CLOSE WINDOW

Gpb038.024: དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ཡེ་ཤེས་མཆོག་གི་རྒྱུད་ཆེན་གསང་བ་ཡོངས་རྫོགས་ཞེས་བྱ་བ
Wylie

ཨོ་རྒྱན་ཌ་ཀི་བརྡའི་སྐད་དུ། རྒྱ་གར་སྐད་དུ། སརྦ་ཏ་ཐཱ་ག་ཏ་བཱག་ཙིཏྟ་གརྦྷ་ཏ་ད་ཡ་ཏི་ཛྙ་ཨ་ལ་ཧ་ཏན་ཏྲ་གུ་ཧྱ་སམ་སན་ནཱ་མ། བོད་སྐད་དུ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ཡེ་ཤེས་མཆོག་གི་རྒྱུད་ཆེན་གསང་བ་ཡོངས་རྫོགས་ཞེས་བྱ་བ། བཅོམ་ལྡན་འདས་རིག་པ་འདུས་མ་བྱས་པའི་དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པའི་དུས་ཅིག་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་ཉིད་ཆེན་པོ།། ཆོས་ཀྱི་དབྱིངས་བྷ་ག་ཡངས་པའི་ཀློང་ནས།། སྐུ་གསུམ་གྱི་ངོ་བོ་ཐམས་ཅད་ལྡན་པའི་འཁོར་རྣམས་དང་ལྷན་ཅིག་ཏུ་བཞུགས་སོ། ། དེའི་ཚེ་ཆོས་སྐུའི་ངང་ལས་མ་གཡོས་བཞིན་དུ། གཟུགས་སྐུའི་ཡེ་ཤེས་འཆད་པ་པོ་དང།། ཞུ་བ་པོ་གཉིས་ཀ་རང་ལས་བྱུང་སྟེ།། རང་འབྱུང་སྤྲུལ་པའི་རྡོ་རྗེ་སྙིང་པོ་ལ་འདི་སྐད་ཅེས་གསོལ་ཏོ། ། ཨེ་མ་ཧོ། ཐམས་ཅད་མཁྱེན་པའི་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་དེ་བཞིན་ཉིད་ཀྱི་ཆོས་ཉིད། ཀུན་ལ་ཁྱབ་པ་བྱང་ཆུབ་ཀྱི་སེམས་རང་རིག་པའི་ཡེ་ཤེས། སྐུ་གསུམ་གྱི་རང་བཞིན་ཕུན་སུམ་ཚོགས་པའི་སངས་རྒྱས་དེ་གང་ལགས། ཐམས་ཅད་དང་ལྡན་པའི་འཁོར་རྣམས་ལ་བཤད་དུ་གསོལ།། བཅོམ་ལྡན་འདས་རང་རིག་པའི་རྒྱལ་པོས་བཀའ་སྩལ་པ། ལེགས་སོ་དཔལ་ལྡན་རྡོ་རྗེ་འཆང།། རྡོ་རྗེ་སྙིང་པོ་ཁྱོད་ཞུས་པས། ། ང་ཡིས་བཤད་ཀྱིས་ཐམས་ཅད་མཁྱེན་པའི་ཡེ་ཤེས་དེ།། མ་རྟོགས་གདུལ་བྱ་སྣང་བ་རུ།། གཅིག་དང་དུ་མ་བྲལ་བ་ཡི།། བྱེ་བྲག་རྣམ་པ་གསུམ་དུ་བྱུང།། ཆོས་སྐུ་ལོངས་སྐུ་སྤྲུལ་སྐུའོ།། ཆོས་སྐུའི་སྟོན་པས་ཀུན་ལ་ཁྱབ། ། ཆོས་སྐུའི་གནས་ནི་ཆོས་ཀྱི་དབྱིངས།། ཆོས་སྐུའི་འཁོར་ནི་ཐམས་ཅད་ཀུན།། ཆོས་སྐུའི་ཆོས་ནི་དེ་བཞིན་ཉིད།། བྱིན་གྱིས་རླབས་ཀྱིས་ངོ་བོ་བཤད།། སྨྲ་བསམ་བརྗོད་མེད་རྒྱུན་མི་འཆད། ། ཆོས་སྐུའི་ངང་ལས་ལོངས་སྤྱོད་རྫོགས།། ལོངས་སྐུའི་སྟོན་པ་ཀུན་ཏུ་སྣང།། ལོངས་སྐུའི་གནས་ནི་ཀུན་ཏུ་གསལ།། ལོངས་སྐུའི་འཁོར་ནི་དག་པའི་སེམས།། ལོངས་སྐུའི་ཆོས་ནི་འོད་ཟེར་ཚུལ།། རང་གི་ངོ་བོའི་བརྡ་ཡིས་བཤད། ། དག་སྣང་ཤར་བའི་དུས་སུ་རྟོགས།། ལོངས་སྐུའི་མཛད་པ་སྤྲུལ་པའི་སྐུ།། སྤྲུལ་སྐུའི་སྟོན་པ་གང་འདུལ་སྐུ།། སྤྲུལ་སྐུའི་གནས་ནི་འཁོར་བའི་གནས།། སྤྲུལ་སྐུའི་འཁོར་ནི་མོས་པ་ཅན། ། སྤྲུལ་སྐུའི་ཆོས་ནི་མ་ངེས་པ།། གང་འདོད་ཚིག་དོན་སྡེབས་ནས་བཤད།། དུས་གསུམ་དུས་མེད་དུས་ཀུན་སྟོན།། ཆོས་སྐུའི་ཞིང་ཁམས་ནམ་མཁའི་ཁམས།། ལོངས་སྐུའི་ཞིང་ཁམས་འདོད་ཡོན་ལྔ།། སྤྲུལ་སྐུའི་ཞིང་ཁམས་རིགས་དྲུག་གནས། ། སྐུ་གསུམ་འདུལ་བའི་ཞིང་ཁམས་ཡིན།། སྐུ་གསུམ་ཐམས་ཅད་མཁྱེན་པ་ཡི།། རང་འབྱུང་རིག་པའི་བྱང་ཆུབ་སེམས།། འཁོར་བ་མྱང་འདས་གཉིས་སུ་མེད།། ཆོས་ཀྱི་དབྱིངས་དང་དབྱེར་མེད་དུ། ། མ་བཅོམ་ལྷུན་གྲུབ་ཀུན་ཏུ་བཟང།། གང་ལ་གང་དགོས་ཚོགས་པ་ནི།། བདེ་ཆེན་ཕུན་སུམ་ཚོགས་པར་བཞུགས།། ཅེས་གསུངས་སོ།། གླེང་གཞིའི་ལེའུ་སྟེ་དང་པོའོ།།།། ཀྱེ་ཐམས་ཅད་འདུས་པའི་ཚོགས་ཆེན་ད་ཡང་ཉོན། ། སྐུ་གསུམ་གྱིས་བསྡུས་པའི་ཆོས་ཐམས་ཅད་ཀྱི་རང་བཞིན་རྩ་བ་འདི་ལྟ་སྟེ།། དང་པོ་ཆོས་ཉིད་རིག་པ་བྱང་ཆུབ་སེམས།། ཐམས་ཅད་ཀུན་མཁྱེན་རྒྱལ་པོ་ང་ཡིན་ཏེ།། ང་ཡི་རང་བཞིན་ལས་ནི་གཞན་མ་མཆིས། ། སྟོན་པ་གསུམ་ཡང་ང་ཡི་རང་བཞིན་ཡིན།། དུས་གསུམ་སངས་རྒྱས་ང་ཡི་རང་བཞིན་ཡིན།། བྱང་ཆུབ་སེམས་དཔའ་ང་ཡི་རང་བཞིན་ཡིན།། ཉན་ཐོས་རང་རྒྱལ་ང་ཡི་རང་བཞིན་ཡིན། ། ཡོན་ཏན་ཡེ་ཤེས་ང་ཡི་རང་བཞིན་ཡིན།། འཁོར་གནས་ཆོས་བསྟན་ང་ཡི་རང་བཞིན་ཡིན།། འཇིག་རྟེན་འཇིག་རྟེན་འདས་པ་ང། ཁམས་གསུམ་སེམས་ཅན་བདེ་སྡུག་ང།། ལུས་ངག་ཡིད་གསུམ་ཕྱི་ནང་ང། ། སྐྱེ་ཤི་བར་དོ་ང་ཡི་རང་བཞིན་ཡིན།། རྟག་དང་མི་རྟག་ཐམས་ཅད་གཅིག། འབྱུང་བ་ལྔ་ཡང་ང་ཡི་རང་བཞིན་ཡིན།། སྒོ་ལྔ་ཡུལ་ལྔ་ཉོན་མོངས་ལྔ་ཡང་ང།། སྣོད་བཅུད་གཏན་གཡོ་ཐམས་ཅད་ང་ཡི་རང་བཞིན་ཡིན། ། མ་རིག་གཟུང་འཛིན་འཁྲུལ་པ་ཐམས་ཅད་དང།། སྲིད་དང་ཞི་བ་ཐམས་ཅད་དང།། དགེ་སྡིག་རྒྱུ་འབྲས་བདེ་སྡུག་ང་ཡི་རང་བཞིན་ཡིན།། སྐྱོན་ཡོན་ལེགས་ཉེས་ཐམས་ཅད་ང།། དགག་སྒྲུབ་སྤང་བླང་ཐམས་ཅད་ང་ཡི་རང་བཞིན་ཡིན། ། སྣང་སྟོང་བདེན་རྫུན་ཐམས་ཅད་ང།། དུག་གསུམ་སྔ་ཕྱི་ཐམས་ཅད་ང་ཡི་རང་བཞིན་ཡིན།། ཐེག་པ་གཅིག་དང་དུ་མ་ཐམས་ཅད་ང།། ཐམས་ཅད་མ་ལུས་ང་ཡི་རང་བཞིན་ཡིན། ། ཆོས་རྣམས་ཀུན་གྱི་རྩ་བ་ང་ལ་འདུས།། ཆོས་རྣམས་ཀུན་གྱི་མཚན་ཉིད་ང་ལ་རྫོགས།། ང་ལ་འཛིན་པ་མེད་པས་སྐྱེ་མེད་ཡིན།། ང་ལ་མི་འཛིན་མེད་པས་འགག་མེད་ཡིན།། ང་ལ་གཅིག་ཏུ་མེད་པས་གནས་མེད་ཡིན། ། ང་ལ་དུ་མ་བྲལ་བས་གནས་མེད་ཡིན།། ངས་ནི་ཀུན་ལ་ཁྱབ་པས་ཆོས་ཉིད་དབྱིངས།། ཀུན་ཏུ་འཆར་བས་སྙིང་པོའི་ཡེ་ཤེས་ཏེ།། གཉིས་སུ་མེད་པས་རིག་པ་བྱང་ཆུབ་ཡིན།། བྱང་ཆུབ་སེམས་ཀྱི་ཆོས་ཉིད་དེ། ། སྐུ་དང་ཡེ་ཤེས་མ་གྱུར་ཅིང།། ཡུལ་དང་ཡུལ་ཅན་མ་འཁྲུལ་པའི།། རྣམ་པར་མི་རྟོག་བཏང་སྙོམས་ནི།། སྣང་མིན་མུན་མིན་ན་བུན་བཞིན།། གནས་པ་བག་ལ་ཉལ་གྱི་སེམས།། སོ་སོར་རྟོག་མིན་འགོག་པ་ཡིན། ། གཟུང་དང་འཛིན་པའི་ཡུལ་གཉིས་སུ།། བདག་དང་གཞན་དུ་རྟོག་པ་མི།། ཆགས་གདངས་ཀུན་རྫོབ་འཁྲུལ་པའི་སེམས།། སེམས་ཅན་འཁོར་བར་འཁྱམས་པ་ཡིན།། རིག་པའི་དོན་ཅིག་མ་རྟོགས་ན། ། མ་རིག་ལས་རྐྱེན་ཚོགས་པ་ཡི།། འཁྲུལ་པའི་མཐའ་ལ་ཟད་པ་མེད།། རང་རིག་ཡེ་ཤེས་མངོན་གྱུར་ན།། དོན་དམ་འགྱུར་མེད་བྱང་ཆུབ་སེམས།། རྣམ་པར་མི་རྟོག་དོན་ཀུན་ལྡན།། སྤྲོས་པ་མེད་པའི་ཆོས་ཉིད་དེ། ། འདུས་མ་བྱས་ཤིང་ལྷུན་གྲུབ་འགྱུར།། མ་རིག་ལས་དང་ཉོན་མོངས་སེམས།། རིག་དང་སྟོང་དང་ཡེ་ཤེས་སེམས།། སེམས་ཀྱི་དེ་ཉིད་རྟོགས་པའི་ཕྱིར།། ཐེག་པ་སྣ་ཚོགས་ཐམས་ཚུལ་གྱིས།། ལམ་གྱི་འཇུག་སྒོ་དུ་མ་རྣམས། ། ཐེག་པ་གཅིག་གི་འབྲས་བུ་རུ།། བྱང་ཆུབ་ཆེན་པོའི་ལམ་ལ་བཞུགས།། བྱང་ཆུབ་ཕྱིར་མི་ལྡོག་པ་ཡི།། བྱང་ཆུབ་སེམས་ལ་ལྟ་སྤྱོད་པའི།། སེམས་བསྒོམས་པས་ནི་སངས་རྒྱས་སོ།། བྱང་ཆུབ་སེམས་ལས་མ་གཏོགས་པའི། ། སངས་རྒྱས་མེད་ཅིང་སེམས་ཅན་མེད།། རྟོག་དང་མི་རྟོག་ལ་སོགས་པའི།། གཟུང་འཛིན་གཉིས་མེད་གང་ཡང་མེད།། ཐམས་ཅད་ཆོས་ཉིད་རིག་པའི་ཀློང།། སྐུ་གསུམ་ཐམས་ཅད་མཁྱེན་པ་ཡིན། ། མ་ཡིན་ཡུལ་ནི་རྡུལ་ཙམ་མེད།། སྐད་ཅིག་ཙམ་ཡང་ཡོད་མ་ཡིན།། ཆོས་ཐམས་ཅད་ཀྱི་རྩ་བ་བྱང་ཆུབ་སེམས་ཀྱི་གླེང་བསླང་བའི་ལེའུ་སྟེ་གཉིས་པའོ།།།། མ་བཅོས་ལྷུན་གྱིས་གྲུབ་པ་ཡི། ། བྱང་ཆུབ་སེམས་ཀྱི་ཆོས་ཉིད་དེ།། ངོ་བོ་རང་བཞིན་མཚན་ཉིད་གསུམ།། ཐོག་མཐའ་མེད་པར་མཉམ་པ་ཉིད།། གནས་ལུགས་སྐུ་གསུམ་རྒྱུད་མི་འཆད།། ནམ་མཁའ་བཞིན་དུ་ཀུན་ལ་ཁྱབ།། ཡིན་ཀྱང་རང་ངོ་མ་ཤེས་པའི། ། སེམས་ཅན་དབུས་ན་བཞུགས་ཙམ་ན།། རང་གིས་རང་ཉིད་བསྒྲིབས་པ་ཡིན།། སྒྲིབ་བཅས་ཆོས་ཀྱི་སྐུ་རུ་སྣང།། མིང་ཡང་ཀུན་གཞི་བྱང་ཆུབ་སེམས།། འཁོར་འདས་ཐམས་ཅད་བསྐྱེད་པ་ཡིན། ། རང་ངོ་རང་གིས་རིག་པ་ཡིས།། བྱང་སེམས་དབུས་ན་བཞུགས་ཙམ་ན།། རང་གི་རང་ཉིད་དག་པ་ཡིན།། སྒྲིབ་སྦྱོང་ཆོས་ཀྱིས་སྐུ་རུ་སྣང།། མིང་ཡང་ལྷག་མཐོང་ཡེ་ཤེས་ཟེར།། ཡོན་ཏན་ཐམས་ཅད་རྩལ་རྫོགས་བྱེད། ། གཉིས་མེད་ལྷུན་གྲུབ་རྩལ་རྫོགས་པའི།། སངས་རྒྱས་དབུས་ན་བཞུགས་ཙམ་ན།། ལྷུན་གྲུབ་ཡེ་ཤེས་འགྱུར་མེད་པས།། སྒྲིབ་མེད་ཆོས་ཀྱི་སྐུ་རུ་སྣང།། རྣམ་དག་དེ་བཞིན་གཤེགས་པ་ལ།། ཀུན་གཞིའི་མིང་ཡང་མི་གྲགས་ཏེ། ། ཀུན་གཞི་ཀུན་གྱི་གཞི་ཡིན་ཡང།། རྣམ་པར་བྱང་བའི་གཞི་མ་ཡིན།། འབྲས་བུ་གཞི་རུ་མི་ལྡོག་སྟེ།། མར་ཉིད་འོ་མར་མི་བཟློག་མཚུངས།། གཞི་ལས་ཕགས་པའི་ལམ་བྱུང་སྟེ། ། འབྲས་བུ་ལམ་གྱིས་མི་འཆིང་བ།། ནམ་ལངས་པ་ཡི་ཉི་མ་ལ།། མུན་པས་སྒྲིབ་པར་མི་ནུས་བཞིན།། ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ།། འཁྲུལ་པ་བྱ་བའི་མིང་མེད་དོ།། ཐམས་ཅད་སངས་རྒྱས་དེ་ཉིད་ཡིན། ། སྔར་ཡང་དེ་བཞིན་ཕྱིས་དེ་བཞིན།། ཡིན་ཡང་གཞི་ལས་འདས་པ་ནི།། ཐུན་མོང་ཐེག་པ་ལྟར་དུ་ན།། རྩོལ་བས་གྲོལ་བ་མ་ཡིན་ཏེ།། རང་བྱུང་རང་དག་རང་གྲོལ་དུ།། ལྷུན་གྲུབ་རྩལ་རྫོགས་འགྱུར་མེད་སྐུ། ། མ་དག་དག་པ་རྣམ་དག་ཏུ།། སེམས་ཅན་བྱང་སེམས་སངས་རྒྱས་ལ།། གོ་རིམས་བཞིན་དུ་ངོ་བོ་ཉིད།། ཡོན་ཏན་རྩལ་ནི་རྫོགས་པ་ཡིས།། རྫོགས་པའི་སངས་རྒྱས་དེར་སངས་རྒྱས།། ཀུན་རྟོག་མ་ཡིན་ཡང་དག་ཏུ། ། ཐོག་མེད་འགྱུར་ཀྱང་ཐ་མ་རུ།། མ་འོངས་སྔོན་འདི་སུས་རྟོགས་པས།། ཕྱིར་མི་ལྡོག་པ་རྡོ་རྗེའི་སྐུ།། མཁྱེན་བརྩེའི་བདག་ཉིད་བཅོམ་ལྡན་འདས།། མངོན་པར་རྫོགས་སངས་རྒྱས་ལ་འདུད།། སྐུ་གསུམ་གྱི་མདོ་བྱང་བསྡུས་པའི་ལེའུ་སྟེ་གསུམ་པའོ། །།། འཁོར་བ་དང་ནི་མྱ་ངན་འདས།། གཉིས་སུ་མེད་པ་ཆོས་ཀྱི་དབྱིངས།། གང་དུ་མི་གནས་མཉམ་པ་ཉིད།། ངོ་བོ་སྤྲོས་མེད་ལྷན་ཅིག་སྐྱེས།། ཐམས་ཅད་མ་ལུས་བསྐྱེད་པའི་གཞི། ། ཡེ་ཐོག་གཞི་ཡི་གནས་ལུགས་ནི།། ཀ་དག་ལྷུན་གྲུབ་ཀུན་ཁྱབ་པའི།། ངོ་བོ་སྟོང་པ་སྤྲོས་དང་བྲལ།། མ་རིག་པ་ཞེས་སྒྲིབ་པ་མེད།། མ་བཅོས་པའི་ཆོས་ཉིད་ལ།། ཡེ་ཤེས་ཙམ་དུ་གྲུབ་མེད་པའི། ། རང་བཞིན་ལྷུན་གྲུབ་འོད་གསལ་བ།། མི་སྐྱེ་མི་འགག་ཅིར་མི་དགོངས།། གཉིས་འཛིན་མཚན་མ་མེད་པའི་ས།། རང་རྩལ་འགག་མེད་སྣང་བ་ལ།། ཕྱོགས་རིགས་མེད་པས་ཀུན་ལ་ཁྱབ།། ཐོག་མཐའ་མེད་པར་རྒྱུན་མི་འཆད། ། མ་བཅོས་སྣ་ཚོགས་ཀུན་ཏུ་ཆར།། ཕྱི་ནང་ཕྱོགས་རིགས་དུས་ཚོད་མེད།། རྟག་པ་མ་ཡིན་ངོ་བོ་སྟོང།། སྐྱེ་བ་མེད་པའི་ཆོས་ཉིད་དབྱིངས།། ཆད་པ་མ་ཡིན་རང་བཞིན་གསལ།། འགག་པ་མེད་པ་རིག་པའི་དོན། ། གཉིས་སུ་མེད་པས་མཐའ་དང་བྲལ།། དངོས་པོའི་ཆོས་སུ་སྐྱེ་མ་མྱོང།། སྟོང་པའི་ཆོས་སུ་འགག་མི་འགྱུར།། ཅིར་ཡང་མ་གྲུབ་ཅིར་ཡང་བྱུང།། སྣང་ལ་གཟུགས་སུ་མ་གྲུབ་པ།། སྟོང་ལ་མཚན་ཉིད་མི་སྒྲིབ་པ། ། སྟོང་གསལ་རིག་པའི་སྙིང་པོ་ཅན།། ཡོད་མེད་སྒྲོས་སྐུར་བྲལ་བ་ཡིས།། རྒྱ་རུ་མ་ཆད་ཀུན་ལ་ཁྱབ།། ཕྱོགས་སུ་མ་ལྷུང་མཉམ་པ་ཉིད།། སེམས་ཅན་མ་ཡིན་འཁྲུལ་རྟོག་མེད།། སངས་རྒྱས་མ་ཡིན་རྩལ་མ་རྫོགས། ། མ་དམིགས་ནམ་མཁའ་ལྟ་བུའི་དབྱིངས།། འགྲིབ་མེད་ཉི་མའི་སྙིང་པོ་བཞིན།། གནས་ལུགས་རང་གསལ་བློ་འདས་དེ།། སེམས་ཅན་བླུན་པོ་བསླད་པ་མེད།། སངས་རྒྱས་མཁས་ནས་བཅོས་པ་མེད། ། འཁོར་འདས་གང་དུ་མ་གྲུབ་པའི།། ཡིན་ལ་གྲུབ་པ་མེད་པའི་དབྱིངས།། འགྱུར་མེད་ཐམས་ཅད་འབྱུང་བའི་ཀློང།། གཅིག་དང་དུ་མ་བྲལ་བའི་གཤིས།། ལྷུན་གྲུབ་འགྱུར་མེད་ངོ་བོ་དེ།། བསམ་གྱིས་མི་ཁྱབ་བརྗོད་ལས་འདས། ། ཆོས་ཀྱི་སྐུ་ཡི་གནས་ལུགས་ཡིན།། རང་བཞིན་གསལ་ལ་རྟོག་མེད་པའི།། སོ་སོར་མ་འདྲེས་ངོ་བོ་ཉིད།། ཀུན་ཏུ་གསལ་བས་ལོངས་སྤྱོད་རྫོགས།། མ་བྱས་རང་བྱུང་རྩོལ་བྲལ་དུ། ། ཅིར་ཡང་མ་ངེས་ཅིར་ཡང་སྣང།། སྣང་ཙམ་ཉིད་ན་སྤྲོས་བྲལ་མཁའ།། སྣ་ཚོགས་སྒྱུ་མ་བཞིན་དུ་འབྱུང།། སྤྲུལ་པ་སྐུ་ཡི་གནས་ལུགས་ཡིན།། དབྱེར་མེད་ངོ་བོ་ཉིད་ཀྱི་སྐུ།། ཀུན་གཞིའི་ཆོས་དབྱིངས་སྙིང་པོ་ཡི། ། ཆོས་ཉིད་ཀུན་ལ་ཁྱབ་པའི་དབྱིངས།། རིག་པ་འགག་པ་མེད་པའི་རྩལ།། གཉིས་མེད་ཀུན་བྱེད་བྱང་ཆུབ་སེམས།། འཁོར་འདས་མ་ལུས་ཀུན་བརྟེན་པས།། གཞིའི་གནས་ལུགས་ཞེས་སུ་བརྗོད།། མ་རྟོགས་རྣམ་ཤེས་ཚོགས་བསྐྱེད་པས། ། མ་དག་འཁོར་བ་ཀུན་གྱི་གཞི།། རིག་པའི་ཡེ་ཤེས་ཀུན་བསྐྱེད་པའི།། དག་པ་མྱ་ངན་འདས་པའི་གཞི།། ཆོས་སྐུ་ཁྱབ་པ་ཅིག་པ་ཡི།། གནས་ལུགས་གཞི་ཡི་སངས་རྒྱས་ཞེས།། ཀུན་ལ་ཁྱབ་པས་ནམ་མཁའ་འདྲ། ། ཐམས་ཅད་བསྐྱེད་པས་ས་གཞི་བཞིན།། གསལ་ལ་མི་འགག་ཉི་ཟླའི་དཔེ།། རྒྱུན་ཆད་མེད་པ་ཆུ་བོའི་རྒྱུན།། དོན་ལ་མི་འགྱུར་རྡོ་རྗེའི་རི།། མ་འདྲེས་ཡོངས་རྫོགས་ཟ་འུག་དཔེ།། དུ་མ་གཅིག་འདུས་རྒྱ་མཚོའི་ཆུ། ། གཅིག་པོ་མང་སྣང་ཆུ་ཟླའི་གཟུགས།། སྐྱོན་མེད་ཤེལ་སྒོང་ལྟ་བུ་ཡིས།། བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་འདི།། ཐམས་ཅད་མཁྱེན་པའི་གཞིའི་རྩ།། གཟུང་དང་འཛིན་པ་འཁོར་བ་སྟེ། ། གཟུང་འཛིན་བྲལ་ན་མྱ་ངན་འདས།། གཉིས་མེད་རྟོགས་པ་སངས་རྒྱས་སོ།། ཀུན་གཞི་ང་མེད་གོང་རོལ་ན།། སེམས་ཅན་བྱ་བའི་མིང་ཡང་མེད།། འབྱུང་བ་བྱ་བའི་ཡུལ་མ་གྲུབ།། སེམས་ཅན་མེད་པའི་གོང་རོལ་ན། ། སངས་རྒྱས་བྱ་བ་བཤད་མཁན་མེད།། ཡེ་ཤེས་བྱ་བ་ངོས་མ་ཟིན།། རྣམ་ཤེས་རྟོག་པས་ཡེ་ཤེས་ཡིན།། ཡེ་ཤེས་འཁྲུལ་པས་རྣམ་ཤེས་བྱུང།། གང་ཡང་མེད་པས་བག་ལ་ཉལ།། གཉིས་མེད་གཅིག་གི་ངོ་བོ་ལ། ། དཔེར་ན་ལག་པའི་ལྟོ་རྒྱབ་བཞིན།། མ་རིག་འཁྲུལ་པའི་སྣང་བ་ལ།། གནས་སྐབས་འཁོར་འདས་གཉིས་སུ་གྱེས།། ཡེ་འཁྲུལ་མིན་ཏེ་བློ་བུར་ཡིན།། འཁྲུལ་པ་སངས་ཚེ་གཉིས་མེད་དུ།། གདོད་ནས་དག་པའི་ཆོས་ཀྱི་སྐུ། ། གཞི་ལས་གྲོལ་བའི་ལྷུན་གྲུབ་དང།། དབྱེར་མེད་ཆུ་ལ་ཆུ་བཞག་བཞིན།། མི་གནས་མྱ་ངན་འདས་པ་པོ།། སངས་རྒྱས་ཀུན་གྱི་སྤྱི་མེས་ཡིན།། རང་བཞིན་གཞིའི་གནས་ལུགས་བསྟན་པའི་ལེའུ་སྟེ་བཞི་པའོ། །།། གནས་ལུགས་སྐྱེ་བ་མེད་པའི་ངང།། རང་བཞིན་འཁྲུལ་ནི་མ་མྱོང་བར།། རང་རྩལ་རིག་པ་འགག་མེད་དེ།། ཀུན་ཏུ་གསལ་ལ་འཛིན་པ་མེད།། ནམ་མཁའ་ལྟ་བུའི་ངང་ཉིད་ནས།། རང་གསལ་ཉི་མ་འོད་བཞིན་ལས། ། མ་རིག་འཁྲུལ་བས་མ་བསྒྲིབས་པར།། རང་ཉིད་ཉི་ཟླའི་སྙིང་པོ་བཞིན།། རང་རིག་ཡེ་ཤེས་ཕྱོགས་མེད་དུ།། གཞན་སྣང་མ་ཡིན་རང་སྣང་ལ།། རང་ངོ་ཤེས་བཞིན་གཞན་འཛིན་མེད།། ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཤར། ། ཤེས་བྱའི་ཡུལ་མེད་དེར་ཤེས་ཀྱི།། རིག་པ་དངོས་མེད་ངོ་བོ་ཉིད།། སྒྲོ་སྐུར་བྲལ་བའི་ཐམས་ཅད་མཁྱེན།། ལྷུན་གྲུབ་འགྱུར་བ་མེད་པར་རྟོགས།། གཞི་ནི་འཁྲུལ་དང་གྲོལ་མིན་ལ། ། རང་ངོ་ཤེས་པས་གཞི་ལས་གྲོལ།། འགྱུར་མེད་རྟོགས་པས་ཕྱིར་མི་ལྡོག། གསལ་འགྲིབ་མེད་པས་འོད་ཀྱི་སྐུ།། བརྗོད་མི་དགོས་པས་དོན་གྱི་གསུང།། རྟོག་མེད་ཐམས་ཅད་མཁྱེན་པའི་ཐུགས།། ཀུན་ལ་ཁྱབ་པས་ཆོས་ཀྱི་སྐུ། ། སངས་རྒྱས་ཀུན་ཏུ་བཟང་པོ་ཡིན།། རང་བཞིན་གསལ་བས་ལོངས་སྤྱོད་རྫོགས།། ཆོས་སྐུའི་ངང་ལས་གཟུགས་ཀྱི་སྐུ།། མེ་ལོང་ནང་དུ་བཞིན་ཤར་བཞིན།། རང་དང་བཞིན་ལ་གསལ་བ་ཡིན། ། རྩོལ་བ་མེད་པར་གཞན་གྱི་དོན།། ནོར་བུ་རིན་ཆེན་བཞིན་དུ་འབྱུང།། ཐོག་མའི་སངས་རྒྱས་གཞི་ཐོག་གྲོལ།། ཡེ་ཤེས་རང་རྩལ་རྒྱས་པ་ཡིས།། བར་སྐབས་གཟུང་འཛིན་འཁྲུལ་པའི་བློ།། གདོད་མ་ཉིད་ནས་མ་གྲུབ་པས། ། སངས་རྒྱས་ཆོས་ལས་ཡོངས་མི་འདའ།། སྡུག་བསྔལ་ཀུན་འབྱུང་འགོག་པ་ཡི།། བསག་སྦྱང་ལམ་གྱི་དགེ་བ་ནི།། བ་སྤུ་ཙམ་ཅིག་མ་བྱས་པར།། འབྲས་བུ་སྐུ་གསུམ་ལྷུན་གྱིས་གྲུབ།། རྒྱུ་ལས་མ་བྱུང་འབྲས་བུ་ནི། ། དང་པོའི་སངས་རྒྱས་རྒྱུ་མེད་པ།། གདོད་ནས་རང་བཞིན་ལྷུན་གྲུབ་ཡིན།། རྐྱེན་གྱིས་མ་བཅོས་རང་ཤར་ལ།། རང་འབྱུང་རྩོལ་མེད་ཀུན་ཤེས་པ།། རང་བྱུང་ཡེ་ཤེས་སངས་རྒྱས་ཡིན།། མ་བསྒྲུབས་པ་རུ་ལྷུན་གྲུབ་པས། ། ལམ་མ་བགྲོད་པར་རྩལ་རྫོགས་པའི།། རིག་པ་འདུས་མ་བྱས་པའི་སྐུ།། འཁྲུལ་མ་མྱོང་བར་གྲོལ་བ་ཡི།། དེ་བཞིན་གཤེགས་པ་ཆོས་ཀྱི་སྐུ།། དང་པོའི་སངས་རྒྱས་བཅོམ་ལྡན་འདས། ། སངས་རྒྱས་རྣམ་པར་སྣང་མཛད་ཆེ།། ཐུབ་པ་ཆེན་པོ་ཐུབ་ཆེན་ལྡན།། སྐུ་ནི་མི་འགྱུར་ཀུན་ཏུ་བཟང།། གསུང་ནི་མི་འགག་སྨྲ་བརྗོད་བྲལ།། ཐུགས་ནི་མི་གཡོས་མཉམ་པ་ཉིད།། སྐུ་གསུང་ཐུགས་ལྡན་རང་གསལ་གྱི། ། ཐམས་ཅད་མཁྱེན་པའི་ཡོན་ཏན་མཚོ།། དཀྱིལ་འཁོར་མ་ལུས་ཀུན་གྱི་བདག། རང་བཞིན་དོན་གཉིས་སྒྲིབ་མེད་གསལ།། སངས་རྒྱས་ཉི་མ་དེ་ལ་འདུད།། དང་པོའི་སངས་རྒྱས་གཞི་ཐོག་ནས་གྲོལ་བར་བསྟན་པའི་ལེའུ་སྟེ་ལྔ་པའོ། །།། མ་བཅོས་གཞིའི་གནས་ལུགས་ཀྱི།། གདོད་ནས་དག་པའི་ཆོས་སྐུ་དེ།། དག་པ་ནམ་མཁའ་ལྟ་བུ་ལ།། དེ་ཉིད་རབ་རིབ་མིག་བཞིན་དུ།། རང་ངོ་ཡིན་པར་མ་ཤེས་པས། ། འདི་ནི་འཁོར་བར་ཐོག་མེད།། ངོ་བོ་རང་བཞིན་མཚན་ཉིད་གསུམ།། དཔེར་ན་མུན་པའི་གཟུགས་བརྙན་བཞིན།། གཞན་གྱི་བྱེད་པོ་མ་ཡིན་པར།། རང་གི་རྒྱུ་རྐྱེན་འབྲས་བུ་ཡིན།། ཆོས་དབྱིངས་གཏི་མུག་མ་རིག་པས། ། ཡུལ་དུ་ཡུལ་ཅན་མ་ཡིན་པའི།། ཀུན་གཞི་མུན་པའི་སེམས་ཞེས་པ།། མཚན་མོའི་ནམ་མཁའ་ལྟ་བུ་འབྱུང།། དེ་ནི་ཆོས་སྐུའི་ངོ་བོ་སྟེ།། དོན་ལ་དུས་གསུམ་འགྱུར་མེད་ཀྱང།། དེ་ཉིད་མ་རིག་གཞིའི་སེམས། ། ཀུན་ལ་ཁྱབ་པའི་ཆོས་ཉིད་དེ།། རང་གིས་རང་ཉིད་མ་ཤེས་པ།། ལྷན་ཅིག་སྐྱེས་པའི་མ་རིག་པ།། རང་གི་རང་ཉིད་མ་མཐོང་བ།། མིག་གིས་མིག་ནི་མི་མཐོང་འདྲ།། གཞན་གྱི་ཡུལ་ཡང་མི་མཐོང་བ། ། རྒན་ལོང་ཐང་ལས་འཁྱམས་པ་འདྲ།། བདེ་གཤེགས་སྙིང་པོས་ཀུན་ཁྱབ་ཅིང། ཁམས་གསུམ་སེམས་ཅན་ཐམས་ཅད་ཀྱིས།། སྡིག་པ་སྤུ་ཙམ་མ་བྱས་ཀྱང།། རྒྱལ་བུ་རྐང་འཁྱམས་ལྟ་བུ་རུ།། བློ་བུར་འཁྲུལ་པ་མ་ཤེས་པ། ། འཁོར་བར་འཁྱམ་པའི་རྩ་བ་ནི།། བདག་ཉིད་ཅིག་པའི་མ་རིག་པ།། ཀུན་ལ་ཁྱབ་པའི་སེམས་ཅིག་པོ།། ནམ་མཁའ་གར་ཁྱབ་སེམས་ཅན་ཁྱབ།། སེམས་ཅན་གར་ཁྱབ་མ་རིག་ཁྱབ།། མ་རིག་གར་ཁྱབ་ཆོས་སྐུས་ཁྱབ། ། རིག་པའི་དོན་ཡང་དེ་ཙམ་མོ།། ངོ་བོ་སྟོང་པའི་རང་རྩལ་དེས།། རང་བཞིན་འགོག་པ་མེད་པ་ཡི།། འོད་དང་མདངས་སུ་ཤར་བ་ལས།། མ་རིག་འཆར་སྒོ་མ་འགགས་པས།། འདུ་བྱེད་གཡོ་བ་ལས་ཀྱི་རླུང། ། བདག་དང་གཞན་དུ་རྟོག་པ་ཡི།། གཟུང་འཛིན་གཉིས་ཀྱི་འཁྲུལ་པ་ཤར།། རང་གི་རྒྱུ་རྐྱེན་ལས་བྱུང་བའི།། ཀུན་ཏུ་བརྟགས་པའི་མ་རིག་པའི།། དེ་མ་ཐག་ཏུ་རང་ལས་སུ།། གཞན་དུ་གཉིས་འཛིན་འཁྲུལ་པ་ནི། ། མེད་པ་ཡོད་འཛིན་རི་དྭགས་ཀྱིས།། སྨིག་སྒྱུའི་ཆུ་ལ་སྙོག་པའམ།། ཡོད་ལ་མེད་མཐོང་ཐག་པ་སྦྲུལ།། མཐོང་ཡང་ཐག་པ་སྦྲུལ་མ་ཡིན།། ཐག་པ་སྤང་ནས་སྦྲུལ་ཡོད་མིན།། དེ་བཞིན་འཁྲུལ་པའི་ཚེ་ན་ཡང། ། མ་འཁྲུལ་ལོགས་ནས་ཡོད་མ་ཡིན།། ངོ་བོ་གཅིག་ལ་རྣམ་པ་གཉིས།། ཐ་དད་བཟུང་བ་འཁྲུལ་པ་སྟེ།། འཁྲུལ་པའི་རྣམ་ཤེས་སྣ་ཚོགས་ལ།། མིང་མེད་པ་ལ་མིང་དུ་རྟགས།། དེ་ལ་ཨ་འཐས་བདག་ཏུ་བཟུང། ། གཟུང་འཛིན་གཉིས་ལས་སྤྲོས་པ་ཡིས།། ཀུན་རྫོབ་དོན་དམ་འཁོར་འདས་དང།། འཁྲུལ་དང་མ་འཁྲུལ་ལྟོས་པའི་ཆོས།། བདེ་སྡུག་སྣ་ཚོགས་དེ་རུ་བྱུང།། རང་ངོ་མ་ཤེས་འཁྲུལ་པ་སྟེ།། འཁྲུལ་སྣང་རང་སེམས་འཁྲུལ་བ་ལ། ། འཁྲུལ་པ་རང་ལ་ལོངས་སྤྱད་པས།། རང་སེམས་ལོངས་སྤྱོད་རྫོགས་སྐུ་རུ།། འཁྲུལ་པའི་ཆོས་ལ་འགག་པ་མེད།། འགག་མེད་རྟོགས་ན་སངས་རྒྱས་ཡིན།། མ་རིག་དར་གྱི་སྲིན་བུ་བཞིན། ། རང་གིས་རང་ཉིད་བཅིངས་པ་ཡིན།། གཞན་གྱིས་འཆིང་བྱེད་མ་མཆིས་པས།། འཇུར་བུས་བཅིངས་པའི་སེམས་ཉིད་འདི།། དཔེར་ན་སྦྲུལ་གྱི་མདུད་པ་བཞིན།། གློད་ན་རང་གྲོལ་ཐེ་ཚོམ་མེད།། ཐམས་ཅད་གསལ་ལ་འགག་མེད་པའི། ། ཐུགས་རྗེས་ཅི་ཡང་འཆར་བ་འདི།། མ་ཤེས་རྣམ་ཤེས་སྣ་ཚོགས་པའི།། མིང་གཟུགས་ཕྱི་ནང་རྟེན་འབྲེལ་ཚོགས།། ཆགས་སྡང་རྨོངས་གསུམ་རྟོག་ཚོགས་ཀྱི།། མ་རིག་པའི་སྦྲུལ་ཏེ། ། དེ་ཡི་ལས་དང་བག་ཆགས་རྣམས།། མ་དག་འཁོར་བར་རྒྱུན་དུ་འཁྱམས།། དེ་ཉིད་ཁོ་ན་ལ་རྨོངས་པའི།། མ་རིག་འཁྲུལ་པའི་འབྲས་བུ་སྟེ།། ཉོན་མོངས་པ་ནི་འཁོར་བ་ལ།། ལས་ཀྱིས་རྒྱུ་འབྲས་སྣང་བ་ཡིས། ། སྨྱོན་པ་ལྷ་མཐོང་འདྲེ་མཐོང་བཞིན།། བདེ་སྡུག་སྣ་ཚོགས་ཅི་ཡང་བྱུང།། སེམས་ཉིད་གཅིག་གི་སྤྲུལ་པ་སྟེ།། རང་ལ་རང་འཁོར་འཁོར་བ་ཞེས།། རང་བཞིན་ཤེས་ན་མྱ་ངན་འདས།། འཁོར་འདས་ལག་པའི་ལྟོ་རྒྱབ་འདྲ། ། དེ་ལྟར་ཀུན་གཞི་གཅིག་ཉིད་ལས།། རང་བྱུང་མ་རིག་གསུམ་དུ་བྱུང།། ངོ་བོ་སྟོང་པར་མ་རིག་པས།། ལྷན་ཅིག་སྐྱེས་པའི་མ་རིག་པ།། རྒྱུ་བྱས་འཁོར་བ་དེ་ལས་བྱུང།། དཔེར་ན་སྐྱེས་བུ་གཉིད་ལོག་འདྲ། ། རང་བཞིན་གསལ་བར་མ་རིག་པས།། ང་དང་བདག་ཏུ་འཛིན་པ་ཡིས།། ཀུན་ཏུ་བརྟགས་པའི་མ་རིག་པས།། རྐྱེན་བྱས་འཁྲུལ་སྣང་ཆགས་སྡང་བྱུང།། དཔེར་ན་གཉིད་ཀྱིས་རྨི་ལམ་འདྲ། ། ཐུགས་རྗེས་ཀུན་ཁྱབ་མ་རིག་པས།། སྣ་ཚོགས་རྟོགས་པ་སོ་སོར་བཟུང།། དེ་ཉིད་ཁོ་ན་མ་རིག་པས།། ལས་ཀྱིས་བག་ཆགས་རྣམ་སྨིན་བྱུང།། དེ་ཉིད་སེམས་སུ་མ་རིག་པས།། རྒྱུ་འབྲས་རྨོངས་པའི་མ་རིག་པ། ། ཐུགས་རྗེའི་མཚན་ཉིད་སྣ་ཚོགས་ཏེ།། རྨི་ལམ་སྣ་ཚོགས་རྨིས་པ་བཞིན།། འཁྲུལ་པའི་འབྲས་བུ་འཁོར་བ་སྟེ།། འཁོར་བ་སྤངས་ནས་གཞན་དུ་ནི།། མྱ་ངན་འདས་པ་ཡོད་མིན་པ།། ཡང་དག་དོན་ལ་འཁྲུལ་པ་མེད། ། འཁྲུལ་པའི་རྟོག་པ་བློ་བུར་བ།། གནས་སྐབས་ཙམ་ལས་རྟག་ཏུ་མིན།། དཔེར་ན་སྐྱེས་བུ་གཉིད་སད་བཞིན།། ཆོས་སྐུ་རྣམ་གཉིས་ཤེས་བྱ་སྟེ།། མེ་ཉིད་དུ་བས་མི་གསལ་བཞིན།། གཞི་ཡི་ཆོས་སྐུ་ཉོན་མོངས་བསྒྲིབས། ། སེམས་ཅན་ཉོན་མོངས་རང་དགར་སྤྱོད།། ཤེལ་ཉིད་ཤེལ་གྱིས་སྒྲིབ་པ་བཞིན།། ལམ་གྱི་ཆོས་སྐུ་ཤེས་བྱས་བསྒྲིབས།། འཕགས་པའི་གཉེན་པོའི་ཆོས་ཀྱིས་འཁྲུལ།། སྤང་བླང་གཉེན་པོ་གྲོལ་ཙམ་ན།། དྲི་མ་མེད་པའི་ཆོས་སྐུ་ནི། ། ནམ་ལངས་ཉི་མ་ཤར་བ་བཞིན།། ཐམས་ཅད་སྒྲིབ་མེད་རྩོལ་མེད་གསལ།། བདེ་གསལ་བར་ནི་རྒྱུན་པར་གནས།། བར་དོའི་གྲོང་ཁྱེར་དེ་ལ་མེད།། ཆོས་དབྱིངས་ཤིན་ཏུ་དྲི་མ་མེད།། དེ་ཡི་རྒྱུ་ནི་གསལ་བ་ཡི། ། སྣ་ཚོགས་ཚུལ་སྟོན་རོ་གཅིག་པས།། འཁོར་འདས་ཀུན་མཁྱེན་སྐུ་གསུམ་གྱི།། དེར་འཛིན་བག་ཆགས་དག་ཙམ་ན།། སེམས་ཅན་ཐམས་ཅད་སངས་རྒྱས་ཉིད།། སངས་རྒྱས་སེམས་ལ་མ་གཏོགས་པར། ། གཞན་ནས་འཚོལ་བ་འཁྲུལ་པའི་བློ།། ཕྱིན་ཅི་ལོག་སྟེ་ཐར་པ་བྲལ།། འཁོར་བ་འདི་ནི་མུ་མཐའ་མེད།། སྐུ་གསུམ་ངང་ལས་མ་འདས་ཀྱང།། རང་སྣང་འཁྲུལ་པའི་གླེན་པ་བཞིན།། རང་ལ་རང་ལ་སྡུག་བསྔལ་བསྐྱེད། ། རང་ལས་རང་བྱུང་ཟད་མེད་པ།། རང་སྣང་འཁོར་བ་སྤྱི་ཙམ་ལ།། མ་རིག་འཁྲུལ་པ་ཟད་པ་མེད།། རང་རིག་རྟོགས་ན་སྐད་ཅིག་མ།། ཟད་པར་སྐྱོལ་ཏེ་འཁོར་དོང་སྤྲུགས།། འགྲོ་ཀུན་ཡེ་སངས་རྒྱས་ནས་གདའ། ། མ་རིག་འཁྲུལ་པའི་དུས་འདིར་ཡང།། མ་རིག་ངོས་སུ་བཟུང་མེད་དེ།། ངོ་བོ་སྟོང་པས་ཆོས་སྐུ་ཡིན།། དེ་ལ་བདག་འཛིན་ཡེ་རེ་བ།། མངོན་སུམ་གསལ་བ་རིག་པ་དེ།། རང་བཞིན་ལོངས་སྤྱོད་རྫོགས་སྐུ་ཡིན། ། རང་བཞིན་སྣ་ཚོགས་སྣང་བ་སྟེ།། མཚན་ཉིད་ཐུགས་རྗེས་སྤྲུལ་སྐུ་ཡིན།། དེ་ལྟར་མ་རིག་འཁྲུལ་དུས་ན།། སྐུ་གསུམ་མ་བཅོས་ལྷུན་གྲུབ་པས།། སྣང་སྲིད་ཐམས་ཅད་སངས་རྒྱས་ཞིང། ། རང་བྱུང་རྣམ་ཤེས་ཡེ་ཤེས་ཡིན།། ཡེ་ཤེས་ཡེ་ཤེས་ཁྱད་པར་ཆེ།། རྣམ་མཁྱེན་ཡེ་ཤེས་ཀུན་མཁྱེན་བདག། ཀུན་ཏུ་བཟང་པོའི་དགོངས་པའོ།། ཀུན་གཞི་གསལ་སྟོང་རྣམ་ཤེས་ཏེ།། རང་གདངས་འོད་ལྔར་གསལ་བ་ལ། ། དེར་འཛིན་གཟུང་འཛིན་གཉིས་འཁྲུལ་པས།། ཕྱི་ནང་འབྱུང་བ་ལྔ་བྱུང་ཞིང།། ཉོན་མོངས་ལྔ་སྐྱེས་ཨ་འཐས་པས།། རྒྱུད་ལྔའི་ལམ་ལས་འགྲོ་ལྔ་བྱུང།། འབྱུང་བ་ལྔ་པོ་དངོས་སུ་གྲུབ།། སྣོད་བཅུད་ཕྱི་ནང་རྣམ་ཤེས་གསུམ། ། ལྷན་ཅིག་སྐྱེས་པར་ཉམས་དུ་སྣང།། ཀུན་བརྟགས་སེམས་ཀྱི་བཟུང་བའི་ཡུལ།། མཁའ་ལ་རླུང་རྟེན་དེ་ལ་ཆུ།། དེ་ལ་ས་རྟེན་དྲོད་ཀྱིས་སྨིན།། རྩི་ཤིང་མེ་ཏོག་འབྲས་བཅུད་ལྡན། ཁ་དོག་དབྱིབས་བཅས་བེབས་སྣང་སེམས། ། རི་རབ་རི་བདུན་རོལ་མཚོ་བདུན།། གླིང་བཅས་ཉི་ཟླ་སྟོང་གསུམ་སོགས།། སྣོད་ཀྱི་འཇིག་རྟེན་ཁམས་གསུམ་ཆགས།། ཆགས་ལས་འགྱུར་མེད་རྟོག་མེད་ནི།། འབྱུང་བ་ཆོས་སྐུའི་ངོ་བོ་ཡིན། ། རྣམ་པར་རྟོགས་མེད་ལྷུན་གྱིས་གྲུབ།། མི་གཡོ་མི་འགག་སྐྱེ་བ་མེད།། འབྱུང་བའི་སྣོད་ལས་འདས་པ་མེད།། ནམ་མཁའ་ཀུན་ལ་ཁྱབ་པའི་སྐུ།། སྣང་སྟོང་ཀུན་བཟང་ཡབ་ཡུམ་ཡིན།། འབྱུང་ལྔ་སོ་སོར་མ་འདྲེས་པར། ། ཀུན་གྱི་རང་རང་སྤྱོད་ཡུལ་དུ།། ཆོས་ཀྱི་དབྱིངས་ན་ལོངས་སྤྱོད་པ།། སྐུ་ལྔ་ཡེ་ཤེས་དར་ཤར་བའི།། རིགས་ལྔ་ལོངས་སྤྱོད་རྫོགས་སྐུ་ཡིན།། འབྱུང་བ་ལྔ་པོ་རེ་རེ་བཞིན།། འགྲོ་བ་རང་རང་འདོད་པ་བཞིན། ། དེ་དང་དེ་ཡི་དོན་གྲུབ་པར།། སྣང་བ་སྤྲུལ་པའི་སྐུ་ཡིན་ཏེ།། འགྲོ་དོན་མི་གྲུབ་གཅིག་ཀྱང་མེད།། ཐམས་ཅད་སངས་རྒྱས་སྤྲུལ་པའི་མཆོག། འབྱུང་བ་ཆེན་པོ་བཅོམ་ལྡན་འདས།། ལོངས་སྤྱོད་རྫོགས་སྐུ་ཀུན་གྱི་རྒྱལ། ། ཆོས་ཀྱི་དབྱིངས་དང་དབྱེ་བ་མེད།། གཉིས་མེད་ཡེ་ཤེས་ཆོས་ཀྱི་སྐུ།། སྣོད་ཀྱི་འཇིག་རྟེན་རང་སྣང་ཡིན།། ཆགས་འཇིག་སྟོངས་གནས་ལ་སོགས་པ།། ངེས་མེད་རྣམ་པ་སྣ་ཚོགས་ཀུན། ། རང་སྣང་འགྱུར་བའི་ཆགས་འཇིག་ཡིན།། རང་སྣང་འཛིན་པ་མ་གྱུར་ན།། སྣོད་ཀྱི་འཇིག་རྟེན་ཆགས་འཇིག་མེད།། དཔེར་ན་ཉི་མའི་ཉི་འོད་ཀྱང།། ཉི་མ་གར་སྣང་ཉི་འོད་འདུ།། གཉིས་མེད་གཉིས་སུ་བརྟགས་པ་བཞིན། ། རང་གཞན་སྣོད་བཅུད་དེ་དང་འདྲ།། འཁྲུལ་རྟོགས་གཉིས་སུ་ཕྱེ་བ་ལས།། དོན་ལ་དབྱེར་མེད་དངོས་སུ་སྣང།། རྣམ་པར་སྣང་མཛད་གང་ཆེན་མཚོ།། སངས་རྒྱས་ཀུན་གྱི་ཞིང་ཁམས་ཏེ། ། སངས་རྒྱས་ཀུན་གྱི་སྐུ་ཡང་ཡིན།། སེམས་ཅན་ཁམས་ཀུན་དག་པའི་ཕྱིར།། སངས་རྒྱས་ཞེས་སུ་མིང་དུ་བཏགས།། སྣོད་ལ་བརྟེན་ནས་ནང་གི་བཅུད།། གཟུང་འཛིན་ཉོན་མོངས་འདོད་པའི་ཁམས།། ཡུལ་ལ་ཉོན་མོངས་གཟུགས་ཁམས་པ། ། འཛིན་པའི་ཉོན་མོངས་གཟུགས་མེད་ཁམས། ཁམས་གསུམ་གནས་པའི་སེམས་ཅན་རྣམས།། རྒྱུ་ནི་མ་རིག་ལས་དབང་གིས།། རྐྱེན་ནི་ཆགས་སྡང་རྨོངས་པ་ཡི། ། རྒྱུད་ལྔ་ལམ་ལ་འཚོགས་པ་ཡིས།། དེ་ཡི་རང་སྣང་རང་གཟུགས་སུ།། ཤེལ་དང་འདྲ་བའི་སེམས་ཉིད་དེ།། དེ་དང་དེ་ཡི་རྒྱུ་མཐུན་དུ།། འགྲོ་རིགས་ལྔའམ་དྲུག་ཏུ་སྣང།། སོ་སོའི་ལས་དང་བག་ཆགས་ཀྱིས། ། ལུས་དང་ངག་དང་ཡིད་དུ་གྲུབ།། དེ་དང་དེ་ཡི་སྤྱོད་པར་སྣང།། སྣང་བ་སྣ་ཚོགས་ཐ་དད་ཅིང།། གནས་ལུགས་ཅིག་ལ་སྤྱོད་པ་ཡི།། སེམས་ཅན་ཐམས་ཅད་སེམས་གཅིག་སྟེ།། རང་སྣང་དགེ་བ་ཀུན་ཡང་དགེ། རང་སྣང་མི་དགེ་ཀུན་མི་དགེ། ངན་སོང་བདེ་འགྲོ་དེ་ཡི་ཁྱད།། སྟོང་པ་ཉིད་ཀྱིས་ཆོས་ཉིད་ལ།། རྒྱུ་འབྲས་བདེན་པ་དེ་ཡི་གནད།། རྒྱུ་འབྲས་བདེན་མེད་རྟོགས་པ་ན།། གཟུང་འཛིན་བྲལ་བས་ཆོས་སྐུ་ཡིན། ། ཆོས་སྐུ་ཀུན་ལ་ཁྱབ་པ་ལ།། བྲལ་དང་མ་བྲལ་གཉིས་སུ་མེད།། ཕྱི་ནང་གཟུང་འཛིན་ཡུལ་གཉིས་ལ།། འདོད་ཡོན་ལྔ་རུ་ལོངས་སྤྱོད་པས།། ལོངས་སྐུའི་རོལ་པ་དེ་ཉིད་ཡིན།། དེ་ཡང་མ་ཟད་རྣམ་ཤེས་ནི། ། སྣ་ཚོགས་འགག་མེད་སྤྲུལ་པའི་སྐུ།། སེམས་ཅན་རྣམས་ཀྱི་ཆོ་འཕྲུལ་ཏེ།། སངས་རྒྱས་སྤྲུལ་པའི་སྐུ་འཆང་བ།། སེམས་ཅན་སེམས་ཅན་དོན་གཉིས་འགྲུབ།། འོ་མའི་ནང་ནས་མར་བཞིན་དུ།། སེམས་ཅན་རྣམས་ཀྱི་སྙིང་དཀྱིལ་ན། ། ཐམས་ཅད་མཁྱེན་པའི་སངས་རྒྱས་བཞུགས།། སངས་རྒྱས་མ་ཡིན་སེམས་ཅན་ནི།། གཅིག་ཀྱང་ཡོད་པ་མ་ཡིན་པས།། གསེར་ནི་རང་གཡས་བསྒྲིབས་པ་བཞིན།། རང་གི་ཤེས་བྱའི་སྒྲིབ་པ་ཡིས། ། སེམས་ཅན་ལམ་དུ་འཁྲུལ་པ་ཡིན།། འཁྲུལ་སྣང་མཐར་ཐུག་དམྱལ་བ་སྟེ།། སྐུ་གསུམ་ངང་ལ་འདས་པ་མེད།། ངོ་མ་ཤེས་པ་དམྱལ་བར་བཟུང།། ངོ་ཤེས་དམྱལ་བའི་རིག་པ་དེ།། སྤངས་ནས་གཞན་ན་སྐུ་གསུམ་མེད། ། དམྱལ་སྣང་དེ་ཀ་སྐུ་གསུམ་ཡིན།། མ་རིག་པ་དང་རིག་པ་གཉིས།། རང་གི་ལུས་དང་ལོངས་སྤྱོད་རྣམས།། མུན་པའི་ཡུལ་དང་སྣང་ཡུལ་བཞིན།། ཁྱད་པར་མེད་ལ་ཁྱད་པར་ཆེ།། དེ་བཞིན་ཉིད་དུ་ཤེས་པར་བྱོས། ། རང་གཞན་ཆ་ཡི་རྣམ་རྟོག་གི། ཕྱི་ནང་སྣོད་བཅུད་གཟུང་འཛིན་སེམས།། ཕུང་པོ་ལྔ་དང་འབྱུང་བ་ལྔ།། སྒོ་ལྔ་དང་ནི་ཡུལ་ལྔ་དང།། ཉོན་མོངས་ལྔ་དང་ཡེ་ཤེས་ལྔ།། རྒྱུད་ལྔ་དང་ནི་སྐུ་ལྔ་སོགས། ། གཟུང་འཛིན་དག་གིས་བཟུང་ནས་ནི། ཁམས་གསུམ་པའི་ཁང་པ་རུ།། མིང་དང་གཟུགས་ཀྱིས་བཙོན་རར་ཚུད།། མ་རིགས་ཉོན་མོངས་ལྕགས་སྒྲོག་བསྡམས།། ཕྱིན་ཅི་ལོག་སྣང་དམག་གིས་བསྐོར། ། བག་ཆགས་སྔ་ཕྱིའི་དུག་རོ་ལངས།། རྣམ་སྨིན་ལས་དང་ལག་པ་སྦྲེལ།། ལས་ཀྱི་རྒྱུ་འབྲས་འཚམས་སྦྱར་ནས།། ཉིན་པར་རྨི་ལམ་གཉིད་ལོག་སད།། འདི་ཕྱི་བར་དོ་ཐམས་ཅད་དུ།། གཅིག་ནས་གཅིག་ཏུ་ཟོ་ཆུ་བཞིན། ། བཟང་ངན་རིམ་པའི་ལུས་བླངས་ནས།། དེ་དང་དེ་རུ་སྣང་བ་ནི།། རྟོག་པ་ཐམས་ཅད་ཆོས་སྐུ་ཡིན།། ཆོས་ཉིད་མ་ཁྱབ་རྟོག་པ་མེད།། ཐད་ཀའི་རྟོག་པ་ལོངས་སྐུ་ཡིན།། དེ་དང་དེ་ཡི་སྣང་བ་སྤྱོད། ། གནས་ལུགས་སེམས་ཀྱི་རྒྱུད་གཅིག་ཀྱང།། ལམ་རྒྱུད་རྟོག་པ་ཐ་དད་པས།། ངེས་པ་མེད་པ་སྤྲུལ་པའི་སྐུ།། སོ་སོར་རིགས་ཀྱིས་རྟོག་པའི་གཟུགས།། མི་ལ་བདེ་སྡུག་བཏང་སྙོམས་དང།། ལྷ་ལ་འདོད་པའི་ཡོན་ཏན་དང། ། ལྷ་མིན་གོ་མཚོན་འཁྲུག་པ་དང།། བྱོལ་སོང་བླུན་ཅིང་གནོད་འཇིགས་དང།། ཡི་དྭགས་བཀྲེས་སྐོམ་སྡུག་བསྔལ་དང།། དམྱལ་བ་མེ་ཆུ་ལ་སོགས་པའི།། སྡུག་བསྔལ་རྣམ་པ་སྣ་ཚོགས་པ། ། སྣང་བ་མི་གཅིག་སོ་སོར་བྱུང།། རང་རྟོག་རང་གི་སྤྲུལ་པ་ཡིན།། གཞན་གྱི་བྱེད་ཡུལ་བྱེད་མཁན་མེད།། རྒྱལ་པོ་གདན་ལས་མ་གཡོས་ཀྱང།། སྒྱུ་མ་མཁན་གྱིས་བསླུས་པ་བཞིན།། ཆོས་སྐུ་ངང་ལ་མ་གཡོས་བཞིན། ། བདེ་སྡུག་སྣ་ཚོགས་ཤར་བ་ཡིན།། ཤར་ཡང་ངོ་བོ་ཉིད་ཀྱིས་དག། སེམས་ཅན་སྐུ་གསུམ་རང་བཞིན་ལ།། ཤེས་ན་ཐམས་ཅད་དེ་ཡིན་ཏེ།། དེ་ལས་གཞན་པ་སངས་རྒྱས་ཀྱིས།། བཙལ་ཡང་རྙེད་པར་མི་འགྱུར་བས། ། རྟོག་པ་ཉིད་ནི་ཆོས་ཀྱི་སྐུ།། སེམས་ཅན་ཐམས་ཅད་སངས་རྒྱས་ཉིད།། འཁྲུལ་པ་རྣམས་ནི་ཡེ་ཤེས་དངོས།། མ་རིག་པ་ནི་ཆོས་ཀྱི་དབྱིངས།། སྣང་གྲགས་འཛིན་གསུམ་སྐུ་གསུང་ཐུགས།། ཐམས་ཅད་རང་འབྱུང་ཡེ་ཤེས་ཡིན། ། རང་འབྱུང་རྩོལ་བའི་ཁར་མ་ལུས།། རྩོལ་སྒྲུབ་འདས་པའི་བྱང་ཆུབ་སེམས།། ཐམས་ཅད་མཁྱེན་པ་ཁྱོད་ཡིན་ནོ།། ངོ་བོ་སྟོང་པའི་རང་བཞིན་ཏེ།། གསལ་བ་འགག་མེད་ཐུགས་རྗེའི་འོད། ། དོན་དམ་ཀུན་རྫོབ་གཟུགས་ཅན་ནོ།། ཀུན་རྫོབ་འཁོར་བའི་རང་བཞིན་ལ།། དོན་དམ་མྱ་ངན་འདས་པའོ།། གཉིས་སུ་མེད་པ་ཕྱག་རྒྱ་ཆེ།། རྫོགས་པའི་སངས་རྒྱས་དེ་ལས་བྱུང།། རང་འབྱུང་རྫོགས་པ་ཆེན་པོའོ། ། མ་རིག་འཁྲུལ་པའི་བྱུང་ཁུངས་བསྟན་པའི་ལེའུ་སྟེ་དྲུག་པའོ།།།། ཆོས་ཉིད་སྐྱེ་མེད་དབྱིངས་ཀྱི་ཀློང།། རིག་པ་འགག་མེད་རང་གདང་དེ།། གཉིས་མེད་བྱང་ཆུབ་སེམས་ཀྱི་རྩལ།། ཡེ་ཤེས་འོད་ལྔའི་གདངས་སུ་ཤར། ། མ་རིག་འབྱུང་ལྔ་གཟུང་འཛིན་གྱིས།། བག་ཆགས་སྔ་ཕྱི་འདས་པ་ཡི།། བར་དོར་ཡིད་ཀྱི་ལུས་ཞེས་པ།། ཤེས་པ་ཕྱད་ཕྱོད་ཡལ་ཡོལ་གྱིས།། འདོད་ཞེན་སྲེད་པའི་སྣང་བ་ཡི། ཁམས་གསུམ་རྟོགས་པའི་སྐྱེ་གནས་བཞི། ། རྨི་ལམ་ལྟ་བུའི་གཟུང་འཛིན་བྱེད།། ཁྱད་པར་འཛམ་གླིང་མངལ་གནས་རྣམས།། ཕ་མ་འཁྲིགས་པ་གནས་སུ་མཐོང།། སྔོན་གྱི་ལས་ཀྱིས་འབྲེལ་པ་རྣམས།། ཤ་རུལ་ལ་ནི་སྦྲང་འདུ་བཞིན། ། ལུས་མཐུན་གང་དག་རྒྱུ་མཐུན་ཏེ།། དུག་གསུམ་དུག་ལྔས་རྐྱེན་བྱས་ནས།། རླུང་སེམས་ཕ་མའི་རྒྱུ་རྐྱེན་ལྔ།། དབྱེར་མེད་འདྲེས་པ་རྟོག་པའི་གཟུགས།། ཀུན་རྫོབ་འབྱུང་བ་དངོས་སུ་བྱུང།། ས་ཡིས་གཟུགས་ལ་རླུང་གིས་གཡོ། ། མེ་ཡིས་དྲོད་ལ་ཆུ་ཡིས་ཁྲག། ནམ་མཁའ་གོ་འབྱེད་འདུ་འཕྲོ་ཡིས།། མེར་མེར་ནུར་ནུར་ལྟར་ལྟར་པོ།། གོར་གོར་འཁྲང་འགྱུར་ཁྱབ་འཇུག་དང།། སྦལ་པ་མི་ཐུང་ངང་པ་ཅན། ། ཤ་རུས་ཁྲག་གི་ལུས་གྲུབ་ནས།། རྩ་རླུང་ཐིག་ལེ་ལུས་ངག་ཡིད།། ཆུ་ལས་ཆབ་རོམ་བཞིན་དུ་ནི།། དངོས་མེད་དངོས་པོ་ཅན་དུ་གྲུབ།། དེ་དང་དོན་དམ་བྱང་ཆུབ་སེམས།། ཏིལ་དང་མར་བཞིན་དབྱེར་མེད་གནས། ། དངོས་པོར་མ་གྲུབ་རིག་པ་ནི།། ཆོས་སྐུ་གསང་བ་སྦུབས་ཀྱི་སྐུའི།། རྩ་ཚང་ལུས་རྫོགས་དངས་མ་རླུང།། སྟོབས་བསྐྱེད་ནུས་པ་འཁམས་རྒྱས་པས།། ཕུང་པོ་ལྔ་དང་དབང་པོ་ལྔ།། ཡན་ལག་ལྔ་དང་དོན་སྙིང་ལྔ། ། ཡུལ་ལྔ་ཉོན་མོངས་ཕྱི་ནང་ལྔ།། སེམས་ལྔ་རྟེན་འབྲེལ་འཚོགས་བསྡུས་པས།། མི་རྟག་རྣམ་སྨིན་རྒྱུ་ལུས་གྲུབ།། འོད་གསལ་དངོས་པོར་ལོངས་སྤྱོད་ཅིང།། དངོས་པོ་མི་རྟག་དངོས་མེད་དུ།། སྐྱེ་འགག་མེད་པའི་ཆོས་ཉིད་ལ། ། སྐྱེ་འགག་གཉིས་སུ་ལོངས་སྤྱོད་པ།། ལོངས་སྐུ་སྒྱུ་མའི་སྐུ་ཡིན་པས།། ཟག་བཅས་ཉིད་ཀྱང་ཟག་མེད་དུ།། ཡེ་ཤེས་ཆེན་པོའི་གློང་ན་བཞུགས།། ཆོས་ཀྱི་སྐུ་ལས་འགྱུར་བ་མེད།། མངལ་ཞུགས་བྱང་ཆུབ་རྣམ་ལྔ་སྟེ། ། ཟླ་བ་བཅུ་ནི་ས་བཅུའི་ཚུལ།། སྐྱེས་པ་རང་བཞིན་སྤྲུལ་པའི་སྐུ།། བྱ་བ་སྣ་ཚོགས་མཛད་པ་དེ།། སྐུ་གསུམ་བདག་ཉིད་ལྷུན་གྲུབ་ལུས།། འོད་གསལ་ལས་ནི་རྣམ་སྨིན་ལུས།། སྒྱུ་ལུས་ཡིད་ལུས་འོད་ཀྱི་ལུས། ། མ་རིག་འཁྲུལ་པ་དེ་ཉིད་འཁོར།། དུས་གསུམ་རྒྱལ་བའི་སྐུ་ཉིད་དུ།། མ་རིག་གྲོལ་ཚེ་འབྱུང་བའི་ལུས།། ལྷག་མེད་ཡེ་ཤེས་ངང་དུ་བཟློག། ཡེ་ཤེས་ལུས་ཅན་དེ་བཞིན་གཤེགས།། ཐོག་མའི་རིག་རྩལ་ཡེ་ཤེས་ལྔ། ། འོད་ལྔ་མ་རིག་འབྱུང་ལུས་གྲུབ།། ལུས་ལ་ཡེ་ཤེས་ཆེན་པོ་གནས།། ལུས་ཅན་ཀུན་ལ་བཟང་ངན་མེད།། ཐམས་ཅད་རྒྱལ་བའི་སྙིང་པོ་ཅན།། སེམས་ཅན་ལུས་ངག་ཡིད་གསུམ་པོ།། སངས་རྒྱས་སྐུ་གསུམ་ཐུགས་ཉིད་དངོས། ། རང་ལུས་རྡོ་རྗེའི་སངས་རྒྱས་ནི།། དངོས་པོ་ཀུན་ལ་ཁྱབ་པ་པོ།། གཞན་ནས་སངས་རྒྱས་བསྟན་དུ་མེད།། ངག་ཏུ་བརྗོད་པའི་རྣམ་པ་ཀུན།། གསང་སྔགས་རྡོ་རྗེའི་བཟླས་པས་ཏེ།། ཆོས་ཉིད་གསུང་ལ་རྒྱུན་ཆད་མེད། ། ཡིད་ཀྱི་དྲན་རྟོག་གང་དྲན་པ།། དེ་ཉིད་ཡེ་ཤེས་རིག་པའི་ཐུགས།། སེམས་ཅན་རང་རྒྱུད་རྟོག་ཚོགས་ན།། ཕུང་པོ་སངས་རྒྱས་མངའ་བདག་མཆོག། ཕུང་པོ་འབྱུང་བ་ཡབ་ཡུམ་ལྔ། ། ཚོགས་བརྒྱད་སེམས་དཔའ་ཡབ་ཡུམ་བརྒྱད།། དུག་ལྔ་སེར་སྣ་ཐུབ་པ་དྲུག། དབང་པོ་སྒོ་བཞི་སྒོ་མ་བཞི།། གཡས་གཡོན་ཉི་ཟླ་ཡིད་ཆོས་ཉིད།། ཆོས་ཉིད་རང་གནས་ཞི་བའི་སྐུ།། རིག་རྩལ་ངར་ལྡན་ཁྲོ་ཚོགས་ཏེ། ། རྩ་ཁམས་སྐྱེད་བྱེད་ལྷ་སྐུའི་ཚོགས།། རང་ལུས་དཀྱིལ་འཁོར་ཆེན་པོར་རྫོགས།། སེམས་ཅན་ཀུན་ལ་དབྱེར་མེད་ཁྱབ།། ལུས་ངག་ཡིད་ལས་མ་གཏོགས་པ།། སྐུ་གསུམ་གཞན་ནས་བཙལ་མི་དགོས། ། རང་ལ་ལྷུན་གྱིས་གྲུབ་པ་ལ།། གཞན་ནས་འཚོལ་འདོད་འཁྲུལ་པའི་བློ།། གཉེན་པོའི་ཆོས་རྣམས་རང་གིས་བསྒྲིབས།། རང་འབྱུང་ཡེ་ཤེས་ཀུན་ལ་ཁྱབ།། དེ་ངོ་ཤེས་པ་རིག་པ་ཡིན།། བདག་རིག་གཞན་རིག་སངས་རྒྱས་ལ། ། དངོས་པོའི་གནས་ལུགས་ལམ་དང་ནི།། འབྲས་བུ་ཡེ་ཤེས་ངོ་འཕྲད་པ།། རིག་པ་ཡེ་ཤེས་སྐུ་ལྔ་སྟེ།། རང་འབྱུང་རིག་པའི་རང་རྩལ་ལས།། རྣམ་པ་ཐམས་ཅད་ཀུན་སྣང་བས། ། རྣམ་པར་སྣང་མཛད་རང་ཉིད་སྐུ།། དེར་གསལ་འཛིན་མེད་ཡེ་ཤེས་ལམ།། འབྲས་བུ་དེ་ཀ་སངས་རྒྱས་ཡིན།། དེ་ཉིད་གཞན་ནས་བཙལ་མི་དགོས།། མི་འགྱུར་རིག་པའི་ཡེ་ཤེས་དེ།། རྟོག་པའི་རླུང་གིས་མི་བསྐྱོད་པས། ། མི་བསྐྱོད་རྡོ་རྗེ་རང་རིག་ཉིད།། དེར་གསལ་འཛིན་མེད་ཡེ་ཤེས་ལམ།། འབྲས་བུ་དེ་ངོ་སངས་རྒྱས་སོ།། རིག་པ་སྟོང་གསལ་འགག་མེད་པས།། ཉམས་སྣང་ཡོན་ཏན་དཔག་མེད་འཕེལ།། རིན་ཆེན་འབྱུང་ལྡན་རང་འབྱུང་སྐུ། ། རིག་པ་རང་གདངས་རང་འོད་ནི།། སྟོང་གསལ་མ་འདྲེས་ཀུན་གསལ་བས།། སྣང་བ་མཐའ་ཡས་འོད་དཔག་མེད།། རིག་པ་ཀུན་དོན་ཀུན་གྲུབ་པས།། རིག་རྩལ་དོན་ཡོད་གྲུབ་པའི་སྐུ། ། དེར་འཛིན་དྲི་མ་བྲལ་བ་ལམ།། དེ་དོན་མྱང་འདས་ཡེ་ཤེས་ཏེ།། འབྲས་བུ་ཡིན་ཏེ་ཀུན་ལ་སྦྱར།། རིག་པ་སྐྱེ་མེད་དབྱིངས་ཀྱི་ངང།། འགག་མེད་གཤེགས་ཤིང་ཐིམ་པ་ན།། དེ་བཞིན་གཤེགས་པའི་རིགས་ཡིན་ནོ། ། གཞིའི་རིག་པ་མི་འགྱུར་བས།། གསལ་སྟོང་རྡོ་རྗེ་རིགས་ཡིན་ཞིང།། ཡོན་ཏན་ལྷུན་གྲུབ་རང་བྱུང་བས།། རིན་པོ་ཆེ་ཡི་རིགས་ཡིན་ལ།། དེ་ལ་སྐྱོན་གྱིས་མ་གོས་པས།། དྲི་མ་མེད་པ་པདྨའི་རིགས།། རིག་པ་དེ་ཉིད་མ་གཏོགས་པ། ། གཞན་ནས་སངས་རྒྱས་མི་འབྱུང་ཞིང།། ཐམས་ཅད་རིག་པའི་ཆོ་འཕྲུལ་བས།། ལས་ཀྱི་རིགས་ནི་ཐམས་ཅད་ཡིན།། རིག་པ་ཡེ་ཤེས་ལྔ་གནས་ཏེ།། ཆོས་སྤྱི་རང་གི་མཚན་ཉིད་རྣམས།། རིག་པའི་ངང་ལས་ཀུན་གསལ་བས། ། མེ་ལོང་ལྟ་བུའི་ཡེ་ཤེས་ཡིན།། ཆོས་ཅན་རྣམ་པ་སྣ་ཚོགས་པས།། ཆོས་ཉིད་ངང་དུ་དབྱེར་མེད་པས།། མཉམ་པ་ཉིད་ཀྱི་ཡེ་ཤེས་ཡིན།། དེ་ཉིད་ངང་ལས་ཡོན་ཏན་ཆ།། བྱེ་བྲག་སོ་སོར་གསལ་བ་ཡིས། ། སོ་སོར་རྟོག་པའི་ཡེ་ཤེས་ཡིན།། གང་ལྟར་ཤར་བ་དེ་ཉིད་ལས།། ལོགས་ནས་འབད་རྩོལ་བསྒྲུབ་མི་དགོས།། ཡེ་ནས་རང་ལ་ལྷུན་གྲུབ་པས།། བྱ་བ་གྲུབ་པའི་ཡེ་ཤེས་སོ།། དེ་རྣམས་ཐམས་ཅད་ཐ་དད་དུ། ། མ་ཡིན་ཆོས་ཉིད་སྟོང་པའི་རྩལ།། རོ་གཅིག་ཆོས་དབྱིངས་ཡེ་ཤེས་སོ།། རིག་པའི་ཡེ་ཤེས་འོད་ལྔ་གསལ།། རིག་པ་ཉིད་ལས་གཞན་མ་ཡིན།། ཉོན་མོངས་དྲི་མས་མ་གོས་པས།། དཀར་པོའི་འོད་དུ་སྣང་བའོ། ། དེ་ལས་ཡོན་ཏན་ཀུན་མདངས་ཤར།། སེར་པོ་ཉིད་དུ་ཤར་བའོ།། མ་བཅོས་མ་བཙལ་ངང་དེ་རུ།། ཐམས་ཅད་རིག་པ་དབང་སྡུད་སེམས།། དམར་པོའི་ཁ་དོག་ལྟར་ཡང་སྣང།། རྩོལ་སྒྲུབ་འདས་པ་ལྗང་ཁུའོ། ། སྣ་ཚོགས་ཤར་ཡང་ངོ་མི་འགྱུར།། ཀུན་ལ་ཁྱབ་པས་མཐིང་ཀའོ།། གདོད་ནས་རིག་པའི་རང་གདངས་ལས།། འོད་ལྔའི་མདངས་ཀྱི་ཁ་དོག་བྱུང། ཁ་དོག་ལྔ་ལྡན་གསལ་བ་དེ།། ཡེ་ཤེས་ལྔ་ཡི་རང་གདངས་ཡིན། ། རིག་པ་འབྱུང་བ་ལྔ་རུ་བྱུང།། ཅི་ཡང་མ་གྲུབ་སྟོང་གསལ་བས།། འབྱུང་བ་ནམ་མཁའི་དབྱིངས་སུ་བྱུང།། གསལ་ཆ་སྣ་ཚོགས་གཡོས་པ་རླུང།། དེ་ལ་རང་བཞིན་མདངས་ཡོད་མེ།། གདངས་ལས་ཡུལ་དུ་འཛིན་པས་ས། ། ཡེ་ཤེས་བརླན་དང་མ་བྲལ་ཆུ།། སེམས་ལས་བྱུང་བ་འབྱུང་བ་ཡིན།། རིག་པ་དངས་མ་ལྔར་སྣང་སྟེ།། རིག་པ་འཛིན་བྱེད་ནམ་མཁའི་དངས།། འཛིན་བྱེད་དེ་ཡི་དངས་མ་རླུང།། རླུང་གི་དངས་མ་དྲོད་བྱུང་མེ། ། མེ་ཡི་དངས་ལས་རླུང་བྱུང་ཆུ།། ཆུ་ཡི་དངས་མ་གཟུགས་བྱུང་བ།། འབྱུང་དངས་རྒྱུ་ཡི་ཐིག་ལེ་འབྱུང།། དེ་ལ་དངས་སྙིགས་ལུས་སེམས་གྲུབ།། ཡེ་ཤེས་ངང་ལས་མ་འདས་སོ།། རིག་པའི་ཡེ་ཤེས་ཡུལ་ལྔ་ཤར། ། སྣང་ལ་རང་བཞིན་མ་གྲུབ་པའི།། དམིགས་ཡུལ་གསལ་ལ་མ་འགགས་སྣང།། སྒྲ་ཡི་མཚན་ཉིད་གྲག་སྟོང་དུ།། རྣ་བའི་ཡུལ་དུ་མ་འགགས་གྲག། ཚོར་ལ་དངོས་མེད་སྣང་ཡུལ་དྲི།། རང་བཞིན་མ་གྲུབ་ལྕེ་ཡུལ་རོ། ། ལུས་ལ་རེག་བྱ་འཇམ་རྩུབ་གང།། སྣང་ཡང་འཛིན་བྱེད་རང་བཞིན་སྟོང།། ཡིད་ལ་བདེ་སྡུག་གང་སྣང་ཡང།། རང་ཤར་རང་གྲོལ་དུས་མཉམ་ཡུལ།། ཡུལ་སེམས་གཉིས་མེད་གཅིག་པ་ཉིད། ། རིག་པ་ཉིད་ནི་རླུང་ལྔ་བྱུང།། རིག་པའི་ཡེ་ཤེས་དྲོད་འབར་ཕྱིར།། མེ་དང་མཉམ་པའི་རླུང་ཞེས་བྱ།། རིག་པ་འཁོར་འདས་སྲོག་ཡིན་པས།། ཚེ་སྲོག་འཛིན་པའི་རླུང་ཞེས་བྱ།། ཡུལ་དང་དབང་པོ་བྱེ་བྲག་གང། ། འཁོར་འདས་ལ་སོགས་ཤན་འབྱེད་པ།། དངས་སྙིགས་འབྱེད་པའི་རླུང་ཞེས་བྱ།། རིག་པས་ཀུན་ལ་ཁྱབ་པའི་རྩལ།། ཀུན་ལ་ཁྱབ་བྱེད་རླུང་ཞེས་བྱ།། གནས་སྐབས་འཁོར་བར་འཁྱམས་གྱུར་ཀྱང།། འཁོར་བའི་སྲོག་རྩ་མ་རིག་བཅད། ། མྱ་ངན་འདས་པའི་སར་སྐྱེལ་བས།། སྙིང་རྗེ་མེད་པས་ལས་ཀྱི་རླུང།། རླུང་ཞེས་བྱ་བས་ལས་ཀུན་བྱེད།། རིག་པའི་སེམས་ལ་མིང་དུ་བརྟགས།། ཆོས་ཉིད་རིག་པའི་ཤེས་རབ་ལྔ། ། འཁོར་གནས་ཀུན་འབྱུང་གཞི་གྱུར་པས།། འབྱེད་པ་མེད་པའི་ཤེས་རབ་ཡིན།། ཐམས་ཅད་རིག་པར་རང་གསལ་བས།། མ་འདས་བསྡུས་པའི་ཤེས་རབ་སྟེ།། ཐམས་ཅད་དེ་ཡི་ངོ་བོར་གྱུར། ཁྱབ་པར་བྱེད་པའི་ཤེས་རབ་ཡིན། ། དེ་ཉིད་གསལ་ཆའི་ཡེ་ཤེས་རླུང།། ཀུན་ཏུ་བསྐྱོད་པས་སྐྱོད་བྱེད་རླུང།། འཁོར་འདས་གཞི་རྩ་དེས་བཅད་ནས།། གྲོལ་བ་སྒྲོལ་བྱེད་ཤེས་རབ་བོ།། དེ་ལྟར་ཤེས་རབ་ལྔ་ལྡན་ཡང།། ཐམས་ཅད་རང་འབྱུང་ཡེ་ཤེས་སོ། ། རིག་པ་ས་ལམ་ཡེ་ཤེས་ལྔ།། རང་གིས་རིག་པའི་མོས་གུས་ལ།། བྱིན་བརླབས་འཇུག་པ་ཚོགས་ཀྱི་ལམ།། གཞི་གནས་རིགས་པའི་ཡེ་ཤེས་ཏེ།། གཞན་རྐྱེན་བླ་མས་ངོར་སྤྲད་པས།། གཉིས་མེད་རྟོགས་པས་སྦྱོར་བའི་ལམ། ། རིག་པ་དྲི་མེད་ཀུན་གསལ་དེ།། འགྱུར་མེད་གསལ་ཆ་མཐོང་བའི་ལམ།། འཕོ་འགྱུར་མེད་པའི་ཡེ་ཤེས་ལ།། གསལ་འགྲིབ་མེད་པ་བསྒོམས་པའི་ལམ།། ལྷུན་གྱིས་གྲུབ་པའི་རིག་པ་ལ། ། རྩོལ་གྲུབ་བྲལ་བ་མཐར་ཕྱིན་ལམ།། ས་དང་ལམ་དུ་བསྒྲངས་ན་ཡང།། རིག་པ་གཅིག་གི་སྤྱོད་ཡུལ་ལས།། ས་ལམ་རྩི་བ་འཁྲུལ་པ་ཡིན།། དཔེར་ན་ནམ་མཁའ་བསྒྲངས་དང་མཚུངས།། གཞི་ནི་མ་རིག་ལུས་གྲུབ་ནས། ། དཔེར་ན་མུན་ལ་འཁྱམས་པ་བཞིན། ཁམས་གསུམ་འཁོར་བར་འཁྱམས་གྱུར་ཀྱང།། སྐུ་གསུམ་ངང་ལས་འདས་པ་མེད།། རིག་པ་སྟོང་ངས་ཆོས་ཀྱི་སྐུ།། རང་ཆས་གསལ་བ་ལོངས་སྤྱོད་རྫོགས། ། ཅི་ཡང་བྱུང་བས་སྤྲུལ་པའི་སྐུ།། མ་རིག་པ་ཡི་དུས་ཉིད་ན།། དབྱེར་མེད་ངོ་བོ་ཉིད་ཀྱི་སྐུ།། སྐུ་གསུམ་ངང་ན་སྐྲོང་ངེ་ཡོད།། ལམ་དུ་བླངས་པས་ངོ་སྤྲད་ཀྱང།། ལུས་ཅན་སེམས་ཀྱིས་ཁྱབ་ཚད་ལ།། སྐུ་གསུམ་ངང་ན་ལམ་མེ་ཡོད། ། འབྲས་བུ་འདི་ཉིད་རིག་པ་ན།། སྔོན་དུ་འཚམས་མེད་ལྔ་བྱས་ཀྱང།། སྐུ་གསུམ་ངང་དུ་ལྷག་གིས་རྟོགས།། བདེ་ཆེན་ངང་དུ་ལྷུན་གྱིས་གྲུབ།། ལས་དང་བག་ཆགས་གྲོལ་བ་ན།། ཕྱིན་ཆད་སྡིག་པ་བྱེད་དོན་མེད། ། བྱ་རྒྱུ་འདུག་ན་དེར་སྣང་འཆར།། རིག་པ་དགེ་སྡིག་འདས་པ་དོན།། རིག་པ་དྲི་མ་མེད་པ་ལ།། གང་གི་ལམ་དུ་ཉམས་ལེན་པ།། མཉམ་པར་བཞག་པ་ཆོས་སྐུ་སྟེ།། མཉམ་རྗེས་གཉིས་སྤྱོད་ལོངས་སྤྱོད་རྫོགས། ། རྗེས་ཀྱི་དུས་སུ་སྤྲུལ་སྐུའོ།། མཉམ་རྗེས་བྲལ་བ་དེ་བཞིན་གཤེགས།། གཞི་རིག་ཀ་དག་ཆོས་ཀྱི་སྐུ།། ལམ་རིག་ལུག་རྒྱུད་ལོངས་སྤྱོད་རྫོགས།། འབྲས་བུ་ཐུགས་རྗེས་སྤྲུལ་པའི་སྐུ། ། སྙིང་པོའི་ཡེ་ཤེས་གསུམ་བརྩེགས་ཏེ།། དབྱེར་མེད་རྫོགས་པས་སངས་རྒྱས་པས།། རིག་པ་ཐོག་མཐའ་མེད་པ་རུ།། འཁྲུལ་དང་མ་འཁྲུལ་གང་ཡིན་ཡང།། སངས་རྒྱས་དགོངས་པ་འབྲལ་མེད་ནས།། གནས་མེད་གནས་ཡིན་རྒྱལ་བས་གསུངས། ། རང་སེམས་ཡེ་ནས་སངས་རྒྱས་སོ།། ཡང་དག་སངས་རྒྱས་དགོངས་པ་ནི།། སེམས་ཅན་ཀུན་གྱི་རང་རྒྱུད་ལ།། སྐུ་དང་ཡེ་ཤེས་ཚུལ་དུ་གནས།། འོ་ན་སྐུ་དང་ཡེ་ཤེས་ནི།། སྟོང་གསལ་ཅི་ཡང་མ་གྲུབ་པས། ། འཇིག་རྟེན་སྐྱེ་ཤི་བྲལ་བ་ལ།། སྣོད་བཅུད་ཕུང་པོ་འཇིག་པ་ནི།། སེམས་ཅན་སངས་རྒྱས་གཅིག་པ་འགལ།། མཉམ་བྱེད་དེ་ལྟར་མ་ཡིན་ཏེ།། སྣོད་ནི་ནམ་མཁའ་འཇིག་མེད་ལ། ། འབྱུང་གཞི་འཇིག་པ་རྟེན་པ་ནི།། ནམ་མཁའི་ངང་ལས་འདས་པ་མེད།། བཅུད་ནི་སེམས་ཉིད་འཇིག་མེད་པ།། སྒྱུ་ལུས་འཇིག་པས་རྟེན་པ་ནི།། དབྱིངས་རིག་གཉིས་མེད་ཆོ་འཕྲུལ་ལ།། མ་རིག་ལྟོས་པའི་ཆོས་ཀྱི་རྟགས། ། ཆོས་ཉིད་རིག་པ་སྐུ་གསུམ་ལས།། གང་དུ་ཡང་ནི་འཕོ་འགྱུར་མེད།། འགྱུར་བ་མེད་པ་དོན་དེ་ལ།། འགག་མེད་རོལ་པ་སྣ་ཚོགས་ཤར།། ཆུ་དང་ཆུ་ཡི་ཆུ་རླབས་བཞིན།། རང་ཤར་རང་ལ་གྲོལ་བྱའི་ཕྱིར། ། འཇིག་རྟེན་ཞེས་སུ་བརྟག་པ་དེ།། དེ་ཡི་གཟུང་འཛིན་གྲོལ་མ་གྲོལ།། འཇིག་རྟེན་འདས་དང་མ་འདས་ཞེས།། རིག་པ་ཅིག་ལ་བརྟགས་པ་ལས།། ལུས་སེམས་ཕྱི་ནང་གཉིས་མེད་དོ།། རིག་སྟོང་གསལ་བའི་འོད་ལྔ་སྟེ། ། དེར་འཛིན་མ་རིག་འབྱུང་ལྔ་བྱུང།། ཕྱི་ནང་རྟོག་པའི་གཟུང་འཛིན་གྱིས།། ཆགས་སྡང་ཕ་མའི་རྒྱུ་རྐྱེན་ལས།། ཀུན་རྫོབ་རྒྱུ་ཡི་ཐིག་ལེ་དང།། དོན་དམ་ལྷན་སྐྱེས་ཐིག་ལེ་དང།། རྐྱེན་ནི་ལས་ཀྱི་ཐིག་ལེ་གསུམ། ། དབྱེར་མེད་ལྷན་ཅིག་སྐྱེས་པ་ལུས།། དངོས་སུ་རྩ་ལ་དངོས་མེད་རླུང།། ཐིག་ལེ་འོད་ཀྱི་ཚུལ་དུ་གྲུབ།། ལུས་དང་ངག་ཡིད་སེམས་ཀྱི་སྐུ།། སྙིགས་མ་འབྱུང་བ་ལྔ་ཡི་གཟུགས།། དངས་མ་དབང་པོའི་སྒོ་ལྔ་བྱུང། ། དེ་ལ་ཡུལ་ལྔ་འཛིན་པ་ལྔ།། ཡེ་ཤེས་ལྔ་ནི་དངོས་ཡིན་ཀྱང།། ལོང་བས་རང་ཡུལ་མ་མཐོང་བཞིན།། མ་རིག་འཁྲུལ་པས་དེ་མ་རྟོགས།། བེམ་རིག་གཉིས་སུ་ལྟས་པས་ནོར།། དེ་ལ་འཇིག་རྟེན་འཁྲུལ་པ་ཟེར། ། གསེར་དང་ཁ་དོག་ཇི་བཞིན་དུ།། ལུས་སེམས་གཉིས་ནི་དབྱེར་མེད་པས།། འཛམ་གླིང་མངལ་བྱུང་རྡོ་རྗེའི་ལུས།། འབྱུང་བའི་དངས་མས་ལུས་གྲུབ་ཅིང།། ལུས་ཀྱི་དངས་མ་རྩ་གནས་པས། ། ལུས་ལ་བདེ་བ་འབྱུང་བ་ཡིན།། ལོག་པ་རྣམས་ལ་སྡུག་བསྔལ་འབྱུང།། རྩ་ཡི་དངས་མ་རླུང་ཡོད་པས།། ངག་ལ་ཆོས་ཚིག་ནུས་པ་འབྱུང།། སངས་རྒྱས་བསྟན་པའི་སྙིང་པོར་གྱུར།། རླུང་གི་དངས་མ་ཐིག་ལེའི་གནས། ། སེམས་ལ་བདེ་བའི་རིག་རྩལ་ཆེ།། ཆོས་དང་ཆོས་མིན་བྱེ་བྲག་མཁས།། བག་ལ་མ་ཉལ་རྣམ་རྟོག་རགས།། ཉོན་མོངས་རགས་པས་ཡེ་ཤེས་རགས།། ཟག་བཅས་ལུས་དེ་མ་སྤངས་པར།། ཟག་མེད་ཉིད་དུ་ཚེ་གཅིག་ལ། ། སངས་རྒྱས་པ་ནི་རྡོ་རྗེའི་ལུས།། ལུས་ལ་ཡེ་ཤེས་ཆེན་པོ་ཁྱབ།། དེ་ཡི་འོད་ཀྱིས་སྟོང་གསུམ་གང།། གདངས་ནི་འོད་ལ་རང་བཞིན་སྐུ།། ས་བོན་ཐིག་ལེ་བཅུད་དུ་འདྲིལ།། རང་ལུས་མ་རིག་སྒོ་ངའི་སྦུབས། ། དངས་མ་རྩ་ཡི་གཞལ་ཡས་ན།། རིག་པ་རླུང་གི་སྟོབས་དང་བཅས།། ཐིག་ལེ་བདེ་བའི་མདངས་དང་བཅས།། ལུས་དཀྱིལ་རྩ་ནང་ཕོ་བྲང་དབུས།། ཡེ་ཤེས་སྐུ་ནི་ཞི་ཁྲོའི་ཚུལ།། ཕྲ་སྟེ་རྡུལ་གྱི་ཆ་ཙམ་ལ། ། རགས་ཏེ་ནམ་མཁའ་ཁྱབ་པ་ཡིས།། རང་ཤེས་རིག་པའི་རྒྱལ་པོ་སྟེ།། རང་གིས་རང་ཉིད་སྒྲིབ་པའི་དུས།། དཔེར་ན་བུམ་སྐུ་ལྟ་བུ་ལ།། རང་འོད་བུམ་ནང་མར་མེ་དེ། ཁ་ལ་གསལ་ཡང་གཞན་དུ་མིན།། བུམ་པ་བཅག་ན་ཀུན་གསལ་བཞིན། ། རིག་པ་དབང་པོར་སྒོ་གསལ་ཡང།། ཕྱོགས་མེད་ཀུན་ཏུ་མི་གསལ་བ།། ལུས་ཀྱི་གཟུང་འཛིན་གྲོལ་ཙམ་ན།། མ་རིག་ལས་ཀྱི་རླུང་དག་པས།། རང་རིག་ཕྱོགས་མེད་ཀུན་ཏུ་གསལ། ། རྣམ་པར་སྣང་མཛད་ཀུན་ཏུ་ཞལ།། རྡོ་རྗེ་སེམས་དཔའ་དེ་ཉིད་ཡིན།། རྡུལ་གཅིག་རྡུལ་སྙེད་སངས་རྒྱས་ཞེས།། ངོས་མ་ཟིན་ཏེ་རྟོགས་དཀའ་བས།། ཕྲ་བའི་སྐུ་རུ་བསྟན་པ་ཡིན།། རྣམ་པ་གྲངས་ཀྱིས་མི་ལངས་པས། ། བསམ་གྱིས་མི་ཁྱབ་རྒྱལ་བའི་སྐུ།། ཀུན་ལ་ཁྱབ་པས་དཔག་པར་དཀའ།། ཀུན་ཏུ་བཟང་པོ་ཀུན་བདག་ཉིད།། མ་དག་དག་དང་རྣམ་དག་དང།། འོད་དང་ཐིག་ལེ་སྐུ་རུ་སྣང།། ཀུན་ཁྱབ་ནམ་མཁའ་ལྟ་བུ་ལ། ། རང་གསལ་ཉི་མའི་སྙིང་པོ་བཞིན།། གསལ་བྱེད་གཞན་ལ་མ་ལྟོས་པའི།། ལུས་དང་སེམས་ལ་ཐོགས་མེད་རྫོགས།། རྫོགས་པའི་སངས་རྒྱས་རྐང་གཉིས་གཙོ།། རྡོ་རྗེའི་ལུས་ལ་བརྟེན་ནས་སུ། ། རྡོ་རྗེའི་སྐུ་རུ་རྫོགས་སངས་རྒྱས།། རང་ལ་གནས་པའི་ཡེ་ཤེས་དེ།། བླ་མའི་དྲིན་གྱིས་རྟོགས་བྱ་བ།། འཇིག་རྟེན་ཞེན་པའི་བྱ་བ་བཏང།། ཤེས་རབ་གསུམ་ལ་ནན་ཏན་བསྐྱེད།། ཕྱི་ནང་གསང་གསུམ་སྒྲོ་འདོགས་བཅད། ། ཆོས་དང་གང་ཟག་གཉིས་མེད་དུ།། རིག་པའི་རྣལ་འབྱོར་ཆེན་པོ་ལ།། མཚོན་བྱ་དོན་གྱི་གནས་ལུགས་དེ།། མཚོན་བྱེད་ཚིག་གིས་མ་བསྟན་ན།། བློ་དམན་རྣམས་ཀྱིས་མ་རྟོགས་པས།། ཀུན་ཏུ་བཟང་པོའི་དགོངས་པ་དེ། ། རྡོ་རྗེ་སེམས་དཔས་བྱིན་བརླབས་ནས།། རང་བྱུང་ཚིག་དོན་ལྷུན་གྲུབ་དེ།། ཤེས་རབ་ཀྱིས་ནི་རྟོགས་བྱེད་པ།། མ་ཡེངས་དད་པའི་བློ་གྲོས་ཀྱིས།། ཐོས་པས་ཚིག་ལ་ཉན་པར་བྱ།། ཚིག་ཟིན་དོན་དུ་གོ་བ་ཡི། ། མདོ་རྒྱུད་དགོངས་པ་ལོན་པ་ན།། ཐེ་ཚོམ་ཡིད་གཉིས་བྲལ་བ་ཡིས།། ཚིག་གིས་སྤྲོས་པའི་མཐའ་ཆོད་པའི།། ཚིག་དང་ཡི་གེའི་སྒྲ་དོན་ལ།། སྒྲོ་འདོགས་ཆོད་པས་སྤྲུལ་སྐུའོ།། བསམ་པས་ཆོས་དང་ཆོས་མིན་རྣམས། ། བྱེ་བྲག་ཕྱེད་ཅིང་མཉམ་ཉིད་དུ།། ཉམས་སུ་མྱོང་ཞིང་ཡིད་ཆེས་པས།། བསམ་པའི་ཤེས་པ་རྫོགས་པ་ཡི།། ཐེག་པ་རྣམ་པ་སྣ་ཚོགས་ཀྱང།། ཀུན་ལ་རྟོགས་སྤྱོད་ཚུད་པ་དང།། འགྱུར་མེད་ཡིད་ཆེས་གཅིག་ཏུ་འདྲེས། ། ཐེ་ཚོམ་མེད་པའི་ཉམས་མྱོང་ནི།། ལྟོས་དང་བྲལ་བའི་ལོངས་སྐུ་ཡིན།། ཇི་སྲིད་གཉིས་སྣང་གཟུང་འཛིན་གྱིས།། རྟོག་པ་ཡོད་རིན་དོན་དེ་ལ།། མ་ཡེངས་དྲན་པ་བསྒོམ་པའི་ལམ།། ཚིག་ཕྱིར་མ་ཤོར་དོན་ཐོག་ན། ། ཆོས་དང་ཆོས་མིན་དབྱེར་མེད་འདྲེས།། ཉོན་མོངས་རྣམ་རྟོག་ཟད་ཙམ་ན།། བསྒོམ་པའི་ཤེས་རབ་རྫོགས་པ་ཡིན།། རྣམ་པ་གླ་གློག་གྱུར་ཀྱང་ནི།། མཉམ་བཞག་རྗེས་ཐོབ་ཁྱད་མེད་ཅིང། ། ཉོན་མོངས་གྲོལ་བའི་ཡེ་ཤེས་ལ།། དྲོད་རྟགས་རྫོགས་པའི་ཆོས་ཉིད་དང།། བསྒོམ་དུ་མེད་པ་སྒྲོ་འདོགས་ཆོད།། ལྷུན་གྱིས་གྲུབ་པར་གཏན་ལ་ཕེབས།། ཤེས་རབ་ཆེན་པོའི་སྐད་ཅིག་ལ།། ཆོས་ཀུན་ཁོང་དུ་ཆུད་པ་ནི། ། བསྒོམ་པའི་ཤེས་རབ་ཆོས་སྐུ་ཐོབ།། ཕྱི་ནང་སྣང་སྲིད་སྣོད་བཅུད་ཀྱིས།། ཕྱིས་ལྟས་ཡུལ་གྱི་འཁྲུལ་པ་རྣམས།། ལྟས་པས་ཡུལ་མེད་རང་གསལ་དུ།། མཐོང་བ་ཕྱི་ཡི་ལྟ་བ་དང།། མཐོང་བྱེད་ནང་གི་སེམས་ལ་ལྟོས། ། སེམས་ནི་ཀུན་ཁྱབ་སྤྲོས་དང་བྲལ།། ཐེག་པ་སྣ་ཚོགས་རང་གི་སེམས།། སེམས་ལས་མ་གཏོགས་སྣང་སྲིད་མེད།། སྣང་སྲིད་གཟུང་འཛིན་འཁྲུལ་པའི་བློ།། གནས་ལུགས་གཅིག་ཏུ་རྟོགས་པ་ཡིས། ། འཁྲུལ་དང་མ་འཁྲུལ་གཉིས་སུ་མེད།། གཉིས་མེད་ཆོས་སྐུའི་སྣང་བ་འདི།། ཕྱོགས་སུ་མ་ལྷུང་རྒྱར་མ་ཆད།། ཀུན་ལ་ཁྱབ་པ་ནམ་མཁའ་བཞིན།། ཅི་ཡང་འབྱུང་བ་ཐམས་ཅད་ཡིན།། ངོ་བོ་གཅིག་པས་བཟང་ངན་མེད། ། རྒྱུན་ཆད་མེད་པས་འཕེལ་འགྲིབ་བྲལ།། སྐྱེ་མེད་དབྱིངས་ལ་མཐོང་དུ་མེད།། མ་མཐོང་བ་དེ་དངོས་ན་གསལ།། ཐམས་ཅད་དེ་ཡི་ངང་ལ་ལྟ།། ལྟས་པས་མ་མཐོང་བཞག་པས་གསལ། ། རིག་པ་རང་གསལ་ཀུན་སྣང་ལ།། བལྟ་བྱ་ལྟ་བྱེད་འདོད་པ་ཀུན།། དམུས་ལོང་ཐང་ལ་འཁྱམ་པ་འདྲ།། ང་དང་བདག་ཏུ་འཛིན་པ་ཡིན།། ཕྱོགས་ཆའི་ལྟ་བའི་འཁོར་བ་ཡིན།། ཕྱོགས་མེད་རྟོགས་པས་མྱ་ངན་འདས། ། སྐྱེ་མེད་སྤྲོས་དང་བྲལ་བ་ཡིན།། ཡུལ་མེད་རིག་པ་ལྟ་བའི་མཆོག། གདོད་ནས་ལྷུན་གྲུབ་ཆོས་སྐུ་ཡིན།། འདི་ལ་གསལ་འགྲིབ་ཅི་ཡང་མེད།། མ་སྐྱེས་མ་འགག་ངོ་བོ་ཉིད།། སོ་སོར་རང་རིག་སྤྱོད་ཡུལ་དུ། ། གང་གང་མཐོང་བའི་ཆོས་ཉིད་དུ།། རང་འབྱུང་ཡེ་ཤེས་ལྟ་བ་ཡིན།། འདི་ལས་མ་གཏོགས་ལྟ་བུ་ནི།། སངས་རྒྱས་རྣམས་ཀྱིས་བསྟན་པ་མེད།། སེམས་ཅན་ཀུན་གྱིས་མཐོང་བ་མེད།། མ་བཅོས་མ་བསླད་མ་བསྒྱུར་བ། ། རྣལ་མའི་ལྟ་བ་དེ་ཉིད་ཡིན།། ཁྱད་པར་རང་གི་རིག་པ་འདི།། ཀུན་རྟོག་མ་ཡིན་ཡང་དག་ཏུ།། དུས་གསུམ་ཀུན་ཏུ་འགྱུར་མེད་པའི།། ཕྱི་ནང་མེད་པར་ཀུན་ཏུ་གསལ།། ཕྱོགས་རིས་མེད་པར་ཐམས་ཅད་བྱེད། ། མ་བཅོས་བཞག་ན་ཀུན་ལ་ཁྱབ།། བཅོས་མའི་རྐྱེན་གྱིས་ཕྱོགས་དེར་འཁྲུལ།། མ་རྟོགས་པས་ནི་གྲིབ་མའི་འདྲེ།། རྟོགས་ན་མེ་ལོང་བྱད་བཞིན་འདྲ།། རང་གིས་རང་ཉིད་མཚོན་དེ་ཤེས།། ཀྱེ་ཧོ་འདི་ནི་རང་རིག་ལ། ། སུས་ཀྱང་མ་བྱས་རང་འབྱུང་ཡིན།། རང་འབྱུང་ཡེ་ཤེས་སྐད་གཅིག་ལས།། བསྐལ་པར་བསྒྲུབ་པའི་ལྟ་བ་ནོར།། དྲུང་ན་འབེན་བཞག་རྒྱང་འཕེན་མདའ།། ཐོག་ཏུ་མི་ཕེབས་ཇི་བཞིན་དུ།། སངས་རྒྱས་རིག་པའི་སེམས་ཡིན་པ། ། དེ་ཉིད་མ་རྟོགས་དེ་ཉིད་ཀྱི།། ཡོན་ཏན་ལྡན་པའི་བཟང་པོ་གཅིག། ས་དང་ལམ་གྱིས་སྒྲུབ་འདོད་འགྱངས།། རྫིངས་ནས་འཕུར་བའི་བྱ་རོག་དང།། ཇི་ཙམ་སྐོར་ཡང་རྫིང་ཐོག་འབབས།། དེ་བཞིན་སྣ་ཚོགས་ཐག་རིངས་ལམ། ། སྤྱད་ཀྱང་འབྲས་བུ་རིག་ཐོག་ཐོབ།། རིག་པ་མངོན་སུམ་ལྟ་བ་འདི།། མ་རྟོགས་ཡིད་དཔྱོད་ལྟ་བ་ཀུན།། བར་སྣང་མུན་པའི་དབྱུག་སྐོར་ཡིན།། ཐེག་པའི་ཁྱད་པར་ལྟ་བས་བསྟན། ། རིག་པ་ཀུན་མཁྱེན་ལྟ་བ་ལ།། རང་གིས་རང་ལྟ་ངོ་མཚར་ཆེ།། ལྟ་བྱེད་རྟོག་པར་རང་སར་གྲོལ།། གཟུང་འཛིན་བྲལ་བའི་སེམས་ལ་ལྟོས།། མ་བཅོས་པ་ཡི་ངང་ལ་ཞོག། ཕྱི་རོལ་ཡུལ་ལྔའི་སྣང་བ་ཀུན། ། ལྷམ་མེ་ལྷན་ནེ་ལྷང་ངེ་བ།། དེར་འཛིན་མེད་པའི་སྣང་སྟོང་བསྒོམ།། ཕྱི་ཡི་དྲན་པ་རྒྱུན་ཟད་པས།། བེམ་སྣང་གྲོལ་བའི་རིག་པ་ལ།། ནང་གི་གང་འགྱུ་ཁུངས་གཅོད་པ།། རབ་ཀྱིས་དྲན་པའི་གཞི་རྩ་བཅད། ། ཡེ་ནས་སྐྱེ་མེད་ངང་ལ་གནས།། འབྲིང་གིས་བསམ་པ་རང་དག་ཏུ།། མ་ཡེངས་གློད་ནས་བཞག་པས་གྲོལ།། ཐ་མ་གང་དྲན་གཉེན་པོ་ཡིས།། དེ་དང་དེ་ཡི་རྟོག་པ་འཇོམས།། རིག་པ་རང་གསལ་ལྟ་བ་ལ། ། དོན་མ་འཁྲུལ་བ་བསྒོམ་ཡིན་ཏེ།། དམིགས་