Wylie |
།།། @#། རྒྱ་གར་སྐད་དུ།། དེ་བ་ཧུ་ཡེ་ཤེས་ཡ་མན་ཧྲི།། བྷཱུ་ཏི་ཏནྟྲ་ནཱ་མ།། བོད་སྐད་དུ།། ལྷ་འདྲེ་གཉིས་མེད་ཀྱི་རྒྱུད་ཅེས་བྱ་བ།། དཔལ་ཀུན་ཏུ་བཟང་པོ་ཐིག་ལེ་ལྷུན་གྱིས་གྲུབ་པ་ལ་ཕྱག་འཚལ་ལོ། ། འདི་སྐད་བདག་གིས་བཤད་པའི་དུས།། ཆོས་བཟང་ལྷ་ཡི་བདུན་ས་ན།། རྣམ་དག་ཡངས་པ་པདྨའི་གནས།། བདེ་བ་ཆེན་པོའི་ཞིང་ཁམས་སུ།། ཡང་དག་རྫོགས་སངས་རྒྱས་པ་ཡི། ། ཀུན་ཏུ་བཟང་པོ་སྟོན་པའི་གཙོ།། འཁོར་ནི་རྫོགས་པའི་སངས་རྒྱས་ལྔ།། བསྟན་པ་ཀུན་འབྱུང་དཀྱིལ་འཁོར་དུ།། ཡོངས་ལ་ཁྱབ་པ་གདལ་བའི་གནས།། གཞི་པོ་གནད་ཤེས་འཁྲུལ་པའི་དུས།། དབང་པོ་རང་སྣང་མེ་ལོང་ལྔ། ། ཡིད་ཆེས་རང་སྣང་སངས་རྒྱས་ལྔ།། ཡེ་ཤེས་གཟུང་འཛིན་རང་སར་གྲོལ།། འབེབས་དུས་མུན་པ་གློག་གི་མཚམས།། དབབ་པ་ཀུན་འབྱུང་ཀུན་གྱི་ལམ།། ཕེབས་པ་སངས་རྒྱས་ཀུན་གྱི་མེས། ། ཚད་ནི་འགྱུ་བ་རང་གྲོལ་ཡིན།། རྟག་ནི་བར་སྣང་འོད་ཀྱི་གནས།། དྲོད་ཚད་གཟུང་འཛིན་རང་སར་དག། འབྲས་བུ་ཆོས་མེད་རང་སར་གྲོལ།། སངས་རྒྱས་སྐུ་ལྔའི་འཁོར་གྱི་བསྐོར།། གྲགས་པ་མ་ཡིན་སྣང་བ་ཆེ། ། སྣང་ཆེན་རང་སྣང་དཀྱིལ་འཁོར་དེ།། ཀུན་འབྱུང་ཡེ་ཤེས་རིག་པའི་གནས།། གཉིས་མེད་ཡེ་ཤེས་འཛིན་མེད་གནད།། ཐིག་ལེ་ཆོས་མེད་དངོས་པོའི་གནད།། གཉིས་མེད་ཟང་ཐལ་མ་རིག་གནད། ། འགྱུར་མེད་རྩེ་གཅིག་འགྱུར་བའི་གནད།། ཐིག་ལེ་ཉག་གཅིག་འཁོར་ལོའི་གནད།། ཡེ་ཤེས་རང་སྣང་འབྱུང་བའི་གནད།། སྐྱེ་མེད་ཟང་ཐལ་རྟོག་པའི་གནད།། བཙལ་མེད་རང་འབྱུང་བློ་ཡི་གནད།། ལྷུན་གྲུབ་ཡེ་ཤེས་གཞི་ནི་གནད། ། འབྲས་བུ་རང་ས་འཁྲུལ་པའི་གནད།། གནད་ཀྱི་གདགས་ངག་མ་ཤེས་ན།། དགའ་བོ་གཙུག་གི་ནོར་བུ་འདྲ།། གཏན་ལ་ཕེབས་དུས་མ་ཤེས་ན།། ལོང་བས་ལོང་བ་ཁྲིད་པ་འདྲ།། ཚད་དང་རང་རྟགས་མ་ཤེས་ན། ། གསེར་ལ་བུངས་ཚོང་བྱེད་པ་འདྲ།། འཁྲུལ་པའི་དུས་ཚོད་མ་ཤེས་ན།། ཁ་བྲག་ལམ་དུ་འཆོམས་པ་འདྲ།། གཞི་ཡི་གནས་ལུགས་མ་ཤེས་ན།། གྲོགས་པོ་བསྐམ་པོར་ཆུ་འཚོལ་འདྲ། ། ལམ་གྱི་ས་མཚམས་མ་ཤེས་ན།། རྒྱུས་མེད་ཐང་སྟོང་ལུས་པ་འདྲ།། འབྲས་བུ་རང་སར་མ་ཤེས་ན།། རྒྱ་མཚོར་གསེར་སྦྲམ་ལྷུང་བ་འདྲ།། དེ་དོན་མ་རྟོགས་ཡ་ཡང་ཆ།། འཁོར་བའི་གནས་ལས་ཐར་པའི་ས་བོན་སྟོར། ། བྱང་ཆུབ་མྱུ་གུ་རྩ་ནས་བཅད།། ཆོས་ཉིད་བརླན་ལ་ཐན་ཆེན་འབར།། ཆོས་སྐུ་སྐྱེ་མེད་ལོ་ཐོག་ལས།། གཉིས་མེད་ཟང་ཐལ་བློ་ཡུལ་ཤོར།། ཐོས་མངས་སྒྲ་ཚད་ཚིག་ཐོག་ཤར།། སྐྱེ་མེད་ཡེ་ཤེས་གཞི་ཐོག་ཤོར། ། ཡིད་སྨོན་བློ་ཡུལ་གནས་པ་ཡ་རེ་ཆ།། ཆོས་སྐུ་རང་སྒོ་སད་པའི་དུས་མི་མཆི།། སྐྱེ་མེད་ཁ་གཏམ་མཁན་པོ་ཉོན་རེ་མོངས།། རྩོལ་བས་རྟོགས་མེད་འདོད་པ་ཚེ་རེ་ཆད།། དུས་དང་ལས་ལ་ལྟོས་པ་ཨེ་རེ་འཁྱམས། ། སྐྱེ་མེད་རྣམ་རྟོག་ཉིད་ལ་མ་ཁེལ་ན།། གཉིས་མེད་ཡེ་ཤེས་ངོ་ཡིས་ཟིན་མི་སྲིད།། གཟུང་འཛིན་རང་སར་གྲོལ་བའི་གནད་མེད་ན།། མཁའ་ལ་མདུད་འདོར་འདྲ་སྟེ་བྱུང་བ་མེད།། ལྷན་ཅིག་སྐྱེས་པའི་ཡེ་ཤེས་སྐྱེ་མེད་དོ། ། ལྷན་སྐྱེས་མ་རིག་དེ་ལ་མ་ཁེལ་ན།། ལྷན་ཅིག་སྐྱེས་པའི་ཡེ་ཤེས་འཆར་མི་སྲིད།། ཡེ་ཤེས་ཟང་ཐལ་རྩོལ་སྒྲུབ་མེད་པ་དེ།། རྩོལ་བ་བློ་ཡི་ཐོག་ཏུ་མ་ཁེལ་ན།། རྩོལ་མེད་རང་གྲོལ་འཆར་བའི་དུས་མི་སྲིད། ། ཡེ་ཤེས་ཟང་ཐལ་བར་མཚམས་མེད་པ་དེ།། མཚན་མ་སྣ་ཚོགས་དུ་མར་མ་ཤར་ན།། ཡེ་ཤེས་བར་མཚམས་མེད་པར་འཆར་མི་སྲིད།། ཆོས་སྐུ་སྐྱེ་མེད་ཀུན་ཁྱབ་དེ།། ཆོས་ཅན་འཁོར་བ་ཉིད་ལ་མ་ཁེལ་ན། ། ཆོས་ཉིད་སྐྱེ་མེདའཆར་བའི་དུས་མི་མཆི།། མཉམ་ཉིད་རྟོག་མེད་ཆོས་ཀྱི་སྐུ།། མི་མཉམ་ཕྱོགས་རྟོགས་ཅན་ལ་མ་ཁེལ་ན། མཉམ་ཉིད་བློ་ཡི་ཡུལ་དུ་ཤོར་བ་ཉོན་རེ་མོངས། སྲིད་རང་གྲོལ་མ་ཤེས་པས། སྐུ་གསུམ་ཡིད་སྨོན་བློ་ཐོག་ཤོར། ། བློ་ལས་འདས་པ་དཀའ་བར་མཆི།། དེ་དོན་མ་རྟོགས་ཡ་རེ་ཆ།། ཞེས་པ་ཀུན་ཏུ་བཟང་པོ་ཡིས།། འཁོར་ནི་ཡང་དག་རྫོགས་པ་ཡི།། སྐུ་གསུམ་རང་སྣང་ཁྱབ་པ་ལ། བྱིན་གྱིས་རླབས་ཀྱིས་བཤད་པ་ཡིན།། བྱིན་གྱིས་བརླབས་ཀྱིས་མངོན་སངས་རྒྱས།། བྱིན་གྱིས་བརླབས་ལས་ལོངས་སྐུ་སྣང།། རང་སྣང་བྱིན་རླབས་ལོངས་སྐུར་ཤར།། དེ་ཡི་བྱིན་རླབས་སྐུ་ལྔ་པའོ།། སངས་རྒྱས་སྐུ་ལྔའི་བདག་ཉིད་གྲུབ། ། ཀུན་ལ་སྙོམས་པའི་བྱིན་རླབས་འབྱུང།། ཐུགས་རྗེ་ལྕེ་སྤྱང་མིག་བཞིན་འཆར།། སྤྲུལ་སྐུ་རང་ཤར་ཀུན་ལ་སྙོམས།། མཁའ་ལ་ཉི་མ་ཤར་བ་འདྲ།། མུན་པའི་མཚན་མ་རང་སར་དག། སྐུ་གཅིག་ཀུན་ལ་ཁྱབ་པས་ཆེན་པོའི་སྐུ། ། ཁྱབ་པའི་བདག་པོ་ཡེ་ཤེས་ལྔ་དང་ལྡན།། ཀུན་ལ་རང་ཆས་གནས་པས་རང་སྣང་ཆེ།། བྱིན་གྱིས་བརླབས་ལ་འཕེབས་འགྲིབ་མེད།། ཡེ་ཤེས་རང་སྣང་ཀུན་ལ་སྙོམས།། ཞེས་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་བྱིན་བརླབས་སུ་བཤད་པའོ། ། ལྷ་འདྲེ་གཉིས་མེད་ཀྱི་རྒྱུད་ལས།། ཀུན་ཏུ་བཟང་པོ་ཆོས་ལས་འདས་པའི་ལེའུ་སྟེ་དང་པོའོ།།།། དེ་ནས་ཡངཀུན་ཏུ་བཟང་པོ་ལ། ། ལོངས་སྤྱོད་རྫོགས་པའི་སྐུ་དང།། དེའི་སྤྲུལ་པ་རྡོ་རྗེ་ཆོས་ཀྱི་བློ་གྲོས་ཀྱིས།། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ལགས།། ཆོས་ལས་འདས་པ་ཇི་ལྟ་བུ།། བདག་ཅག་ཆོས་ཀྱི་ངོ་བོ་འདི།། འདི་ལས་གྲོལ་བ་གསུང་དུ་གསོལ། ། ཅེས་གསུངས་སོ།། སྟོན་པའི་ཆོས་མིན་ཡངས་པ་ཅན་ལ་བཞེངས་ནས། བདེ་བ་ཆེན་པོའི་གནས་སུ་འཁོར་སངས་རྒྱས་ལྔ་དང།། དེའི་སྤྲུལ་པ་སྟོན་པ་འོད་ཟེར་འགྱེད་པ་དང་སྟབས་ཅིག་ཏུ་བྱོན་ནོ། ། བྱོན་པར་གྱུར་ནས། བྱིན་གྱིས་བརླབས་ཀྱིས། སྟོན་པ་རྡོ་རྗེ་ཆོས་ཀྱི་བློ་གྲོས་ལ་བཀའ་སྩལ་པ། ལེགས་པར་ཉོན་ཅིག། མ་ཞུམ་ལ་མ་སྐྲག། མ་དངངས། དངངས་པར་མ་བྱེད་པར་ཐང་ཅིག་གམ། ཡུད་ཅིག་གམ། སྐད་ཅིག་ལ་བཤད་པར་བྱའོ།། ཞེས་གསུངས་ནས་བཀའ་སྩལ་པ། བདེ་གཤེགས་ལོངས་སྤྱོད་རྫོགས་པའི་སྐུ་དང་ཡེ་ཤེས་ལྔར་ལྡན་པ།། ཡེ་ཤེས་སྐུ་སྟེ་རབ་སྣང་བ།། སྤྲུལ་སྐུ་རྡོ་རྗེ་བློ་གྲོས་དང།། ཀུན་ཀྱང་དོན་ལྡན་ཡེ་ཤེས་སྐུ། ། ཐམས་ཅད་མཁྱེན་པའི་སྤྱན་མངའ་བ།། སྐུ་དང་ཡེ་ཤེས་གཅིག་པ་ལ།། ཐ་དད་དུ་སྣང་བ་ཨེ་རེ་འཁྱམས།། ཡང་དག་རྫོགས་པའི་སྐུ་ལྔ་ནི།། གཅིག་ལ་ཁྱབ་པས་གཅིག་གི་ངང།། ཕྱོགས་སུ་མ་ལྷུང་རང་སར་གྲོལ། ། རྒྱ་མ་ཆད་ཀྱི་ཡེ་ཤེས་ཡིན།། ཡོན་ཏན་ལྔ་རུ་རང་བྱུང་བས།། ཆེན་པོ་ལྔ་རུ་སྣང་བའོ།། དེ་མ་རྟོགས་པ་སྐུ་ལྔ་ནི།། ཕྱོགས་མེད་མ་རྟོགས་ཕྱོགས་ཆ་བྱུང།། ཕྱོགས་རྟོགས་གོལ་བའི་འབྲས་བུས་མཐར་མི་འཕྱིན། ། རང་སོང་འབྲས་བུ་གནས་སྐབས་ཆོས།། འབྲས་བུ་མཐར་ཐུག་ཤིན་ཏུ་དཀའ།། དཀའ་བས་ངོ་སྤྲོད་བསྟན་པར་བྱ།། རྒྱལ་བ་རིགས་ལྔ་ཡབ་ཡུམ་རྣམས།། རྣམ་པར་སྣང་མཛད་ཡབ་ཡུམ་ལ། ། རྟགས་ཀྱི་གདན་ཁྲི་བསྟན་པ་ནི།། འཇིགས་མེད་རང་གྲོལ་སེང་གེའི་ཁྲི། སྟོབས་ཀྱི་འགྲོ་དོན་མཛད་པའི་གླང་པོ་ཆེ།། ཤུགས་ཀྱིས་རང་སར་གྲོལ་བའི་རྟ་ཡི་མཆོག། དུག་ལྔ་རངསར་གྲོལ་བའི་རྨ་བྱ་ཡིན། ཕྲིན་ལས་རྩལ་ཆེན་རྫོགས་པས་མཁའ་ལྡིང་ཡིན།། འཕྲིན་ལས་ཕྱོགས་མེད་མངའ་བས་རིན་པོ་ཆེ།། ཤེས་རབ་སྟོབས་ལྔ་རིན་རིན་པོ་ཆེ།། ཐབས་ཀྱིས་ཆོས་རྣམས་འབྱུང་བས་ཟླ་བའི་གདན།། འགྱུར་མེད་རྣམ་སྣང་སྐུ་མདོག་མདོག་དཀར། ། སྐྱེ་མེད་བསྐྱོད་པ་མེད་པས་རྡོ་རྗེ་སེམས་དཔའ་ཡིན།། བྱིན་རླབས་རྩལ་མེད་ལྡན་པས་རིན་ཆེན་འབྱུང་ལྡན་སྐུ།། སྐྱོན་དང་དྲི་མེད་འོད་དཔག་མེད།། འཕྲིན་ལས་རང་ལས་བྱུང་བ་དོན་ཡོད་གྲུབ། ། འགྲོ་དྲུག་རང་སར་གྲོལ་བའི་འཁོར་ལོ་དང།། དེ་དོན་མི་འགྱུར་རྡོ་རྗེ་དང།། ཡོན་ཏན་ཐམས་ཅད་འབྱུང་བ་རིན་པོ་ཆེ།། དྲི་མ་རང་སར་དག་པས་པདྨ་དང།། འཁོར་བའི་རྒྱ་ཐེབས་རྟགས་སུ་རྒྱ་གྲམ་ཡིན། ། དོན་དག་རྟགས་སུ་དབང་ལྔ་རྫོགས་པའི་ཕྱིར།། རིགས་ལྔ་ཆ་མཐུན་དབུ་ཡི་དབང་རྟགས་རྣམས།། དེ་དོན་རང་ཆས་ཡིན་པ་ལས།། འོག་མིན་གནས་ནས་སྤྱན་དྲངས་ལ་སོགས་དང།། སེམས་བསྐྱེད་སྤྱན་དྲངས་ལ་སོགས་བྱ་མིན་བྱ་མི་དགོས། ། སེམས་དཔའ་རྡོ་རྗེ་ཆོས་ཀྱི་བློ་གྲོས་ཉོན།། གཞི་ལ་ལྷུན་གྲུབ་རྒྱ་མ་ཆད་པ་ཡིན།། ཡོན་ཏན་ཕྱོགས་གཅིག་རྩལ་སྣང་ཡིན།། ཕྱོགས་སུ་བཟང་བས་གོལ་ས་རབ་ཏུ་ཆེ།། ཉི་མ་སྤྲིན་གྱིས་སྒྲིབ་པས་གསལ་ལྡན་དོན་མ་ནུས། ། ལོངས་སྐུ་སྣང་བར་ཤོར་བས་རང་གྲོལ་འཆར་མ་ནུས།། ཐམས་ཅད་བློ་ལས་མ་འདས་འཁྲུལ་པའི་ལམ།། ཡིད་སྨོན་བློ་ཆུང་རྣམས་ལ་ངས་མ་བཤད།། ཕྱོགས་རིས་རང་སར་གྲོལ་བའི་གནད་མེད་ན། ། རྟོགས་པའི་སྒོམ་བྱས་པ་ཡི་འབྲས་བུ་མཐར་མི་ཕྱིན།། ནེ་ཚོ་ཆོས་འཆད་སྦུར་ཆུ་འཐུང་བ་བཞིན།། ཁ་ཡིས་བཤད་པས་ཕྱོགས་མེད་གྲོལ་མི་འགྱུར།། ཁ་དོག་རྒྱན་ཆ་ཡོན་ཏན་སྣང་བར་མ་ཤེས་ན། ། རྒྱན་དང་ཆ་ལུགས་སྒོམ་པས་སངས་མི་རྒྱ།། སྤྲེའུ་ལ་སྒོམ་པ་སླབས་དེ་དོན་གོ་མེད་རྟོག་པ་ཁ་བྲིད་རྩ་བ་ཆོད་མི་འགྱུར།། སྙིང་པོའི་རྩ་བ་འབྲུ་གཅིག་གནད་མེད་ན།། རྒྱལ་བ་རིགས་ལྔ་ཉེ་བའི་དུས་མི་མཆི། ། སྨིག་སྒྱུ་དེད་ས་འདྲ་སྟེ་ཤིན་ཏུ་རིང།། ལྷ་སྐྱེས་མ་ཉེས་གཉིས་མེད་འབྱུང་བར་ག་ལ་འགྱུར།། ལྷན་ཅིག་སྐྱེས་པའི་ལྷ་ཡི་གནད་མེད་ན།། རྒྱལ་བ་རིགས་ལྔ་མཆཽད་པས་འགྲིབ་པའི་དོན་མ་མཆི།། ཆོས་ཉིད་བྱིན་རླབས་ཕྱོགས་ཙམ་འབྱུང་བ་ལ། ། མཆོག་གི་དངོས་གྲུབ་འབྱུང་བ་ག་ལ་འགྱུར།། ཐུགས་རྗེ་ཆེན་པོ་རང་ལ་སྣང་བའི་གནད་མེད་ན།། གསོལ་བཏབ་སྐྱབས་འགྲོའི་ཐུགས་རྗེ་མཐར་མི་ཟིན།། ཐུགས་རྗེ་བཀྲག་མདངས་ཉི་མ་སྟོང་གི་གཟི། ། ཟེར་ཙམ་ཅིག་ལ་རྟེན་པས་བློ་ཆུང་འགྱུར།། སྐུ་ལྔའི་རྟ་མཆོག་དུག་ལྔ་མ་རྟོགས་ན།། སྐུ་ལྔ་བསྒོམ་ནས་དུག་ལྔ་ཞི་ཟེར་བ།། གཏི་མུག་ཆོས་སྐུ་རྣམ་སྣང་སྡོང་པོ་རུལ།། ལོ་མ་སྐྱེས་བྱེད་རྩ་བ་དགོས་པ་ཡིན། ། དེ་བཞིན་དུག་ལྔ་ཞི་བས་སྐུ་ལྔའི་ས་བོན་བརླག། ས་བོན་མེད་ན་འབྲས་བུ་མི་འབྱུང་བཞིན།། དུག་ལྔ་མེད་ན་སྐུ་ལྔ་ག་ལ་འགྲུབ།། དུག་ལྔ་དངོས་སུ་སྣང་བ་དོན་རྟགས་ཡིན། ། སྐུ་ལྔ་རང་སྣང་བ་དེ་དབང་པོ་ཡིན།། དུག་ལྔ་མེད་ན་སྐུ་ལྔ་མེད་པ་ཡིད་ཆེས་ཡིན།། དུག་ལྔ་གཏན་ལ་ཕེབས་པས་སྐུ་ལྔར་ཤར་བ་དགོས་པ་ཡིན།། ཐར་པའི་ས་བོན་ཤེས་པས་སྒྲུབ་མི་དགོས་པའི་ཡོན་ཏན་ཡིན། ། དུག་ལྔ་སྐྱོན་དུ་མི་ལྟ་རང་འབྱུང་ལྔར་གསལ་ལ།། གསལ་བ་གདམས་པ་ཡིན།། དུག་ལྔ་གནས་འགྱུར་མི་དགོས་རང་འབྱུང་འཆར་བ་བརྒྱུད་པ་ཡིན།། དུག་ཡུལ་མེད་ན་རྩ་བའི་གནད་ཆོད་འབྲས་བུ་ཡིན།། མ་འདྲེས་ཡོངས་སུ་རྫོགས་པ་གཏན་ཚིགས་ཡིན། ། ཕྱོགས་ལྷུང་རྒྱ་ཆད་མེད་པ་དམ་བཅའ་ཡིན།། གཅིག་ལ་ཐམས་ཅད་རྫོགས་པ་བསྒྲུབ་བྱ་ཡིན།། གསེར་ལ་གཟུགས་བརྙན་སྣང་ན་མཐུན་དཔེ་ཡིན།། ཞེས་གསུངས་སོ། ། ལྷ་འདྲེ་གཉིས་མེད་ཀྱི་རྒྱུད་ལས།། སྤྲུལ་པའི་སྐུ་ལྔ་རྡོ་རྗེ་ཆོས་ཀྱི་བློ་གྲོས་བྱིན་གྱིས་བརླབས་ཀྱིས་བཤད་པའི་ལེའུ་སྟེ་གཉིས་པའོ།།།། དེ་ནས་ཡང་དག་དགོངས་པ་ལས།། རྡོ་རྗེ་ཆོས་ཀྱི་བློ་གྲོས་ཀྱིས། ། བཅོམ་ལྡན་ཀུན་ཏུ་བཟང་པོ་ལགས།། རྒྱལ་སྲས་སྤྲུལ་སྐུ་བཤད་དུ་གསོལ།། ཅེས་ཞུས་པས།། ཡང་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། ཉོན་ཅིག་རྡོ་རྗེ་ཆོས་ཀྱི་བློ་གྲོས་ཁྱོད།། ང་ཡིས་ཁྱོད་ལ་བསྟན་པར་བྱ། ། རྒྱལ་སྲས་ལོངས་སྐུའི་མཚན་བརྗོད་ན།།། རྒྱ་མཚོའི་ཐིགས་པ་བགྲང་བར་ནུས།། རི་ལ་འཇའ་བཞིན་གཞལ་བར་ནུས།། འདི་ཡི་མཚན་ནི་བརྗོད་པར་ག་ལ་ནུས།། རྡུལ་ཕྲན་གཅིག་ལའང་རྒྱལ་བ་གྲངས་ལས་འདས། ། བསྡུ་ན་རྡུལ་ཕྲན་གཅིག་ལ་རྒྱལ་བ་རྣམ་ལྔ་སྣང།། རྡུལ་ཕྲན་གཟུགས་ཀྱི་རྣམ་པ་སྟེ།། རྒྱལ་སྲས་རྣམ་པར་སྣང་མཛད་ཡིན།། དེ་ཡི་ཁ་དོག་གསལ་བ་དེ།། རྒྱལ་སྲས་རྡོ་རྗེ་སེམས་དཔའ་ཡིན།། དེ་ཡི་རང་བཞིན་སྣང་གསལ་བ། ། སངས་རྒྱས་རིན་ཆེན་འབྱུང་ལྡན་ཡིན།། གཟུགས་དབྱིབས་ཁ་དོག་སྣང་བ་དེ།། རྒྱས་སྲས་སྣང་བ་མཐའ་ཡས་ཡིན།། ཐམས་ཅད་ཡོངས་ལ་ཕྱོགས་མེད་གྲུབ།། དེ་ལ་དོན་ཡོད་གྲུབ་པ་ཡིན། ། དེ་ནི་རྒྱལ་སྲས་ལོངས་སྐུ་ཡིན།། འབྱུང་ལྔ་རྒྱལ་སྲས་སྤྲུལ་པའི་སྐུ།། དབྱེར་མེད་རྣམ་དག་འུབ་ཆུབ་ངང།། དེ་ནི་རྒྱལ་སྲས་ཆོས་ཀྱི་སྐུ།། དབང་བསྐུར་མ་བྱས་གཅིག་ཀྱང་མེད།། དབང་མ་ཐོབ་པ་གཅིག་ཀྱང་མེད། ། དེ་ལ་གོ་མཚམས་མེད་པའི་ཕྱིར།། དབང་རྣམས་ཐམས་ཅད་དུས་གཅིག་རྫོགས།། རྡོ་རྗེ་ཆོས་ཀྱི་བློ་གྲོས་ཁྱོད།། རྒྱལ་སྲས་སྐུ་གསུམ་དབང་བསྐུར་བ།། སྐད་ཅིག་ཙམ་ཡང་མ་འགུལ་ཅིག། སྐད་ཅིག་ཙམ་ཡང་མ་ལྡེགས་ཤིག། གལ་ཏེ་འགུལ་ཅིང་ལྡེགས་སྲིད་ན།། རྒྱལ་བའི་སྲས་ལ་པན་མཆོངས་བྱས།། སངས་རྒྱས་མགོ་མཆོངས་བྱས་པ་ཡིན།། བསྐལ་པར་ཐར་པའི་ས་བོན་སྟོར།། སངས་རྒྱས་ཞལ་མི་མཐོང་བ་ཨེ་རེ་འཁྱམས། ། རྒྱལ་སྲས་སྤྲུལ་སྐུ་ཡིན་པ་ངོ་མ་ཤེས།། དེར་སྣང་ལོངས་སྐུ་ཡིན་པར་ཡིད་མ་ཆེས།། ཅིར་སྣང་ཆོས་སྐུར་ཤར་བ་ཐག་མ་ཆོད།། ཐམས་ཅད་རང་ལས་གྲུབ་པ་གདེངས་མ་རྙེད།། ཨེ་མ་ཧོ། ། སྣང་སྲིད་སྐུ་ལྔའི་ངོ་སྤྲོད་གདམས་པ་ཡིན།། ཐམས་ཅད་སྐུ་ལྔར་སྣང་བ་ཐག་ཆོད་ཡིན།། བྱིན་རླབས་ཕྱོགས་བཅུར་འཆར་བ་ཡིད་ཆེས་ཡིན།། ཐམས་ཅད་རང་ལ་ཤར་བ་ཐག་ཆོད་ཡིན།། རང་ངོ་རང་གིས་ཤེས་པས་གདེང་རྙེད་ངེས་ཤེས་ཡིན། ། རྡུལ་ཕྲན་གཅིག་ལ་གྲུབ་པ་ཡོན་ཏན་ཡིན།། རྡུལ་ཕྲན་ཀུན་ལ་སྣང་བ་ཁྱབ་པ་ཡིན།། ཐམས་ཅད་ཀུན་ལ་གྲུབ་པ་འབྲེལ་བ་ཡིན།། ཐམས་ཅད་སྲས་སུ་གྱུར་པ་བསྒྲུབ་བྱ་ཡིན། ། གཟུགས་མེད་སྐུ་ལྔ་མི་སྲིད་གཟུགས་ཡོད་གཏན་ཚིགས་ཡིན།། རྣམ་པར་སྣང་མཛད་གཟུགས་སྐུར་ཤར་བ་དམ་བཅའ་ཡིན།། རྣམ་སྣང་སྐྱེ་བ་ཞེས་པ་སུ་ལ་སྣང།། སྲིད་པའི་གཞི་མ་གཟུགས་ལ་སྣང་བ་ལ། ། གཟུགས་ཉིད་མེད་ན་རྣམ་སྣང་ག་ལ་གྲུབ།། སྲིད་པའི་ཆུ་བཞི་རྣམ་པར་སྣང་མཛད་ཡིན།། དེ་སྤངས་རྣམ་པར་སྣང་མཛད་རྩ་བ་རུལ།། ཆུ་བཞི་སྤངས་པས་སྐུ་ཡི་ས་བོན་གཏོར།། སྐྱེ་རྒ་འཆི་བ་བཞི་ནང་གི་ཆུ་བཞིའོ། ། རྣམ་པར་སྣང་མཛད་འཆི་བ་སུ་ཡིས་མཐོང།། ཆུ་བཞི་རྒྱལ་སྲས་སྤྲུལ་སྐུར་ཤེས་ན་ནི།། རྒྱལ་སྲས་སྤྲུལ་སྐུ་འབྱིན་པ་སྐྱེ་སྒོ་འཐབས།། ཐུགས་རྗེ་སྤྲུལ་སྐུའི་རྩ་བ་རབས་བརྒྱུད་ཆད།། སྤྲུལ་སྐུ་རབས་ཆད་འཁོར་བའི་སྟོན་པས་སུ། ། རྫུས་སྐྱེས་མངལ་སྐྱེས་ལ་སོགས་རྟེན་མེད་པས།། སྤྲུལ་སྐུའི་དོན་མི་འབྱུང་བས་ཡ་རེ་ཆ།། དེ་ལ་གནས་པ་ཨེ་རེ་འཁྱམས། སྤྲུལ་སྐུ་རྟག་ན་སྤྲུལ་པའི་དམ་བཅའ་ཉམས།། ཅིར་ཡང་སྤྲུལ་པ་རང་ལ་འབྱུང་བ་བསྒྲུབ་བྱ་ཡིན། ། ཐུབ་དྲུག་མ་ངེས་འབྱུང་བ་གཏན་ཚིགས་ཡིན།། ཞེས་གསུངས་སོ།། སེམས་ཉིད་སྐྱེ་བ་མེད་པ་རྒྱལ་སྲས་ཆོས་ཀྱི་སྐུ།། ཆོས་སྐུ་རང་སྣང་འབྱེད་པ་མེད་པ་དང།། སྣང་བ་དུ་མའི་གཟུགས་ཉིད་མ་སྤངས་གནས་སུ་གྲོལ། ཆོས་སྐུ་གཏན་ལ་ཕབ་པ་སྣོད་དང་བཅུད།། གཏན་ལ་ཕེབས་པས་ཆོས་སྐུ་ཁོང་དུ་ཆུད།། ཚད་ནི་རིག་པ་ཡུལ་ལ་མེད་པ་ཡིན།། དྲོད་ཚད་རྟོག་པ་རང་དག་ཡིན།། རྟགས་ནི་ཡུལ་དུ་གྱུར་པའོ། ། འབྲས་བུ་རྟོགས་མེད་མཉམ་པ་ཉིད།། དབང་པོ་ཡུལ་ཅན་རང་གྲོལ་ཡིན།། དབང་པོ་མི་གསུམ་སྤྱི་ཁྱབ་ཡིན།། ཞེས་གསུངས་སོ།། ཆོས་མེད་དགོངས་པ་མ་སད་ན།། རིག་པ་ཡུལ་མེད་འཆར་མི་སྲིད།། སྐད་ཅིག་རང་གྲོལ་མ་ཤར་ན། ། དུས་ལྟོས་དྭངས་སངས་འབྱུང་མི་སྲིད།། རིག་པ་རང་གྲོལ་མ་ཤར་ན།། ཡུལ་མེད་ཞིང་ཁམས་འཆར་མི་སྲིད།། སྣང་རྟགས་གཏན་ལ་མ་ཕེབས་ན། རྟགས་འདོད་དགོངས་པ་འཆར་མི་སྲིད།། རིག་པའི་དྲོད་ཚད་མ་ཤེས་ན།། སངས་རྒྱས་དགོངས་པ་ཚད་མི་ཟིན།། འབྲས་བུ་ཆོས་མིན་རང་ཆས་མ་ཤེས་ན།། དུས་ཀྱི་བསྒྲིབས་ནས་ཐོབ་མི་སྲིད།། དབང་པོ་དཔང་དུ་ཚུགས་ན། ཡིད་སྨོན་བློ་ཡི་གྲོལ་མི་སྲིད། ། སྤྱི་ཁྱབ་དབངཔོར་མ་ཤེས་ན།། འགྲོ་དྲུག་རངགྲོལ་འབྱུང་མི་སྲིད།། ཚད་ཟིན་པ་ནི་ཤིན་ཏུ་གཅེས།། ཚད་མ་གཏན་ལ་ཕེབས་ཙམ་ན།། གཟུགས་ཅན་གཏན་ལ་མ་ཕེབས་ན།། གཟུགས་མེད་འཆར་བའི་དུས་མི་འཆི། ། གཟུགས་མེད་ཚང་ལ་མ་ཕེབས་ན།། རང་གྲོལ་འཆར་བའི་དུས་མི་མཆི།། རང་གྲོལ་ཚད་ལ་ལ་མ་ཕེབས་ན།། དགོངས་པ་རྣམ་དག་འབྱུང་མི་སྲིད།། སྣང་བ་ཚད་ལ་མ་ཕེབས་ན།། འོད་གསལ་འཆར་བའི་དུས་མི་སྲིད། ། འོད་གསལ་ཚད་ལ་མ་ཕེབས་ན། རང་སྣང་རྣམ་དག་འབྱུང་མི་འགྱུར།། གཞི་ས་ཚད་ལ་མ་ཕེབས་ན།། འབྲས་བུ་འབྱུང་བའི་དུས་མི་སྲིད།། འབྲས་བུ་ཚད་ལ་མ་ཕེབས་ན།། གཞི་ལས་འདས་པ་འབྱུང་མི་འགྱུར། ། དུ་མ་གཏན་ལ་མ་ཕེབས་ན།། ཐམས་ཅད་མཁྱེན་པའི་དུས་མི་མཆི།། ཀུན་མཁྱེན་གཏན་ལ་མ་ཕེབས་ན།། དུ་མ་རང་གྲོལ་འབྱུང་མི་སྲིད།། འགྲོ་དྲུག་ཚད་ལ་མ་ཕེབས་ན།། སྣང་སྲིད་རྣམ་དག་དུས་མི་མཆི། ། སྣང་སྲིད་རྣམ་དག་མ་ཤེས་ན།། འགྲོ་དྲུག་གཡང་ས་ཆོད་པ་ག་ལ་འགྱུར།། འཁྲུལ་པ་ཚད་ལ་མ་ཕེབས་ན།། རང་གྲོལ་འཆར་བའི་དུས་མི་མཆི།། རང་གྲོལ་ཚད་ལ་མ་ཕེབས་ན།། འཁྲུལ་མེད་འབྱུང་བར་ག་ལ་འགྱུར། འཁྲུལ་བའི་རྩ་བ་ཚད་ལ་མ་ཕེབས་ན།། འཁྲུལ་པའི་འབྲས་བུ་ལྡོག་པའི་དུས་མི་མཆི།། འཁྲུལ་པའི་འབྲས་བུ་ཚད་ལ་མ་ཕེབས་ན།། རྩ་བ་ཆོད་པའི་དུས་མི་མཆི།། དེ་རྣམས་ཀུན་གྱི་འབྲེལ་པ་དང། ། ཁྱབ་པ་ལྷུན་གྲུབ་ཚད་ཟིན་གཅེས།། ཚད་མ་ཟིན་པར་ཆོས་འཆད་པ།། ལོང་བས་ལོང་བ་ཁྲིད་པ་འདྲ།། འབྲས་བུའི་དུས་སུ་མ་ཤེས་ན།། སྒོ་ང་རུལ་བའི་བྱིའུ་ཕྲུག་འདྲ།། ལག་ལེན་དུས་ཚོད་མ་ཤེས་ན། ། འབའ་སམ་ས་ཡི་ཐུགས་པ་འདྲ།། གནད་ཀྱི་གདམས་ངག་མ་ཤེས་ན།། རྒྱུས་མེད་མིག་གི་ཐུར་ཐོགས་འདྲ།། ལོག་ནོན་གདམས་ངག་མ་ཤེསན།། ལྟག་གི་སྟེང་དུ་སྒངས་བྱུང་འདྲ།། ཚད་ཀྱི་གདམས་ངག་མ་ཤེས་ན། ། ག་བུར་མངས་ཏེ་འབྱམས་པ་འདྲ།། རྟགས་ཀྱི་གདམས་ངག་མ་ཤེས་ན།། ལོང་བས་གསེར་སྦྲམ་སྦས་པ་འདྲ།། དྲོད་ཚད་གདམས་ངག་མ་ཤེས་ན།། སྔགས་ཅན་དུག་ལ་ཚད་པོ་འདྲ།། བྱིན་པ་ཚད་ལ་མ་ཕེབས་ན། ། རྡོ་ལ་དངུལ་ཆུ་བྱུག་འདྲ། ཐུགས་རྒྱུད་ཚད་ལ་མ་ཕེབས་ན།། མུན་ནག་ལག་ཡུག་བྱེད་པ་འདྲ།། བཀའ་རྒྱུད་ཚད་ལ་མ་ཕེབས་ན།། སྣ་ཆད་མེ་ལོང་ལྟ་བ་འདྲ།། འཆི་ལྟས་ཚད་ལ་མ་ཕེབས་ན། ། བྷི་ཧ་ཙི་ཡི་རྨི་ལམ་འདྲ།། དྲན་པོ་གསུམ་པོ་ཚད་དང་མ་ལྡན་ན།། ལག་རྡུམ་བྲག་ལ་འཛེག་པ་འདྲ།། ལྷུན་གྲུབ་ཚད་ལ་མ་ཕེབས་ན།། རིན་ཆེན་ཅིག་ལ་བསྟོད་པ་འདྲ།། རྒྱ་ཚད་ཚད་ལ་མ་ཕེབས་ན།། གྲུབ་མཐའ་རང་སའི་དུས་མི་མཆི། ། ཕྱོགས་མེད་ཚད་ལ་མ་ཕེབས་ན།། རྒྱ་ཆད་གྲོལ་བའི་དུས་མི་མཆི།། གཉིས་སྣང་གཏན་ལ་མ་ཕེབས་ན། དབྱེར་མེད་འཆར་བའི་དུས་མི་མཆི།། དབྱེར་མེད་ཚད་ལ་མ་ཕེབས་ན། ། གཉིས་སྣང་རང་གྲོལ་དུས་མི་མཆི།། ཞེས་གསུངས་སོ།། ལྷ་འདྲེ་གཉིས་མེད་ཀྱི་རྒྱུད་ལས།། རྒྱལ་སྲས་སྐུ་གསུམ་བྱིན་གྱིས་བརླབས་ཀྱིས་བཤད་པའི་ལེའུ་སྟེ་གསུམ་པའོ།།།། དེ་ནས་ཡང་དག་བཤད་བྱ་བ། ། ཉོན་ཅིག་རྡོ་རྗེ་ཆོས་ཀྱི་བློ་གྲོས་ཁྱོད།། བདུད་ཀྱི་གཅོད་ཡུལ་བསྟན་པར་བྱ།། བདུད་ཅེས་བྱ་བ་མ་རིག་པ།། བདུད་ཀྱི་གཞི་ནི་གཏི་མུག་གོ། རྒྱུ་ནི་ལྷུན་སྐྱེས་མ་རིག་པ།། འབྲས་བུ་བདུད་བཞིས་ཀུན་ལ་རྒྱུ། ། ལྟ་བ་བདུད་དུ་བབས་པ་ཡོད།། ལྟ་བ་སྟོང་པའི་ཡུལ་དུ་ཤར།། ལྟ་བ་ཡུལ་ཅན་ཡིད་སྨོན་མཁན།། སྡུག་བསྔལ་རྐྱེན་ཐུབ་གནད་མ་ཤེས།། བློ་ཡི་བདུད་ཀྱི་རྐུན་བུས་ཁྱེར།། ལྟ་བ་རྐུན་མོར་ཤཽར་བ་དེ། ། རྩ་བ་ཆོད་པར་ག་ལ་འགྱུར།། གཅོད་མཁན་རྐུན་མོས་ཡིན་པའི་ཕྱིར།། ལྟ་བ་སྟོང་པ་འདོད་ཆགས་ཅན།། ཆགས་པའི་བདུད་ཀྱིས་བརྐུས་པ་ཡིན།། ལྟ་བ་སྡུག་བསྔལ་རྐྱེན་གྱིས་འགྱུར།། ཞེ་སྡང་བདུད་ཀྱིས་བརྐུས་པ་ཡིན། ། གཉིས་མེད་སྲེ་ཐབས་མ་ཤེས་པས།། གཏི་མུག་བདུད་ཀྱིས་བརྐུས་པ་ཡིན།། བློ་ཡི་ལྟ་བ་བཟང་སྙམས་ནས།། ང་རྒྱལ་བདུད་ཀྱིས་བརྐུས་པ་ཡིན།། གྲུབ་མཐའི་རང་གཞུང་ལྟ་བ་སྲོལ།། ཕྲག་དོག་བདུད་ཀྱིས་བརྐུས་པ་ཡིན། ། རྐྱེན་ཐུབ་རང་གྲོལ་མ་ཤེས་པས།། ཁོང་ཁྲོའི་བདུད་ཀྱིས་བརྐུས་པ་ཡིན།། རྐུན་མ་མི་དྲུག་སྡོང་པོས་ཆས།། ལྟ་བ་རང་སངས་རྐུན་མོས་བརྐུས།། རྐུ་མཁན་རྩ་བ་མ་ཆོས་ན།། ལྟ་བ་རྙེད་པའི་དུས་མི་མཆི། ། ཆགས་པའི་བདུད་དང་མ་བྲལ་ན།། འབྲས་བུ་ཡན་ལག་སྐྱེ་བར་འགྱུར།། ཞེ་སྡང་བདུད་དང་མ་བྲལ་ན།། ངེས་པར་དམྱལ་བར་སྐྱེ་བར་འགྱུར།། གཏི་མུག་བདུད་དང་མ་བྲལ་ན།། བྱོལ་སོང་འཇིག་རྟེན་སྐྱེ་བར་འགྱུར། ། ང་རྒྱལ་བདུད་དང་མ་བྲལ་ན།། མི་ཡི་འཇིག་རྟེན་སྐྱེ་བར་འགྱུར།། ཕྲག་དོག་བདུད་དང་མ་བྲལ་ན།། ངེས་པར་ལྷ་མིན་འཇིག་རྟེན་སྐྱེ།། ཁོང་ཁྲོའི་བདུད་དང་མ་བྲལ་ན།། ལྷ་མིན་འཇིག་རྟེན་སྐྱེ་བར་འགྱུར། ། དེ་ཡང་རྒྱུ་གཅིག་རྐྱེན་དྲུག་ཡིན།། རྒྱུ་ནི་གཙོ་བོ་རྐྱེན་གྱིས་སྒྱུར་བར་བྱེད།། རིག་པ་སྟོང་པར་མ་ཤར་ན།། རྐྱེན་དྲུག་རང་གྲོལ་དུས་མི་མཆི།། རྐྱེན་དྲུག་རང་སར་མ་གྲོལ་ན།། བདུད་དྲུག་ཆོམས་པའི་དུས་མི་མཆི། ། བརྐུ་མཁན་ངོ་ཡིས་མ་ཟིན་ན།། བདུད་ངོ་ཤེས་པར་ག་ལ་འགྱུར།། བདུད་ངོ་ཤེས་པར་མ་གྱུར་ན།། ལྟ་བ་རྙེད་པར་ག་ལ་འགྱུར།། ལྟ་བ་ཕྱོགས་ལྷུང་མེད་པ་ལ།། བདུད་ཀྱིས་བརླབས་ནས་ཕྱོགས་སུ་ཁྱེར། ། བདུད་དེ་ཕྱོགས་མེད་ན་ཤེས་ན།། ལྟ་བ་ཕྱོགས་མེད་འབྱུང་མི་འགྱུར།། ང་ནི་བདུད་ཀྱི་སྲོག་རྩ་གཅོད།། ཡེ་ཤེས་སྲོག་མེད་ཡོད་པའི་ཕྱིར།། ལྟ་བའི་བདུད་ཀྱི་སྲོག་རྩ་གཅོད།། ལྟར་མེད་རང་གྲོལ་ཡོད་པའི་ཕྱིར། ། རྐུན་མོའི་སྲོག་གི་རྩ་བ་གཅོད།། བརྐུར་མེད་ཉག་གཅིག་ཡོད་པའི་ཕྱིར།། སྣོད་བཅུད་གཉིས་ཀྱི་སྲོག་རྩ་གཅོད།། རང་གྲོལ་ཟང་ཐལ་ཡོད་པའི་ཕྱིར།། ཤེས་རབ་མཁའ་ལ་བྱ་ལྟར་ལྡིང།། ཐེག་པའི་བདུད་ཀྱིས་ཁྱེར་བ་ཡིན། ། ཞེན་ཅིང་ཆགས་པ་སྣང་བའི་བདུད།། འདུ་འཛི་གཡེང་བས་ཁྱེར་བ་ཡིན།། ང་རྒྱལ་ཁེང་གྲགས་གཡེང་བའི་བདུད།། ལོངས་སྤྱོད་གཡེང་བས་ཁྱེར་བ་ཡིན།། ཉམས་མྱོང་སྨྲ་བཅད་བློ་ཆུང་བདུད། ། བཀའ་བསྒོ་ཞེན་པས་ཁྱེར་བ་ཡིན།། ཐོས་མང་དོན་མཇེད་གྲགས་པ་སྒྲ་ཡི་བདུད།། དོམས་མེད་བདུད་ཀྱིས་ཁྱེར་བ་ཡིན། རང་སྣང་ཁ་དོག་འོད་ཀྱི་བདུད།། ཞེས་ཆགས་བདུད་ཀྱི་ཁྱེར་བ་ཡིན། ། ཤེས་རབ་རྣམ་གསུམ་གནད་ཤེས་པས།། ཐེག་པའི་བདུད་སྒྲིབས་གྲོལ་བར་བྱེད།། ཞེན་ཆགས་རང་སྣང་གནད་ཤེས་པས།། འདུ་འཛི་རང་སར་གྲོལ་བར་བྱེད།། ང་རྒྱལ་མཉམ་ཉིད་གནད་ཤེས་པས། ། གཉིས་མེད་རང་སྣང་གྲོལ་བར་བྱེད།། ཆགས་ཞེན་ལམ་དུ་གྲོལ་བར་འགྱུར།། ཉམས་མྱོང་བློ་ལས་འདས་པར་བྱེད།། བཀའ་བསྒོ་རང་གྲོལ་འབྱུང་བར་འགྱུར།། གྲགས་པ་ལོངས་སྤྱོད་རང་སར་གྲོལ་བའི་གནད། ། སྒྲོ་འདོགས་རང་སར་གྲོལ་བར་བྱེད།། རང་སྣང་བར་དོའི་གནད་ཤེས་པས།། ཆགས་ཞེན་ལམ་དུ་གྲོལ་བར་འགྱུར།། བདུང་ཀྱི་སོ་མཚམས་མ་ཤེས་ན།། བདུད་ལས་རྒྱལ་བའི་དུས་མི་མཆི།། བདུད་ཀྱི་ངོ་སྤྲོད་མ་ཤེསན། ། སྒྲོ་འདོགས་ཆོད་པའི་དུས་མི་མཆི།། སྒྲོ་བརྟགས་རང་གྲོལ་མ་ཤེས་ན།། གྲོད་ཚད་རང་གྲོལ་དུས་མི་མཆི།། བདུད་ཀྱི་ངོ་སྤྲོད་བྱེད་ཙམ་ན།། མགོ་ལུས་མེད་པར་མིག་ཏུ་འགྲོ། མིག་གཅིག་མིག་སྟོང་ཕྱོགས་བཅུར་བལྟ། ། བདུད་ཀྱི་རྒྱལ་པོ་མིག་གཅིག་པོ།། བདུད་ཀྱི་བློན་པོ་མིག་བརྒྱ་པོ།། མགོ་ལུས་མེད་པར་མིག་གིས་ཁེངས།། མིག་གི་ངོ་སྤྲོད་མ་ཤེས་ན།། སངས་རྒྱས་ངོ་སྤྲོད་ཚིག་གིས་ན་ཡ་ཡིན།། སངས་རྒྱས་རང་གྲོལ་འཆར་བའི་དུས་མི་མཆི། ། ཕྱོགས་མེད་མཐོང་བ་མིག་གི་གནད་མེད་ན། ཡེ་ཤེས་སྤྱན་ཆེན་འཆར་བའི་དུས་མི་མཆི།། མིག་གཅིག་ཕྱོགས་བཅུར་ལྟ་བའི་གནད་མེད་ན།། ཡེ་ཤེས་མིག་གཅིག་འཆར་བའི་དུས་མི་མཆི། ། རྐང་རྡུམ་མཁའ་ལ་འགྲོ་བའི་གནད་མེད་ན།། སངས་རྒྱས་ཡུལ་མེད་སླེབས་པའི་དུས་མི་མཆི།། ལག་རྡུམ་སྲོག་གཅོད་གདམས་ངག་མ་ཤེས་ན།། འཁོར་བའི་སྲོག་རྩ་ཆོད་བའི་དུས་མི་མཆི། ། གཟུགས་མེད་སྙིང་འདོད་གནད་མེད་ན།། བླ་མའི་གདམ་པ་འཆར་བའི་དུས་མི་མཆི།། ལུས་མེད་མགོ་ལུས་དབྲལ་བའི་གནད་མེད་ན།། སེམས་དང་ཡེ་ཤེས་ཕྱེད་བའི་དུས་མི་མཆི།། དངོས་མེད་འཁོར་ལོ་བསྐོར་བའི་གནད་མེད་ན། ། ཡེ་ཤེས་འོད་གསལ་འཆར་བའི་དུས་མི་མཆི།། ས་མེད་རྡོས་ཐག་གཅད་པའི་གནད་མེད་ན།། ཀུན་བཟང་རང་ས་སླེབས་པའི་དུས་མི་མཆི།། ཕྱོགས་མེད་རང་སར་གྲོལ་བའི་གནད་མེད་ན། ། ལྟེ་བའི་བདུད་སྡེ་ཆོམས་པའི་དུས་མི་མཆི།། ཞེས་གསུངས་སོ།། ལྷ་འདྲེ་གཉིས་མེད་ཀྱི་རྒྱུད་ལས།། ལྟབ་ངོས་བཟུང་རང་གྲོལ་བའི་ལེའུ་སྟེ་བཞི་པའོ།།།། དེ་ནས་ཡང་བཀའ་སྩལ་པ།། ཉོན་ཅིག་རྡོ་རྗེ་ཆོས་ཀྱི་བློ་གྲོས་ཁྱོད། ། བདུད་ཀྱིས་ཐམས་ཅད་བར་དུ་གཅོད།། སྒོམས་པས་བདུད་དུ་བབས་པ་ཡོད།། བདུད་ཀྱི་རྒྱུ་ནི་འཛིན་པ་ཡིན།། བདུད་ཀྱི་རྐྱེན་ནི་གཟུང་བའི་ཡུལ།། འབྲས་བུ་འཇིག་རྟེན་འཁོར་བའི་གནས། ། འཁོར་བའི་གནས་ལ་མ་ཐར་ན།། བདུད་ཀྱི་དབང་དུ་སོང་བ་ཡིན།། བདུད་ཀྱིས་བྱིན་གྱིས་བརླབས་པ་ནི།། ཆགས་ཞེན་ཉམས་སུ་མྱོང་བ་ཡིན།། དེ་ལ་བསྒོམས་པ་བདུད་དུ་བབས་པ་ན། ། མཚན་བཅས་སྒོམ་དང་མཚན་མེད་སྒོམ།། བདེ་ཞིང་ཞེན་པ་ཆགས་པའི་བདུད།། བྱིང་རྨུགས་ཕྲག་དོག་ཞེ་སྡང་བདུད།། རང་གྲོལ་མ་ཤེས་གཏི་མུག་བདུད།། ཞེ་ལ་གསལ་བ་ང་རྒྱལ་བདུད།། སྟོང་དང་གཟུགས་ཅན་ཕྲག་དོག་བདུད། ། སྲེ་མ་ཤེས་པས་ཁོང་ཁྲོའི་བདུད།། བདུད་ཀྱི་རྩ་བ་མ་རིག་པ།། མ་རིག་རང་བྱུང་བདུད་དུ་བབས།། བདུད་ཀྱི་སྲོག་རྩ་མ་ཆོད་ན།། བསྒོམས་པ་བདུད་ཀྱིས་རླབས་པ་ཡིན།། ཉམས་མྱོང་བདེ་བ་སྐྱེད་འབྱིན་པ། ། བདུད་ཀྱི་དབང་དུ་སོང་བ་ཡིན།། ཤེས་པ་རྐྱེན་གྱིས་གྱུར་ཙམ་ན།། བདུད་ཀྱིས་ཤེས་པ་ཕྲོགས་པ་ཡིན།། ཉམས་མྱོང་བདུད་ལ་ཁེལ་སྙམ་བྱེད།། ཤེས་བྱ་བདུད་ཀྱིས་བྱིན་བརླབས་ཡིན།། ཉམས་མྱོང་བསྟན་པ་སྙམ་བྱེད་ན། ། བདུད་ཀྱི་དབང་དུ་འདུས་པ་ཡིན།། ཤེས་པ་མི་མཐོང་སྙམ་བྱེད་ན།། བདུད་ཀྱིས་ཤེས་པ་ཕྲོགས་པ་ཡིན།། བྱིང་ཤིང་ཁྲོ་བ་སྙམ་བྱ་ན།། བདུད་ཀྱིས་ཤེས་པ་བསྒྱུར་བ་ཡིན།། དེ་ལ་གསེང་དང་སྡུད་པ་ནི། ། བདུད་ཀྱིས་བྱིན་གྱིས་རློབ་པ་ཡིན།། དེ་ནས་གསལ་བ་སྙམ་བྱེད་ན།། བདུད་ཀྱིས་བྱིན་གྱིས་བརླབས་པ་ཡིན།། བདུད་ཀྱི་ཚད་ཟིན་ཤིན་ཏུ་དཀའ།། ཐམས་ཅད་བདུད་ཀྱིས་བརླབས་པའི་ཕྱིར།། བདུད་ཀྱི་སྲོག་རྩ་གཅོད་པ་ལ། ། རེ་དོགས་སྙམ་བྱེད་འཕྲང་རྒལ་དགོས།། རྒྱ་མཚོའི་གཏིང་དུ་གསད་པ་དང།། རི་རབ་རྩེ་ལ་གསད་པོ་དང།། ཉི་ཟླའི་བར་དུ་གསད་པ་དང།། གངས་དཀར་རྩེ་ལ་གསད་པ་དང།། རི་བྲག་བར་དུ་གསད་པ་དང། ། རི་བྲག་རྨང་དུ་གསད་པ་དང།། སྲིད་གསུམ་རྩེ་མོར་གསད་པ་དང།། རྒྱ་མཚོའི་གཏིང་གི་གནད་མེད་ན།། བག་ཆགས་འཛད་ཀྱི་དུས་མི་མཆི།། རི་རབ་རྩེ་ཡི་གགད་མེད་ན།། རང་གྲོལ་འཆར་གྱི་དུས་མི་མཆི། ཉི་ཟླ་གཉིས་ཀྱི་གནད་མེད་ན།། གཉིས་མེད་འཆར་གྱི་དུས་མི་མཆི།། གངས་དཀར་རྩེ་ཡི་གནད་མེད་ན།། དྲི་མེད་དག་པའི་དུས་མི་མཆི།། རི་བྲག་བར་གྱི་གནད་མེད་ན།། ཟང་ཐལ་འཆར་གྱི་དུས་མི་མཆི། ། རི་བྲག་རྨང་གི་གནད་མེད་ན།། ཉམས་ལས་གྲོལ་བའི་དུས་མི་མཆི།། སྲིད་གསུམ་རྩེ་མོའི་གནད་མེད་ན།། སྐུ་གསུམ་རང་གྲོལ་དུས་མི་མཆི།། སེམས་དང་ཡེ་ཤེས་བག་ཆགས་གསུམ།། གཞི་དང་ལམ་དང་འབྲས་བུ་གསུམ། ། འཁྲུལ་གཞི་འཁྲུལ་པ་དངོས་པོ་གསུམ།། ཟློག་ཐབས་ས་མཚམས་འབྲས་བུ་གསུམ།། བྱིན་དང་རླབས་དང་རྟེན་དང་གསུམ།། སངས་པ་རྒྱས་པ་འདས་པ་གསུམ།། སད་པ་སངས་པ་དྭངས་པ་གསུམ། ། ཡེ་དང་ཤེས་པ་ཤེས་རབ་གསུམ།། ཆོས་དང་སྐུ་དང་རྟོག་མེད་གསུམ།། ཆོས་དང་སྐུ་དང་རྟོག་མེད་གསུམ།། ཆོས་དང་ཆོས་ཅན་ཆོས་ཉིད་གསུམ།། ལས་དང་འཕྲོ་དང་འཐུད་དུས་གསུམ། ། བག་དང་ཆགས་དང་འགྱུར་བ་གསུམ།། རང་དང་བྱུང་དང་ཡེ་ཤེས་གསུམ།། དེ་གསུམ་གདམས་པས་མ་བརྒྱན་པར།། སྤྱི་སྡོམ་ཙམ་ཡང་སྟོན་པ་ལ།། རྒྱབ་དཀར་གནད་དང་ལོག་ནོན་མ་ཤེས་ན།། ཆོས་ཉིད་སྤྱི་སར་འཆོར་བ་ཡིན། ། སྤྱི་དང་བྱེ་བྲག་དབྱེ་བ་གཅེས།། གནད་དང་ལོག་ནོན་གེགས་སེལ་གསུམ།། ལྡེམ་བོར་དགོངས་པའི་ཁྱད་པར་གྱིས།། སྒོམ་པའི་འདྲེ་རྐུན་ངོས་གཟུང་བྱ།། སྒོམ་པའི་འདྲེ་ཡིས་ཁྱེར་ཙམ་ན། ། ང་རྒྱལ་བདུད་ཀྱིས་བརླབས་པ་ཡིན།། བདུད་ཀྱི་རྩ་བ་ཆོད་ལ།། འཁྲུལ་པའི་དྲི་མ་འདག་དུ་མེད།། འདྲེ་ཡི་སྲོག་རྩ་མ་ཆོད་ན།། ཁམས་གསུམ་རྩ་བ་ཆོད་དུས་མེད།། འདྲེ་ནི་ཐར་པའི་ས་བོན་ཡིན།། ཐར་པས་གྲོལ་ཞིང་ཟག་པ་མེད། ། ཡང་དག་རྫོགས་ཀྱིས་བཀའ་སྩལ་བ།། ཐར་པ་འདོད་ན་རྟོག་པ་སྐྱེད།། ཐར་པའི་ས་བོན་རྟོགས་པ་ཡིན།། རྟོག་མེད་རྟོག་པ་སུ་ལ་ཡོད།། བྱང་ཆུབ་འདོད་ན་སྒྲིབ་པ་ཡིན།། ཞྀ་གནས་སྒོམས་པས་ལྷག་མཐོང་རྩ་བ་རུལ། ། སེམས་འཛིན་སྒོམས་པས་རང་གྲོལ་རྩ་བ་རུལ།། བདེ་བ་སྒོམས་པས་གཉིས་མེད་རྩ་བ་རུལ།། མཚན་བཅས་བསྒོམས་པས་ཟང་ཐལ་རྩ་བ་རུལ།། ཁ་ཡན་བསྒོམས་པས་ཁ་འགུགས་རྩ་བ་རུལ། ། ཁ་འགུགས་བསྒོམས་པས་ཁ་ཡན་རྩ་བ་རུལ།། གཉིས་མེད་བསྒོམས་པས་ཟུང་འཇུག་རྩ་བ་རུལ།། སྒོམས་པ་བྱས་ཆོས་མི་རྟག་གཉིས་འདུས་པས།། འདུས་བྱས་རང་སར་གྲོལ་དུ་མ་སྟེར་རོ།། དེ་ལྟར་གནས་པ་དོན་ལ་རྨོངས། ། རྣམ་རྟོག་རང་བྱུང་ཡེ་ཤེས་ངོ་སྤྲོད་ཤར།། ཐར་བའི་ལམ་ཆེན་བྱང་ཆུབ་སྡོང་པོ་ཚུགས།། རྟོག་མེད་མཉམ་ཉིད་བློ་ཡི་རྣམ་པར་གྲོལ།། བྱང་ཆུབ་མི་འདོད་ཆོས་སྐུར་ལྷུན་གྱིས་གྲུབ།། ཞི་གནས་རང་གྲོལ་ཅེས་ཟིན་ཡེ་ཤེས་ཤར། ། འཛིན་པ་དྭངས་སངས་རང་འབྱུང་ཆོས་སྐུར་བརྡལ།། བདེ་ཆེན་མ་སྒོམ་ཆོས་སྐུ་ཁོང་ནས་ཤར།། མཚན་མ་སྒོམ་རང་སྣང་སྐུ་ལྔར་གསལ།། ཁ་ཡན་མི་སྒོམ་རང་སྣང་ཡུལ་མེད་ཤར། ། ཁ་འགུགས་མ་སྒོམ་ཡུལ་མེད་རང་གྲོལ་ཤར།། གཉིས་མེད་མི་བྷཻ་རང་སྣང་ཐིག་ལེར་བརྡལ།། བྷཻ་པ་མི་བྱེད་བྱེད་མཁན་དྭངས་སངས་འདས།། གཉིས་མེད་རང་ཤར་ཆོས་སྐུ་རང་ལ་ཤར།། དེ་ལྟར་རྟོགས་པས་ཐར་པའི་འབྲས་བུ་ཐོབ། ། ཐོབ་པ་མཐར་མི་ལྷུང་ཞིང་རང་སར་འགྲོ་བ་གཅེས།། ཞེས་གསུངས་སོ།། ལྷ་འདྲེ་གཉིས་མེད་ཀྱི་རྒྱུད་ལས།། བྷཻ་པ་ངོས་བཟུང་བ་དང་བདུད་སྲོག་རྩ་གཅད་པའི་ལེའུ་སྟེ་ལྔ་པའོ། །།། དེ་ནས་ཡང་བཀའ་སྩལ་པ།། ཉོན་ཅིག་རྡོ་རྗེ་ཆོས་ཀྱི་བློ་གྲོས་ཁྱོད།། ཐམས་ཅད་བདུད་ཀྱིས་བྱིན་གྱིས་བརླབས།། སྤྱོད་པ་བདུད་དུ་བབས་པ་ཡོད།། བདུད་ཅེས་བྱ་བ་མ་རིག་པ།། སྤྱོད་པའི་མཁན་པོ་ངོ་མ་ཤེས། ། མ་རིག་རང་ལ་བདུད་དུ་བབས།། ཕྱི་ཡི་ཆོས་སྤྱོད་བཅུ་པོ་དང།། ལྟ་སྒོམ་སྤྱོད་པའི་ཤེས་རབ་ཀྱིས།། ཕྱི་ཡི་ཡུལ་དུ་སྤྱོད་པར་བྱེད།། ཐབས་ཀྱི་སྣང་བ་ཆགས་པའི་བདུད།། རྩ་རྒྱུད་ཞགས་པས་བཅིངས་པ་ཡིས། ། འདོད་ཆགས་བདུད་ཀྱིས་རླ??