CLOSE WINDOW

Gpb038.032: སངས་རྒྱས་ཀྱི་ཞལ་ཆེམས་དང་པོ་ཞེས་བྱ་བ
Wylie

ནྱ་ར་ཉྀ་ཅ།།།། ཥཱཌཉ། རྔཱ་ཧཱ་ཏཾ་ཥ། རྒྱ་གར་སྐད་དུ། བུདྡྷ་ཀ་ར་ཡ་ཧུ་མ་ན་མ། བོད་སྐད་དུ། སངས་རྒྱས་ཀྱི་ཞལ་ཆེམས་དང་པོ་ཞེས་བྱ་བ། དྲུག་པ་རྡོ་རྗེ་འཆང་ཆེན་ཉིད་ལ་ཕྱག་འཚལ་ལོ། ། ཚེ་ལོ་ལྔ་ཁྲི་ཐུབ་པའི་དུས།། འགྲོ་བ་སེམས་ཅན་ཐམས་ཅད་ནི།། སྐྱེ་བ་རྣམ་བཞི་དག་ལས་སྐྱེས།། ཡུལ་ནི་སུམ་ཅུ་རྩ་གསུམ་ཞེས།། དགའ་དང་ལྡན་པའི་ཡུལ་དེ་རུ།། གསོ་བར་བྱེད་པ་སྨན་གྱི་ཚལ། ། འཚོ་བྱེད་གཞོན་ནུའི་ལྡུམ་ར་དེར།། ལོངས་སྐུ་རྡོ་རྗེ་འཆང་ཆེན་ང།། རྡོ་རྗེ་འཆང་དུ་སྐུ་སྤྲུལ་ནས།། སངས་རྒྱས་འོད་སྲུངས་ལ་སོགས་ཏེ།། རབ་ནི་གཉིས་པའི་འཁོར་གྱིས་བསྐོར།། འབྲས་བུ་གསུམ་གྱི་ཟས་ཀྱང་ཟོས། ། ཆོས་ནི་ཕ་རོལ་ཕྱིན་པ་སྟེ།། རྒྱས་པ་འཁྲུ་གང་རེ་རེ་དང།། འབྲིང་ནི་སྟོང་ཕྲག་སྟོང་པ་དང།། ཉི་ཁྲི་དང་ནི་གཉིས་སུ་གསུང།། ཐ་མ་ཤེས་རབ་ཁྲི་བ་དང།། སྔགས་ཀྱི་རྒྱུད་སྡེ་མེ་ལྕེ་འཕྲེངས།། སྒོ་ངའི་སྒྲ་ལ་སོགས་པ་དང། ། ཡེ་ཤེས་རྒྱན་གྱིས་བཤད་རྒྱུད་དང།། ཐིག་ལེ་མཆོག་རྒྱུད་ཀུན་གསལ་དང།། གསང་སྔགས་རྒྱུད་སྡེ་མང་དུ་གསུངས།། ལྷ་དབང་བརྒྱ་བྱིན་ཁངས་བཟང་གི། ལྷོཡི་ཕྱོགས་སུ་དེ་ལྟར་བཤད།། ལྷ་དབང་བརྒྱ་སྦྱིན་བཙུན་མོ་བཞི། ། སུམ་ཅུ་རྩ་གསུམ་སྲས་དང་བཅས།། ཉོན་མོངས་ཟད་པར་བྱ་ཕྱིར་འོང།། ལོ་ནི་སུམ་ཅུ་རྩ་ལྔ་ལོན།། དེ་ནས་འདའ་བའི་ཚུལ་ཡང་སྟོན།། སྟོང་ཕྲག་བརྒྱད་དུ་ཏིང་འཛིན་སྒོམ།། དེ་དུས་རིགས་འཛིན་དགའ་རབ་རྗེས། ། འཚོ་བྱེད་གཞོན་ནུའི་ལྡུམ་རར་རྒྱས།། གདུང་བའི་ཤུགས་ཀྱིས་མཆི་མ་ཕྱུང།། ཀྱེ་མ་ཀྱེ་ཧུད་ཀྱེ་མ་ཀླུང།། སྟོན་པ་སྒྲོན་མའི་འོད་ནུབ་ནས།། སེམས་ཅན་མུན་པ་གང་གིས་སེལ། ། དེ་ལྟར་སྨྲེ་སྔགས་བརྒྱལ་སངས་ནས།། ནམ་མཁའི་དབྱིངས་སུ་ཡར་བལྟས་པས།། འོད་ཟེར་འཇའ་ཚོན་འཁྲུག་པའི་ནང།། སྟོན་པ་དྲུག་པ་རྡོ་རྗེ་འཆང།། ཕྱག་གཡས་གྲུབ་ལོ་ཡར་བྱུང་ནས།། རིན་ཆེན་ཤེལ་གྱི་ཟ་མ་ཏོག། སེན་གང་བ་ཅིག་མར་ལ་བོར།། བདག་གིས་ལག་གཡོན་ཡར་བརྐྱང་བས།། གླེགས་བམ་ལག་མཐིལ་གཡོན་དུ་བབས།། དེ་ཉིད་ཞལ་ཕྱེས་ལྟས་པའི།། མཐིང་གི་ཤུག་གུ་མཐིང་ཁ་ལ།། བྷཻ་དུར་ཞུན་མས་བྲིས་པ་སྣང། ། མཐོང་བས་དགའ་རབ་རང་རྒྱུད་གྲོལ།། དེ་ཡི་ཞལ་ཆེམས་འདི་ལྟར་རོ།། ཀྱེ་མ་ཀྱེ་མ་རིགས་ཀྱི་བུ།། གསང་སྔགས་གསང་བའི་གནད་རྣམས་ཀུན།། གཅིག་ཏུ་དྲིལ་ལ་ཉམས་སུ་ལོང