པ་མེད་པ་འོད་གསལ་མཆོག། མ་ཡེངས་པ་ཡི་ངང་བསྒོམ་དེ།། ནམ་ཟླ་དྲོས་པའི་ཆབ་རོམ་བཞིན།། སྣང་བའི་གཟུང་ཛིན་རང་ས་རུ།། མ་བཅོས་ཤུགས་ལས་གྲོལ་བའི་ཕྱིར། ། བསྒོམ་དུ་མེད་པའི་སྒོ་མཐར་ཕྱིན།། བསྒོམ་བྱ་སྒོམ་བྱེད་བྲལ་ཙམ་ན།། སྣང་སྲིད་གཞི་བཞེངས་ལྟ་བའི་ངང། ཁམས་གསུམ་ཡོངས་གྲོལ་བསྒོམ་པའི་མཆོག། ཇི་སྟེ་མཚན་མ་འདོད་པ་ན། ། བྱང་ཆུབ་འདོད་པའི་བསྒོམ་མ་ཡིན།། མཚན་མེད་ཕྱག་རྒྱ་ཆེན་པོ་འདི།། བསྒོམ་པ་མ་ཡིན་གོམས་པ་ཡིན།། ཡེངས་སུ་མེད་ལ་བསྒོམ་དུ་མེད།། དཔེར་ན་ནམ་མཁའི་དཀྱིལ་དང་འདྲ།། བསྒོམས་ཀྱང་དེ་ལས་གསལ་མི་འགྲོ། ། མ་བསྒོམས་བཞག་ཀྱང་འགྲིབ་རྒྱུ་མེད།། མེད་བཞིན་རང་གི་རང་རིག་རྣམས།། གསལ་ཕྱིར་རང་ལ་གསལ་ཅིག་འདེབས།། དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན།། ཡེ་ནས་མ་སྐྱེས་སྟོང་པའི་ངང།། ཀུན་ལ་ཁྱབ་པའི་བྱང་ཆུབ་སེམས། ། རང་རིག་ཐིག་ལེའི་འོད་ཟེར་ལས།། ཐམས་ཅད་རྒྱལ་བའི་དཀྱིལ་འཁོར་དུ།། སྐུ་དང་ཞིང་ཁམས་རང་བཞིན་གནས།། གནས་པ་དེ་ཉིད་སྤྲོས་དང་བྲལ།། དེ་བཞིན་ཉིད་ལ་ལོངས་སྤྱད་པས། ། བསྒོམ་པ་ལོངས་སྤྱོད་རྫོགས་པའི་སྐུ།། རང་སྣང་ལྷ་སྐུར་གཏན་ལ་ཕེབས།། ཡེངས་མེད་རྩེ་གཅིག་མཉམ་བཞག་ལ།། རང་བཞིན་ཤེས་པ་རྗེས་ཤེས་ཏེ།། དབྱེར་མེད་གྱུར་པ་མཉམ་རྗེས་འདྲེས། ། བསྒོམ་དུ་མེད་པ་ཆོས་སྐུར་གྲོལ།། ཆོས་སྐུ་མཉམ་རྗེས་མི་མངའ་ཡང།། བསྒོམ་དུ་བརྟགས་པ་ལོངས་སྐུ་ཡིན།། བསྒོམ་དུ་འདོད་པ་འཁྲུལ་པའི་བློ།། བློ་དང་བྲལ་ན་རིག་པ་དངོས།། མཚན་དཔེ་ལྡན་པའི་ལོངས་སྐུ་དང། ། ཆོས་སྐུ་མངོན་སངས་རྒྱས་པའོ།། རིག་པ་མངོན་སུམ་ལྟ་བ་ལ།། རེ་འཇོག་མེད་པ་འོད་གསལ་བསྒོམ།། དེ་ཉིད་ངང་ལ་རྒྱུན་པ་རུ།། བྲལ་འཕྲད་མེད་པའི་ཆོས་ཉིད་ལ།། གཟུང་འཛིན་རྟོག་པ་སྡིག་ཆེ་བ། ། མི་དགེ་གཞན་ན་མ་མཆིས་པས།། རང་རིག་ཡེ་ཤེས་རང་ལ་སྤྱད།། གཟུང་འཛིན་སྦྲུལ་མདུད་བཞིན་དུ་གྲོལ།། རང་སྣང་ཉི་མ་བཞིན་དུ་གསལ།། རིན་ཆེན་གསེར་གླིང་ས་རྡོ་བཞིན།། དོན་ཅིག་ཉིད་ལས་མ་འདས་པས། ། སྤང་བླངས་དགག་སྒྲུབ་ཀུན་དང་བྲལ།། ཐམས་ཅད་རང་ཤར་རང་གྲོལ་དུ།། ཤུགས་འབྱུང་སྤྱོད་པ་བདེ་ཆེན་ཀློང།། མཁའ་ལ་བྱ་འཕུར་བཞིན་དུ་སྤྱོད།། སྐྱེ་མེད་སྒྲིབ་པ་མེད་པའི་ངང།། འགག་མེད་རོལ་པ་བླང་དོར་བྲལ། ། འདོད་ཡོན་དགེ་བའི་རང་བཞིན་ལ།། ཆགས་ཞེན་མེད་པར་ཀུན་བྲལ་བའི།། བརྟུལ་ཞུགས་དབང་བསྒྱུར་རང་དགའ་ཡིན།། སྣ་ཚོགས་སྤྱོད་པ་སྤྲུལ་པའི་སྐུ།། འབད་པ་མེད་པར་ཀུན་ལ་སྤྱོད། ། སྣ་ཚོགས་སྤྱོད་པས་དོན་ཅིག་འགྲུབ།། དོན་ཅིག་དེའི་ཀུན་བྱེད་པའི།། དུ་མའི་ཉམས་ཀྱི་གར་མཛད་པ།། ཀུན་ཏུ་བཟང་པོའི་སྤྱོད་པ་ཡིན།། ཕྱོགས་མེད་ཀུན་ལས་རྣམ་པར་རྒྱལ།། སྤྱོད་པས་ཕ་རོལ་ཕྱིན་མཆོག་ཉིད། ། སངས་རྒྱས་ཀུན་གྱི་མཛད་པ་ཡིན།། མདོར་ན་ཕྱི་རོལ་སྣོད་བཅུད་དང།། ནང་ན་ཆོས་དང་ཆོས་མིན་གྱིས།། གཉིས་མེད་འཁོར་བ་མྱ་ངན་འདས།། སངས་རྒྱས་སེམས་ཅན་ཐམས་ཅད་ཀུན། ། ཀུན་ལ་ཁྱབ་པས་སྐྱེ་མེད་དབྱིངས།། ཀུན་གསལ་འགག་མེད་རིག་པ་འདི།། ནམ་དུའང་ནི་སྒྲིབ་པ་མེད།། དཔེར་ན་ཉི་མའི་སྙིང་པོ་དེ།། ས་ཡིས་དབྱིབས་ཀྱང་མི་འགྲིབ་བཞིན།། སྒྲིབ་པ་མེད་དེ་མ་ཤེས་པས། ། མ་རིག་པ་ཞེས་རྟགས་པ་ལས།། དོན་ལ་རིག་པ་འགྲིབ་པ་མེད།། གདོད་ནས་གསལ་བས་འོད་གསལ་ཏེ།། མ་བཅོས་པ་ཡིས་ཆོས་ཉིད་ཡིན།། འདུས་མ་བྱས་པས་ལྷུན་གྲུབ་ལ།། ཕྱོགས་ལྷུང་མེད་པས་མཐའ་དང་བྲལ། ། རང་བཞིན་ཤེས་པས་ཡེ་ཤེས་ཏེ།། ཐམས་ཅད་མཁྱེན་པའི་ལྟ་བ་འདི།། ནམ་མཁའི་ཀློང་ཡངས་ལྟ་བུ་ལ།། སྙིང་པོ་བྱང་ཆུབ་སེམས་ཀྱི་དོན།། ཀུན་ལ་ཁྱབ་པའི་རིག་པ་འདི།། བསྟན་དུ་མཚར་མའི་དངོས་པོ་མེད། ། སྒོམ་དུ་དམིགས་པའི་ཡུལ་ལས་འདས།། བསྒྲང་དུ་རང་གཞན་གཉིས་མ་གྲུབ།། སྨྲ་བསམ་བརྗོད་པའི་ཡུལ་ལས་འདས།། སྤང་དུ་གང་ཡང་འགག་པ་མེད།། སྒྲུབ་ཏུ་ཅི་ཡང་འཕེལ་བ་མེད།། བཅོས་བསླད་བྲལ་བའི་གནས་ལུགས་འདི། ། མ་བསྒོམ་བཞག་པས་བསྒོམ་དང་ཕྲད།། དོན་ལ་བསྒོམ་མེད་དཔེ་དོན་རྟགས།། དཔེ་ཡིས་བསྒོམ་དུ་མེད་པ་ནི།། ཆོས་སྐུའི་དཔེ་ནི་ནམ་མཁའ་སྟེ།། ནམ་མཁའ་སྟོང་ཞིང་བདག་ཏུ་མེད། ། དཔེ་ཡི་མཚོན་པའི་བསྒོམ་དུ་མེད།། ཆོས་སྐུའི་དོན་ནི་སྐྱེ་བ་མེད།། སྐྱེ་མེད་བསྒོམ་པའི་ཡུལ་དང་བྲལ།། རྟགས་ལ་སྒོམ་དུ་མེད་པ་ནི།། རང་འབྱུང་ཡེ་ཤེས་འགག་མེད་དེ།། ཡེ་ཤེས་ཐམས་ཅད་རང་གསལ་བ། ། མཚན་མའི་ཡུལ་ན་མི་གནས་པས།། བསྒོམ་མེད་བསྒོམ་པ་པོ་ཡང་མེད།། ལྷ་མེད་སྔགས་ཀྱང་ཡོད་མ་ཡིན།། སྤྲོས་པ་མེད་པའི་རང་བཞིན་ལས།། ལྷ་དང་སྔགས་ནི་ཡང་དག་གནས།། མ་བསྒོམས་པ་རུ་ལྷུན་གྱིས་གྲུབ། ། དེ་ནི་རང་འབྱུང་བསྒོམ་གྱི་མཆོག། རྣལ་འབྱོར་བསྒོམ་གྱིས་མ་བཅིངས་ན།། གཞན་གྱིས་གནས་ལུགས་འཆིང་མི་འགྱུར།། མ་བཅིངས་མ་གྲོལ་བསྒོམ་པའི་ལམ།། གཉིས་མེད་རྟོགས་ན་འབྲས་བུ་ཡིན། ཁམས་གསུམ་གནས་པའི་སེམས་ཅན་གྱི།། ལུས་དང་བག་ཆགས་གཟུང་འཛིན་གྱིས།། དུས་གསུམ་བཞུགས་པའི་སངས་རྒྱས་ཀྱིས།། སྐུ་དང་ཞིང་ཁམས་ཡེ་ཤེས་ཚོགས།། སྣང་སྲིད་ཆོས་སྐུའི་རོལ་པ་ལ།། བླང་དོར་མེད་པ་མཉམ་པ་ཉིད། ། བྱང་ཆུབ་སེམས་ཀྱི་ནམ་མཁའ་ཅིག། སེམས་ཅན་འཁྲུལ་པའི་སྡུག་བསྔལ་དང།། སངས་རྒྱས་ཡེ་ཤེས་ཐུགས་རྗེ་གཉིས།། རྟོགས་དང་མ་རྟོགས་ཁྱད་པར་ལས།། སེམས་མཆོག་རྒྱལ་བའི་སྐུ་རུ་གཅིག། གཅིག་ལ་གཉིས་སུ་བྱར་མེད་ལ།། སྤྱོད་པ་སྤང་བླང་བྱེད་པ་འཁྲུལ།། སྤང་བླང་མེད་པའི་ཆོས་ཉིད་ལ།། ཡེ་ཤེས་རིགས་པས་སྤྱོད་པ་དེ།། སངས་རྒྱས་མཛད་པའི་སྤྱོད་པ་ཡིན།། དེ་ལྟ་སྙིང་པོ་བྱང་ཆུབ་སེམས། ། རིག་པ་ཀུན་བྱེད་རྒྱལ་པོ་འདི།། དམ་ཆོས་རྫོགས་པ་ཆེན་པོ་ཟེར།། བསྟན་པའི་སྒྲོན་མེར་གྱུར་པས་ན།། སངས་རྒྱས་ཀུན་གྱིས་རབ་ཏུ་བསྔགས།། དམ་ཆོས་དཀོན་མཆོག་ཀུན་གྱི་མཆོག། དགེ་འདུན་ལམ་ལ་ཞུགས་པ་རྣམས། ། ཚོགས་ནི་མ་བསགས་རང་རྫོགས་དང།། བསགས་ཤིང་བསོད་ནམས་ལྡན་པ་རྣམས།། བློ་མཆོག་བླ་མ་མཆོག་དང་མཇལ།། ཡང་ན་རང་རིག་བླ་མར་བྱོན།། རིག་པ་འཛིན་པ་སྔགས་ཀྱི་ལམ། ། ཅིག་ཆར་རྟོགས་པ་མངོན་གྱུར་དུ།། སྐད་ཅིག་མ་ལ་རྒྱུད་གྲོལ་ནས།། རང་འབྱུང་ཐམས་ཅད་མཁྱེན་པ་དེ།། ཀུན་རྟགས་ལམ་ལ་མ་བགྲོད་པར།། ཡོངས་གྲུབ་སྐུ་གསུམ་སངས་རྒྱས་ལ།། གཞན་དབང་རྐྱེན་དང་བྲལ་བའི་ངང། ། བྱ་བྱེད་རྩོལ་གྲུབ་མི་མངའ་བར།། བདེ་ཆེན་ཀློང་ན་ལྟ་སྤྱོད་ཀུན།། ཇི་བཞིན་ཉིད་ལ་སྤྱོད་པ་ཡིས།། ལམ་ལ་བགྲོད་མི་དགོས་པར་ནི།། སྤང་བླང་སྒྲོས་སྐུར་བྲལ་བ་ཡི།། ཅི་ཡང་མི་དགོངས་ཐབས་ཀྱིས་རོལ། ། ཀུན་དང་མི་མཐུན་སྤངས་པའི་ཆོས།། རྟེན་ཡང་གང་ཟག་ཉོན་མོངས་ཅན།། འཚམས་མེད་ལྔ་བྱས་སྡིག་ཅན་དང།། བུད་མེད་ལ་སོགས་ཆགས་པའི་གནས།། གདོལ་པ་རིགས་ངན་ལ་སོགས་པ། ། འདི་ཉིད་དོན་ལ་ཞུགས་པ་རྣམས།། སྡིག་སྒྲིབ་འཁོར་བའི་བག་ཆགས་དང།། ཚུལ་ཁྲིམས་སྡོམ་པ་དམ་ཚིག་དང།། སྤང་སྒྲུབ་སྤྱོད་པ་སྣ་ཚོགས་པས།། ཇི་སྲིད་རྣམ་པར་གྲོལ་བའི་ལམ།། དེ་ནི་བདེ་བར་གཤེགས་པའི་ཡུམ། ། སྐད་ཅིག་རྫོགས་སངས་རྒྱས་པ་ཡིས།། ཕྱོགས་བཅུའི་སངས་རྒྱས་སྲས་བཅས་རྣམས།། ཐམས་ཅད་དེ་ཡི་སྤྲུལ་པ་ཡིན།། རིག་པ་རྩལ་མེད་བསོད་ནམས་དམན།། བློ་དམན་སློབ་དཔོན་དམན་ལ་དད། ། རྟོག་བཅས་རིམས་ཀྱིས་ཆོས་ལ་སྤྲོ།། དངོས་པོ་མཚན་མའི་རྟགས་ལ་རེ།། ཉན་ཐོས་རང་རྒྱལ་འདོད་དམན་པ།། སྤང་བླང་ཆོས་ཀྱིས་འབྲས་བུ་བསྒྲུབ།། བློ་ལྡན་བྱང་ཆུབ་སེམས་དཔའ་ཡང།། དང་པོའི་ས་ལས་མ་གཡོས་བཞིན། ། ས་བཅུ་ཀུན་རྟགས་མཚན་མ་ཡིས།། སྤངས་ཐོབ་ཡོན་ཏན་ལམ་གྱི་བཅིངས།། རྟེན་ཡང་བྲམ་ཟེ་རྒྱལ་རིགས་སོགས།། གཙང་མའི་ལུས་དག་མ་གཏོགས་པ།། ཀུན་གྱིས་སྤྱོད་པར་མི་ནུས་པས། ། ལྟ་བ་མཐའ་བྲལ་མཐའ་རུ་ལྷུང།། བསྒོམ་པ་དམིགས་མེད་དམིགས་པ་སྒྲིབ།། སྤྱོད་པ་སྤང་བླང་སྒྲོག་ཏུ་ཚུད།། འབྲས་བུ་ཕྱི་དུས་སྒྲུབ་པས་འགྱངས།། བྱར་མེད་དོན་ལ་བྱས་བཅོས་ནས།། མཛད་པ་མཐར་འདོན་རིམས་ཀྱིས་སུ། ། བསྐལ་པར་བསྒྲུངས་ནས་སངས་རྒྱས་འདོད།། གཉེན་པོའི་ཆོས་ཀྱི་འཁྲུལ་པ་ལ།། བཟང་རྟོག་བསླུས་པའི་ལམ་རིངས་ཡིན།། ང་བདག་མེད་པ་སྙིང་པོའི་དོན།། མ་ཤེས་ཉོན་མོངས་སྒྲིབས་པ་ལ། ། ཉོན་མོངས་གཉེན་པོའི་ཆོས་རྣམས་ཀུན།། ཤེས་བྱའི་སྒྲིབ་པ་ཡིན་པའི་ཕྱིར།། དེ་ཡི་དྲི་མ་མ་དག་ཚེ།། སངས་རྒྱས་ས་ལ་ཐག་མི་ཉེ།། མིག་གིས་གཟུགས་ནི་ཀུན་མཐོང་ཡང།། རང་གི་བྱད་ནི་མ་མཐོང་བཞིན། ། ཤེས་བྱའི་ཆོས་རྣམས་ཀུན་ཤེས་ཀྱང།། དེ་དོན་མ་མཐོང་སྒྲིབས་པ་ཡིན།། སྒྲིབ་པ་དག་ན་མངོན་སངས་རྒྱས།། འབྲས་བུ་ལམ་བྱེད་རིགས་འཛིན་རྣམས།། མཁས་པས་མེ་ལོང་དཀྱིལ་འཁོར་དུ། ། རང་གི་བྱད་བཞིན་མཐོང་བ་བཞིན།། གདོད་མ་ཉིད་ནས་རང་རིག་འདི།། སྣང་རིག་སེམས་གསུམ་དབྱེར་མེད་དུ།། སྐད་ཅིག་རྟོགས་གྲོལ་ལྷུན་གྲུབ་དོན།། རྟོགས་ཕྱིར་བླ་མེད་ཐེག་པ་དགོས།། གཞན་རྣམས་བྱས་བཅོས་ལམ་གྱི་ཆོས། ། འདི་ནི་བྱར་མེད་དོན་གྱི་རྒྱུད།། སངས་རྒྱས་ཀུན་གྱི་སྙིང་པོ་ཡིན།། རང་མདངས་རིག་པའི་འོད་ལྔ་ལས།། བྷ་ག་བདེ་བའི་ཕོ་བྲང་དུ།། རྒྱུ་གཉིས་རྐྱེན་གསུམ་འཚོགས་པའི་སྐུ།། གཟུང་འཛིན་འབྱུང་བའི་ལུས་གྲུབ་སྟེ། ། ལུས་ཀྱི་རྩ་བ་སྐུ་གསུམ་རྩ།། རྐྱང་མ་རོ་མ་ཀུན་འདར་མ།། དེ་ལ་བརྟེན་ནས་ལུས་ཀུན་བསྐྱེད།། ལུས་ཀུན་རྩ་ཡི་དྲ་བ་ལས།། འབྱུང་བཞིའི་དངས་མ་རྩ་ཡི་གཙོ།། རྐྱང་མ་རླུང་གི་དངས་མས་བསྐྱེད། ། གཡོན་ན་གནས་ཏེ་མྱང་འདས་རྩ།། ཟླ་བའི་ཆ་ལས་སྟོང་ཉིད་འཆར།། རོ་མ་ཆུ་ཡི་དངས་མས་སྐྱེ།། གཡས་ན་གནས་ཏེ་འཁོར་བ་རྩ།། ཉི་མའི་ཆ་འབབ་བདེ་བ་སྐྱེ།། ཀུན་དྷར་ས་ཡི་དངས་མས་བསྐྱེད། ། དབུས་ན་གནས་ཏེ་ཡེ་ཤེས་རྩ།། བྱང་ཆུབ་སེམས་འབབ་འོད་གསལ་རྩ།། འབྱུང་བཞིའི་དངས་མ་མེ་ལས་སྐྱེད།། ཤེལ་སྦུགས་ཅན་ནི་ཀུན་ལ་ཁྱབ།། དབང་པོའི་སྒོ་གསལ་རིག་པས་འཆར།། བདེ་ཆེན་རྩ་འདབ་སོ་གཉིས་གྱེས། ། རོ་འདུས་བཅུ་དྲུག་དྲན་པ་བརྒྱད།། སྐྱེ་མཆེད་དྲུག་ཅུ་རྩ་བཞི་གྱེས།། གསང་འདུས་ཉི་ཤུ་བརྒྱད་རྣམས་ཀྱིས།། ལྟེ་བའི་རྩ་མདུད་ལྔ་པ་ལ།། རླུང་སེམས་འདུས་པའི་ཐིག་ལེ་ནི།། ཀུན་རྫོབ་རྒྱུ་ཡི་ཐིག་ལེ་རྣམས། ། རྩ་མདུད་ཡི་གེའི་གཟུགས་ཅན་ལ།། དོན་དམ་བདེ་བའི་རང་བཞིན་གྱིས།། ཡེ་ཤེས་རླུང་དང་ལས་ཀྱི་རླུང།། ཡར་ལྟ་རྒྱལ་བའི་ས་བོན་ལ།། མར་ལྟ་རྒྱུད་ལྔའི་ས་བོན་དུ།། རང་བཞིན་སྐུ་ལ་ཐུགས་རྗེའི་འོད། ། དབང་པོ་ལྔ་ཡི་ལོངས་སྤྱོད་ལྡན།། ཡེ་ཤེས་ལྔ་ཡི་འོད་ཟེར་འཕྲོ།། ལུས་སེམས་དབྱེར་མེད་ཆོས་སྐུའི་ངང།། ལུས་ནི་གཟུགས་སྐུའི་སངས་རྒྱས་ཏེ།། ཆོས་སྐུ་གསང་བའི་མཛོད་ཡིན་ནོ།། ལུས་གནས་རྩ་ཡི་ཕོ་བྲང་ན། ། སེམས་ཀྱི་རྣམ་རྟོག་ལས་ཀྱི་རླུང།། དྲན་པར་བྱེད་པས་སེམས་ཞེས་ཟེར།། ཡེ་ཤེས་རླུང་ནི་ཀུན་ལ་ཁྱབ།། རླུང་དང་སེམས་ལུས་དབྱེར་མེད་པས།། འགྱུར་བས་རླུང་ཞེས་བརྟགས་པ་ལས། ། དོན་ལ་རླུང་སེམས་གཉིས་མེད་པས།། རླུང་བསྒོམས་སེམས་གྲོལ་དེ་ཡི་གནད།། གནད་དེ་མ་གཏོགས་རྩ་རླུང་བསྒོམ།། འཁྲུལ་པའི་ཆོས་ཡིན་གྲོལ་མི་འགྱུར།། རྩ་ལ་བརྟེན་ནས་གྲོལ་བྱེད་པ།། དབུགས་སུ་འགྱུ་བའི་རླུང་དག་ནི། ། ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་འགྱུ།། རྐྱེན་རྣམས་འཚོགས་པས་ལས་རླུང་ཡིན།། གཟུང་འཛིན་དག་ན་ལས་རླུང་དག། ཡེ་ཤེས་རླུང་ནི་རིག་པ་ཡིན།། ནམ་དུའང་ནི་འགྱུར་བ་མེད། ། རླུང་གི་དངས་མ་ཐིག་ལེའི་འོད།། རྒྱུ་ཡི་ཐིག་ལེ་ཡི་གེའི་དབྱིབས།། བསྐྱེད་པའི་ས་བོན་ལྟ་བུ་ལ།། དོན་གྱི་ཐིག་ལེ་འཁོར་འདས་ཀྱི།། བདེ་སྡུག་ཐམས་ཅད་དེ་ཡི་རྩལ།། མ་རིག་ཉམས་ན་འཁོར་བར་ལྟུང། ། རིག་ཅིང་འཕེལ་བས་མྱ་ངན་འདས།། བདེ་བའི་ངོ་བོ་སྟོང་པ་ལ།། སྟོང་པའི་མཚན་ཉིད་བདེ་བ་སྟེ།། བདེ་སྟོང་གཉིས་མེད་རིག་པ་དེ།། རང་ལུས་རྒྱལ་བའི་དཀྱིལ་འཁོར་དུ།། ངོ་བོ་སྟོང་ལ་རང་བཞིན་གསལ། ། རྣམ་པ་ལྷ་དང་ལྷ་མོ་རུ།། མ་དག་པ་ཡི་དུས་ཉིད་དུ།། ཟག་བཅས་ཟག་མེད་ཚུལ་དུ་བཞུགས།། ཟག་བཅས་ལུས་ལ་ཟག་མེད་སེམས།། གཉིས་མེད་ཡེ་ཤེས་ཆོས་སྐུ་ལ།། བདེ་སྟོང་ལོངས་སྤྱོད་རྫོགས་སྐུ་སྟེ། ། ཐིག་ལེ་མཐའ་བྲལ་བདེ་སྟོང་དེ།། འཇིག་རྟེན་འདས་དང་མ་འདས་པའི།། ཐམས་ཅད་ཀུན་གྱི་སྲོག་ཡིན་པས།། ཕྱི་ལྟར་མ་རྟོགས་འབྱུང་བ་ལྔ།། ནང་ལྟར་རྟོགས་པས་སྐུ་ལྔ་ཡིན།། གསང་བ་ཡེ་ཤེས་ལྔ་ཉིད་དངོས། ། ཐམས་ཅད་སངས་རྒྱས་རང་བཞིན་གྱིས།། རྩ་ཁམས་དཔའ་བོ་མཁའ་འགྲོ་ལ།། རྒྱུ་ཡི་ཐིག་ལེ་དངས་མ་ནི།། ཏིལ་འབྲུ་ཙམ་ཅིག་ཉམས་གྱུར་ན།། བདེ་སྟོང་ཡེ་ཤེས་ཡོན་ཏན་གྱི།། མྱ་ངན་འདས་པའི་སྲོག་བཅད་པས། ། མཁའ་འགྲོ་ཁྲི་འབུམ་དུ་དིར་འོང།། དངོས་གྲུབ་དམ་པ་ཉམས་པར་འགྱུར།། དེ་ཉིད་མ་ཉམས་ལོངས་སྤྱོད་ན།། བདེ་སྟོང་ཡེ་ཤེས་ཡོན་ཏན་འཕེལ།། རང་རིག་བདེ་བ་ཆེན་པོའི་ངང།། མཁའ་འགྲོ་ཐམས་ཅད་དགྱེས་གྱུར་ནས། ། འཁོར་འདས་ཐམས་ཅད་དབང་དུ་སྡུད།། ཀུན་གྱི་སྲོག་ཡིན་གྲོགས་བྱེད་དེ།། དབང་པོའི་ཡུལ་དུ་གྱུར་ཚད་ཀུན།། འདོད་ཡོན་བདེ་བ་ཆེན་པོ་རུ།། ཕྱི་རུ་མི་སྤོང་ནང་དུ་ནི།། རང་ལུས་རྒྱལ་བའི་དཀྱིལ་འཁོར་དུ། ། གསལ་བཏབ་མཆོད་པའི་བསོད་ནམས་ཀྱིས།། དཔག་ཅིང་བསྒྲང་བར་མི་ནུས་ཏེ།། ལོངས་སྤྱོད་རྫོགས་སྐུ་དངོས་ཉིད་ཡིན།། དེ་ལྟར་མི་ཤེས་ཐིག་ལེ་སྤངས།། ཡི་དམ་ཕྱི་ནས་བསྒོམ་པ་དང། ། ཚོགས་དང་མཆོད་པ་ཕྱིར་འབུལ་ཞིང།། ཡེ་ཤེས་སྡོད་ཀྱིས་ཐོབ་འདོད་རྣམས།། གྲངས་མེད་གསུམ་དུ་ཚོགས་བསགས་ཀྱང།། ཡེ་ཤེས་རང་ལ་རང་གསལ་དུ།། ཡོད་བཞིན་གནད་དེ་མ་རིག་པས། ། འཁོར་བའི་བག་ཆགས་གྲོལ་མི་འགྱུར།། ཐབས་ལ་མཁས་པའི་རིག་པ་ཡིས།། མཚན་ལྡན་བདེ་བ་བསྐུལ་བ་ནི།། རྩ་ནས་ཐིག་ལེ་མ་ཉམས་གཡོས།། མཁའ་འགྲོ་བརྡ་བསྐུལ་རྒྱལ་བ་རྣམས།། བདེ་བ་ཆེན་པོར་མཉེས་པ་ཡིས། ། བསོད་ནམས་ཚོགས་རྫོགས་ཡེ་ཤེས་ཚོགས།། རང་རིག་བདེ་བ་ཆེན་པོ་དངོས།། དཔག་ཏུ་མེད་པའི་བྱིན་རླབས་འབྱུང།། སངས་རྒྱས་སྟོང་དང་གྲངས་འདས་པ།། བླ་མ་ཡི་དམ་མཁའ་འགྲོ་ཡིས། ། ཞལ་མཐོང་དབང་བསྐུར་དུས་གཅིག་ཐོབ།། རིག་པའི་རྩལ་དབང་དེར་ཐོབ་པ།། ལུས་ནི་རྒྱལ་བ་སྐུ་ཉིད་དངོས།། ངག་ནི་ཅི་སྨྲས་སྔགས་ཡིན་ལ།། སྣང་བ་ལྷ་ཡི་དཀྱིལ་འཁོར་དུ།། ཉོན་མོངས་ཐམས་ཅད་ཡེ་ཤེས་འཆར། ། ཟག་བཅས་མི་སྣང་འཇའ་འོད་དུ།། གཞན་སྣང་རང་སྣང་བདེ་བར་ཡལ།། འདི་ལ་ཐེ་ཚོམ་མ་མཆིས་ན།། སངས་རྒྱས་ཉིད་དུ་གདོན་མི་ཟ།། ཡིད་གཉིས་ཟོས་ན་རྒྱབ་ཀྱིས་ཕྱོགས། ། ཐབས་མང་དཀའ་མེད་ལྷུན་གྲུབ་པའི།། རྩ་དང་རླུང་དང་ཐིག་ལེ་ཡི།། སྣ་ཚོགས་བདེ་བ་སྤྲུལ་པའི་སྐུ།། གཞི་བདེ་ལམ་བདེ་འབྲས་བུ་བདེ།། བདེ་བའི་དོན་ཅིག་རྟོགས་པས་ན།། ཐམས་ཅད་བདེ་བའི་རང་བཞིན་ལ། ། དཀའ་ཐུབ་སྡུག་བསྔལ་མི་དགོས་པས།། ལམ་མཆོག་མཐར་ཕྱིན་འབྲས་བུའི་ལམ།། ཕྲད་མཆོག་དོན་གྱི་རྒྱལ་པོ་འདི།། སྔ་ཕྱི་གཉིས་སུ་འབྱུང་བ་དཀའ།། ད་ལྟར་བྱུང་བ་རྫོགས་སངས་རྒྱས།། མདོར་བསྡུས་རྩ་རླུང་ཐིག་ལེ་གསུམ། ། སྐུ་གསུམ་རིག་པ་གཅིག་ཏུ་འདུས།། ཀུན་རྫོབ་སྤྲུལ་སྐུའི་རྩ་ནི་ལུས།། དོན་དམ་ལོངས་སྐུའི་རྩ་དེ་བསྒོམ།། རང་བཞིན་ཆོས་སྐུ་དབུ་མའི་རྩ།། ལུས་ངག་ཡིད་གསུམ་དབྱེར་མེད་པའི། ། རྩ་ཡི་དངས་མ་རླུང་བཅུད་ནི།། སྤྲུལ་སྐུ་ལས་བྱེད་རླུང་ནི་འགྱུར།། ལོངས་སྐུ་ཡེ་ཤེས་རླུང་ནི་གནས།། ཆོས་སྐུ་ཁྱབ་བྱེད་མི་རྟོག་རླུང།། སེམས་དང་གཉིས་མེད་གཅིག་པའི་རྩལ།། ཐིག་ལེ་ཉག་གཅིག་ཆོས་ཀྱི་སྐུ། ། ངོ་བོ་ཀ་དག་ཉིད་དུ་གནས།། དོན་དམ་ལོངས་སྐུའི་ཐིག་ལེ་ནི།། རང་བཞིན་ལྷུན་གྲུབ་འོད་དུ་གསལ།། ཀུན་རྫོབ་རྒྱུ་ཡི་ཐིག་ལེ་ནི།། དཀར་དམར་འཕེལ་ཟད་སྣ་ཚོགས་པ།། སྤྲུལ་སྐུའི་ས་བོན་ཐིག་ལེ་སྟེ།། དེ་རྣམས་དབྱེར་མེད་བདེ་སྟོང་གིས། ། སྤྲོས་བྲལ་ཐིག་ལེ་ཆེན་པོ་ནི།། སྐྱེ་འགག་མེད་པའི་ཆོས་ཉིད་དེ།། རིག་པ་བྱང་ཆུབ་སེམས་ཡིན་ནོ།། མ་རིག་རིག་པ་ཀུན་ཤེས་པའི།། ཤེས་རབ་ཆེན་པོའི་སྐད་ཅིག་གིས།། ཆོས་ཀུན་མངོན་པར་རྟོགས་པ་ནི། ། ཐོག་མེད་གཞིའི་རིག་པ་དེ།། རང་བཞིན་ལྷུན་གྱིས་གྲུབ་པ་ལ།། མ་རིག་ངོ་བོ་ཀ་དག་བྱུང།། ཐུགས་རྗེའི་མཚན་ཉིད་ཀུན་ལ་ཁྱབ།། འགྲོ་ཀུན་བདེ་གཤེགས་སྙིང་པོ་ཅན།། ཐམས་ཅད་ངོ་བོ་ཉིད་སྐུ་ལ། ། མ་རིག་འཁྲུལ་པའི་དེར་འཛིན་གྱིས།། འོད་ཀྱིས་སྒྱུ་མའི་ལུས་གྲུབ་ཅིང།། དེ་འཛིན་ཤེས་པའི་ལུས་སེམས་ལ།། གང་གིས་དྲན་དུ་སྙིང་ཡིན་པས།། རྩ་རླུང་ཐིག་ལེ་འདུས་པའི་སྐུ།། ལུས་ཀུན་མཉམ་གནས་སྙིང་གི་དཀྱིལ། ། རང་རིག་དང་པོའི་སངས་རྒྱས་བཞུགས།། རང་བཞིན་འོད་དང་ཐིག་ལེ་སྐུ།། སྟོང་གསལ་དུས་གསུམ་འགྱུར་མེད་ཀྱང།། རང་གིས་རང་གི་རྟོག་ཚོགས་བཅོམ།། རྟོག་མེད་ལྷུན་གྲུབ་དོན་རྟོགས་པས། ། རྡོ་རྗེ་གདན་དུ་བྱང་ཆུབ་མཛད།། བྱང་ཆུབ་ཆེན་པོའི་སྐུ་དེ་ཡིས།། ཆེ་བས་ནམ་མཁའི་མཐའ་དང་མཉམ།། ཀུན་ལ་དབྱེར་མེད་ཁྱབ་པར་གནས།། ཆུང་བ་རྟ་རྔ་བརྒྱ་གཤགས་ཙམ།། ཀུན་ལ་བྱེ་བྲག་ཕྱེད་པར་གསལ། ། གསལ་བའི་ཚད་ནི་ཉི་ཟླ་འདྲ།། ནམ་ཡང་མ་འགྲིབས་ས་ལེ་བ།། གཟི་བརྗིད་ལྷུན་སྡུག་གང་ཡང་གྲུབ།། འཕོ་འགྱུར་མེད་པའི་འགྲོ་འོང་ཅིང།། མཉམ་པ་ཉིད་ལ་སོ་སོར་སྟོན། ། སྟོན་པ་དེ་བཞིན་གཤེགས་པའི་སྐུ།། སྤྱན་དང་ཞལ་དང་སྙན་ཤངས་ལྡན།། ཐམས་ཅད་མཁྱེན་པའི་ཡེ་ཤེས་མངའ།། སེམས་ཅན་ཀུན་གྱི་ལུས་ལ་གནས།། སྐུ་དེ་གདོས་བཅས་ཤ་ཁྲག་མིན།། སེམས་ཅན་འཁྲུལ་བས་ཁམས་ཀྱི་གཟུགས། ། རིགས་བྱེད་འོད་ཀྱི་ལུས་ཁྱད་མེད།། སྙམ་བྱེད་རྟོག་པའི་སྐུ་མ་ཡིན།། སྐུ་ནི་འོད་གསལ་སྟོང་པའི་སྐུ།། རྟག་པ་མ་ཡིན་དངོས་པོ་མེད།། ཆད་པ་མ་ཡིན་རང་འོད་གསལ།། ཐ་དད་མ་ཡིན་ཕྱི་ནང་མེད། ། སྣང་བ་ཡོད་ལ་རེག་པ་མེད།། སྐྱེ་ཤི་འཕོ་འགྱུར་མེད་པའི་སྐུ།། རང་གཞན་གཉིས་ཀྱི་སྣང་བ་རུ།། མཁའ་ཟླ་ཆུ་ཟླ་བཞིན་དུ་ཡོད།། གསུང་ནི་སྐྱེ་མེད་དོན་གྱི་གསུང།། ཚིག་ཏུ་མི་གསུང་དོན་དུ་གསུང། ། ཐུགས་ནི་གཟུང་འཛིན་མཁའ་ལྟར་དག། ཡིད་མེད་སེམས་སུ་གསལ་བ་མེད།། ཚོར་བ་མེད་ཅིང་མྱོང་བ་མེད།། འདུ་ཤེས་མེད་པས་ངར་འཛིན་མེད།། སྟོང་ཉིད་ཡེ་ཤེས་སྙིང་པོ་ཅན།། ཡེ་ཤེས་སྐུ་སྟེ་རང་འབྱུང་བ། ། ཞི་ཁྲོ་མ་ངེས་སེམས་དཔའ་ཚུལ།། རང་བཞིན་གནས་པའི་ཡེ་ཤེས་དེ།། རྐྱེན་གྱིས་ཉམས་སུ་བླངས་པ་ན།། ལྷག་མེད་དག་ཏུ་མྱ་ངན་འདའ་འོ།། གང་གི་རང་རྐྱེན་རང་འབྱུང་བ།། རང་འབྱུང་ཡེ་ཤེས་ལྟ་སྒོམ་གྱིས། ། ཉམས་སུ་བླངས་པས་གཟུང་འཛིན་གྱི།། རྣམ་སྨིན་རྣམ་ཤེས་འཁྲུལ་རྟོག་རྣམས།། རང་ཞི་རང་དག་རང་ཡལ་དུ།། རང་སར་གྲོལ་ནས་གཞི་ཐོག་ཏུ།། གཞི་གྲོལ་ལམ་ལས་འདས་པ་ཡིས།། སྐུ་གསུང་འབྲས་བུ་ཐོབ་པར་འགྱུར། ། སྣང་སྲིད་རང་སྒྲིབས་ལུས་སུ་འཁྲུལ།། ཀུན་ལ་ཁྱབ་ཀྱང་རིག་པ་དེ།། ལུས་དང་ཡིད་ཀྱིས་གཟུང་འཛིན་བཅིངས།། དཔེར་ན་ཁང་པའི་ཕྱི་ནང་ན།། ནམ་མཁའ་མཉམ་པ་རིས་མེད་ཀྱང། ། ནང་ནས་ཕྱི་རུ་ལྟས་པའི་ཚེ།། བུ་ག་ཕྲ་མོ་རྣམས་ལ་ནི།། ནམ་མཁའ་སྐར་མའི་ཟེར་ཙམ་སྣང།། འབྲིང་པོ་རྣམས་ལ་ཉི་ཟླ་ཙམ།། ཕྱི་རོལ་མཐོང་ན་ཕྱོགས་བཅུ་ཡི།། མཐའ་དབུས་མེད་པར་སྣང་བ་བཞིན། ། ལུས་སེམས་ཕྱི་ནང་མེད་པ་ལ།། ལུས་སུ་བཟུང་ནས་སེམས་བཅིངས་པས།། རིག་པ་སྲོག་རྩ་སྙིང་ལ་གནས།། སྙིང་ནས་དབང་པོའི་རྩ་སྒོ་ནི།། ཕྲ་མོ་ཁོང་སྟོང་ཟང་ཐལ་ལ།། ཕྱི་ནས་ཡུལ་ལྔའི་སྣང་བ་ནི། ། དེར་སྣང་འཕྲ་མོའི་ཡེ་ཤེས་འཆར།། དབང་པོའི་དྭངས་མ་མིག་ལ་ནི།། རྩ་ནི་འཕྲ་ཡང་འདངས་ལ་གསལ།། རིག་པའི་ཡེ་ཤེས་སྟོང་གསལ་དེ།། སྐར་ཁུང་ནང་གི་ཉི་ཞུར་བཞིན།། གསལ་སྟོང་ཐིག་ལེའི་སྐུ་རུ་གསལ། ། ཆུང་ཡང་འོད་ཀྱི་དཀྱིལ་འཁོར་ཅན།། དེ་ཉིད་མཁའ་དང་མཉམ་གྱུར་ཀྱང།། རང་གི་གཟུང་འཛིན་ལུས་རྒྱས་འཐུམས།། སྒྲིབ་པ་དེ་ཉིད་གསལ་བའི་གནད།། ལུས་གནད་དངས་མའི་རྩ་གཅུན་ཅིང།། རྩ་རླུང་དངས་མའི་ཐིག་ལེ་ཡི། ། རིག་པ་ལྟ་སྟངས་དབྱིངས་ལ་གཅུན།། དབྱིངས་རིག་གཉིས་མེད་རིག་པ་དེ།། རྒྱ་མཐོངས་སྟེང་གི་ནམ་མཁའ་བཞིན།། ཇེ་ཆེ་ཇེ་གསལ་ནམ་ཞིག་ན།། གཟུང་འཛིན་འཇའ་ལུས་མཁའ་ལྟར་དག། རིག་པ་ཡེ་ཤེས་འོད་གསལ་སྐུ།། ཤེལ་སྒོང་དག་པ་ཤུབས་མེད་བཞིན།། ཕྱོགས་བཅུ་ཀུན་ཏུ་རང་གསལ་བའི།། རང་གིས་ཇི་ལྟར་ལྟས་བཞིན་གྱིས།། ངོ་བོ་སྟོང་ཞིང་དངོས་པོ་མེད།། རང་བཞིན་གསལ་ཞིང་ཆད་པ་མེད། ། དངོས་པོའི་ཆོས་སུ་སྐྱེ་མ་མྱོང།། དངོས་མེད་ཆོས་སུ་འགག་མ་མྱོང།། གཉིས་མེད་གཅིག་གི་མཐའ་དང་བྲལ།། ཅིར་ཡང་མ་གྲུབ་ཅིར་ཡང་རུང།། མ་བྱས་པ་རུ་ལྷུན་གྱིས་གྲུབ། ། ཕྱོགས་རིས་མེད་དེ་མཐའ་དང་བྲལ།། ནམ་མཁའ་དངས་པའི་དཀྱིལ་བཞིན་དུ།། ཐམས་ཅད་རྒྱལ་བའི་སྐུ་རུ་སྣང།། ཇི་ལྟ་བ་ཡི་ངང་ཉིད་ནས།། མདངས་ཀྱིས་སྐུ་ནི་རྣམ་པ་ལྔ།། སོ་སོ་རིགས་ཀྱི་མཚན་ཉིད་འཛིན། ། ཡེ་ཤེས་འོད་ལྔའི་ཀླཽང་ན་བཞུགས།། ཆོས་སྐུའི་ངང་ལས་མ་གཡོས་བཞིན།། གསལ་ལ་འགག་མེད་ལོངས་སྤྱོད་པས།། ཆོས་ཉིད་དབྱིངས་ཀྱི་ཡེ་ཤེས་སྐུ།། ཡེ་ནས་ངོ་བོ་ཀུན་གསལ་བས།། གསལ་དག་མེ་ལོང་ཡེ་ཤེས་སྐུ། ། གནས་ལུགས་གཅིག་ལས་མ་འདས་པས།། མཉམ་པ་ཉིད་ཀྱི་ཡེ་ཤེས་སྐུ།། ཆགས་པ་མེད་པར་ཀུན་ཤེས་པས།། སོ་སོར་རྟོག་པའི་ཡེ་ཤེས་སྐུ།། རྩོལ་བ་མེད་པར་ལྷུན་གྲུབ་པས།། བྱ་བ་གྲུབ་པའི་ཡེ་ཤེས་སྐུ། ། ཡེ་ནས་ཇི་བཞིན་དེ་ཉིད་ལ།། རྒྱུ་ལས་མ་བསྐྱེད་རྐྱེན་མི་ཤིགས།། འགྲོ་འོང་བྲལ་ཏེ་དུས་ཐམས་ཅད།། རྟག་པར་བཞུགས་པའི་ཡེ་ཤེས་སྐུ།། འདི་ནི་ཞིང་ཁམས་ཆེན་པོ་རུ།། ཕྱོགས་མེད་རྒྱུན་གྱི་ཐུགས་རྗེ་ནི། ། རང་སྣང་ཡེ་ཤེས་གཞན་སྣང་དུ།། སྐུ་ལྔའི་འགྲོ་དོན་འཕྲིན་ལས་ནི།། ཐོག་མ་མེད་པའི་དང་པོ་འདི།། གནད་ལ་བརྟེན་ནས་གྲོལ་བའི་ལམ།། བགྲོད་མི་དགོས་པ་ཅིག་ཆར་གནད།། རྟོགས་པ་མངོན་གྱུར་སངས་རྒྱས་སོ། ། ཐ་མལ་དང་པོའི་ལས་ཅན་གྱིས།། གནད་འདི་ཉམས་བླངས་གྲོལ་བ་ཡི།། རིག་པ་སྐུ་རུ་གྲོལ་བའི་རྟགས།། ཐིག་ལེ་སྟོང་པའི་སྒྲོན་མར་འཆར།། སྐུ་དང་ཡེ་ཤེས་ཤར་བའི་རྟགས།། རང་བཞིན་གསལ་མདངས་འོད་དུ་འཆར། ། འོད་དེ་ཞིང་ཁམས་གསལ་བའི་རྟགས།། རིག་པ་དབྱིངས་ཀྱི་སྒྲོན་མ་འཆར།། དེ་རྣམས་ཆོས་སྐུར་གྲོལ་བའི་རྟགས།། ཤེས་རབ་རང་འབྱུང་སྒྲོན་མ་འཆར།། དོན་གྱིས་རྟགས་སུ་བརྡ་ཤར་བས། ། རྒྱང་ཞག་ཆུ་ཡི་སྒྲོན་མ་འོ།། སྒྲོན་མ་རྣམ་བཞིའི་རྟགས་མཐོང་ནས།། བདེན་པ་མཐོང་བས་ཕྱིར་མི་ལྡོག། དཔེར་ན་སྦྲུལ་གྱི་རྐང་ལག་དེ།། བཅུས་པས་གསལ་བ་བཞིན་དུ་ནི།། ལུས་གནད་རྩ་ཡི་ཕོ་བྲང་དུ། ། རྡོ་རྗེའི་ལུས་སེམས་གནད་བཅུན་པས།། རང་ལ་གནས་པའི་ཡེ་ཤེས་དེ།། གནས་པ་ཙིཏྟའི་དཀྱིལ་ན་གནས།། གསལ་བ་ནམ་མཁའི་དབྱིངས་ན་གསལ།། ཁྱབ་པ་འཁོར་འདས་ཡོངས་ལ་ཁྱབ།། ཡིན་པ་ཐམས་ཅད་རང་རིག་ཡིན། ། རང་རིག་རྟོག་པས་མངོན་སངས་རྒྱས།། སངས་རྒྱས་གཞན་ནས་བརྩལ་དུ་མེད།། རང་ངོ་ཤེས་ན་དེ་རང་དངོས།། མ་བཙལ་བཞག་པས་རང་བཙལ་རྫོགས།། འཁོར་བ་མ་སྤངས་རང་སར་གྲོལ། ། མངོན་སུམ་རྟོགས་པའི་སྐལ་ལྡན་ལ། ཁམས་གསུམ་འཁོར་བའི་མིང་མེད་པས།། སངས་རྒྱས་མེད་པ་མ་མཆིས་སོ།། ཐོག་མེད་དང་པོའི་རིག་པ་འདི།། གཞན་གྱི་བྱེད་མཁན་མ་ཡིན་པར།། མེ་ཉིད་དུ་བས་རང་བསྒྲིབས་བཞིན། ། རང་གི་རང་རྩལ་མ་རིག་པའི།། སྒྲིབ་བཅས་གཞིའི་སྐུ་གསུམ་སྟེ།། དྲི་མས་དྲི་མ་འཁྲུ་བ་བཞིན།། རང་གི་གཉེན་པོར་རང་ཉིད་ཀྱི།། རྟོག་པས་རྟོག་པ་བཅོམ་པ་ཡི།། རྟོག་གཉིས་རང་སར་དག་ཙམ་ན། ། དྲི་མ་མེད་པའི་ནོར་བུ་བཞིན།། སངས་རྒྱས་སེམས་ཅན་གཉིས་མེད་པ།། ལམ་གྱིས་བཅོས་སུ་ག་ལ་ཡོད།། ཐམས་ཅད་རང་ཤར་རང་གྲོལ་གྱིས།། རང་གསལ་རིག་པའི་ཡེ་ཤེས་ལ།། གཟུང་འཛིན་སྦྲུལ་མདུད་བཞིན་དུ་གྲོལ། ། རང་སྣང་ཉི་ཟླའི་འོད་བཞིན་གསལ།། རང་ངོ་སྔར་འདྲིས་མི་བཞིན་ཤེས།། ཐེ་ཚོམ་མེ་ལོང་བྱད་བཞིན་ཆོད།། རང་དབང་རྒྱལ་པོ་བཞིན་དུ་ཐོབ།། རྟོགས་པའི་ཡེ་ཤེས་སྐད་གཅིག་ལ། ། ཕྱིར་མི་ལྡོག་པ་བདེན་པའི་དོན།། མངོན་སུམ་མཐོང་བས་ས་རྣམས་ནི།། ཀུན་རྫོབ་ཙམ་དུ་བསྟན་པ་ལས།། ཡང་དག་དོན་དུ་རབ་ལས་ནི།། ས་ཞེས་བྱ་བ་གུད་ན་མེད།། སྒྲོད་དུ་མེད་དེ་རང་རིག་ལ།། མུན་པའི་དཀྱིལ་དུ་ཉི་ཤར་བཞིན། ། ཐམས་ཅད་མ་ལུས་དུས་གཅིག་རྫོགས།། ལམ་པ་རྣམས་དང་སྒོ་བསྟུན་ན།། སྡུག་བསྔལ་བདེ་བར་མཐོང་བ་ཡིས།། ས་ནི་དང་པོ་རབ་ཏུ་དགའ།། ཐེ་ཚོམ་དྲི་མ་མ་མཆིས་པས།། གཉིས་པ་དྲི་མ་མེད་པའི་ས། ། རང་སྣང་གསལ་འགྲིབ་མེད་པ་ཡིས།། གསུམ་པ་འོད་བྱེད་ས་ཐོབ་བོ།། འོད་སྣང་ཕྱོགས་བཅུར་ཁྱབ་པ་ཡི།། ས་ནི་བཞི་པ་འོད་འཕྲོ་བ།། ཉོན་མོངས་སྣང་བ་དག་པ་ཡིས།། ས་ནི་ལྔ་པ་སྦྱང་དཀའ་བ། ། རང་རིག་ཐིག་ལེའི་སྐུ་གསལ་པ།། དྲུག་པ་མངོན་དུ་གྱུར་པའི་ས།། དེ་ལ་གོམས་པས་འཁོར་བ་དག། བདུན་པ་རིང་དུ་སོང་བའོ།། སྐུ་ཡི་འོད་དང་ཞིང་ཁམས་རྒྱས།། བརྒྱད་པ་མི་གཡོའི་ས་ནོན་པ།། དེ་ཉིད་མི་གཡོ་བསྟན་པར་གནས། ། དགུ་པ་ལེགས་པའི་བློ་གྲོས་ས།། ཡེ་ཤེས་སྣང་བ་ལམ་མེ་བའི།། ཆོས་ཉིད་རང་གསལ་ལྷུག་པར་ཤར།། བཅུ་པ་ཆོས་ཀྱི་སྤྲིན་གྱི་ས།། བདེན་པ་མཐོང་བའི་གང་ཟག་གིས། ། དབུགས་འདི་མ་བོར་ས་དེ་ནོན།། གཟུང་འཛིན་ལུས་རྒྱ་གྲོལ་བའི་ཚེ།། སྣང་སྲིད་ཆོས་སྐུའི་དཀྱིལ་འཁོར་དུ།། ཡེ་ཤེས་སྐུ་ཡི་འོད་ཀྱིས་བརྒྱན།། བཅུ་གཅིག་ཀུན་ཏུ་འོད་ཀྱི་ས།། དེ་ལ་ཞེན་ཆགས་མེད་པ་ཡིས། ། བཅུ་གཉིས་མ་ཆགས་པདྨ་སྤྱན།། སྐུ་དང་ཞིང་ཁམས་འཁོར་གྱི་ཚོགས།། གསལ་ལ་འཛིན་མེད་འོད་ཀྱི་ཚུལ།། བཅུ་གསུམ་འཁོར་ལོ་ཚོགས་ཆེན་ས།། ཡེ་ཤེས་སྣང་བ་འགྱུར་མེད་གནས།། བཅུ་བཞི་བདེ་བ་ཆེན་པོའི་ས། ། ལྷུན་གྲུབ་འགྱུར་མེད་རྩལ་རྫོགས་པས།། བཅོ་ལྔ་རྡོ་རྗེ་འཛིན་པ་ཡིས།། རྣམ་པར་མི་རྟོག་ཡེ་ཤེས་ལྡན།། ས་རྣམས་མ་ལུས་ས་གཅིག་སྟེ།། ལྷག་བཅས་ཚུལ་དུ་མངོན་སངས་རྒྱས།། དེ་ཡི་རྟགས་ཀྱིས་བྱུང་ཚུལ་ནི། ། རང་སྣང་སྐུ་དང་ཡེ་ཤེས་ཀྱི།། ཞིང་ཁམས་འོད་གསལ་དཀྱིལ་འཁོར་ལ།། གཞན་གྱི་སྣང་བར་རྟགས་འདི་འབྱུང།། སྐུ་ལ་གོམས་པས་འཇའ་ཚོན་དང།། ལྷ་ཡི་སྐུ་དང་ས་གཡོས་འབྱུང། ། གསུང་ལ་གོམས་པས་ཡི་གེ་དང།། ཆོས་ཀྱི་སྒྲ་དང་རོལ་མོ་འབྱུང།། ཐུགས་ལ་གོམས་པས་གདུང་དང་ནི།། རིང་བསྲེལ་ནམ་མཁའ་དངས་པ་འབྱུང།། ཡང་དག་རྫོགས་པའི་སངས་རྒྱས་ནི།། ལྷག་མ་མེད་པར་མྱ་ངན་འདས། ། རང་གཞན་འཁོར་འདས་ཐམས་ཅད་ཀུན།། ཆོས་སྐུ་བདེ་བ་ཆེན་པོ་རུ།། ཐམས་ཅད་མཁྱེན་པར་སངས་རྒྱས་པས།། གདུལ་བྱ་སྐོར་ཚེའི་སྣང་བ་རུ།། སྐུ་གདུང་འཇའ་འོད་ལ་སོགས་པས།། གང་གི་རྟགས་ཡང་མི་འབྱུང་སྟེ། ། རྒྱལ་བ་ནམ་མཁའི་སྐུ་ཅན་ལ།། ཤ་རུས་ཁྲག་ནི་མེད་པ་རུ།། རིང་བསྲེལ་འབྱུང་བར་ག་ལ་འགྱུར།། འོན་ཀྱང་གདུལ་བྱའི་མོས་སྣང་གིས།། ཐབས་ཀྱི་རིང་བསྲེལ་འབྱུང་བ་སྲིད།། འགྲོ་ལ་ཕན་པའི་ཐབས་ཙམ་ལས། ། རྡོ་རྗེ་སྐུ་གསུང་ཐུགས་ཉིད་དུ།། སངས་རྒྱས་པ་ལ་རིང་བསྲེལ་མེད།། བྱེ་མ་ལ་ནི་མར་བྱུང་ངམ།། འབྲས་བཏབ་ཏིལ་འབྲུ་སྨིན་པ་ནི།། དེ་ཚེ་རིང་བསྲེལ་ཡོད་པར་འགྱུར།། ཤ་ཁྲག་རུས་པའི་དངས་མ་རྣམས། ། ཏིང་ངེ་འཛིན་ནམ་ཤུགས་ཀྱིས་འདུས།། བཅུད་དུ་དྲིལ་བའི་གཟུགས་བརྙན་ཡིན།། བྱུང་དང་མ་བྱུང་དོན་ལ་འདྲ།། རྒྱལ་བ་མྱ་ངན་འདས་ཀྱང་ནི།། རིང་བསྲེལ་མཆོད་པས་འགྲོ་དོན་བྱེད། ། ལམ་དྲི་མ་གྲོལ་བྱེད་ཀྱི་ལེའུ་སྟེ་བདུན་པའོ།།།། གདོད་ནས་རང་ངམ་སྐུ་གསུམ་འདི།། ཡིན་མིན་རྟགས་པ་བྱིས་པ་ཡིན།། མཁས་པ་རྣམས་ནི་ཐེ་ཚོམ་བྲལ།། སྒྲ་དང་ཚད་མ་ལ་སོགས་པའི།། རང་ཕྱོགས་འཛིན་པའི་སྒྲུབ་མཐའ་ཡིས། ། འདི་ཉིད་གཏན་ལ་ཕེབས་པ་མེད།། རིག་པ་རང་བྱུང་རང་གྲོལ་གྱིས།། དོན་འདི་རྟོགས་ན་སྔོན་སངས་རྒྱས།། གཞི་དང་ལམ་གྱི་སྐྱོན་དག་པས།། འབྲས་བུ་མིང་དུ་བརྟགས་པ་ལ། ། སྐུ་གསུམ་གཞི་ལ་གནས་གྱུར་ཀྱང།། རང་ངོ་མ་ཤེས་འཁྲུལ་པ་ཡིན།། སེམས་ཅན་ཉོན་མོངས་འབྱུང་བ་ལས།། འཁྲུལ་པ་སངས་པས་སེམས་ཅན་གྲོལ།། སེམས་ཉིད་སྤངས་བྱ་ཐོབ་བྱེད་ཀྱིས།། གཉེན་པོ་ལམ་གྱིས་བསྒྲིབས་པ་ལ། ། སྤངས་ཐོབ་མེད་པའི་ཡེ་ཤེས་ལ།། གཉིས་འཛིན་བག་ཆགས་ཟད་ཙམ་ན།། ལམ་གྱི་མཐའ་རུ་ཕྱིན་པ་ཡིས།། སྐུ་གསུམ་ཡེ་ཤེས་མངོན་འགྱུར་དུ།། ཡོན་ཏན་ཕྱོགས་མེད་རྒྱས་པ་ལ།། སངས་རྒྱས་སྐུ་གསུམ་དཔལ་དུ་འབར། ། སྐུ་གསུམ་ངོ་བོ་གཅིག་པ་ལ།། འཁོར་བ་དང་ནི་མྱ་ངན་འདས།། རིག་དང་མ་རིག་ཁྱད་པར་གྱིས།། སངས་རྒྱས་སེམས་ཅན་ལྡོག་ཆ་ཡིན།། སྐྱེ་འགག་མེད་པའི་འོད་གསལ་དེ།། མ་རིག་འོད་ལས་བྱུང་བར་འཁྲུལ། ། རིག་ན་འབྱུང་བ་འོད་དུ་ལྡོག། དང་པོ་སྐུ་ལས་ལུས་སུ་འཁྲུལ།། ད་ནི་ལུས་ལས་སྐུ་རུ་ལྡོག། དང་པོ་ཀ་དག་སེམས་སུ་འཁྲུལ།། རྟོགས་ན་སེམས་ཉིད་རིག་པར་ལྡོག། དང་པོ་ཡེ་ཤེས་རིག་པར་ཤར།། ཤེས་ནས་ཅི་ཤར་ཡེ་ཤེས་དངོས།། ངོ་བོ་གཅིག་ལ་རྣམ་པ་གཉིས།། ཟློག་ཆ་ཐ་དད་བྱུང་གྱུར་ཀྱང།། དཔེར་ན་མུན་པས་བསྒྲིབས་ཙམ་ན།། རང་གཞན་ཡོད་ཀྱང་མི་སྣང་ལ། ། འོད་ཀྱི་སྒྲོན་མས་མུན་བསལ་ན།། རང་གཞན་ཐམས་ཅད་སྣང་བ་བཞིན།། མ་རིག་པ་ཡིས་ཀུན་བསྒྲིབས་ལ།། སྒྲིབ་པ་གསལ་བས་ཐམས་ཅད་དུ།། རང་རིག་སྐུ་གསུམ་མངོན་སུམ་རྟོགས།། ངོ་བོ་རང་བཞིན་ཐུགས་རྗེ་གསུམ། ། ངོ་བོ་སྟོང་པར་མ་ཤེས་པས།། མ་དག་ཉོན་མོངས་འཁྲུལ་སྣང་བྱུང།། རིག་པ་བཟུང་ཡུལ་ངོ་བོ་སྟོང།། དམིགས་མེད་འོད་གསལ་རྒྱས་པ་ཡིས།། སྤྲིན་མེད་ནམ་མཁའི་དབྱིངས་བཞིན་དུ། ། ངོ་བོ་ཉིད་ཀྱི་སངས་རྒྱས་ཡིན།། དེ་ཡི་རང་བཞིན་འགག་མེད་འདི།། མ་ཤེས་རང་གི་སྒྲིབ་པ་གཡོགས།། བརྟན་གཡོས་སྣོད་བཅུད་གཟུགས་བརྙན་ཀུན།། སོ་སོར་རྟོགས་པའི་གཟུང་འཛིན་འཁྲུལ།། རིག་པ་དངོས་པོ་མཚན་མ་ཡི། ། དེར་འཛིན་སངས་ནས་སྣང་བ་ཀུན།། ནམ་ལངས་ཉི་མའི་འོད་བཞིན་དུ།། ཞིང་ཁམས་འོད་དང་རིག་པ་སྐུ།། གཉིས་མེད་ཡེ་ཤེས་རྒྱས་པ་ཡི།། རང་བཞིན་ལྷུན་གྲུབ་སངས་རྒྱས་ཡིན།། དེ་ཡི་ཐུགས་རྗེ་ཀུན་ཁྱབ་ནི། ། མ་ཤེས་རང་བཞིན་གཉིས་འཛིན་ལ།། ཨ་འཐས་ཉེ་རིང་ཕྱོགས་ཆ་ཡི།། ཞེན་ཆགས་འཁོར་བའི་བག་ཆགས་འཁྲུལ།། དེ་ཉིད་ངོ་ཤེས་ཐམས་ཅད་ཀུན།། རང་འབྱུང་ཡེ་ཤེས་རང་རིག་པས། ། ཐུགས་རྗེས་གང་ལ་གང་འདུལ་དུ།། བསམ་གྱིས་མི་ཁྱབ་སྤྲུལ་པས་ཏེ།། རྒྱུ་རྐྱེན་འཚོགས་པའི་ས་གཞི་ལ།། དགོས་འདོད་སྣ་ཚོགས་སྐྱེ་བ་བཞིན།། མཁྱེན་པའི་ཡེ་ཤེས་རྒྱས་པ་ཡི།། ཐུགས་རྗེས་ཀུན་ཁྱབ་སངས་རྒྱས་ཡིན། ། ཀུན་གཞི་ཀུན་ལ་ཁྱབ་པ་དེ།། མ་ཤེས་ཀུན་གཞིའི་རྣམ་ཤེས་འཁྲུལ།། ཤེས་པ་རྣམ་མཁྱེན་ཡེ་ཤེས་སུ།། ཐམས་ཅད་མཁྱེན་པའི་སངས་རྒྱས་བྱུང།། གཞི་ནི་མ་རིག་འཁྲུལ་པའི་དུས།། ཚོགས་དྲུག་སྣང་བ་འཁྲུལ་པ་ལ། ། རང་ངོ་ཤེས་པ་སྤྲུལ་སྐུ་ཡིན།། སྒོ་ལྔའི་ཡིད་བྱེད་འཁྲུལ་པ་ལ།། རང་བཞིན་ཤེས་ན་གྲོལ་བ་སྟེ།། ཀུན་གཞི་རྣམ་ཤེས་འཁྲུལ་པ་ལ།། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན།། མི་རྟོགས་ཀུན་ཤེས་སངས་རྒྱས་ཡིན། ། དེ་ལ་ལམ་གྱི་འཁྲུལ་གྲོལ་གཉིས།། ཆོས་དང་ཆོས་མིན་མི་ཤེས་འཁྲུལ།། སྤང་བླང་ཤེས་པ་སྤྲུལ་སྐུ་ལ།། ཉོན་མོངས་གཉེན་པོ་བརྟེན་པས་འཁྲུལ།། སྤང་གཉེན་གཉིས་མེད་ལོངས་སྐུ་སྟེ།། དེ་བཞིན་ཤེས་བྱའི་སྒྲིབ་པ་ལ། ། བག་ཆགས་དག་པ་ཆོས་ཀྱི་སྐུ།། དེ་དོན་མཐར་ཕྱིན་འབྲས་བུ་ལ།། ད་རུང་རེ་དོགས་འཁོར་བའི་ཆ།། ཐེ་ཚོམ་ཆོད་པ་སྤྲུལ་སྐུ་ཡིན།། ཐེ་ཚོམ་མེད་ཀྱང་སྤང་ཐོབ་ཀྱིས།། སྦྱང་སྒྲོད་དགོས་པ་འཁོར་བའི་ཆ། ། གནས་ལུགས་སྤྱོད་པ་ལོངས་སྐུ་ཡིན།། ཟད་པ་སྐྱོལ་བས་འཁོར་བ་དག། ལྷུན་གྱིས་གྲུབ་པས་ཆོས་ཀྱི་སྐུ།། ཟད་མེད་དབྱིངས་ནས་དོན་ཀུན་མཛད།། ངོ་བོ་རང་བཞིན་མཚན་ཉིད་ཀྱིས། ། ཀ་དག་ལྷུན་གྲུབ་ཀུན་ཁྱབ་སྟེ།། གཞི་དང་འབྲས་བུ་དབྱེར་མེད་པའི།། ངོ་བོ་ཉིད་དུ་གཅིག་གྱུར་ཀྱང།། བག་ལ་ཉལ་གཞི་མ་རིག་ལམ།། འབྲས་བུ་དེ་ཉིད་མཐར་ཕྱིན་པས།། ཐོག་མ་ཉིད་ནི་གྲོལ་བ་སྟེ། ། དཔེར་ན་གསེར་གྱི་སེར་པོ་བཞིན།། འབྲས་བུ་གཞི་ཐོག་རང་གྲོལ་ཀྱང།། འབྲས་བུ་རྒྱུ་རུ་མི་ལྡོག་སྟེ།། ཏིལ་མར་ཏིལ་དུ་མི་ལྡོག་བཞིན།། སངས་རྒྱས་སེམས་ཅན་ལྡོག་མི་སྲིད།། མཁྱེན་པ་བག་ལ་ཉལ་མི་འགྱུར། ། འོད་གསལ་བ་ལ་སྒྲིབ་པ་བྲལ།། རྡོ་རྗེའི་སྐུ་ལ་འཕོ་འགྱུར་མེད།། རྡོ་རྗེ་གདན་དུ་བྱང་ཆུབ་པས།། དུས་གསུམ་སངས་རྒྱས་དེར་སངས་རྒྱས།། ཐོག་མ་མེད་ནས་ཐ་མའི་བར།། རིག་པ་གདོད་ནས་སྐུ་གསུམ་དུ། ། ངོ་བོ་བཞི་ཡི་སྐུ་གསུམ་ལ།། རང་བཞིན་ལམ་ལ་མཐར་ཕྱིན་པས།། མཚན་ཉིད་ཤེས་པ་འབྲས་བུ་སྟེ།། རང་སེམས་ཅི་ཡང་མ་གྲུབ་པ།། སྤྲོས་དང་བྲལ་བའི་ཆོས་སྐུ་ཡིན།། བེམ་སྟོང་ཧད་སྟོང་མ་ཡིན་པ།། རང་རིག་རང་རྩལ་ལོངས་སྐུ་ལ། ། གསལ་དངས་འགག་མེད་སྣ་ཚོགས་སུ།། ངེས་མེད་འཆར་བ་སྤྲུལ་པའི་སྐུ།། དེ་ཉིད་མ་རིག་རིག་ཐོག་ཏུ།། བླ་མས་རང་ངོ་སྤྲད་པ་ཡིས།། ཡིན་ལུགས་ཤེས་པས་ཆོས་ཀྱི་སྐུ།། གོ་བའི་ཡུལ་དུ་མ་ལུས་པར། ། རྒྱུད་ཐོག་ཉམས་མྱོང་ལོངས་སྤྱོད་དང།། རེ་དོགས་དུམ་བུར་མ་ཆད་པར།། སྣ་ཚོགས་གཅིག་ཤེས་སྤྲུལ་པའི་སྐུ།། དབྱེར་མེད་རྟོགས་པ་འབྲས་བུའི་དོན།། འཁོར་འདས་གཉིས་མེད་གཅིག་ཏུ་འདྲེས། ། མཁའ་ལ་སྤྲིན་ཕུང་ཡལ་བ་བཞིན།། ཐམས་ཅད་དེ་ཡི་ངོ་བོར་གྲོལ།། སྤྲོས་བྲལ་ཀུན་ཁྱབ་ཆོས་ཀྱི་སྐུ།། འཁོར་བ་བྱ་བའི་ཡུལ་མེད་པས།། མྱ་ངན་འདས་པའི་མིང་ཡང་མེད།། སེམས་ཅན་རྟོགས་པའི་རྒྱུད་ཟད་པས། ། སངས་རྒྱས་ཡིན་པའི་རྟོག་པ་མེད།། རྣམ་པར་རྟོག་མེད་ལྷུན་གྱིས་གྲུབ།། སྤྲོས་དང་བྲལ་བའི་ཡེ་ཤེས་དེ།། ཡུལ་མེད་རངས་གསལ་བདེ་བ་ལ།། རང་སར་སྤྱོད་པ་ལོངས་སྐུ་ལ།། འགག་པ་མེད་པའི་སྨོན་ལམ་དང། ། རྩོལ་བ་མེད་པའི་ཐུགས་རྗེ་ཡིས།། རང་བཞིན་རང་སྣང་སྤྲུལ་པའི་སྐུ།། སྐུ་གསུམ་དབྱེར་མེད་གཅིག་པ་དེ།། དོན་གཉིས་ལྡན་པའི་སངས་རྒྱས་ཡིན།། གདོད་ནས་ལྷུན་གྲུབ་ཆོས་ཀྱི་དབྱིངས།། སྤྲོས་དང་བྲལ་བའི་རིག་པ་ལ། ། རྣམ་པར་མི་རྟོག་ཡེ་ཤེས་ཀྱིས།། འཁོར་བའི་མཐའ་ལ་མི་གནས་ཤིང།། སྟོང་པ་ཉིད་ལ་ཞེན་པ་ཡིས།། མྱ་ངན་འདས་པའི་སྐྱོན་མ་གོས།། དམིགས་པ་མེད་པའི་ཐུགས་རྗེས་ནི།། ཡུལ་མེད་ཀུན་ལ་ཁྱབ་པ་ཡི། ། རྩོལ་མེད་འགྲོ་དོན་མཐའ་མེད་མཛད།། སེམས་ཅན་རྣམས་ཀྱིས་དོན་ཀུན་འགྲུབ།། མྱ་ངན་འདས་པའི་མཐའ་མི་གནས།། འཁོར་བའི་སྐྱོན་གྱིས་གོས་པ་མེད།། ཆོས་ཉིད་ངང་ལས་མ་གཡོས་པར། ། རྣམ་རྟོག་མི་མངའ་ཅིར་ཡང་དུ།། ས་ལོ་ཐམས་ཅད་མཁྱེན་པར་སྣང།། དང་པོའི་ལམ་ལ་ཞུགས་ནས་སུ།། ཐེག་པ་བསམ་གྱིས་འཛེག་པ་ཡི།། ལམ་རྣམས་རིམས་ཀྱིས་བསྒྲོད་པ་དེ།། མཛད་པ་མཐར་འདོན་སངས་རྒྱས་ཡིན། ། གདོད་ནས་འབྲས་བུ་གཞི་ཐོག་ནས།། སྐུ་གསུམ་རིག་པ་གཅེར་བུ་རུ།། ཅིག་ཆར་རྒྱུད་ལ་རྟོག་པ་དེ།། ལྟ་བ་ཡས་ནས་འབུབས་པ་ཡིན།། རྟོགས་པ་མངོན་འགྱུར་སངས་རྒྱས་ཡིན། ། རང་བཞིན་ལྷུན་གྲུབ་དཀྱིལ་འཁོར་དུ།། ཐམས་ཅད་མཁྱེན་པར་སངས་རྒྱས་པའོ།། དབང་ཐོབ་དུས་ན་ཁྱད་པར་མེད།། གཉིས་མེད་ཆོས་སྐུ་རྫོགས་སངས་རྒྱས།། གཟུགས་སྐུ་འགྲོ་དོན་རྒྱུན་མི་འཆད།། སྐུ་གསུམ་ཞེས་བརྗོད་ཚིག་དོན་ནི། ། བློ་འདས་ངོ་བོ་ཆོས་ཉིད་དུ།། ཆོས་སུ་གནས་པས་ཆོས་སྐུ་ལ།། ཟག་པ་མེད་པའི་བདེ་ཆེན་ལ།། ལོངས་སྤྱོད་པ་ནི་ལོངས་སྐུ་སྟེ།། དེ་ཡིས་གང་ལ་གང་འདུལ་དུ།། སྣ་ཚོགས་འབྱུང་ཕྱིར་སྤྲུལ་པའི་སྐུ། ། དེ་རྣམས་ཐ་དད་མ་མཆིས་པས།། སྐུ་གསུམ་རོ་གཅིག་ཅེས་སུ་བརྗོད།། ཆོས་སྐུའི་ངོ་བོ་ཀུན་ལ་ཁྱབ།། དབྱེར་མེད་ཀ་དག་ཡེ་ཤེས་ཡིན།། ལོངས་སྐུའི་ངོ་བོ་མཚན་ཉིད་འཛིན།། རང་བཞིན་ལྷུན་གྲུབ་ཡེ་ཤེས་ཡིན། ། སྤྲུལ་སྐུ་ངོ་བོ་ཅི་ཡང་འཆར།། དུ་མ་རོ་གཅིག་ཡེ་ཤེས་ཡིན།། སྐུ་གསུམ་ངོ་བོ་ཁྱབ་བརྡལ་གློང།། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཡིན།། ཆོས་སྐུ་དཔེ་ནི་ནམ་མཁའ་འདྲ།། ཐམས་ཅད་དེ་ཡི་ངང་ལས་བྱུང། ། ལོངས་སྐུའི་དཔེ་ནི་ཉི་ཟླ་འདྲ།། ཐམས་ཅད་དེ་ཡིས་གསལ་བར་སྟོན།། སྤྲུལ་སྐུའི་དཔེ་ནི་འོད་ཟེར་འདྲ།། གཅིག་གིས་དུ་མ་འབྱེད་པར་བྱེད།། འབྱེད་མེད་དཔེ་ནི་བར་སྣང་འདྲ།། ཐམས་ཅད་མ་ལུས་སྟོན་པར་བྱེད། ། སྐུ་གསུམ་ལྷན་ཅིག་སྐྱེས་པ་ལ།། སེམས་ཅན་རྣམས་ནི་དབང་པོ་ཡི།། རྟོག་པའི་རང་བཞིན་གསུམ་དུ་རྒྱུ།། ཆོས་སྐུ་ས་བཅུ་རྒྱུན་མཐའ་དང།། རྣལ་འབྱོར་དབང་ཕྱུག་སངས་རྒྱས་མཐོང།། ས་བཅུ་ལ་གནས་སེམས་དཔའ་ཡིས། ། ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་མཐོང།། གང་ཟག་མོས་སྤྱོད་ལ་སོགས་རྣམས།། ཆོས་སྐུ་སྤྲུལ་པའི་སྐུ་རུ་མཐོང།། བཏང་སྙོམས་ལོག་སྲེད་ཅན་རྣམས་ལ།། དམུས་ལོང་ཉི་མ་མི་མཐོང་བཞིན། ། སངས་རྒྱས་སྣང་བར་མི་འགྱུར་རོ།། ཆོས་སྐུའི་ཡེ་ཤེས་རྣམ་གསུམ་སྟེ།། ངོ་བོ་འགྱུར་བ་མེད་པ་ཡིས།། ངོས་བཟུང་ཀ་དག་ཡེ་ཤེས་ཡིན།། དེ་ཉིད་འགག་མེད་རང་གསལ་དུ།། རང་བཞིན་ལྷུན་གྲུབ་ཡེ་ཤེས་ཡིན། ། དེ་ཉིད་ཀུན་དང་དབྱེར་མེད་དུ།། དེ་དང་དེ་རུ་ཀུན་ཤེས་པས།། ཐུགས་རྗེས་ཀུན་ཁྱབ་ཡེ་ཤེས་ཡིན།། ཡེ་ནས་ཐམས་ཅད་ཇི་བཞིན་དུ།། ཡུལ་མེད་རང་རིག་ཤེས་པ་འདི།། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཡིན། ། ཡུལ་ཅན་རྣམ་པ་ཤེས་པ་འཁྲུལ།། གཉིས་མེད་རྟོགས་པ་སངས་རྒྱས་ཡིན།། ལོངས་སྐུ་ཡེ་ཤེས་རྣམ་ལྔ་སྟེ།། དེ་ཡི་རང་གཟུགས་སྐུ་ལྔ་ཡིན།། འཁོར་འདས་གཉིས་མེད་ཡེ་ཤེས་སུ།། གསལ་བ་མེ་ལོང་ཡེ་ཤེས་ལ། ། གཉིས་བསྡུས་ཆོས་རྣམས་དབྱེར་མེད་དང།། གཅིག་གྱུར་མཉམ་ཉིད་ཡེ་ཤེས་ལ།། ཐམས་ཅད་མ་འདྲེས་ཡོངས་རྫོགས་སུ།། དངོས་གསལ་སོར་རྟོགས་ཡེ་ཤེས་ཏེ།། མ་བཅོས་བཟོ་མེད་ལྷུན་གྲུབ་པས། ། བྱ་བ་གྲུབ་པའི་ཡེ་ཤེས་ཡིན།། ཆོས་མེད་མཚན་མ་མེད་པའི་དབྱིངས།། འགག་མེད་ཆོས་དབྱིངས་ཡེ་ཤེས་ཏེ།། ཐ་དད་མིང་ལ་དོན་གཅིག་གོ། སྤྲུལ་སྐུའི་ཡེ་ཤེས་རྣམ་པ་གཉིས།། འཁོར་འདས་མ་ལུས་ཐམས་ཅད་ཀུན། ། ཆོས་ཉིད་རང་གི་རིག་པ་དེ།། སྒྲིབ་པ་མེད་པར་མངོན་སུམ་དུ།། རང་ངོ་ཤེས་ལ་འཛིན་མེད་དོ།། ཇི་ལྟ་མཁྱེན་པའི་ཡེ་ཤེས་ཡིན།། དེ་ཉིད་རང་སྣང་གཞན་སྣང་གི། ཤེས་བྱའི་ཆོས་ཅན་ཇི་སྙེད་རྣམས། ། བྱེ་བྲག་མ་ལུས་ཐམས་ཅད་ཀུན།། ས་ལ་གསལ་བར་མཁྱེན་པ་དེ།། ཇི་སྙེད་པའི་ཡེ་ཤེས་ཏེ།། རང་སྣང་གཞན་སྣང་ཡེ་ཤེས་གཉིས།། ལྷན་ཅིག་སྐྱེས་པ་ཀུན་མཁྱེན་ཡིན།། ལམ་པའི་དུས་ན་ཏིང་འཛིན་ལ། ། སེམས་ཅན་དུས་ལ་རྣམ་རྟོག་ཚོགས།། སངས་རྒྱས་མཁྱེན་པའི་ཡེ་ཤེས་སོ།། ཐམས་ཅད་རྒྱལ་བའི་སྐུ་ལས་ནི།། ཆོས་སྐུ་དབྱིངས་རིག་གཉིས་མེད་སྐུ།། ནམ་མཁའི་སྐུ་ཅན་ཀུན་ལ་ཁྱབ།། འོད་གསལ་བདེ་ཆེན་འགྱུར་བ་མེད། ། འཁོར་འདས་ཀུན་གྱི་རྟེན་བྱེད་པའོ།། ལོངས་སྐུ་སྣང་ལ་རང་བཞིན་མེད།། མཚན་དང་དཔེ་བྱད་