཡི།། ཕྱོགས་བཅུ་རྣམས་དང་དུས་གསུམ་དུ། ། བཞུགས་པའི་སངས་རྒྱས་ཐམས་ཅད་ཀྱང།། མཛད་པའི་འཕྲིན་ལས་སྣ་ཚོགས་པས།། འགྲོ་བའི་བསམ་པ་ཚིམ་མཛད་ཅིང།། ཡ་མཚན་བྱིན་རླབས་རྨད་པོ་ཆེས།། ཆོ་འཕྲུལ་རྣམ་པ་མང་བསྟན་ཡང། ། དོན་རྫོགས་གཞན་ལ་ཕན་པར་ནི།། ཐམས་ཅད་ཀུན་གྱི་དགོངས་རྒྱུད་གཅིག། མཁའ་དབྱིངས་དག་པའི་ཀློང་ཡངས་སུ།། རིག་པའི་ཡེ་ཤེས་སྟོང་གསལ་བས།། ཆོས་སྐུ་ཐིག་ལེ་ཆེན་པོའི་ངང།། སངས་རྒྱས་ཉག་གཅིག་སྤྱོད་ཡུལ་ལོ། ། ཀུན་བཞི་མ་བཅོས་བྱང་ཆུབ་སེམས།། དེ་བཞིན་ཉིད་གཅིག་དབྱེར་མེད་ལ།། མ་རིགས་འཁྲུལ་པའི་སྣང་བ་ཡིས། གཟུང་འཛིན་དངོས་པོར་རྟོག་བསོགས་པའི།། གདུལ་བྱ་ཐབས་ཀྱིས་གཟུང་བའི་ཕྱིར། ། ཐུགས་རྗེའི་སྦྱང་ཐག་རྒྱུན་ཆད་མེད།། ཆེ་བའི་ཆེན་པོ་སངས་རྒྱས་རྣམས།། འགྲོ་བ་དྲུག་ལ་སོགས་པ་ཀུན།། བྱམས་པའི་ཐག་པས་འཛིན་པ་ཡིས།། བྱེད་པ་པོ་དང་བྱ་བ་དང།། དམིགས་པའི་གནས་སུ་ངེས་སོ་ཞེས། ། མ་བཅོས་ཐིག་ལེ་རྫོགས་པ་ཡིས།། རང་འབྱུང་ངང་ལས་སྐུར་སྣང་བའི།། དེ་བཞིན་གཤེགས་པ་རྣམས་ཀྱིས་གསུངས།། ཐུགས་རྗེ་ཆེན་པོ་སངས་རྒྱས་ཀྱང།། གནས་ལུགས་ངོ་བོ་ཉིད་ཀྱི་གཞི། ། ཇི་བཞིན་པ་ཡི་དོན་དེ་ལ།། སངས་རྒྱས་སེམས་ཅན་དབྱེར་མེད་ཅིང།། ཡེ་སངས་རྒྱས་སུ་ལྷུན་གྱིས་གྲུབ།། མ་བཙལ་བསལ་དང་བཞག་པ་མེད།། རྐྱེན་གྱི་རྣམ་པས་རྟོག་མིན་ཡང།། སྒྲ་ཙམ་ཞིག་ཏུ་བསྟན་ཉིད་ན། ། གོལ་སྒྲིབ་རང་སར་དག་གྱུར་བའི།། ཆོས་ཉིད་མུ་མཐའ་མཉམ་ཉིད་ཀྱིས།། མཐའ་བཞི་མ་སྤངས་མི་གནས་ལས།། སངས་རྒྱས་ཞེས་ནི་དེ་ཉིད་བཞེད།། བརྡ་ཡིས་བརྟགས་པའི་སངས་རྒྱས་ལ། ། ཆེ་བའི་ཡོན་ཏན་བསམ་ཡས་ཤིང།། གཞལ་དང་གྲངས་ལས་འདས་མོད་ཀྱང།། མདོར་བཞག་སྐུ་དང་ཡེ་ཤེས་སོ།། ལྔ་དང་བཞི་དང་གསུམ་དང་གཉིས།། དེ་བཞིན་གཅིག་གི་སྐུ་རྣམས་ཕྱེ།། ངོ་བོ་ཉིད་དང་རྣམ་སྨིན་དང། ། ཆོས་དང་ལོངས་སྤྱོད་སྤྲུལ་པ་ལྔ།། རྣམ་སྨིན་རྒྱུ་མཐུན་འབྲས་བུ་སྟེ།། དེས་ན་ཐུབ་པའི་སྐུ་མཆོག་བཞི།། ངོ་བོ་ཉིད་སྐུ་བྲལ་འབྲས་ཞིག། སངས་རྒྱས་གསུངས་པ་སྐུ་གསུམ་ཉིད།། མདོར་ན་སེམས་ཉིད་སངས་རྒྱས་ཏེ། ། དེ་ཉིད་མ་ཡིན་སེམས་ཅན་ཞིག། འགའ་ཡང་ཡོད་པ་མ་ཡིན་པས།། མ་བཅོས་ཡེ་ནས་མངོན་སངས་རྒྱས།། ཀུན་ཀྱང་བྲལ་བའི་འབྲས་བུ་སྟེ།། དེ་ཕྱིར་ངོ་བོ་ཉིད་སྐུར་གཅིག། མཁྱེན་པའི་ཡེ་ཤེས་བཞི་དང་ལྔ། ། མེ་ལོང་བཞིན་དང་མཉམ་པ་ཉིད།། སོ་སོར་རྟོག་དང་བྱ་བ་བསྒྲུབ།། ཆོས་དབྱིངས་ཤེས་པའི་ཡེ་ཤེས་སོ།། དེ་ཉིད་དངོས་དང་མཁྱེན་པ་གཉིས།། སྐྱེ་འགག་བྲལ་ཡང་ཐ་སྙད་དུ།། སོ་སོའི་རྒྱུ་དང་བཅས་ཉིད་དེ། ། ཀུན་གཞི་དང་ནི་ཉོན་མོངས་ཡིད།། ཡིད་དང་སྒོ་ལྔའི་རྣམ་ཤེས་དང།། ཆོས་ཀྱི་དབྱིངས་ལས་ཡང་དག་བྱུང།། དེས་ན་རྒྱུ་དང་འབྲས་བུ་ཞེས།། བྲལ་བ་ཙམ་ལ་བརྟགས་པའོ།། མ་ནོར་མ་བཅོས་དཔལ་གྱི་དཔལ། ། ལྷུན་གྱིས་གནས་པའི་སངས་རྒྱས་ལས།། ཐུགས་རྗེའི་བྱ་བས་ཡུལ་གང་ལ།། སྒྱུ་མའི་སྦྲུལ་པས་རབ་ཏུ་བཟུང།། ཡང་དག་ངེས་པའི་དོན་ཉིད་ལ།། བྱེད་དང་བྱ་བ་མི་དམིགས་ཀྱང།། སྔོན་དུ་གོམས་པའི་འབྲས་བུ་ལས། ། ཐུགས་རྗེ་ཆེན་པོའི་སྤྲུལ་པ་ཤར།། གཞི་ལམ་འབྲས་བུ་རྣམ་ཕྱེ་བས།། ཐུགས་རྗེ་རྣམ་པ་གསུམ་ཡིན་ཏེ།། སེམས་ཅན་དང་ནི་ཆོས་ལ་དམིགས།། དམིགས་མེད་སྙིང་རྗེ་ཆེན་པོ་ཞེས། ། ཕྱོགས་བཅུའི་བདེ་གཤེགས་རྒྱལ་བ་ཡིས།། དགོངས་རྒྱུད་གཅིག་པས་ཡང་ཡང་གསུངས།། དེ་ལྟར་ཐུགས་རྗེས་རྗེས་བཟུང་བས།། གདུལ་བྱ་གང་དང་གང་དག་ལ།། གསུང་དབྱངས་དུ་མའི་གསུང་རབ་ཀྱང། ། སྣ་ཚོགས་ནོར་བུ་ཇི་བཞིན་དུ།། རྣམ་པ་དུ་མ་གསལ་བ་དག། གསུངས་པ་མེད་བཞིན་གསུངས་བར་སྣང།། ཐུགས་རྗེས་འཇུག་པ་སྣ་ཚོགས་པས།། ཇི་ལྟར་འོས་པས་འདུལ་མཛད་དེ།། ཕྱི་རོལ་བྱེད་པའི་སྡེ་རྣམས་ལ། ། དེ་དང་དེར་སྣང་སྟོན་པས་གསུངས།། གང་ཡང་ཆད་པར་ལྟ་འདོད་ལ།། འདི་ལྟར་སྣང་ཚད་འདི་ཙམ་སྟེ།། སེམས་ཅན་སྐྱེ་བ་སྔ་ཕྱི་དང།། ཐམས་ཅད་མཁྱེན་པའི་སངས་རྒྱས་དང།། ལྐོག་ཏུ་གྱུར་བའི་འགྲོ་མེད་དང། ། དབང་ཕྱུག་དང་ནི་བྱེད་པོ་དང།། ལས་དང་འབྲས་བུ་ལས་མེད་པས།། ཚུ་རོལ་སྐབས་འདི་མཛེས་སོ་ཞེས།། ལྷ་ཡི་བླ་མའི་གཟུགས་ཉིད་ཀྱིས།། རྒྱང་འཕེན་པ་ཡིན་བདེན་དོན་གསུངས།། གང་ཞིག་དྲང་སྲོང་རྗེས་སློབ་ཅིང། ། རྒྱུ་ལ་འབྲས་བུ་གནས་འདོད་ལ།། ཤེས་བྱ་བདག་རང་གཙོ་བོ་སྟེ།། བདག་ནི་བྱེད་མེད་མྱོང་བའོ།། གཙོ་བོ་རང་བཞིན་རྣམ་འགྱུར་ཞེས།། རྒྱལ་བའི་རྗེས་འབྲངས་སེར་སྐྱས་བཤད། ། དེ་བཞིན་བདག་དང་གཙོ་བོ་ལས།། རྫས་དང་དེ་ལས་བྱུང་བ་ཡིས།། རྟག་དང་མི་རྟག་སྨྲ་བྱེད་ལ།། དུས་གསུམ་གྱི་ནི་རྫས་དྲུག་ལ།། སྲོག་དང་སྲོག་མ་ཡིན་པ་དང།། རྟེན་དང་སྡོམ་པ་བྲལ་བ་དང། ། བཅིངས་དང་ཐར་དང་བསོད་ནམས་དང།། འགྲོ་དང་སོང་བས་གོ་འཕང་དགུ། གཅེར་བུས་ངལ་དུབ་སྤྱོད་པ་ཡིས།། ལས་ཟད་འདོད་པ་རྣམས་ལ་བསྟན།། དབང་ཕྱུག་ཉིད་དང་ཤེས་བྱའི་གནས།། རྫས་དང་ཡོན་ཏན་ལས་དང་སྤྱི། ། བྱེ་བྲག་འདུ་བ་དྲུག་ཉིད་དེ།། དེ་ཤེས་དབང་ཕྱུག་མཆོད་ལེགས་པས།། ཐར་ཞེས་རིགས་པ་ཅན་དག་དང།། བྱེ་བྲག་པ་ལ་རབ་དགོངས་ཏེ།། རང་ལ་ན་ཡི་ཚུལ་གྱིས་གསུངས།། ལ་ལར་ཁྱབ་འཇུག་ཙོར་བྱས་ནས། ། ཐམས་ཅད་འདི་ཉིད་ཀྱིས་སྤྲུལ་ཞིང།། ཤེས་པས་བདག་ཉིད་ཤེས་མིན་ཏེ།། མཆོད་སྦྱིན་དང་ནི་ཁྲུས་བྱས་བས།། སྡིག་དང་སྒྲིབ་པ་ཟད་འགྱུར་ཞེས།། སྤྱོད་པ་ལ་ལ་ཚངས་པས་བསྟན།། དེའི་གཞུང་ཁ་ཅིག་སེམས་ཙམ་དུ། ། བྱེད་པ་པོ་བདག་དང་དགེ་མི་དགེ།། དུས་ཁམས་ཡོན་ཏན་སྟོང་པ་རྣམས།། ཡོད་ཅིང་རྣལ་འབྱོར་གོམས་པས་ན།། བདག་ཉིད་གཅིག་བུར་ཀུན་འདུས་པས།། དོན་དམ་ཞེས་ཚངས་པས་སྨྲ། ། དགེ་སྦྱོང་གོའུ་ཏ་མའི་གཟུགས།། ཐུབ་དབང་རྒྱལ་བ་མཆོག་གིས་ཀྱང།། ཇི་ལྟ་ཇི་ལྟར་འདུལ་འགྱུར་བ།། དེ་བཞིན་མཐུན་པའི་བསྟན་པ་གསུངས། ཁ་ཅིག་ལ་ནི་གང་ཟག་དང།། དུས་གསུམ་ཤེས་པར་བྱ་བའི་གནས། ། རྫས་སུ་གྲུབ་སྟེ་ཡུལ་སེམས་གཉིས།། ཐ་དད་དུས་མཚུངས་དོན་དམ་དུ།། ཡུལ་སེམས་བདེན་པར་སྨྲ་རྣམས་ལ།། ཆོས་ཀྱི་བདག་ཅེས་ངེས་པར་བསྟན།། དེ་འདྲ་ཁ་ཅིག་ལ་དགོངས་ཏེ།། ཇི་ལྟར་སྣང་ཡང་སེམས་ཉིད་ལ། ། རྣམ་པར་འཇོག་དོན་སེམས་ཀྱི་གཞི།། སྐྱེས་ཏེ་འདྲ་བའི་ཆོས་བདག་ཉིད།། དེ་ནི་དམ་བའི་དོན་ཡིན་ཏེ།། བདེན་པ་གྲུབ་ཅེས་རྒྱལ་བས་གསུངས།། ཐམས་ཅད་སེམས་སུ་སྨྲ་འདོད་ལ།། ཀུན་ཏུ་བཏགས་དང་གཞན་དབང་དང། ། ཡོངས་སུ་གྲུབ་པ་ཤེས་བྱ་གསུམ།། ཇི་ལྟར་སྣང་བའི་དོན་གཉིས་དང།། གཉིས་མེད་ཤེས་པའི་རབ་དབྱེ་བས།། ངོ་བོ་ཉིད་གསུང་བདེན་གཉིས་ཏེ།། རིག་སྣང་ཤེས་པ་མ་ལུས་པ། ། བདེན་ཞེས་ཀུན་ཏུ་བཏགས་པ་དང།། དོན་ཤེས་མིང་ཡང་མ་རིག་པས།། བསླབ་པའི་སྣང་བ་ཀུན་བཏགས་པར།། སྨྲ་ཞིང་སེམས་ཀྱི་རྣམ་པ་ལས།། ཡོད་དང་མེད་པའི་གཞུང་དུ་སྣང།། གང་ཡང་ངོ་བོ་ཉིད་མེད་འདོད། ། བདེན་པ་གཉིས་ལ་རབ་བརྟེན་ནས།། སྒྱུ་མ་རབ་ཏུ་མི་གནས་བར།། ངེས་པར་བདེན་ཞེས་ཐུབ་བས་གསུངས།། བདེ་གཤེགས་གསུང་གི་ངོ་བོ་ལས།། གྲུབ་མཐའ་སོ་སོར་སྣང་བ་རྣམས།། སངས་རྒྱས་ས་ལ་དྲང་བའི་ཕྱིར། ། བསྟན་པའི་དབྱེ་བར་གསུངས་པ་ཡིན།། ཐ་མལ་པ་ལ་བློ་ཟློག་ཕྱིར།། མུ་སྟེགས་ཕྱེད་ཀྱི་བསྟན་པའོ།། དེ་ཡི་འདོད་བློ་སོ་སོའི་ཚུལ།། མྱ་ངན་འདས་ལས་དྲང་བའི་ཕྱིར།། མཆོག་འགྱུར་སངས་རྒྱས་བསྟན་པ་སྟེ། ། དེ་ཡི་གྲུབ་མཐའ་སོ་སོར་གསུངས།། ཉན་ཐོས་སྡེ་དང་རང་སངས་རྒྱས།། བློ་ཆེན་སེམས་རྟོགས་དབུ་མ་པ།། རྒྱུ་འབྲས་མཉམ་ཉིད་ལ་སྦྱོར་ཕྱིར།། བྱ་བའི་རྒྱུད་སོགས་སོ་སོར་གསུངས། ། བདེ་གཤེགས་ཐུགས་རྗེ་ཆོས་ཀྱི་ཆར།། བརྒྱད་ཁྲི་བཞི་སྟོང་གསུངས་པ་ཡང།། གདུལ་བྱའི་སྒྲིབ་པ་བྲལ་ཕྱིར་ཏེ།། སངས་རྒྱས་འཕེལ་བའི་ཕྱིར་མ་ཡིན། ཁ་ཅིག་དྲང་བའི་ཚུལ་གྱིས་ཏེ། ཁ་ཅིག་ངེས་པའི་ཚུལ་གྱིས་སོ། ཁ་ཅིག་སྐྱོ་བ་བསྐྱེད་པ་སྟེ། ཁ་ཅིག་བྲོད་པ་བསྐྱེད་པའོ།། མདོར་ན་དེ་དག་ཐམས་ཅད་ཀྱང།། ཐུགས་མཆོག་དགོངས་རྒྱུད་གཅིག་གིས་གསུངས།། མདོ་དང་རྒྱུད་དང་ཆོ་ག་དང།། ལེའུ་དུམ་བུར་རབ་ཕྱེ་དང། ། རྟོག་པ་ལ་སོགས་ཇི་སྙེད་པ།། ཐུགས་རྗེའི་རྒྱུན་གྱི་དཔྱང་ཐག་གོ། འཕགས་པའི་ཐུགས་རྗེ་གསུམ་ཉིད་ཀྱིས།། གཟུང་བར་བྱ་བའི་གནས་ཉིད་ཀྱང།། ལོག་པར་ཞུགས་དང་ངེས་པར་འཛིན།། མཉམ་པ་ཉིད་དུ་ཤེས་པའོ། ། ཐོག་མཐའ་མེད་པ་དུས་ཀྱི་དབྱིངས།། འཕེལ་འགྲིབ་མེད་པར་གནས་པ་ནི།། ཆོས་རྣམས་ཀུན་གྱི་རྟེན་གཞི་སྟེ།། བདེ་གཤེགས་ཐུགས་ཀྱི་སྙིང་པོའོ།། དེ་ལས་སེམས་དང་སེམས་འབྱུང་གི། སྣ་ཚོགས་ཡུལ་གྱི་དངོས་པོར་གཟུང།། དེས་བསྐྱེད་རྒྱུ་གསུམ་ངོ་བོ་ཉིད།། གནས་ལུགས་ཡེ་དོན་ཇི་བཞིན་པའི།། མཚུངས་པར་ལྡན་བའི་མ་རིག་པ།། ཀུན་འགྲོ་ཀུན་ཏུ་བཏགས་པ་ཡིན།། དེ་བསྐྱེད་ལོག་པར་ཞུགས་པ་ཡང། ། ཐེ་ཙོམ་བསྐྱེད་དང་ངར་གཟུང་ཞིང།། དེ་ལ་ཆད་དང་རྟག་བརྟགས་པས།། འཇིག་ཚོགས་མཐར་འཛིན་ཉིད་དུ་འགྱུར།། ལོག་ཞུགས་ཇི་ལྟར་བརྟགས་དོན་ལ།། ཆགས་སྡང་ང་རྒྱལ་སྐྱེས་པ་ནི། ། བཏང་མི་བྲ་ཞིང་རློམ་སེམས་ལས།། ལོག་པ་ལས་ཀྱང་ལོག་པར་ཞུགས།། གཞན་ཡང་ཁྲོ་བ་བསྐྱེད་པ་དང།། ལྷ་དང་ཚུལ་ཁྲིམས་བརྟུལ་ཞུགས་ལ།། མཆོག་ཏུ་འཛིན་དང་ལོག་ལྟ་རྣམས།། ལོག་པ་ལས་ཀྱང་དེ་བཞིན་བཞུགས། ། དེ་དག་ཀུན་ཚོགས་འདུས་པ་ལས།། ཤིང་རྟ་ཆེན་པོའི་འཕང་ལོ་བཞིན།། རིགས་དྲུག་གནས་སུ་འཁོར་གྱུར་ཏེ།། རང་རང་སྡུག་བསྔལ་བསལ་བར་མྱོང།། འགྲོ་ལ་དམིགས་པའི་ཐུགས་རྗེ་ཡི། ། དཔྱང་ཐག་གིས་ནི་དེ་མི་གཏོང།། ངེས་པར་འཛིན་པ་ཐུགས་རྗེའི་གནས།། རྣམ་པ་སྣ་ཚོགས་འབྱུང་བ་ན།། ཆོས་ཉིད་དངོས་པོའི་གནས་ལུགས་སམ།། གཟུགས་དང་སེམས་དང་སེམས་ལས་འབྱུང།། འདུ་བྱེད་ཁམས་དང་འདུས་མ་བྱས། ། བརྟག་ཅིང་ཤེས་པའི་གཞིར་བཞག་སྟེ།། ངད་དང་དྲན་དང་ཏིང་ངེ་འཛིན།། བརྩོན་འགྲུས་དང་ནི་ཤེས་རབ་རྣམས།། རྗེས་སུ་དྲན་ཕྱིར་ཟག་བཅས་ཏེ།། ཤེས་རབ་རྒྱུ་ཡིས་རབ་བསྐུལ་ནས། ། རང་རང་ལྟ་བ་ངེས་པར་གཟུང།། འདི་ཡང་ཁ་ཅིག་མེད་ཅེས་ནས།། ཐ་སྙད་འཛིན་ལ་སྐུར་པ་འདེབས།། ལ་ལ་ངེས་པར་ཡོད་དོ་ཞེས།། ཡང་དག་དོན་ལ་སྒྲོ་འདོགས་ཏེ།། དེ་ཡང་ཁ་ཅིག་འདུས་མ་བྱས། ། རྟག་པ་གཅིག་པའི་དངོས་པོར་སྨྲ།། འགའ་ཞིག་འདུས་མ་བྱས་པའི་དོན།། མི་རྟག་དུ་མའི་དངོས་པོར་བརྟགས།། ལ་ལས་གཉིས་ཀར་བརྗོད་མེད་ཅེས།། ལ་ལ་ཐམས་ཅད་དངོས་མེད་པའི།། བདེན་པ་གྲུབ་པའི་དོན་དུ་བརྟགས། ། དེས་ན་ངེས་འཛིན་བསམ་མཐའ་ཡས།། མདོར་ན་དོན་རྣམས་ཇི་སྙེད་ཀུན།། ཡོད་དང་མེད་དང་ཐ་དད་དང།། གཅིག་པ་ཉིད་ཅེས་རྟག་གཟུང་བས།། མཐའ་ཆེར་ལྟུང་ཞེས་ལུང་འདིར་བཤད། ། མཐའ་འཛིན་ངེས་པའི་བློ་ཅན་རྣམས།། ཆོས་ལ་དམིགས་པ་ཐུགས་རྗེས་འཛིན།། དམིགས་མེད་ཐུགས་རྗེའི་དཔྱང་ཐག་ཡུལ།། མཉམ་པ་ཉིད་དུ་ཤེས་པ་ནི།། ཕུང་པོ་ཁམས་དང་སྐྱེ་མཆེད་དང།། གནས་ལུགས་ངོ་བོ་ཉིད་དག་སྟེ། ། མདོར་བསྡུས་བདེན་གཉིས་ལུས་རྣམས་དང།། བརྟགས་སྣང་བློ་བཞག་གྲུབ་པའི་མཐའ།། གཞིར་བཞག་རང་འབྱུང་ཡེ་ཤེས་ཀྱི།། རིག་པའི་བློ་ཡིས་འུབ་ཆུབ་པས།། དེ་རྒྱུ་དངོས་དང་དངོས་མེད་མཐའི། ། མཐར་ཐུག་སྤྱོད་པ་མཁས་པ་ཡིན།། དེ་ཕྱིར་མཉམ་ཉིད་རྟོགས་ཞེས་པ།། ཡོད་མེད་རྟག་ཆད་མུ་བཞི་ལ།། སྐྱོན་བཞི་རྟགས་བཞི་སྒྲ་མཐུན་པས།། མཐའ་ཞེས་སོ་སོར་སོར་བཞག་སྟེ།། དོན་ལ་ཁྱད་འཕགས་མཉམ་པར་གྲོལ། ། དེའང་ཚིག་ཡིན་དེར་འཛིན་གྲོལ།། དེས་ན་ཐམས་ཅད་མཉམ་ཉིད་དེ།། འུབ་ཆུབ་ཀུན་འདུས་མཉམ་པའི་དབྱིངས།། དབྱེར་མེད་ལྷུན་གྲུབ་ཆེན་པོ་ལ།། དག་དང་མ་དག་གཉིས་མེད་དེ། ། ཐམས་ཅད་བྲལ་བའི་ངང་གཉིས་པས།། ཆོས་རྣམས་ཐམས་ཅད་སངས་རྒྱས་ཡིན།། དེ་ལྟར་རྒྱུ་འབྲས་མཉམ་ཉིད་ཅིང།། ཐམས་ཅད་ཡེ་གཅིག་ཆེན་པོ་ལ།། དམིགས་མེད་ཐུགས་རྗེ་ཆེན་པོ་ཡི།། མི་གཡེལ་དཔྱང་ཐག་རྒྱུན་དུ་འཛིན། ། འདི་ནི་འགྱུར་མེད་མ་ཆགས་པ།། མ་བཅོས་ལྷུན་གྱིས་གྲུབ་བའོ།། མདོ་རྒྱུད་རྟོག་པ་བསྡུས་པའི་སྒྲོན་མ་ལུང་ཐམས་ཅད་ཀྱི་རྒྱལ་པོ་ལས།། ཐུགས་རྗེ་དཔྱང་ཐག་གནས་ཀྱི་ལུང་བསྟན་པ་སྟེ་དང་པོའོ་རྫོགས་སོ། །།། དེ་ནས་ཀུན་གྱི་དེ་ཉིད་དོན།། ལུང་ཆེན་བསྡུས་པ་རབ་བཤད་བྱ།། ཕྱོགས་བཅུ་དུས་གསུམ་འཇིག་རྟེན་ན།། སྐྱེ་འཇིག་མེད་པར་རྟག་བཞུགས་པའི།། བདེ་བར་གཤེགས་པ་ཀུན་རྣམས་ཀྱི། ། གསུང་གི་འཕྲིན་ལས་མཐའ་ཡས་ཀྱང།། དེ་ཡི་སྐུ་ཡི་ཆེ་བ་ལས།། མཛད་པ་ལྷ་ཡི་ཆོ་འཕྲུལ་ཕྱུང།། དེ་ཉིད་བསམ་ཡས་བརྗོད་མེད་དེ།། མདོར་བསྟན་རྒྱུད་ཅེས་བྱ་བར་སྨྲོས།། རྒྱུད་ནི་འབྲེལ་བའི་དོན་ཡིན་ཏེ། ། དེ་འདིར་མཚུངས་པས་རྒྱུད་ཀྱི་མཆོག། ལྷ་ཞེས་བྱ་བ་བྱང་ཆུབ་སེམས།། དེ་ནི་རྒྱུན་དུ་རབ་ཏུ་བརྗོད།། ཐ་སྙད་ཙམ་གྱིས་ཕྱེ་བ་ནི།། གཞི་ལམ་འབྲས་བུ་གསུམ་དུ་བརྗོད།། གཞི་ནི་གནས་པ་དོན་ཉིད་དེ།། ལམ་ནི་རྣལ་འབྱོར་བསྒྲུབ་པའོ། ། འབྲས་བུ་མཐར་ཐུག་མཛེས་པའི་ལས།། རྒྱུད་ནི་རྣམ་པ་གསུམ་ཞེས་བརྗོད།། ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས།། མ་བཅོས་ལྷ་བདག་ཉིད།། གཟུགས་ནི་རྣམ་པར་སྣང་མཛད་དེ། ། ཚོར་བ་མྱོང་བ་རིན་ཆེན་འབྱུང།། འདུ་ཤེས་སྣང་བ་མཐའ་ཡས་ལ།། འདུ་བྱེད་དོན་ཡོད་ཀུན་ཏུ་གྲུབ།། རྣམ་ཤེས་མི་བསྐྱོད་རྡོ་རྗེ་སེམས།། ཡེ་ནས་མ་བཅོས་ཇི་བཞིན་གནས།། ས་དང་ཤ་ནི་སྤྱན་མ་སྟེ། ། ཆུ་ཁྲག་མ་མ་ཀི་རུ་བརྗོད།། མེ་དྲོད་གོས་དཀར་མ་ཞེས་བྱ།། རླུང་དབུགས་ལྷ་མཆོག་སྒྲོལ་མའོ།། མིག་གི་སྐྱེ་མཆེད་ས་སྙིང་པོ།། རྣ་བ་ཕྱག་ན་རྡོ་རྗེ་སྟེ།། སྣ་ནི་ནམ་མཁའི་སྙིང་པོར་བཤད།། ལྕེ་ནི་སྤྱན་རས་གཟིགས་དབང་ཉིད། ། ལུས་ནི་སྒྲིབ་པ་ཀུན་སེལ་ཏེ།། ཡིད་ཀྱི་སྐྱེ་མཆེད་འཇམ་དཔལ་ཡིན།། གཟུགས་ནི་གཟུགས་ཀྱི་རྡོ་རྗེ་མ།། སྒྲ་ལ་དེ་བཞིན་སྒྲ་རྡོ་རྗེ།། དྲི་དང་རོ་ཡང་རྡོ་རྗེ་སྟེ།། རེག་ཆོས་ཉིད་ཀྱང་རྡོ་རྗེ་མ། ། ཡུལ་རྣམས་དག་པ་ལྷ་མོའི་ཚོགས།། ངོ་བོ་ཉིད་ཀྱི་ལྷུན་གྱིས་གྲུབ།། དེ་དག་སོ་སོར་རབ་ཕྱེ་བའི།། རིགས་དང་ཡེ་ཤེས་ལ་ལྟོས་པའི།། ལྔ་ལྔ་རུ་ནི་འགྱུར་བ་སྟེ།། རྣམ་པར་ཤེས་པའི་རང་བཞིན་ནི།། ཀུན་ལ་ཁྱད་པར་དབྱེ་བ་ལས། ། མདོར་ན་དམ་པའི་རིགས་བརྒྱ་སྟེ།། ཕྱེ་བའི་རིགས་ལ་གྲངས་མེད་འགྱུར།། རིགས་ཀྱི་དབྱེ་བ་ཇི་སྙེད་པ།། དེ་བཞིན་གཤེགས་པ་ས་ཁམས་ཏེ།། རྡོ་རྗེ་རིགས་མཆོག་རྣམ་པར་ཤེས།། རིན་པོ་ཆེ་རིགས་མེ་ཡི་ཁམས། ། པདྨའི་རིགས་ལས་ཆུར་ཤེས་བྱ།། ལས་ཀྱི་རིགས་མཆོག་རླུང་ཡིན་པས། ཁམས་ལྔའི་རང་བཞིན་རིགས་ལས་ནི།། དེ་ཉིད་ཁོ་ནའི་རིགས་ལྔའོ།། རིགས་ཀྱི་དབྱེ་བ་ལྔ་ཉིད་ཀྱང།། ས་དང་ཆུ་ནི་ལུས་ཀྱི་སྐུ། ། དེ་བཞིན་མེ་རླུང་གསུང་དུ་བརྗོད།། རྣམ་པ་ཤེས་པ་ཐུགས་རང་བཞིན།། སྐུ་དང་གསུང་ཐུགས་དབྱེར་མེད་པའོ།། གསང་བ་ཆེན་པོའི་རིགས་གཅིག་ཉིད།། གཅིག་དང་མང་པོའི་རྣམ་དབྱེ་ཀུན།། ཕུན་པོ་ཁམས་དང་སྐྱེ་མཆེད་དང། ། ཡིད་དང་ཆོས་དང་དུས་བཞི་དང།། མཐར་བྱེད་བཞི་དང་འགྲོ་བ་དྲུག། རང་བཞིན་རྣམ་པར་དག་གནས་པས།། བདེ་གཤེགས་རྒྱལ་བ་བཞི་བཅུ་སྟེ།། ཞི་བ་དབྱིངས་ཀྱི་དཀྱིལ་འཁོར་དུ། ། བཅོས་མེད་ངོ་བོ་ཉིད་ཀྱིས་འགྲུབ།། རང་བཞིན་གདོད་ནས་ཞི་བའི་ཕྱིར།། ཞི་བའི་དཀྱིལ་འཁོར་ཕྱག་རྒྱར་བརྗོད།། རོལ་བའི་ཆོ་འཕྲུལ་འགག་མེད་ལས།། ཐོག་མའི་དུས་ནས་ངང་གིས་ཁྲོ།། འདི་ལྟར་སྣང་སྲིད་མ་ལུས་ཀྱང། ། རྒྱལ་བའི་དཀྱིལ་འཁོར་རོལ་པ་ལས།། གཞན་དུ་གནས་པ་མ་ཡིན་ཏེ།། ལྷ་ཡི་མཆོག་ལས་ལྷ་ཡི་ངང།། དུག་ལྔར་སྣང་བ་གཙོ་བོའི་སྐུ།། འདོད་ཆགས་རྟ་མཆོག་རྒྱལ་པོ་སྟེ།། རྡོ་རྗེ་ཞེ་སྡང་ཧེ་རུ་ཀ། ང་རྒྱལ་གཤིན་རྗེ་གཤེད་རྒྱལ་པོ།། ཕྲག་དོག་རྡོ་རྗེ་གཞོན་ནུའི་སྐུ།། གཏི་མུག་ཆེ་མཆོག་ཧེ་རུ་ཀ། སེར་སྣ་འཆབ་སེམས་མངོན་རྫོགས་རྒྱལ།། གདུང་བའི་སེམས་ནི་རྡོ་རྗེ་ཆོས། ཁོང་ཁྲོ་དྲེགས་པ་ཀུན་འདུལ་ཉིད། ། མནར་དང་སེམས་དཔའ་སྟོབས་ལྡན་བདག། ཉོན་མོངས་གཙོ་བོ་རེ་རེ་ལའང།། སོ་སོའི་བྱེ་བྲག་ལྔ་ལྔ་སྟེ།། དེ་དག་རིགས་བཞི་སོ་སོའི་འཁོར།། ཉོན་མོངས་ཉེ་བའི་ཉོན་མོངས་དག། སྣ་ཚོགས་པ་ཡི་འཁོར་ཡིན་ནོ། ། མདོར་ན་འདི་ལྟར་སྣང་བ་ཡི།། སྲིད་ཞི་འཇིག་རྟེན་མ་ལུས་པ།། སྣོད་དུ་སྣང་བ་གཞལ་ཡས་ཁང།། བཅུད་ནི་ལྷ་ཡི་ཚོགས་ཡིན་ནོ།། དག་པའི་འཇིག་རྟེན་དག་པའི་ཀློང།། རྣམ་དག་ཆེན་པོར་ལྷུན་གྱིས་གྲུབ། ། འབྱུང་བ་ལྔ་ནི་ཡུམ་ལྔའི་ཀློང།། གནས་ཤིང་བརྟན་པའི་ས་རྣམས་ཀུན།། གཞལ་མེད་ཁང་པ་དཀྱིལ་འཁོར་ཡིན།། ཕ་དང་མ་ནི་ཡབ་དང་ཡུམ།། བུ་དང་བུ་མོ་སྲས་ཕོ་མོ།། ཕྱི་ནང་ཉེ་བའི་འཁོར་རྣམས་ནི། ། དཀྱིལ་འཁོར་ཅན་གྱི་ལྷ་ཉིད་འཁོར།། བྲན་དང་མངག་གཞུག་དམངས་ཀྱི་ཚོགས།། བཀའ་ཉན་ལས་བྱེད་ཕ་ཉའི་ཚོགས།། རྒྱན་བཅས་མཚན་དང་དཔེ་བྱད་དེ།། ཚིག་བརྗོད་སྙིང་པོ་གསུང་གི་སྒྲ། ། ལོངས་སྤྱོད་མཆོད་པ་ཁོ་ན་སྟེ།། ཡོན་ཏན་ཚིག་ཐོས་བསྟོད་པའོ།། སྤྲོས་ཤིང་འཇུག་པ་བྱ་བྱེད་ལས།། མཛད་པའི་འཕྲིན་ལས་དེ་ཉིད་ཡིན།། ཆགས་པར་བྱེད་པ་ཆགས་པའི་ཚུལ།། འཇིག་པ་འཇིག་པས་སྲིད་མཐར་བྱེད། ། སྟོང་པར་ཤེས་པ་སྟོང་པ་ཉིད།། སྔར་བཞིན་གནས་བཤད་གནས་པའོ།། འདི་ལྟར་སེམས་ཉིད་སྣ་ཚོགས་སུ།། སྣང་ཞིང་སྲིད་པའི་དངོས་པོ་ཀུན།། རང་བཞིན་རྣམ་དག་ལྷ་ཡི་དབྱིངས།། ལྷ་ཡི་རོལ་པ་ལྷ་ཡི་སྐུ། ། དེ་བཞིན་དངོས་རྣམས་མ་ལུས་པར།། ཡེ་ནས་ལྷ་ཡི་རང་བཞིན་པས།། ལྷ་ཡི་གཞི་ཞེས་རབ་ཏུ་བརྗོད།། དེ་ནི་རྒྱུད་དུ་ཤེས་བྱ་སྟེ།། དུས་རྣམས་ཀུན་ཏུ་འབྲལ་བའོ།། བདེ་གཤེགས་ལྷ་ཡི་དགོངས་པ་ཡིས། ། ལམ་ཞུགས་རྣམས་ལ་སྒྱུ་མར་སྤྲུལ།། ཆོ་འཕྲུལ་བགྲོད་བྱའི་སྐུར་སྣང་ཡང།། རྣལ་འབྱོར་སྒོམ་པའི་རྒྱུད་ཅེས་བྱ།། སྐྱེས་བུ་ཆགས་པས་རབ་གདུངས་བ།། ཞི་བའི་སྒོ་ལ་སྦྱོང་བྱེད་པས།། བསོད་ནམས་ཚོགས་ནི་རབ་བསགས་ནས། ། མི་རྟོག་མི་དམིགས་དེ་བཞིན་ཉིད།། ལྷ་ནེར་གཞལ་ལས་ཐུགས་རྗེར་ཤར།། རྒྱུ་ཡི་ཏིང་འཛིན་ཡི་གེ་ལས།། ཐམས་ཅད་སྐྱེ་བྱེད་རང་བཞིན་ནི།། འབྱུང་བ་ཡུམ་ལྔའི་དཀྱིལ་འཁོར་དུ།། ཡེ་ཤེས་གཞལ་ཡས་ལྷུན་གྱིས་རྫོགས། ། གདན་སྟེངས་ས་བོན་ལས་བསྐྱེད་པའི།། རིགས་གཅིག་རིགས་ལྔ་རིགས་བརྒྱ་ཡི།། སྐུ་དང་བསྡུས་པ་བཞི་བཅུ་གཉིས།། མཉེན་ལྕུག་འཁྲིལ་ལྡེམ་གཞོན་ཚུལ་ཅན།། གསལ་འཚེར་ལྷུན་སྡུག་གཟི་བྱིན་འབར། ། མཚན་དང་དཔེ་བྱད་མ་འགགས་ཆོས།། རང་རིག་བྱང་ཆུབ་སེམས་ལས་བྱུང།། དབྱིངས་ནས་སྤྱན་དྲངས་དབྱེར་མེད་བསྟིམ།། གཉིས་མེད་གུས་པས་ཕྱག་འཚལ་ཏེ།། མཆོད་བསྟོད་དགེས་མཛད་འཕྲིན་ལས་བཅོལ། ། གསང་སྔགས་བསྙེན་པའི་བཟླས་བརྗོད་ཀྱིས།། ཉེ་བར་བྱས་ཏེ་དངོས་གྲུབ་བླང།། བཟོད་པར་གསོལ་ལ་སྨོན་པར་བྱ།། མི་དམིགས་མི་རྟོག་ཆགས་བྲལ་པས།། ཆོས་ཉིད་ཀྱི་ནི་དགེ་རྩར་བསྔོ། ། འདི་ནི་ཞི་བ་ཞི་མཛད་ལྷའི།། མཛད་པའི་ཆོ་འཕྲུལ་བསམ་རྫོགས་པ།། འདོད་པ་ཅན་རྣམས་འདུལ་བའི་ཕྱིར།། སངས་རྒྱས་རོལ་མོས་གར་མཛད་དོ།། ཤིན་ཏུ་གདུག་པའི་ཞེ་སྡང་ཅན། ། འཇུག་པའི་སྒོ་ནི་ཁྲོ་བོ་སྟེ།། མཚམས་བཅད་བགེགས་བསྐྲད་གདུག་པ་འདུལ།། སྔོན་དུ་འགྲོ་བའི་བྱ་བ་བདུན།། རྫོགས་ནས་ཏིང་འཛིན་གསུམ་སྒོམ་ཞིང།། འབྱུང་བ་ལྔ་དང་རི་རབ་བསྐྱེད།། རིན་ཆེན་དུར་ཁྲོད་རབ་འབར་བའི། ། གཞལ་ཡས་མཛེས་ཤིང་འཇིགས་པ་སྒོམ།། དེ་དབུས་གདན་སྟེངས་རྒྱུ་མཆོག་ལས།། བསྐྱེད་པའི་གཙོ་སྲས་དང་བཅས།། སོ་སོའི་འཁོར་དང་རབ་ལྡན་པ།། སྒེག་དང་དཔའ་བ་འཇིགས་པ་དང། ། བཞད་དང་གཤེ་རྔམ་ཁྲོ་བ་དང།། སྙིང་རྗེ་ཞི་བའི་ཚུལ་འཆང་བས།། གར་དགུའི་ཉམས་དང་ལྡན་པའོ།། དེ་འདྲའི་འཇིགས་བྱེད་ཆེན་པོའི་སྐུ།། བསྐྱེད་དང་སྤྱན་དྲངས་གཉིས་སུ་མེད།། བསྟིམ་བཞུགས་ཕྱག་འཚལ་མཆོད་པས་མཆོད། ། བསྟོད་དང་སྔགས་བཟླས་རྗེས་བྱའི་རིམ།། དུས་དྲུག་དུས་བཞི་དུས་མེད་དུ།། རབ་ཏུ་འབད་པས་གང་བསྙེན་ཅིང།། བསྒྲུབ་བ་རྣམས་ནི་ལམ་གྱི་ཉམས།། རྣལ་འབྱོར་རྟོག་པའི་སྒོམ་པ་ནི། ། ཁྲོ་བོ་ཆེན་པོའི་སྟོབས་མཆོག་གིས།། ལམ་དང་ལམ་གྱི་རྒྱུད་དུ་གསུངས།། ཞི་དང་ཁྲོ་བོའི་སྐུར་གསལ་བས།། ཆག་སྡང་དང་ཞེ་སྡང་རབ་བསལ་ཏེ།། གཞན་གྱི་དོན་དུ་སྐུར་སྣང་བ།། ཐོབ་མེད་འབྲས་བུ་དེ་ཡི་མཆོག། དེ་ནི་འབྲེལ་པས་རྒྱུད་ཅེས་བྱ།། གཞི་ལམ་འབྲས་བུ་དབྱེར་མེད་པའོ།། གཞི་དང་འདྲ་བའི་ལམ་བསྒོམས་པས།། དེ་འདྲའི་ལམ་དང་འབྲས་བུ་སྙེམས།། ཐུགས་རྗེའི་མཛད་པ་ཀུན་རྣམས་ཀུན།། འགྲོ་བའི་དོན་ལ་རབ་ཏུ་བརྩོན། ། ཞི་བ་ལ་ནི་ཞི་བ་སྟེ།། ཁྲོ་བ་ཅན་ལ་ཁྲོ་བོའི་སྐུ།། འདོད་ཆགས་ཅན་ལ་ཆགས་པའི་ཚུལ།། ཞེ་སྡང་ཅན་ལ་དེ་ཡིས་འདུལ།། མ་རིག་པ་ལ་གཏི་མུག་ཚུལ།། སེར་སྣ་ལ་ནི་འཇུངས་པས་སོ། ། ཕྲག་དོག་ཕྲག་དོག་གིས་འདུལ་ཞིང།། ཞི་ལ་ཞི་དང་རྒྱས་ལའང་དེ།། དབང་ཆེན་ལ་ནི་དབང་སྡུད་ཚུལ།། དྲག་ཤུལ་ཅན་ལ་དེ་ཉིད་ཀྱིས།། ཚར་གཅོད་གཟུགས་སུ་སྟོན་པར་མཛད།། རིགས་དྲུག་འགྲོ་ལ་རང་གི་གཙོ། ། ཐུབ་བྱེད་དྲུག་གི་སྐུ་རང་བཞིན།། སྐྱེས་པ་ལ་ནི་སྐྱེས་པའི་གཟུགས།། བུད་མེད་ལ་ནི་བུད་མེད་དེ།། མཁན་པོ་སློབ་དཔོན་རྒྱལ་པོ་དང།། བྲམ་ཟ་རྗེ་རིགས་དམངས་དང་བྲན།། ཚོང་དཔོན་དམག་མི་མེལ་ཚེ་བ། ། ཐ་ན་དུད་འགྲོ་ཡན་ཆད་གཟུགས།། གང་གིས་འདུལ་ལ་དེར་སྟོན་ཏེ།། མཐུན་པས་མཐུན་པ་འདུལ་བར་བྱེད།། འདོད་པ་སྤངས་ལ་དཀའ་ཐུབ་དང།། བདེ་བ་འདོད་ལ་ལོངས་སྤྱོད་ཀྱིས།། གསོག་འཇོག་ཅན་ལ་སྦྱིན་པར་འདོད། ། ཚུལ་ཁྲིམས་བསྲུང་དང་མ་བསྡམས་དང།། བསམ་གཏན་བསྒོམ་དང་གཡེལ་ལ་སོགས།། གང་གིས་གང་འདུལ་དེ་སྐུར་སྟོན།། ཇི་ལྟར་འཚམ་པའི་དོན་སྦྱར་ནས།། སྐྱེས་བུ་མཐུན་པས་འདུལ་འགྱུར་བས། ། འདི་ནི་མཛད་པའི་བྱ་བ་སྟེ།། འབྲས་བུའི་རྒྱུད་དུ་རབ་ཏུ་བརྗོད།།།། མདོར་ན་རྒྱུད་ཅེས་བྱ་བའི་དོན།། དངོས་པོའི་གནས་ལུགས་གཞི་ཡིན་ཏེ།། གཞི་ལས་གཞན་པའི་འབྲས་བུ་མེད། ། འབྲས་བུའི་ཚུལ་ལས་འདའ་བ་ཡིན།། ལམ་གྱི་སྒོམ་པ་གང་ལམ་མཆིས།། དེ་བས་རྒྱུ་དང་འབྲས་བུ་དང།། ལམ་ཞེས་གྲགས་པ་བརྟགས་པ་ཙམ།། འདི་ལྟར་སྣང་བ་འདི་ཁོ་ན།། ལྷ་ཉིད་ཡིན་ཏེ་དེ་ལས་གཞན། ། ཆོས་དབྱིངས་སྤྲུལ་པ་མེད་པའོ།། དེ་ནི་དོན་དམ་ཀུན་རྫོབ་ཅེས།། ལུང་ཆེན་ཀུན་ལས་གསུངས་པ་ཡིན།། འདི་ནི་ལུང་ཆེན་མདོར་བསྡུས་པ།། སངས་རྒྱས་འཕྲིན་ལས་བསྟན་པ་ཡི།། རྨད་དུ་བྱུང་བའི་ཆོ་འཕྲུལ་ཀུན། ། རབ་ཏུ་བསྡུས་མིན་རྒྱས་མིན་པར།། རྡོ་རྗེ་སེམས་དཔས་བསྟན་པ་དེ།། འདིར་བསྟན་པ་ལ་ཐེ་ཙོམ་མེད།། དེ་བས་མ་འོངས་སྐྱེ་བོ་ཀུན།། ཡིད་གཉིས་སྤངས་པས་འདུད་པར་བྱ།། འདི་ནི་རྨི་ལམ་སྒྱུ་མ་འདྲ། ། དེ་བཞིན་གཟུགས་བརྙན་སྤྲུལ་པ་དང།། སྨིག་སྒྱུ་དྲི་ཟའི་གྲོང་དང་མཚུངས།། སངས་རྒྱས་མཛད་པ་བསམ་ཡས་པར།། མ་མཛད་པ་ལ་མཛད་པ་ཆེ།། ཐམས་ཅད་རང་རང་ལྷ་རུ་ངེས།། ཨེ་མ་ཆོས་ཉིད་སྤྲོས་དང་བྲལ། ། ཨེ་མ་ཧོ་རང་བཞིན་མ་འགགས་སྣང།། ཨེ་མ་ཧོ་རོལ་པ་བླ་ན་མེད།། ཨེ་མ་སྒྱུ་མ་ཕྱག་རྒྱ་ཆེ།། ཨེ་མ་ཐུགས་རྗེ་མ་ལུས་འཛིན།། སྦྲུལ་པའི་སྐུ་སྟེ་ལྷ་ཡི་མཆོག། ལྷ་རྣམས་ཉིད་ལ་གཉིས་མེད་འདུད།། མདོ་རྒྱུད་རྟོག་པ་བསྡུས་པའི་སྒྲོན་མ་ལུང་ཐམས་ཅད་ཀྱི་རྒྱལ་པོ་ལས། མཛད་པ་ཆོ་འཕྲུལ་ལྷའི་ལུང་བསྟན་པ་སྟེ་གཉིས་པའོ་རྫོགས་སོ།།།། དེ་ནས་འཕྲིན་ལས་མཐར་ཕྱིན་པའི།། སྒྲུབ་པའི་ལུང་མཆོག་བཤད་པར་བྱ། ། རྩོད་དུས་གང་ཟག་རྣམས་ཀྱི་ཕྱིར།། རྒྱུད་རྣམས་ཀུན་ཏུ་གསུངས་པ་ཡི།། བསྡུས་པའི་ལུང་ནི་མཆོག་ཡིན་ནོ།། གསང་བ་སྔགས་ཀྱི་བཀའ་གསང་ལུང།། བསྒྲུབ་བྱ་བསྡུས་པ་འདི་ལྟ་སྟེ།། ཡིད་འོང་དབེན་པའི་གནས་དག་ཏུ། ། མཐུན་པའི་གྲོགས་དང་བཅས་བཞིན་པས།། བསྒྲུབ་པའི་འབྲས་བུ་མཐར་ཕྱུང་ལ།། འགྲོ་བའི་དོན་ལ་རབ་བརྩོན་བྱ།། འཇིག་རྟེན་འདས་དང་མ་འདས་པའི།། དངོས་གྲུབ་མཆོག་ནི་དམིགས་པའི་ཡུལ། ། རང་གཞན་མཐོ་རིས་ཐོབ་འདོད་པས།། བསྒྲུབས་ན་མྱུར་དུ་འགྲུབ་པའི་རྒྱུ།། དད་བརྩོན་ཤེས་རབ་ལྡན་པ་ནི།། དེ་ཡི་རྐྱེན་དུ་ཤེས་པར་བྱ།། བསྒྲུབ་བྱ་བཅུ་ལས་བསྒྲུབ་པའི་ཐབས།། རྣམ་པ་བཅུ་སྟེ་བསྒྲུབ་ལུགས་དྲུག། མཉམ་ཉིད་ཞི་བའི་བསྒྲུབ་པ་དང།། ཞེ་སྡང་ཁྲོ་བོའི་བསྒྲུབ་བྱ་དགུ།། གང་ཞིག་བསྒྲུབ་པར་བྱ་བ་ཡི།། ལུས་ནི་རྣམ་པར་ཤེས་པར་བྱ།། དེ་ཡི་བསྒྲུབ་ལུགས་བསམ་ཡས་པ།། འདིར་ནི་མཐར་ཐུག་ཁོ་ནར་བརྗོད། ། ཀུན་ནས་ཞི་བར་གནས་པ་ལ།། ཞི་བ་ཆེན་པོ་བསྒྲུབ་འདོད་པས།། གང་ལ་དམིགས་པ་ལྷ་ཡི་སྐུ།། བསྒྲུབ་པའི་རྟེན་དུ་གཞག་པར་བྱ།། དེ་ནི་ཞི་བའི་ལྷ་རྣམས་ཀྱི།། བསྒྲུབ་རྫས་རྟེན་གྱི་མཐར་ཐུག་ཡིན། ། ཡུལ་གསུམ་གསལ་བར་གྱུར་པ་དང།། རང་འདོད་ལྷ་ཡི་རྣལ་འབྱོར་སྒོམ།། ལུས་ཀུན་ཏིང་འཛིན་ལྷར་མཉམ་བའི།། བསྐྱེད་པའི་རིམ་པས་སྐུ་རྫོགས་པ།། བསྐྱེད་རིམ་དོན་གྱི་མཐར་ཐུག་སྟེ། ། སྐུ་ཡི་བསྒྲུབ་པ་ཞེས་བྱའོ།།།། ཨོཾ་ཨཱ་ལི་ཀཱ་ལི་ཛྙཱ་ན་པན་ཙ་ས་ཏྭ་ཀྲོ་དྷ་མུ་ནེ་ཡེ་སྭཱཧཱ། ཨོཾ་ཨ་ཧཱུ~ཾ་སྭཱཧཱ། ཨོཾ་ཨཱ་ཧཱཾ། སྙིང་པོའི་ཡི་གེ་བཅོ་བརྒྱད་པས།། དམ་པའི་རིགས་ནི་བཅུ་ཕྲག་བཅུ།། སྙིང་པོས་སྐུལ་བར་བྱེད་པ་ཡིན། ། གསང་སྔགས་སྙིང་པོ་འབྲུ་ལྔ་པོས།། བདེ་གཤེགས་རིགས་ལྔའི་ཐུགས་དམ་བསྐུལ།། གསུང་མཆོག་འབྲུ་གསུམ་དག་གིས་ནི།། རྡོ་རྗེ་སེམས་དཔའི་ཐུགས་སྐུལ་བྱེད།། འདི་དག་གསང་སྔགས་དམ་པའི་མཆོག། ཞི་བར་སྣང་བའི་ལྷ་རྣམས་ཀྱི།། མཐར་ཐུག་གསུང་གི་བསྒྲུབ་པ་སྟེ།། བྲག་ཆ་སྒྲ་བརྙན་ཇི་བཞིན་དུ།། ཐམས་ཅད་གསུང་དུ་སྣང་ཞིང་སྟོང།། གསུང་གི་དེ་ཉིད་ཁོ་ན་སྟེ།། མིང་འདི་མཐར་ཐུག་ཟབ་ཅིང་ཞི། ། སྤྲོས་མེད་ཡུལ་དང་བྲལ་བ་ནི།། ཞི་བ་ཐུགས་ཀྱི་སྒྲུབ་པར་བརྗོད།། དེ་བཞིན་དུ་ནི་ཁྲོ་བོ་ཡང།། ཀུན་ནས་མ་ལུས་མཚུངས་འགྱུར་ཏེ།། ཡོན་ཏན་གཙོ་དང་སྐུ་གསུང་ཐུགས།། འཕྲིན་ལས་རྦོད་གཏོང་དྲག་སྔགས་དང། ། མཆོད་བསྟོད་དང་བཅས་བསྒྲུབ་ལུགས་བརྒྱད།། བསྒྲུབ་རྫས་རྟེན་དང་སྒོམ་པའི་ལྷ།། བཟླས་པའི་སྔགས་དང་ལྟ་དགོངས་བཞི།། ཟབ་དོན་གསང་བའི་མཐར་ཐུག་པ།། ཀུན་ལ་ལྔ་ལྔར་རྒྱལ་བས་གསུངས། ། བུམ་པ་མར་མེ་ཐོད་པ་དང།། ཕྱག་རྒྱ་ཕུར་པ་ཙིཏྟ་དང།། མཆོད་གཏོར་ལིང་ག་ཉ་བོ་དག། བསྒྲུབ་རྫས་རྟེན་གྱི་མཐར་ཐུག་ཡིན།། དཀྱིལ་འཁོར་རྒྱས་བསྡུས་ཡབ་ཡུམ་དང།། སོ་སོའི་དཔའ་བོ་གཅིག་རྣམས་ལ། ། སྤྲོ་དང་བསྡུ་དང་རབ་བསྡུས་པས།། མཐར་ཐུག་བསྒོམ་བྱའི་ལྷ་རུ་འགྱུར།།།། ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུ~ཾ་ཕཊ། ཨོཾ་རུ་ལུ་རུ་ལུ་ཧཱུ~ཾ་བྷྱོ་ཧཱུ~ཾ་ཕཊ། ཨོཾ་མ་ཧཱ་ཀྲོ་དྷེ་ཨཾ་ཀ་ཡ་མན་ཏ་ཀ་ཧ་ན་མ་ཐ་བན་ཛ་ཧཱུ~ཾ་ཕཊ། ཨོཾ་པདྨ་ཏ་ཀྲིད་ཧ་ཡ་གྲི་བ་ཧུ་ལུ་ཧུ་ལུ་ཧཱུ~ཾ་ཕཊ། ཨོཾ་བཛྲ་ཀཱི་ལི་ཀཱ་ལ་ཡ་སརྦ་བིགྷ་ནན་བཾ་ཧཱུ~ཾ་ཕཊ། ཨོཾ་དྷུ་ཡ་ཛྙཱ་ན་ཤྲཱི་ཧེ་རུ་ཀ་གྷུ་ཡ་ཛྙཱ་ན་ཀྲོ་དྷི་ཤོ་རི་སྟྭཾ། མ་མ་ཡོ་གི་ནི་རུ་ལུ་རུ་ལུ་ཧཱུ~ཾ་བྷྱོ་ཧཱུ~ཾ་ཕཊ། ཨོཾ་བཛྲ་ཙནྟྲ་སརྦ་དུཥྟན་ཏ་ཀ་ཧ་ན་ད་ཧ་བན་ཙ་ཧཱུ~ཾ་ཕཊ། ཨོཾ་བཛྲ་སརྦ་དུཥྟན་ཧཱུ~ཾ་ཕཊ། སོ་སོའི་གསུང་སྔགས་བརྒྱད་པ་ལ།། རང་གི་སྐུ་དང་མཐུན་བརྗོད་པས།། ཐམས་ཅད་གསུང་གི་མཐར་ཐུག་སྟེ།། ཐུགས་ཀྱི་སྙིང་པོ་སྐུལ་བྱེད་པའི། ། བཟླས་པའི་སྔགས་སུ་ཤེས་པར་བྱ།། ཕྱི་ནང་སྣོད་བཅུད་དངོས་པོའོ།། སྐྱེ་འགྲོ་འབྱུང་བ་རྒྱུ་འབྲས་བཅས།། མ་ལུས་བདུད་རྩི་ལྔ་དང་གཅིག། རྩ་བ་ཡན་ལག་བཅས་པ་ཀུན།། རང་བཞིན་རྣམ་དག་མཉམ་སྦྱོར་བ། ། ཡོན་ཏན་ཆེ་མཆོག་མཐར་ཐུག་པ།། ཡེ་ནས་དོན་ཆོས་སྨན་རྫས་ཏེ།། རྣམ་དག་དགོངས་པས་དེ་དོན་རྫོགས།། ལྷ་དང་དཀྱིལ་འཁོར་མཆོད་རྫས་སྔགས།། རྒྱུ་དང་ཆོས་ཉིད་སྙིང་པོ་དང།། སྒྲ་དང་དངོས་གྲུབ་ཤེས་པ་ཡིས། ། མ་ལུས་ཐུགས་ཀྱི་དགོངས་པར་འདུས།། དུས་གསུམ་ཤེས་བྱ་གཅིག་པུ་ཉིད།། བདེ་ཆེན་འབྲས་བུ་ཀུན་འདུས་པ།། ཡོངས་རྫོགས་སྐུ་གསུང་མཐོང་པའོ།། སྲིད་གནས་གཅོད་པ་དང་སྤྲུལ་པ་དང། ། འཁོར་ལོ་བཞི་ཡི་དོན་སྤྱད་པས།། སྐུ་ཡི་དགོངས་པ་མཐར་ཐུག་ཅིང།། འཁོར་བའི་སྡུག་བསྔལ་གཤིན་གྱི་རྗེ།། མ་ལུས་འཇོམས་པར་བྱེད་པའི་གཤེད།། མཉམ་ཉིད་ལྡན་པ་རབ་བསྒྲུབ་པའོ། ། མཚོན་པའི་དཔེ་དང་གདུལ་བྱའི་ཐབས།། ལྟ་སྤྱོད་དགོངས་པའི་དོན་དག་གིས།། གསུང་གི་དབང་ཕྱུག་འཕྲིན་ལས་དོན།། མ་ལུས་མཉེས་པར་བྱེད་པའི་ཡུལ།། གཅིག་དང་དུ་མའི་མཐར་ཐུག་པ།། ཐེག་པ་རིམ་པར་བགྲོད་པ་དང། ། ས་དང་ལམ་ལ་སྦྱར་བ་དང།། གསང་སྔགས་ལ་ཤན་དབྱེ་བ་ཡི།། རིམ་པ་ཉིད་ཀྱི་དགོངས་པར་ཐུག། འཕྲིན་ལས་རྒྱུ་བཞིར་རབ་རྟེན་ཅིང།། ཐབས་དང་དེ་ལས་བྱུང་བ་ཡི།། རྣམ་བཞིས་ཟབ་མོའི་དོན་སྤྱད་ཅིང། ། ཐར་ཕྱིན་དགོངས་པ་དེ་མཐར་ཐུག། ལུས་གནས་ཉིད་དང་དེ་ལས་གཡོས།། རྣལ་འབྱོར་གྲོལ་དང་འཇིག་རྟེན་སྣང།། དྲག་ཤུལ་སྔགས་དང་གབ་པའི་གཏེར།། ཕྱི་ནང་གསང་བ་ཉེར་སྤྱོད་ཅིང། ། ཡོངས་རྫོགས་སྐུ་ལ་སྦྱོར་བ་ཡི།། གསང་ཆེན་དེ་ཡི་མཐར་ཐུག་དོན།། བསྒྲུབ་མཆོད་བསྟོད་བསྐུལ་རྦད་པ་ཡིས།། ཉེར་བསྟེན་སོ་སོའི་ལས་གྲུབ་ཅིང།། སྣང་བ་གསུམ་ལ་ཀུན་སྦྱོར་ཅིང།། གཟུང་ཡུལ་མ་གྲུབ་ཚུལ་ཤེས་ཤིང། ། རང་གི་ངང་གིས་འཕྲིན་ལས་གྲུབ།། བདེ་སྤྱོད་མཆོད་བསྟོད་མཐར་ཐུག་པའོ།། སྔགས་རྫས་དམ་ཚིག་ཏིང་ངེ་འཛིན།། གཅོད་འཕྲོག་གནས་པ་གནད་ལ་དབབ།། རང་གི་མཚན་མ་མངོན་སྤྱོད་ཀྱི། ། འཕྲིན་ལས་ཐ་དང་ཉེ་བར་བསྒྲུབ།། སྟོང་ཕྲག་དག་གིས་བཅད་པ་ཡི། ཁམས་གསུམ་འདུལ་ལ་རབ་ཏུ་ཤིས།། བྱ་བའི་བྱེ་བྲག་སྣ་ཚོགས་ཀྱིས།། རང་ཉིད་ཆེན་པོར་ལོངས་སྤྱོད་ནས།། ཐིག་ལེ་རབ་སྦྱར་དགྱེས་པར་རོལ། ། འདི་ནི་རྫོགས་པའི་རྣལ་འབྱོར་ཏེ།། ཟབ་དོན་མཆོག་ཏུ་མངོན་སང་རྒྱས།། གསང་བ་དཔག་དཀའ་རྒྱུད་ཀྱི་དོན།། མ་ལུས་བསྡུས་ལ་བསྒྲུབ་ལུགས་དྲུག། བསྙེན་པ་ཉེ་བསྙེན་སྒྲུབ་པ་དང། ཉེ་བར་སྒྲུབ་དང་བསྒྲུབ་ཆེན་པོ། ཁྱད་པར་ལས་ལ་སྦྱོར་བ་རྣམས།། ཐེག་ཆེན་ལུང་དུ་གསལ་བར་གསུངས།། གསང་སྔགས་སྙིང་པོ་ཡིད་འོང་སྒྲ།། བརྒྱ་སྟོང་ལ་སོགས་གྲངས་བཅད་ནས།། རྒྱུན་དུ་བཟླས་ཤིང་བརྗོད་པ་ནི། ། རྣལ་འབྱོར་ལྡན་པའི་བསྙེན་པའོ།། དབེན་པའི་གནས་སུ་ངག་གཞན་སྤངས།། དེ་ཉིད་འབད་པ་ཉེ་བསྙེན་ཏེ།། ཐུན་མཚམས་བཞི་ཡི་རྣལ་འབྱོར་གྱིས།། ལེ་ལོ་མེད་པའི་རྟགས་འབྱིན་པ།། སྒྲུབ་པ་ཡིན་ཏེ་དེ་དག་ཉིད། ། གྲངས་དང་དུས་དང་མཚན་མ་ལ།། རིམ་པ་བཞིན་དུ་རབ་སྦྱར་ནས།། རྡུལ་ཚོན་དཀྱིལ་འཁོར་ཆེན་ཞུགས་ཤིང།། སྔོན་འགྲོ་བསྲུང་དང་མཚམས་བཅད་ནས།། ཕྱི་ནང་གསང་བའི་གྲུབ་རྟགས་ཀུན། ། མཐོང་ཞིང་བརྟན་པར་སྒྲུབ་བྱེད་པ།། ཉེ་བའི་སྒྲུབ་པ་ཞེས་བྱའོ།། རྟགས་ཐོན་སྒྲུབ་པ་ཆེན་པོ་ནི།། འཇིག་རྟེན་འཇིག་རྟེན་འདས་པ་ཡི།། ཐ་མལ་པ་དང་མཆོག་ཏུ་འགྱུར།། འཇིག་རྟེན་ཐ་མལ་དངོས་གྲུབ་ནི། ། ཕྲན་ཆགས་ལས་དང་དངོས་གྲུབ་ཅེས།། རྒྱལ་བ་མཆོག་གིས་གསུངས་པས་ན།། ཞི་དང་རྒྱས་དང་དབང་དང་དགུག། བསྐྲད་དང་བསྒྲལ་ལ་སོགས་པ་ཡི།། ལས་ཀྱི་བྱ་བ་རྣམ་མང་པོ།། གང་ལ་འདོད་པ་དེ་བསྒྱུར་ཞིང། ། དོགས་པ་མེད་པའི་སེམས་ཀྱིས་བསྒྲུབ།། དངོས་གྲུབ་ཆེན་པོ་མཆོག་བཤད་པ།། མཁའ་ལ་སྤྱོད་དང་རྐང་མགྱོགས་དང།། ས་འོག་སྤྱོད་དང་ཆུ་ལ་འཆག། མེ་དང་རླུང་གིས་མི་བརྫི་དང། ། མི་སྣང་བ་དང་འཆི་བ་མེད།། མིག་དང་རྣ་བ་སྣ་དང་ལྕེ།། ལུས་དང་ཡིད་ནི་དག་བྱས་པས།། ལྐོག་གྱུར་རིང་བའི་ཡུལ་འཛིན་ཅིང།། ལྷ་དབང་དག་པ་མ་ལུས་མཐོང།། རྒྱལ་བའི་ཐབས་མཆོག་བསམ་ཡས་པ། ། རྒྱ་ཆེན་རྒྱུད་དུ་གསུངས་པ་རྣམས།། སོ་སོའི་རྟགས་རྫོགས་བར་དུ་བསྒྲུབ།། འདི་དག་ཐ་མལ་སྒྲུབ་པ་ཆེ།། དངོས་གྲུབ་ཆེན་པོ་སྟེར་བར་བྱེད།། དེ་ནས་གང་འདོད་ལས་ལ་སྦྱར།། འབད་པ་མེད་པར་གཞན་དོན་སྤྱོད། ། ཀུན་འདྲེན་ལྕགས་ཀྱུ་ལྟ་བུར་གྱུར།། ལས་ལ་སྦྱོར་ཞེས་དེ་ལ་བྱ།། འདི་ནི་ལུང་ཆེན་ཀུན་བསྡུས་པ།། འཕྲིན་ལས་མཐར་ཕྱིན་བསྒྲུབ་པ་སྟེ།། དཔའ་བོ་ཆེན་པོས་གསུངས་པས་ན།། ངེས་པའི་ལུང་དུ་ཤེས་པར་བྱ། ། མདོ་རྒྱུད་རྟོག་པ་བསྡུས་པའི་སྒྲོན་མ་ཞེས་བྱ་བ་ལུང་ཐམས་ཅད་ཀྱི་རྒྱལ་པོ་ལས། འཕྲིན་ལས་མཐར་ཕྱིན་པ་བསྒྲུབ་པའི་ལུང་བསྟན་པ་སྟེ་གསུམ་པའོ་རྫོགས་སོ།།།། དེ་ནས་གསང་སྔགས་ཟབ་མོའི་དོན། ། ངེས་པར་འབྱེད་པའི་ལུང་ཆེན་པོ།། གསང་ཆེན་རིག་པའི་གཏེར་གྱུར་པས།། རྒྱལ་བས་བཀའ་སྩལ་རབ་ཏུ་བཤད།། འདི་ལྟར་གསང་སྔགས་ཞེས་བྱ་བ།། ཐེག་པ་དམན་ལ་གསང་འོས་ཤིང།། ཡིད་སྐྱོབ་ཕྱིར་ན་གསང་སྔགས་ཏེ། ། དེ་ནི་ངེས་པའི་དོན་ཡིན་ནོ།། མ་མན་ཞེས་པ་ཡིད་ཡིན་ཏེ།། ཏྲ་ཏྲ་ལས་ནི་སྐྱོབ་པར་བྱེད།། མ་ལུས་ཡིད་སྐྱོབ་བྱེད་པས་ན།། གསང་སྔགས་ཞེས་ནི་རབ་ཏུ་བརྗོད།། མན་ནི་གང་ཟག་དངོས་པོའི་བདག། ཏྲ་ནི་ཆོས་བདག་གཟུང་འཛིན་དངོས།། གསལ་བ་གཉིས་མེད་མཉམ་པ་ཉིད།། གསང་སྔགས་ཞེས་ནི་ངེས་པར་བརྗོད།། མན་ནི་རང་རིག་ཡེ་ཤེས་ཏེ།། ཏྲ་ནི་གཞན་ལ་གསལ་བར་བྱེད།། གསང་བ་གཉིས་མེད་ཞི་བར་རྟོགས། ། ཀུན་ལ་བསྔགས་པས་གསང་སྔགས་སོ།། མན་ནི་རྨི་ལམ་སྒྱུ་མ་བཞིན།། ཏྲ་ནི་དེ་ལ་གནས་མེད་གསལ།། སྒྱུ་མ་རབ་ཏུ་མི་གནས་དོན།། དབྱེར་མེད་མཐོང་བ་གསང་སྔགས་དོན།། མན་ནི་འཁོར་བའི་རྒྱུ་འབྲས་ཏེ། ། ཏྲ་ནི་སྤྲོས་བྲལ་མྱ་ངན་འདས།། གསང་བའི་སྙིང་པོ་གཉིས་མེད་ཤེས།། སྤང་སྒྲུབ་བྲལ་བ་གསང་སྔགས་སོ།། མན་ནི་སེམས་དག་ངོ་བོ་ལ།། ཏྲ་ནི་སྣ་ཚོགས་རིག་པའི་ཡུལ།། ཡུལ་སེམས་སྣང་ལ་མ་འགགས་པ། ། གསལ་ལ་རྟོག་མེད་གསང་སྔགས་སོ།། མན་ནི་སྐྱེད་བྱེད་རྒྱུ་ཡི་ཆོས།། ཏྲ་ནི་འབྲས་བུ་སྨིན་པའི་དོན།། རྒྱུ་འབྲས་མཉམ་པ་གསང་བའི་སྒྲུ།། མ་བསྒྲུབས་སོ་སོར་གྲུབ་བྱེད་སྔགས། ། མན་ནི་བདག་ཉིད་ཁོ་ན་སྟེ།། ཏྲ་ནི་ཕ་རོལ་གཞན་པ་པོ།། གཉིས་འཛིན་བྲལ་བས་གང་སྦྱོར་ཞིང།། མཉམ་པར་རབ་སྤྱོད་གསང་སྔགས་སོ།། མན་ནི་ཀུན་རྫོབ་བདེན་པར་སྣང།། ཏྲ་ནི་དོན་དམ་བདེན་པར་ཤེས། ། འཁྲུལ་པ་དང་ནི་ཡང་དག་གི། དོན་ཤེས་མི་འདའ་གསང་སྔགས་ཤེས།། མན་ནི་གསང་བའི་སེམས་ཉིད་དེ།། ཏྲ་ནི་སྟོང་ཉིད་ཡངས་པའི་དབྱིངས།། གསལ་སྟོང་ལྷན་ཅིག་སྐྱེས་པ་ཉིད།། ངོ་ཤེས་སྣང་བ་གསང་སྔགས་ཡིན། ། མན་ནི་སྙིང་རྗེ་ཆེན་པོའི་ཡིད།། ཏྲ་ནི་ཤེས་རབ་ཟབ་མོའི་དབྱིངས།། མི་ཕྱེད་དེ་བཞིན་གཉིས་མེད་དོན།། རབ་རྫོགས་སྦྱོར་བ་གསང་སྔགས་ངེས།། མན་ནི་མ་འགགས་ཐབས་ཆེན་ཏེ།། ཏྲ་ནི་མ་སྐྱེས་ཤེས་རབ་དངོས། ། ཟུང་འཇུག་ལམ་ལ་རབ་བཞུགས་པ།། ངེས་དོན་ཕྱིན་པ་གསང་བའི་སྔགས།། མན་ནི་གཞི་ཚུལ་བསྐྱེད་རིམ་ཏེ།། ཏྲ་ནི་དེ་དག་རྫོགས་རིམ་དོན།། བསྐྱེད་རྫོགས་ཐུན་མོང་དུས་བཞིར་སྦྱོར། ། སྲིད་པའི་གནས་སྦྱོང་གསང་སྔགས་སོ།། མན་ནི་ཉོན་མོངས་ཞི་བར་གནས།། ཏྲ་ནི་ལྷག་པའི་ཡེ་ཤེས་མཐོང།། ཚུལ་གཉིས་རྗེས་འགྲོ་བཟློག་པར་སྣང།། རབ་ཏུ་ངེས་པ་གསང་སྔགས་ཡིན།། མན་ནི་གནས་གསུམ་མཉམ་པར་གཞག། ཏྲ་ནི་རྗེས་ལ་བརྟན་པ་ཐོབ།། ཕྲ་རགས་རྟོག་པ་ལམ་དུ་སྤྱོད།། སྤང་བླང་བྲལ་བ་གསང་སྔགས་ཡིན།། མན་ནི་ཉོན་མོངས་སྒྲིབ་བྱེད་པ།། ཏྲ་ནི་ཤེས་བྱའི་སྒྲིབ་པ་ཙམ།། བག་ལ་ཉལ་དང་ཀུན་ནས་ལྡང། ། སྐད་ཅིག་གནས་སྦྱོང་གསང་སྔགས་ཡིན།། དེ་བཞིན་བསྒོམ་དང་སྒོམ་མ་ཡིན།། ཡང་དག་པ་དང་ལོག་པའི་ལམ།། བདེ་བར་སྣང་དང་སྡུག་བསྔལ་དང།། ཆེ་ཆུང་སྙོམས་འདྲ་རིང་དང་ཐུང། ། གསལ་དང་མི་གསལ་བཟང་དང་ངན།། སྡུག་དང་མི་སྡུག་སྙན་མི་སྙན།། གདང་དང་དྲི་རོ་བྲོ་མི་བྲོ།། འཇམ་རྩུབ་ལྕི་ཡང་ཚ་དང་བསིལ།། གསལ་དང་མི་གསལ་བཟང་དང་ངན།། དགྲ་གཉེན་ཉེ་རིང་ཕོ་དང་མོ། ། མཛའ་སྡུག་སྡང་དང་མཛེས་མི་མཛེས།། མཐའ་དབུས་ཕྱོགས་མཚམས་འགྲོ་དང་འདུག། དགེ་དང་མི་དགེ་དཀར་དང་ནག། བྱ་དང་བྱ་མིན་བགྲོད་མི་བགྲོད།། གཏོང་དང་མི་གཏོང་ལེན་མི་ལེན།། དྲག་ཞན་དཀའ་དང་སླ་བ་དང། ། དེ་སོགས་གཅིག་ལ་གཅིག་ལྟོས་ཤིང།། གཉིས་སུ་སྣང་བ་སྔགས་ཡིན་ཏེ།། དབྱེར་མེད་རོ་གཅིག་གསང་བའི་དོན།། དེས་ན་གསང་སྔགས་ཞེས་སུ་བརྗོད།། གསལ་སྔགས་སྙིང་པོ་ལུང་གི་དོན། ། གཉིས་སུ་ཡོད་པ་མ་ཡིན་ཏེ།། དེ་ཉིད་ངེས་དོན་རྟོགས་འདོད་པས།། དངོས་པོར་གང་ཡང་མི་གཟུང་ཞིང།། གཉིས་སུ་འཛིན་པའང་མི་བྱ་ཞིང།། དེ་ཉིད་དོར་བར་ཡོང་མི་བྱ།། ཆོས་ཀུན་སྐྱོབ་པར་བྱེད་པའོ། ། དངོས་པོ་རྙེད་པ་མ་ཡིན་ཏེ།། སྐྱོབ་པ་མེད་པའི་ཆོས་རྣམས་ལ།། བླུན་པོ་ཁ་ཅིག་སྐྱོབ་བྱེད་དོན།། སྐྱེས་བུ་ཐ་ཤལ་གྱུར་བདག། ཆོས་ཀུན་སྤང་དང་ཤེས་བྱ་ཞེས།། སྐྱེ་མེད་མཉམ་ལ་མ་དད་པར། ། རྨོངས་པའི་སྐྱོན་གྱིས་མུ་ཅོར་སྨྲ།། བུས་པ་གཉིས་ལ་ཆགས་པ་སྟེ།། གཉིས་སུ་མེད་པ་མི་ཤེས་སོ།། གང་དག་ཐ་སྙད་བརྗོད་པ་ནི།། མཉམ་ཉིད་ལྷུན་རྫོགས་དོན་འདི་ལ།། མི་འདའ་གཉིས་སུ་དབྱེར་མེད་དོ། ། དེ་ནི་སྒྱུ་མའི་ཡུལ་དང་མཉམ།། ཟབ་མོ་བུས་པའི་ཡུལ་མིན་པས།། གཉིས་མེད་བརྗོད་བྲལ་དོན་འདི་ལ།། བྱིས་པ་གཏི་མུག་རྨོངས་པ་རྣམས།། སྤྲོས་ལ་དགའ་ཞིང་གཉིས་སུ་འཛིན།། མ་རྟོགས་ལོག་པར་རྟོགས་པ་ཡིས། ། དུད་འགྲོ་རྨོངས་པའི་ལུས་སུ་སྐྱེ།། དེ་འདྲ་རྒྱུ་འབྲས་ཀུན་སྤངས་ནས།། ཤིན་ཏུ་ཡུན་རིང་འཁོར་མིན་པར།། རང་རིག་མཚན་མ་མེད་སྤྱོད་ཡུལ།། བརྗོད་བྲལ་ཐ་སྙད་ཡོངས་ཆད་པ།། རྩོལ་བྲལ་དོན་དམ་ཆོས་ཉིད་དེ། ། རྟོག་གེ་ཀུན་ལས་འདས་མཚན་ཉིད།། འདུ་བྱེད་དང་ནི་དོན་དམ་བདེན།། གཅིག་དང་ཐ་དད་བྲལ་མཚན་ཉིད།། མྱ་ངན་འདས་དེ་གནས་མེད་ཞིང།། ཆོས་ཀུན་མཚན་མ་མེད་པ་ལས།། རྩ་བ་མི་དམིགས་བཟོད་གནས་ཤིང། ། ཐ་མ་གཟུགས་མེད་སྙིང་པོ་མེད།། འདོད་ཆགས་ཞེ་སྡང་གཏི་མུག་ཞི།། ཆོས་རྣམས་འོད་གསལ་ཉིད་སྣང་གྲོལ།། ཞི་ཞིང་མི་གནས་མྱ་ངན་འདས།། དེ་ལ་དབུང་ནང་གཟུང་དུ་མེད། ། ཤེས་ལྡན་དེ་ལྟར་རྟོགས་ནས་གྲོལ།། ཆོས་རྣམས་ཐམས་ཅད་དངོས་མེད་པ།། མ་ལུས་མཚན་གཞི་མཚན་ཉིད་མེད།། སྐྱེ་བ་མེད་ཅིང་མ་འགགས་པར།། དེ་ལྟར་ཆོས་ཀུན་རིག་པར་བྱ།། ཐམས་ཅད་དངོས་མེད་ཡི་གེ་མེད། ། སྟོང་ཞིང་གཟོད་ནས་དྲི་མ་མེད།། ཆོས་རྣམས་དེ་ལྟར་གང་ཤེས་པ།། གཞོན་ནུའི་ལུས་ཀྱང་སངས་རྒྱས་ཡིན།། ཇི་ལྟར་སྨིག་སྒྱུ་དྲི་ཟའི་གྲོང།། སྒྱུ་མ་རྨི་ལམ་ཇི་ལྟར་བུར།། མཚན་མ་ངོ་བོ་ཉིད་ཀྱིས་སྟོང། ། དེ་བཞིན་ཆོས་ཀུན་ཤེས་པར་བྱ།། ཀླུང་དང་རོལ་མོ་དུད་མོ་ལས།། རྟེན་ཏེ་བྲག་ཆའི་སྐད་འབྱུང་ཡང།། སྒྲ་དེ་ནམ་ཡང་གྲུབ་མ་མྱོང།། ཆོས་རྣམས་ཐམས་ཅད་དེ་བཞིན་ནོ།། སྒྱུ་མའི་མཁན་པོས་སྤྲུལ་པའི་གཟུགས། ། སྐྱེས་པ་བུད་མེད་རྟ་གླང་སོགས།། སྣང་ཡང་གཏན་ནས་ཡོད་མ་ཡིན།། ཆོས་རྣམས་མ་ལུས་དེ་བཞིན་ནོ།། ཇི་ལྟར་མཚན་མོའི་ཆུ་ཟླ་དག། དང་ཞིང་རྙོག་བྲལ་འོད་གསལ་ལ་ཡང།། གཟུང་ཡུལ་གྲུབ་པ་དེ་ལ་མེད། ། ཆོས་ཀུན་དེ་དང་མཚུངས་པར་གསུངས།། སྨིག་རྒྱུའི་ཆུ་ནི་ཡོད་མོད་ཀྱང།། རྨོངས་པའི་འགྲོ་བ་བཏུང་བར་འདོད།། ཇི་ལྟར་བསྙགས་པ་དེ་ལྟར་མེད།། ཆོས་ཀུན་དེ་ལྟར་རྟོགས་པར་གྱིས།། ཆུ་ཤིང་རློན་པའི་སྡོང་བུ་ལ། ། སྙིང་པོ་འདོད་ཕྱིར་ཤུན་པ་ཕྱེ།། ཕྱི་ནང་ཀུན་ན་སྙིང་པོ་མེད།། ཆོས་རྣམས་ཀུན་ཡང་དེ་འདྲའོ།། དེ་ལྟར་གསང་སྔགས་ངེས་པ་ཡིས།། ཡང་དག་ཉིད་ཀྱིས་ཡང་དག་ཤེས།། དེ་ཡི་མཐའ་དེ་རབ་ཤེས་ནས། ། དེ་ལ་ཅི་ཡང་བཤད་པ་མེད།། གཅིག་ཤེས་པས་ནི་ཐམས་ཅད་ཤེས།། གཅིག་མཐོང་བ་ཡིས་མ་ལུས་མཐོང།། ཇི་སྙེད་རྣམ་པ་མང་ཤེས་ཀྱང།། དེ་ལ་དྲེགས་པ་སྐྱེ་བ་མེད།། སྟོང་བ་རྟོག་པ་མེད་པའི་ཆོས། ། འདི་ནི་མཁས་པའི་ཡུལ་ཡིན་ཏེ།། བྱིས་བ་རྣམས་ཀྱི་སྤྱོད་ཡུལ་མིན།། སངས་རྒྱས་སྲས་ཀྱི་འཇུག་པའོ།། ཞི་བ་མཉམ་ཉིད་བརྡལ་བའི་ཀློང།། འདི་ནི་བྱང་ཆུབ་སེམས་དཔའི་ས།། རྒྱལ་སྲས་སྤྱོད་པ་བསམ་མི་ཁྱབ། ། སངས་རྒྱས་ཆོས་ཀྱི་རྒྱན་ཡིན་ནོ།། འདི་ནི་ནོར་བུ་ཆེན་པོ་སྟེ།། གནས་མ་ཡིན་ལ་བསྟན་མི་བྱ།། གལ་ཏེ་སྣོད་མིན་ལ་བསྟན་ན།། བདུད་རྩི་དུག་ཏུ་འགྱུར་བ་ཡིན།། འདི་ནི་ལས་མེད་འབྲས་བུ་མེད། ། ལས་ཀྱི་བསྒྲུབ་པ་ཡོད་མ་ཡིན།། འཇིག་རྟེན་བྱེད་པ་མ་བྱས་ཏེ།། སུས་ཀྱང་མཛད་པ་མ་ཡིན་ཏེ།། བྱེད་པ་པོ་ཞིག་ཡོད་གྱུར་ན།། འདི་རྣམས་ཐུག་པ་མེད་པར་འགྱུར།། དེ་ལྟར་གྱུར་བའི་ཉེས་པ་ཡིས། ། མཐར་ཐུག་དྲི་མ་ཅན་དུ་འགྱུར།། བྱིས་པ་བྱེད་པས་རྨོངས་པ་དག། ཆོས་རྣམས་གསོག་ཏུ་མ་ཤེས་ཏེ།། མ་ལུས་མཚན་ཉིད་གཅིག་པ་ལ།། དེ་ལ་ཐ་དད་འབྱེད་བར་བྱེད།། དངོས་ཀུན་རྨི་ལམ་ལྟ་བུ་སྟེ། ། འདུས་བྱས་ཐམས་ཅད་ཡང་དག་མིན།། སྒྱུ་མ་བཞིན་དུ་མཐོང་བས་ནི།། དེ་ལ་སྙིང་པོར་མི་འཛིན་ཏེ།། བྱང་ཆུབ་བཙལ་དུ་མེད་པའོ།། དོན་ལ་ཚོལ་བ་ཤ་ཐང་ཆད།། སེམས་ཀྱི་ཐོག་པ་རྣམས་ཀྱིས་ནི།། བླ་མེད་བྱང་ཆུབ་རྟོགས་མི་ནུས། ། ཆོས་ཉིད་མིང་གིས་ལུང་བསྟན་ཏེ།། ཆོས་ཉིད་རྣམས་ནི་བྱེད་པ་མེད།། རྩ་བ་མེད་ཅིང་གནས་མེད་ཅིང།། ཐམས་ཅད་ནམ་མཁའི་མཚན་ཉིད་དོ།། དེས་ན་ཆོས་རྣམས་ཐམས་ཅད་ཀུན། ། ཡེ་ནས་གཉིས་མེད་བྱང་ཆུབ་སེམས།། ཐིག་ལེ་ཆེན་པོའི་རང་བཞིན་དུ།། མ་བཅོས་གཅིག་ཏུ་མངོན་སངས་རྒྱས།། འདི་ལྟར་འཁྲུལ་ཏེ་སྣང་བ་ཀུན།། ཀུན་ཏུ་བཟང་པོའི་རོལ་པ་ཡིན།། སེམས་ཅན་ཁམས་དང་ནམ་མཁའི་ཁམས། ། མངོན་པར་བྱང་ཆུབ་དག་པའི་ཞིང།། སྤྱོད་ཡུལ་དངོས་ཀུན་མ་ལུས་པ།། རང་བྱུང་ཡེ་ཤེས་རང་ཤར་བའོ།། འདི་ནི་མངོན་པར་སངས་རྒྱས་སོ།། བདག་ཉིད་ཆེན་པོར་གྱུར་པའོ།། ཆོས་ཀྱི་དབྱིངས་སུ་སངས་རྒྱས་ཏེ། ། དེ་ཉིད་དང་དུ་རྫོགས་པའོ།། ཐམས་ཅད་དུ་ནི་སངས་རྒྱས་ཏེ།། ཆེ་མཆོག་བླ་མེད་གྱུར་བའོ།། ཀུན་ཏུ་བཟང་པོའི་དབྱེ་བ་མེད།། སྤང་དང་དོར་བའི་རྩོལ་བ་མེད།། མ་བཅོས་ལྷུན་བཞག་འཇུག་པ་འདི། ། རྡོ་རྗེ་སེམས་དཔའ་ཉིད་ཅེས་བརྗོད།། འདི་ནི་རྒྱུད་ཀྱི་རྒྱལ་པོ་སྟེ།། རང་བཞིན་མ་བཅོས་ངང་དུ་འབྲེལ།། འདི་ནི་གཞི་ཞེས་བརྗོད་པ་སྟེ།། འཁོར་འདས་མ་ལུས་དེ་ལས་བྱུང།། འདི་ནི་ལམ་གྱི་མཆོག་ཡིན་ཏེ། ། མ་བགྲོད་མཉམ་པ་ཉིད་དུ་གྲོལ།། འདི་ནི་འབྲས་བུ་ཆེན་པོའི་ས།། དམིགས་མེད་དམིགས་སུ་མེད་པར་ཐོབ།། དེ་ཕྱིར་འདི་ནི་ངེས་དོན་རྒྱུད།། རྒྱལ་བ་ཀུན་གྱི་ཐུགས་ལ་གནས།། ཆོས་རྣམས་ཐ་དད་བྱ་བ་མེད། ཁྱད་པར་མེད་ཅིང་མཚན་མེད་པར།། གང་གིས་མཐོང་ཞིང་ཐོས་བདག། དེ་དག་སངས་རྒྱས་བསྟན་པ་འཛིན།། གཉིས་རྟོགས་དངོས་པོ་མཉམ་པར་གྲོལ།། གསང་སྔགས་ངེས་པའི་དོན་ཆེན་དེ། ། འདི་ནི་སངས་རྒྱས་ཆོས་དང་ནི།། དགེ་འདུན་རྣམས་ཀྱིས་བསྟན་པ་ཡིན།། འདི་ནི་རྒྱུད་ཀྱི་དོན་མཆོག་སྟེ།། ལུང་རྣམས་ཀུན་གྱི་བླ་མ་ཡིན།། འདི་ནི་གསང་བའི་མཛོད་ཡིན་ཏེ།། བདེ་བར་གཤེགས་པའི་ཐུགས་ཀྱི་གཏེར། ། འདི་ནི་སེམས་ཅན་ཀུན་གྱི་སེམས།། རྣལ་འབྱོར་དམ་པ་རྣམས་ཀྱི་ལམ།། འདི་ནི་བྱང་ཆུབ་སེམས་རྣམས་ཀྱི།། རླབས་ཆེན་སྤྱོད་བས་འགྲོ་བའི་ལམ།། ཡང་དག་ངེས་པའི་ལུང་ཡིན་ཏེ།། བདེ་བར་གཤེགས་པའི་ཐུགས་ཀློང་བཏོལ། ། སྣང་གྲགས་དངོས་པོ་ཐམས་ཅད་དུ་ཀུན།། ཡེ་ནས་དབྱིངས་སུ་གཅིག་པའོ།། མདོ་རྒྱུད་རྟོག་པ་བསྡུས་བའི་སྒྲོན་མ་ལུང་ཐམས་ཅད་ཀྱི་རྒྱལ་པོ་ལས། གསང་སྔགས་ངེས་པ་དོན་གྱི་ལུང་བསྟན་པ་སྟེ་བཞི་པའོ་རྫོགས་སོ། །།། དེ་ནས་གཞན་ཡང་གནས་ལུགས་གཞི།། མ་བཅོས་ངང་དུ་བཏང་སྙོམས་ལས།། རྟག་ཏུ་མཉམ་པར་འཇོག་པ་ཡི།། གསལ་བྱེད་སྒྲོན་མའི་ལུང་འདི་བཤད། ། བུ་གང་ཡང་དག་གསང་བའི་དོན།། ཐོབ་པར་འདོད་པ་སྤང་བླང་དང།། དགག་སྒྲུབ་སྤྲོས་ལ་སོགས་པ་ཡི།། མཐའ་གཉིས་པོ་ནི་མདོར་བསྟན་ཏེ།། གཉིས་སུ་མེད་པ་མཉམ་གནས་བྱ།། འདུ་ཤེས་འདི་ནི་སྤང་མཉམ་དུ། ། གང་གིས་འདུ་ཤེས་འབྱུང་བ་ནི།། འདུ་ཤེས་སྤྲོས་ལ་སྤྱོད་པ་སྟེ།། ཤེས་པ་ཙམ་ལས་དེ་མི་ཐར།། འདུ་ཤེས་ཀྱི་ནི་ཀུན་ཤེས་ཕྱིར།། འཛིན་པ་ཡང་ནི་དེ་བསྟན་ཏེ།། ཡང་དག་འདུ་ཤེས་མི་འཛིན་པ། ། དབེན་པའི་དོན་དུ་རབ་ཏུ་བསྟན།། གཅིག་ཏུ་དབེན་པར་གང་སེམས་པ།། ནམ་ཞིག་སེམས་དཔའ་མེད་པར་འགྱུར།། བསམ་པ་དག་ལ་མི་སེམས་ན།། བསམ་པ་ཉིད་ཀྱང་མེད་པར་འགྱུར།། ཆོས་ཀུན་སྒྱུ་མ་ལྟར་ཤེས་ན། ། ཤེས་བཞིན་དྲན་པས་ཟིན་པ་ཡིས།། བཏང་སྙོམས་འདུ་ཤེས་རབ་གཞག་ནས།། དང་པོ་ལས་ཀྱི་ལམ་མཆོག་ཡིན།། ཆོས་རྣམས་འདི་དག་བསམ་མི་ཁྱབ།། བསམ་དང་བླང་བྲལ་རང་བཞིན་ཞི།། དེ་ཉིད་མཚན་མར་རབ་ཤེས་ན། ། རྐང་གཉིས་གཙོ་བོ་སངས་རྒྱས་མཐོང།། དེ་ཉིད་སྐྱེ་འཕོར་གྱུར་པ་ན།། སེམས་བཞིན་དུ་ནི་བསྒྱུར་བ་མེད།། སེམས་ལ་དབང་ནི་ཐོབ་པ་ན།། དེ་དག་ལུས་ནི་འོད་གསལ་ལོ།། ཏིང་འཛིན་མཉམ་པ་མེད་པ་ཡིས། ། ཤིན་ཏུ་བལྟ་དཀའ་ཕྲ་ཞིང་ཟབ།། འདུ་ཤེས་ཐམས་ཅད་སྤངས་པ་སྟེ།། དེ་ཕྱིར་ཏིང་ངེ་འཛིན་ཞེས་བྱ།། རྟོག་པ་མེད་ཅིང་རྣམ་རྟོག་མེད།། གཟུང་བ་མེད་ཅིང་བསྟན་དུ་མེད།། དམིགས་མེད་ཐོགས་པ་མེད་པ་སྟེ། ། དེ་ཕྱིར་ཏིང་ངེ་འཛིན་ཞེས་བྱ།། དེ་ལ་ནམ་ཞིག་མཉམ་གཞ་ག་སྟེ།། ཆོས་ཀུན་ལ་ནི་རློམ་སེམས་མེད།། མ་ཡེངས་པ་ཡིས་ཇི་བཞིན་ལྟ།། དེ་ཕྱི་ཏིང་ངེ་འཛིན་ཞེས་བྱ།། སྐྱོན་ཡོན་རྩོལ་བ་གཞན་དག་གིས། ། མ་བཅོས་སུས་ཀྱང་མ་བྱས་པར།། རང་གི་ངང་གིས་གསལ་བཞིན་ན།། ཐ་སྙད་ཙམ་དུ་བསྒོམ་ཞེས་བྱ།། སྐྱེས་ཤིང་འཆི་བས་བསྣལ་འགྱུར་ཞིང།། སེམས་ལ་སྐྱེ་མེད་འཆི་འཕོ་མེད། ། གང་གིས་དེ་ལྟར་གང་རིག་པ།། དེ་ཡི་ཏིང་འཛིན་རྙེད་མི་དཀའ།། སྟོང་པའི་ཆོས་ལ་བདག་བཟོད་བཞིན།། སེམས་ཅན་ཡང་དག་མི་རྟོག་ཅིང།། ཆོས་ལའང་རྟོག་པར་མི་བྱེད་པར།། འཇིག་རྟེན་ན་ནི་དེ་མཉམ་གཞག། བསམ་གཏན་བྱེད་ཅིང་བསམ་མི་གནས།། དེ་ཡང་རྣམ་པར་མི་སེམས་པ།། མཉམ་གཞག་ཆོས་རྣམས་རབ་ཏུ་ཤེས།། བསམ་གཏན་འདུ་ཤེས་ཅི་བདེ་བ།། མི་མཐུན་པོ་ནི་དབྱེར་མེད་པས།། མཚོན་རྟོག་ལྡན་པ་མི་སྤང་སྟེ། ། དེ་ཉིད་ལ་ཡང་རྟེན་མི་འཆའ།། ཐོབ་བྱ་མངོན་དུ་བྱ་བ་མེད།། འདི་ནི་རང་བྱུང་ཡེ་ཤེས་ཏེ།། ཏིང་ངེ་འཛིན་ཞེས་ཐ་སྙད་བརྗོད།། བྱང་ཆུབ་དོན་དུ་གཉེར་བས་ཀྱང།། ཏིང་ངེ་འཛིན་འདི་བསྒོམ་པར་བྱ། ། གང་གིས་ཏིང་འཛིན་འདི་ཐོབ་པ།། དེ་ནི་སྐྱེ་བོའི་ས་ལམ་འཕགས།། གང་གིས་ཏིང་འཛིན་ལམ་བསྒོམས་པའི།། བསོད་ནམས་ཕུང་པོ་དེ་ལ་ནི།། ཚད་གཟུང་ཡོད་པ་མ་ཡིན་ནོ།། ཡོན་ཏན་དཔག་མེད་དེ་དག་ནི། ། ནམ་ཞིག་ཉོན་མོངས་བསལ་གྱུར་ནས།། དེ་ཚེ་རྫུ་འཕྲུལ་དེ་དག་ཐོབ།། ཉོན་མོངས་བསལ་ཡང་མི་ཞི་ཞིང།། དག་ཅིང་དང་བ་འོད་གསལ་བ།། མི་འཁྲུགས་འདུས་མ་བྱས་པ་ནི།། རིག་པ་འཛིན་པའི་སྤྱོད་ཡུལ་ལོ། ། ཟད་མི་ཤེས་ཤིང་ཉེ་བར་གནས།། ལྷུན་གྱིས་གྲུབ་ཅིང་བསྟན་དུ་མེད།། རྙོག་པ་མེད་པ་ཡང་དག་མཐའ། སངས་རྒྱས་ཀུན་གྱི་སྤྱོད་ལུལ་ལོ།། ཏིང་ངེ་འཛིན་གྱི་དོན་རིག་ནས། འཇིག་རྟེན་ཆོས་ཀྱིས་མ་གོས་པ། ། དེ་ནི་དེ་ལ་མི་ཆགས་ཏེ།། ལུས་ནི་ཐེགས་པ་མེད་པར་ཡང།། སངས་རྒྱས་ཞིང་དུ་འགྲོ་བར་བྱེད།། ནམ་མཁའ་ལ་ནི་བྱ་རྗེས་བཞིན།། དེ་དག་རྙེད་པར་མི་འགྱུར་ཏེ།། དེ་འདྲའི་རང་བཞིན་བྱང་ཆུབ་དེ། ། བྱང་ཆུབ་སེམས་དཔས་རྟོགས་པར་འགྱུར།། སུ་དག་ཆོས་ཀྱི་སྐུར་ལྟཇ་བ།། དེ་དག་གིས་ནི་འདྲེན་པར་མཐོང།། རྫོགས་པའི་སངས་རྒྱས་ཆོས་ཀྱི་སྐུ།། དེ་ནི་སངས་རྒྱས་མཐོང་བའོ།། དཔའ་བོ་ཆེན་པོ་ཆོས་ཀྱི་སྐུ། ། སྐུ་ནི་ཆོས་ལྔས་སྐྱེས་པ་སྟེ།། གཟུགས་ཀྱི་སྐུ་ནི་ནམ་དུ་ཡང།། རྒྱལ་བས་བཞག་པ་ཡོད་མ་ཡིན།། དེ་ལྟར་མཉམ་ཉིད་ཁང་ཆེན་དུ།། རིག་པ་མཉམ་ཉིད་ཆེར་བཞག་པས།། གོམས་ཤིང་གདེང་དང་ལྡན་པ་ཡིས། ། སེམས་ལ་དབང་ཐོབ་གྱུར་པ་ན།། གཡོ་དང་མི་གཡོ་སྣང་བ་མེད།། བྱང་ཆུབ་སེམས་ཀྱི་དོན་མཐར་ཐུག། གང་ཞིག་རྣམ་པར་མི་རྟོག་དོན།། བསྟན་དུ་མེད་ཅིང་བརྗོད་བྲལ་བ།། རང་གི་བློ་ཡིས་མཐོང་ཞེ་ན། ། དེ་ནི་ཉམས་མྱོང་ཆ་ཡིན་ཕྱིར།། ཟག་པའམ་བཟུང་བ་དང་བཅས་པས།། དེ་ནི་བདེན་པའི་དོན་མཐོང་མིན།། དེ་ཕྱིར་གསང་བའི་དོན་མཐའ་ལ།། བདེན་པ་ཉིད་ཀྱང་མཐོང་མེད་ན།། བརྫུན་པ་ཉིད་ཀྱང་ག་ལ་མཐོང། ། མཐོང་བྲལ་ལམ་ལ་མཐོང་ཞེས་བརྗོད།། འདི་ལ་མཐོང་དང་མཐོང་བྱ་མེད།། དེ་ཕྱིར་ཡུལ་གྱི་མཐོང་ཞེན་མེད།། དེས་ན་ཆགས་དང་ལྡན་པ་མེད།། དངོས་པོར་སྣང་ཡང་རྡོས་མི་སྣང།། བྲལ་དང་གནས་པའི་ཤེས་པ་གང། ། བློ་ཡི་མདུན་ན་མི་གནས་པ།། གདེང་ཆེན་རྙེད་པ་དྲོད་ཡིན་ནོ།། གདེང་ཆེན་ཐོབ་པའི་རྣལ་འབྱོར་པས།། སྤྱོད་པའང་དེ་བཞིན་གཉིས་མེད་པར།། འགག་མེད་སྟོབས་ཀྱིས་སྤྱད་བྱ་སྟེ། ། མཁའ་ལ་སྒྱུ་མའི་གར་མཁན་བཞིན།། འདི་ལ་སྤང་བྱ་ཡོད་མ་ཡིན།། མི་བླང་པ་ཡང་གང་ཡང་མེད།། འདི་ལ་མི་སྤྱད་གང་ཡང་མེད།། མི་ཤེས་པ་ཡང་ཡོད་མ་ཡིན།། མི་སྒྲུབ་པ་ཡང་མེད་པ་སྟེ།། འདོད་ཆགས་ཞེ་སྡང་གཏི་མུག་དང། ། ང་རྒྱལ་ཕྲག་དོག་ཉོན་མོངས་ལྔ།། ཐབས་ཀྱིས་ཟིན་དང་རང་བཞིན་ཤེས།། ཉོན་མོངས་ཆེན་པོ་མི་སྤང་སྟེ།། དེ་བས་སྤང་བར་བྱ་བ་མེད།། དེ་མ་རྟོགས་པས་བདག་ལྟར་བཅིངས།། རྒྱལ་བས་དགོངས་པའི་ཚིག་ལ་བརྟེན། ། བག་མེད་པས་ནི་ཉོན་མོངས་སྤྱོད།། འགྲོ་བ་དྲུག་ཏུ་འཁྱམ་པར་འགྱུར།། བྱང་ཆུབ་སེམས་ཀྱི་ཁུ་བ་ནི།། དཀར་དམར་གཉིས་དང་བཤང་དང་གཅི།། ཤ་ཆེན་པོར་ནི་གྱུར་པ་རྣམས། ། རིགས་ལྔ་ཡེ་ཤེས་ལྔ་རང་བཞིན།། འཕགས་པ་མཆོད་དང་དབང་བསྐུར་དང།། བདུད་རྩི་མྱེད་དང་ཟློག་པའི་ཕྱིར།། ཆོས་རྣམས་མཉམ་པའི་བརྟུལ་ཞུགས་ཀྱིས།། དང་དུ་བླང་བར་བྱ་བ་ཡིན།། ཚིག་ཙམ་ལ་བརྟེན་བག་མེད་སྤྱོད། ། མི་དགེ་བ་ཡི་འབྲས་བུར་འགྱུར།། སྦྱོར་སྒྲོལ་མ་བྱིན་ལེན་དང་བརྫུན།། ངག་བརླང་པོ་སྟེ་མི་དགེའི་ཆོས།། མཐུན་འཇུག་འཚམ་པའི་སྤྱོད་པ་སྟེ།། འགྲོ་བ་འདུལ་བའི་ཐབས་ཆེན་ཡིན།། སྒྲ་རྗེས་འབྲངས་ནས་རང་དགར་སྤྱོད། ། ཐུར་དུ་ཁ་ལྟས་དམྱལ་བར་ལྟུང།། གཟུགས་ཚོར་འདུ་ཤེས་འདུ་བྱེད་དང།། རྣམ་པར་ཤེས་ཏེ་ཕུང་པོ་ལྔ།། ཟག་པ་མེད་པའི་རང་བཞིན་གྱི།། སྐུ་ལྔ་ཡེ་ཤེས་ལྔར་ཤར་བས། ། འཁོར་བ་མྱ་ངན་འདས་པའི་ཆོས།། མི་ཤེས་པ་ནི་ཡོད་མ་ཡིན།། ཐམས་ཅད་སྐུ་དང་ཡེ་ཤེས་ལྔར།། བསྒྲུབ་པར་བྱ་བ་དམིགས་པ་སྟེ།། འདིས་ནི་མི་བསྒྲུབ་ཡོང་མིན་ཏེ།། དེ་ནས་ཀུན་གྱིས་བསྒྲུབ་ཅིག་པའོ། ། དེ་ཉིད་རྟོག་པ་ཅི་དགར་སྤྱོད།། རྣམ་གྲོལ་སྒྱུ་མའི་ཚུལ་བསྟན་པའོ།། དེ་ཉིད་གསལ་དང་འགྲིབ་དང་མེད་པས།། དུར་ཁྲོད་གསང་བ་གཅན་གཟན་གནས།། ལྷ་མིན་ཡི་དྭགས་ལམ་ལ་སོགས།། འཇིགས་དང་ཡ་ངའི་གནས་རྣམས་སུ། ། དོགས་པ་མེད་པར་རབ་ཏུ་རྒྱུ།། དཀྱིལ་འཁོར་ཆེན་པོའི་ཚོགས་ནང་དུ།། ལྷ་མོ་རྣམས་དང་མཉམ་དུ་རོལ།། འདི་ནི་བརྟུལ་ཞུགས་སྤྱོད་པ་སྟེ།། སྔགས་ཀྱི་སྤྱད་མཆོག་བླ་ན་མེད།། སྐད་ཅིག་ཉིད་ལ་འབྲས་བུ་སྟེར། ། འདི་ལ་བསྲུང་བའི་ཚུལ་ཁྲིམས་མེད།། ངོ་ཚའི་རྣམ་རྟོག་ཡོད་མ་ཡིན།། གང་ཞིག་ཚུལ་ཁྲིམས་ལྡན་པར་རྟོག། གཉིས་འཛིན་ཚུལ་ཁྲིམས་ངན་པར་གསུངས།། ཚུལ་ཁྲིམས་མི་ལྡན་གང་རྟོག་པ། ། གཉིས་སུ་མེད་པའི་ཚུལ་ཁྲིམས་མཆོག། འདི་འདྲའི་གསང་དོན་མི་ཤེས་པས།། སྡིག་པ་འབའ་ཞིག་དགེ་བ་མེད།། འཁོར་བའི་ས་བོན་རྣམ་པར་ཤེས།། ས་བོན་ཡོད་ན་འབྲས་བུ་འབྱུང།། རྩིག་པ་ཡོད་ན་རི་མོ་བཞིན། ། ཡོངས་སུ་ཤེས་ན་འགག་པར་འགྱུར།། རང་གི་སེམས་ནི་མ་མཐོང་བས།། ལྟ་བའི་འདྲ་བར་འཇུག་པར་འགྱུར།། ང་རྒྱལ་ཁངས་པ་འཁྲུལ་རྗེས་རྟོག། སྲེད་ལེན་མ་རིག་མདུད་པས་བཅིངས། ། ཉིན་མཚན་འདོད་པའི་ཡོན་ཏན་སེམས།། དེ་དག་ལྷས་དང་གྲོང་ཁྱེར་རྒྱུ།། སེམས་ཅན་ཡོངས་སུ་གྲོལ་ཞེས་སྨྲ།། འགྲོ་ལ་སྙིང་བརྩེ་བདག་ལ་ཡོད།། ཀུན་ལ་ཕན་སེམས་དེ་བཞིན་ཏེ།། ཞེ་སྡང་འདོད་ཆགས་སྲེད་སེམས་ཀྱིས། ། ཆོས་ཉིད་འཚོ་བའི་ཚུལ་ཅན་བརྗོད།། འཚོ་དང་སྙིང་རྗེ་འདུས་པ་ནི།། ནམ་ཡང་ཡོད་པ་མ་ཡིན་ནོ།། དེས་ན་དེ་དག་ལོག་པའི་ཕྱིར།། སྣ་ཚོགས་ཐབས་ཀྱིས་འདུལ་བའི་ཐབས།། ཐོག་མ་མེད་ནས་འཁོར་བ་ན། ། བྱིས་པ་དངོས་ལ་ཞེན་པ་ཡི།། གསང་བའི་དོན་གྱི་སྣོད་མིན་ལ།། བྱམས་པའི་ཐུགས་རྗེས་བཟུང་ནས་ཀྱང།། ཤིང་ལོའི་གཟུགས་ཀྱིས་བྱིས་པ་རྣམས།། བྲིད་ནས་འཛིན་པ་རྣམ་པར་བཟློག། དངོས་པོའི་དོན་གྱིས་བཟུང་རྣམས་ལ།། འཁོར་བའི་རང་བཞིན་བརྗོད་པ་ཡིས།། སྐྱེ་བ་ཆེན་པོས་རབ་བསྐུལ་ནས།། དམ་པའི་དོན་ལ་གཟུད་པར་བྱ།། གསུམ་ལ་སོགས་པ་སྐྱབས་འགྲོ་ཞིང།། བྱང་ཆུབ་སེམས་ཀྱི་རྣམ་པར་སྦྱིན། ། ཕ་རོལ་ཕྱིན་དྲུག་སྤྱོད་པ་ལ།། གསང་མཆོག་གཞུང་དུ་དབང་བསྐུར་ཏེ།། ཡོངས་སུ་རྫོགས་ཤིང་སྤྲོ་བ་ལ།། བསྐྱེད་དང་རྫོགས་པའི་རིམ་པ་བསྟན།། རྩ་དང་རླུང་དང་བྱང་ཆུབ་སེམས།། མི་ཤིགས་ཐིག་ལེའི་དོན་རྟོགས་ནས། ། གསང་ཆེན་མཉམ་པ་ཆེན་པོ་ཡི།། མཐའ་ལས་བཀྲོལ་ཏེ་ཀློང་དུ་བསྐྱལ།། འདི་ནི་འཇིག་རྟེན་འདས་པ་ཡི།། དངོས་གྲུབ་མཆོག་གི་བསྙེན་པ་སྟེ།། སྐྱེས་མཆོག་ཆོས་ཀྱི་རྒྱལ་པོ་ཆེ། ། རྒྱལ་བའི་རྒྱལ་ཚབ་རྣམས་ལ་བཤད།། འདི་ནི་ལུང་གི་ལུང་ཆེན་ཏེ།། ཟབ་པའི་འཇུག་པ་བླ་ན་མེད།། གསང་བ་ལས་ཀྱང་ཆེས་གསང་སྟེ།། གསང་བ་ཆེན་པོའི་མཆོག་གྱུར་བའོ།། མཐའ་ཡས་མངོན་པར་བར་མཐོང་བ་སྟེ། ། མཐར་ཐུག་གནས་སུ་ཕྱིན་པའོ།། འདི་ཡིས་ཕྱི་ནང་ཐམས་ཅད་དུ།། སྣང་གྲགས་སྲིད་དང་ཞི་བ་ཀུན།། མཉམ་གྲོལ་ཆེན་པོའི་ཀློང་ནང་དུ།། ཐམས་ཅད་མ་ལུས་བརྡར་ཤ་བཅད།། དེ་ལྟར་རྒྱལ་བ་མ་ལུས་པའི། ། དགོངས་རྒྱུད་གཅིག་ཏུ་བསྡུས་པ་ནི།། ལུང་མཆོག་འདི་སྟེ་དུས་གསུམ་གྱི།། རྒྱལ་བས་སེམས་ཅན་དོན་འདུས་ཕྱིར།། མདོ་དང་རྒྱུད་དང་རྟོག་པ་ལས།། ཡང་དང་ཡང་དུ་བསྟན་ཏེ་གསུངས།། རྡོ་རྗེ་སེམས་དཔའ་བླ་མེད་པ། ། རྡོ་རྗེ་ཆོས་ནི་རྒྱལ་པོ་སྟེ།། རིགས་འཛིན་མི་ཡི་ཐོད་པ་ཅན།། གཙོ་ཆེན་བྱང་ཆུབ་སེམས་དཔའ་ཡིས།། རྒྱལ་པ་རྣམས་ལ་ཡང་ཡང་ཐོས།། སྙིགས་དུས་འགྲོ་ལ་ཕན་པའི་ཕྱིར།། རྒྱུད་ལས་ལུང་དུ་ཕྱུང་འདི། ། མཁའ་འགྲོ་རྣམས་ལ་བརྒྱུད་ནས་ནི།། མ་འོངས་རྣལ་འབྱོར་སྐལ་ལྡན་གྱི།། ཐུགས་ཀྱི་དཀྱིལ་དུ་གསུང་དོན་རྣམས།། མ་ནོར་རྒྱུད་དུ་གསལ་བར་འགྱུར།། མདོ་རྒྱུད་རྟོག་པ་བསྡུས་པའི་སྒྲོན་མ་ལུང་ཐམས་ཅད་ཀྱི་རྒྱལ་པོ་ལས། གསལ་བར་བྱེད་པ་སྒྲོན་མའི་ལུང་བསྟན་པ་སྟེ་ལྔ་པའོ་རྫོགས་སོ།།།། བཅོམ་ལྡན་འདས་བདེ་བ་གཤེགས་པ་ཐམས་ཅད་འདུས་པའི་ཐུགས་རྗེ་དཔྱང་ཐག་གི་གནས། མཛད་པ་ལྷའི་ཆོ་འཕྲུལ་འཕྲིན་ལས་མཐར་ཕྱིན་པའི་བསྒྲུབ་པ། གསང་སྔགས་ངེས་པའི་དོན་གསལ་བར་བྱེད་པའི་སྒྲོན་མ། མདོ་རྒྱུད་ཀྱི་རྟོག་པ་བསྡུད་པ་ལུང་ཐམས་ཅད་ཀྱི་རྒྱལ་པོ་ཆེན་པོ་རྫོགས་སོ།།།། རྒྱ་གར་གྱི་མཁན་པོ་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་དང། བོད་ཀྱི་ལོ་ཙ་བ་བཻ་རོ་ཙ་ན་བདག་གིས་བསྒྱུར་ཞིང་ཞུས་ཏེ་གཏན་ལ་ཕབ་པའོ།། རྒྱལ་པོའི་བླ་དཔེའོ།། གཏེར་རྒྱ། སྦས་རྒྱ། གཏད་རྒྱའོ།།།།

CLOSE WINDOW