། ། ལུས་ངག་ཡིད་ཀྱི་སྔོན་འགྲོ་ནི།། མི་རྟག་སྙིང་རྗེས་བྱང་སེམས་བསྒོམ།། དབེན་ཞིང་ཉམས་དགའ་གནས་ཉིད་བརྟེན།། ཆོས་དང་མཐུན་པའི་མཆེད་གྲོགས་ཚོལ། ཁམས་ཀྱི་བརྟན་པོ་ཡོ་བྱད་བསར།། སྐུ་གསུམ་རྟེན་གྱི་མཆོད་པ་ཤིས། ། ལུས་ནི་མ་བཅོས་གང་བདེར་འདུག། ངག་ནི་འཆལ་པའི་ལོ་བྱུང་ཡང།། སེམས་རྟོག་སྔ་ཕྱི་བར་གསུམ་ཆོད།། འདི་ནི་ཞེན་ལོག་དྲག་པོ་བསྒོམ།། དགེ་མེད་རྒྱུད་ལ་ཡང་ཡང་ཁོལ། ། ལུས་ངག་ཡིད་གསུམ་རང་སོར་གློད།། དེ་ནས་དོན་དམ་སེམས་སྐྱེད་ནི།། སྟོང་གསལ་སྙིང་རྗེས་བདག་མེད་བསྒོམ།། ལུས་འདི་དམིགས་རྒྱུས་བསྐྱེད་པའི་ཕྱིར།། རིགས་དྲུག་ས་བོན་ཉིད་དུ་གནས།། རིག་པ་སྐུ་གསུམ་དངོས་ཡིན་ཕྱིར། ། སྐུ་གསུམ་ཡི་གེ་གསུམ་དུ་གནས།། ཡེ་ཤེས་རྩལ་སྦྱང་རུ་ཤན་དབྱེ།། དབྱེ་བ་རྣམ་པ་གཉིས་ཡིན་ཏེ།། ཐོག་མར་ཐ་མལ་པ་ཡིས་ལུས།། མཛོད་སྤུ་མགྲིན་པ་སྙིང་ཁ་དང།། ལྟེ་བ་གསང་གནས་རྐང་མཐིལ་དུ། ། ཨ་དཀར་ཏི་མཐིང་ནརྀ་ལྗང་དང།། བྲེ་སེར་སྲེ་དམར་དུ་ནག་སྒོམ།། སྐུ་གསུང་ཐུགས་ལ་འབྲུ་གསུམ་ནི།། དཀར་དམར་མཐིང་ལ་མེ་འབར་བས།། རིགས་དྲུག་ས་བོན་སྲེག་པར་བསྒོམ།། ཨོཾ་ཨཱཿཧཱུཾ་གསུམ་ལ་བདུན་འབུམ་བསྐྱལ། ། དེས་ནི་ངན་སོང་རྡོག་པས་ནོན།། གཉིས་པ་བདག་གི་རྡོར་སེམས་ཀྱིས།། སྐུ་གསུང་ཐུགས་ཡིག་འཁོར་ལོ་བསྒོམ།། གསུམ་པ་སྤྱན་འདྲེན་མཆོད་པ་འབུལ།། བཞི་པ་ཀུན་རྫོབ་ལས་རིམ་བསྒོམ། ། སྨོན་འཇུག་གཉིས་ལ་འབད་པར་བྱ།། ཚོགས་གཉིས་རྫོགས་ཕྱིར་མཎྜལ་ཕུལ།། བྱིན་རླབས་འབྱུང་ཕྱིར་གསོལ་བ་བཏབ།། ལུས་སྒྲིབ་བྱང་ཕྱིར་ཕྱག་བསྐོར་བྱ།། ངག་སྒྲིབ་སྦྱང་ཕྱིར་ཡིག་བརྒྱ་བཟླས། ། མདོ་དང་བསྔོ་བ་སྨོན་ལམ་བཏབ།། ཉིན་མཚན་ཆོས་ཀྱི་འཁོར་ལོ་བསྐོར།། མགྲོན་རིགས་བཞི་ལ་ལོངས་སྤྱོད་འབུལ།། དེ་ལྟར་སྔོན་འགྲོ་རྫོགས་བྱས་ནས།། སྤྲོས་བཅས་ལ་སོགས་དབང་རྣམས་བསྐུར། ། དབང་སྲོག་དམ་ཚིག་སྐུ་གསུང་ཐུགས།། མ་ཁྲེལ་གསུམ་གྱི་སྲུངས་མཚམས་བཅའ།། མྱ་ངན་འདས་པའི་སྣ་སེལ་ཡིན།། འགྲོ་དྲུག་འདྲེན་པའི་ལྕགས་ཀྱུ་ཡིན།། ཐར་པ་བགྲོད་པའི་ལམ་སྐལ་ཡིན། ། འཁོར་བ་སྒྲོལ་བའི་གྲུ་ཆེན་ཡིན།། དེ་སྐད་ཅེས་ནི་རང་ཤར་བ།། བསྟན་པ་ཀུན་གྱི་སྙིང་གཟེར་ཡིན།། རྡོ་རྗེ་འཆང་གི་འདས་རྗེས་མཆོག། ཞལ་ཆེམས་དག་ཏུ་བཀའ་སྩལ་ལོ།། དཔལ་སྔགས་ཀྱི་སྲུངས་མ་ནག་མོ་ཁྲོས་མས་སྲུངས་ཅིག། ས་མ་ཡ། སྐུའི་རྒྱ། གསུང་གི་རྒྱ། ཐུགས་ཀྱི་རྒྱ།།།།

CLOSE WINDOW