CLOSE WINDOW

Gpb039.009:
Wylie

། སྱ་མྱ་ཡ། གཟའ་བདུད་རྒྱལ་པོས་བཀའ་འདི་སྲུངས་ཅིག། སྱ་མྱ་ཡ། རྒྱུ་རྒྱུ་རྒྱི། གཏེར་བརྒྱ། ཟབ་བརྒྱ་དེ་རྒྱའོ།། །། །། བཅོམ་ལྡན་འདས་རང་བྱུང་གི་རིག་པ་ལ་ཕྱག་འཚལ་ལོ། ། རྡོ་རྗེ་གདན་གྱི་ནུབ་ཕྱོགས་སུ།། རིམ་པ་གཉིས་པ་གྲོང་ཁྱེར་དུ། ཡབ་ནི་བྲམ་ཟེ་ལེགས་ལྡན་ཏེ།། ཡུམ་ནི་སྣང་ལ་སྒྲོལ་མའི་བུ།། འཇམ་དཔལ་བཤེས་གཉེན་ཆེན་པོ་ནི།། དུར་ཁྲོད་སོ་ས་གླིང་དུ་བཞུགས། ། སིང་ཧ་ཉིད་ལ་གདམས་པ་གཏད།། སོ་སའི་གླིང་དུ་འོད་ལུས་ཡལ།། དེ་དུས་སིང་ཧས་སྨྲེ་སྔགས་བཏོན།། དེ་ཚེ་ནམ་མཁའི་དབྱིངས་རུམ་དུ།། གདུང་བ་གཅད་ཕྱིར་ཞལ་ཆེམས་ནི།། དགོངས་ཉམས་དྲུག་པ་ཞེས་བྱར་གྲགས། ། དེ་ཡི་དགོངས་ཚིག་འདི་ལྟར་རོ།། ཨེ་མ་ཧོ། བདག་འཛིན་རྩ་བ་བཅད་ནས། བྱུང་གནས་འགྲོ་གསུམ་གཏོར་གཞིག་བྱེད་རིགས་པས་བརྟགས་པས་རང་རིག་རྗེན་པར་བུད།། རྗེན་པ་དེ་ཉིད་བལྟས་པས་བདག་འཛིན་རྟོག་པ་བྲལ། ། རྟོག་བྲལ་ངང་ལ་གནས་པས་སྟོང་ངལ་སྒོ་ལྔ་བྱེ། སྒོ་ལྔ་རང་ལུགས་བཞགས་པ་ཆོས་ཉིད་མ་དང་མཇལ།། དེ་ལ་གོམས་པའི་སྐྱེས་བུས་སྐུ་གསུམ་འབྲས་བུ་ཐོབ། ། འཁོར་འདས་ཤན་འབྱེད་ཚིག་དྲུག་དགོངས་ཉམས་དང་པོའི།། རང་རིག་བདག་ཏུ་མེད་པའི་རིག་སྟོང་རྗེན་པ་འདི།། སྟོང་གདངས་མ་འགགས་རང་བཞིན་ངང་ལས་གཉིས་མེད་གསལ།། ཇི་ལྟར་གསལ་ཡང་སྟོང་གསལ་གཉིས་མེད་ཉག་གཅིག་གོ། ཉག་གཅིག་འཁོར་འདས་ཀུན་གྱིས་གཞི་ལམ་འབྲས་བུ་གནས།། དེ་ཤེས་ཡེ་ཤེས་ཆེན་པོ་ལྔ་དང་ལྡན།། ཆེན་པོ་ལྔ་དང་ཉག་གཅིག་ཐིག་ལེ་ལྔ་རྫོགས་སོ།། ཚིག་དྲུག་དགོངས་ཉམས་གཉིས་པའོ། ། སྱ། རིག་སྟོང་སྐུ་ལ་གསལ་ཞིང་འགྱུར་བ་མེད།། སྟོང་པ་མི་འགྱུར་ཆོས་དབྱིངས་ནམ་མཁའ་ལྟ་བུའོ།། གསལ་བ་མི་འགྱུར་ཉི་ཟླ་གཟའ་བྲལ་ལྟ་བུའོ།། ཐུགས་རྗེ་ཀུན་ལ་ཁྱབ་ཅིང་དོན་ལ་འགྱུར་བ་མེད། ། སྟོང་པ་གསལ་ལ་མ་འགགས་སྣ་ཚོགས་ཅིར་ཡང་དོན་མི་འགྱུར།། རང་བྱུང་རང་ཤར་རང་གྲོལ་རང་རིག་རང་སར་རྫོགས་སོ།། ཚོགས་དྲུག་དགོངས་ཉམས་གསུམ་པའོ།། གཞི་རང་བབ་རང་ལུགས་བཞག་པ་དགོངས་པའི་གནད། ། སྤྱོད་པ་དྲན་འཛིན་དང་བྲལ་བ་དགོངས་པའི་གནད།། ཚོགས་དྲུག་དགོངས་ཉམས་བཞི་པའོ།། ཉོན་མོངས་རྣམ་རྟོག་གི་རྩ་བ་སྐྱང་འདེད་དུ་ཐོང།། རིག་པ་རང་ཐོགས་སུ་གྲོལ་བ་དགོངས་པའི་གནད། ། སྒོམ་ཉམས་སྣང་གིས་རྟག་ཚད་རྒྱ་མཚོ་རུ་སྦོས།། ནང་ཡེ་ཤེས་ཀྱིས་སྒྲོན་ཆེན་ནམ་མཁའ་ལ་ཁྱོགས།། བར་གྲུལ་བུམ་གྱིས་བྲུ་གུ་གྲག་བར་དུ་གསོལ།། རང་རིག་ཆོས་ཉིད་དུ་གྲོལ་བ་དགོངས་པའི་གནད་དོ། ། དགོངས་ཉམས་ལྔ་པའོ།། མི་དགེ་རྒྱབ་ཏུ་བོར་ན་དགེ་བ་རང་ཁ་ལ། འཁྲུལ་བའི་དེ་ཉིད་རྟོག་ན་ཆོས་ཅན་རང་སར་གྲོལ།། ངར་འཛིན་འགོང་པོ་ཐུལ་ན་བྱང་ཆུབ་ཚུལ་མི་དགོས།། གང་ཡང་གཟུང་འཛིན་མེད་ན་འཁྲུལ་པ་ཀ་ནས་དག། ཆོས་རྣམས་རྒྱུད་ཐོག་ཁལ་ན་ཆོས་ཅན་སྟུབས།། དེ་ལས་བསླབ་རྒྱུད་མེད་ན་དབྱིངས་ལས་འདས།། ཚིག་དྲུག་དགོངས་ཉམས་དྲུག་པའོ།། ཚིག་བར་སུམ་ཅུ་སོ་དྲུག་ཡོད། ། ཞལ་ཆེམས་དགོངས་ཉམས་དྲུག་པ་འདི།། ཟབ་ཕྱིར་གཏེར་དུ་སྦས་པའོ།། ཕྱི་རབས་ལས་ཅན་བུ་དང་སྤྲོད།། སྱ་མྱ་ཡ། གཏེར་རྒྱ། སྦས་རྒྱ། གཟའི་རྒྱལ་པོས་ཐུབ་པར་སྲུངས་ཅིག།། བྱང་ནུབ་ཨུ་རྒྱན་ཡུལ་དུ་རྨད་གྲགས་ཆོས་ཀྱི་དབྱིངས་དུར་ཁྲོད་སྲུང། བྱང་ཤར་ལི་ཡུལ་དུ་འགེའུ་དོ་ཤན་དུར་ཁྲོད་སྲུང། མཆོད་རྟེན་འདི་བརྒྱད་ནི་དུར་ཁྲོད་ཀྱི་མ་བརྒྱད་དོ།། འདི་ནི་འཇིག་རྟེན་ལས་འདས་པའི་དུར་ཁྲོད་ཀྱི་མ་བརྒྱད་དོ། ། འཇིག་རྟེན་ལས་འདས་པའི་དུར་ཁྲོད་ནི། ཕྱོགས་སྐྱོང་བ་བརྒྱད་ཡིན་ནོ།། འདི་བརྒྱད་ད་དུང་སྲིན་མོའི་སན་གནས་སོ།། དེའི་ནང་རོལ་ན་བདུད་ཀྱི་བུ་མོ་བཞི་གནས་ཏེ། སྲིན་མོ་ཟ་བྱེད་མེད་ཅེས་བྱ་སྟེ། མེ་ཟ་མོ་དང། བྲག་གྱོན་མོ་དང། ཆུ་འབེབས་མ་དང། རླུང་འབྱིན་མ་དང་བཞི་གནས་ཏེ། ཧེ་རུ་ཀ་དཔལ་རྡོ་རྗེ་སེམས་དཔའ་དེས། བདུད་ཀྱི་ཆ་ལུགས་སུ་སྤྲུལ་ནས། དཔལ་ཤྲཱི་ཧེ་རུ་ཀའི་ཆ་བྱད་སྤྲུལ་ནས། སྲིན་མོ་དེ་རྣམས་ཀྱིས་མཐོང་སར་བྱོན་པ་དང། སྲིན་མོ་དེ་རྣམས་ཀྱིས་བལྟས་ནས། སྤྱིར་བདག་ཅག་གི་ཁྱོ་ཡང་འདྲ་ན། དེ་བས་ཀྱང་གཟི་ཆེ་ལ་ཆ་བྱད་མཛེས་པ་དང་ལྡན་པ་ཞིག་མཐོང་ནས་ཆགས་སེམས་སྐྱེས་ནས། བཅོམ་ལྡན་འདས་ཀྱིས་ཕྱག་རྒྱ་བཞིས་བསྡམས་དེ་དབང་དུ་བསྡུས་སོ།། དེའི་ནང་རོལ་ན་བདུད་ཀྱི་ཉེ་གནས་མ་སྲིན་མོ་ཀོར་ཏི་ཤྭ་རི་ཞེས་བགྱི་བ། ནག་མོ་ཆེན་མོ་རལ་པ་ཅན་མགོ་དགུ་ཡོད་པ། མིག་ནས་མེ་འབར་བ། ཁ་ནས་མིའི་ལྷ་བ་རྐང་བྲ་བ་ཞག་འཛག་པ། ངོས་བཞི་ནས་མེ་འབར་བ་ཞིག་གིས་བསྟན་ནས། སྤྱིར་ན་རང་གི་ཁྱིམ་བདག་མ་ཏྲང་ཀ་རུ་ཡང་འདྲན། དེ་བས་ཀྱང་མཚན་མ་སྔོན་མ་མཐོང་བ་འདྲ་བ་ན། གཟི་བྱིན་དང་བརྗིད་དང་ལྡན་པ། འོད་ཟེར་ཕྱོགས་བཅུར་འཕྲོ་བ་ཞིག་མཐོང་ནས། འདོད་ཆགས་དང་ཆགས་སེམས་ཀྱིས་ནོན་ནས། དབང་མེད་པར་ནང་ནས་ཕྱིར་ཕྱུང། ཕྱི་ནས་ནག་དུ་ཞུགས་ཏེ་བལྟས། བཅོམ་ལྡན་འདས་ཀྱིས་ཞལ་འཛུམ་པ་དང། འཇིགས་