བས་པ་ཡིན།། བདེ་བར་གཤེགས་པ་ང་རྒྱལ་རྒྱུད།། རྩ་རླུང་མ་གསལ་ཞེ་སྡང་བདུད།། རང་གྲོལ་མ་ཤེས་གཏི་མུག་བདུད།། གཞན་སུམ་འདོན་པ་ཕྲག་དོག་བདུད། ། རྩ་རླུང་སྦྱོང་བ་ཁོང་ཁྲོའི་བདུད།། བདུད་ཀྱི་མཁན་པོར་ཤེས་པར་བྱ།། རིག་པ་ཡུལ་མེད་གནད་མེད་ན།། རྩ་ཡི་འཁོར་ལོ་དང་དུ་ལོང།། དམིགས་པའི་བདུད་ཀྱིས་བྱིན་གྱིས་བརླབས།། རྩ་ཡི་སྟོང་ར་འཇོམས་སྙམས་བྱེད། ། བདུད་ཀྱིས་བྱིན་གྱིས་བརླབས་པ་ཡིན།། རྩ་ཡི་ནང་དུ་ཤེས་པ་ཚུད།། བདུད་ཀྱིས་ཤེས་པ་ཕྲོགས་པ་ཡིན།། བདེ་བ་སྟོང་པར་རྒྱས་འདེབས་པ།། བདུད་ཀྱི་དབང་དུ་སོང་བ་ཡིན།། སྣང་བ་སྟོང་པར་ཤེས་ཙམ་ན། ། རྩ་ཡི་སྟོང་ར་ཆེན་པོར་འབྱོངས།། རིག་པ་ཟང་ཐལ་ཤར་ཙམ་ན།། ཨ་ཝ་དྷུ་ཏིར་ཤེས་པ་ཚུད།། ཁོང་གསལ་ཡུལ་མེད་ཤར་ཙམ་ན།། བདེ་སྟོང་ཟུང་དུ་ཆུད་པ་ཡིན།། འགྱུ་བ་རང་གྲོལ་ཤར་ཙམ་ན། ། གསལ་སྟོང་ཁོང་དུ་ཆུད་པ་ཡིན།། རང་བཞིན་སྟོང་པའི་གནད་མེད་ན།། ལྟེ་བའི་རྩ་གྲངས་གོལ་བ་ཡིན།། སྟོང་ར་སྦྱོང་བ་སྒྲིབ་པ་ཡིན།། ཐུགས་རྗེ་འགག་མེད་གནད་མེད་ན།། གསང་བའི་རྩ་སྒོ་གོལ་བ་ཡིན། ། བདེ་བ་ངོས་འཛིན་སྒྲིབ་པ་ཡིན།། ཡོན་ཏན་འགྱུར་མེད་གནད་མེད་ན།། སྙིང་ཁ་རྩ་འདབ་སྤྱོད་པ་གོལ།། སྟོང་པ་རྒྱས་འདེབས་སྒྲིབ་པ་ཡིན།། འཕྲིན་ལས་ཐོགས་མེད་གནད་མེད་ན།། སྒྲིབ་པ་སྤྱི་བོ་རྩ་གྲངས་སྤྱོད་པ་གོལ། ། བདེ་སྟོང་རྒྱས་འདེབས་སྒྲིབ་པ་ཡིན།། ཐུགས་རྗེ་འགག་མེད་རྩ་མེད་ན།། ཐུགས་རྗེ་སྤྲུལ་སྐུ་མ་བྱུང་ན།། ཐུབ་པ་འགྲོ་དྲུག་དྲང་ཐབས་མེད།། གཏི་མུག་འབྱེད་མེད་རྩ་མེད་ན།། ཆོས་སྐུ་ཀུན་ཁྱབ་བསྟན་ཐབས་མེད། ། ངོ་བོ་གསལ་བའི་རྩ་མེད་ན།། ལོངས་སྐུར་རང་སྣང་འཆར་ཐབས་མེད།། ལོངས་སྐུ་རང་སྣང་མ་ཤར་ན།། ཆོས་སྐུ་ཡོན་ཏན་རྒྱུན་ཆད་འགྱུར།། ཆོས་སྐུའི་ཡོན་ཏན་རྒྱུད་ཆད་ན།། གཟུགས་སྐུ་གཉིས་པོ་འབྱུང་ཐབས་མེད། ། འཕྲིན་ལས་ཐོགས་མེད་རྩ་མེད་ན།། སྐུ་གསུམ་ཡོན་ཏན་མཐའ་ནས་ཆད།། ཆོས་སྐུ་དབང་པོ་ཡུལ་མེད།། མཁྱེན་པའི་ཡེ་ཤེས་འགགས་པར་འགྱུར།། ཡོན་ཏན་འགྱུར་མེད་རྩ་མེད་ན། ། སྐུ་གསུམ་མི་རྟག་འདུས་བྱས་འགྱུར།། སྐུ་གསུམ་འདུས་བྱས་མི་རྟག་ན།། ངོ་སྤྲོད་འབྲས་བུ་དགོས་པ་མེད།། གཏི་མུག་འབྱེད་མེད་རྩ་མེད་ན།། ཆོས་སྐུའི་དབང་པོ་སུ་ཡིས་བྱས།། ཆོས་སྐུའི་ས་བོན་རྩ་བ་རུལ། ། གཏི་མུག་རང་གྲོལ་མ་ཤར་ན།། ཆོས་སྐུའི་ངེས་ཤེས་སུ་ཡིས་བྱེད།། གཏི་མུག་ཟང་ཐལ་མ་ཤར་ན།། ཆོས་སྐུ་རྐྱེན་ཐུབ་ག་ནས་བཙལ།། གཏི་མུག་ཡུལ་མེད་མ་ཤར་ན།། ཆོས་སྐུའི་མཁྱེན་ཚད་ག་ལ་བྱ།། གཏི་མུག་རང་དག་མ་ཤར་ན། ། ཆོས་སྐུའི་འབྲས་བུ་སུ་ལ་བསྟན།། ཐུགས་རྗེ་འདོད་ཆགས་རྩ་མེད་ན།། སྤྲུལ་སྐུའི་བདག་པོ་སུ་ཡིས་བྱེད།། སྤྲུལ་པ་སྐུ་ཡི་ས་བོན་རུལ།། འདོད་ཆགས་རང་གྲོལ་མ་ཤར་ན། སྤྲུལ་སྐུའི་ངོ་ཤེས་སུ་ཡིས་བྱེད།། འདོད་ཆགས་ཟང་ཐལ་མ་ཤར་ན། སྤྲུལ་སྐུ་རྐྱེན་ཐུབ་བུ་ལ་འབྱུང།། འདོད་ཆགས་གཉིས་མེད་མ་ཤར་ན།། སྤྲུལ་སྐུའི་མཁྱེན་ཚད་སུ་ཡིས་གཟུང།། འདོད་ཆགས་རང་དག་མ་ཤར་ན། ། སྤྲུལ་སྐུའི་ཆེ་བ་སུ་ལ་བསྟན།། ངོ་བོ་གསལ་བའི་རྩ་མེད་ན།། ལོངས་སྐུའི་དབང་པོ་སུ་ཡིས་བྱེད།། ལོངས་སྐུའི་ས་བོན་རུལ་བ་ཡིན།། ཞེ་སྡང་རང་གྲོལ་མ་ཤེས་ན།། ལོངས་སྐུའི་ངེས་ཤེས་ག་ལ་བྱ།། ཞེ་སྡང་ཟང་ཐལ་མ་ཤར་ན། ། ལོངས་སྐུའི་རྐྱེན་ཐུབ་སུ་ལ་རེ།། ཞེ་སྡང་ཁོང་གསལ་མ་ཤར་ན།། ལོངས་སྐུའི་མཁྱེན་ཚད་ག་ལ་བྱ།། ཞེ་སྡང་རྣམ་དག་མ་ཤར་ན།། ལོངས་སྐུའི་ངོ་སྤྲོད་ག་ལ་བྱ།། རྩ་གཉིས་ཡོན་ཏན་ཆ་དང་ལྡན། ། ཞེ་སྡང་རང་གྲོལ་ཤེས་པ་ལ།། ཞེ་སྡང་ལོག་ནོན་དམར་ཁྲིད་དགོས།། དམར་ཁྲིད་ལོག་ནོན་གནད་ཤེས་ན།། ལོངས་སྐུ་རང་སྣང་འཆར་བར་འགྱུར།། ཐུན་མོང་མ་ཡིན་མཆོག་ཏུ་འགྱུར།། གཏི་མུག་རང་གྲོལ་ཤེས་པ་ལ། ། ལོག་ནོན་དོན་སྐོར་གདམ་ངག་དགོས།། དོན་སྐོར་ལོག་ནོན་གནད་ཤེས་ན།། ཆོས་སྐུ་ཡུལ་མེད་འབྱུང་བར་འགྱུར།། འདོད་ཆགས་རང་གྲོལ་ཤེས་པ་ལ།། བརྡ་སྐོར་གནད་ཀྱི་གདམ་ངག་དགོས། ། གནད་དང་བརྡ་སྐོར་དོན་ཤེས་ན།། སྤྲུལ་སྐུ་རང་ཆས་འབྱུང་བར་འགྱུར།། དེ་རྣམས་དྲུག་གིས་གནད་ཤེས་ན།། ང་རྒྱལ་མེད་པའི་ཡིད་ཆེས་འཆར།། ང་རྒྱལ་རྩ་ནས་ཆོད་པའི་ཕྱིར།། འདོད་པ་མེད་པའི་རྟགས་མཆོག་ཆང། ། སྐུ་གསུམ་རང་ལ་ཤར་བའི་ཕྱིར།། ཡུལ་མེད་པ་ཡི་ཐུགས་རྗེ་འབྱུང།། སངས་རྒྱས་ཡུལ་མེད་ཡིན་པའི་ཕྱིར།། རིག་པ་ཡུལ་མེད་མ་ཤར་ན།། སངས་རྒྱས་ཡུལ་མེད་ཤིན་ཏུ་དཀའ།། ང་རྒྱལ་རང་གྲོལ་མ་ཤར་ན། ། སངས་རྒྱས་དགོངས་པ་འཆར་བ་དཀའ།། ཞེ་འདོད་རང་གྲོལ་མ་ཤར་ན།། སྐུ་གསུམ་རང་གྲོལ་ཤིན་ཏུ་དཀའ།། བཀའ་བའི་ཕྱིར་ན་སླ་བ་ཡིན།། སླ་བའི་ཕྱིར་ན་དཀའ་བ་ཡིན།། ཐུང་ངུ་ཐུང་ངུ་རིང་པོ་ཡིན། ། རིང་པོ་རིང་པོ་ཐུང་ངུ་ཡིན།། ཆེན་པོ་ཆེན་པོ་ཆུང་ངུ་ཡིན།། ཆུང་ངུ་ཆུང་ངུ་ཆེན་པོ་ཡིན།། དེས་ན་དཔག་པར་རབ་ཏུ་དཀའ།། ཞེས་གསུངས་སོ།། ལྷ་འདྲེ་གཉིས་མེད་ཀྱི་རྒྱུད་ལས།། སྤྱོད་པའི་བདུད་ངོས་བཟུང་བའི་ལེའུ་སྟེ་དྲུག་པའོ། །།། དེ་ནས་ཡང་དག་བཀའ་སྩལ་པ།། ཉོན་ཅིག་རྡོ་རྗེ་ཆོས་ཀྱི་བློ་གྲོས་ཁྱོད།། བདུད་དང་འདྲེ་ཡི་སྤྱོད་ཡུལ་དང།། བྱིན་གྱིས་བརླབས་པ་བསྟན་པར་བྱ།། འབྲས་བུ་བདུད་དུ་བབས་པ་ཡོད། ། འབྲས་བུ་ཡུལ་ཅན་དུས་ལ་ལྟོས།། གཏི་མུག་བདུད་ཀྱིས་བྱིན་གྱིས་རླབས།། འབྲས་བུ་ཞེ་འདོད་ཡུལ་དུ་གྱུར།། འདོད་ཆགས་བདུད་ཀྱིས་ཁྱེར་བ་ཡིན།། འབྲས་བུ་དུས་ལྟོས་རིང་འགྱུར་བ།། ཞེ་སྡང་བདུད་ཀྱི་ཁྱེར་བ་ཡིན། ། ཐེག་པའི་ངང་གཞུང་འབྲས་བུ་སྟེ།། ཕྲག་དོག་བདུད་ཀྱིས་བྱིན་གྱིས་རླབས།། འབྲས་བུ་རང་ལ་ཐོབ་སྙམ་བྱེད།། ང་རྒྱལ་བདུད་ཀྱིས་བྱིན་གྱིས་རླབས།། འབྲས་བུ་རང་ལ་མ་རྟོགས་པ། ། ཁོང་ཁྲོའི་བདུད་ཀྱིས་བྱིན་གྱིས་བརླབས།། བདུད་ཀྱི་སོ་པ་མི་དྲུག་བྱུང།། སོ་པ་རེ་རེས་སོ་བཙུགས་ནས།། བདུད་ཀྱི་ཁ་ལས་ཐར་པ་མེད།། ཐེག་པའི་འབྲས་བུའི་རང་ས་དང།། མཐར་ཐུག་བ་ཡི་འབྲས་བུ་གཉིས། ། འདྲ་འདྲ་འདྲ་སྟེ་ནོར་བར་མཆིའོ།། ཐུན་མོང་ཁྱད་པར་སྐུ་གསུམ་དང།། མཆོག་གི་སྐུ་གསུམ་ཟང་ཐལ་གཉིས།། འདྲ་འདྲ་འདྲ་སྟེ་ནོར་བར་མཆི།། རིག་པའི་རྩ་རླུང་སྦྱོང་བ་དང།། ཐབས་ཀྱི་རྩ་རླུང་སྦྱོང་བ་གཉིས། ། འདྲ་འདྲ་འདྲ་སྟེ་ནོར་བར་མཆི།། ཞེ་ལ་འདོད་ཐོབ་འབྲས་བུ་དང།། རིག་པ་རང་སྣང་འབྲས་བུ་གཉིས།། འདྲ་འདྲ་འདྲ་སྟེ་ནོར་བར་མཆི།། གྲངས་ཆེན་སྤྱི་ཁྱབ་སངས་རྒྱས་དང།། རང་སྣང་དོན་གྱི་སངས་རྒྱས་གཉིས། ། འདྲ་འདྲ་འདྲ་སྟེ་ནོར་མཆི།། འབྲས་བུ་ཕྱི་དུས་མི་འདེབས་ཏེ།། ཡེ་ཤེས་སྔ་ཕྱི་མེད་པའི་ཕྱིར།། འབྲས་བུ་བར་དོ་མི་འདོད་དེ།། གཉིས་མེད་ཟང་ཐལ་ཡོད་པའི་ཕྱིར།། འཁྲུལ་པ་ལྡོག་ཏུ་མི་འདོད་དེ། ། འཁྲུལ་མེད་ཉག་གཅིག་ཡོད་པའི་ཕྱིར།། སེམས་འཛིན་འབྲས་བུ་མི་འདོད་དེ།། འཛིན་པ་ཟང་ཐལ་ཡོད་པའི་ཕྱིར།། ཉམས་མྱོངས་བདེ་བ་མི་འདོད་དེ།། བདེ་བ་ཟང་ཐལ་ཤར་བའི་ཕྱིར།། འཁྲུལ་མེད་པའི་སྣང་བ་དྭངས་ཙམ་ན། ། འཁྲུལ་པ་མེད་པ་དབང་པོ་ཡིན།། འཁྲུལ་པ་སྐྱེ་མེད་ཡིད་ཆེས་ཡིན།། འཁྲུལ་པར་ཤར་བ་རྟགས་མཆོག་ཡིན།། འཁྲུལ་པ་ཟང་ཐལ་དྲོད་ཚད་ཡིན།། འཁྲུལ་པ་རང་སྣང་ངེས་ཤེས་ཡིན།། བདུད་ངོ་ཤེས་པ་ཚད་མ་ཡིན། ། འཁྲུལ་པ་ཡེ་ཤེས་དབང་བསྐུར་ཡིན།། ཕྱི་ནང་མེད་པ་འབྲས་བུ་ཡིན།། རང་སྣང་རྣམ་དག་ཤར་ཙམ་ན།། ཉོན་མོངས་བདུད་ཆོམས་དབང་པོ་ཡིན།། རང་སྣང་ཟང་ཐལ་ཡིད་ཆེས་ཡིན། ། སྣང་བ་རང་གྲོལ་དྲོད་ཚད་ཡིན།། རང་སྣང་སྐྱེ་མེད་རྟགས་མཆོག་ཡིན།། རང་སྣང་ངོ་སྤྲོད་ངེས་ཤེས་ཡིན།། རང་སྣང་ངོས་ཟིན་ཚད་མ་ཡིན།། རང་སྣང་ཡེ་ཤེས་དབང་གི་བསྐུར་ཐབས་ཡིན།། རང་སྣང་ཡུལ་མེད་དབང་གི་སྤྱོད་ཐབས་ཡིན། ། ཆེན་པོ་ལྔ་དང་ལྡན་པ་དབང་གི་འབྲས་བུ་ཡིན།། རང་སྣང་ཕྱི་ནང་མེད་པ་དབང་གི་ཡིད་ཆེས་ཡིན།། སྣང་བ་དབང་དུ་འདུས་པ་དྲོད་དང་ཚད་མ་ཡིན།། རང་སྣང་སྣ་ཚོགས་འཆར་བ་དབང་རྟགས་ཡིན། ། ཉག་གཅིག་ཤེས་པ་དབང་གི་ངོ་སྤྲོད་ཡིན།། དེ་ལྟར་ཤེས་པ་སྣང་བའི་དབང་བསྐུར་ཡིན།། ཚོགས་དྲུག་རང་སར་གྲོལ་ཙམ་ན།། ལྷའི་བུའི་བདུད་ཆོམས་དབང་པོ་ཡིན།། ཚོགས་དྲུག་འགྱུ་བར་འདུས་པ་ཡིད་ཆེས་ཡིན། ། འགྱུ་བ་རང་གྲོལ་དྲོད་དང་ཚད་མ་ཡིན།། འགྱུ་བ་སྣ་ཚོགས་འགྱུས་པ་རྟགས་མཆོག་ཡིན།། འགྱུ་བ་ངོ་ཡིས་ཟིན་པ་ངོ་སྤྲོད་ཡིན།། འགྱུ་བ་དབུགས་མེད་ངོ་ཤེས་ཡིན།། ཐོགས་མེད་ཟང་ཐལ་དབུགས་མེད་དབང་གི་བསྐུར་ཐབས་ཡིན། ། འགྱུས་ཚད་རང་སར་དག་ཤེས་དབང་ཐོབ་ཡིན།། འགྱུ་བ་ཟང་ཐལ་འཆར་བ་དབང་གི་སྤྱོད་པ་ཡིན།། འགྱུ་བ་ཡུལ་མ་རྙེད་པ་དབང་གི་འབྲས་བུ་ཡིན། ། འགྱུ་བ་དཀར་ནག་དབང་གི་ཡིད་ཆེས་ཡིན།། སྣང་བ་རྣམ་གསུམ་འགྱུ་བའི་འདུས་པ་དྲོད་དང་ཚད་མ་ཡིན།། འགྱུ་བ་མེད་ན་སངས་རྒྱས་མེད་པས་དབང་རྟགས་ཡིན།། འགྱུ་བ་ཕྲ་རགས་ཅིར་འགྱུར་ཟང་ཐལ་ངོ་སྤྲོད་ཡིན། ། དེ་ལྟར་ལོག་ནོན་ཤེས་ན་ཚོགས་དྲུག་དབང་བསྐུར་ཡིན།། གཉིས་མེད་ཡེ་ཤེས་ཤར་ཙམ་ན།། ཕུང་པོ་ལྔ་ཡི་བདུད་ཆོམས་དབང་པོ་ཡིན།། ཡེ་ཤེས་རང་སྣང་ཤར་བ་ཡིད་ཆེས་ཡིན།། གཟུང་འཛིན་སྣ་ཚོགས་སྐྱེ་བ་དྲོད་དང་ཚད་མ་ཡིན། ། གཟུང་འཛིན་སྐྱེ་མེད་འཆར་བ་རྟགས་མཆོག་ཡིན།། གཟུང་འཛིན་གནད་ལ་ཕེབས་པ་ངོ་སྤྲོད་ཡེ་ཤེས་ཡིན།། གཟུང་འཛིན་གཉིས་མེད་དབང་གི་བསྐུར་ཐབས་ཡིན།། འཛིན་པ་རང་འབྱུང་རང་སྣང་དབང་ཐོབ་ཡིན། ། འཛིན་པ་སྐྱེ་བ་མེད་པར་ཤེས་པ་དབང་གི་སྤྲོད་པ་ཡིན།། སངས་རྒྱས་ཡུལ་མེད་ཤར་བ་དབང་གི་འབྲས་བུ་ཡིན།། གཉིས་མེད་ཡེ་ཤེས་ཟང་ཐལ་དབང་གི་ཡིད་ཆེས་ཡིན། ། གཉིས་མེད་རང་སར་དག་པ་དྲོད་དང་ཚད་མ་ཡིན།། འཛིན་པའི་ཤེས་པ་སྣ་ཚོགས་སྐྱེ་བ་དབང་རྟགས་ཡིན།། འཛིན་མེད་རང་གྲོལ་ཤེས་པ་དབང་གི་ངོ་སྤྲོད་ཡིན།། དེ་ལྟར་ཤེས་པ་དབང་གི་འབྲས་བུ་བླ་ན་མེད་པ་ཡིན། ། དྲི་མེད་ཟང་ཐལ་ཤར་ཙམ་ན།། འཆིབདག་བདུད་ཆོམས་དབང་པོ་ཡིན།། འཁྲུལ་པ་ཟང་ཐལ་ཡིད་ཆེས་ཡིན།། སྐྱེ་མེད་ཟང་ཐལ་དྲོད་དང་ཚང་མ་ཡིན།། སྐྱེ་དང་འཆི་ལ་རྟགས་མཆོག་ཡིན།། སྐྱེ་མེད་ཉག་གཅིག་དབང་གི་ངེས་ཤེས་ཡིན། ། ཆུ་བཞི་ཟང་ཐལ་ངོ་སྤྲོད་ཡིན།། སྐྱེ་ཤི་རང་གྲོལ་དབང་གི་བསྐུར་ཐབས་ཡིན།། སྐྱེ་འཆི་རང་དག་ཤེས་པ་དབང་ཐོབ་ཡིན།། སྐྱེ་མེད་ཡེ་ཤེས་འཆར་བ་དང་དབང་གི་སྤྱོད་པ་ཡིན། ། ཆུ་བཞི་རང་སར་གྲོལ་བ་དབང་གི་འབྲས་བུ་ཡིན།། སྐྱེ་འཆི་རྒྱུ?ན་ཆོད་དབང་གི་ཡིད་ཆེས་ཡིན།། སྣང་དང་མངོན་ཞེས་ལོག་པ་དབང་གི་དྲོད་དང་ཚད་མ་ཡིན།། ཆུ་བཞིས་འགྲོ་ཀུན་ཁྱབ་པ་གཏན་ཚིགས་དབང་རྟགས་ཡིན། ། ཆུ་བཞི་དྲི་མེད་འཆར་བ་དབང་གི་ངོ་སྤྲོད་ཡིན།། ཆུ་བཞི་རང་གྲོལ་ཉག་གཅིག་ཐིག་ལེའི་དབང་བསྐུར་ཡིན།། སྣང་བ་རང་གྲོལ་རྒྱ་མ་ཆད་པས་རྒྱུད་ཀྱི་དབང་བསྐུར་ཡིན།། ཐམས་ཅད་རང་ལ་ཁྱབ་པས་དབང་གི་ཐོབ་ཚུལ་ཡིན། ། ཕྱོགས་མེད་རྒྱ་མ་ཆད་པས་རྒྱུད་ཀྱི་སྤྱོད་པ་ཡིན།། དེ་ཡི་གོང་ན་མེད་པ་རྒྱུད་ཀྱི་འབྲས་བུ་ཡིན།། ཐམས་ཅད་གཅིག་ལ་རྫོགས་པ་རྒྱུད་ཀྱི་ངོ་བོ་ཡིན།། ཐམས་ཅད་འབྲེལ་ཞིང་ཚང་བ་ངེས་ཚིག་ཡིན། ། རང་སྣང་རྣམ་པར་དག་པས་ཡང་དག་དབང་བསྐུར་ཡིན།། རིག་པ་དྲི་མ་མེད་པ་ཡང་དག་དབང་ཐོབ་ཡིན།། འགྱུས་ཆད་དྲི་མེད་ཡང་དག་སྤྱོད་པ་ཡིན།། འགྱུས་པས་རང་དབང་སྒྱུར་བ་འབྲས་བུ་ཡིན།། ཐོག་མེད་རང་གསལ་ཆེན་པོ་མེད།། ཐུགས་རྗེ་ཀུན་ལ་སྙོམས་པས་ཏིལ་མར་འདྲ།། ལྷ་དགུས་རང་ཆས་ཚོགས་བརྒྱད་འགྱུ་བའི་ལྷ།། དུས་གསུམ་དབྱེར་མེད་ཐིག་ལེ་ཉག་གཅིག་ཀ་པ་ལ།། ཐམས་ཅད་རང་ལ་གྲུབ་པས་གྲུབ་པ་གཅིག་བུ་ཉིད། ། རིག་པ་དྲི་མ་མེད་པས་ཡང་དག་གྲུབ་པའོ།། སྣང་སྲིད་ཉག་གཅིག་ཤར་བས་ཕུར་པའི་དབང་བསྐུར་ཡིན།། བདུད་བཞི་ངོ་སྤྲོད་གཅིག་ཏུ་ཤར་བས་བདུད་རྩིའི་དབང་བསྐུར་ཡིན། ། སྣང་བ་བདུད་དུ་བབས་པས་བདུད་རྩིའི་ཡིད་ཆེས་ཡིན།། བདུད་ལྔ་རང་ལ་སྣང་བས་རྩི་རུ་ཤེས་པ་དབང་པོ་ཡིན།། དུག་གི་རྩ་བ་ཆོད་པ་སངས་རྒྱས་རྩི་རུ་ཤར་བ་དྲོད་དང་ཚད་མ་ཡིན།། དུག་ལྔ་ཉོན་མོངས་བརྒྱད་ཁྲི་བཞི་སྟོང་ཤར་བ་བདུད་རྩིའི་རྟགས་ཆེན་ཡིན། ། དུག་ལྔ་འགྱུ་བའི་རྩ་རུ་བསྟན་པ་བདུད་རྩིའི་ངོ་སྤྲོད་ཡིན།། བདུད་རྩི་མ་ལུས་ཤར་བ་བདུད་རྩིའི་བུམ་པའི་ལུང།། ཐམས་ཅད་ཡོངས་ལ་ཟིན་བས་ལུང་གི་དབང་བསྐུར་ཡིན། ། ཐམས་ཅད་རང་སར་ཟིན་པས་ལུང་གི་དབང་ཐོབ་ཡིན།། ཐམས་ཅད་རང་འབྱུང་ཤེས་པ་ལུང་གི་སྤྱོད་པ་ཡིན།། སངས་རྒྱས་ལག་བཅངས་རྩེར་ཟིན་ལུང་གི་འབྲས་བུ་ཡིན།། བདུད་རྩི་དོན་ལ་རྣམ་གསུམ་སྟེ། ། རྫས་ཀྱི་བདུད་རྩི་སྨན་དུ་སྦྱར་བ་ཕྱི་ཡི་བདུད་རྩི་ཡིན།། དུག་ལྔ་ལྷ་རུ་བསྒྱུར་བ་བསྒྲུབ་པའི་བདུད་རྩི་ཡིན།། འགྱུས་ཚད་བདུད་དུ་བབས་པ་རྩི་རུ་ངོ་སྤྲོད་གསང་བའི་བདུད་རྩི་ཡིན།། བདུད་ཅེས་བྱ་བ་མ་རིག་པ། ། རྩི་ནི་རང་རིག་ཡེ་ཤེས་ཡིན།། འགྱུ་བ་མེད་པ་བདུད་རྩིའི་བཅུད།། བཅུད་ལེན་སྨན་ཆེན་འདི་ཡིན་པས།། རྫས་ནི་འགྱུ་བ་སྣ་ཚོགས་སོ།། རྩི་ནི་ཡེ་ཤེས་ཟང་ཐལ་ལོ།། རྫས་ནི་བདུད་རྩི་ཞེས་ཀྱང་བྱ། ། རྟག་ཏུ་ལག་ཏུ་བླང་བའི་ཕྱིར།། སྒྲུབ་པའི་བདུད་རྩི་ཞེས་ཀྱང་བྱ།། བདུད་ངོས་ཟིན་པས་རྩི་རུ་ཤར།། དོན་གྱི་བདུད་རྩི་ཞེས་བྱའོ།། བདུད་རྩི་འབྱུང་བའི་རྒྱུ་ནི་ཡབ་ཀྱི་མཁའ།། ཡབ་ནི་ཀུན་ཏུ་བཟང་པོ་ཡིན། ། བདུད་རྩི་བཟེ་བའི་སྣོད་ནི་ཀུན་ཏུ་བཟང་མོ་ཡིན།། བདུད་རྩི་འབྱུང་བའི་རྒྱུ་ནི་བྱིན་དང་རླབས།། བདུད་རྩི་བཟེ་བའི་སྣོད་ནི་སྤྲུལ་པ་འབྱུང་བའི་གནས།། བདུད་རྩི་འབྱུང་བའི་རྒྱུ་ནི་འགྱུ་བ་ཡིན།། བདུད་རྩི་བཟེ་བའི་སྣོད་ནི་འགྱུ་བ་ཟང་ཐལ་ཡིན། ། བདུད་རྩི་འབྱུང་བའི་རྒྱུ་ནི་ཚོགས་བརྒྱད་འགྱུ་བ་ཡིན།། བདུད་རྩི་བཟེ་བའི་སྣོད་ནི་ཚོགས་དྲུག་ཧར་གཞག་ཡིན།། བདུད་རྩི་འབྱུང་བའི་རྒྱུ་ནི་དུག་ལྔ་ཁོང་ཁྲོ་ཡིན།། བདུད་རྩི་བཟེ་བའི་སྣོད་ནི་རངསྣང་རང་གྲོལ་ཡིན། ། བདུད་རྩི་འབྱུང་བའི་རྒྱུ་ནི་གཟུང་འཛིན་ཡིན།། བདུད་རྩི་བཟེ་བའི་སྣོད་ནི་གཉིས་མེད་ཐབས་ཆེན་ཡིན།། བདུད་རྩི་འབྱུང་བའི་རྒྱུ་ནི་མ་རིག་མ་རྟོགས་པ།། བདུད་རྩི་སྲེ་བའི་ཐབས་ནི་རིག་ཅིང་རྟོགས་པ་ཡིན། ། བདུད་རྩི་འབྱུང་བའི་རྒྱུ་ནི་ཆགས་དང་སྡང་བ་ཡིན།། བདུད་རྩི་སྲེ་བའི་ཐབས་ནི་ཆགས་དང་ཡུལ་མེད་ཡིན།། བདུད་རྩི་འབྱུང་བའི་རྒྱུ་ནི་དུག་ལྔ་དྲུག་གསུམ་ཡིན།། བདུད་རྩི་འདྲེས་པའི་ཚད་ནི་སྐུ་གསུང་ཐུགས་སྤྲད་ཡིན། ། བདུད་རྩིའི་དབང་པོ་དུག་ལྔས་བྱེད་པ་ཡིན།། བདུད་རྩིའི་ཡོན་ཏན་ཡེ་ཤེས་ལྔ་ཡིས་བྱེད།། བདུད་རྩི་ངེས་ཤེས་འགྱུ་བ་རང་གྲོལ་ཡིན།། བདུད་རྩིའི་དྲོད་ཚད་འགྱུ་བའི་སོ་པ་ཡིན། ། བདུད་རྩིའི་རྟགས་ནི་ཉོན་མོངས་བརྒྱད་ཁྲིས་བྱེད།། བདུད་རྩིའི་ཡིད་ཆེས་སྐུ་གསུང་ཐུགས་ཕྲད་ཡིན། བདུད་རྩིའི་འབྲས་བུ་དྲི་མེད་ཟང་ཐལ་ཡིན།། བདུད་རྩིའི་ངོ་བོ་མཁྱེན་པའི་ཡེ་ཤེས་ཡིན། ། བདུད་རྩིའི་ངེས་ཚིག་དྲི་མེད་རྣམ་དག་ཡིན།། བདུད་རྩིའི་དབྱེ་བ་རྣམ་གསུམ་གོང་མ་ཡིན།། བདུད་རྩིའི་མཐུན་དཔེ་མ་ཤེས་དྲི་མེད་ཡིན།། ཐམས་ཅད་གནད་ལ་ཕེབས་ཙམ་ན།། མན་ངག་དབང་བསྐུར་ཞེས་སུ་བཤད། ། ཐམས་ཅད་གདེང་རྙེད་གནད་དུ་ཕེབས།། མན་ངག་དབང་ཐོབ་ཅེས་ཀྱང་བྱ།། ཨ་ཏི་ཡོ་གའི་དབང་བསྐུར་ཡིན།། སྣང་བ་དབྱིངས་ཀྱི་ཨ་ཏི་འབུར་དུ་བཀོད།། གྲགས་པ་སྒྲ་ཡི་ཨ་ནི་ཁོང་ནས་འབྱུང། ། ཡང་དག་དོན་གྱི་ཨས་ནི་ཀུན་ལ་ཁྱབ།། སྣང་བ་སྐྱེ་མེད་ཨ་ཏི་དབང་བསྐུར་ཡིན།། ཨ་ནི་སྐྱེ་བ་མེད་པ་ཡིན།། ཏི་ནི་རིག་པ་རྡོ་རྗེའི་སྐུ།། ཚོགས་དྲུག་སྐྱེ་མེད་ཨ་ཏིའི་དབང་བསྐུར་ཡིན།། ཨ་ནི་ཚོགས་དྲུག་རང་གྲོལ་ཡིན། ། ཏི་ནི་ཚོགས་དྲུག་འགྱུར་མེད་སྐུ།། ཨ་ནི་འགྱུས་པ་སྐྱེ་མེད་ཡིན།། ཏི་ནི་ཟང་ཐལ་བརྟན་པའི་སྐུ།། མན་ངག་ངོ་བོ་དོན་དང་ལྡན།། གཞི་མ་ཚེགས་ཆུང་དོན་ཆེན་ཡིན།། ངེས་པའི་ཚིགས་ནིཐམས་ཅད་གནད་དུ་ཐེབས་པའོ། ། དབྱེ་བ་ཐབས་དང་ཤེས་རབ་བོ།། མཐུན་དཔེ་དུར་བྱེད་སྨན་དང་འདྲ།། དེ་ལྟར་ཤེས་ན་མན་ངག་དབང་བསྐུར་ཡིན།། ཞེས་གསུངས་སོ།། ལྷ་འདྲེ་གཉིས་མེད་ཀྱི་རྒྱུད་ལས།། འབྲས་བུ་གཏན་ལ་དབབ་པའི་ལེའུ་སྟེ་བདུན་པའོ། །།། དེ་ནས་ཡང་དག་བཤད་བྱ་བ།། ཉོན་ཅིག་གསང་བའི་བདག་པོ་ཁྱོད།། སྣང་བ་རང་སྣང་འབྱུང་བ་ལྔ།། ནམ་མཁའ་ཨ་དང་རྡོ་རྗེ་གསུམ།། སྣང་བའི་དབང་བསྐུར་བཤད་པར་བྱ། ། ནམ་མཁའ་རྣམ་གསུམ་དོན་ཤེས་ན།། འབྱུང་བ་ལྔ་ལ་རག་མ་ལུས།། རྡོ་རྗེ་རྣམ་གསུམ་དོན་ཤེས་ན།། སྐུ་གསུང་ཐུགས་ལ་རྟེན་མི་བྱ།། ཨ་ཡི་གནད་གསུམ་དོན་ཤེས་ན།། ཡེ་ཤེས་ལྔ་ལ་རག་མ་ལུས། ། དེ་ནི་ནམ་མཁའི་བཤད་པ་ཡིན།། ནམ་མཁའི་ངོ་བོ་གོ་འབྱེད་པ།། ངེས་པའི་ཚིག་ནི་ཁྱབ་པ་ཡིན།། དབྱེ་བ་ཁ་དོག་ནམ་མཁའ་དང།། ཐེག་ཚེར་བུ་ག་རྒྱན་གྱི་ནམ་མཁའ་དང།། ཆོས་ཉིད་དོན་གྱི་ནམ་མཁའ་འོ། ། མཐུན་དཔེ་ཏིལ་དང་མར་བཞིན་ནོ།། མཚོན་པ་དཔེ་ཡི་ནམ་མཁའ་ནི།། འབྱུང་བ་ལྔ་ལས་གཙོ་ཆེན་མེད།། རིག་པ་རྩལ་གྱི་ནམ་མཁའ་ནི།། སྐུ་གསུམ་ཐུགས་ཀྱི་གཙོ་ཆེན་ཡིན།། ཡང་དག་དོན་གྱི་ནམ་མཁའ་ནི། ། སྐུ་གསུམ་བརྩེགས་པའི་ཡང་རྩེ་ཡིན། རིག་པ་རྩལ་གྱི་ནམ་མཁའ་ནི། འབྱུང་བ་ལྔ་དང་དབང་པོ་ཡིན། རིག་པ་རང་ལ་ཤར་བ་ངོ་ཤེས་ཡིན།། ཕྱི་ནང་མེད་པར་ཤར་བ་དྲོད་དང་ཚད་མ་ཡིན།། འབྱུང་ལྔ་ལམ་དུ་སློང་བ་རྐྱེན་ཐུབ་ཡིན། ། འབྱུང་ལྔ་རིག་པ་བསྟན་པ་ངོ་སྤྲོད་ཡིན།། འབྱུང་ལྔ་ཡུལ་མེད་ཤར་བ་འབྲས་བུ་ཡིན།། ཞེས་གསུངས་སོ།། ཡང་དག་དོན་གྱི་ནམ་མཁའ་ནི།། ཐིག་ལེ་ཉག་གཅིག་དབང་པོ་ཡིན། ། རིག་པ་ཟང་ཐལ་ངེས་ཤེས་ཡིན།། སྣང་བ་ཟང་ཐལ་དྲོད་དང་ཚད་མ་ཡིན།། ཡུལ་སེམས་རང་སར་གྲོལ་བ་ངེས་ཤེས་ཡིན།། རང་སྣང་རང་ལ་ཤར་བ་རྐྱེན་ཐུབ་ཡིན།། རང་སྣང་ཡེ་ཤེས་འོད་གསལ་ཤར་བ་ངོ་སྤྲོད་ཡིན། ། ཆོས་ཅན་རང་སྣང་འོད་གསལ་ཤར་བ་འབྲས་བུ་ཡིན།། ཞེས་གསུངས་སོ།། ཡང་བཀའ་སྩལ་པ། ཨ་ཡི་ངོ་བོ་ཆོས་ཅན་སྐྱེ་མེད་ཡིན།། ངེས་པའི་ཚིག་ནི་འགྱུར་བ་མེད་པ་ཡིན།། དབྱེ་བ་གཞི་ལམ་འབྲས་བུའི་ཨ། ། གཞི་ཡི་ཨ་ནི་བརྗོད་བྱའི་གཞི།། ཨ་ཡི་ཁོང་ནས་ཐམས་ཅད་འབྱུང།། སྣང་བ་རྣམ་གསུམ་སྐྱེད་པའི་མ།། ཨ་ཡི་མགོ་ལ་དཔུང་པ་ལག་པ་དང།། ལུས་པོ་རྐང་པ་ལྔ།། ཐམས་ཅད་སྐྱེད་པའི་ཕྱི་མོ་ཡིན།། སྐྱེ་དགུའི་བདག་ཉིད་གནས་ནས་སྐྱོད། སྐྱེ་དགུའི་རྩ་བ་མ་ཆོད་ན།། གྲུབ་པའི་མཐའ་ལ་ཐུག་པ་མེད།། སྐྱེ་དགུའི་རྩ་བ་ཆོད་ཙམ་ན།། གྲུབ་མཐའི་ཐག་ཆོད་ངེས་ཤེས་རྙེད།། འགྲོ་དྲུག་ཨ་ཡི་ལུས་ལ་ཚང།། ཨ་ནརི་པྲེ་དུ་སུ་ཏྲི་ཞེས་པའི། ། གསང་བའི་ས་བོན་བཞི་ལ་རྫོགས།། ཨ་ནི་ཡི་གེ་ཐམས་ཅད་བསྐྱེད།། དངོས་སུ་མེད་པར་དོན་ལ་རྫོགས།། དཔེར་ན་ལམ་ཤེས་འཇའ་ཚོན་འདྲ།། ཆུ་ཤེལ་མེ་ཤེལ་སྦུད་པ་ལྟར།། དངོས་སུ་མེད་དེ་གཞི་ལ་གྲུབ། ། རྟེན་འབྲེལ་བཅུ་གཉིས་ལུགས་ན་ལགས།། འཁོར་བ་ལུགས་ན་གནས་པ་ཡིན།། དཔེར་ན་ཞུན་ཁུང་སྤྲ་ཚིལ་ལྟར།། རྒྱུ་ལ་ཁྱད་མེད་རྐྱེན་ལ་བསྒྱུར།། བསྒྱུར་ཡང་གསེར་གྱི་ངོ་བོ་གཅིག། གསེར་མཁན་དག་གི་ངོ་ཤེས་བཞིན། ། ངོ་སྤྲོད་པས་ནི་ཆོས་ཀུན་གཅིག། ཆོས་ཀུན་ཁོང་དུ་ཆུད་ཅེས་བྱ། དཔེར་ན་རུས་སྦལ་གྲེ་བར་ནོར་བུ་ཆུད་པ་ནི།། ཡར་ཀྱང་མི་སྐྱུགས་མར་ཀྱང་མི་འབྱུང་བཞིན།། ཆོས་ཀུན་ཡུལ་མེད་ཤེས་པས་ནི། ། སངས་ལ་རྒྱས་ས་མེད་ཅིང་དམྱལ་བར་འགྲོ་བ་མེད།། འགྲོ་འོངམེད་པ་འདས་པ་རྣམ་ལྔ་ཨ་ལ་ཚང། ལོངས་སྐུ་ཨོཾ་འགྱུར་སྡོང་པོ་གསང་བའི་ས་བོན་རྫོགས།། ཨོཾ་ཨཱ་ཨུ0f7fཧཱུཾ་སྭཱ་ཧཱ་རྡོ་རྗེ་འདས་པ་རྫོགས། ། ཐིག་ལེ་སྐྱེ་མེད་མོ་ཡི་ས་བོན་ཡིན།། སྐྱེ་མེད་སྤྲོས་གཅོད་པ་ན་རོ་ཡི་ས་བོན་ཡིན།། སྐྱེ་མེད་འོད་གསལ་འོད་ལྔ་ཟླ་ཚེས་ས་བོན་ཡིན།། ཆོས་རྣམས་ཟང་ཐལ་ཨ་ཡི་ས་བོན་ཡིན།། སྐྱེ་མེད་ཉག་གཅིག་མཚོན་པ་ཨ་ཡི་ས་བོན་ཡིན། ། ཐམས་ཅད་གཞི་ལ་འདུས་ཧཱུཾ་གི་ས་བོན་རྫོགས།། གཞི་མོ་རང་ས་མི་འགྱུར་སྭཱ་ཡི་ས་བོན་རྫོགས།། མི་འགྱུར་མི་འགགས་ཧཱའ་ཡི་ས་བོན་རྫོགས།། ཨོཾ་འགྱུར་སྐུ་ལྔ་ཡེ་ཤེས་ལྔ་དང་ལྡན།། སྐུ་དང་ཡེ་ཤེས་འོད་ཀྱི་ས་བོན་རྫོགས། ། ཐིག་ལེ་སྟོང་པ་ཡི་གེ་ལྔ།། ཨ་ནི་མཐིང་ཀ་ཧཱུཾ་དཀར་པོ།། སྭཱ་སེར་ཨཾ་དམར་ཧཱ་ལྗང་ཁུ།། གསང་བ་འོད་ལྔའི་ས་བོན་གཞི་ལ་རྫོགས།། ཨ་ནི་ཐམས་ཅད་རྫོགས་པའི་སྤྱན།། ཁ་དོག་ལྔ་རུ་གྲུབ་པ་གཞི་ནས་རྫོགས་པའི་སྤྱན། ། པདྨ་ལྔ་ལྡན་སྤྱན་ལ་ཕྱག་འཚལ་ལོ།། རྟགས་ཀྱི་སྤྱན་ལ་འོད་ལྔ་ཤར་བ་ནི།། གཞི་མོའི་ཧ་ཡི་གནས་ཀྱིས་གྲུབ་པ་ཡིན།། སྐུ་དང་ཡེ་ཤེས་རྟགས་ལ་ལྟ་བའི་ངོ་སྤྲོད་གཅེས། ། འོད་ལྔ་རྟགས་དང་དོན་ལྡན་པདྨའི་སྤྱན།། པདྨ་རྒྱལ་པའི་སྤྱན་ལ་ཕྱག་འཚལ་ལོ།། གསང་བ་རིག་པའི་ཡེ་ཤེས་སྤྱན་མངའ་བ།། ཅི་ཏྟ་རཱ་ཛ་གུ་ཧྱ་པྲ་ས་ར།། སྐུ་དང་ཡེ་ཤེས་གསལ་བ་ཡེ་ཤེས་སྤྱན། ། པད་དཀར་རྒྱས་པའི་སྤྱན་ལ་ཕྱག་འཚལ་ལོ།། གུ་ཧྱ་མ་ཧཱ་པྲཛྙཱ་ཕ་ལ་ཨེ་ཀ་ཏི་ལ་པྲ་ས་ར།། འབྲས་བུ་སྐུ་གསུམ་འདུ་འབྲལ་མེད་པ་ཡི།། ཡེ་ཤེས་ཟང་ཐལ་སྤྱན་མངའ་བ།། ཐམས་ཅད་མཁྱེན་པའི་སྤྱན་མངའ་ཁྱོད་ལ་བདུད། ། ཛྙཱ་ན་ཙཀྵུ་སརྦ་ཨེ་ཀ་ཏི་ལ་གུ་ཧྱ་ཏ་ནྟྲ་ཨུ་པ་དེ་ཤ། མ་ཧཱ་ཙཀྵུ་པྲ་བེ་ཤ་ཡ།། མ་རིག་སྒོ་ངའི་སྦུབས་འབྱེདཔ།། ཐུགས་རྗེ་འོད་མཛད་དེ་ཡི་སྤྱན་མངའ་བ།། ཡེ་ཤེས་མིག་གཅིག་དྲི་མེད་ཁྱོད་ལ་བདུད། ། ཨ་བི་མ་ནུ་པྲ་ས་ར་ཙཀྵུ་བིདྷ་ཛྙཱ་ན་མ་ཧཱ།། སངས་རྒྱས་ཡེ་ཤེས་ལུས་འཆང་བ།། ཡེ་ཤེས་ཆགས་མེད་སྤྱན་ལ་འདུད།། འདས་པ་རྣམས་ལྔ་གསང་བའི་ས་བོན་ལྔ།། ནརི་འདས་གསལ་བའི་ས་སྟེང་འགྱུ་བ་དེ། ། ཨ་འདས་ཨོཾ་འགྱུར་རང་བཞིན་ཆེན་པོ་ལྔ།། སུ་འདས་ཨ་ཡི་རང་བཞིན་ཁྱབ།། པྲེ་འདས་ཨཾ་འགྱུར་ཐུགས་རྗེས་འགྲོ་བ་འདྲེན།། སུ་འདས་ལྟར་འགྱུར་གསང་བ་ཐམས་ཅད་མཁྱེན་པའི་སྤྱན།། གསང་བའི་ས་བོན་དབང་བསྐུར་ཤེས་པས་འགྲོ་དྲུག་གཡང་ས་ཆོད། ། མ་ནུ་ཤ་པྲེ་ཏ་ཀ་ཏིར་ཡ་ན་ར་ཀ་སུརྱ་ཀ། དེ་ཝ་ཨ་ཀྵ་ལོ་ཀ། ཀ་ར་ཀུ་རུ་སྭ་སྟི་མ་ཧཱའ་པྲཛྙཱ་ཕ་ལ།། ཨེ་ཀ་ཐི་ལ་བདྱི་ཛྙཱ་ན་ཙཀྵུ། ཞེས་གསུངས་སོ།། ད་ནི་རྡོ་རྗེའི་དོན་བཤད་དེ། ། བཛྲ་ཀཱ་ཡ་ཛྙཱ་ན་རཏྣ་ཕ་ལ་པ་རི་ཤུ་ངྡྷ་ཨ།། རྡོ་རྗེ་དོན་ཉིད་རྣམ་གསུམ་སྟེ།། མཚོན་བྱ་ཐབས་ཀྱི་རྡོ་རྗེ་དང།། འགྲོ་འདུལ་རྟགས་ཀྱི་རྡོ་རྗེ་དང།། ཡང་དག་དོན་གྱི་རྡོ་རྗེ་འོ།། མཚོན་བྱ་ཐབས་ཀྱི་རྡོ་རྗེ་ནི། ། གསེར་དངུལ་ལུགས་དང་རིས་སུ་བྲིས་པའོ།། བཛྲ་ཞེས་བྱ་རྡོ་རྗེ་འོ།། ཀཱ་ཡ་ཆོས་ཀྱི་སྐུ་ཡིན་ནོ།། ཛྙཱ་ན་ཡེ་ཤེས་ཆེན་པོའོ།། རརྣ་རིན་ཆེན་ཕ་ལ་བཟང།། པ་རི་ཤུ་དྷ་དྲི་མེད་དག་པའོ།། ཨ་ནི་ཆོས་ཉིད་སྐྱེ་བ་མེད་པ་མཚོན་པའོ། ། བཛྲ་ཏྲི་ཀཱ་ཡ་པཉྩ་བུ་ངྡྷཱ་ཡ།། རྡོ་རྗེ་རྩེ་གསུམ་སྐུ་གསུམ་མཚོན།། མར་བལྟས་སྐུ་གསུང་ཐུགས་གསུམ་མཚོན།། ལྔ་ལྡན་ཡེ་ཤེས་ལྔ་ལྔར་མཚོན།། སྐུ་ལྔ་ཡེ་ཤེས་ལྔ་དང་ལྡན།། རྩེ་གཅིག་ཟང་ཐལ་འདས་པ་རྣམ་ལྔ་མཚོན། ། ལྟེ་བ་ཟླུམ་པོས་ཐིག་ལེ་ཉག་གཅིག་མཆོན།། ཁྲོ་ཞལ་གཟུགས་སྐུ་རྣམ་གཉིས་མཆོན།། རྡོ་རྗེ་དཀྱིལ་འཁོར་རང་འབྱུང་ཐབས་ཀྱི་བརྡ།། རྟགས་ཀྱི་རྡོ་རྗེ་རང་ལུས་རྫོགས་པར་བསྟན།། རྐང་མཐིལ་ལག་མཐིལ་སྦྱར་བསྐྱེད་ལ། ། བཛྲ་ཀ་ལ་ཏྲི་ཛྙཱ་ན་པཉྩ་བུ་ངྡྷའོ།། ལྟ་བ་ཆོས་སྐུ་ཟུག་རྔུ་མེད།། དྲི་མེད་ཆོས་སྐུ་ཀུན་ལ་ཁྱབ།། ལག་པ་ཡར་བལྟས་མཐིལ་སྦྱར་སྐུ་གསུམ་རྟགས།། རྐང་པ་མཐིལ་སྦྱར་ཐུགས་གསུམ་རྟགས། ། སོར་མོ་ལྔ་ལྡན་ཡེ་ཤེས་ལྔ་ཡི་རྟགས།། ཞལ་ལྡན་གཟུགས་སྐུ་གཉིས་འབྱུང་རྟགས།། དེ་ནི་རང་འབྱུང་རྟགས་ཀྱི་རྡོ་རྗེ་འོ།། ཡང་དག་དོན་གྱི་རྡོ་རྗེ་ནི།། རིག་པའི་ཡེ་ཤེས་སྐུ་གསུམ་རྫོགས། ། བི་དྱ་ཛྙཱ་ན་ཀ་སི་ཏྲ་ལ་ཡོ་གི།། སརྦ་པཉྩ་གུ་ཧྱ་ས་མ་ཡ་མུ་དྲ་མ་ཧཱ་པ་ལ་རཏྣ་ཏནྟྲ་ཨེ་ཀ། དུག་ལྔ་སྐུ་ལྔ་ཡེ་ཤེས་ལྔ།། དུག་ལྔ་སྐུ་གསུང་ཐུགས་ཡིན་ནོ།། རིག་པ་རང་གྲོལ་ཐིག་ལེ་ཟང་ཐལ་འདས་པ་ལྔ། ། འགྱུ་བ་ཁྲོ་ཞལ་གཟུགས་སྐུ་གཉིས།། སྐུ་གཞི་ལྟེ་བར་ཟུག་རྔུ་རང་སར་གྲོལ།། འགྱུ་བ་ཟང་ཐལ་སྐུ་གསུམ་རྩེ་མོ་ཐམས་ཅད་གཅིག། སྐུ་ལྔས་སྐུ་དང་ཡེ་ཤེས་ལྔ་ཡི་དཔང་པོ་མ་བྱས་ན།། སྐུ་དང་ཡེ་ཤེས་དོན་ལྡན་ངེས་ཤེས་གདེངས་མི་རྙེད། ། དུག་ལྔ་ཆགས་སྡང་ལྷག་གིས་མ་སྐྱེས་ན།། དུག་ལྔ་རྐྱེན་ཐུབ་ལྷག་མཐོང་ཡེ་ཤེས་སུ་ལ་འཆར། དུག་ལྔ་རང་འབྱུང་ཆགས་སྡང་མ་སྐྱེས་ན།། རངབྱུངཡེ་ཤེས་དྲོད་ཚད་སུ་ཡིས་ཟིན།། དུག་ལྔ་སྐུ་དང་ཡེ་ཤེས་ཡིན་པར་མ་ཤེས་ན། ། རང་རིགས་ཡེ་ཤེས་ངོ་སྤྲོད་དབང་པོ་གང་གི་བྱེད།། དུག་ལྔ་ཉོན་མོངས་བརྒྱད་ཁྲི་མི་འཆར་ན། ཐམས་ཅད་མཁྱེན་པའི་ཡེ་ཤེས་ངོ་སྤྲོད་གང་ལ་བྱ།། དུག་ལྔ་ཉོན་མོངས་རྟོགས་པ་བརྒྱད་དང་བརྒྱད་ཅུ་མི་འཆར་ན། ། རྣམ་ཀུན་མཁྱེན་པའི་ཡེ་ཤེས་སུ་ལ་འཆར།། སརྦ་ཛྙཱ་ན་པཉྩ་བི་དྱ་ཨ། དུག་གསུམ་དག་གི་སྐུ་གསུམ་མ་ཤེས་ན།། སྐུ་གསུམ་དཔང་པོ་ངོ་སྤྲོད་གང་གིས་བྱ།། དུག་གསུམ་རང་བྱུང་རྩ་བ་མ་ཆོད་ན། ། སྐུ་གསུམ་ངོ་སྤྲོད་ངེས་ཤེས་ཅི་ལ་བྱ།། དུག་གསུམ་རྟོགས་པ་རང་བརྡོལ་མ་ཤེས་ན།། སྐུ་གསུམ་རང་ཆས་རྟགས་མཆོག་སུ་ལ་བསྟན།། དུག་གསུམ་རང་གྲོལ་ཟང་ཐལ་མ་ཤར་ན།། སྐུ་གསུམ་འབྲས་བུའི་དྲོད་དང་ཚད་མ་སུ་ཡིས་བྱེད། ། ཆོས་སྐུའི་འབྲས་བུ་ཐར་པའི་བོན་དང།། གཟུགས་སྐུ་གཉིས་ཀྱི་ས་བོན་སོ་མཚམས་དཔང་པོ་གང་གིས་བྱེད།། དུག་གསུམ་མེད་ན་སྐུ་གསུམ་ཚད་མ་ཅི།། འགྱུ་བ་མེད་ན་སྐུ་གཉིས་དཔང་པོ་མེད། ། འགྱུ་བ་སྒྱུ་མ་ལྟ་བུའི་སྤྱན་མེད་ན།། ལོངས་སྐུ་ཐམས་ཅད་མཁྱེན་པའི་ས་བོན་མེད།། སྒྱུ་མ་ལྔར་མཐོང་ཞིང་ཁམས་སྣང་བ་ཡང།། འགྱུ་བ་སྒྱུ་མའི་སྤྱན་གྱིས་གཟིགས་པ་ཡིན། ། མཚན་མཆོག་སུམ་ཅུ་རྩ་གཉིས་སྣང་བ་ཡང།། དབྱངས་ཡིག་བཅུ་དྲུག་བཞི་ལ་གྲུབ་པ་དང།། དེ་ཉིད་ལམ་དུ་བྱ་བས་སྣང་བ་ཡིན།། དཔེ་བྱད་བཟང་པོ་བརྒྱད་ཅུ་རྩ་གཉིས་བོ།། གསལ་བྱེད་བཞི་བཅུ་རྩ་གཉིས་གཞི་ལམ་འབྲས་བུ་ཤར། ། བསྡུས་པས་ཡོན་ཏན་སྣང་ཆ་ལྔ།། དབུ་སྐྲ་བུང་བ་ལྟར་གནག་པ།། རང་བཞིན་སྒྱུ་མར་མཐོང་བ་ཡིན།། སེན་མོ་ཤིན་ཏུ་དམར་བ་ཡང།། ཐུགས་རྗེ་སྒྱུ་མར་མཐོང་བ་ཡིན།། ཚེམས་དང་མཆེ་བ་དཀར་བ་ཡང། ། ངོ་བོ་སྒྱུ་མར་མཐོང་བ་ཡིན།། སྐུ་ནི་ནྱ་གྲོ་ལྟར་གབ་པ།། ཡོན་ཏན་སྒྱུ་མར་མཐོང་བ་ཡིན།། མཚན་དང་དཔེ་བྱད་སྣང་བ་ཡང།། འཕྲིན་ལས་སྒྱུ་མར་མཐོང་བ་ཡིན།། འོད་ཟེར་ཐུགས་ཀར་ནུབ་པ་དང། ། འོད་ཟེར་ཐུགས་ཀ་ནས་འཆར་པ།། ཡེ་ཤེས་སྣང་བའི་འོད་དུ་ཤར་བ་ཡིན།། འོད་ལྔ་ཞིང་ཁམས་སྣང་བ་དང།། འོད་ཟེར་བདེ་བ་འཕྲོ་བ་ནི།། ཐུགས་རྗེ་བཀྲག་མདངས་འབྱུང་བ་ཡིན། ། སྒྱུ་མ་ལྟ་བུའི་སྐུ་འཇའ་ཚོན་ལྟ་བུའི་སྐུ།། འགྱུ་བ་མེད་ན་ལོངས་སྐུའི་ས་བོན་སྟོར།། ཅེས་གསུངས་སོ།། ལྷ་འདྲེ་གཉིས་མེད་ཀྱི་རྒྱུད་ལས།། ཆོས་སྐུ་ལས་ལོངས་སྐུ་བྱིན་རླབས་སུ་བཤད་པའི་ལེའུ་སྟེ་བརྒྱད་པའོ། །།། དེ་ནས་ཡང་དག་བཤད་བྱ་བ།། ཉོན་ཅིག་ཆོས་ཀྱི་བློ་གྲོས་ཁྱོད།། འཛམ་བུ་ཀྲི་ཤིའི་ལོ་མ་ལ།། པདྨ་འདབ་མ་སྟོང་དང་ལྡན་པ་ལ།། སྒྱུ་མ་ལྔ་ལྡན་ཐུགས་རྗེའི་སྐུ།། རྫུས་ཏེ་རོ་ལངས་བདེ་བ་བྱོན།། ལྷ་ཡི་དབང་པོ་བརྒྱ་བྱིན་དང། ། ལྷ་ཡི་བུ་རྣམས་མང་པོ་ལ།། ཐུགས་རྗེ་འབྱུང་བའི་ཚུལ་བསྟན་ནས།། ལྷ་ཡི་སྐད་དང་ཀླུ་དང་ནི།། གྲུལ་བུམ་སྐད་དང་གནོད་སྦྱིན་ལྷ་མ་ཡིན།། འགྲོ་བ་མི་དང་འབྱུང་པོ་མི་མ་ཡིན། ། ཐམས་ཅད་སྐད་དུ་བྱིན་གྱིས་བརླབས་ཀྱིས་བཤད།། བཤད་དོ་འཆད་དོ་འཆད་པར་འགྱུར་བའོ།། དེའི་ཚེ་དེའི་དུས་ན།། སྤྲུལ་སྐུ་ཐུགས་རྗེའི་བྱིན་རླབས་ཀྱིས།། སྐྱེ་འགྲོ་རྩི་ཤིང་ནགས་ཚལ་རླག་ཤ་ལ་སོགས་པ། ། ཐམས་ཅད་ཆོས་ཉིད་སྒྲ་སྒྲོགས་སོ།། ལྷ་ཡི་སྐད་དུ་བཤད་པས་ནི།། ཐམས་ཅད་རང་རང་སྒྲ་རུ་གོ། སྒྲ་གཅིག་ཀུན་ལ་ཁྱབ་པའི་བརྡར།། དགུ་པོ་རྒྱུད་མངས་དཔེ་དང་སྦྱར་ནས་བཤད།། སྤྲུལ་པའི་སྐུ་ལ་འགྱུར་བའི་ཁྲོ་ཞལ་མ་གྲུབ་ན། ། རྫུས་སྐྱེས་དཔང་པོ་སུ་ཡི་བྱེད།། ཆོས་བཤད་ངེས་ཤེས་སུ་ལ་སྐྱེ།། བྱིན་རླབས་དྲོད་དང་ཚད་མ་སུ་ཡིས་འཛིན།། བྱིན་རླབས་རྟགས་མཆོག་གང་ལ་འཆར།། སྤྲུལ་སྐུའི་འབྲས་བུ་སུ་ལ་འབྱུང། ། འགྱུ་བ་མེད་ན་སྤྲུལ་སྐུའི་ཡོན་ཏན་ཅི།། མཁྱེན་བྱ་ཐབས་ཆེན་གང་གིས་བྱ།། འགྲོ་དྲུག་འགྱུ་བ་མེད་པས་ན།། ཐར་པའི་ས་བོན་སུ་ལ་རེ།། མཁྱེན་པ་ཡེ་ཤེས་དཔང་པོ་གང།། ངེས་ཤེས་དྲོད་དང་ཚད་མ་སུ་ཡིས་འཛིན། ། འགྱུ་བ་རང་གྲོལ་འབྲས་བུ་སུ་ལ་འཆར།། འགྲོ་དྲུག་གནས་ན་གཏི་མུག་གཉིད་མེད་ན།། བྱིང་རྨུགས་སེལ་བའི་དཔང་པོ་སུ་ཡིས་བྱེད།། བསམ་གཏན་གཉིད་ཀྱི་གདམས་ངག་ངེས་ཤེས་དཔང་པོ་གང། ། བྱིང་མེད་ཟང་ཐལ་དྲོད་ཚད་གང་གིས་བྱ།། ཡེ་ཤེས་རང་གསལ་རྟགས་མཆོག་གང་ལ་བྱ།། གཏི་མུག་རང་གྲོལ་ཆོས་སྐུའི་འབྲས་བུ་སྟོར།། ཆོས་སྐུ་ཀུན་ཁྱབ་ཐོས་པར་བྱེད་པ་ལ།། བསམ་གཏན་གཉིད་ཀྱི་གདམས་པ་གཅེས། ། གཉིད་ཀྱི་ལོག་ནོན་གདམས་ངག་མ་ཤེས་ན།། བསམ་གཏན་དྲོད་ཚད་གཟུང་ཐབས་མེད་པ་ན།། གཏི་མུག་རང་འབྱུང་གནད་མེད་ན།། ཆོས་སྐུ་རང་འབྱུང་འཆར་ཐབས་མེད།། གཏི་མུག་རང་གྲོལ་མ་ཤར་ན། ། སྒོམས་པ་གཏི་མུག་གྲོལ་མི་འགྱུར།། གཏི་མུག་རང་གྲོལ་མ་ཤར་ན།། ཆོས་སྐུ་རང་ཤར་དུས་བཞི་མཉམ་སྦྱོད་དཀའ།། ཞེས་གསུངས་སོ།། ལྷ་འདྲེ་གཉིས་མེད་ཀྱི་རྒྱུད་ལས།། སྤྲུལ་སྐུའི་བྱིན་རླབས་བཤད་པས་འགྲོ་དྲུག་ལ་ཆོས་སྐུ་ངོ་སྤྲད་པའི་ལེའུ་སྟེ་དགུ་པའོ། །།། དེ་ནས་ཡང་དག་བཤད་བྱ་བ།། ཉོན་ཅིག་ལྷ་ཡི་དབང་པོ་ཁྱོད།། འགྲོ་དྲུག་སེམས་ཅན་དག་ལ་ཆགས་སུ་མེད་པ་དང། ། བསམ་གཏན་འཕྲོ་རྒོད་གཉིས་ཀྱི་དབང་པོ་གང་གིས་བྱེད།། ཆགས་སྡང་རང་སར་གྲོལ་བའི་གནད་མེད་ན།། ལོངས་སྐུའི་ངེས་ཤེས་སྐྱེ་བའི་གདམས་པ་གང་ལ་བྱ།། ཆགས་སྡང་རང་གྲོལ་དྲོད་ཚད་སུ་ཡིས་བྱེད། ། བསམ་གཏན་ཟང་ཐལ་རྟགས་ཆེན་སུ་ལ་བསྟན།། ལོངས་སྤྱོད་རྫོགས་པའི་སྐུ་ཡི་ཐར་བའི་ས་བོན་སྟོར།། ཆགས་སྡང་རང་སར་གྲོལ་བའི་གནད་མེད་ན།། ལོངས་སྤྱོད་རྫོགས་པའི་སྐུ་ཡི་ངོ་སྤྲོད་སུ་ལ་བྱ། ། བསམ་པ་རང་འབྱུང་རང་གྲོལ་གནས་མེད་ན།། ལོངས་སྐུ་མཁྱེན་པའི་ངོ་སྤྲོད་ཇི་ལྟ་བུ།། རྒོད་འཕྲོ་རང་གྲོལ་འགྲོ་བའི་གནད་མེད་ན།། བསམ་གཏན་ཕྲ་མོ་སེམས་གཟུང་བྱ་བ་ཡིས།། ལོངས་སྤྱོད་རྫོགས་པའི་སྐུ་ཡི་ཐར་པའི་ས་བོན་བརླག་པར་བྱ། ། གཟུང་འཛིན་ཟང་ཐལ་གནད་མེད་ན།། ལོངས་སྐུའི་ངེས་ཚིག་ཅི་ལ་བྱ།། ལོངས་སྤྱོད་སྣང་པ་སྣ་ཚོགས་ཏེ།། རྫོགས་ཆེན་རང་སྣང་ཐིག་ལེར་རོ།། སྐུ་ནི་ཟང་ཐལ་མ་བཅོས་རང་འབྱུང་སྐུ། ། ལོངས་སྐུ་ཀུན་གྱི་ནང་ན་མཆོག། རང་འབྱུང་སྤྲུལ་པའི་སྐུ་ལྔར་སྣང།། སྣང་བ་ཆེན་པོ་གསལ་བ་ཆེ།། ཁ་དོག་སྣ་ཚོགས་འབར་བའི་འོད།། སྒྱུ་འཕྲུལ་དྲཝ་བའི་སྐུ་འཆངབ།། སྐུ་གཅིག་ཀུན་ལ་ཁྱབ་པས་རང་སྣང་སྐུ། ། ཁྱབ་པ་རང་འབྱུང་ཆེན་པོ་ལྔ།། རྣམ་རྟོག་རང་གྲོལ་ཅིར་སྣང་ས་ལེ་བ།། མཁས་པ་སྒྱུ་འཕྲུལ་དྲ་བའི་སྐུ།། རང་སྣང་དྲི་མ་རྣམ་པར་དག་པའི་སྐུ།། མ་འདྲེས་རང་གསལ་ཐུགས་རྗེ་འོད་དཔག་མེད།། སྲིད་པའི་དྲཝ་བ་འཇོམས་མཛད་པའི། ། རང་འབྱུང་རང་སྣང་གཙོ་བོའི་སྐུ།། ཁྱབ་བདག་ཡེ་ཤེས་ལྔ་ཡི་བདག། སངས་རྒྱས་སྐུ་ལྔ་རང་འབྱུང་བ།། རང་སྣང་མ་བསྒྲུབས་མ་བཙལ་བར།། རང་ལ་ཤར་བ་ཨེ་མ་ཧོ།། ཀཱ་ཡ་ཏྲི་ལ་ཨེ་ཀ་པྲ་ས་ར། ། དྷཱ་ཏུ་ཛྙཱ་ན་བོ་དྷི་ཙིཏྟ་པྲ་ཛྙཱ་ཙཀྵུ་ར་ས་ཡ་ན་མ་མ་ཀི་ཨ། བྱང་ཆུབ་སེམས་སེམས་དཔའ་ལྷའི་དབང་པོ་བརྒྱ་བྱིན་དང།། འཁོར་ལྷ་བྱིན་རྣམས་མ་དངངས་མ་སྐྲག་པར་ལེགས་པར་ཐུགས་ལ་ཆོངས་ཤིག། རྟོགས་པ་རང་སྣང་ལོངས་སྐུ་དང།། ཐུགས་རྗེ་འབྱུང་བའི་ལོངས་སྐུ་དང།། ཁྱབ་པ་སྤྱི་ཡི་ལོངས་སྐུ་དང།། རྡོ་རྗེ་དབྱིངས་ཀྱི་ལོངས་སྐུ་དང།། འཁྲུལ་སྣང་འོད་ཀྱི་ལོངས་སྐུ་དང།། སྤྲུལ་སྣང་ལོངས་སྤྱོད་རྫོགས་སྐུ་རྣམས། ། ལོངས་སྐུ་སྒྲ་མཐུན་ཁྱད་པར་ཆེ།། འགྱུ་བ་འོད་ཀྱི་སྣང་བ་དང།། འགྱུ་བ་འཁྲུལ་པས་སྒྱུ་མའི་སྣང་བ་དང།། འགྱུ་བ་ཡེ་ཤེས་རྩེ་གཉིས་རང་སྣང་དང།། འགྱུ་བ་རང་སྣང་རང་གྲོལ་དང།། འགྱུས་ཏེ་ངོས་མ་ཟིན་པའི་ལུང་མ་བསྟན་འགྱུ་དང། ། བཟང་རྟོགས་ངན་རྟོགས་ཡིད་འགྱུ་ཟེར་འགྱུ་དང།། ཕྲ་རགས་དངོས་པོར་འགྱུ་བ་རྣམས།། འགྱུ་བ་སྒྲ་མཐུན་ཁྱད་པར་ཆེ།། འོད་ལ་འགྱུ་དུས་མ་ཤེས་ན།། སངས་རྒྱས་སེམས་ཅན་སོ་མཚམས་དཀའ། ། སྤྱི་ས་འོད་ཀྱི་སོ་མཚམས་སུ།། དབང་པོ་ཡིད་གསུམ་སྣང་བ་གཅེས།། འགྱུ་བ་འཁྲུལ་པར་མ་ཤར་ན།། འཁྲུལ་པ་རང་གྲོལ་དུས་ཚོད་དཀའ།། འགྱུས་ནས་གཟུང་འཛིན་མ་ཤར་ན། ། ཡེ་ཤེས་རང་སྣང་དུས་ཚོད་དཀའ།། ལུང་མ་བསྟན་དུ་མ་འགྱུས་ན།། ལུང་ལྡན་ཡེ་ཤེས་འཆར་བ་དཀའ།། བཟང་རྟོགས་ངན་རྟོགས་མ་འགྱུས་ན།། རྟོགས་མེད་མཉམ་ཉིད་ཚད་ཟིན་དཀའ།། འགྱུ་བ་ཕྲ་མོར་མ་འགྱུས་ན། ། ཕྲ་མོར་འཁྲུལ་པ་ཆོད་པ་བཀའ།། ཡིད་གསུམ་འགྱུ་བར་མ་ཤར་ན།། ཤེས་རབ་རྣམ་གསུམ་ཚད་ཟིན་དཀའ།། ཟེར་གྱི་འགྱུ་བ་མ་འགྱུས་ན།། ཐུགས་རྗེ་སྐུ་གསུམ་འབྱུང་བ་དཀའ།། ཤིན་ཏུ་རགས་པར་མ་འགྱུས་ན། ། དུག་ལྔ་རང་གྲོལ་ཤིན་ཏུ་དཀའ།། དངོས་པོ་སྣ་ཚོགས་མ་འགྱུས་ན།། མཚན་མ་རང་གྲོལ་ཤིན་ཏུ་དཀའ།། འགྱུ་བ་སྒྲ་མཐུན་མ་འགྱུས་ནལ།། འགྲོ་དྲུག་གཡང་ས་ཆོས་པ་དཀའ།། འགྱུས་ཚད་རྩ་བ་མ་ཆོད་ན། ། ཕུང་བྱེད་སྲོག་རྩ་ཆོད་པ་དཀའ།། འགྱུས་ནས་ངོ་ཡིས་མ་ཟིན་ན།། ཚེ་བརྟེན་མཆོད་པ་ཤིན་ཏུ་དཀའ།། འོད་ལ་འགྱུ་བ་མ་ཤེས་ན།། སྲོག་བརྟེན་ཆོད་པ་ཤིན་ཏུ་དཀའ།། ཡིད་དང་འགྱུ་བ་འོད་དང་གསུམ། ། རང་སྣང་ངོ་སྤྲོད་མ་ཤེས་ན།། ཁམས་གསུམ་རྩད་ནས་གཅོད་པ་དཀའ།། དབྱེར་མེད་རང་སྣང་མ་ཤར་ན།། སྲིད་གསུམ་རྩ་ནས་ཆོད་པ་དཀའ།། འགྱུ་བ་རང་གྲོལ་མ་ཤར་ན།། མ་རིག་རྩ་ནས་ཆོད་པ་དཀའ། ། འགྱུས་ནས་དྭངས་མ་མ་ཤར་ན།། སངས་རྒྱས་ཞལ་མཐོང་ཤིང་ཏུ་དཀའ།། གཞི་ཡི་ཐིག་ལེ་མ་འགྱུས་ན།། གཞི་ལས་འདས་པ་ཤིན་ཏུ་དཀའ།། གཞི་ནས་འགྱུ་བ་མ་ཤར་ན།། ཟང་ཐལ་ཟད་པ་ཤིན་ཏུ་དཀའ། ། འགྱུས་ནས་རངསྣང་མ་ཤར་ན།། སྒོམ་པས་གྲོལ་བ་ཤིན་ཏུ་དཀའ། འགྱུས་ནས་སྲོག་རྩ་མ་ཆོད་ན། འཁོར་བ་དོང་སྤྲུགས་ཤིན་ཏུ་དཀའ།། འགྱུས་ནས་དྭངས་མའི་གནད་མེད་ན།། སྲིད་གསུམ་རྒྱས་འདེབས་ཤིན་ཏུ་དཀའ། ། འགྱུས་ནས་ཁོང་ཤར་མ་ཤེས་ན།། མ་རིག་མིག་ཕྱེ་ཤིན་ཏུ་དཀའ།། རྟོགས་མེད་འགྱུ་རུ་མི་འདོད་ན།། ཡེ་ཤེས་རང་ཤར་ཤིན་ཏུ་དཀའ།། མངལ་ཁ་རྒྱས་འདེབས་ཤིན་ཏུ་དཀའ།། འགྱུས་ནས་ཡུལ་མེད་མ་ཤར་ན། ། ས་བགྲོད་ཡུལ་ཅན་སངས་རྒྱས་དཀའ།། འགྱུས་ནས་ལམ་དུ་མ་ཤར་ན།། ལམ་ལྔ་འབྱོངས་པར་ཤིན་ཏུ་དཀའ།། འགྱུས་ནས་རང་རྫོགས་མ་ཤར་ན།། ཚོགས་གཉིས་བསགས་པ་ཤིན་ཏུ་དཀའ། ། འགྱུས་ནས་དྲི་མེད་མ་ཤར་ན།། སྒྲིབ་པ་སྦྱང་བ་ཤིན་ཏུ་དཀའ།། བགྲོད་མཁན་རྩད་ནས་མ་བཅད་ན།། ས་རྣམས་ནོན་པའི་དུས་མི་མཆི།། ལམ་ལྔ་འགྱུ་བར་མ་ཤེས་ན།། ལམ་ལྔའི་དུས་ཚོད་ཟིན་པ་དཀའ། ། འགྱུ་བ་གཉིས་མེད་མ་ཤར་ན།། ཚོགས་གཉིས་གཅིག་ཏུ་རྫོགས་པ་དཀའ།། འགྱུ་བ་དྲི་མེད་མ་ཤར་ན།། སྒྲིབས་པ་འབྱོངས་པའི་ཚད་ཤེས་དཀའ།། དཀའ་ཕྱིར་སླ་བ་འགྱུ་བའི་སྤྱན།། འགྱུ་བའི་སྤྱན་ཅིག་རྩ་བ་ཆོད། ། ས་ནོན་ལམ་སྦྱོང་ཚོགས་ཆེན་རྫོགས།། སྒྲིབ་སྦྱོངས་སངས་རྒྱས་རང་ལ་ཤར།། རྣམ་པར་ཀུན་ལ་སྤྱོད་ཅིང་དུས་ལ་ལྟོས་པ་རྣམས།། མཁའ་ལ་ཡང་ཚོད་ཟིན་པ་འདྲ་སྟེ་བསྟན་པར་དཀའ། ། ཞེས་གསུངས་སོ།། ལྷ་འདྲེ་གཉིས་མེད་ཀྱི་རྒྱུད་ལས།། ལོངས་སྐུ་ངོ་སྤྲོད་ཀྱི་ལེའུ་སྟེ་བཅུ་པའོ།།།། དེ་ནས་ཡང་དག་བཤད་བྱ་བ།། འཛམ་བུ་པྲི་ཤའི་རྩ་བ་རུ།། དམག་དཔོན་རིན་པོ་ཆེ་ལ་བཀའ་སྩལ་པ། ། བག་ཆགས་མེད་ན་སྤྲུལ་སྐུ་འབྱུང་བ་མེད།། ཐོག་མཐའ་བཅད་པ་འོད་ཀྱི་བག་ཆགས་དང།། ཐིག་ལེ་དཀར་དམར་འདུས་པའི་བག་ཆགས་དང།། རྟགས་ཆགས་མིང་དང་ཡུལ་གྱི་བག་ཆགས་དང། ། ཐུགས་རྗེས་འགྲོ་བ་འདུལ་བའི་བག་ཆགས་རང་གྲོལ་དང།། བག་ཆགས་སྒྲ་མཐུན་ཁྱད་པར་ཆེ།། བག་ཆགས་རྩ་བ་ཆགས་དང་རྣམ་པ་གཉིས།། གཉིས་འདུས་དུག་ལྔའི་རྩ་བ་མ་ཆོད་ན།། དུག་ལྔའི་རྩ་བ་ཆོད་པའི་དུས་མི་མཆི། ། ཞེས་སྟོན་པ་ཀུན་ཏུ་བཟང་པོས་བཀའ་སྩལ་པ་དང།། དེའི་ཚེ་དེའི་དུས་ན།། ཤིང་འཛམ་བུ་པྲི་ཤ་ཞེས་བྱ་བའི་རྩེ་མོ་ལ།། གཡུ་བྱ་ཁུ་བྱུག་གིས་སྐད་ལན་གསུམ་སྒྲགས།། བུདྷ་ཙཀྵུ་རཏྣ་ཕ་ལ་ཨ། ། ཞེས་པ་དང། ལོ་ཀ་ཙ་ཨ་བྱིད་དྷ་ཕྱ་ལ་ཞེས་པ་དང། ཧྱེ་གུ་ཧྱ་རདན་བུ་དྷ་ཀརྨ་བུདྷ། བཛྲ་བུདྷ། ཏ་ཐཱ་ག་ཏེ་བུདྷ་དེ། པདྨད་བུདྷ་ཙཀྵུཕ་ལ་པྲ་ས་ར། ཞེས་པའི་སྐད་ལན་གསུམ་སྒྲགས་པས།། ལོ་ཀའི་ཁམས་ན་གནས་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་འདུས། ། ལྷའི་རྒྱལ་པོ་ཚངས་པ་དང།། ལྷ་མ་ཡིན་གྱིས་རྒྱལ་པོ་ལྗོན་པ་དང།། མིའི་རྒྱལ་པོ་དྷར་མ་ར་ཙ་དང།། བྱོལ་སོང་གི་རྒྱལ་པོ་སེང་གེ་རབ་བརྟན་དང།། ཡི་དྭགས་ཀྱི་རྒྱལ་པོ་ཚངས་པ་དང། ། དམྱལ་བའི་རྒྱལ་པོ་ཐོད་དབྱུག་གསུམ་པ་དང།། དེ་ལ་སོགས་པ་ལྷ་སྲིན་སྡེ་བརྒྱད་དང།། འགྲོ་བ་དྲུག་གི་བསྡུས་པའི་ཚོགས།། གཡུའི་བྱ་ལ་བསྐོར་བ་ལན་བདུན་བདུན་བྱས་ཏེ། ། བདག་ཅག་རྣམ་ལ་རང་སྐད་རེ་གསུང་བར་ཞུ་ཞུས་པས།། གཡུའི་བྱ་དེ་ཁྱེའུ་ཆུང་མཛེས་པ་ཅིག་ཏུ་གྱུར་ནས།། ང་ལ་སྤྲོ་བ་སྐྱེད་ཅིག། སྤྲུལ་པའི་སྐད་དུ་མས་དོན་བྱའོ།། གསུང་ངོ།། གསུང་བར་འགྱུར་རོ།། དེ་ནས་ཁྱེའུ་ཆུང་དེས་ཐུགས་ཀ་ནས་འོད་ཟེར་མང་པོ་ཕྱོགས་བཅུ་ཐམས་ཅད་དུ་འཕྲོས་སོ། ། འཕྲོའོ།། འཕྲོ་བར་འགྱུར་རོ།། ཕྲོ་བར་གྱུར་ཏོ།། དེ་ནས་འོད་ཟེར་དེ་ལས་ཕྱོགས་བཅུ་ཐམས་ཅད་དུ།། འོད་ཁ་དོག་ལྔའི་ཚོམ་བུ་བར་མ་ཆད་པར་གྱུར་ཏོ། ། རིག་པ་འོད་ཀྱི་ཐིག་ལེ་ལས།། འོད་ལ་གྲུབ་པས་སྤྲུལ་པའི་སྐུ།། རྫུས་ཏེ་སྤྲུལ་སྐུ་བསམ་ཡས་བྱོན།། དེ་ལ་འདུས་པའི་ལོ་ཀ་རཱ་ཛ་རྣམས།། ཤིན་ཏུ་དགའ་ཞིང་སྤྲོ་བར་འགྱུར།། སྤྲོ་བར་གྱུར་ནས་རྒྱན་བཀྱེ་བས། ། ལྷ་ཡི་རྒྱ་ལ་པོས་ལྷ་ཡི་དབང་པོ་བརྒྱ་བྱིན་ཐོབ།། དབང་རྟགས་རིན་ཆེན་སྣ་བདུན་གྱིས།། ལྷ་ཡི་གནས་སུ་དབང་བསྐུར་བྱས།། ཕྱི་ནང་སྦས་པའི་དབང་ཡང་བསྐུར།། དྲི་མེད་དག་ཕྱིར་ཁྲུས་རྫིང་བུམ་པའི་དབང། ། ལོངས་སྤྱོད་ཚོགས་རྫོགས་རིན་ཆེན་སྣ་བདུན་དབང།། ཡེ་ཤེས་ཚོགས་རྫོགས་ནོར་བུ་རིན་ཆེན་དབང།། ཐེག་པ་སྟོབས་རྫོགས་གླང་པོ་ཆེན་པོའི་དབང།། རྫུ་འཕྲུལ་སྟོབས་ལྡན་རྟ་མཆོག་རིན་ཆེན་དབང། ། རྩལ་གསུམ་རྫོགས་པ་དམག་དཔོན་རིན་ཆེན་དབང།། སྣ་ཚོགས་ཁ་ལོ་སྒྱུར་བ་བློན་པོ་རིན་ཆེན་དབང།། གདན་ཐོག་གཅིག་ཏུ་ཐམས་ཅད་འདུས་པ་རྒྱལ་པོ་རིན་ཆེན་དབང། ། སྣ་ཚོགས་འབྱུང་བ་བཙུན་མོ་རིན་ཆེན་དབང།། ཐམས་ཅད་འདུས་པ་འདོད་ཁམས་ལྷ་ཡི་ནོར་བདུན་དབང།། སྐད་ཅིག་ཡུད་ཙམ་ཅིག་ལ་རྫོགས་པར་དབང་བསྐུར་བས་ན།། ལྷའི་དབང་པོ་བརྒྱ་བྱིན་གནས་ལས་གྲོལ་བར་བྱས་པའོ། ། དེའི་ཚེ་རིགས་འོད་ཀྱི་ཐིག་ལེ་ལས།། ལྷ་ཡི་གནས་སུ་སྤྲུལ་སྐུ་འབྱུང་བའི་དུས།། ཁམས་གསུམ་ལྷ་ལ་དབང་རྟགས་དབང་རྫས་དང།། དབང་གི་དངོས་པོ་བྱིན་པས་བརྒྱ་བྱིན་ཞེས་སུ་གཏགས། ། ཞེས་གསུགས་སོ།། ལྷ་འདྲེ་གཉིས་མེད་ཀྱི་རྒྱུད་ལས།། རིག་པ་འོད་ཀྱི་ཐིག་ལེ་ལ་སྤྲུལ་པའི་སྐུ་འབྱུང་བའི་ལེའུ་སྟེ་བཅུ་གཅིག་པའོ།།།། དེ་ནས་ཡང་དག་བཤད་བྱ་བ།། ཉོན་ཅིག་རྡོ་རྗེ་ཆོས་ཀྱི་བློ་གྲོས་ཁྱོད། ། རིག་པ་འོད་ཀྱི་ཐིག་ལེ་ལས།། ལྷ་མ་ཡིན་གྱི་རྒྱལ་པོ་ཐགས་བཟངས་རིས།། ལྷ་མ་ཡིན་དུ་བཅས་པ་ལ།། འཛམ་བུ་པྲི་ཤའི་རྩ་བ་ལ།། སྨན་གྱི་རྒྱལ་པོ་ག་བུར་དང།། ཤིང་གི་རྒྱལ་པོ་ཙན་དན་དང།། རྡོ་ཡི་རྒྱལ་པོ་ཁབ་ལེན་དང། ། བྱ་ཡི་རྒྱལ་པོ་རྨ་བྱ་དང།། སེམས་ཅན་རྒྱལ་པོ་ཆུ་སྲིན་དང།། དེ་རྣམས་ཀུན་ལ་དབང་བསྐུར་བྱས།། ག་བུར་ལྷུན་གྱིས་གྲུབ་པའི་རྫས།། རིག་པའི་རྒྱལ་པོ་ལྷུན་གྲུབ་དབང།། ཙན་དན་དྲི་དང་བཅས་པའི་དབང། ། སྐུ་གསུམ་རང་ཆས་དབང་བསྐུར་རྫས།། རྡོ་ཡི་རྒྱལ་པོ་ཁབ་ལེན་ལྕགས་འདུ་ལྟར།། ཡོན་ཏན་ཐམས་ཅད་འདུས་པའི་དབང།། རྨ་བྱ་དུག་རྣམས་ཟ་བ་ལྟར།། དུག་ལྔ་དབང་གི་མཆོག་ཏུ་བསྐུར། ། ཆུ་སྲིན་བསྐམ་ལ་མི་འབྱུང་ལྟར།། རི་དབང་ཐོབ་པས་འཁོར་བར་མི་འཁྱམས་བསྐུར།། ལྷ་མ་ཡིན་གྱི་དབང་རྫས་དབང་རྟགས་དང།། དབང་གི་དངོས་པོ་རྫོགས་པར་བསྐུར།། ཡོན་ཏན་རང་འབྱུང་སྐྱོན་ལས་གྲོལ། ། འཇུག་པའི་སྒོ་ལྔ་མ་ཤེས་ན།། འཁོར་ལོ་མཆོད་བསྐོར་དབང་བསྐུར་དང།། དཀྱིལ་འཁོར་འཇུག་པའི་དབང་བསྐུར་དང།། ཐུན་མོང་དབང་དུ་བསྟན་པ་ཡིན།། ཁྱད་པར་དཀྱིལ་འཁོར་བསྟན་པ་ནི། ། ཀུན་གཞི་རྒྱས་པའི་དཀྱིལ་འཁོར་ཡིན།། འཇུག་ཐབས་ངོས་བཟུང་མེད་པ་ཡིན།། ཡིད་ནི་ཞི་བའི་དཀྱིལ་འཁོར་ཡིན།། འཇུག་ཐབས་རང་འབྱུང་འཁོར་ལོ་ཡིན།། སྒོ་ལྔ་མངོན་སྤྱོད་དཀྱིལ་འཁོར་ཡིན། ། འཇུག་ཐབས་རྣམ་ཤེས་འཁོར་བ་ཡིན།། ལུས་ཀྱི་རྣམ་ཤེས་དྲག་པོའི་དཀྱིལ་འཁོར་ཡིན།། འཇུག་ཐབས་ལྷ་མཐོང་དཀྱིལ་འཁོར་ཡིན།། ཡིད་ཀྱི་རྣམ་ཤེས་དབང་གི་དཀྱིལ་འཁོར་ཡིན། འཇུག་ཐབས་འོད་ཀྱི་དཀྱིལ་འཁོར་ཡིན། ། རེ་རེ་ལ་ཡང་དཀྱིལ་འཁོར་ལྔ་བརྩེགས་རྫོགས།། འཇུག་ཐབས་ལྔ་ཡང་རེ་རེར་ཚང།། རྒྱལ་བའི་དཀྱིལ་འཁོར་འཇུག་པ་ལ།། མེ་ཏོག་ཀུན་མཁྱེན་འོད་གསལ་དགོས།། དམ་རྫས་ཆོས་དབྱིངས་ཡེ་ཤེས་ཡིན། ། དབང་བསྐུར་གཉིས་མེད་དྲི་མེད་སྐུ།། ཐོབ་དུས་སྐད་ཅིག་གཅིག་རྫོགས་ཡིན།། འབྲས་བུ་ཐིག་ལེ་ཟང་ཐལ་ཡིན།། ཡོན་ཏན་ཐམས་ཅད་མཁྱེན་པ་ཡིན།། ཞི་བའིདཀྱིལ་འཁོར་འཇུག་པ་ལ། ། མེ་ཏོག་རང་འབྱུང་འོད་གསལ་དགོས།། དབང་བསྐུར་ཤེས་རབ་དྲི་མེད་སྐུ།། ཐོབ་དུས་སྐད་ཅིག་རང་གྲོལ་སྐུ།། འབྲས་བུ་ཡེ་ཤེས་ཟང་ཐལ་ཡིན།། ཡོན་ཏན་རང་བྱུང་ཡེ་ཤེས་ཡིན།། དབང་གི་དཀྱིལ་འཁོར་འཇུག་པ་ལ། ། མེ་ཏོག་དྲི་མེད་འོད་གསལ་དགོས།། དབང་རྫོགས་ཀུན་རྫོགས་ཡེ་ཤེས་དགོས།། བསྐུར་ཐབས་ཡེ་ཤེས་འོད་གསལ་སྐུ།། ཐོབ་དུས་སྐད་ཅིག་རང་རྫོགས་སྐུ།། འབྲས་བུ་ཆོས་མིན་ཟང་ཐལ་ལོ། ། ཡོན་ཏན་རང་རིག་ཡེ་ཤེས་ཡིན།། མངོན་སྤྱོད་དཀྱིལ་འཁོར་འཇུག་པ་ལ།། མེ་ཏོག་སྣང་གསལ་དྲི་མེད་དགོས།། དབང་རྫས་ཀུན་འབྱུང་ཡེ་ཤེས་དགོས།། བསྐུར་ཐབས་སྣང་གསལ་དྲི་མེད་དགོས།། ཐོབ་དུས་སྐད་ཅིག་རང་སྣང་སྐུ། ། འབྲས་བུ་གཉིས་མེད་ཟང་ཐལ་ཡིན།། ཡོན་ཏན་ཞིང་ཁམས་རྣམ་པར་དག། དྲག་པོའི་དཀྱིལ་འཁོར་འཇུག་པ་ལ།། མེ་ཏོག་རང་གྲོལ་འོད་གསལ་དགོས།། དབང་རྫས་ནན་ཏན་ཡེ་ཤེས་དགོས། ། བསྐུར་ཐབས་ཡེ་ཤེས་ཁོང་གསལ་སྐུ།། ཐོབ་དུས་སྐད་ཅིག་རང་འབྱུང་སྐུ།། འབྲས་བུ་ལྷ་མཐོང་ཡེ་ཤེས་སྐུ།། ཡོན་ཏན་གཟུགས་ལ་རང་གྲོལ་ཡིན།། མིག་ནི་མངོན་སྤྱོད་དབང་རྟགས་ཡིན།། རྣ་བ་ཞི་བའི་དབང་རྟགས་ཡིན། ། སྣ་ནི་རྒྱས་པའི་དབང་རྟགས་ཡིན།། ཁ་ནི་དབང་གི་རྟགས་ཆེན་ཡིན།། འོག་སྒོ་དྲག་པོའི་དབང་རྟགས་ཡིན།། དཔེ་དང་རྟགས་སུ་འབྲེལ་བ་དང།། རྟགས་དང་དོན་དུ་འབྲེལ་བ་གཅེས།། རེ་རེ་ལ་ཡང་ཐམས་ཅད་འདུས། ། མིག་ལ་དཀྱིལ་འཁོར་ལྔ་རྫོགས་པ།། དཀར་པོ་ཞི་བའི་དཀྱིལ་འཁོར་རྫོགས།། སེར་པོ་རྒྱལ་པའི་དཀྱིལ་འཁོར་རྫོགས།། དམར་པོ་དབང་གི་དཀྱིལ་འཁོར་རྫོགས།། མཐིང་ཀ་དྲག་པོའི་དཀྱིལ་འཁོར་རྫོགས། ། ལྗང་ཁུ་མངོན་སྤྱོད་དཀྱིལ་འཁོར་རྫོགས།། སྤྲུལ་པ་སྐུ་ཡི་དཀྱིལ་འཁོར་ཡིན།། ཤེལ་གྱི་སྦུ་གུའི་འོད་ལྔ་ལ།། ལོངས་སྤྱོད་རྫོགས་པའི་སྐུ་ཡི་དཀྱིལ་འཁོར་རྫོགས།། ཙིཏྟ་རིན་ཆེན་འབར་བ་ནས། ། རིག་པའི་ཡེ་ཤེས་ཆེན་པོ་རྫོགས།། ཆོས་ཀྱི་སྐུ་ཡི་དཀྱིལ་འཁོར་རྫོགས།། སྙིང་ལ་སྐུ་གསུམ་ངོ་སྤྲོད་པས།། དཀྱིལ་འཁོར་གསུམ་བརྩེགས་དེ་ལ་རྫོགས།། དེ་ཡི་ཡོན་ཏན་ཡེ་ཤེས་རྩལ་གཉིས་ལ།། དཀྱིལ་འཁོར་གསུམ་བརྩེགས་རྫོགས་པ་ཡིན། ། སྤྲུལ་སྐུ་དངོས་སུ་བསྟན་པ་ནི།། རིན་ཆེན་མིག་ལ་ཤར་བ་ཡིན།། ལོངས་སྐུ་གཞི་ལ་གབ་པ་དེ།། རིན་ཆེན་རྩ་ལ་གནས་པ་ཡིན།། ཆོས་སྐུ་རང་ཆས་གནས་པ་དེ།། རིན་ཆེན་སྙིང་ལ་གནས་པ་ཡིན། ། དེ་ཡི་མཐུན་དཔེ་ངོ་སྤྲོད་པ།། རིན་ཆེན་མན་ཤེལ་ཟང་ཐལ་དེ།། ཆོས་སྐུའི་ངོ་སྤྲོད་མཐུན་དཔེ་ཡིན།། དེ་ཡི་ནང་ན་འོད་གནས་པ།། ལོངས་སྐུ་གཞི་ལ་གྲུབ་པའི་མཐུན་དཔེ་ཡིན། ། དེ་ལས་རྒྱུས་ཕྲན་སྣང་བ་དེ།། སྤྲུལ་སྐུ་འབྱུང་བའི་མཐུན་དཔེ་ཡིན།། རིན་ཆེན་ཤེལ་ལ་འོད་ཤར་བ།། ལོངས་སྐུའི་དཀྱིལ་འཁོར་མཐུན་དཔེ་ཡིན།། བར་དོ་ཆོས་ཉིད་འོད་གསལ་མཐུན་དཔེ་ཡིན།། དེ་ལ་དཀྱིལ་འཁོར་ལྔ་རྫོགས་པ། ། ཡོན་ཏན་རང་ལ་ཤར་བ་རྒྱས་པའི་དཀྱིལ་འཁོར་རྫོགས།། ཐམས་ཅད་རང་ལ་གྲུབ་པའི་ལྷུན་གྲུབ་དཀྱིལ་འཁོར་ཡིན།། ཞེས་གསུངས་སོ།། ལྷ་མ་ཡིན་རྣམ་པར་གྲོལ་བར་འགྱུར། ། ཐམས་ཅད་ཐགས་སུ་བསྟན་པས་ཐགས།། དེ་ཡི་གོང་ན་མེད་པ་བཟངས།། དཔེ་རྟགས་དོན་དང་བསྐོར་ཚོམས་བཅད་པ་རིས།། དེ་ལ་ཐགས་བཟང་རིས་སུ་ཐོགས།། ཞེས་བརྗོད་དོ།། ལྷ་འདྲེ་གཉིས་མེད་ཀྱི་རྒྱུད་ལས། ། ཐགས་བཟངས་རིས་སྤྲུལ་པའི་སྐུར་ཐོན་པའི་ལེའུ་སྟེ་བཅུ་གཉིས་པའོ།།།། དེ་ནས་ཡང་དག་བཤད་བྱ་བ།། ཉོན་ཅིག་རྡོ་རྗེ་ཆོས་ཀྱི་བློ་གྲོས་ཁྱོད།། རིག་པ་འོད་ཀྱི་ཐིག་ལེ་ལས།། བཅོམ་ལྡན་ཐུབ་པ་དོན་གྲུབ་སྤྲུལ། ། དེ་ཡིས་འགྲོ་བ་རྐང་གཉིས་འདྲེན་པའི་གཙོ།། དེ་ཡིས་ཡང་དག་དོན་བཤད་པ།། རྟགས་ཤིང་ཆགས་པའི་དོན་བཤད་དེ།། འཛམ་བུ་པྲི་ཀྵ་ལ་གཟིགས་ནས།། དང་པོ་འཁྲུལ་པའི་གཞིས་བསྟན། ། རྒྱ་ཆད་ཕྱོགས་ལྷུན་མེད་པ་ཡིས།། ལྷུན་གྱིས་གྲུབ་པའི་གནས་ཆེན་ལ།། རྒྱ་མ་ཆད་པས་ཕྱོགས་མ་ལྷུང།། ཕྱོགས་སུ་མ་ལྷུང་རྒྱ་མ་ཆད།། ལྷུན་གྱིས་གྲུབ་པའི་སྤྱན་མངའ་བ།། མི་ལ་ལྷ་དང་འདྲེ་རྣམས་ནི། ། རྣམ་རྟོག་སྐྱེ་བའི་དོན་རྣམས་ལ།། དང་པོ་གཞི་ས་བརྩི་བ་གཅེས།། རྒྱུ་དང་རྐྱེན་དང་དངོས་པོ་གསུམ།། ཐ་མ་ངོ་སྤྲོད་རོ་སྣོམས་པས།། སྡུག་བསྔལ་རབ་ཏུ་ཞི་བར་འགྱུར།། ཐར་པའི་ལམ་མཆོག་འདི་ཡིན་ནོ། ། སྤྱི་ལ་ཁྱབ་པའི་བདུད་དྲུག་དང།། ཁྱད་པར་བདུད་ནི་རྣམ་པ་བཞི།། ངོ་བོ་ཉིད་ཀྱི་བདུད་ཀྱིས་ནི།། ཐམས་ཅད་རླགས་པ་མ་ཚོར་བ།། འདྲེ་ཡིས་བར་དུ་གཅོད་པར་འགྱུར།། གཞི་མོ་རྣམ་ལྔ་འདྲེ་ལྔའི་གཞི། ། འཕྲིན་ལས་འདྲེ་སྲིན་ཐམས་ཅད་བཞི།། དེ་དུས་འདྲེ་སྲིན་མིར་མ་ཕྱེད།། ཐམས་ཅད་གཞི་ལ་ཚངས་པས་འབབས་སམ་ཐུག་པ་འདྲ།། དེ་ལ་མ་ནིང་རྣམ་པ་གསུམ།། དཔེ་དང་རྟགས་དང་དོན་གྱི་མ་ནིང་གསུམ། ། དེ་ལ་ཡིད་ཀྱི་དཔེ་རྟགས་སྦྱར།། ཡིད་འགྱུས་པ་ནི་འདྲེ་ཡི་རྒྱུད།། འོདལྔ་འདྲེ་ལྔའི་རྐྱེན་དུ་ཤར།། ལྗང་ཁུས་འདྲེ་སྲིན་མི་རུ་ཕྱེད།། ཐམས་ཅད་འབྱེད་པའི་འོད་པོ་ཆེ།། ཀུན་ལ་འབྱུང་བའི་འོད་ཟེར་ཅན།། ལྷ་མོའི་འོད་ཟེར་ཅན་ཞེས་བྱ། ། དེ་ལ་དངོས་པོའི་འདྲེ་ལྔ་ནི།། འོད་ལས་ཤ་ཁྲག་དངོས་སྐྱེད་ལས།། དངོས་པོའི་འདྲེ་དེ་རང་ལ་འབྱུང།། དེ་ལ་རྣམ་ཤེས་ཚོགས་བརྒྱད་གསལ།། ལྷ་སྲིན་ལྡེ་བརྒྱད་དངོས་པོར་རྟགས་ཤིང་ཆགས། ། མིག་བདུད་རྣ་བ་རྒྱལ་པོ་དང།། རྣ་རྨུ་ལྕེ་བཙན་ལུས་ནི་གནོད་སྦྱིན་དང།། ཡིད་གཟའ་ཀླུ་དང་མ་མོ་དང།། སྣ་ཚོགས་ལྷ་འདྲེ་ཀུན་གཞིར་ཤར་བས་དངོས་སུ་སྨིན།། ད་ནི་འཇུག་ལྡོག་དོན་བཤད་དེ། ། འདྲེ་ལ་བསམ་གྱིས་མི་ཁྱབ་བོ།། འདྲེ་དེ་བདུད་དུ་བབས་པས་ནི།། འདྲེ་བདུད་ཅེས་ཀྱང་བྱ་བ་ཡིན།། སྦྱི་བདུད་ཅེས་ཀྱང་བྱ་བ་ཡིན།། ཀུན་གྱི་བདུད་ཆེན་ཅེས་ཀྱང་བྱ།། བསྡུས་པས་འདྲེ་སྲིན་རྣམ་པ་བརྒྱད། ། འདྲེ་འདྲེ་སྲིན་མིག་གཅིག་དངོས་དམར་དང།། རྣམ་པ་དགུ་ཞེས་རབ་ཏུ་གྲགས།། སྒོ་དགུ་དག་ལ་འཇུག་པས་ན།། འདྲེ་ཡི་འཇུག་སྒོ་ཞེས་སུ་བཤད།། ད་ནི་བསྡུས་པས་འདྲེ་ལྔ་སྒོ་ལྔར་འཇུག། དེ་ལས་བསྡུས་པས་རྩ་བའི་འདྲེ། ། རྟགས་ཆགས་འདྲེ་རུ་འདུས་པ་ཡིན།། ལྡོགས་མཁན་འདྲེ་རུ་མ་ཤེས་ན།། འདྲེ་ལ་ཐར་པའི་དུས་མི་འོང།། འདྲེ་ལ་ཐར་པར་བྱ་བའི་ཕྱིར།། ཕྱི་ཡི་འབྱུང་པོ་ཉམས་མྱོང་རོ་སྙོམས་པ་དགོས། ། འབྱུང་པོ་སྙོམས་རྣམ་པ་གསུམ།། བཅོས་ཐབས་རྫས་ལ་རྟེན་འབྲེལ་དང།། ལྷ་སྒོམ་པས་ནི་ཞི་བ་དང།། ངོ་སྤྲོད་པས་ནི་རོ་སྙོམས། འབྱུང་པོ་ཀུན་འདུལ་ཞེས་སུ་བརྗོད།། འབྱུང་པོའི་གདོན་ཐབས་ངོ་སྤྲོད་གསུམ། ། རྟགས་དང་ཆགས་པ་གཉིས་མེད་གསུམ།། བཅོས་ཐབས་རྫས་དང་རྟེན་འབྲེལ་གསུམ།། བླ་རྡོ་བླ་གནས་བླ་རྟེན་གནས།། འདྲེ་དང་བདུད་དང་གནོད་ལུག་གསུམ།། གནོད་རྟགས་གདོན་ཐབས་ཐོན་དུས་གསུམ། ། བཅོས་ཐབས་འཆོས་ཚད་འཆོས་དུས་གསུམ།། འཇུག་ས་འཇུག་དུས་ཐོན་དུས་གསུམ། འདྲེ་དང་མི་དང་སྲིན་པོ་གསུམ།། དབྱེ་བ་ཕྱེད་པ་ཕྱེད་དུས་གསུམ།། ཕྱེད་པའི་རྟགས་དང་དཔང་པོ་གསུམ།། ཡོན་ཏན་འབྲས་བུ་གྲོལ་ས་གསུམ། ། འདྲེ་གཞི་འདྲེ་ནད་འཆོས་ཚད་གསུམ།། རོ་སྙོམ་རོ་སྙོམས་དཔང་པོ་གསུམ།། དེས་ཤེས་རྐྱེན་ཐུབ་འབྲས་བུ་གསུམ།། རྐྱེན་ཐུབ་ཚད་དང་དྲོད་ཚད་གསུམ།། འབྲས་བུ་ངེས་ཤེས་ཡོན་ཏན་གསུམ། སྤྲད་པ་ཕྲད་པ་ཕྲད་དུས་གསུམ།། དབང་པོ་ངེས་ཤེས་ས་མཚམས་གསུམ།། རྐྱེན་ཐུབ་དྲོད་དང་རྟགས་དང་གསུམ།། འབྲས་བུ་ཡོན་ཏན་སད་པ་གསུམ།། གཞི་དང་རྒྱུ་རྐྱེན་དངོས་སད་གསུམ།། རྟགས་དང་ཆགས་དང་འདྲེས་སད་གསུམ། ། སད་པའི་དཔང་པོ་ངེས་ཤེས་རྐྱེན་ཐུབ་གསུམ།། འབྲས་བུ་ཡོན་ཏན་སད་ཚད་གསུམ། གཞི་ལམ་འབྲས་བུ་ཆོས་པ་གསུམ།། ཆོས་པ་ཆོས་དུས་ཆོས་ཚད་གསུམ།། དབང་པོ་ངེས་ཤེས་རྐྱེན་ཐུབ་གསུམ། ། ཐུབ་པའི་འབྲས་བུ་དྲོད་ཚད་རྟགས་དང་གསུམ།། དེ་ཡི་ཡོན་ཏན་འབྱུང་ཚད་གྲོལ་དུས་གསུམ།། གྲོལ་བའི་དཔང་པོ་རྐྱེན་ཐུབ་ངེས་ཤེས་གསུམ།། འབྲས་བུའི་དུས་དང་ཡོན་ཏན་རང་ས་གསུམ་དུ་འདུས། ། ཞེས་གསུངས་སོ།། ལྷ་འདྲེ་གཉིས་མེད་ཀྱི་རྒྱུད་ལས།། ཕྱི་འབྱུང་བ་རོ་སྙོམས་པའི་ལེའུ་སྟེ་བཅུ་གསུམ་པའོ།།།། དེ་ནས་ཡང་དག་བཤད་བྱ་བ།། ཉོན་ཅིག་རྡོ་རྗེ་ཆོས་ཀྱི་བློ་གྲོས་ཁྱོད། ། ཆགས་སྡང་ནད་ལས་གྲོལ་བར་བྱ་བའི་ཕྱིར།། ཆགས་སྡང་ནད་ཀྱི་རོ་སྙོམས་བསྟན་པར་བྱ།། དེ་ལ་དང་པོ་ནད་ཀྱི་གཞི་བསྟན་པ། ནད་ལྔ་གཞི་ལ་གྲུབ་པ་ནི།། གཞི་ལ་ལྷུན་གྱིས་གྲུབ་པ་ཡིན། ། གཞི་མི་འགགས་པས་སྣ་ཚོགས་ནད།། རྒྱུ་ནི་འགྱུས་ནས་འཛིན་པ་ཡིན།། རྐྱེན་ནི་ནད་དུ་འཛིན་པ་ཡིན།། བར་དུ་འོད་ལ་ལུས་སུ་ཆགས།། འོད་ལ་ཆགས་པས་སྡང་བ་སྐྱེས།། གཉིས་མེད་མ་ཤེས་གཏི་མུག་སྐྱེས། ། དེས་ན་ཆགས་སྡང་ལུས་པོ་དངོས་སུ་སྨིན།། དེ་ལས་འདུས་པའི་ནང་ལྔ་དང།། ངོ་བོ་ནད་དང་དྲུག་གིས་གདུང།། ངོ་བོ་ནད་ལ་རྣམ་པ་གཉིས།། རྒས་པར་བྱེད་པ་སེམས་ཀྱི་ནད།། འཆི་བར་བྱེད་པ་ལུས་པོའི་ནད། ། རྣམ་པ་གཉིས་སུ་འདུས་པ་ཡིན།། རྐྱེན་ཀྱི་ནད་ལ་བསམ་མི་ཁྱབ།། གྲང་བའི་ནད་ལ་རྣམ་པ་ལྔ་ཅར་ཚངས།། ཉི་ཤུ་རྩ་ལྔ་ནད་ཀྱི་སྡོང་པོ་ལ།། ལྷུན་གྲུབ་ཆོས་རེ་ལ་ཡང་མཚན་ཉིད་འཛིན་པས་ལེན།། དེ་ལས་བསྡུས་པས་འབྱུང་བའི་ནད། ། འབྱུང་བ་འཁྲུགས་པའི་རོ་སྙོམས་པ། རྫས་ཀྱི་བཅོས་དང་ལྷ་སྒོམ་དང།། ངོ་སྤྲད་པ་ཡི་རོ་སྙོམས་པ། དང་པོ་བཞི་པ་ངོ་སྤྲད་པས།། ནད་ཀྱི་གཞི་མོ་ཞེས་པར་འགྱུར།། བར་དུ་གཅོད་པའི་དུས་བསྟན་པས། ། ནད་ཀྱི་མཚན་ཉིད་ཤེས་པར་འགྱུར།། ཐ་མ་ནད་ཀྱི་ཞུགས་བསྟན་པ།། བཅོས་ཐབས་གདོན་ཐབས་ཤེས་པར་འགྱུར།། འབྱུང་བ་འཁྲུགས་པ་རྐྱེན་ཀྱི་ནད།། སྐྱེ་མེད་ངོ་སྤྲོད་བསྟན་པར་བྱ། ། ཚད་པས་ཟིན་ན་ཁོང་གསལ་སྤྲད།། གྲང་བས་ཟིན་ན་འོད་གསལ་སྤྲད།། རླུང་གིས་ཟིན་ན་ཟང་ཐལ་སྤྲད།། མཁྲིས་པས་ཟིན་ན་རང་གྲོལ་སྤྲད།། འདུས་པས་ཟིན་ན་ཡུལ་མེད་སྤྲད།། སྤྱི་བོ་ན་ན་ལྗང་ཁུས་དབྱུང། ། མགྲིན་པ་ན་ན་ལྗང་ནག་དབྱུང།། སྙིང་ཁ་ན་ན་རོ་སྟོད་ནས།། དེ་ལ་སེར་བོས་དབྱུང་བར་བྱ། རོ་སྨད་མཁན་ཙ་ཁོལ་མར་ན།། དེ་ལ་མཐིང་ཀས་དབྱུང་བར་བྱ།། གསང་བ་སྤྱི་མིག་ན་བ་ན།། དེ་ལ་དམར་པོའི་དབྱུང་བར་བྱ། ། རྐང་མཐིལ་པུས་མོ་ན་བ་ན།། དེ་ལ་དཀར་པོའི་དབྱུང་བར་བྱ།། དེ་ནི་ཐབས་དང་དབྱུང་བ་ཡིན།། འབྱུང་བའི་སྒོ་ནི་འདི་རྣམས་སོ།། དྲི་མེད་སྒོ་དང་ཟང་ཐལ་སྒོ།། དམར་པོའི་སྒོ་དང་སྲིད་པའི་བུག་པ་དང། ། རྡོ་རྗེའི་སྒོ་དང་པདྨའི་སྒོ།། ལྡེ་བ་པདྨའི་སྒོ་རུ་དབྱུང།། སྙིང་མི་བདེ་ན་མིག་ལའོ།། གློ་བ་མི་བདེ་སྣ་ལ་འོད།། མཁལ་མ་མི་བདེ་གསང་བར་རོ།། མཆིན་པ་མི་བདེ་ཁ་ལའོ།། མཁྲིས་པ་མི་བདེ་རྣ་བ་འོ། ། ད་ནི་ལྷ་ཡི་རོ་སྙོམས་ཏེ།། ཚ་བ་ན་ན་མི་བསྐྱེད་པ།། གྲང་བ་ན་ན་དོན་ཡོད་གྲུབ།། མཁྲིས་པ་ན་ན་རྣམ་སྣང་སྐུ།། བད་ཀན་ན་ན་རིན་ཆེན་འབྱུང།། འདུས་པ་ན་ན་འོད་དཔག་མེད།། ཚ་བ་ན་ན་མ་མ་ཀི། གྲང་བ་ན་ན་གོས་དཀར་མོ། ། མཁྲིས་པ་ན་ན་དབྱིངས་ཕྱུག་མ།། བད་ཀན་ན་ན་སངས་རྒྱས་སྤྱན།། འདུས་པ་ན་ན་སྒྲོལ་མ་འོ།། དེས་ནི་ལྷ་ཡི་རོ་སྙོམས་སོ།། ནད་ཀྱི་ངོ་བོ་སེམས་ཀྱི་ནད།། སེམས་དང་ཡེ་ཤེས་མ་ཕྱེད་ན། ། འཆི་བའི་ནད་ལས་ཐར་པར་དཀའ།། དངོས་གཞི་རྣམ་གཉིས་མ་ཕྱེད་ན།། རྒས་པའི་ནད་ལས་ཐར་པར་དཀའ།། ནད་རྣམས་རོ་སྙོམས་མ་ཤེས་ན།། ནད་ཀྱི་འཁྲུལ་པ་ཆོམས་པ་དཀའ།། ནང་འཁྲུལ་རྩ་ནས་མ་མཆོད་ན། ། རོ་སྙོམས་འབྱུང་བ་ཤིན་ཏུ་དཀའ།། ནད་ཀྱི་རོ་སྙོམས་དཔང་པོ་སེམས་ཀྱིས་བྱ།། ངེས་པའི་ཤེས་པ་ན་བ་ཟངཐལ་ཡིན།། རྐྱེན་ཐུབ་འབྱུང་བ་འཁྲུགས་དུས་ཡིན།། དྲོད་རྟགས་ན་ཚ་ཟང་ཐལ་ཡིན། ། འབྲས་བུ་ན་བ་རང་གྲོལ་ཡིན།། ཡོན་ཏན་ཕྱིས་ནས་རྗེས་ཆོད་ཡིན།། ཞེས་གསུངས་སོ།། ལྷ་འདྲེ་གཉིས་མེད་ཀྱི་རྒྱུད་ལས།། བར་དུ་ཆགས་སྡང་གི་ནད་རོ་སྙོམས་པར་བསྟན་པའི་ལེའུ་སྟེ་བཅུ་བཞི་པའོ། །།། དེ་ནས་ཡང་དག་བཤད་བྱ་བ།། ཉོན་ཅིག་རྡོ་རྗེ་ཆོས་ཀྱི་བློ་གྲོས་ཁྱོད།། བར་དུ་རྣམ་རྟོག་རོ་སྙོམས་བསྟན་པར་བྱ།། དང་པོ་རྟོག་པའི་གཞི་བསྟན་པ།། རྟོག་པ་དུག་ལྔ་གཞི་ལ་ཚང།། ཁོང་ཁྲོ་མ་རིག་རྟོག་པའི་གཞི། ། ག་བུར་སྨན་ལ་དུག་ཚང་བཞིན།། རྟོག་མེད་གཞི་ལ་རྟོག་པ་ཚང།། ཉོན་མོངས་རྟོགས་པ་ཐམས་ཅད་ཀྱང།། གཞི་ལས་ཐམས་ཅད་འཁྲུལ་པ་ཡིན།། རྟོག་པའི་རྒྱུ་ནི་ཡིད་འགྱུ་བ།། རྐྱེན་ནི་མ་རིག་འོད་ལས་སྐྱེ། ། གཞན་སྣང་མ་རིག་རང་སྣང་རྐྱེན།། རང་འབྱུང་མ་རིག་འཛིན་པ་དགུ།། གཉིས་མེད་མ་རིག་དུ་མར་འཁྲུལ།། ངོ་བོ་ཉིད་ཀྱི་མ་རིག་པ།། གབ་པ་སྦས་པའི་མ་རིག་པ།། ལྷན་ཅིག་སྐྱེས་པའི་མ་རིག་པ། ། ཀུན་ཏུ་བརྟགས་པའི་མ་རིག་པ།། མཐོང་སྣང་ལོག་པའི་མ་རིག་པ།། རྐྱེན་འགྱུར་འཕྲོ་མེད་མ་རིག་པ།། རྒྱུ་རྐྱེན་དུས་ཚོད་མ་རིག་པ།། འཁྲིད་པ་རང་སྣང་གི་མ་རིག་པ།། འབྱེད་པ་ལས་དབང་གི་མ་རིག་པ། ། རྟོགས་པ་དངོས་པོར་ཤར་བ་ཡིན།། རྟོག་པ་ཉོན་མོངས་བརྒྱད་ཁྲི་པོ།། བསྡུས་པ་ཉོན་མོངས་ལྔ་ལ་འདུས།། ལྔ་པོ་ཆགས་སྡང་གཉིས་ལས་འདུས།། དངོས་པོ་འཁྲུལ་པའི་སྣང་བ་ཉིད།། ད་ནི་རྟོག་པའི་རོ་སྙོམས་པ། ། རྟོག་མེད་མཉམ་ཉིད་ཆོས་ཀྱི་སྐུ།། རྟོག་ནི་མ་རིག་འཁྲུལ་པ་ལ།། ངོ་སྤྲོད་སྐུ་གསུམ་གྱི་སྲེ་ཐབས་བསྟན།། སྣང་བ་རྣམ་པར་རྟོགས་པ་ལ།། རིག་པ་རྟོག་མེད་ངོ་སྤྲད་བསྟན།། འབྲིང་ལ་འོད་གསལ་འཁོར་ཨོ་བསྟན། ། ཐ་མ་ལོག་ནོན་འཁོར་ལོ་བསྟན།། ཁ་འབྱམས་སྣང་ཐོག་ཤོར་སྲིད་པས།། སྣང་བ་འོད་གསལ་འཁོར་ལོ་བསྐོར།། རིག་པ་རང་སྣང་ངོ་སྤྲོད་བསྟན།། སྣང་བ་རང་གྲོལ་འཆར་བར་འགྱུར།། སྣང་སྣང་བ་རང་གྲོལ་ཤར་ཙམ་ན། ། སྣང་བ་རིག་པའི་རང་སྒོར་གསལ།། མཁའ་ལ་འཇའ་ཚོན་ཐིམ་པ་ལྟར།། རིག་པའི་ངང་དུ་སྣང་བ་གྲོལ།། ཅིར་མཐོང་ཅིར་གྲོལ་རིག་པའི་ངང།། རང་འབྱུང་རང་གྲོལ་སྲེ་ཐབས་གསུམ། ། སྣང་བ་རིག་པ་སྲེ་བ་དང།། རིག་པ་ཡེ་ཤེས་སྲེ་བ་དང།། ཡེ་ཤེས་ཐིག་ལེར་སྲེ་བ་འོ།། དབང་པོ་རང་སྣང་གྲོལ་བ་ཡིན།། ངེས་ཤེས་རིག་པ་རང་སྣང་ཡིན།། གཏན་ཚིགས་ཐིག་ལེ་ཉག་གཅིག་ཡོད།། དྲོད་ཚད་རིག་པ་འོད་གསལ་ཡིན། ། རྟགས་མཆོག་སྣང་བ་ཡུལ་མེད་ཡིན།། འབྲས་བུ་ཐིག་ལེ་ཟང་ཐལ་ཡིན།། ཡོན་ཏན་ཐིག་ལེ་ཆོས་མིན་ཡིན།། ཐུགས་རྗེ་ཡུལ་མེད་རང་འབྱུང་ཡིན།། ཞེས་གསུངས་སོ། ། ཁ་འགུགས་སེམས་འཛིན་སྣང་ཐོག་འཆོར་སྲིད་པས།། ཁ་འབྱམས་ཁ་འགུགས་བསྲེ་བར་བྱ།། ཚོགས་དྲུག་འོད་གསལ་འཁོར་ལོ་བསྐོར།། ཚོགས་དྲུག་རང་གྲོལ་དབང་པོ་ཡིན།། རྣམ་ཤེས་འོད་གསལ་ངེས་ཤེས་ཡིན། ། འཛིན་མེད་ཟང་ཐལ་ཡིད་ཆེས་ཡིན།། འདོད་ཡོན་རྣམ་ལྔ་རྐྱེན་ཐུབ་ཡིན།། ཆགས་སྡང་རི་རབ་དྲོད་རྟགས་ཡིན།། ཆགས་པ་འདོད་ཡོན་རང་སར་གྲོལ།། འབྲས་བུ་མཆོག་ཏུ་དེ་བཤད་དོ།། ཡོན་ཏན་ཚོགས་དྲུག་ལྷུན་པ་ཡིན། ། མཐུན་དཔེ་ཉི་མ་ཤར་བ་ཡིན།། ཞེས་གསུངས་སོ།། ཁ་འབྱམས་ཁ་འགུགས་སྲེ་བ་ལ།། འགྱུ་བ་འོད་གསལ་འཁོར་ལོ་བསྐོར།། འགྱུས་ཚད་འོད་གསལ་དཔང་པོ་ཡིན།། འགྱུ་བ་རང་གྲོལ་ངེས་ཤེས་ཡིན། ། འགྱུ་བ་དྭངས་སངས་ཡིད་ཆེས་ཡིན།། འགྱུ་བ་གར་འགྱུས་རྐྱེན་ཐུབ་ཡིན།། འགྱུས་ནས་རྟོགས་པ་དྲོད་རྟགས་ཡིན།། འགྱུ་བ་དཀར་ནག་རང་སར་གྲོལ།། འབྲས་བུའི་མཆོག་ཏུ་གྲགས་བ་ཡིན། ། ཡོན་ཏན་འགྱུ་བ་རང་སར་ཡིན།། མཐུན་དཔེ་རླུང་གི་ར་ཙ་འདྲ།། ཞེས་གསུངས་སོ།། སྲེ་བ་འདྲེས་པ་འདྲེས་ཚད་གསུམ།། དྲོད་དང་རྟགས་དང་དབང་པོ་གསུམ།། ངེས་ཤེས་ཡིད་ཀྱི་རྐྱེན་ཐུབ་གསུམ།། འབྲས་བུ་ཡོན་ཏན་མཐུན་དཔེ་གསུམ། ། སྤྱི་ཡི་གདམས་པ་ངོ་སྤྲོད་ཡིན།། ཞེས་གསུངས་སོ།། ད་ནི་འགྱུ་བ་འཆུག་མེད་ངོ་སྤྲོད་དེ།། འགྱུས་དང་ཅེར་ལྟོས་ཅེར་མཐོང་དང།། ངེས་ཟིན་ཡེ་ཤེས་རང་ཤར་བས།། ཆོས་སྐུ་ཡུལ་མེད་དམྱལ་ཁམས་སྟོངས། ། ཁྱུང་ལ་བསྟོད་པ་མི་འབུལ་ཕ་ཝང་སྐུར་མི་འདེབས།། ཨེ་མ་ཧོ།། རང་འབྱུང་རང་གྲོལ་རང་འཁྱམས་པས།། ཆོས་སྐུ་སྐྱབས་ས་མ་རྙེད་དམྱལ་བས་གནོད་མ་ནུས།། ཐར་སྐུས་དྲངས་ས་མ་རྙེད་དམྱལ་དཔོན་གནོད་མ་རྙེད། ། འགྱུ་བ་ཅེར་ཟིན་སངས་རྒྱས་རང་ལ་ཤར།། མ་ཤེས་མ་རིག་འཁོར་བ་རང་ལ་ཤར།། རང་ཤར་གནད་ཤེས་ཤིན་ཏུ་དཀའ།། ཞེས་གསུངས་སོ།། ཡང་བཀའ་སྩལ་པ།། མུན་སྣང་གཉིས་སུ་མ་ཕྱེ་ན། ། ནང་ནུབ་དྲོད་ཚད་སུ་ཡིས་འཛིན།། དབྱར་དགུན་སྟོན་དཔྱིད་མ་ཕྱེ་ན།། ལོ་ཟླ་དུས་ཁྲིམས་སུ་ཡིས་འཛིན།། ནད་ལྔའི་དབྱེ་བ་མ་བྱས་ན། འཚོ་མཛད་སྨན་སྦྱོར་གང་ལ་བཏང།། འདྲེ་སྲིན་དབྱེ་བ་མ་བྱས་ན། ། བར་ཆད་ངེས་ཡིས་གངས་ཐབས་མེད།། ལྷ་འདྲོའི་དབྱེ་བ་མ་བྱས་ན།། དངོས་གྲུབ་བླངས་ཐབས་གང་ལ་བྱེད།། སངས་རྒྱས་སེམས་ཅན་མ་ཕྱེ་ན།། ཟག་བཅས་ཟག་མེད་སུ་ལ་མཚོན།། གཟུགས་འཛིན་གཉིས་སུ་མ་ཕྱེ་ན། གཉིས་མེད་ཟངས་ཐལ་སུ་ལ་བསྟན།། སྣང་སྲིད། རང་སྣང་རྣམ་དག་སུ་ལ་བསྟན།། སེམས་དང་ཡེ་ཤེས་མ་ཕྱེ་ན།། བློ་དངོས་གཉིས་མེད་སུ་ལ་བསྟན།། ཀུན་གཞི་འདས་པ་མ་ཕྱེ་ན།། རྟོགས་པ་མངོན་འགྱུར་ག་ལ་བྱ། ། ཡེ་དང་ཤེས་པ་མ་ཕྱེ་ན།། ཡེ་ཤེས་ཟང་ཐལ་སུ་ལ་བསྟན།། བག་དང་ཆགས་པ་མ་ཕྱེ་ན།། ལུས་ཀྱི་སྤོ་ལུགས་སུ་ལ་བསྟན།། ཆགས་དང་སྡང་བར་མ་ཕྱེ་ན།། དུག་ལྔའི་འཁྲུལ་པ་སུ་ལ་བསྟན། ། ཐབས་དང་ཤེས་རབ་མ་ཕྱེ་ན།། གདམས་པའི་མཐར་ཐུག་སུ་ལ་བསྟན།། སྤྱན་གྱི་དབྱེ་བ་མ་བྱས་ན།། ཡེ་ཤེས་མིག་གཅིག་སུ་ལ་བསྟན།། ལུས་ཀྱི་དབྱེ་བ་མ་བྱས་ན།། སྐུ་ལས་འདས་པ་སུ་ལ་བསྟན། ། ཐུགས་ཀྱི་དབྱེ་བ་མ་བྱས་ན།། གཉིས་མེད་ཟང་ཐལ་སུ་ལ་བསྟན།། ཡུལ་གྱི་དབྱེ་བ་མ་བྱ་ས་ན།། ཡུལ་མེད་ཟང་ཐལ་སུ་ལ་བསྟན།། ཡོན་ཏན་དབྱེ་བ་མ་བྱས་ན།། ཆོས་མེད་ཟང་ཐལ་སུ་ལ་བསྟན།། ཡེ་ཤེས་དབྱེ་བ་མ་བྱས་ན། ། ཡེ་ཤེས་ཟང་ཐལ་སུ་ལ་བསྟན།། ཅེས་གསུངས་སོ།། དབེ་ཡི་དབྱེ་བ་མ་བྱས་ན།། ལྕེ་སྤྱང་ནག་པོ་སུ་ལ་བསྟན།། མུན་སྣང་གཉིས་ཀྱི་ཕན་གནོད་མེད།། ཕན་མེད་གནོད་མེད་མ་བསྟན་ན། ། རིག་པའི་རང་སྒོ་སུ་ལ་བསྟན།། ཅེས་གསུངས་སོ།། ལྷ་འདྲེ་གཉིས་མེད་ཀྱི་རྒྱུད་ལས།། རྣམ་རྟོག་རོ་སྙོམས་ཀྱི་ལེའུ་སྟེ་བཅོ་ལྔ་པའོ།།།། དེ་ནས་ཡང་དག་བཤད་བྱ་བ།། ཉོན་ཅིག་རྡོ་རྗེ་ཆོས་ཀྱི་བློ་གྲོས་ཁྱོད། ། གསང་བ་བླ་མེད་ལྷ་ཡི་རོ་སྙོམས་བསྟན་པ་ནི།། ཐོག་མ་ལྷ་ཡི་གཞི་མ་ནི།། རང་བཞིན་ལྷུན་གྲུབ་ལྷ་ལ་ཕྱག་འཚལ་ལོ། དེ་བ་རཱ་ཛ་ན་མོ་པཱུ་ཛ་རནྟ་ཀརྨ་ནུདྷ་ཏ་ཐཱ་ག་ཏ་ས་མུ་དྲ་མ་ཧཱ་གུ་ཧྱ་ཨ་ཏི།། ཛྙཱ་ན་རཏྣ་ཕ་ལ་ཙཀྲ། ཐོག་མ་མེད་པའི་དུས་ཉིད་ནས།། རིག་པ་ལྷུན་གྱིས་གྲུབ་པའི་ལྷ།། བར་དུ་གཡུ་རྐྱེན་འོད་གསལ་གྲུབ་པའི་ལྷ།། དབང་ལྷའི་དཀྱིལ་འཁོར་ལྷ་དང་བཅས།། ཐ་མ་བཏགས་པ་མིང་གི་ལྷ།། ཡིད་ལ་སེམས་པས་བསམ་བྱ་གཟུགས་ཀྱི་ལྷ། ། དེ་ཝ་ས་མཱ་དྷི།། པཱ་ཛ་མཧཱ་གུ་ཧྱ་ཕ་ལ་ཕ་ལ།། དབང་གི་ལྷ་ནི་འོད་དཔག་མེད།། ཞི་བའི་ལྷ་ནི་མི་བསྐྱོད་པ།། དྲག་པོའི་ལྷ་ནི་རྣམ་སྣང་ཡིན།། རྒྱས་པའི་ལྷ་ནི་རིག་འབྱུང་ཡིན། ། མངོན་སྤྱོད་ལྷ་ནི་དོན་གྲུབ་བོ།། དེ་ནི་དེ་བ་རཱ་ཛ་ཕྱིའི་ལྷ།། མིག་ལ་ཁ་དོག་ལྔ་གནས་པ།། མཐིང་ཀ་དཀར་པོ་སེར་ལེ་བརྒན།། ལྗང་ཁུ་རྣམ་པ་མ་འདྲེས་རྫོགས།། རྫོགས་རིམ་ལྷ་ཡི་དབང་བསྐུར་ཡིན།། རང་གྲོལ་ལྷ་ཡི་དབང་བསྐུར་བ། ། ཙཀྵུ་ཟང་ཐལ་མི་བསྐྱོད་དབང།། ཙཀྵུ་འོད་གསལ་འོད་དཔག་མེད།། ཙཀྵུ་རང་སྣང་རྣམ་སྣང་ཡིན།། ཙཀྵུ་མི་འགྱུར་རིན་འབྱུང་སྐུ།། ཙཀྵུ་རང་འབྱུང་དོན་གྲུབ་ཆེན་པོ་ཡིན།། རྟགས་ཀྱི་གདན་ལྔ་བསྟན་པ་ནི། ། སེང་གེ་རྨ་བྱ་གླང་པོ་རྟ་དང་མཁའ་ལྡིང་གདན་སྟེངས་ན།། ཡེ་ཤེས་སྐུ་ལྔའི་དཀྱིལ་འཁོར་མ་སྒོམས་རྫོགས་པའི་དབང།། ཨཱ་བེ་ཤ་ཏ་ཐཱ་ག་ཏ་ཛྙཱ་ནབུ་དྷ་རརྣ་པ་རི་ཤུདྷ་ཡཱ།། ཞེས་སྒྲ་དང་བཅས་པའི་དབང་བསྐུར་རོ། ། གཞི་དང་ལམ་དང་དངོས་པོ་གསུམ།། དེ་ཡི་ངོ་སྤྲོད་གདམས་པ་གསུམ།། དབང་བསྐུར་རྒྱལ་པོ་ཡེ་ཤེས་དབང།། སྐད་ཅིག་གཅིག་ལ་རྫོགས་པ་ཡིན།། ཞེས་གསུངས་སོ།། ལྷ་འདྲེ་གཉིས་མེད་ཀྱི་རྒྱུད་ལས། ། གསང་བ་བླ་ན་མེད་པའི་ལྷའི་རོ་སྙོམས་པའི་ལེའུ་སྟེ་བཅུ་དྲུག་པའོ།།།། དེ་ནས་ཡང་དག་བཤད་བྱ་བ།། ཉོན་ཅིག་རྡོ་རྗེ་ཆོས་ཀྱི་བློ་གྲོས་ཁྱོད།། འབྱུང་བ་རོ་སྙོམས་བསྟན་པར་བྱ། ། ཐོག་མ་ཀུན་གཞི་ལྷུན་གྲུབ་ན།། འབྱུང་བ་ལྔ་པོ་ཡེ་ནས་འཕགས།། གཡོ་བར་བྱེད་པ་རླུང་གི་གཞི།། སྐྱེད་པར་བྱ་པ་ས་ཡི་གཞི།། སྨིན་པར་བྱེད་པ་མེ་ཡི་གཞི།། སྡུད་པར་བྱེད་པ་ཆུ་ཡི་གཞི།། ཡངས་ཤིང་གོ་འབྱེད་ནམ་མཁའི་གཞི། ། ཐམས་ཅད་འདུས་པ་འབྱུང་ཆེན་བཞི།། འབྱུང་ཆེན་གཡོས་པས་རིག་པ་འགྱུས།། དེ་ཡི་སྣང་བ་འོད་ལྔ་རྐྱེན།། གཞི་ནས་འབྱུང་བ་འོད་ཀྱི་གཞི།། འོད་གསལ་གདངས་ཀྱི་སྣང་བ་ལས།། ནང་འབྱུང་ལུས་ལ་རྣམ་པ་ལྔ་རུ་འཁྲུལ། ། གསང་བའི་འབྱུང་བ་འགྱུ་བ་འཁྲུལ་ཕྱི་མི་འབྱུང་བ་ཡུལ་ལྔ་འཁྲུལ།། དེ་ནི་འབྱུང་བའི་འཇུག་ལུགས་ཡིན།། ད་ནི་ཟློག་ལུགས་གཏན་ལ་དབབ།། རྣམ་པ་འགྱུ་བར་ངོ་སྤྲད་པས། ། ཆེན་པོ་ལྔ་ཡང་རོ་ཡང་སྙོམས།། ས་ལ་རོ་སྙོམས་རིག་པ་བསྟན།། ཆུ་ལ་རོ་སྙོམས་རིག་པ་གསལ།། མེ་ལ་རོ་སྙོམས་རིག་པ་སྨིན།། མཁའ་ལ་རོ་སྙོམས་ཟང་ཐལ་ཤར།། རླུང་ལ་རོ་སྙོམས་དབུགས་མེད་ཤར། ། ཆུ་ཡི་རོ་སྙོམས་མ་ཤེས་ན།། རིག་པ་ཆད་པའི་གོལ་ས་ཡོད།། ས་ལ་རོ་སྙོམས་མ་ཤེས་ན།། རིག་པ་འགྱུར་བའི་གོལ་ས་ཡོད།། མེ་ལ་རོ་སྙོམས་མ་ཤེས་ན།། ཡུལ་དང་ཡུལ་ཅན་གོལ་ས་ཡོད།། རླུང་ལ་རོ་སྙོམས་མ་ཤེས་ན། ། དབུགས་ལ་སྦྱར་བའི་གོ་ས་ཡོད།། མཁའ་ཡི་རོ་སྙོམས་མ་ཤེས་ན།། རྟག་པ་ཐེར་ཐུག་གོལ་ས་ཡོད།། འབྱུང་ཆེན་རོ་སྙོམས་མ་ཤེས་ན།། འབྱུང་ཆུང་མཐའ་ཡི་གོལ་ས་ཡོད། ། ཕྱི་འབྱུང་རོ་སྙོམས་བྱེད་པ་ལ།། ངོ་སྤྲོད་རྣམ་བཞིའི་དཔང་པོ་དགོས།། འབྱུང་བ་རང་གྲོལ་ངེས་ཤེས་དགོས།། འབྱུང་ལྔ་རང་སྣང་ཡིད་ཆེས་དགོས།། འབྱུང་ལྔ་འོད་གསལ་རྐྱེན་ཐུབ་དགོས།། ཆགས་འཛིན་སྟོང་ནས་དྲོད་རྟགས་དགོས། ། འབྲས་བུ་འབྱུང་ལྔ་རྒྱས་ཐེབས་དགོས།། ཡོན་ཏན་འབྱུང་ལྔ་འདས་པ་ལྔ།། མཐུན་དཔེ་འཁྱག་པ་ཆུ་ལྟ་བུ།། ནང་འབྱུང་རོ་སྙོམས་ཞེས་བྱ་བ།། ལུས་ལ་འབྱུང་བ་ལྔ་ཚད་བ།། རིག་པའི་རོ་སྙོམས་ཤིན་ཏུ་གཅེས། ། དབང་པོ་འབྱུང་ལྔ་ཆགས་དང་འཇིག་དང་སྟོང།། རི་རབ་འཇིག་པ་ལུས་པོ་ཡིན།། གླིང་བཞི་འཇིག་པ་མ་ཐིལ་བཞི་ཡིན།། གླིང་ཕྲན་འཇིག་པ་རྐང་བརྒྱད་ཡིན།། མཚོ་བདུན་འཇིག་པ་ཡུལ་བདུན་ལ། ། རི་བདུན་འཇིགས་པ་ཚོགས་བདུན་ཡིན།། ཤིང་ཆེན་འཇིག་པ་སྲོག་པ་རྩ།། ཤིང་བཞི་འཇིག་པ་རྩ་བྲན་བཞི།། རྒྱུ་སྐར་རྩ་བརྒྱད་སྒལ་ཚིགས་ལ།། ཉི་ཟླ་འཇིག་པ་མིག་གཉིས་པོ།། གཟའ་བརྒྱད་འཇིག་པ་ཚོགས་བརྒྱད་དོ། ། དགུ་ཚིགས་འཇིག་པ་གཞུང་ཡིན་ཏེ།། དགུ་ནི་སྒོ་དགུ་རང་ཆས་སོ།། ས་འཇིག་པ་ནི་ཤ་ཡིན་ནོ།། མེ་འཇིག་པས་ནི་དྲོད་ཡལ་ལོ།། རླུང་ཞིག་པས་ནི་བཀྲག་སྟོར་རོ།། ཆུ་ཞིག་པས་ནི་ལུས་གྱེས་སོ། ། ནམ་མཁའ་ཞིག་པས་སེམས་དྭངས་སོ།། འབྱུང་ཆེན་ཞིག་པས་འགྱུ་བ་མེད།། དེ་ནི་འབྱུང་བ་འཇིག་འདུས་སོ།། ཆེན་པོ་དེ་ལ་འབྱུང་ལྔ་འདུས།། དཔེར་ན་ལྕགས་ལེན་རྡོ་བཞིན་ནོ།། ཞེས་གསུངས་སོ། ། ལྷ་འདྲེ་གཉིས་མེད་ཀྱི་རྒྱུད་ལས།། སྲིད་པ་འཇིག་པའི་དུས་ཀྱི་ལེའུ་སྟེ་བཅུ་བདུན་པའོ།།།། དེ་ནས་ཡང་དག་བཤད་བྱ་བ།། ཉོན་ཅིག་རྡོ་རྗེ་ཆོས་ཀྱི་བློ་གྲོས་ཁྱོད།། ཞིག་ནས་སྟོང་པ་བཤད་པར་བྱ། ། ས་ཞིག་པས་ནི་རྟེན་མེད་དོ།། རླུང་ཞིག་པས་ནི་གཡོ་བ་མེད།། མེ་ཞིག་པས་ནི་སྨིན་བྱེད་མེད།། ཆུ་ཞིག་པས་ནི་སྡུད་བྱེད་མེད།། མཁའ་ཞིག་པས་ནི་རྒྱུ་སྐར་གཟའ་དང་ཉི་ཟླ་མེད།། ཡོངས་ལ་ཁྱབ་པའི་ནམ་མཁའ་དང། ། མཐུན་དཔེ་སྒྲུབ་པའི་ནམ་མཁའ་དང།། ཆོས་ཉིད་རང་བྱུང་ནམ་མཁའ་དང།། ངོ་བོ་ཉིད་ཀྱི་ནམ་མཁའ་དང།། ནམ་མཁའ་སྒྲ་མཐུན་ཁྱད་པར་ཆེ།། ཁབ་མིག་བུ་གའི་ནམ་མཁའ་དང། ། ཐེན་ཚེར་མིག་གི་ནམ་མཁའ་དང།། བུ་ག་སྣང་བའི་ནམ་མཁའ་དང།། ཁ་དོག་དབྱིབས་ཀྱི་ནམ་མཁའ་དང།། འབྱུང་བ་ཁྱབ་པའི་ནམ་མཁའ་དང།། ཐེག་པ་སྒོ་དང་སྦྱར་བ་ཡིན།། འབྱུང་བ་ལྔ་ལ་ཐམས་ཅད་སྣང། ། ཕྱི་ནང་འཇིག་དང་ནང་སྣང་འཇིག། གསང་བའི་འབྱུང་བ་དངོས་གཞི་གཉིས།། དངོས་པོ་ལ་ཡང་རྣམ་པ་གཉིས།། འཁྲུལ་པ་དངོས་དང་གྲུབ་མཐའ་དངོས།། འཁྲུལ་པ་དངོས་པོ་ཕྱི་ནང་གཉིས།། འབྱུང་བ་ལྔ་པོ་འཇིག་པ་ནི། ། ལས་ཀྱི་མེ་བདུན་ཆུ་གཅིག་དང།། ཐ་མ་རླུང་གིས་དེ་བཞིན་ནོ།། ཐ་མ་སྟོང་པར་གནས་པ་ནི།། ལྷུན་གྲུབ་རང་རླུང་མ་གཡོས་པར།། དེ་བར་འབྱུང་བའི་མིང་ཡང་མེད།། སངས་རྒྱས་ཐུགས་རྗེའི་མིང་ཡང་མེད། ། སེམས་ཅན་འཁོར་བའི་མིང་ཡང་མེད།། མིང་མེད་སྦྲུམ་པའི་ཚུལ་དུ་གནས།། ནང་གི་འབྱུང་བ་ཞིག་ཙམ་ན།། སེམས་ཅན་སྐྱེ་འགུལ་མི་སྣང་བས།། ཁམས་གསུམ་འཁོར་བ་མིང་ཡང་མེད།། རླུང་བཞི་སྤྱི་བཙན་སྒོ་བཙན་ཡིན། ། རང་རང་མ་མཐུན་འཇིག་ཆགས་དང།། གནས་དང་སྟོང་པ་དེ་བཞིན་ནོ།། གནས་པའི་དུས་ན་སྤྱི་ས་བ།། ཀུན་གཞི་མི་ཟད་མཛོད་ཆེན་ནས།། ཐམས་ཅད་ཚངས་པའི་སྦྲུ་མ་དེ།། དེ་ཡི་ཐམས་ཅད་ཆགས་པར་བྱེད། ། ཆགས་པའི་རྩ་བ་མ་ཆོད་ན།། འཁོར་བའི་དོང་སྤྲུགས་ཤིན་ཏུ་དཀའ།། འབྱུང་བ་ཆེན་པོརྒྱུ་གཅིག་པོ།། སྣང་བ་ཆེན་པོ་གསལ་བ་ཆེ།། རྣམ་པར་རྟོག་མེད་ལྷུན་གྱིས་གྲུབ།། དུས་གསུམ་ཀུན་གྱི་མེས་པོ་ཡིན། ། ཡང་མེས་རྩ་ནས་ཆོད་ན།། འཁོར་བ་དོང་སྤྲུགས་མི་སྲིད་པས།། སྲིད་གསུམ་སྦྱོར་བའི་རི་བོ་ཡིན།། དཔལ་ལྡན་འབྱོར་པ་ཀུན་མཁྱེན་པ།། ཡེ་ཤེས་སྒྲོལ་མ་ཁྱོད་ལ་བསྟོད།། ཁྱོད་ནི་འགྲོ་བའི་མགོན་པོ་ཡིན། ། ངོ་བོ་ལྷུན་གྲུབ་འབྲེལ་པ་ཡོད།། འབྲེལ་མེད་ནོར་བུ་རིན་ཆེན་ནོ།། དུས་གསུམ་བཞུགས་པའི་སྤྱི་གཙོ་ཡིན།། ཀུན་གཞི་ཡང་མེས་ཆེན་པོ་བྱེད།། གུས་སཔས་ཕྱག་འཚལ་བསྟོད་པར་བགྱི། ། ཞེས་སྟོན་པས་བཀའ་སྩལ་ཏོ།། ལྷ་འདྲེ་གཉིས་མེད་ཀྱི་རྒྱུད་ལས། ཞིག་ནས་གནས་པའི་ལེའུ་སྟེ་བཅོ་བརྒྱད་པའོ།།།། དེ་ནས་ཡང་དག་བཤད་བྱ་བ།། རྡོ་རྗེ་ཆོས་ཀྱི་བློ་གྲོས་ཉོན།། སྟོང་པ་མ་ཡིན་ཀུན་གཞི་ཡིན། ། དེ་ལ་ཆགས་ལུགས་བསྟན་པ་ནི།། བདག་ཅག་གཙོ་འཁོར་མ་ལུས་རྣམས།། དང་པོ་གཞི་ལ་ལུང་མ་བསྟན།། བར་དུ་འཁོར་བའི་རྩ་བར་འཁྲུལ།། ཐ་མར་རང་གྲོལ་འབྲས་བུ་ཐོབ།། རང་གྲོལ་རྒྱལ་པོ་ཡེ་ཤེས་སྤྱན། ། དེ་ཡི་སྤྱན་གྱིས་གཟིགས་པ་ལས།། རྨོངས་པའི་མིག་གིས་དེ་མི་གསལ།། ཀུན་མཁྱེན་ཡེ་ཤེས་མཛོད་འཛིན་པ། མཁྱེན་པའི་ཡེ་ཤེས་སྟོབས་ཀྱི་བདག། བདག་གིས་ཁྱོད་ལ་བཤད་པར་བྱ། ། ཁྱོད་ནི་གུས་པའི་ཚུལ་གྱིས་ཉོན།། རྒྱ་ཆད་ཕྱོགས་སུ་མ་ལྷུང་བའི།། དེ་ནས་ལྷུན་གྲུབ་ཆེན་པོ་ལགས།། དེ་ལ་སྲིད་པ་ཆགས་པ་ནི།། སྲིད་པ་སྦྱོར་བ་ལས་བྱུང་བ།། ཆེན་པོ་ང་ཡི་རྩ་བ་དེ།། སྲིད་པ་གསུམ་དུ་འབྱུང་བར་བྱེད། ། སྲིད་པའི་གཞི་རྩ་རྣམ་པ་གསུམ།། གཞི་མོ་རྣམ་གསུམ་གནད་ལ་དབབ།། རྩ་བ་རྣམ་གསུམ་ལམ་དུ་གཅེས།། དེ་ལས་བར་དོ་རྣམ་གསུམ་འབྱུང།། དེ་ལ་རྩེ་མོ་རྣ་མ་གསུམ་འབྱུང།། དེ་ཡི་ཐམས་ཅད་གཅེས་པར་བྱེད། ། གཅེས་པར་བྱེད་པའི་རྩེ་མོ་ལྔ། རྩ་བ་གསུམ་པོ་བར་དོ་གཅིག། སྲིད་པ་སེལ་བའི་འོད་པོ་ཆེ།། ཐུགས་རྗེ་འབྱུང་བའི་སོ་མཚམས་ཡིན།། ལམ་ལ་སྐྱེ་བོ་གཉིས་གྱེས་པ།། སྟག་དང་སེང་གེ་དོམ་དང་གསུམ། ། དེ་གསུམ་རྒྱུ་བའི་ལམ་པོ་ཆེ།། དེ་ལ་སྲིད་ཆགས་ལུགས་བསྟན།། ཕྱི་ནང་གསང་བ་གསུམ་དུ་སྲིད།། སྦྱོར་བའི་དགོན་པ་ལས་བྱུང་བ།། ཞེས་གསུངས་སོ།། ལྷ་འདྲེ་གཉིས་མེད་ཀྱི་རྒྱུད་ལས།། སྲིད་པ་ཆགས་པའི་རྩ་བ་བསྟན་པའི་ལེའུ་སྟེ་བཅུ་དགུ་པའོ། །།། དེ་ནས་ཡང་དག་བཤད་བྱ་བ།། རྡོ་རྗེ་ཆོས་ཀྱི་བློ་གྲོས་ཉོན།། སརྦྦ་ཀརྨྨ་ལོ་ཀ་ཀུ་རུ་ཨ་བྷི་ཥེ་ཀ་ལ་བྷི་དྷ། ཞེས་སྒྲ་སྟོན་ནོ།། ཐམས་ཅད་འཕྲིན་ལས་མི་འགགས་པས། ། འཇིག་རྟེན་དངོས་པོར་སྲིད་པའོ།། སྐྱེ་མེད་མ་རྟོགས་རང་དབང་མ་རིག་པས།། ལོ་ཀ་སརྦྦ་ཙྪད་ན།། འཁོར་བའི་གནས་ལ་ཐར་དུ་མེད།། ཁྱོད་ནི་ལེགས་པར་ཡིད་ལ་ཉོན།། ནང་གི་ཆགས་འཇིག་བསྟན་པར་བྱ། ། གཞི་དང་དངོས་པོ་བར་དང་གསུམ།། དེ་ནི་ཐུན་མོང་མ་ཡིན་ཏེ།། ཁྱད་པར་ཆགས་པ་འདི་ལྟའོ།། སྦྱོར་བའི་དགོན་པ་ལས་སྲིད་པ།། དང་པོ་རང་སྣང་ལོངས་སྐུ་དེ།། དེ་ལ་ལོངས་སྤྱོད་སྤྱོད་ཙམ་ན། ། རྣམ་ཤེས་སེམས་པ་ཚོར་དང་འདུ་ཤེས་ཆུང།། སྣང་བའི་འོད་དེ་རང་སྣང་མ་ཤེས་ཆགས།། དེ་ལས་རང་རྩལ་མ་ཤེས་སྡང།། རང་གྲོལ་མ་ཤེས་གཏི་མུག་ཡིན།། དེ་ལས་ཐིག་ལེ་གཅིག་ཏུ་འགྲིལ།། མ་རིག་སྒོ་ལྔའི་སྦུབས་སུ་ཚུད། ། སྲིད་པའི་དྲཝ་བ་རང་ལ་བྱུང།། ཐིག་ལེ་དཀར་དམར་གཅིག་ཏུ་འབྲེལ།། སྒྱུ་འཕྲུལ་དྲཝ་བ་མངོན་དུ་ཤར།། དེ་ནས་འབྲེལ་བས་མིག་ཏུ་གསལ།། གཉིས་པོ་ཉི་ཟླ་ཟུང་གཅིག་ཡིན།། མཛོད་སྤུ་ནག་ཕྲ་སྒྲོན་མེ་ཡིན། ། ཀླད་པ་དུང་ཁང་ཞེས་བྱ་བ།། རྩ་རྣམས་གདུགས་ཀྱི་ཚུལ་དུ་ཡོད།། རྣམ་པར་རྒྱལ་བའི་ཁང་བཟང་ཡིན།། དེ་ལས་སྤྱི་བོ་བདེ་ཆེན་ལ།། རྩ་ཡི་མགོ་བོ་བཞི་འབྱུང་བ།། བདུད་རྩི་གཉིས་དང་གཙུག་ཐག་གཉིས། ། ལག་ན་རྡོ་རྗེ་བཞི་ཡང་གནས།། རྣམ་པར་རྒྱལ་བའི་ཁང་བཟང་ན།། རྩ་འདབ་སུམ་ཅུ་རྩ་གཉིས་ལ།། ཉེ་དབང་སུམ་ཅུ་རྩ་གཉིས་བཞུགས།། སྤྲུལ་སྐུ་ལྷ་དབང་བརྒྱ་བྱིན་བཞུགས།། དབུས་ཀྱི་རྩ་མདུད་སྟེ་བ་ལ། ། ལྷ་ཡི་དབང་པོ་བདེ་བ་འབར།། དེ་ཡི་བྱིན་རླབས་ལྷ་རྣམས་ཀུན་ལ་འཕྲོ།། ལྷ་རྒྱུད་ཆེན་པོའི་བྱིན་རླབས་ཀྱིས།། བདེ་བ་ཆེན་པོའི་དངོས་གྲུབ་ཐོབ།། རིན་ཆེན་སྣ་བདུན་བརྡ་ཆོས་བཤད།། མིག་དང་རྣ་བ་སྣ་དང་ལྕེ། ། གློ་བ་སྙིང་དང་ལུས་པོ་བདུན།། ནོར་བུ་རིན་ཆེན་དགོངས་པ་བཤད།། ཅེས་གསུངས་སོ།། ལྷ་འདྲེ་གཉིས་མེད་ཀྱི་རྒྱུད་ལས།། ལྷའི་གླིང་ཆགས་པ་བསྟན་ཏེ།། དེ་ལ་ཆོས་བཤད་པའི་ལེའུ་སྟེ་ཉི་ཤུ་པའོ། །།། དེ་ནས་ཡང་དག་བཤད་བྱ་བ།། ཉོན་ཅིག་རྡོ་རྗེ་ཆོས་ཀྱི་བློ་གྲོས་ཁྱོད།། མི་ཡི་ཆགས་ལུགས་བསྟན་པ་ནི།། རྩ་བ་གསུམ་པོའི་རྩེ་མོ་ལ།། ཐིག་ལེ་གསུམ་དུ་འདུས་པ་ལས།། རྩ་བརྒྱད་གླིང་བརྒྱད་རྩ་བཞི་གླིང་ཆེན་བཞི། ། དབུས་ཀྱི་རི་བོ་མཆོག་རབ་སྙིང།། ཤེལ་གྱི་སྦུ་གུ་དཔག་གསམ་ཤིང།། སྙིང་པོ་ལྕགས་རི་ནག་པོ་ཆགས།། རི་བདུན་ཐིལ་བདུན་མཚོ་བདུན་ཟུར།། ཐམས་ཅད་འདུས་པས་སྣོད་དུ་ཆགས། ། ཐུགས་རྗེ་ཡས་བབས་ཤེད་བུ་རྒྱང་མ་ཡིན།། ཤེད་ལ་རོགས་ནི་རོ་མ་ཡིན།། དེ་ལ་ང་རྒྱལ་མི་རུ་ཆགས།། རྗེའུ་རིགས་ང་རྒྱལ་ཅན་དུ་ལྷོ་ན་བཞུགས།། རྒྱལ་རིགས་ཞེ་སྡང་ཅན་དེ་ཤར་ན་བཞུགས།། བྲམ་ཟེ་འདོད་ཆགས་ཁྲུས་དག་པ་ནུབ་ནའོ། ། དམངས་རིགས་ཕྲག་དོག་ཅན་དེ་བྱང།། གདོལ་པ་གཏུམ་པོ་ལས་ངན་སྤྱོད།། དེ་དག་གནས་ནས་ཀུན་ལ་རྒྱུ།། དེ་ཡི་དབུས་ཀྱི་ཐིག་ལེ་ལས།། བཅོམ་ལྡན་ཤཱཀྱ་ཐུབ་པ་ཡིས། ། རིགས་ལྔ་གནས་པ་རྩ་བའི་རྒྱུད་ལས་བཤད།། དེ་ཡང་བྱིན་གྱིས་བརླབས་ཀྱིས་བཤད།། སརྦྦ་པྲཛྙཱ་ཛྙཱ་ན་ཨུ་པ་དེ་ཤ་ཀྲ་མ་གུ་ཧྱ་ཨེ་ཀ་ཏི་ལ་བྲ་ས་ར་ཀ་ལ་དྷུ་ཧ།། ཞེས་བཤད་དོ།། ཐམས་ཅད་ཤེས་རབ་ཡེ་ཤེས་ཀྱིས། ། མན་ངག་རིམ་པ་མ་ནོར་བ།། གསང་བའི་དོན་རྣམས་མ་ཤེས་ན།། ཐིག་ལེ་ཉག་གཅིག་སྤྲོས་ལ་བསྟན།། སྤྲོས་ཀྱང་དོན་ལ་གཅིག་ལས་མེད།། ཅེས་གསུངས་སོ།། ལྷ་འདྲེ་གཉིས་མེད་ཀྱི་རྒྱུད་ལས། ། མིའི་གླིང་དུ་ཐུགས་རྗེ་རང་འབྱུང་དུ་ཆགས་པའི་ལེའུ་སྟེ་ཉེར་གཅིག་པའོ།།།། དེ་ནས་ཡང་དག་བཤད་བྱ་བ།། ཉོན་ཅིག་རྡོ་རྗེ་ཆོས་ཀྱི་བློ་གྲོས་ཁྱོད།། ལྷ་མིན་མི་མིན་ཆགས་ལུགས་བསྟན་པ་ནི།། སྙིང་ལ་སྲོག་རྩ་ཆགས་པ་ལས། ། འབྲས་བུ་སྤྱི་བོ་བདེ་ཆེན་སྨིན།། འདབ་མ་པདྨ་ལྟ་བུ་སྟེ།། མགྲིན་པའི་རྩ་ཆེན་བཅུ་དྲུག་ལ།། ལྷ་མིན་མི་མིན་བཅུ་དྲུག་ཡོད།། འོད་དང་ཉེ་བའི་འོད་དང་ནི།། སྣང་བ་དང་ནི་སྣང་གསལ་དང། ། བྱིན་དང་བདེ་དང་འཐབ་དགའ་དང།། འཐབ་བྱེད་དང་ནི་འཐབ་བྲལ་དང།། བསོད་ནམས་སྐྱེ་དང་བདེ་བ་ལྡན་དང་བཟང་སྐྱོང་དང།། དྲཝ་བ་ཅན་དང་དྲཝ་འོད་དང།། ཉི་མ་ལྟ་དང་ཉི་མེད་འོད། ། ཤིང་དང་འདྲ་བའི་རྩ་ལ་གནས།། དེ་ཡང་ཐུགས་རྗེ་ཡས་བབས་ནས།། ལྷ་མིན་རྒྱལ་པོ་ཐགས་བཟངས་རིས།། ལྷའི་འཐབ་མོ་ཁོང་ཁྲོ་རྒྱལ་དེ།། དེ་དག་དུག་ལྔ་ཐུགས་རྗེ་འཁོར་ལོ་བསྐོར།། ལྷ་མིན་གཡུལ་ཟློག་རྒྱུད་ཆེན་འདི། ། ཁོང་ཁྲོ་རྩ་བཞི་རྩད་ནས་བཅད།། ཉི་མ་ལྟ་བུར་ལྷ་ཡི་རང་འོད་བསྟན།། རང་འབྱུང་ཆོས་ཀྱི་འཁོར་ལོ་བསྐོར།། འབྱུང་པོ་རོ་སྙོམས་ཆགས་སྡང་གྲོལ།། མཚོན་ཆ་རོ་སྙོམས་བདེ་བ་འབར།། གོ་ཆ་རོ་སྙོམས་རིན་ཆེན་འབར། ། སྡུག་བསྔལ་རོ་སྙོམས་རང་གྲོལ་ཤར།། འཐབ་རྩོད་རོ་སྙོམས་ཆོས་སྐུར་འཆར།། ཤིང་ཐོག་རོ་སྙོམས་བདུད་རྩིར་འཆར།། བདེ་བ་ཆེན་པོ་ཆོས་ཀྱི་ཀློང།། རང་བྱུང་ཡེ་ཤེས་རང་ལ་ཤར། ། སརྦྦ་ལོ་ཀ་དེ་མ་ཡིན།། ཀརྨྨ་ཀུ་རུ་དྷཱ་ཏུ་ཛྙཱ་ན་ཨེ་ཀ་ཏི་ལ་རཏྣ་དཻ་ཙ་ཀྲ་མ་ཧཱ་དྷ་ཐིམ།། ཞེས་སྒྲ་བཤད་དོ།། ཐམས་ཅད་འཇིག་རྟེན་རང་སྣང་ལ།། ལྷ་མ་ཡིན་གྱི་འཕྲིན་ལས་རྫོགས།། དབྱིངས་དང་ཡེ་ཤེས་གཉིས་སུ་མེད། ། ཐིག་ལེ་ཉག་གཅིག་རང་ལ་སྣང།། རིན་ཆེན་འོད་འབར་རང་ལ་ཡོད།། འཁོར་ལོ་ཆོས་ཀྱི་ཐུགས་རྗེ་ཡིས།། མཉམ་པ་ཉིད་དུ་བསྟན་པ་ཡིན།། ཐམས་ཅད་ཆོས་ཀྱི་དབྱིངས་སུ་ཐིམ།། ཞེས་གསུངས་སོ། ། ལྷ་འདྲེ་གཉིས་མེད་ཀྱི་རྒྱུད་ལས།། ལྷ་མ་ཡིན་གྱི་ཆགས་ལུགས་དང།། དེ་ལ་ཆོས་ཀྱི་འཁོར་ལོ་བསྐོར་བའི་ལེའུ་སྟེ་ཉེར་གཉིས་པའོ།།།། དེ་ནས་ཡང་དག་བཤད་བྱ་བ།། ཉོན་ཅིག་རྡོ་རྗེ་ཆོས་ཀྱི་བློ་གྲོས་ཁྱོད། ། བྱོལ་སོང་སྲིད་པའི་ཆགས་ལུགས་བསྟན་པ་ནི།། དེ་ཡང་ཡས་བབས་རྩ་བ་གསུམ་པོ་ལས།། དྲུག་ཅུ་རྩ་བཞི་ལུང་མ་བསྟན་གྱི་གནས།། ལུང་མ་བསྟན་དེ་སྐྱེ་བའི་རྩ་བ་ནི།། མངའ་སྐྱེས་གཞོགས་སྐྱེས་རྫུས་སྐྱེས་དང། ། སྒོ་ང་དྲོད་དང་གཤེར་སྐྱེས་དང།། གནས་དང་ལས་དང་ཟས་དངལུས།། དེ་དག་ཐམས་ཅད་ལུང་དུ་མ་བསྟན་ནོ།། དེ་ཡི་དབུས་ཀྱི་ཐིག་ལེ་ལ།། བྱོལ་སོང་སེང་གེ་རབ་བརྟན་བྱོན།། ཐུགས་རྗེ་ཆོས་ཀྱི་འཁོར་ལོ་ནི། ། ལུང་དུ་བསྟན་དང་གླེང་གཞི་བསྟན།། ལུང་མ་བསྟན་པའི་སྒོ་རྣམས་ལ། ལུང་དུ་བསྟན་པའི་སྒོ་རྣམས་བཤད།། གཏི་མུག་ལུང་བསྟན་ཆོས་ཀྱི་སྐུ།། སྐྱེ་གནས་ལུང་བསྟན་ཉམས་མྱོངས་ཡེ་ཤེས་ཤར། ། འབྲས་བུ་ལུང་བསྟབ་རྡོ་རྗེའི་སྐུ།། ལས་ཀྱི་ལུང་བསྟན་རང་འབྱུང་ཡེ་ཤེས་སྤྱོད།། ཟས་ཀྱི་ལུང་བསྟན་སྣང་སྲིད་ཟས་སུ་ཟོས།། ལུས་ཀྱི་ལུང་བསྟན་མཁའ་ཁྱབ་དང་བའི་ལུས།། སརྦྦ་བཱི་ཏྟ་མུ་ལ་ཏི་ཝ་བཛྲ་ཧེ་གུ་ཧྱ་རཏྣ་ཕ་ལ་ཏནྟྲ་དྷ་རྨྨ་རཏྣ། ཙཀྵུ་ཏིརྻ་ཀ་ཛྙཱ་ན་ཙཀྲ་ཕ་ལ་མ་ཧཱ་བོ་དྷི་སྭཱ་ཏ་སྭ་བྷཱ་བ་བི་ཤུངྡྷ་ཛྙཱ་ཀ་ཡ་ཨ།། ཞེས་སྒྲ་བཤད་དོ།། ཐམས་ཅད་མ་རིག་རང་སྣང་ལ།། བྱོལ་སོང་མ་རིག་གཏི་མུག་ཆེ།། རྡོ་རྗེ་སྐུ་བསྟན་དགྱེས་པའོ། ། གསང་བ་ཆེན་པོ་རིག་ཆེན་བཟང་པོ་འདྲ།། རྒྱུད་ཀྱི་ཆོས་ཉིད་དོན་རྟོགས་ནས།། རིན་པོ་ཆེ་ཡི་མིག་ཕྱེ་བས།། བྱོལ་སོང་ཡེ་ཤེས་འཁོར་ལོ་བསྐོར།། བཟང་པོ་རང་འབྱུང་བྱང་ཆུབ་སྐུ། ། བྱང་ཆུབ་སེམས་དཔའ་ཆེན་པོ་ཡིན།། དྲི་མེད་དག་པ་ཡེ་ཤེས་སྐུ།། ཞེས་གསུངས་སོ།། ལྷ་འདྲེ་གཉིས་མེད་ཀྱི་རྒྱུད་ལས།། བྱོལ་སོང་གི་འཇིག་རྟེན་ཆགས་ལུགས་དང།། དེ་ལ་ཡང་ཐུགས་རྗེ་ཡས་བབས་ཀྱི་ལེའུ་སྟེ་ཉེར་གསུམ་པའོ། །།། དེ་ནས་ཡང་དག་བཤད་བྱ་བ།། རྡོ་རྗེ་ཆོས་ཀྱི་བློ་གྲོས་ཉོན།། ཡི་དྭགས་སྲིད་པ་ཆགས་ལུགས་བསྟན་པར་བྱ།། ཁྱོད་ནི་རྩེ་གཅིག་ཡིད་ཀྱིས་ཉོན།། དང་པོའི་རྩ་བ་གསུམ་པོ་ལས། ། རྩེ་མོ་ཆོད་པར་བྱེད་པའོ།། གསང་བའི་གནས་སུ་རྩ་གསུམ་ཆགས།། ཕྱི་ནང་སྒྲིབ་དང་སྒྲིབ་པ་ཅན།། མཁའ་ལ་རྒྱུ་བའི་འབྱུང་པོ་ཡི་དྭགས་དང།། ལས་ཀྱི་རྣམ་སྨིན་ཡི་དྭགས་དང།། གནས་པ་རྟེན་གྱི་ཡི་དྭགས་དང། ། འབྲས་བུ་གྲུབ་པའི་ཡི་དྭགས་དང།། བསམ་གྱིས་མི་ཁྱབ་བསམ་ལས་འདས།། དེ་ནས་ཐུགས་རྗེ་ཡས་བབས་པའི།། ཁ་འབར་རྒྱལ་མོ་ཐུབ་པ་ཡིས།། རྩ་གསུམ་དག་ལ་ངཽ་སྤྲད་པས།། ཕྱི་ཡི་སྒྲིབ་པ་དག་པར་བྱེད། ། ལྷན་ཅིག་སྐྱེས་གསུམ་ངོ་སྤྲད་པས།། ནང་གི་སྒྲིབ་པ་དག་པར་བྱེད།། རང་གྲོས་གསུམ་ལ་ངོ་སྤྲད་པས།། ཕྱི་ནང་སྒྲིབ་པ་དག་པར་བྱེད།། ཡུལ་མེད་རང་སྣང་ཆེན་པོ་ཡིན།། དེ་རྣམས་མཁའ་ཕྱོགས་མེད་པར་རྒྱུ། ། འོད་གསལ་ཆེན་པོར་ངོ་སྤྲད་པས།། རང་གྲོལ་འབྲས་བུ་ཆེན་པོ་ཐོབ།། ལུས་ལ་གནས་ཤིང་དབུགས་ལ་རྒྱུ།། གནས་པ་གནོད་གྱི་ཡི་དྭགས་དེ།། འགྱུ་བ་དངོས་མེད་ངོ་སྤྲད་པས།། གནས་པའི་ཡི་དྭགས་རང་སར་གྲོལ། ། ལས་རྣམས་ཐམས་ཅད་འགྱུས་ནས་བྱེད།། རྟོགས་པ་ཤེས་རབ་ལས་བྱེད་དང།། མ་རྟོགས་མ་རིག་ལས་བྱེད་གཉིས།། ལས་སུ་འདྲ་སྟེ་དངོས་མི་གཅིག། རྣམ་པར་སྨིན་པའི་ཡི་དྭགས་དང། ། རྣམ་པར་སྨིན་པའི་འབྲས་བུ་གཉིས།། འབྲས་བུར་འདྲ་སྟེ་ཁྱད་པར་ཆེ།། རྣམ་སྨིན་འབྲས་བུ་མཐར་ཐུག་པས།། ཆོས་ཉིད་ཡུལ་མེད་དགོངས་པ་ཤར།། ཅེས་གསུངས་སོ།། སརྦྦ་ལོ་ཀ་པྲེ་ཏ་ཀ་ཀརྨྨ་ཀུ་རུ་ཛྙཱ་ན་གུ་ཧྱ་རཏྣ་ཙཀྵུ། པ་རི་ཤུངྡྷ་ཨཱ། ཞེས་སྒྲ་བསྟན་ནོ།། ཐམས་ཅད་འཁོར་བ་ཡི་དྭགས་ཏེ།། འཕྲིན་ལས་མྱུར་དུ་རྫོགས་པར་བྱེད།། ཡེ་ཤེས་གསང་བ་རང་ལ་བསྟན།། རིན་པོ་ཆེ་ཡི་སྤྱན་ཆེན་ཕྱི།། སྒྲིབ་པ་ཐམས་ཅད་དག་པར་བྱེད། ། སྐྱེ་མེད་ཆོས་སྐུ་རང་ལ་སྣང།། ཞེས་གསུངས་སོ།། ལྷ་འདྲེ་གཉིས་མེད་ཀྱི་རྒྱུད་ལས།། ཡི་དྭགས་ཕྱི་སྲིད་པ་ཆགས་འཇིག་བསྟན་པ་དང།། དེ་ལ་ཐུགས་རྗེ་ཡས་བབས་ཀྱི་འཁོར་ལོ་བསྐོར་བའི་ལེའུ་སྟེ་ཉེར་བཞི་པའོ། །།། དེ་ནས་ཡང་དག་བཤད་བྱ་བ།། ཉོན་ཅིག་རྡོ་རྗེ་ཆོས་ཀྱི་བློ་གྲོས་ཁྱོད།། དམྱལ་བའི་སྲིད་པ་ཆགས་ལུགས་བསྟན་པ་ནི།། དང་པོ་རྩ་བ་གསུམ་པོ་ལས།། རྩེ་ཡི་བླ་རྩ་ནག་པོར་གྱེས། ། གཡོན་པ་མེད་ཡི་དཀྱིལ་འཁོར་ལ།། རྐང་མཐིལ་རྩ་བརྒྱད་བདག་ཉིད་ལ།། ཚ་བའི་དམྱལ་བ་བརྒྱད་དུ་སྲིད་པ་ཆགས།། དེ་ཡི་དབུས་ཀྱི་ལྟེ་བ་ལ།། ཐུགས་རྗེ་ཨ་ཝ་གླང་མགོ་བྱོན།། ཨ་མེ་རི་འབར་མའི་འཕྲེང་བ་ཡིན། ། ཞེས་གསུངས་སོ།། ན་རགཀ་ཨ་གྣེ་ཛྭ་ལ་པྲ་ཛྙཱ་པཱ་ར་མི་ཏ་ཏྲིཿད་ཛྙཱ་ན་མ་ཧཱ་ཏུ་ཨཱ། ཞེས་སྒྲ་བཤད་པས།། ཚ་བའི་དམྱལ་བ་བརྒྱད་པོ་དེ།། རང་རང་རང་བྱུང་གནས་ལས་གྲོལ།། དམྱལ་བའི་མེ་ལྕེ་འབར་བ་ལས། ། ཤེས་རབ་ཀྱིས་ནི་སྙིང་པོར་གསལ།། ཡེ་ཤེས་ཆེན་པོའི་དབྱིངས་ན་སྐྱེ་བ་མེད།། ཅེས་དོན་གསུངས་སོ།། ལྷ་འདྲེ་གཉིས་མེད་ཀྱི་རྒྱུད་ལས།། དམྱལ་བའི་གནས་སུ་ཐུགས་རྗེ་ཆོས་ཀྱི་འཁོར་ལོ་བསྐོར་བའི་ལེའུ་སྟེ་ཉེར་ལྔ་པའོ། །།། དེ་ནས་ཡང་དག་བཤད་བྱ་བ།། ཉོན་ཅིག་རྡོ་རྗེ་ཆོས་ཀྱི་བློ་གྲོས་ཁྱོད།། གྲང་བའི་དམྱལ་སྲིད་ཆགས་ལུགས་བསྟན་པ་ནི།། དང་པོ་རྩ་བ་གསུམ་པོ་ལས།། གཡས་པ་ཆུ་ཡི་དཀྱིལ་འཁོར་དུ། ། རྐང་མཐིལ་རྩ་བརྒྱད་པདྨའི་གནས།། ཟླ་བ་ཉི་མའི་བདག་ཉིད་ཅན།། དེ་ལ་རྩ་དག་ཆུ་ཡི་འཁོར་ལོ་ཤར།། དེ་ལས་གྲང་བའི་དམྱལ་བ་བརྒྱད།། དེ་ཡི་ཡས་བབས་རྩ་གསུམ་ལས། ། ཐུགས་རྗེ་ཆོས་ཀྱི་འཁོར་ལོ་བསྐོར།། ཆོས་ཀྱི་རྒྱལ་པོ་ཞེས་བྱ་བ།། ཐུགས་རྗེ་ཆོས་ཀྱི་རྒྱལ་པོའི་ཕྱིར།། ཆོས་ཀྱི་རྒྱལ་པོ་ཞེས་བྱ་བའོ།། གྲང་བ་ཆུ་ཡི་དཀྱིལ་འཁོར་ཡང།། ཞི་བ་ཆོས་ཀྱི་སྐུ་རུ་བསྟན།། ན་ག་ར་ཙ་མ་ནུ་པྲེ་ཏ་ཀ་ཡནྣེ་པྲ་ཛྙཱ་པཱར་མི་ཏཱ་ཧྲི་ད་ཡ། ། ཞེས་སྒྲ་བསྟན་ནོ།། དེའི་དོན་ནི།། དམྱལ་བའི་རྒྱལ་པོ་ཐུབ་པའི་གཙོ།། སེམས་ཅན་ཡི་དྭགས་ཆོས་ཀྱི་རྒྱལ།། ཡེ་ཤེས་སྙིང་ལ་གནས་པར་བྱ།། ཞེས་གསུངས་སོ། ། ཤེས་རབ་ཡེ་ཤེས་སྡུད་བར་བྱེད།། འགྲོ་བའི་མགོན་ལ་ཕྱག་འཚལ་ལོ།། ཆོས་རྒྱལ་ཆེན་པོས་དེ་སྐད་གསུངས།། གྲང་བའི་དམྱལ་བ་ཡེ་ཤེས་སྐུ།། དམྱལ་བ་རང་གྲོལ་ཐིག་ལེར་གདལ།། ཅེས་གསུངས་སོ།། ཉི་ཚེ་ཉེ་འཁོར་དམྱལ་བ་ནི། ། མཐིལ་གཉིས་སྲིད་པ་ཆགས་པ་ཡིན།། གཉིས་གཉིས་ལོག་པས་ཉི་ཚེ་ཡིན།། ཐུབ་པས་གཉིས་མེད་བསྟན་པ་ཡིས།། ཉི་ཚེ་རང་སར་གྲོལ་བར་བྱེད།། ཅེས་གསུངས་སོ།། ལྷ་འདྲེ་གཉིས་མེད་ཀྱི་རྒྱུད་ལས། ། གྲང་བ་ཆུ་དམྱལ་བ་དང་ཉི་ཚེ་ཉེ་འཁོར་གྱི་སྣང་བ་ལ་ཐུགས་རྗེ་རང་འབྱུང་གི་འཁོར་ལོ་བསྐོར།། བའི་ལེའུ་སྟེ་ཉེར་དྲུག་པའོ།།།། དེ་ནས་ཡང་དག་བཤད་བྱ་བ།། ཉོན་ཅིག་རྡོ་རྗེ་ཆོས་ཀྱི་བློ་གྲོས་ཁྱོད། ། རྡོ་རྗེ་དམྱལ་བའི་ཆགས་ལུགས་བསྟན།། དང་པོ་རྩ་བ་གསུམ་པོ་ལས། རྡོ་རྗེ་བུམ་པའི་རྩ་བ་རྒྱུ། རྩ་གསུམ་རྡོ་རྗེའི་དབྱིབས་སུ་ཤར།། རྡོ་རྗེ་དམྱལ་བའི་བརྟེན་པ་ཡིན།། དེ་ལ་ཐུགས་རྗེ་ཡས་བབ་པས། ། རྡོ་རྗེའི་སྐུ་དེ་འདུས་མ་བྱས།། རྡོ་རྗེ་དམྱལ་བ་འདྲེན་མཛད་པ།། དགའ་བ་དང་ནི་མཆོག་དགའ་ཡི།། ལྷན་ཅིག་སྐྱེས་པའི་བརྟེན་ས་ཡིན།། དེ་ལ་ཐུགས་རྗེ་ཡས་བབས་པས།། རྡོ་རྗེའི་སྐྱ་དེ་འདུས་མ་བྱས།། རྡོ་རྗེ་དམྱལ་བ་འདྲེན་མཛད་པ། ། དགའ་བ་དང་ནི་མཆོག་དགའ་ཡི།། ལྷན་ཅིག་སྐྱེས་པའི་དགའ་བ་དང།། དགའ་བྲལ་ཆེན་པོ་ཐུབ་པའི་སྐུ།། ཐུགས་རྗེ་ཡས་བབས་ཞེས་སུ་བཤད།། དེ་ནི་དགའ་རབ་རྡོ་རྗེ་སྤྲུལ་པའི་སྐུ།། ཐུབ་པ་བདུན་དུ་བྱུང་བ་ཡིན། ། དགའ་རབ་རྡོ་རྗེ་ཞེས་སུ་བསྟན།། སྤྲུལ་སྐུ་དགའ་རབ་རྡོ་རྗེ་དེ།། ཐུགས་རྗེ་རྩ་ཡི་ལམ་དུ་བྱུང།། ལོངས་སྐུ་རྡོ་རྗེ་སེམས་དཔའ་དེ།། འོད་གསལ་ངོ་བོ་རྩ་ཡི་ལམ་དུ་བྱུང།། ཆོས་སྐུ་ཀུན་ཏུ་བཟང་པོ་དེ།། ཡེ་ཤེས་རྩ་ཡི་ལམ་དུ་བྱུང། ། དེ་གསུམ་གཅིག་ཏུ་འདུས་པ་ནི།། ཨ་ཝ་དྷུ་ཏི་ཞེས་སུ་བརྗོད།། ཨ་ནི་སྐྱེ་མེད་ཀུན་ཏུ་བཟང།། རྩ་ནི་སྐུ་ལྔ་ཡེ་ཤེས་ལྔ།། རྡོ་རྗེ་མི་སྐྱོད་པ་ཞེས་བྱ།། དྷུ་ཏི་སྤྲུལ་སྐུ་ཐུགས་རྗེ་འབྱུང།། སྤྲུལ་སྐུ་དགའ་རབ་རྡོ་རྗེ་ཡིན།། སྐུ་གསུམ་འདུས་པས་རྡོ་རྗེ་ཡིན། ། རྡོ་རྗེ་སྐུ་དེ་འདུས་མ་བྱས།། རང་ལུས་རྟགས་ཀྱི་རྡོ་རྗེ་ནི།། སྐུ་གསུམ་རང་ལ་ཡོད་པའི་རྟགས།། ནང་གི་བཅུད་ལ་ངོ་སྤྲད་པས།། སྐུ་གསུམ་རང་ལ་འབྱུང་བའི་རྟགས།། གསང་བའི་དོན་ལ་ངོ་སྤྲད་པས།། སྐུ་གསུམ་ཐུགས་རྗེ་རང་ཆས་ཡིན། ། དེས་ནི་རྡོ་རྗེ་དམྱལ་བ་ཡིན།། རང་གྲོལ་ངོ་སྤྲོད་བསྟན་པ་ཡིན།། ན་གར་བཛྲ་ཨཛྙཱ་ཎ་ཏི་ལ་མུ་ལ་མ་ཧཱ།། ཀྲི་ཀ་པྲ་དུ་ཨ་སི།། ཞེས་ཡིས་རྩ་བཤད་དོ།། དེ་ཡི་དོན་ནི་འདི་ལྟ་སྟེ།། དམྱལ་བ་རྡོ་རྗེ་སྐྱེ་མེད་བསྟན། ། སྐྱེ་མེད་ཡེ་ཤེས་ཆེན་པོ་ཡིན།། ཐིག་པ་ཆེན་པོ་མ་བཙལ་ཤར།། སྤྲུལ་པའི་གོ་ཆ་ཆེན་པོ་ཡིན།། སྐྱེ་མེད་དབྱིངས་སྐུ་གཅིག་པར་ཐིལ།། ཞེས་གསུངས་སོ།། ལྷ་འདྲེ་གཉིས་མེད་ཀྱི་རྒྱུད་ལས།། རྡོ་རྗེ་དམྱལ་བའི་ཆགས་ལུགས་བསྟན་པ་དང། ། དེ་ལ་ཐུགས་རྗེ་ཆོས་ཀྱི་འཁོར་ལོ་བསྐོར་བའི་ལེའུ་སྟེ་ཉེར་བདུན་པའོ།།།། དེ་ནས་ཡང་དག་བཤད་བྱ་བ།། ཉོན་ཅིག་རྡོ་རྗེ་ཆོས་ཀྱི་བློ་གྲོས་ཁྱོད།། ཐུགས་རྗེ་བྱིན་རླབས་ཡས་བབས་པ།། ལམ་དང་གནས་དང་གང་ཟག་གསུམ། ། དེ་ལ་དགོངས་ནས་འབྱུང་བ་ཡིན།། ཐུགས་རྗེ་ཡས་བབས་འབྱུངབའི་དུས།། སྲིད་པ་ཡས་མར་ཆགས་པ་ཡིན།། དང་པོ་རླུང་ཡང་ཡས་བབས་པས།། དེ་ལ་རྩ་བསྟན་ཐིག་ལེ་བྱངཆུབ་སེམས།། སེམས་ལ་འབྱུང་བ་ལྔ་ཤར་བ། ། ཐུགས་རྗེ་ཡས་མར་ཆགས་པ་ཡིན།། ནམ་མཁའ་རླུང་དང་ཆུ་དང་མེ་ས་ལྔ།། རང་སྣང་ཡས་བབས་ཕྱི་རུ་ཆགས།། ཕྱི་འབྱུང་ལྔ་པོའི་གནད་མེད་ན།། ལོངས་སྐུའི་ཐུགས་རྗེ་འབྱུང་བ་མེད།། དེ་ཡང་ཐུགས་རྗེ་ཡས་བབས་ཡིན།། ནང་གི་འབྱུང་བ་ལྔ་ཡི་གནད་མེད་ན། ། ཆོས་སྐུའི་ཐུགས་རྗེ་འབྱུང་ས་མེད།། དེ་ཡང་ཐུགས་རྗེ་ཡས་བབས་ཡིན།། གསང་བའི་རྩ་གསུམ་ཡས་བབས་ཡིན།། གསང་བའི་རྩ་གསུམ་གནད་མེད་ན།། ལྷན་ཅིག་སྐྱེས་གསུམ་འབྱུང་ས་ཡིན།། རྩ་རྣམས་གཅིག་ཏུ་མ་འདུས་ན། ། རྡོ་རྗེ་ཆོས་སྐུའི་འབྱུང་ས་མེད།། དེ་ཡང་ཐུགས་རྗེ་ཡས་བབས་ཡིན།། རྩ་རྣམས་འབྲེལ་བའི་གནད་མེད་ན།། དོན་གྱི་རྒྱུད་ལ་འབྱུང་ས་མེད།། དེ་ཡང་ཐུགས་རྗེ་ཡས་བབས་ཡིན།། རྩ་རྣམས་གཅིག་ཏུ་མ་འདུས་ན།། མན་ངག་ལུང་ལ་འབྱུང་ཐབས་མེད། ། དེ་ཡང་ཐུགས་རྗེ་ཡས་བབས་ཡིན།། དེ་ཡང་ཐུགས་རྗེ་ཡས་བབས་ཡིན།། རྩ་རྣམས་རང་འབྱུང་མ་ཤེས་ན།། མན་ངག་གནད་དུ་འབྱུང་ཐབས་མེད།། དེ་ཡང་ཐུགས་རྗེ་ཡས་བབས་ཡིན།། རྩ་རྣམས་འཁྲུལ་མིག་གནད་མེད་ན། ། རྒྱུད་ལུང་མན་ངག་རྩ་བྲལ་འགྱུར།། དེ་ཡང་ཐུགས་རྗེ་ཡས་བབས་ཡིན།། རྩ་གསུམ་གཅིག་པའི་གནད་མེད་ན། ཐིག་ལེ་ཉག་གཅིག་འབྱུང་ཐབས་མེད།། དེ་ཡང་ཐུགས་རྗེ་ཡས་བབ་ཡིན།། གཅིག་པོ་རང་གྲོལ་གནད་མེད་ན། གཞི་ལམ་འབྲས་བུ་རང་གྲོལ་མེད།། དེ་ཡང་ཐུགས་ཡས་བབས་ཡིན།། ཐུགས་རྗེ་ཐམས་ཅད་ཡས་མར་བབས།། དཔེར་ནམ་མཁའ་ལ་སྤྲིན་དང་ཆར་བབས་འདྲ།། སཱུརྱ་ཙནྡྲ་ཨགྣེ་ས་ནེ་རཏྣ་ཛྙཱ་ན་གུ་ཧྱེ་མ་ཧཱ་དྷརྨཱ་དྷཱ་ཏུ་བྷི་དྷ་མ་ཧཱ་མཱུ་ལ་ས་མ་ཡཱ་བཛྲ་ཀཱ་ཡ། ། ཏི་ལ་ཨེ་ཀ་ཨ།། ཞེས་སྒྲ་བཤད་དོ།། ཉི་མ་མེ་ནི་ཤེས་རབ་རྟགས།། ཟླ་བ་ཆུ་ནི་ཐབས་ཀྱི་རྟགས།། ཐབས་དང་ཤེས་རབ་རིན་ཆེན་འཕྲེང།། ས་འདི་ཡེ་ཤེས་གསང་བ་ཆེན་པོ་ཡིན།། ཆོས་དབྱིངས་རིག་པའི་ཡེ་ཤེས་དེ། ། ཐེག་པ་ཆེན་པོའི་དོན་ཡིན་པས།། དམ་ཅན་ལ་བསྟན་པར་བྱ།། རྡོ་རྗེའི་སྐུ་དེ་འདུས་མ་བྱས།། སྐུ་གསུམ་ཐིག་ལེ་ཉག་གཅིག་གོ། སྐྱེ་བ་མེད་པར་བཤད་པ་ཡི།། ཞེས་གསུངས་སོ།། ལྷ་འདྲེ་གཉིས་མེད་ཀྱི་རྒྱུད་ལས། ། ཆགས་དང་འཇིག་དང་སྟོང་དང་གནས་པ་གསུམ།། ཐུགས་རྗེ་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྟན་པས།། གནས་ཆེན་པོ་རྟག་པ་མི་འགྱུར་བའི་ལེའུ་སྟེ་ཉེར་བརྒྱད་པའོ།།།། དེ་ནས་ཡང་དག་བཤད་བྱ་བ།། ཉན་ཅིག་རྡོ་རྗེ་ཆོས་ཀྱི་བློ་གྲོས་ཁྱོད། ། མཐོང་རྟགས་ཐེག་པའི་གྲུབ་མཐའ་དང།། རང་གྲོལ་ཆོས་མིན་གྲུབ་མཐའ་གཉིས།། ཕྱོགས་རྟོགས་ཕྱོགས་མེད་རྟོགས་པ་གཉིས།། ལམ་དུ་སྒྲ་མཐུན་ཁྱད་པར་ཆེ།། གཞི་ཡི་གྲུབ་མཐའ་ཕྱོགས་རྟོགས་དང།། ཕྱོགས་མེད་ལྷུན་གྲུབ་རྟོགས་པ་གཉིས། ། རྟོགས་བ་སྒྲ་མཐུན་ཁྱད་པར་ཆེ།། འབྲས་བུ་ཕྱོགས་རྟོགས་གྲུབ་མཐའ་དང།། མཚན་མ་རང་གྲོལ་ཕྱོགས་མེད་རྟོགས་པ་གཉིས།། རྟོགས་པ་སྒྲ་མཐུན་ཁྱད་པར་ཆེ།། གསེར་ལ་སོགས་པའི་རིན་ཆེན་དང།། ནོར་བུ་རིན་ཆེན་ཕུན་ཚོགས་པ། ། རིན་ཆེན་སྒྲ་མཐུན་ཁྱད་པར་ཆེ།། ཐེག་པ་སེམས་ཅན་བདེན་པ་དང།། རྫོགས་ཆེན་རང་སེམས་འཁྲུལ་པ་གཉིས།། སེམས་སུ་སྒྲ་མཐུན་ཁྱད་པར་ཆེ།། དབུ་མ་སྒྱུ་མར་བདེན་པ་དང།། གསང་སྔགས་སྒྱུ་མ་བརྫུན་པ་གཉིད། ། སྒྱུ་མ་སྒྲ་མཐུན་ཁྱད་པར་ཆེ།། ཉན་ཐོས་རྡུལ་ཕྲན་བདེན་པ་དང།། རང་རྒྱལ་རྡུལ་ཕྲན་སྒྱུ་མ་གཉིས།། རྡུལ་ཕྲན་སྒྲ་མཐུན་ཁྱད་པར་ཆེ།། ཨ་ནུ་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པ་དང།། རྫོགས་ཆེན་རང་ཤར་གཉིས་མེད་གཉིས། ། གཉིས་མེད་སྒྲ་མཐུན་ཁྱད་པར་ཆེ།། ཙནྡྲ་འོད་ལྡན་འཆར་བ་དང།། སཱུརྱ་འོད་ལྡན་འཆར་བ་གཉིས།། འཆར་བ་སྒྲ་མཐུན་ཁྱད་པར་ཆེ།། ཚོགས་གཉིས་བསགས་ནས་རྫོགས་བྱེད་དང།། ཚོགས་གཉིས་རང་རྫོགས་ཆེན་པོ་དེ། ། ཚོགས་ཀྱི་སྒྲ་མཐུན་ཁྱད་པར་ཆེ།། མ་ཧཱ་མུ་ལ་ཏི་ལ་ཨེ་ཀ་པྲ་ས་ར་ས་དྲུ་ཀ་ལ་པ་ཉྩ་དྷ་རཾ།། ས་མ་ཡ་མ་ཧཱ་མུ་ལ་ཨ་སི་ཨ།། ཞེས་སྒྲ་བཤད་པ།། དེའི་དོན་ནི།། ཐེག་པ་ཆེན་པོའི་ཁྱད་པར་ལས།། ཐིག་ལེ་ཉག་གཅིག་སྤྲོས་པ་ལས། ། གཉིས་མེད་དོན་རྟོགས་རང་གྲོལ་གནད།། སྐུ་ལྔ་ཐམས་ཅད་རང་ལ་གྲུབ།། དམ་ཚིག་ཆེན་པོ་དེ་ཉིད་མཁྱེན།། སྐྱེ་བ་མེད་པར་རང་ལ་གྲུབ།། ཅེས་གསུངས་སོ།། ལྷ་འདྲེ་གཉིས་མེད་ཀྱི་རྒྱུད་ལས།། ཐེག་པའི་རང་གཞུང་གྲུབ་མཐའ་སྟེ། ། དེ་ལ་ཐུགས་རྗེ་ཡས་བབས་ནས།། མཐར་ཐུག་འབྲས་བུ་བསྟན་པའི་ལེའུ་སྟེ་ཉེར་དགུ་པའོ།།།། དེ་ནས་ཡང་དག་བཤད་བྱ་བ།། ཉོན་ཅིག་རྡོ་རྗེ་ཆོས་ཀྱི་བློ་གྲོས་ཁྱོད།། དེ་ནི་གནད་ཀྱི་ངོ་སྤྲོད་བསྟན་པར་བྱ། ། འགྱུ་བ་ལྟ་ལྟངས་ཕྱི་ཡི་གཟེར།། འདྲེ་ཀུན་ངོ་ཡིས་བཟུང་བ་དང།། སེམས་འཛིན་དམིགས་གཏད་མི་དགོས་དང།། འོད་གསལ་འཁོར་ལོ་བསྐོར་བ་ནི།། ཕྱི་ལྟར་བཤད་པའི་གདམས་པ་ཡིན།། ལྟ་ཐབས་གཅིག་གིས་ཐམས་ཅད་མཐོང། ། དཔེར་ན་ཟ་འོག་གུར་ཁྱིམ་ལ།། མ་འདྲེས་རྫོགས་པར་མཐོང་བ་ལྟར།། ལྟ་ཐབས་གཅིག་པོའི་མན་ངག་གཅེས།། ཆོས་རྣམས་སྤྱི་དང་རང་གི་མཚན་ཉིད་ཀྱི།། ལྟ་ཐབས་གཅིག་གིས་སྒྲོ་འདོགས་གཅོད།། དཔེར་ན་མེ་ལོང་བཞིན་བསྟན་ལྟར། ། ཐམས་ཅད་རང་བཞིན་ས་ལེ་རྟོགས།། ལྟ་ཐབས་གཅིག་གིས་འགྲོ་དྲུག་མཐོང།། འགྲོ་དྲུག་སྤྱི་བཙན་སྒོ་བཙན་རྣམས།། ནམ་མཁའི་གཟའ་སྐར་མཐོང་བ་ལྟར།། མ་རིག་བདར་ཤ་ཆོས་པར་རྟོགས།། ལྟ་ཐབས་གཅིག་གིས་ཐིག་ལེ་ཉག་གཅིག་མཐོང། ། ལག་ཏུ་མན་ཤེལ་བཞག་པ་ལྟར།། ཕྱི་ནང་མེད་པར་ཟང་ཐལ་ཤར།། ཤེས་བྱའི་སྒྲིབ་རྫོགས་རང་གྲོལ་རྟོགས།། ཞེས་གསུངས་སོ།། ལྷ་འདྲེ་གཉིས་མེད་ཀྱི་རྒྱུད་ལས།། ཕྱི་ནང་གཉིས་ལ་གཟེར་གདབ་པའི་གཏན་ཚིགས་ཀྱི་གཟེར། ། བསྟན་པ་དཔེར་གཟེར། མཐོང་བ་ཚིག་གི་གཟེར། ཚིགས་རྣམས་དོན་གྱི་གཟེར་གདབ་པའི་ལེའུ་སྟེ་སུམ་ཅུ་པའོ།།།། དེ་ནས་ཡང་དག་བཤད་བྱ་བ།། ཉོན་ཅིག་རྡོ་རྗེ་ཆོས་ཀྱི་བློ་གྲོས་ཁྱོད།། གསང་དང་ཡང་གསང་གཟེར་བཤད་དོ། ། དེ་ལ་ཚུལ་དྲུག་དཔེ་དང་དོན་དང་གསུམ།། གསང་བ་བསྐུར་ཚུལ་ཉམས་དག་ལས།། རང་འབྱུང་ཡེ་ཤེས་ཐིག་ལེའོ།། བླ་ན་མེད་པའི་གཟེར་ཆེན་ནི།། དཔེ་ཡི་གཟེར་གྱི་ངོ་སྤྲོད་གཅེས།། རྟགས་ཀྱི་གཟེར་ཐབས་འབྲེལ་བ་གཅེས། ། བརྡ་གཅིག་བསྟན་པས་དོན་རྣམས་འཆར།། བརྡ་ཡི་གཟེར་ནི་རྟགས་ལ་བསྟན།། རྟགས་དེ་དོན་ལ་འཆར་བར་འགྱུར།། ཞེས་གསུངས་སོ།། ལྷ་འདྲེ་གཉིས་མེད་ཀྱི་རྒྱུད་ལས།། ཕྱི་ནང་གསང་བ་གབ་པ་ཐུགས་རྡོལ་བའི་ལེའུ་སྟེ་སོ་གཅིག་པའོ། །།། དེ་ནས་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོས།། རྡོ་རྗེ་ཆོས་ཀྱི་བློ་གྲོས་ལ།། ཐར་པའི་ལམ་ཆེན་རྒྱུད་ཀྱི་རྒྱལ་པོ་འདི།། བྱིན་རླབས་རྒྱལ་པོའི་རྒྱུད་དུ་ཟུང།། ལྷ་དང་འདྲེ་སྲིན་མི་གྲོལ་བས།། ལྷ་འདྲེ་གཉིས་མེད་རྒྱུད་དུ་ཟུང། ། ཐམས་ཅད་མ་ལུས་རྫོགས་པས་ན།། ཀུན་འདུས་ཐིག་ལེའི་རྒྱུད་དུ་ཟུང།། ཞེས་གསུངས་སོ།། རྡོ་རྗེ་ཆོས་ཀྱི་བློ་གྲོས་དང།། མཁའ་འགྲོ་མ་ཉི་མའི་སེང་གེ་རྗེས་སུ་ཡི་རངས་སོ།། ལྷ་འདྲེ་གཉིས་མེད་ཀྱི་རྒྱུད་ལས།། རྒྱུད་གཏད་པའི་ལེའུ་སྟེ་སོ་གཉིས་པའོ།།།། ཆོས་ལས་འདས་པའི་རྒྱུད་རྫོགས་སོ། མངྒལཾ་
CLOSE WINDOW