CLOSE WINDOW

Gpb039.008: རིགས་འཛིན་གྱི་འདས་རྗེས
Wylie

རྒྱ་གར་སྐད་དུ། ཧྱ་ཀྵོཾ་ས་བྷྱ། བོད་སྐད་དུ། རིགས་འཛིན་གྱི་འདས་རྗེས། བཅོམ་ལྡན་འདས་ཀུན་སྣང་བཅོས་བསྡུད་དང་བྲལ་ལ་ཕྱག་འཚལ་ལོ།། ཀུན་བཟང་ཆོས་སྐུའི་གློང་ལས་ནི།། འགག་མེད་ཞི་ཁྲོ་རྡོར་འཆང་སྤྲུལ། ། སྐུ་ཡི་མཛད་པ་བཅུ་གཉིས་དང།། ཕྱི་ནང་གི་མཛད་པ་བཅུ་གཉིས་དང།། ཐུགས་ཀྱིས་མཛད་པ་བཅུ་གཉིས་དང།། མཛད་པ་སུམ་ཅུ་སོ་དྲུག་རྣམས།། སྟོན་པའི་བྱ་བ་རྫོགས་པའི་དུས། ། རིགས་འཛིན་དགའ་རབ་རྡོ་རྗེ་ཉིད།། འཁོར་གྱི་དམ་པར་སྐུ་འཁྲུངས་ཏེ།། མཛད་པའི་ཆོས་རྣམས་ཐུགས་སུ་ཆུད།། དེ་ལྟ་བུ་ཡི་རིགས་འཛིན་བདག། ཆོས་ཀྱི་བདེ་བའི་ལྷུམས་སུ་ཞུགས།། པྲད་ཛྙ་བྷ་བྷ་ཞེས་སུ་གྲགས། ། རི་བོ་ཉི་མ་སྣང་བྱེད་དུ།། ལོ་ནི་ཉི་ཤུ་སྒོམ་ཚུལ་བསྟན།། ལོ་ནི་སུམ་ཅུ་རྩ་གཉིས་ནས།། སངས་རྒྱས་བསྟན་པའི་ཆོས་རྣམས་ནི།། མ་ལ་ཡ་ཡི་རྩེ་མོ་རུ།། རྡོ་རྗེ་དབྱིངས་ཀྱི་མཁའ་འགྲོ་མ།། འཛིན་མེད་བདེ་བའི་རོལ་ཆེན་དང། ། བདེ་བྱེད་སེར་མོ་ཞེས་བྱ་དང།། རིག་འཛིན་བརྒྱ་དང་གསུམ་པོ་ཡིས།། རང་བཞིན་རྫོགས་པ་ཆེན་པོ་ནི།། ཤོ་ལོ་ཁ་ནི་འབུམ་ཕྲག་དྲུག། བཅུ་ཕྲག་རྩ་བཞི་ཡི་གེར་བཏབ།། བསིལ་བ་ཚལ་གྱི་དུར་ཁྲོད་དུ། ། ཤེས་རབ་གདུལ་བྱར་གྱུར་པ་ཡི།། མཁའ་འགྲོ་དྲངས་ལས་འདས་པ་ལ།། གུ་ལང་བདུན་བུར་ཆོས་བཤད་དོ།། བསྟན་པ་དམ་པ་རྒྱས་པར་བྱས།། དེ་ནས་ཆུ་བོ་དན་ཏི་གྷོར།། ཟག་བཅས་ཕུང་པོ་མི་སྣང་བར། ། ཟག་མེད་སྒྱུ་མ་གཟུགས་ཀྱི་སྐུ།། ནམ་མཁའི་འོད་ཀྱི་བཀང་ནས་གཤེགས།། དེ་དུས་འཇམ་དཔལ་བཤེས་གཉེན་གྱིས།། གདུང་བའི་སྨྲེ་སྔགས་མཆི་མ་ཕྱུང།། དེ་ཚེ་ནམ་མཁའི་དབྱིངས་རུམ་ནས།། རང་བྱུང་རང་ཤར་ཚིག་འདི་གྲགས། ། ཞལ་ཆེམ་ཚིག་གསུམ་གནད་རིག་ཞེས།། འཇམ་དཔལ་བཤེས་གཉེན་ཉིད་ལ་བབ།། དེ་ཡི་ཞལ་ཚིག་འདི་ལྟར་རོ།། ཨོལྷ། རང་རིག་རྟོགས་པའི་གདེང་ལ་ཕྱག་འཚལ་ལོ།། ཡིན་པ་གྲུབ་པ་མེད་པའི་རིག་པ་འདི། ། རང་སྣང་ཤར་ཚུལ་ཅིར་ཡང་མ་འགག་པས།། སྣང་སྲིད་ཐམས་ཅད་ཆོས་སྐུའི་ཞིང་དུ་ཤར།། ཤར་བ་དེ་ཉིད་རང་གིས་ཐོག་ཏུ་གྲོལ།། གྲོལ་ཙམ་ཉིད་ནས་སྐྱེ་འགག་གཉིས་སུ་མེད། ། གཉིས་མེད་མཐའ་གྲོལ་སྐུ་གསུམ་རང་ཆས་སོ།། ཨ་ཨ་ཨ། ངོ་རང་ཐོགས་སུ་སྤྲད། ཐག་ཅིག་ཐོག་ཏུ་ཆོད། གདེངས་གྲོལ་ཐོག་ཏུ་བཅའ། དེ་ལྟར་ཚིག་གསུམ་གནད་གདེགས་ལ།། དགོངས་པ་རྣམ་པ་དུ་མ་ཤར། ། འཇམ་དཔལ་ཉིད་ཀྱིས་གསོལ་བཏབ་པས།། ཞལ་ཆེམས་པ་ནི་འདི་ལྟར་གྲགས།། ངོ་ནི་རང་ཐོག་སྤྲད་པ་ཡི།། ཆོས་ཉིད་ངོ་བོ་རྗེན་པར་མཐོང།། ཡིད་སྤྱོད་བློ་ཡི་ཐེ་ཚོམ་ཁྲོལ།། ཐག་རྣམས་གཅིག་ཐོག་བཅད་པ་ཡིས། ། དངོས་པོའི་ཆོས་རྣམས་ཌ་ཧྱོ།། སྣང་ཉམས་ཤེས་ཉམས་གོང་དུ་འཕེལ།། རང་སྣང་གཅིག་ཆོད་ཉིད་དུ་གྲོལ།། གདེང་བཞི་གྲོལ་ཐག་བཅད་པ་ཡིན།། འཁྲུལ་སྣང་ཞིང་ཁམས་ཉིད་དུ་རྒྱས། ། རིག་པ་རྣམས་ཀྱང་སྲང་ལ་ཐེབས།། ཚད་མེད་ཆོས་ཉིད་རང་སར་གྲོལ།། ཚིག་གསུམ་འབྲེལ་པ་དོན་འབྲེལ་དགུ། རྣལ་འབྱོར་རྣམས་ཀྱིས་ཐུགས་ལ་སྦོས།། ས་མ་ཡ། དྷ་ཐིམ། ཞལ་ཆེམས་གསུམ་པའི་འདི་ལྟར་གྲགས། ། ངོ་བོའི་ཆོས་རྣམས་སྟོང་པར་ཤེས་པར་གྱིས་ཤིག། ཐུགས་རྗེའི་ཆོས་རྣམས་མ་འགག་པར་ཤེས་པར་གྱིས་ཤིག། རང་བཞིན་གྱི་ཆོས་རྣམས་གསལ་བར་ཤེས་པར་གྱིས་ཤིག། ལྟ་བའི་ཆོས་རྣམས་ཐག་ཆོད་ཅིག། སྒོམ་པའི་ཆོས་རྣམས་ཕུར་ཚུག་གཅིག། མེད་པའི་ཆོས་རྣམས་ལ་ཟློས་ཅིག། གཞི་ཡི་ཆོས་རྣམས་དམིགས་གཏད་དང་ཕྲོལ་ཅིག། ལམ་གྱི་ཆོས་རྣམས་བློ་འཛིན་དང་ཕྲོལ་ཅིག། འབྲུའི་ཆོས་རྣམས་རེ་དོག་དང་ཕྲོལ་ཅིག། སྣང་བའི་ཆོས་རྣམས་གཏད་མེད་དུ་ཐོང་ཞིག། བདེན་པའི་ཆོས་རྣམས་བདེན་མེད་དུ་ཐོང་ཞིག། ང་བདག་གི་ཆོས་རྣམས་སྣང་མེད་དུ་ཐོང་ཞིག། ང་སོད། བདག་སློགས། འཁོར་འདས་ཐམས་ཅད་གཞི་མེད་རྩ་བྲལ་ཐོང་ཞིག། ཅེས་གསུངས་ནས་ནམ་མཁའ་ལ་རང་བཞིན་གྱིས་ཡལ་ལོ།། དགའ་རབ་རྡོ་རྗེའི་ཞལ་ཆེམས་ཚིག་གསུམ་གནད་དུ་གདེག་པ་ཞེས་བྱ་བ། ཞལ་ཆེམས་གསུམ་པ་ཞེས་བྱ་བ་རྫོགས་སོ། ། སྱ་མྱ་ཡ། གཟའ་བདུད་རྒྱལ་པོས་བཀའ་འདི་སྲུངས་ཅིག། སྱ་མྱ་ཡ། རྒྱུ་རྒྱུ་རྒྱི། གཏེར་བརྒྱ། ཟབ་བརྒྱ་དེ་རྒྱའོ།། །། །། བཅོམ་ལྡན་འདས་རང་བྱུང་གི་རིག་པ་ལ་ཕྱག་འཚལ་ལོ། ། རོ་སྨད་རྒྱ་གར་ཡུལ་དུ་འཚལ་ནས། དེར་དུར་ཁྲོད་གཅིག་འཚལ་བ་ལས། དུར་ཁྲོད་ཆེན་པོ་བརྩིགས་པ་ལས། འདོད་ཆགས་དབང་དུ་གྱུར་ནས་སྣ་ཚོགས་པའི་གཟུགས་སུ་གསལ་བ་ལས། སྟོན་པར་ཤཱཀྱ་ཐུབ་པ་མངོན་པར་གཤེགས་པ་ལས། ཆོས་ཀྱི་འཁོར་ལོ་བསྐོར་ནས་སྐྱེ་གནས་ཀྱི་མཛོད་འདོད་ཆགས་ཀྱི་དགྲ་མངོན་པར་འདུལ། དམ་པ་ཆོས་ཀྱི་སྣོད་དུ་གྱུར་ཏེ། ནང་ཁྲོལ་མ་ལུས་པར་བལ་ཡུལ་དུ་འཚལ་བ་ལས། དུར་ཁྲོད་ཆེན་པོ་ཕྱེད་པ་བརྩིགས་པས། རྡོ་རྗེའི་མཆོད་རྟེན་བརྒྱ་རྩ་བརྒྱད་རང་བྱུང་དུ་སྐྱེས། སྤྱན་རས་གཟིགས་དབང་ཕྱུག་གི་སྐུ་མངོན་པར་ཕྱུང་བ་དང་འདྲ་བར་མཆོད་པའི་ཡོ་བྱད་རྒྱས་པར་གྱུར་ཏོ། ། གནས་པའི་གསུམ་པའི་ཡུལ་ནི་དུར་ཁྲོད་ཕྱེད་དང་གསུམ་ཞེས་བྱའོ།། དེ་ནས་མ་ཏྲང་ཀ་རུ་ན་གུམ་པའི་བུ་སྨད་འཁོར་དང། ཀུན་གཅིག་བདུད་ཀྱི་འཁོར་དུ་འདུས། ལྷ་མ་ཡིན་དང། ཤ་ཟ་དང། རོ་ལངས་དང། ཤ་ཁྲག་ལ་རྔམ་པ་ཀུན་དང། གཅན་འདབ་ཆགས་རིལ་བ་བདུད་ཀྱི་འཁོར་དུ་མ་འདུས་སོ།། སྟོང་གསུམ་ལ་མངའ་བྱེད་པ་ཚངས་པ་དང། བརྒྱ་བྱིན་དང། ཕྱོགས་སྐྱོང་བ་དང། ལྷ་སྲིན་མཐུ་པོ་ཆེ་དང། ཀླུ་ལ་སོགས་པ་ཐམས་ཅད་ཀྱིས་དབང་དུ་བསྡུས་ཏེ། འཁོར་མང་པོ་ཇི་སྙེད་ཅིག་གིས་བསྐོར་བའི་དབུས་ན་བདུད་མ་ཏྲང་ཀ་རུ་ཏྲ་བཅུ་གནས། བདུད་ཀྱི་བ་དན་དང་རྒྱལ་མཚན་ནི་བཙུགས། བ་དན་ཕྱར་བའི་མཐུས་རི་རང་མཛུབ་མོའི་ཐོར་ཏོ་ལ་བཞག་ལ། སྤྱི་བོ་ལ་ལན་གསུམ་བསྐོར་ནས་གནས་པ་ལ། སྟོན་པ་ཤཱཀྱ་ཐུབ་པ་བདུད་བཏུལ་བར་དགོངས་ནས། ལུས་ནི་རི་རབ་པས་ཀྱང་ཆེ་བའོ།། པགས་པའི་གསུམ་པས་ཀྱང་གྲངས་གསུམ་ཡོད་དེ། མཚོན་གྱིས་ཀྱང་མི་ཚུགས་ནས། སྟོན་པ་དཔལ་ཤཱཀྱ་ཐུབ་པས་བདུད་བཏུལ་བར་དགོངས་ཏེ་ཕྱིན་ནས། སྟོན་པས་ངའི་བཀའ་ཉན་དུ་རུང་བྱས་པ། ཁོ་ན་རེ། འོ་ལྷའི་ངན་བུ་ཆུང་མགོ་རེག་པ། ། ཕ་བརྩམས་ནི་བྲེགས། མ་བརྩགས་གཞོབ་ཀྱི་རལ་ཀ་ལ་ཕུ་ཕྲག་པ་ལ་ཁོལ་ལ་རང་གི་གནས་བདེ་བར་ལོང་ཟེར་ནས་མ་ཐུབ།། དེ་ནས་སྟོན་པས་དཔལ་རྡོ་རྗེ་སེམས་དཔའ་མངགས་ཏེ་བཏང་བས། སྐུ་ནས་འོད་འཕྲོས་པ་ཞལ་ནས་ཧཱུཾ་ཞེས་བསྒྲགས་ཏེ་ཕྱིན་པས། ལྷ་ངན་དགེག་པོ་ཁྱོད་ཕྱིར་སོང་སྐད་ནས་ཤ་ཁྲག་ཟས་ལ་མཐུན་ཕྱིར་ལོག་གོ་དེ་ནས་རྟ་མགྲིན་བཏང་བས། རྟ་མགྲིན་རྔམ་ལ་ཁྱོད་ཁྲོས་ཀྱང་ངའི་འཁོར་ན་ཀླུ་རྟ་མགོ་ཅན་དང་ལྷན་ཅིག་བཞག་ནས་ཡང་ང་མི་ཐུབ་ཟེར་ནས་སླར་ལ་བྲོས། དེ་ཀུན་ལ་རང་རང་གི་གནས་གང་ཡིན་པར་ཕྱིན་པར་དེངས་ཤིག་པར་བསྒོ། དེ་ནས་འཇིག་རྟེན་གྱི་གཙོ་བོ་ཐམས་ཅད་ཀྱང་དབང་དུ་འདུས། སངས་རྒྱས་ཐམས་ཅད་ཀྱང་དབང་དུ་ཅི་འདུས་བྱ་ཟེར་རོ།། སྲིད་པའི་རྩེ་མོ་མན་ཆད་དབང་དུ་འདུས་པ་ལ་ཐུག་ནས། ནད་དང་རིམས་ཀྱིས་ཤི་བའི་ཤ་ཁྲག་ཟོས། བསད་ནས་ཀྱང་བདུད་ཀྱིས་ཟོས། འཇིག་རྟེན་གསུམ་ལ་སྟོངས་པ་ལ་ཐུག་ནས། བཅོམ་ལྡན་འདས་ཀྱིས་དཔལ་རྡོ་རྗེ་སེམས་དཔར་སྤྲུལ་ནས། ས་རིམ་པ་བཅུ་བདུན་ནས་གཟིགས་ཏེ། བདུད་ནི་དར། སངས་རྒྱས་དང། ཆོས་དང། སེམས་ཅན་བརླག་པ་ལ་ཐུག་ནས། སྟོན་པ་བཅོམ་ལྡན་འདས་ཀྱིས་དཔལ་ཆེན་པོ་ཤྲཱི་ཧེ་རུ་ཀར་སྤྲུལ་ནས། བདུད་ཀྱི་འཁོར་དུ་བྱོན་ནས། སྲིན་མོ་ཤ་ཟ་ཅ་ན་རྔམ་མ་དང། དབྱངས་མ་དང། དྲི་མ་འཐོར་བ་དང། ཁྲག་འཐུང་མ། ཤར་ལྷོ་རོ་ལངས་མ། ལྷོ་ནུབ་རྨོངས་བྱེད་མ། བྱང་ནུབ་ཐོད་འཕྲེང་མ། བྱང་ཤར་མཚམས་འདི་རྣམས་སྲིན་མོ་བརྒྱད་ལགས་ཏེ། བདུད་ཀྱི་འཁོར་ལོ། ཀེའུ་རི་དང། ཙེའུ་རི་དང། པྲ་མོ་ཧ་དང། བེ་ཏ་ལི་དང་པུཀྐ་སི་དང། གྷས་མ་རི་དང། སྨ་ཤ་ནི་དང། ཙཎྜ་ལི་དང། འདི་རྣམས་ནི་ཡེ་ཤེས་ཀྱི་མ་མོ་བརྒྱད་དོ།། རྒྱ་ཡུལ་དུ་མཆོག་ཆེན་མ་ཧཱ་བོ་དྷི་དུར་ཁྲོད་སྲུང། ལྷོར་རྒྱ་གར་ཡུལ་དུ་རྡོ་རྗེ་གདན་དུ་སྲུང། ནུབ་ཏུ་ཁ་ཆེ་ཡུལ་དུ་མཐར་ལེགས་གཡུང་དྲུང་གཏེར་སྲུང། བྱང་ས་ལའི་ཡུལ་དུ་དབྱངས་ལྷ་ཀོ་ལ་ས་དུར་ཁྲོད་སྲུང། ཤར་ལྷོར་དུར་ཁྲོད་བལ་ཡུལ་དུ་ཁ་ཤེ་ལ་དུར་ཁྲོད་སྲུང།། ལྷོ་ནུབ་ཟ་ཧོར་ཡུལ་དུ་ཁམས་གསུམ་བདེ་རྐྱས་སྒྲོགས་དུར་ཁྲོད་སྲུང། བྱང་ནུབ་ཨུ་རྒྱན་ཡུལ་དུ་རྨད་གྲགས་ཆོས་ཀྱི་དབྱིངས་དུར་ཁྲོད་སྲུང། བྱང་ཤར་ལི་ཡུལ་དུ་འགེའུ་དོ་ཤན་དུར་ཁྲོད་སྲུང། མཆོད་རྟེན་འདི་བརྒྱད་ནི་དུར་ཁྲོད་ཀྱི་མ་བརྒྱད་དོ།། འདི་ནི་འཇིག་རྟེན་ལས་འདས་པའི་དུར་ཁྲོད་ཀྱི་མ་བརྒྱད་དོ། ། མ་ཧཱ་ར་ནི་མ་ལ་ཕྱག་འཚལ་ལོ།། རྡོ་རྗེ་ལས་རབ་གནས་གྱུར་པ།། སྣ་ཚོགས་ལུང་འཆང་རྒྱ་གྲམ་བསྣམས།། མཁའ་འགྲོ་འཕྲིན་ལས་རྫོགས་བྱེད་མ། མ་ཧཱ་ཕྲི་ཏི་ཀ་ལ་ཕྱག་འཚལ་ལོ།། རྡོ་རྗེ་གོ་ཆ་གནས་གྱུར་པས། ། བསྲུང་བ་ལྗང་ནག་གོ་ཆ་ཐོགས།། འཇིགས་པ་ཀུན་བསྲུང་མཁའ་འགྲོ་མ།། བཛྲ་བི་ཀ་ར་ལ་ཕྱག་འཚལ་ལོ།། རྡོ་རྗེ་མཆེ་བ་གནས་གྱུར་པས། གནོད་སྦྱིན་མོ་ལྗང་མཆེ་བ་འཛིན། དམ་ཉམས་གསོད་པའི་མཁའ་འགྲོ་མ། ། བཛྲ་སེ་ཡི་མ་ལ་ཕྱག་འཚལ་ལོ།། རྡོ་རྗེ་ཁུ་ཚུར་གནས་གྱུར་པས།། ཡང་དག་འཕྲོག་བྱེད་ལྗང་ཁུ་མུ་ཏིག་འཕྱར།། མཁའ་འགྲོ་རྡུལ་དུ་རློག་བྱེད་པའི།། བཛྲ་བི་ལ་ཀི་ལ་ཕྱག་འཚལ་ལོ།། དཔལ་བར་འགྲོ་བ་གནས་གྱུར་པས། ། བྱ་རོག་གདོང་ལ་མིག་འབྱིན་མ།། ལག་ན་གྲི་དང་འཁར་གཞོང་ཐོགས།། རྣམ་ཤེས་འཇོམས་པའི་མཁའ་འགྲོ་མ།། བཛྲ་བི་ར་བི་ལ་ཕྱག་འཚལ་ལོ།། ཀུན་བཟང་སེམས་དཔའ་གནས་གྱུར་པས། ། འཇིགས་བྱེད་དཀར་པོ་མཆེ་བ་གཙིགས།། ཐམས་ཅད་འཇོམས་པའི་མཁའ་འགྲོ་མ།། བཛྲ་ཤ་ནི་ཤ་ལ་ཕྱག་འཚལ་ལོ།། ཟླ་འོད་གཞོན་ནུ་གནས་གྱུར་པས།། བཞད་མགོ་དཀར་སྐྱ་སྙིངའབྱིན་མ།། ཐམས་ཅད་སྒྲོ་བའི་མཁའ་འགྲོ་མ། ། ཤ་ནི་ག་ཏི་མ་ལ་ཕྱག་འཚལ་ལོ།། བཟང་སྐྱོང་སེམས་ལ་གནས་གྱུར་པས། འུག་གདོང་དཀར་སྐྱ་རྐང་རུས་ལྡན།། ལས་སུ་ལྷག་སྡུད་ཞི་བ་མོ།། བ་ཡ་བ་ཏི་མ་ལ་ཕྱག་འཚལ་ལོ།། ཏྲ་འོད་སེམས་དཔའ་གནས་གྱུར་པས། ཁྱི་མགོ་མཐུར་ལྡན་རྐང་རུས་འཆང།། དུར་ཁྲོད་འཇོམས་པའི་མཐུར་ལྡན་པས།། བཛྲ་ཨ་ན་ཡ་ལ་ཕྱག་འཚལ་ལོ།། རྡོ་རྗེ་སྙིང་པོ་གནས་གྱུར་པས།། མཐིང་ནག་མ་ས་ཕག་གི་མགོ། རུས་འཕྲེང་བམ་གྱི་དྲི་ཆེན་ཐོགས།། བཛྲ་པ་ཏ་ཀ་ལ་ཕྱག་འཚལ་ལོ།། ནམ་མཁའ་མཛོད་སེམས་གནས་གྱུར་པས།། སྔོ་ནག་གློག་འདྲེན་རྔ་མོའི་གཟུགས།། གསུས་པོ་ཆེ་ལ་བུམ་པ་འཛིན།། ཡི་དྭགས་གནར་འཇོམས་མཁའ་འགྲོ་མ། ། ཛ་ཡ་ཛ་དུ་ཀ་ལ་ཕྱག་འཚལ་ལོ།། འོད་དཔག་མེད་པ་གནས་གྱུར་པས།། ཐོད་དབྱུག་དགྲ་སྟ་བོང་བུའི་མགོ། དབང་མེད་འཇོམས་པའི་མཁའ་འགྲོ་མ།། ཀ་བི་ཀ་ཏི་མ་ལ་ཕྱག་འཚལ་ལོ། ། མྱ་ངན་ཀུན་འཇོམས་གནས་གྱུར་པས།། དམར་ནག་སྤུ་གྲི་ར་ཡི་མགོ། དགྲ་བགེགས་འཇོམས་པའི་མཁའ་འགྲོ་མ།། བཛྲ་ཏ་ར་ཤི་མ་ལ་ཕྱག་འཚལ་ལོ།། རྒྱལ་བའི་ཤེས་རབ་གནས་གྱུར་པས། ། དམར་ནག་རུས་འཆའི་བྱ་ལའི་མགོ། མ་ལུས་སྒྲོལ་བྱེད་མཁའ་འགྲོ་མ།། ཀི་ལི་ཕྲི་ལ་ཤ་ལ་ཕྱག་འཚལ་ལོ།། བློ་གྲོས་མི་ཟད་གནས་གྱུར་པས།། དམར་ལྗང་སྤྲེ་མགོ་ཀེང་རུས་དཀར་པོ་འཛིན།། ཞེ་སྡང་འཇོམས་པའི་འཇོམས་འགྲོ་མ། ། རུས་ཏིང་མ་ས་མ་ལ་ཕྱག་འཚལ་ལོ། སྤོབས་པ་བརྩེགས་པ་གནས་འགྱུར་པས།། དམར་སེར་རུས་འཕྲེང་ལྕེ་སྦྱང་མགོ། དངོས་པོ་ཀུན་འཇོམས་མཁའ་འགྲོ་མ།། ཀ་རན་ཛི་མ་ལ་ཕྱག་འཚལ་ལོ། ། བྱམས་པ་སེམས་དཔའ་གནས་གྱུར་པས།། མཁའ་འགྲོ་སྲིན་མོ་བུམ་སྣ་མ། རྡོ་རྗེ་ལྕགས་ཀྱུ་ཀ་ཏར་བསྣམས།། ས་བམ་ཨ་ཏི་ཀ་ལ་ཕྱག་འཚལ་ལོ།། ངན་སོངཀུན་འདྲེན་གནས་གྱུར་པས།། མཁའ་འགྲོ་དྷ་ཤ་འགྲི་བ་སྟེ། ལྕགས་ཀྱུ་སྤུ་གྲི་ཟ་བྱེད་མ།། ཨ་བ་ཨ་ཀི་མ་ལ་ཕྱག་འཚལ་ལོ།། དོན་གྲུབ་སེམས་དཔའ་གནས་གྱུར་པ།། མཁའ་འགྲོ་ཆེན་མོ་འབོད་འགྲོ་མ།། དྲིལ་བུ་དགྲ་སྟ་དྲིལ་ཞིང་སྤོར།། བཛྲ་ས་བན་ད་དི་མ་ལ་ཕྱག་འཚལ་ལོ། ། སྤོས་ཀྱི་གླང་པ་གནས་གྱུར་པས།། མཁའ་འགྲོ་གཤིན་རྗེ་རྣམ་པར་འཇོམས།། ཞགས་པ་གྲི་ཐོགས་འཛིན་ཅིང་སྤོར།། མ་ཧཱ་ཏ་ཏི་མ་ལ་ཕྱག་འཚལ་ལོ།། རྒྱ་མཚོ་ཆེན་པོའི་དཀྱིལ་འཁོར་ནས། དཔལ་ལྡན་ཤུགས་སྒྲོལ་གཙོ་མོ་སྟེ།། རི་རབ་བསྙིལ་བའི་རྔམ་སྟབས་ཅན།། རྡོ་རྗེ་ཧཱུཾ་གྲགས་མ་ལ་ཕྱག་འཚལ་ལོ།། ནམ་མཁའ་སྟོང་གི་དཀྱིལ་འཁོར་ནས།། ཐམས་ཅད་ཀུན་ཏུ་ཁྱབ་མཛད་ཅིང།། མ་ལུས་ཡོངས་ལ་དབང་སྒྱུར་པའི། ། ཀུན་ཏུ་བཟང་ལ་ཕྱག་འཚལ་ལོ།། གཞའ་ཚོན་འབར་བའི་དཀྱིལ་འཁོར་ནས།། མཛེས་པའི་ཚུལ་ནས་འོད་འཕྲོ་ཞིང།། མ་རིག་མུན་པ་སེལ་མཛད་པ།། རྡོ་རྗེ་ཀུན་གསལ་མ་ལ་ཕྱག་འཚལ་ལོ། ། དམ་ཚིག་ཆེན་པོའི་དཀྱིལ་འཁོར་ནས།། ཕོ་ཉ་མོ་སྟེ་དྲུག་ཅུའི་གཙོ།། ཤ་ཆེན་ཁྲག་ལ་ལོངས་སྤྱོད་པའི།། རྡོ་རྗེ་ཡེ་ཤེས་མཆོག་ལ་ཕྱག་འཚལ་ལོ། ཁྲག་གི་རྒྱ་མཚོའི་དཀྱིལ་འཁོར་ནས།། རྡོ་རྗེ་དྲ་བའི་འཕྲེང་ཐོགས་ཤིང། ལྷའི་འདོད་པའི་གཟུགས་དང། སྒྲ་དང། དྲི་དང། རོ་རེག་ལོངས་སྤྱོད་རྣམ་པ་སྣ་ཚོགས་པ་ཚོགས་སུ་འབུལ་བ་ལ་སོགས་པ། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱིས། རྣལ་འབྱོར་ཚོགས་ཀྱི་ལོངས་སྤྱོད་ཆེན་པོར་བྱིན་གྱིས་བརླབས་ཏེ་གསོལ། གཞན་ཡང་འགྲངས་ཤིང་ཚིམ་པར་མཛད། ཕྱིར་མི་ལྡོག་པའི་ས་ལ་བཀོད་པས། འབྱོར་པ་ཐམས་ཅད་ལོངས་སྤྱོད་དུ་ལྟའོ།། དེ་ལ་མཆོད་པ་ཐམས་ཅད་ཡེ་ཤེས་སུ་ལྟ་བ་ནི། ཕྱི་ནང་གསང་བའི་མཆོད་པ་ཐམས་ཅད་ཐུགས་ཡང་དག་པའི་ཡེ་ཤེས་ཆེན་པོའི་ངང་ལས་བྱུང་སྟེ། ཕར་མཆོད་པས་ཐུགས་དམ་བསྐུལ། དངོས་གྲུབ་ནོད། སླར་འདུས་པས་སྒྲིབ་པ་སྦྱངས། དངོས་གྲུབ་ཐོབ་སྟེ། ལྷ་ལ་ལྷ་ཐིམ། ཡེ་ཤེས་ལ་ཡེ་ཤེས་རོལ། ཆོས་ཉིད་ལ་ཆོས་ཉིད་ཐིམ། ཕར་མཆོད་པས་བདག་ཉིད་ཀྱི་སེམས་དང་དེ་བཞིན་གཤེགས་པའི་ཐུགས་ཡེ་ཤེས་སུ་མཉམ་ཞིང་དབྱེར་མེད་པར་མཆོད་པ་ཕུལ། སླར་འདུས་པས་དེ་བཞིན་གཤེགས་པའི་ཐུགས་ཡེ་ཤེས་དང། བདག་གིས་སེམས་མཉམ་ཞིང་དབྱེར་མེད་དེ། ཡེ་ཤེས་མཆོད་པ་འོད་ཟེར་གྱི་རྒྱན་དུ་བདུད་རྩིའི་རང་བཞིན་བྱང་ཆུབ་སེམས་ཀྱི་དངོས་པོ། རྒྱལ་བའི་ཆོས་ལ་དང་པོ་ལོངས་སྤྱོད་པར་མཛད་པས།། མཆོད་པ་ཐམས་ཅད་ཡེ་ཤེས་སུ་ལྟའོ།། དམིགས་པ་ཐམས་ཅད་ལྷ་རྒྱུད་དུ་ལྟ་བ་ནི། མདུན་གྱི་ནམ་མཁའ་ལས་ཡེ་ཤེས་སེམས་དཔའ་རྒྱལ་བ་རྒྱ་མཚོ་སྲས་དང་བཅས་པར་དམིགས་པ་ཡང་བདག་གི་ཕུང་པོ་དང། ཁམས་དང། སྐྱེ་མཆེད་དང། རྣམ་པར་ཤེས་པ་ཉིད་ལྷའི་རྒྱུད་དུ་སྣང་བ་ལས་མ་གཏོགས་པ། གཞན་གུད་ན་མེད་པའི་རྟོག་པའི་ལྟ་བས་རྟོགས་པར་བྱས་ལ། ཇི་ལྟར་གནམ་རི་དང་ས་བྲག་ཐམས་ཅད་འབྱུང་བ་ལྔ་ལ་བསྡུས་ལ། སྐྱེ་འགྲོ་ཐམས་ཅད་ཀྱང་འབྱུང་བ་ལྔ་དང་ཕུང་པོ་ལྔ་བསྡུས་པས་འབྱུང་བ་དང། ཕུང་པོ་ཐམས་ཅད་ཀྱང་ལྷ་དང་ལྷ་མོའི་དཀྱིལ་འཁོར་གྱི་རང་བཞིན་ཡིན་ལ། རྟོགས་པའི་ལྟ་བས་རྟོགས་པར་བྱས་ལ། མདུན་དང་ཤར་ཕྱོགས་རྡོ་རྗེ་རིགས་ཀྱི་ལྷ་དང། ལྷ་མོ་དང། ཞིང་ཁམས་དང། ཕོ་བྲང་གི་རང་བཞིན། གཡས་དང་ལྷོ་ཐམས་ཅད་རིན་ཆེན་རིགས་ཀྱི་ལྷ་དང། ལྷ་མོ་དང། ཞིང་ཁམས་དང། ཕོ་བྲང་གི་རང་བཞིན། རྒྱབ་དང་ནུབ་ཐམས་ཅད་པདྨ་རིགས་ཀྱི་ལྷ་དང། ལྷ་མོ་དང། ཞིང་ཁམས་དང། ཕོ་བྲང་གི་རང་བཞིན། གཡོན་དང་བྱང་ཐམས་ཅད་ལས་ཀྱི་རིགས་ཀྱི་ལྷ་དང། ལྷ་མོ་དང་ཞིང་ཁམས་དང། ཕོ་བྲང་གི་རང་བཞིན། སྟེང་དང་ནམ་མཁའ་ཐམས་ཅད་དེ་བཞིན་གཤེགས་པའི་རིགས་ཀྱི་ལྷ་དང། ལྷ་མོ་དང། སེམས་དཔའ་དང། སེམས་མ་དང། ཁྲོ་བོ་དང། ཁྲོ་མོ་དང། ཞིང་ཁམས་དང། ཕོ་བྲང་དང། དཀྱིལ་འཁོར་དང། ལྷ་རྒྱུད་ཀྱི་རང་བཞིན་དུ་རྟོགས་པར་བྱས་ལ། ཡིད་ཀྱིས་དམིགས་པས། དམིགས་པ་རྣམས་ལྷ་རྒྱུད་དུ་ལྟའོ། རྟོགས་པ་ཐམས་ཅད་གཞལ་ཡས་ཁང་དུ་ལྟ་བ་ནི། ཕྱི་ནང་སྣོད་བཅུད་ཀྱིས་བསྡུས་པའི་ཆོས་ཐམས་ཅད་འབྱུང་བ་ལྔས་བསྡུས་ལ། འབྱུང་བ་ལྔ་པོ་ཉིད་ཡུམ་ཆེན་མོ་ལྔའི་མཁའ་ཀློང་རྣམ་པར་དག་པ་ཆོས་ཉིད་དབྱིངས་ཀྱི་རང་བཞིན་པས། དཔག་ཅིང་གཞལ་བ་ལས་འདས་པའི་གཞལ་ཡས་ཁང་གི་རང་བཞིན་ཡིན་པ་ལས། དེ་ལྟར་མ་རྟོགས་ན་གཞན་ནས་གཞལ་ཡས་ཁང་གཉན་པ་རིས་སུ་ཆད་པ་མེད་པས། རྟོགས་པ་ཐམས་ཅད་གཞལ་ཡས་ཁང་དུ་ལྟའོ། ། ཚོགས་རྒྱུད་ཆེན་པོ་ལས། ལྟ་བའི་ལེའུ་སྟེ་བཅུ་གཉིས་པའོ།།།། དེ་ནས་ཚོགས་ཀྱི་བསྒྲུབ་པ་ལ་ཡང་དོན་རྣམ་པ་ལྔ་སྟེ། སྐུའི་བསྒྲུབ་པ་དང། གསུང་གི་བསྒྲུབ་པ་དང། ཐུགས་ཀྱི་བསྒྲུབ་པ་དང། ཡོན་ཏན་གྱི་བསྒྲུབ་པ་དང། འཕྲིན་ལས་ཀྱི་བསྒྲུབ་པ་གང་བྱེད་ཀྱང་རུང་སྟེ། རྣལ་འབྱོར་གྱི་ཚོགས་ཀྱི་བསྒྲུབ་པ་དགོས་ཏེ། རྣལ་འབྱོར་གྱི་ཚོགས་འདི་ནི་ལན་ཚྭ་དང་ཆ་འདྲ་སྟེ། གང་ལ་ཡང་མི་ཚང་དུ་མི་རུང་སྟེ། སྐུའི་བསྒྲུབ་པའི་དཀྱིལ་འཁོར་གྱི་ལྷ་རྣམས་ལ་ཚོགས་ཀྱི་མཆོད་པ་གཞུང་བཞིན་ཕུལ་ནས། སྐུའི་བསྒྲུབ་པ་ཡང་འགྲུབ་ཅིང་མཐར་ཕྱིན་པར་འགྱུར་ཞིང། གསུང་དང། ཐུགས་དང། ཡོན་ཏན་དང། འཕྲིན་ལས་ཀྱང་དེ་བཞིན་དུ་གང་བསྒྲུབ་པ་ཚོགས་ཀྱིས་བསྒྲུབ་པའོ། ། དེའི་དོན་ནི་གཞུང་དུ་མ་དག་ལས་རྒྱ་ཆེར་བྱུང་ངོ།། ཚོགས་རྒྱུད་ཆེན་པོ་ལས། བསྒྲུབ་པའི་ལེའུ་སྟེ་བཅུ་གསུམ་པའོ།།།། དེ་ནས་ཚོགས་ཀྱི་སྤྱོད་པ་ནི་དོན་རྣམ་པ་གསུམ་སྟེ། ། འབྲས་བུ་བཞི་བཅུ་རྩ་ལྔ་ཉིད།། གྲངས་ལས་འདས་པའི་ཕྱ་རྒྱ་སྟེ།། བསྡུས་པའི་ཉི་ཤུ་ཙ་ལྔར་ཐིམ།། ཐབས་དང་ཤེས་རབ་འགྱིས་པའི་འོད།། བདེབ་ཆེན་པོའི་འབེན་ལ་ཕོག།། དུས་གསུམ་རྒྱལ་བས་བྱིན་རླབས་ཏེ། ། བྱང་ཆུབ་སེམས་ཀྱང་ངོ་བོར་གནས།། སྐུ་གསུང་ཐུགས་སུ་མངོན་ཕྱུང་ནས།། སེམས་ཀྱི་འཁོར་ལོར་ཐིམ་པར་བྱ།། སེམས་ཀྱི་ཀ་བ་ཀུན་བཀང་ནས།། གསང་བའི་འདོམ་གནས་སོན་པ་ལས། ། ས་ཡ་བཅུ་གསུམ་བདེ་བས་རྒྱན།། ས་སྒྲ་ཐེག་ཆེན་ཟབ་མོ་ཡིས།། ཨ་ཡི་ཁྱད་པར་རྟོག་པར་གནས།། དེ་ནས་ཧོ་དང་གཉིས་སུ་མེད།། གསང་བ་རྫོགས་པའི་ཡེ་ཤེས་ལྔ།། འཁོར་ལོ་ཁ་སྦྱོར་སྙིང་པོ་ཅན།། བདེ་ཆེན་འཕེན་པས་མཚམས་སྦྱར་ནས། ། དངས་མ་ཡེ་ཤེས་སྙིངཔོར་འབྲེལ།། འཁོར་བའི་སྙིགས་མ་རང་དག་ནས།། ཡེ་ཤེས་གསལ་བའི་རྟགས་བྱུང་སྟེ།། འདར་དང་རྡུལ་དང་བ་སྤུ་ལྡང།། བཀྲག་དང་གཡོ་དང་ཡང་བ་དང། ། བྱིང་བའི་སྐྱོན་མེད་དགའ་བས་ཁྱབ།། དེ་ནས་ལས་རུང་གོམས་པ་ཡིན།། གཡོ་ཞིང་འཕར་བར་འགྱུར་ན་གློད།། བདེ་བས་སྣོད་བཅུད་ཀུན་བྱང་ནས།། ཙ་ཕུག་ནམ་མཁའ་ལྟར་སྣང་ནས།། ཡེ་ཤེས་ཁྱབ་བརྡལ་ཀུན་ཏུ་བཟང། ། འཕེན་དང་སྡུད་པ་གཉིས་མེད་པ།། ཐབས་དང་ཤེས་རབ་ཡིན་པར་བཤད།། སངས་རྒྱས་ཀུན་འབྱུང་འཁོར་ལོ་ཅན།། ཡེ་ཤེས་སྙིང་པོ་ཟ་མ་ཏོག།། ཀུན་འདུས་སྙིང་པོའི་གཉིས་སུ་མེད།། རྒྱུ་བ་གསུམ་གྱི་དངས་མ་ཉིད། ། འགོ་མིན་རིགས་པ་མུ་མཐའ་ཡས།། ཙི་ཊྚའི་དཀྱིལ་འཁོར་རིན་པོ་ཆེ།། ཡེ་ཤེས་ལྔ་རྫོགས་རྒྱན་དང་ལྡན།། རྫོགས་པ་ཧཱུ~ཾ་ཉིད་སྔོན་ནས་པ།། ཐབས་ལས་ཐབས་བྱུང་ཐབས་བསམ་ཡས། ། ཐབས་ཆེན་ཡེ་ཤེས་རྫོགས་པའི་སྐུ།། ཡེ་ཤེས་ནམ་མཁའི་གཟུགས་བརྙན་ཉིད།། ཕྱི་ནང་སྣོད་བཅུད་མཐའ་ཡས་པ།། ཙི་ཊྚཱིའི་སྙིང་པོ་རྫོགས་པར་གནས།། ཡེ་ཤེས་མེ་ལོང་འོད་གསལ་བ།། དྲན་པའི་སྙིང་པོར་བསྐུལ་གྱུར་ནས། ། རྣམ་ཐར་བརྒྱད་ཀྱི་ལམ་བགྲོད་དེ།། རྡོ་རྗེ་འཛིན་པའི་ས་ལ་སྦྱར།། བདེ་བའི་དབང་ཕྱུག་འདུ་དབྲལ་མེད།། སྦྱོད་ལ་མ་ཆགས་པད་མ་ཅན།། རང་རིག་བདེ་བ་ཆེན་པོའི་གཟུགས།། མ་ལུས་ཡེ་ཤེས་ཁྱབ་པར་གསལ། ། མ་ལུས་མཁའ་གང་ཐིག་ལེར་གནས།། ཐིག་ལེར་རང་བཞིན་མེད་པ་ཐིམ།། ལམ་དུ་ཞུགས་དང་རོ་ཚར་དང།། ཐུན་མོང་བཅད་དང་བྱེད་པ་སྡོམ།། རྟོག་པ་ཀུན་བཅས་བདེ་མཆོག་ལ། ། ཐམས་ཅད་ཁྱབ་ནས་ཡེ་ཤེས་གོམས།། མཐའ་བྲལ་ཡེ་ཤེས་མྱ་ངན་འདས།། མ་བརྗོད་ཐབས་ཀྱི་སྦྱོར་བ་ཡིས།། བདེ་ཆེན་རང་བྱུང་གསལ་བར་འཆར།། ཕྱི་ནང་ཆོས་ཀུན་མ་ལུས་པ།། ཐམས་ཅད་རང་རིག་བདེ་བར་གསལ། ། དེ་ཉིད་སྣོད་བཅུད་མཐའ་ཡས་པར།། རང་སྣང་ཐིག་ལེ་དེ་ཉིད་དོ།། སྐུ་དང་གསུང་ཐུགས་ཡོན་ཏན་ལས།། སྣོད་བཅུད་བདེ་བ་ཡེ་ཤེས་ཉིད།། མ་རིག་མུན་སེལ་ཡེ་ཤེས་འབར།། ཐམས་ཅད་ཡེ་ཤེས་སྙིང་པོར་འདུས། ། བདེ་ཆེན་རྫོགས་པའི་སྙིང་པོ་ལས།། སངས་རྒྱས་རིན་ཆེན་སྙིང་པོ་ཉིད།། ཉིད་ལ་གཉིས་མེད་ཚུལ་གྱི་འཆད།། རྡོ་རྗེ་གསང་བའི་ཚིག་ཏུ་འོ།། སྒྱུ་འཕྲུལ་ཡེ་ཤེས་སྙིང་པོའི་རྒྱུད་ལས། ། ཐུགས་རྗེ་ཡེ་ཤེས་འབྱུང་བར་བསྟན་པའི་ལེའུ་སྟེ་གསུམ་པའོ།།།། དེ་ནས་བཅོམ་ལྡ་འདས་དེ་བཞིན་གཤེགས་པ་དགྱེས་པ་ཆེན་པོས།། ཡི་གེ་ཕྲེང་བ་འཁོར་ལོ་བདེ་བ་ཆེན་པོ་སྤྲིན་བཀོད་པ་འདི་སྐུ་གསུང་ཐུགས་རྡོ་རྗེ་ལས་མངོན་དུ་ཕྱང་ངོ། ། ཨ།། ཀ་ཁ་ག་གྷ་ང།། ཙ་ཚ་ཛ་ཛྷ་ཉ།། ཊ་ཋཊ་ཌ་དྷ་ཎ། ཏ་ཐ་ད་དྷ་ན།། པ་ཕ་བ་བྷ་མ།། ཡ་ཝ་ར་ལ་ཤ་ཥ་ས་ཧ།། ཨ་ཀྵ་ཨ་ཨཱ།། ཨི་ཨཱི།། ཨུ་ཨཱུ།། ཨེ་ཨཻ།། ཨོ་ཨཽ།། རྀ་རཱྀ། ། ལྀ་ལཱྀ+ྀ།། ཨཾ་ཨཱ།། ཨ་ནརི་སུ་ཏྲི་པྲི་དུ།། ཨོཾ་ཨཱ་ཧཱུ~ཾ།། ཀ་ཁ་ག་གྷ་ང།། ཙ་ཚ་ཛ་ཛྷ་ཉ།། ཊ་ཋ་ཌ་ཌྷ་ཎ།། ཏ་ཐ་ད་དྷ་ན།། པ་ཕ་བ་བྷ་མ།། ཡ་ར་ལ་ཝ་ཥ་ཤ་ས་ཧ།། ཀྵ། ཀ་ཁ་ག་གགྷ་ང།། ཙ་ཚ་ཛ་ཛྷ་ཉ།། ཊ་ཐ་ད་དྷ་ན། ཏ་ཐ་ད་དྷ་ན།། པ་ཕ་བ་བྷ་མ།། ཡ་ར་ལ་ཝ་ཤ་ཥ་ས་ཧ།། ཀྵ།། ཞེས་མངོན་དུ་ཕྱུང་ངོ།། ཁྱབ་པར་གྱུར།། གསལ་བར་གྱུར།། འབར་བར་གྱུར་ཏེ།། ཡེ་ཤེས་ཆེན་པོའི་ངོ་བོར་གནས་སོ།། ཨེ་མ་ཧོ་ངོ་མཚར་རྨད་ཀྱིས་ཆོས། ། བརྗོད་མེད་གསུང་གི་ཀུན་ལ་ཁྱབ།། སྒྲ་དང་མིང་ཚིག་འཛིན་པའི་གནས།། ཐམས་ཅད་ཀུན་ལ་རང་བཞིན་གནས།། སྐུ་དང་ཐུགས་ཀྱང་དེ་བཞིན་ཏེ།། བསམ་གྱི་མི་ཁྱབ་དུས་བཞི་གནས།། བྱིན་རླབས་རིག་པའི་ཡི་གེ་གསུང། མཚན་མ་བག་ཆགས་མེད་པར་བྱ།། དབྱིངས་ནས་སྤྲོ་ཞིང་ཨ་ལ་སྟིམ།། ཨ་ཧོ། རིག་པ་འབར་བའི་དཀྱིལ་འཁོར་དེར།། གཏུམ་པོ་མ་རུངས་གསད་པ་ནི།། སྐྱེས་བུ་ཆེན་པོའི་ལས་ཀྱི་མཆོག། ནམ་མཁའ་ལ་ནི་ནམ་མཁའ་རོལ། ། རྡོ་རྗེ་ཐོགས་པས་ཐུགས་བརྗོད་དོ།། སྒྱུ་འཕྲུལ་དྲ་བ་ལས། ཤིན་ཏུ་གསང་བའི་ཁྲོ་བོ་ཉེ་བར་སྒྲུབ་པའི་ལེའུ་སྟེ་བདུན་པའོ།།།། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས། ཁྲོ་བོ་འབར་བ་གཏུམ་ཁྲོའི་ཚོགས་ཆེན་པོར་བསྒྱུར་ནས། ། འོད་དཔུང་འཕྲོ་ཞིང་འབར་བར་བསྟན་པ་ཆེད་དུ་བརྗོད་དོ།། སྒྱུ་འཕྲུལ་དྲ་བ་བསྟན་པ་ཡིས།། ཕྱོགས་བཅུའི་ཞིང་ཁམས་མ་ལུས་པ།། ཧཱུ~ཾ་གྱིས་གཞལ་ཡས་འཁོར་ལོར་སྤྲུལ། ། འབར་བ་ཆེན་པོའི་དཀྱིལ་འཁོར་ན།། འོད་འཕྲོས་འབར་བའི་ཚོགས་ཆེན་རྣམས།། གཏུམ་ཆེན་དུས་མཐའི་མེ་ལྟར་འབར།། རཱཾ། ཉི་མ་ཐོད་སྦྲུལ་མང་པོའི་གཟི།། ཁྲོ་གཉེར་གློག་སྟོང་འགྱུ་བ་བཞིན། ། རྔམ་པའི་ང་རོ་འབྲུག་སྟོང་ལྡིར།། ཕཊ། ཁྲོས་པའི་སྤྲིན་ཆེན་ཕྱོགས་བཅུར་འབར།། རཾ། ཁྲོས་བའི་མེ་དཔུང་རྡོ་རྗེ་འབར།། རྡོ་རྗེ་འཁོར་ལོ་བརྩེགས་པའང་འབར།། ཙཀྲ། ཁྲོ་བོ་ཁྲོ་མོ་ཚོགས་ཀྱིས་བསྐོར། ། གནས་དང་ཡུལ་གྱྀ་ཕྱག་རྒྱར་མཛེས།། ཧ་ཧེ། སླས་དང་བྱིན་མོ་བྲན་མོའི་ཚོགས།། རང་གི་སྟན་དང་ལག་ཆ་དང།། ཅི་བགྱི་ཞེས་ནི་ཆས་ཏེ་གནས།། ཏི་ར་རྒྱུ་མ་ཞགས་པ་དང།། ནརྀ་ཡི་ཙིཏྟ་ཟ་ཞིང་རྒྱུག། ཤིན་ཏུ་རྔམ་པའི་གཟུགས་སུ་གནས།། རལ་པ་མུན་ཛ་ཅོད་པན་འབར། ཁྲོ་རྒྱལ་རྡོ་རྗེ་ཐོགས་པ་ནི།། ཕྱོགས་བཅུ་ཁེབས་པའི་གཤོག་པ་གདེངས།། རྡོ་རྗེས་གཏམས་པའི་བྲག་རི་འབར།། ར~ཾ། འཁོར་ཚོགས་རྔམ་གཟུགས་གནས་པ་རྣམས། ། རྡོ་རྗེའི་གཤོག་གདེངས་འབར་བ་ཡིས།། སོ་སོའི་རང་སྔགས་སྨྲེ་སྔགས་ཤིང།། སྒྲ་སྐད་ང་རོ་དྲག་ཏུ་འདོན།། རང་སྔགས་ཧཱུ~ཾ་ཕཊ་བྷྱོ་རུ་ལུ། ཁྲོ་ཚོགས་མ་ལུས་བཟླུམས་པ་ཡི། ། དཀྱིལ་འཁོར་ཀུན་ཞལ་འབར་བ་དང།། བདག་ཉིད་གཉིས་སུ་མེད་བསྒོམས་པས།། སོ་སོའི་རིང་སྔགས་བཟླས་ནས་སུ།། རྒྱུད་དྲུག་སེམས་ཅན་ཐམས་ཅད་དང།། མ་རུངས་གདུག་པ་ཐམས་ཅད་ཀུན།། ཛཿཧཱུ~ཾ་བཾ་ཧོས་བཀུག་ནས་སུ། ། ལན་གསུམ་ལན་བདུན་ཞལ་དུ་བསྟིམ།། ལྷ་ཡང་རུང་སྟེ་བརླག་པར་འགྱུར།། གཞན་ཡང་མཆོད་པའི་ཞལ་ཟས་ནི།། འབྱོར་པ་སྣ་ཚོགས་ཀུན་གྱིས་མཆོད།། ནརི་ཡི་ཚིལ་དང་ཚ་བའི་མར། ། དམར་གྱི་ཨརྒཾ་རྒྱུན་དུ་འབུལ།། ཨ་ཧོ། སྟོང་དང་འབུམ་ནི་དབུལ་བར་བྱ།། ཡང་ན་ལན་གསུམ་བརྒྱ་རྩ་བརྒྱད།། མཆོད་པ་རབ་ཏུ་དབུལ་བར་བྱ།། བཟླས་པའང་དབུལ་གྲངས་བཞིན་དུ་ཤིས།། ནག་པོ་ཚེར་ཅན་དུག་གི་ཤིང། ། གཞན་ཡང་བསྲེག་རྫས་གདུག་གསུམ་དང།། མནན་པའི་ཆོ་ག་ཀུན་གྱིས་བྱ།། མ་མཁལ་ཁྱི་ལ་ཡ་མཁལ་རའི།། བར་དུ་མིང་རུས་བཅུག་བྱས་ནས།། བཟླས་པའི་མཐའ་མར་ཕྱིན་པ་དང། ། བདག་གི་འོག་ཏུ་བཅུག་ནས་ནི།། རྡོ་རྗེ་ཅན་གྱི་སྔགས་བཟླས་ནས།། མནན་པ་ཀུན་གྱི་མཆོག་ཏུ་འགྲོ། སྒྱུ་འཕྲུལ་དྲ་བ་ལས། ཐུགས་རྗེའི་རོལ་པ་སྤྱིར་བསྟན་པའི་ཧོཾ། ཧོཾ་ཐམས་ཅད་འདིར་འདུས་པའི་ལེའུ་སྟེ་བརྒྱད་པའོ། །།། དེ་ནས་དེ་བཞིན་གཤེགས་པ་ཁྲོ་བོའི་རྒྱལ་པོས་ཐམས་ཅད་རྡོ་རྗེར་བསྡུས་ནས།། ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ།། དག་པ་རྣམ་གསུམ་ཚུལ་བསྒོམས་པ།། སྒྱུ་འཕྲུལ་དྲ་བ་བརྟན་པར་གནས། ། ཐམས་ཅད་ཧཱུ~ཾ་དུ་བསྡུས་ནས་ནི།། དཀྱིལ་འཁོར་གྲུ་གསུམ་འབར་བར་བསྒོམ།། མེད་པུང་འབར་བའི་དཀྱིལ་འཁོར་དུ།། མེ་ལྷ་ཨག་ནེ་ཛས་བཀུག་ནས།། རཾ་ཞེས་བྱ་བའི་མེ་སྦར་ཏེ། ཁྲོ་བོའི་དཀྱིལ་འཁོར་མ་ལུས་ཀུན། ། ཞེ་སྡང་རྡོ་རྗེར་བསྒོམ་པར་བྱ།། ཧཱུ~ཾ། གཏུམ་པོ་ཚོགས་ཆེན་རབ་ཏུ་འབར།། དུང་ཁ་ནག་པོའི་མདོག་འདྲ་ལ།། འབར་བའི་འོད་ཟེར་མང་པོ་འཁྲུག། ཉི་མ་ཐོད་སྦྲུལ་མང་པོས་བརྒྱན།། སེང་གེ་གླང་ཆེན་སྟག་རྔམ་དང། ། ཕྱག་ཆ་སྣ་ཚོགས་འབར་བ་བསྣམས།། ཧཱུ~ཾ་དང་ཕཊ་དང་ཧ་ལའི་སྒྲ། དྲག་སྐད་ཕྱོགས་བཅུའི་ནམ་མཁའ་འཁྲུག། ཕཊ། ཁྲོ་བོ་ཁྲོ་མོའི་ཚོགས་ཀྱིས་བསྐོར།། གནས་དང་ཡུལ་གྱི་ཕྱག་རྒྱ་མཛེས། ། སླས་དང་བྱི་མོ་བྲན་མོ་དང།། བྷྱོ། ཅི་བགྱི་ལ་སོགས་ཚོགས་ཀྱིས་བསྐོར།། སོ་སོའི་སྟན་དང་ལག་ཆ་དང།། རྔམ་པའི་ང་རོ་རང་སྔགས་དང།། མི་སྡུག་གཏུམ་པའི་གཟུགས་ཅན་དང།། ཤིན་ཏུ་ཁྲོ་བར་བསྒོམ་པར་བྱ།

CLOSE WINDOW