པའི་ཚུལ་བསྟན་པས། མོས་འཛུམ་པ་བསྟན་པ་ཡང་གཟིགས་ནས། བཅོམ་ལྡན་འདས་ཀྱི་ནམ་མཁའ་ལ་ཧཱུཾཿམཐིང་ན་གཅིག་དམིགས་ནས། དུར་ཁྲོད་ཀྱི་བདག་པོ་འདུལ་བའི་ཏིང་ངེ་འཛིན་ལ་དམིགས་ནས་ཧཱུཾ་ཞེས་བརྗོད་པས། མོས་བསམ་པས་འདི་དང་གཉིས་སྦྱོར་བ་བྱས་ཀྱང་རུང་ངམ་བསམ་བྱས།། ནམ་གྱི་སྲོད་ལ་དགའ་ནས་ཧེ་ཞེས་ནརྗོད། ། ནམ་གྱིས་གུང་ལ་ཧུ་ཞེས་བརྗོད། ཐོ་རངས་ཀ་ཕཊ། ཅེས་བརྗོད་པས། ནམ་ལངས་ནས་རྒྱུ་འབྲས་ལས་སྤྲུལ་པའི་སྲས་སྔོན་ག་རལ་པ་ཅན་དབུ་དགུ། གཡས་དཀར། གཡོན་དམར། དབུས་མཐིང་བ། དབུའི་བར་བ་གཡས་སར། གཡོན་ལྗང། དབུས་དམར། དབུ་ཐ་མ་གཡས་དཀར། གཡོན་ལྗང། དབུས་སེར་བྱ་བ། ཕྱག་བཅོ་བརྒྱད་པ། དང་པོ་གཉིས་རྡོ་རྗེ་རྩེ་དགུ་པ་དང་དུང་ཆེན་དམར་གྱིས་བཀང་བ་འཁྲུག་ཅིང་གསོལ་བ། དེའི་འོག་མ་གཉིས་ཏི་རའི་གློ་སྙིང་འབྱིན་ཅིང་ཟབ། དེའི་འོག་མ་གཉིས་པ་སུ་ཏའི་རྒྱུ་མ་སྡོག་པ། དེའི་འོག་མ་གཉིས་ཉི་ཟླ་ཐུགས་ཀར་འཛིན་པ། དེའི་འོག་མ་གཉིས་བྱ་ཁྱུང་དང་འུག་པ་འཛིན་པ། དེའི་འོག་མ་གཉིས་རྡོ་རྗེ་རྩེ་ལྔ་དང། མུ་སུ་ར་རྩེ་གསུམ་པ་བསྣམས་པ། དེའི་འོག་མ་གཉིས་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་བསྣམས་པ། ཐ་མ་གཉིས་གསེར་གྱི་རྟེའུ་ཆུང་དང་སྲུང་ཡབ་བསྣམས་པའོ།། ཞབས་བརྒྱད་མ་ཧཱ་དེ་བ་ཕོ་མོ་དང། ཚོགས་ཀྱི་བདག་པོ་ཕོ་མོ་དང། བྱིན་ཡ་ཀ་ཕོ་མོ་དང། མ་ཧཱ་ཀཱ་ལ་ཕོ་མོ་དང་བརྒྱད་ཕྱོགས་བཞིར་བརྫི་བའོ།། དུར་ཁྲོད་ཀྱི་རྒྱན། སྤྲུལ་གྱི་སྐ་རགས་དང། ཐོད་འཕྲེང་གི་རྒྱན། ཞིང་གི་ཡ་བ་བསྐོར། གླང་ཆེན་གྱི་ཀོ་རློན། ། དམ་ཚིག་ཆེན་པོའི་དཀྱིལ་འཁོར་ནས།། ཕོ་ཉ་མོ་སྟེ་དྲུག་ཅུའི་གཙོ།། ཤ་ཆེན་ཁྲག་ལ་ལོངས་སྤྱོད་པའི།། རྡོ་རྗེ་ཡེ་ཤེས་མཆོག་ལ་ཕྱག་འཚལ་ལོ། ཁྲག་གི་རྒྱ་མཚོའི་དཀྱིལ་འཁོར་ནས།། རྡོ་རྗེ་དྲ་བའི་འཕྲེང་ཐོགས་ཤིང། ། འཕྲིན་ལས་འབྱུང་པོ་ཀུན་འདུལ་མ།། རྡོ་རྗེ་འོད་གྲགས་མ་ལ་ཕྱག་འཚལ་ལོ།། མེ་དཔུང་འབར་བའི་དཀྱིལ་འཁོར་ནས།། ཞགས་པ་སྟོང་གི་གདེང་ལྡན་ཞིང།། བྱང་ཕྱོགས་རང་གི་འཁོར་འདུལ་མ། ། རྡོ་རྗེ་འོད་འཕྲོ་མ་ལ་ཕྱག་འཚལ་ལོ།། དབང་ཕྱུག་ཆེན་པོའི་དཀྱིལ་འཁོར་ནས།། འགྲོ་བ་ཀུན་གྱི་ཚེ་སྲོག་བདག། དམ་ཚིག་ཉམས་ན་སྒྲོལ་བྱེད་མ།། བཀའ་ལས་འགལ་བའི་སྙིང་འཕྲོག་མ་ལ་ཕྱག་འཚལ་ལོ། ། གླིང་བཞི་མགྱོགས་མ་ལྷ་ཡི་སྲིད།། སྐུ་ལ་བྱ་རྒོད་ཐུལ་བ་གསོལ།། ཐུགས་དམ་རྣལ་འབྱོར་གྲོགས་ལ་བརྩོན།། ལྷ་ཡི་སྲིང་ལ་ཕྱག་འཚལ་ལོ།། མཁའ་ལ་ཁྱུང་ལྡིང་གཤིན་རྗེའི་སྲིང།། སྐུ་ལ་སྟག་གི་ཐུལ་པ་གསོལ། ། ཐུགས་དམ་རྣལ་འབྱོར་གྲོགས་ལ་བརྩོན།། གཤིན་རྗེའི་སྲིང་ལ་ཕྱག་འཚལ་ལོ།། དམར་མོ་གཡག་ཐོང་ཀླུ་དབང་སྲིང།། སྐུ་ལ་ཆུ་སྲིན་ལྤགས་པ་གསོལ།། དམ་ཚིག་ཅན་ལ་བརྩེ་དགོངས་ཞིང། ། ཀླུ་དབང་སྲིང་ལ་ཕྱག་འཚལ་ལོ།། ནག་མོ་སྡེར་ཆགས་གནོད་སྦྱིན་སྲིང།། སྐུ་ལ་རྨ་བྱའི་ཐུལ་བ་གསོལ།། དམ་ཚིག་ཅན་ལ་བརྩེ་དགོངས་པའི།། གནོད་སྦྱིན་སྲིང་ལ་ཕྱག་འཚལ་ལོ།། དཔའ་བོ་ཆེན་པོ་ལས་རྣམས་ཀུན་བྱེད་པས། ། མཐིང་ནག་རལ་གྲི་བན་དྷ་བསྣམས། གང་ལ་དམིགས་པ་སྒྲོལ་བར་བྱེད། རྡོ་རྗེ་གིང་ཆེན་ཁྱོད་ལ་ཕྱག་འཚལ་ལོ། ཁྲོ་མོ་ཆེན་མོ་ཁམས་གསུམ་དབང་སྡུད་མ།། སྟོ་ནག་ཐོད་ཁྲག་འཇམ་དཔལ་ཐོགས། ། སྒྲོལ་བའི་ལས་ལ་འབའ་ཞིག་དགེས།། རྡོ་རྗེ་གིང་མོ་ཁྱོད་ལ་ཕྱག་འཚལ་ལོ།། རྡོ་རྗེ་གིང་ཆེན་འཇོམས་པ་ནི།། སྨུག་ནག་རྡོ་རྗེ་ཐོ་བ་ཐོགས།། བགེགས་ཀྱི་དཔུང་ཡང་ཡུད་ཀྱིས་འཇོམས།། རྡོ་རྗེ་གིང་ཆེན་ཁྱོད་ལ་ཕྱག་འཚལ་ལོ། ། རྡོ་རྗེ་གིང་ཆེན་གཤིན་རྗེ་ནི།། མཐིང་ནག་བེ་ཅོན་དགྲ་སྟ་བསྣམས།། མ་ལུས་སྒྲོལ་བའི་གིང་ཆེན་པོ།། རྡོ་རྗེ་གིང་ཆེན་ཁྱཽད་ལ་ཕྱག་འཚལ་ལོ།། རྡོ་རྗེ་གིང་ལྕམ་མཐུ་མོ་ཆེ།། ལྗང་ནག་ལྕགས་ཀྱི་ཐོ་བ་ཐོགས། རྦོད་གཏོང་བཅོལ་བ་ལེན་པར་བྱེད།། རྡོ་རྗེ་གིང་མོ་ཁྱོད་ལ་ཕྱག་འཚལ་ལོ།། རྡོ་རྗེ་གིང་ལྕམ་རྩལ་མོ་ཆེ།། མཐིང་ནག་རྡོ་རྗེ་དགྲ་སྟ་བསྣམས།། འཕྲིན་ལས་རྣ་སྙན་ཕྲ་མ་ཟེར།། རྡོ་རྗེ་གིང་མོ་ཁྱོད་ལ་ཕྱག་འཚལ་ལོ། ། རྡོ་རྗེ་གིང་ལྕམ་སྟོབས་མོ་ཆེ།། སེར་ནག་ལག་ན་ཐོད་པ་ཐོགས།། འཕྲིན་ལས་ཚོགས་ཀྱི་ཕྱག་འཚལ་བྱེད།། རྡོ་རྗེ་གིང་མོ་ཁྱོད་ལ་ཕྱག་འཚལ་ལོ།། རྡོ་རྗེ་ཀ་ཏར་གིང་ཀ་ར།། དམར་གནག་ཀ་ཏར་བན་དྷ་ཐོགས། ། མྱུར་དུ་སྒྲོལ་བའི་འཕྲིན་ལས་མཛད།། རྡོ་རྗེ་གིང་ཆེན་ཁྱོད་ལ་ཕྱག་འཚལ་ལོ།། རྡོ་རྗེ་གིང་ཆེན་སྤྱང་ཀི་ནི།། དམར་ནག་སྦྱང་མགོ་སྤུ་གྲི་ཐོགས།། གསོད་པའི་ལས་ལ་རབ་ཏུ་དགེས། ། རྡོ་རྗེ་གིང་ཆེན་ཁྱོད་ལ་ཕྱག་འཚལ་ལོ།། རྡོ་རྗེ་གིང་ཆེན་རོལ་པ་ནི།། དམར་ནག་བན་དྷ་འཕལ་ཚབ་བསྣམས།། དགྲ་བགེགས་མ་ལུས་ཉལ་ཐག་གཅོད།། རྡོ་རྗེ་གིང་ཆེན་ཁྱོད་ལ་ཕྱག་འཚལ་ལོ།། རྡོ་རྗེ་གིང་ལྕམ་དབང་སྡུད་ནི། ། ལྗང་ནག་རྡོ་རྗེ་ལྕགས་ཀྱུས་འདྲེན།། གང་ལ་དམིགས་པ་ཡུད་ཀྱྀས་སྒྲོལ།། རྡོ་རྗེ་གིང་ལྕམ་ཁྱོད་ལ་ཕྱག་འཚལ་ལོ།། རྡོ་རྗེ་གིང་ལྕམ་དབང་སྒྱུར་མ། ཁམས་གསུམ་ཞིང་གི་གཡབ་མོས་འདེབས། ། དེའི་དོན་ནི་གཞུང་དུ་མ་དག་ལས་རྒྱ་ཆེར་བྱུང་ངོ།། ཚོགས་རྒྱུད་ཆེན་པོ་ལས། བསྒྲུབ་པའི་ལེའུ་སྟེ་བཅུ་གསུམ་པའོ།།།། དེ་ནས་ཚོགས་ཀྱི་སྤྱོད་པ་ནི་དོན་རྣམ་པ་གསུམ་སྟེ། ཚོགས་ཀྱི་སྤྱོད་པ་ཐབས་དང་ཤེས་རབ་ཏུ་སྤྱོད་པ་དང། ཚོགས་ཀྱི་སྤྱོད་པ་སྤོང་ལེན་མེད་པར་སྤྱོད་པ་དང། ཚོགས་ཀྱི་སྤྱོད་པ་འཆིང་གྲོལ་མེད་པར་སྤྱོད་པའོ། དེ་ལ་ཚོགས་ཀྱི་སྤྱོད་པ་ཐབས་དང་ཤེས་རབ་ཏུ་སྤྱོད་པ་ནི། ཡོ་ག་ཕྱི་མ་མན་ཆད་ཀྱི་སྒོར་ཞུགས་པ་རྣམས་ཀྱིས། ཚོགས་ཀྱི་མཆོད་པ་ལྟ་ཅི་སྨོས་ཀྱིས། འདོད་པའི་ཡོན་ཏན་གང་ལ་ཡང་སྐྱོན་དུ་ལྟ་བའི་ནང་ནས་ཀྱང། ཐབས་དང་ཤེས་རབ་འཆིང་པའི་བཤལ་ཐག་ཏུ་བརྟགས་པ་སྟེ། རྡོ་རྗེའི་ཐེག་པ་ཐབས་ལ་མཁས་པའི་གནས་སྐབས་ན། ཐམས་ཅད་ཐབས་དང་ཤེས་རབ་དབྱིངས་དང་ཡེ་ཤེས་ཀྱི་རང་བཞིན་ཡིན་པས། འདོད་པའི་ཡོན་ཏན་ལ་སོགས་པ་ཐམས་ཅད་མ་སྤངས་པར་འཇོལ་ཉོག་ཏུ་སྤྱོད་པར་མ་ཟད་དེ། ཆོས་ཉིད་ཀྱི་རྒྱན་དུ་ཤར་བས་དགའ་བདེར་ལོངས་སྤྱོད་ལ། དེ་ཉིད་ཀྱི་གཉིས་སུ་མེད་པ་ཆོས་ཀྱི་སྐུ་ཐོབ་པར་འགྱུར་བའོ།། དེ་ལ་ཚོགས་ཀྱི་སྤྱོད་པ་སྤོང་ལེན་མེད་པར་སྤྱོད་པ་ནི། ཡོ་ག་ཕྱི་པ་མན་ཆད་ཀྱིས་འདི་གཙང་བའི་རིགས་ཏེ་འཕགས་པ་མཆོད་པའི་རྒྱུ་ཡིན་ལ། འདི་ནི་མི་གཙང་བ་དང་སྨེ་བ་ཡིན་པས། འཕགས་པ་མཆོད་པའི་རྒྱུ་མ་ཡིན་ནོ།། ཞེས་སྤོང་ལེན་དུ་སྤྱོད་པ་མ་ཡིན། ཆོས་བདག་མེད་པའི་རང་བཞིན་རྣམ་པར་རྟོག་པ་མིང་ཡང་མེད་པ་ལས། གཙང་བ་ཡང་ལྷའི་ཞལ་ཟས་ཡིན་ལ། མི་གཙང་བ་ཡང་ལྷའི་ཞལ་ཟས་གཉིས་སུ་མེད་པའི་དོན་དེ་ཉིད་འཕགས་པའི་དགོངས་སྤྱོད་དང། རྣམ་པར་མི་རྟོག་པའི་སྐུ་འགྲུབ་པས། གང་ལ་ཡང་འདི་འཁོར་བ་དང་མི་གཙང་བའི་རྒྱུ་ཡིན་པས་སྤོང་ལ། འདི་ཐར་པ་དང། བདེ་བ་དང། གཙང་བའི་རྒྱུ་ཡིན་ཞེས་དང་དུ་མི་ལེན་ཏེ། སྤོང་ལེན་མེད་པས་སངས་རྒྱས་ཀྱི་ས་ལ་གནས་པ་ཡིན་ནོ།། ཚོགས་ཀྱི་མཆོད་པ་འཆིང་འགྲོལ་མེད་པར་ལོངས་སྤྱོད་པ་ནི། འདོད་པའི་ཡོན་ཏན་རྣམ་པ་སྣ་ཚོགས་ལ་ཆགས་པ་ལ་ཡང་ཆགས་པ་མེད་པར་སྤྱད། མཐར་ཕྱིན་པར་སྤྱད་པས། འཁོར་བ་དང་ཉོན་མོངས་པས་འཆིང་བ་མེད་ལ། དེ་ཉིད་རྟོག་པའི་རྒྱན་དུ་རིག་ནས་ཆོས་ཐམས་ཅད་ཡེ་ནས་སངས་རྒྱས་པ་ཡིན་པས། དེ་ལྟར་སྤྱོད་ན་གྲོལ་བ་ཡང་མེད་ལ། འཆིང་བ་ཡང་མེད་པའོ། ། ཚོགས་རྒྱུད་ཆེན་པོ་ལས།། སྤྱོད་པའི་ལེའུ་སྟེ་བཅུ་བཞི་པའོ།།།། རྡོ་རྗེ་སེམས་དཔས་དེ་སྐད་ཅེས་བཀའ་སྩལ་པས། རིགས་ལྔ་ཡབ་ཡུམ་དང། སེམས་དཔའ་དང། སེམས་མ་དང། ཁྲོ་བོ་དང། ཁྲོ་མོ་དང། སྤྲུལ་པ་དང། ཡང་སྤྲུལ་དང། ཅི་བགྱི་དང་བཀའ་ཉན་དང། དམ་ལ་བཏགས་པའི་འཁོར་ཐམས་ཅད་ཀྱིས་དགྱེས་པ་ཆེན་པོའི་ཚོགས་ལ་ལོངས་སྤྱོད་སྐུ་ཉམས་སུ་བསྟར་ནས། ཐམས་ཅད་གཉིས་སུ་མེད་པའི་ཆོས་ཀྱི་སྐུར་ལྷུན་གྱིས་གྲུབ་ནས་བཞུགས་སོ། ། རྣལ་འབྱོར་གྱི་ཚོགས་རྒྱུད་ཆེན་པོ་ལས། ཡོངས་སུ་རྫོགས་པའི་ལེའུ་སྟེ་བཅོ་ལྔ་པའོ།།།། རྫོགས་སོ།།།། ཚོགས་རྒྱུད་ཆེན་པོ་རྩ་རྒྱུད་དང་ཕྱི་མ་འདི་བོད་དུ་འགྱུར་རོ།། གསང་བ་བསྐྱེད་རྫོགས་གསུམ་གྱི་ཕུག་ཐུགས། སྣུབས་སངས་རྒྱས་ཡེ་ཤེས་རིན་པོ་ཆེས་སྐད་གསར་བཅད་ཀྱིས་ཀྱང་བཅོས་ཏེ། ། བརྗོད་མེད་གསུང་གི་ཀུན་ལ་ཁྱབ།། སྒྲ་དང་མིང་ཚིག་འཛིན་པའི་གནས།། ཐམས་ཅད་ཀུན་ལ་རང་བཞིན་གནས།། སྐུ་དང་ཐུགས་ཀྱང་དེ་བཞིན་ཏེ།། བསམ་གྱི་མི་ཁྱབ་དུས་བཞི་གནས།། བྱིན་རླབས་རིག་པའི་ཡི་གེ་གསུང། ། འཇིག་རྟེན་འདས་དང་འཇིག་རྟེན་པའི།། བརྗོད་བྱ་བརྗོད་བྱེད་ཀུན་དང་འབྲེལ།། གསུང་གི་བདག་ཉིད་འཁོར་ལོ་ཅན།། བརྗོད་པ་ཀུན་གྱི་དངོས་གཞིར་གནས།། ཨོཾ་ཧཾ།། བདེ་ཆེན་གསང་བའི་འཁོར་ལོ་ཉིད། ། ཡོངས་སུ་རྫོགས་པའི་སྙིང་པོ་ཉིད།། ཐབས་ཆེན་ཡེ་ཤེས་རྒྱས་འདེབས་པས།། དེ་བཞིན་ནམ་མཁའི་ཁམས་སུ་གནས།། སུམ་ཅུ་རྩ་གཉིས་སྒྲ་ཡིས་བརྒྱན།། དབུས་ནས་འཁྱིལ་བའི་ཡི་གེ་གཉིས། ། རིན་ཆེན་སྣ་ཚོགས་ཚུལ་ཉིད་དུ།། ཐུར་ལ་འཛག་པའི་ཚུལ་གྱིས་གནས།། འདི་དག་ཀུན་ལ་གནས་པའི་ཕྱིར།། བདེ་བ་ཅེན་པོས་རྒྱས་བཏབ་བོ།། ཨོཾ་ཧཱུ~ཾ།། ལོངས་སྤྱོད་ཆེན་པོ་གསང་བ་ཉིད།། རང་རིག་བདེ་མཆོག་ལོངས་སྤྱོད་རྫོགས། ། གཉིས་མེད་རྫོགས་པའི་ཁ་སྦྱོར་ཅན།། འབྲེལ་བས་ཐབས་དང་ཤེས་རབ་ཉིད།། བཅུད་ལྡན་དབྱིངས་ཀྱི་འཁོར་ལོ་ཅན།། བཅུ་དྲུག་རྫོགས་པའི་ངོ་བོཉིད།། འབུས་ན་གསུང་གི་ངོ་བོ་ཉིད། ། འབུར་དུ་གནས་པའི་མཚན་ཉིད་དོ།། འཕར་དང་འཕྲོ་བའི་བུ་གས་བརྒྱན།། ཐམས་ཅད་སྦྱོང་བཞིན་མ་ཆགས་པས།། ལོངས་སྤྱོད་འཁོར་ལོ་མཐའ་དབུས་མེད།། ཧཱུ~ཾ།། དྷརྨ་ཙཀྐ་ཆོསཀྱི་གནས། ། འོད་བཞི་ཨེ་སོགས་དབྱིབས་སུ་གནས།། ཆོས་ཉིད་ཡེ་ཤེས་ཡོན་ཏན་ཙ།། རང་རྒྱུད་བཞི་ལ་ཡན་ལག་བརྒྱད།། རྣམ་ཤེས་ཡེ་ཤེས་གཉིས་སུ་མེད།། དངས་མ་བཞི་དང་རྙིགས་མ་བཞི།། ས་བོན་དྲུག་དང་སྙིང་པོ་གསུམ། ། ཐིག་ལེའི་རང་བཞིན་འོད་དུ་འབར།། ཡེ་ཤེས་རྫོགས་པ་ཉིད་དུ་ཐིམ།། རྒྱུ་བ་བཟི་ཚུལ་དང་མཐུན།། དངས་མ་དགའ་བའི་བདེ་མཆོག་འོད།། འཕྲོ་དང་ཁྱབ་པ་ཉིད་དུ་ལྟ།། ཡེ་ཤེས་སྙིང་པོར་ཀུན་འདུས་ནས། ། ཐིག་ལེའི་རང་བཞིན་མེད་པ་ཐིམ།། ཀུན་ཀྱང་ལྔ་ཡིས་རྒྱས་བཏབ་ནས།། བདེ་ཆེན་པོ་ཉིད་དུ་འགྱུར།། ཧཱུ~ཾ།། སྦྲུལ་པ་བདེ་བའི་རང་བཞིན་ཉིད།། བཅུ་དྲུག་བཞི་ཡི་མཚན་ཉིད་ཅན།། བསྐྱེད་པ་འབྱུང་བའི་ཡི་གེ་བཞི། ། ཨ་ལི་ཀ་ལི་བདག་ཉིད་ཅན།། ཀུན་འདུས་སྙིང་པོར་གཉིས་སུ་མེད།། ཟབ་མོ་འབྱུང་བའི་སྙིང་པོ་ལ།། ཐིག་ལེ་རྫོགས་པའི་ཚུལ་དུ་གནས།། གདོད་ནས་དག་པ་གསུམ་གྱི་ངང།། ཡེ་ཤེས་ཐིག་ལེ་རང་བཞིན་ལ། ། འབྲས་བུའི་ཆོས་རྣམས་རྫོགས་པར་ལྡན།། སྐུ་གསུང་ཐུགས་ཀྱི་རང་བཞིན་ཉིད།། གཞལ་དང་འཕྲེང་བའི་རང་བཞིན་ཅན།། སྒྲ་སྦྱོར་འཁོར་ལོ་བཞིའི་རང་བཞིན།། མེ་ལོང་བཙེགས་པའི་ཚུལ་དུ་གནས། ། བསྐྱོད་པ་དབང་གི་དབྱིབས་ལྡན་པ།། བསྟོད་དང་སྨད་དང་སྲོག་ལྡན་པ།། ཡེ་ཤེས་བསྐྱོད་པའི་ས་བོན་ཅན།། དབྱེ་དང་ཟླུམ་པས་དོན་འགྲུབ་པའོ།། ཨེ་ཡི་དབྱིབས་ལྡན་འོད་ཀྱི་ནི།། འབར་དང་འབྱུང་འཇུག་བདག་ཉིད་ཅན། ། རྒྱུ་བ་གཉིས་ཀྱི་བདེ་བར་མཛད། འཕེལ་དང་འགྲིབ་པའང་དེ་ལས་བྱུང།། ཐིག་ལེ་བཞི་ཡི་སྒོ་ནས་འཇུག།། ཐར་པ་བརྒྱད་ཀྱིས་ཁྱད་པར་འཕགས།། སྟོང་པ་བཅུ་དྲུག་ཚུལ་དང་མཐུན། ། བརྟན་པ་ཨ་ཡི་རང་བཞིན་ཅན།། གྱེན་དང་ཐུར་གྱི་རང་བཞིན་གྱིས།། བདེ་བའི་རང་བཞིན་ཁྱབ་པར་སྤྲོ།། རྒྱུ་བ་གཉིས་ཀྱི་ཚུལ་བཞིན་དུ།། བཀུག་དང་བསྡམ་པ་ཉིད་དང་ལྡན།། རང་བཞིན་གྲུབ་པའི་མཚན་ཉིད་ལ། ། སླས་དང་བྱི་མོ་བྲན་མོ་དང།། བྷྱོ། ཅི་བགྱི་ལ་སོགས་ཚོགས་ཀྱིས་བསྐོར།། སོ་སོའི་སྟན་དང་ལག་ཆ་དང།། རྔམ་པའི་ང་རོ་རང་སྔགས་དང།། མི་སྡུག་གཏུམ་པའི་གཟུགས་ཅན་དང།། ཤིན་ཏུ་ཁྲོ་བར་བསྒོམ་པར་བྱ། ། བདག་ཉིད་ཕཊ་ཀྱི་ངང་ཉིད་དུ།། གསལ་འདྲིས་བློ་གོམས་རྟག་ཏུ་བསྒོམ།། ཛཿཧཱུ~ཾ་བཾ་ཧོས་བསྡུས་ནས་སུ།། རྒྱུད་དྲུག་སེམས་ཅན་ཀུན་བཀུག་ནས། ཁྲོ་བོའི་ཚོགས་ལ་དབུལ་བར་བྱ།། ལྷ་ཡང་རུང་སྟེ་བརླག་པར་འགྱུར། ། ཡོ་བྱད་གཞན་ནི་སྤྱི་དང་མཐུན།། གཟིར་བའི་ཐབས་ཀྱང་གོང་མ་བཞིན།། མཆོད་པའི་གྲངས་ཀྱང་སྤྱི་དང་མཐུན།། ཨ། གཞན་ཡང་དཀྱིལ་འཁོར་ཡབ་ཡུམ་བཅུ།། ཧཱུ~ཾ། ཞལ་གདངས་སྤྱན་བགྲད་ཁྲོ་བོའི་ཞལ། ། གྲུ་གསུམ་དབུས་སུ་མཆོད་བར་བྱ།། འཁོར་ལོ་རྩིབས་ལ་བརྒྱད་འབར་ཏེ།། ཐོད་པ་ལྕགས་ཀྱུ་རྣམས་ཀྱིས་བསྐོར།། ཧཱུ~ཾ། སྒྲ་གྲག་ཚོགས་ནི་མེར་འབར་བར།། འཛིན་པའི་ཕྱག་རྒྱས་བཀུག་ནས་སུ། ། ཞལ་དུ་བསྟིམ་ནས་ལྷག་པར་འགྲུབ།། རྡུལ་ཆ་ཙམ་ཡང་མེད་པར་བྱེད།། འཁོར་གྱི་ཚོགས་ཀྱང་སྔ་མ་བཞིན།། བསྟོད་པའི་ཚུལ་དུ་སྦོད་གཏོང་བྱ།། ཧཱུ~ཾ། གཏུམ་པོ་དམར་སྨུག་མཆུ་རིངས་པོ།། རྡོ་རྗེ་འབར་བའི་འཕྲེང་བས་བསྐོར། ། འོད་ཆེན་འབར་བ་ཁྲོ་བ་ཡིས།། འཇིག་རྟེན་ཁམས་རྣམས་དུས་གཅིག་རྔུབས།། ཧཱུ~ཾ། ཁྲོ་བོའི་ཚོགས་ཀྱིས་སྔགས་རྣམས་དང།། གནས་དང་ཡུམ་གྱི་ཕྱག་རྒྱ་དང།། སླས་དང་བྱི་མོ་བྲན་མོའི་ཚོགས། ། སོ་སོའི་རང་སྔགས་རྫོགས་པའི་དོན།། ཧ་ཧེ་བྷྱོ། གཞན་ཡང་བསྟོད་ཚིག་འདི་དག་གིས།། ཧཱུ~ཾ། རྡོ་རྗེ་ཐུགས་ཀྱི་བྱིན་བརླབས་ཀྱིས།། འཇིག་རྟེན་ཁམས་རྣམས་ཀུན་བཀང་སྟེ།། གཏུམ་འཁྲུག་མ་ལུས་ཐམས་ཅད་ཀུན། ། རྡོ་རྗེ་མཐུ་ཡིས་ཀུན་བསྲེགས་ཏེ།། བཏུལ་བར་མ་གྱུར་གང་ཡང་མེད།། འདས་དང་མ་འདས་རྡོ་རྗེའི་སྐུ།། འཇིག་རྟེན་ཁམས་ན་རབ་འབྱམས་ཀུན།། ཞེས་སྡང་རྡོ་རྗེ་འཁོར་བཅས་པས།། སྐད་ཅིག་ཡུད་ལ་བརླག་མཛད་དེ། ། བརླག་པར་མ་གྱུར་གང་ཡང་མེད།། སྒྱུ་འཕྲུལ་དྲ་བ་ལས། དྲག་པོ་ཧོམ་གྱི་ལེའུ་སྟེ་དགུ་པའོ།།།། དེ་ནས་ཁྲོ་བོའི་རྒྱལ་པོ་པདྨ་སྡུད་པ་ཞེས་བྱ་བས། འགྲོ་བ་མང་པོའི་དོན་གྱི་ཕྱིར་ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ། ། ཤེས་རབ་ཐབས་སུ་སྦྱོར་བ་ཡིས།། ཐམས་ཅད་མ་ལུས་དབྱིངས་སུ་བསྡུས།། དབྱིངས་ནས་ཡེ་ཤེས་འོད་འཕྲོ་འབར།། ཐམས་ཅད་མ་ལུས་དབྱིངས་སུ་སྦྱོར།། ཧྲི། དཀྱིལ་འཁོར་ཟླ་གམ་གདངས་པ་ལ། ། འོད་ཟེར་མང་པོ་འབར་བ་དང།། རྡོ་རྗེ་ལྕགས་སྒྲོག་བསྡམས་པས་བསྐོར།། གཞན་ཡང་རྒྱན་གྱི་དམ་པའི་མཆོག། ཀུན་གྱིས་དེ་ལ་བརྒྱན་ཅིང་བསྐོར།། མེ་ལྷ་སྤྱན་དྲངས་སྔ་མ་བཞིན། ། ཁྲོ་བོའི་དཀྱིལ་འཁོར་མ་ལུས་ཀུན།། པདྨའི་རིགས་ཀྱི་ཁྲོ་བོ་སྒོམ།། དམར་སྨུག་དྲག་པོའི་མདོག་དང་ནི།། གཞན་ཡང་སྤྲུལ་པ་མང་པོའི་ཚོགས།། ཕྱོགས་བཞི་མཚམས་བཞི་སྟེང་འོག་བསྐོར།། རྔམ་པའི་རང་སྔགས་དྲག་ཏུ་སྒྲོགས། ། ཧྲཱི། བདག་ཉིད་མ་ཆགས་རྡོ་རྗེ་སྟེ།། དཀྱིལ་འཁོར་གོང་མ་གསལ་བསྒོམས་ནས།། ཕྱོགས་བཅུའི་འགྲོ་བ་ཐམས་ཅད་དང།། གདུག་པའི་ཡིད་ཅན་མ་ལུས་ཀུན།། ཛཿཧཱུ~ཾ་བཾ་ཧོས་བཀུག་ནས་སུ། ། དཀྱིལ་འཁོར་ལ་ནི་དབུལ་བར་བྱ།། དགོས་པ་འགྲུབ་ཅིང་ངན་སོང་སྦྱོང།། ཧྲཱི། གཞན་ཡང་དཀྱིལ་འཁོར་མང་པོའི་ཚོགས།། དཀྱིལ་འཁོར་པདྨའི་ཞལ་འདྲ་ལ།། ཐ་མ་པདྨ་ལྗོན་ཤིང་དང།། པདྨ་རྡོ་རྗེ་འོད་འབར་བསྐོར།

CLOSE WINDOW