འོད་ཀྱི་སྐུ།། སྤྲུལ་སྐུ་གང་ལ་གང་འདུལ་བ།། སེམས་ཅན་རྣམས་ཀྱི་བག་ཆགས་སྐུ།། སངས་རྒྱས་ཐམས་ཅད་སྐུ་གཅིག་སྟེ། ། བདེ་བར་གཤེགས་པ་ཆོས་ཀྱི་སྐུ།། སེམས་ཅན་མོས་པ་ཐ་དད་པས།། འདུལ་བྱེད་སྐུ་ཡང་ཐ་དད་སྣང།། སངས་རྒྱས་མཚན་ཡང་ཐ་དད་རྟགས།། ཐེག་པ་སྣ་ཚོགས་ཐབས་ཚུལ་གྱིས། ། སངས་རྒྱས་གསུང་ཡང་ཐ་དད་བྱུང།། མ་ཧཱ་ཨ་ནུ་ཨ་ཏི་གསུམ།། ཆོས་སྐུ་གསུང་གི་ཐེག་པ་ཡིན།། དགོངས་པ་ཚེ་གཅིག་ཆོས་སྐུ་སྒྲུབ།། ཀྲི་ཡ་ཨུ་པ་ཡོ་ག་གསུམ།། ལོངས་སྐུ་གསུང་གི་ཐེག་པ་ཡིན།། འབྲས་བུ་ཚེ་བདུན་ལོངས་སྐུ་སྒྲུབ། ། ཉན་ཐོས་རང་རྒྱལ་བྱང་ཆུབ་སེམས།། སྤྲུལ་སྐུ་གསུང་གི་ཐེག་པ་ཡིན།། བསྐལ་པར་འཕྲོ་འཐུད་སྤྲུལ་སྐུ་སྒྲུབ།། རྒྱལ་བའི་གསུང་དབྱངས་གཅིག་ལས་སུ།། ཐེག་པ་སྣ་ཚོགས་བྱུང་བ་སྟེ། ། དོན་ལ་ཐེག་པ་གཅིག་ལས་མེད།། འབྲས་བུ་ཐིག་ལེ་གཅིག་ཏུ་རྒྱས།། ཐུགས་དགོངས་ཐམས་ཅད་མཁྱེན་པ་ལ།། གདུལ་བྱའི་རྟོག་པ་གསུམ་དུ་ཕྱེ།། ཆོས་སྐུའི་ཐུགས་ནི་སྤྲོས་བྲལ་དང།། བསམ་པ་ཡོངས་རྫོགས་ཀུན་མཁྱེན་ནོ། ། ལོངས་སྐུའི་ཐུགས་ནི་ཀུན་ཁྱབ་ལ།། གསལ་ལ་འཛིན་མེད་མཁྱེན་པའོ།། སྤྲུལ་སྐུའི་ཐུགས་རྗེ་ཕྱོགས་རིགས་མེད།། སེམས་ཅན་བསམ་པ་མཁྱེན་པའོ།། སེམས་ཅན་རྣམས་ཀྱི་རང་སྣང་དེ། ། སྤྲུལ་པ་སྐུ་ཡི་བདེན་པ་ཡིན།། ཐམས་ཅད་རྒྱལ་བའི་ཞིང་ཁམས་ལ།། ཆོས་སྐུའི་གནས་ནི་ཆོས་ཀྱི་དབྱིངས།། བསམ་གྱིས་མི་ཁྱབ་ཚད་ལས་འདས།། ལོངས་སྐུའི་གནས་ནི་འོག་མིན་གྱི།། མཛེས་ལྡན་འོད་ཀྱི་གཞལ་ཡས་ཁང། ། འཐུག་པོ་བཀོད་པའི་ཞིང་ཁམས་སོ།། སྤྲུལ་སྐུའི་གནས་ནི་གང་འདུལ་ཞིང།། བྱ་རྒོད་ཕུང་པོའི་རི་ལ་སོགས།། འཁོར་ཡང་དེ་དང་མཐུན་པ་སྟེ།། རྡུལ་གཅིག་རྡུལ་སྙེད་སངས་རྒྱས་ཀྱི། ། རིགས་ལྔ་བདེ་བར་གཤེགས་པའི་ཚོགས།། བསམ་གྱིས་མི་ཁྱབ་ཆོས་སྐུའི་འཁོར།། རིགས་ལྔ་ཞི་ཁྲོའི་ཚོགས་རྣམས་དང།། བྱང་ཆུབ་སེམས་དཔའ་ལོངས་སྐུའི་འཁོར།། རྒྱལ་སྲས་རྣམས་དང་འཕགས་པའི་ཚོགས། ། འཁོར་སྡེ་བཞི་དང་སྡེ་བརྒྱད་སོགས།། ལས་ལྡན་སྤྲུལ་པའི་སྐུ་ཡི་འཁོར།། ཐམས་ཅད་རྒྱལ་བའི་དཀྱིལ་འཁོར་ཡིན།། ཆོས་སྐུའི་གདུལ་བྱ་རྒྱ་འཆད་དང།། འཇིག་རྟེན་བཀོད་པ་མེད་པ་ཡིས།། ནམ་མཁའ་གར་ཁྱབ་ཆོས་སྐུའི་ཞིང། ། ལོངས་སྐུ་འཐུག་པོ་བཀོད་པའི་ཞིང།། མེ་ཏོག་སྙིང་པོས་བརྒྱན་པའོ།། སྤྲུལ་སྐུ་སྟོང་གསུམ་མི་མཇེད་ཞིང།། བྱེ་བ་ཕྲག་བརྒྱ་ལ་སོགས་སོ།། ཉི་མའི་འོད་དང་འོད་ཟེར་བཞིན།། སྐུ་གསུམ་གདུལ་བྱའི་འཕྲིན་ལས་ནི། ། ཆོས་སྐུ་གཅིག་གི་མཛད་པ་ཡིན།། གནས་ལུགས་མཉམ་པ་ཉིད་ཡིན་ཀྱང།། བྱེ་བྲག་མ་ཕྱེ་བཏང་སྙོམས་པས།། ཆོས་སྐུ་མེད་ན་ཆོས་དང་ནི།། ཆོས་མིན་བྱེ་བྲག་མི་ཕྱེད་པས།། ཆོས་ཀྱི་སྐུ་ཡི་འཐད་པ་ཡིན། ། ལོངས་སྐུ་མེད་ན་ཡེ་ཤེས་ལྔ།། རང་བཞིན་མཚན་ཉིད་མི་ཤེས་ལ།། སྤྲུལ་སྐུ་མེད་ན་གཞན་དོན་གྱིས།། འཕྲིན་ལས་མཛད་པ་མི་ཤེས་པས།། ཆོས་ཉིད་ལས་གྲུབ་ཆོས་སྐུ་འཐད།། དེ་ཉིད་ལོངས་སྤྱོད་ལོངས་སྐུ་འཐད། ། དེ་ལས་སྤྲུལ་ལ་སྤྲུལ་སྐུ་འཐད།། དབྱེར་མེད་ངོ་བོ་ཉིད་ཀྱི་སྐུ།། གསེར་དང་ཁ་དོག་གཟུགས་བཞིན་དུ།། ལྷན་ཅིག་སྐྱེས་པའི་བྱང་ཆུབ་སྐུ།། འགྱུར་བ་མེད་པས་རྡོ་རྗེའི་སྐུ།། མཆོག་གི་དང་པོ་སྐུ་གསུམ་འཆང། ། སངས་རྒྱས་སྐུ་ལྔའི་བདག་ཉིད་ཅན།། ཡེ་ཤེས་སྐུ་མཆོག་རང་འབྱུང་ཅིག། དེ་ཡི་བྱེ་བྲག་མཚན་ཉིད་ལ།། ཆོས་སྐུ་སྤྲོས་པའི་མཐའ་དང་བྲལ།། ངོ་བོ་སྐྱེ་བ་མེད་པ་ལ།། ལོངས་སྐུ་རང་བཞིན་མེད་བཞིན་དུ། ། འགག་པ་མེད་པར་མཁྱེན་པ་ཡིས།། སྤྲུལ་སྐུ་མཚན་ཉིད་ངོས་མེད་དུ།། སྣ་ཚོགས་ཅི་ཡང་སྟོན་པ་ལ།། རྟག་པ་མ་ཡིན་ངེས་པ་མེད།། འཁྲུལ་རྟོག་མི་མངའ་མངའ་བའི་ཚུལ།། དཔེར་ན་ནམ་མཁའི་ཁ་དོག་འདྲ། ། ཆོས་སྐུ་ལྷུན་གྱིས་འགྲུབ་པ་དང།། སྤྲོས་པ་མེད་པར་གཅིག་པ་དང།། ཀུན་ལ་ཁྱབ་པའི་ཡན་ལག་གོ། ལོངས་སྐུ་མཚན་དཔེ་འོད་ཀྱི་ངང།། ཡབ་ཡུམ་འཁོར་དང་ཞིང་ཁམས་ལ།། བདེ་བས་གང་བའི་ཡན་ལག་གོ། སྤྲུལ་སྐུ་དམིགས་མེད་ཀུན་ཁྱབ་ལ།། འགག་པ་མེད་པའི་སྙིང་རྗེ་འདི།། རྒྱུན་ཆད་མེད་པའི་ཡན་ལག་གོ། ངོ་བོ་མཉམ་པ་རིས་མེད་ལ།། དབྱེ་བ་ཡོན་ཏན་སྒོ་ནས་ཕྱེ།། རྒྱལ་བའི་སྐུ་ལ་དཔག་མེད་ཀྱང། ། སེམས་ཅན་བློ་ཡིས་བཅད་པའི་ཡུལ།། ཆོས་སྐུ་ཀུན་ལ་ཁྱབ་པ་ལ།། འདི་ཞེས་ངེས་པའི་མཚན་མ་མེད།། གནས་ལ་ངེས་མེད་ཆོས་ཀྱི་དབྱིངས།། འཁོར་ལ་ངེས་མེད་འཁོར་འདས་རྣམས།། ཆོས་ལ་ངེས་མེད་སྲིད་ཞི་ཀུན། ། དུས་ལ་ངེས་མེད་མཉམ་པ་ཉིད།། ཆོས་སྐུ་བསམ་གྱིས་མི་ཁྱབ་པས།། སངས་རྒྱས་རྣམས་ལ་སྣང་བའོ།། ལོངས་སྐུ་རིགས་ལྔའི་སངས་རྒྱས་ལ།། གནས་ངེས་འཐུག་པོ་བཀོད་པ་དང། ། འཁོར་ངེས་དག་པའི་ས་པ་ཡིས།། བྱང་ཆུབ་སེམས་དཔའ་རིགས་གསུམ་དང།། ཆོས་ནི་ཐེག་ཆེན་བརྡ་ཡིས་སྟོན།། དུས་ནི་སྒྲིབ་གཉིས་དག་དུས་དེར།། འཁོར་གྱི་སྣང་བ་དག་པ་ཡིས།། ལོངས་སྐུ་སྐྱེ་འགག་མི་སྣང་ངོ། ། སྤྲུལ་པའི་སྐུ་ནི་མ་ངེས་ཏེ།། སྟོན་པ་གང་ལ་གང་འདུལ་བ།། རིགས་དྲུག་དོན་དུ་ཐུབ་པ་དྲུག། དེའང་མཛད་པ་བཅུ་གཉིས་ཚུལ།། གནས་ནི་འཛམ་གླིང་བྱེ་ཕྲག་བརྒྱ།། དེ་ཡང་མ་ངེས་སྣ་ཚོགས་གནས། ། འཇིག་རྟེན་འདས་དང་མ་འདས་པའི།། འཁོར་ནི་རིགས་ཚོགས་བསམ་མི་ཁྱབ།། ཆོས་ཀྱང་ཐེག་པ་དུ་མ་སྟོན།། དུས་ལ་ངེས་མེད་གསུམ་དུ་བསྒྲང།། སེམས་ཅན་སྣང་བ་མ་དག་པས།། རྒྱལ་བའི་སྐུ་ཡང་དེར་སྣང་སྟོན། ། སྟོན་པ་མྱ་ངན་འདས་ཚུལ་སྟོན།། དམ་པའི་ཆོས་ཀྱང་ནུབ་པར་འགྱུར།། འོན་ཀྱང་སངས་རྒྱས་མི་འདའ་ཞིང།། དམ་པའི་ཆོས་ཀྱང་ནུབ་མི་འགྱུར།། སེམས་ཅན་རྣམས་ལ་ཕན་པའི་ཕྱིར།། སངས་རྒྱས་མཛད་པ་གང་ཡང་སྟོན། ། དོན་དམ་དབྱིངས་ལས་གཡོས་པ་མེད།། ཐུབ་པ་ཆོས་ཀྱི་སྐུ་ཅན་ཡིན།། གནས་ལུགས་སྟོང་པ་ཆོས་ཀྱི་དབྱིངས།། ཡིན་པར་གྲུབ་མེད་རང་རིག་འདི།། རང་སྣང་འཆར་ཚུལ་མ་འགགས་པས། ། སྣང་སྲིད་ཆོས་སྐུའི་ཞིང་དུ་ཤར།། རང་ཤར་རང་གྲོལ་ཆོས་ཀྱི་སྐུ།། སྟོང་ཉིད་སྤྲོས་དང་བྲལ་བ་ཡིས།། ནམ་མཁའ་ལྟ་བུའི་གཤིས་དེ་ཡིན།། དེ་ཉིད་ཡེ་ཤེས་རིག་པའི་སྐུ།། རྟག་པ་མ་ཡིན་མཚན་མ་མེད། ། ཆད་མེད་འོད་གསལ་སྟོང་པའི་སྐུ།། གསལ་ལ་ཧྲིག་ཆགས་ཕྱི་ནང་མེད།། ཕྱོགས་བཅུར་ཡེ་ཤེས་སྤྱན་གྱིས་གཟིགས།། སྣང་ཆ་ཡོད་ལ་འཛིན་ཆ་མེད།། དུས་གསུམ་བདེ་གཤེགས་ཆོས་ཀྱི་སྐུ།། ནམ་མཁའ་ལྟ་བུའི་སྐུ་མངའ་བའི། ། ཐམས་ཅད་རྒྱལ་བའི་སྐུ་རྡོ་རྗེ།། བདེ་ཆེན་འོད་གསལ་དཔལ་དུ་འབར།། གསུང་ནི་ཚིག་ཏུ་མ་བརྗོད་པར།། དོན་གྱིས་གསུང་ནི་རྒྱུན་མི་འཆད།། ཐམས་ཅད་རྒྱལ་བའི་གསུང་རྡོ་རྗེ།། ཚངས་པ་གསུང་གིས་དོན་ཀུན་འགྲུབ། ། ཐུགས་ནི་སྒྲིབ་གཉིས་མི་མངའ་བར།། སྣང་སྲིད་རྒྱལ་བའི་དཀྱིལ་འཁོར་དུ།། དཔེར་ན་ཉི་མའི་དཀྱིལ་འཁོར་བཞིན།། རང་སྣང་འོད་ཀྱི་ཞིང་ཁམས་ན།། བདེ་ཆེན་འཁོར་གྱིས་ཚོགས་ཀྱིས་བསྐོར། ། ཟག་མེད་ངང་ལས་འགྱུར་མེད་དུ།། རང་སྣང་ལོངས་སྤྱོད་ཡེ་ཤེས་ནི།། ཆོས་ཉིད་ཇི་ལྟ་ཐམས་ཅད་མཁྱེན།། གཞན་སྣང་གཟུགས་སྐུའི་ཡེ་ཤེས་ནི།། ཆོས་ཅན་ཇི་སྙེད་མཁྱེན་པ་དེ།། རྣམ་རྟོག་མི་མངའ་རྩོལ་མེད་འབྱུང། ། སྐུ་གསུང་ཐུགས་དང་ཞིང་ཁམས་འཁོར།། རང་ཉིད་མིན་པ་གཞན་མེད་པས།། གཉིས་སུ་མ་མཆིས་འཁོར་འདས་ཀུན།། ནོར་བུ་དྲི་མ་མེད་པ་བཞིན།། རང་སྣང་ཆོས་སྐུའི་སངས་རྒྱས་ཡིན།། གང་དག་ང་ལ་གཟུགས་སུ་མཐོང། ། སྒྲ་ཐོས་མཚན་མར་འཛིན་པ་ཀུན།། ལོག་པར་རྟོག་པ་ཞུགས་པ་སྟེ།། རྨོངས་པ་དེ་དག་ང་མི་མཐོང།། ང་ནི་རང་འབྱུང་ཆོས་ཀྱི་སྐུ།། འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ། ། མཁྱེན་དང་བརྩེ་བའི་བདག་ཉིད་ཅན།། ཆོས་ཉིད་རིག་པའི་སྐུ་རུ་ལྟོས།། ཐམས་ཅད་ང་ཡི་རང་བཞིན་ལ།། ལོགས་ན་ལྟ་རྒྱུ་ཅི་ཡང་མེད།། སངས་རྒྱས་སེམས་ཅན་གཉིས་མེད་དུ།། ཐམས་ཅད་བདེ་གསལ་ཆོས་ཀྱི་སྐུ། ། གཅིག་ཏུ་རྟོགས་ན་ང་མཐོང་ཡིན།། ང་ལས་འཁོར་བ་མྱང་འདས་མེད།། འཁོར་བ་མྱང་འདས་སུ་ཡི་ཆོས།། ང་ལ་བཟང་ངན་གཉིས་སུ་མེད།། བཟང་ངན་གཉིས་འཛིན་སུ་ཡི་ཆོས།། ང་ལ་ཕྱི་ནང་ཕྱོགས་རིགས་མེད། ། ཕྱི་ནང་ཕྱོགས་རིགས་སུ་ཡི་ཆོས།། ང་ལ་སྔ་ཕྱི་འཕོ་འགྱུར་མེད།། དུས་དང་འཕོ་འགྱུར་སུ་ཡི་ཆོས།། ང་ལ་བདག་དང་གཞན་དུ་མེད།། བདག་གཞན་འཛིན་པ་སུ་ཡི་ཆོས།། ང་ལ་གསལ་འགྲིབ་སྐྱེ་འགག་མེད། ། སྐྱེ་འགག་འཕེལ་འགྲིབ་སུ་ཡི་ཆོས།། ང་ལ་ཆེ་ཆུང་འདུ་འབྲལ་མེད།། འདུ་འབྲལ་དུས་ཚོད་སུ་ཡི་ཆོས།། ང་ལ་རིག་དང་མ་རིག་མེད།། འཁྲུལ་གྲོལ་གཉིས་པོ་སུ་ཡི་ཆོས།། ང་ལ་རྒྱུ་རྐྱེན་འབྲས་བུ་མེད། ། རྒྱུ་འབྲས་གཉེན་པོ་སུ་ཡི་ཆོས།། ཐམས་ཅད་རང་ལས་མ་འདས་པར།། རང་གི་རང་ཉིད་གཉིས་འཛིན་བསྒྲིབས།། ལྟད་མོ་སྣ་ཚོགས་ཡུལ་ཡོད་ཀྱང།། མིག་གཅིག་བཀབ་པས་ཐམས་ཅད་འགག། དེ་བཞིན་ཐམས་ཅད་མཁྱེན་པ་ཡང། ། རང་སེམས་མ་རིག་ཅིག་གིས་འགགས།། མ་རིག་ལིང་ཐོག་བསལ་ཙམ་ན།། ཡེ་ཤེས་མིག་གཅིག་དྲི་མེད་དེ།། ཐམས་ཅད་གཟིགས་ཤིང་ཐམས་ཅད་མཁྱེན།། དེ་བཞིན་གཤེགས་ལ་ཕྱག་འཚལ་ལོ། ། དབྱིངས་གསལ་དྲི་མེད་ཆོས་ཀྱི་སྐུ།། བརྟན་གཡོའི་གཟུགས་བརྙན་ཁ་དོག་ཀུན།། རྣམ་སྣང་གང་ཆེན་ཡེ་ཤེས་སྐུ།། སྐུ་ལ་ཞིང་ཁམས་ཐམས་ཅད་སྣང།། ཞིང་ཁམས་ཐམས་ཅད་སྐུས་ཁྱབ་པས། ། ལོངས་སྤྱོད་རྫོགས་སྐུའི་རང་བཞིན་ཡིན།། རང་རང་ནུས་པས་གཞན་དོན་མཛད།། སྤྲུལ་པའི་སྐུར་ཡང་དེ་ཉིད་བརྗོད།། དེ་ལས་དག་སྣང་ཅན་རྣམས་ལ།། བྱང་ཆུབ་སྙིང་པོའི་ཞིང་ཁམས་ན།། སེམས་ཉིད་སྣ་ཚོགས་མཛེས་པ་བརྒྱན། ། ཆོས་དབྱིངས་འོད་ཀྱི་རི་བོ་ལ།། སྟོན་པ་རྣམ་པར་སྣང་མཛད་ལ།། རྡོ་རྗེ་འཛིན་པའི་སྐྱེས་བུ་ཡིས།། བྱང་ཆུབ་སེམས་དཔའ་བསམ་འདས་བསྐོར།། སེམས་ཀྱི་རང་བཞིན་འོད་གསལ་བའི། ། གསང་སྔགས་དོན་གྱི་ངོ་བོས་ཏེ།། རང་གི་སྟོན་པ་ལ་ཉན་ཅིང།། རང་གི་འཁོར་ལ་ཆོས་དབྱིངས་ཀྱིས།། དེ་ཉིད་ཁོ་ན་ངེས་པའི་སྒོ།། ཡེ་ཤེས་ཆེན་པོ་སྟོན་པར་བྱེད།། སངས་རྒྱས་མི་བསྐྱོད་པ་ཡིན་ཞིང། ། མངོན་པར་དགའ་བ་ཞེས་བྱ་བ།། རྡོ་རྗེ་ཕུང་པོའི་རི་བོ་ལ།། རྡོ་རྗེའི་འོད་ཟེར་རྣམ་པར་བརྒྱན།། རྣམ་པར་སྣང་མཛད་དེ་ཉིད་ལས།། སྟོན་པ་རྡོ་རྗེ་མི་བསྐྱོད་པ།། སྐྱེས་བུ་སེམས་དཔའ་རྡོ་རྗེའི་རིགས།། བྱང་སེམས་བྱེ་བ་མཐའ་ཡས་བསྐོར། ། སེམས་ཀྱི་དཀྱིལ་འཁོར་འོད་གསལ་བའི།། གསང་སྔགས་ངོ་བོ་དེ་ཉིད་ནི།། ཉན་ཅིང་རང་གི་སྟོན་པ་ཡི།། ཇི་བཞིན་ཉིད་ཀྱི་སྒོ་ནས་སུ།། མེ་ལོང་ལྟ་བུ་ཡེ་ཤེས་སྟོན། ། སངས་རྒྱས་རིན་ཆེན་འབྱུང་ལྡན་ཞིང།། དཔལ་དང་ལྡན་པ་ཞེས་བྱ་བ།། རིན་ཆེན་གསེར་འོད་རི་བོ་ལ།། རིན་ཆེན་ཕུང་པོ་རྣམ་པར་བཀོད།། སྟོན་པ་རིན་ཆེན་འབྱུང་ལྡན་ལ།། སྐྱེས་བུ་རིན་ཆེན་རྡོ་རྗེའི་རིགས། ། བྱང་ཆུབ་སེམས་དཔའ་མཐའ་ཡས་བསྐོར།། སེམས་ཉིད་རང་བཞིན་འོད་གསལ་བའི།། གསང་སྔགས་དོན་གྱི་ངོ་བོ་སྟེ།། ཉན་ཅིང་རང་གི་འཁོར་རྣམས་ལ།། མ་བཅོས་པ་ཡི་སྒོ་ནས་སུ།། མཉམ་ཉིད་ཡེ་ཤེས་གསལ་བར་སྟོན། ། སངས་རྒྱས་འོད་དཔག་མེད་ཀྱི་ཞིང།། བདེ་བ་ཅན་ཞེས་བྱ་བ་ན།། པདྨ་འོད་ཀྱི་རི་བོ་ལ།། པདྨོ་བཀོད་པས་མཛེས་པར་བརྒྱན།། སྟོན་པ་སྣང་བ་མཐའ་ཡས་ལ།། སྐྱེས་བུ་པདྨ་རྡོ་རྗེའི་རིགས། ། བྱང་ཆུབ་སེམས་དཔའ་དཔག་མེད་བསྐོར།། སེམས་ཉིད་རང་བཞིན་འོད་གསལ་བའི།། གསང་སྔགས་དོན་གྱི་ངོ་བོ་དེ།། ཉན་ཅིང་རང་གི་འཁོར་རྣམས་ལ།། ཇི་ལྟ་བའི་སྒོ་ནས་སུ།། སོ་སོར་རྟོགས་པའི་ཡེ་ཤེས་སྟོན། ། སངས་རྒྱས་དོན་ཡོད་གྲུབ་པའི་ཞིང།། རྣམ་པར་དག་པ་ཞེས་བྱ་བ།། རིན་ཆེན་སྣ་ཚོགས་རི་བོ་ལ།། ཨིན་དྲ་ནཱི་ལའི་དྲ་བས་བརྒྱན།། སྟོན་པ་གདོན་མི་ཟ་བར་གྲུབ།། སྐྱེས་བུ་རྡོ་རྗེ་ལས་ཀྱི་རིགས།། བྱང་ཆུབ་སེམས་དཔའ་མཐའ་ཡས་བསྐོར། ། སེམས་ཉིད་རང་བཞིན་འོད་གསལ་བའི།། གསང་སྔགས་དོན་གྱི་ངོ་བོ་དེ།། འཁོར་གྱིས་ཉན་ཅིང་སྟོན་པ་ཡི།། ནོར་པ་མེད་པའི་སྒོ་ནས་སུ།། བྱ་གྲུབ་ཡེ་ཤེས་སྟོན་པར་བྱེད། ། འཁོར་དང་རང་གི་གདུལ་བྱ་རྣམས།། རང་རང་གི་ནི་སྟོན་པ་ལ།། རང་གི་ཆོས་སུ་གོ་བ་ཡི།། ཞིང་ཁམས་དེ་རུ་སྣང་བ་ལས།། སྐྱེ་ཤི་མེད་པར་ལོངས་སྤྱོད་པའི།། རང་གཞན་འདོད་དགུའི་སངས་རྒྱས་ནི། ། སངས་རྒྱས་རྣམ་པར་སྣང་མཛད་ཆེ།། ཆོས་སྐུའི་ངོ་བོ་ཉིད་ལོངས་སྤྱོད།། ཐུགས་རྗེ་ཆེན་པོ་འཇིག་རྟེན་གཟུགས།། མི་འབྱེད་ལ་སོགས་འཇིག་རྟེན་དུ།། བཅོམ་ལྡན་ཐུབ་པའི་དབང་པོ་ནི།། ཆོས་ཀྱི་སྐུ་ལས་མ་གཡོས་པར། ། འོག་མིན་ལོངས་སྐུའི་རོལ་པ་དེ།། རྩོལ་བ་མེད་པར་འགྲོ་བའི་དོན།། གང་ལ་གང་འདུལ་དེར་བྱོན་ཞིང།། མོས་པ་སྤྱོད་པའི་ལྷ་མི་ལ།། བྱང་ཆུབ་ལམ་ལ་རྒྱུད་པའི།། ཚོགས་བསགས་པ་དང་སྒྲིབ་སྦྱང་ཚུལ། ། སྐྱེ་བ་མངོན་པར་སྐྱེ་བ་དང།། དགའ་ལྡན་གནས་ནས་འཕོ་བ་དང།། ཡུམ་གྱི་ལྷུམ་འཇུག་བལྟམས་པ་དང།། བཟོ་གནས་རིག་པ་མཁས་པ་དང།། རྒྱལ་སྲིད་བཙུན་མོ་དགྱེས་རོལ་དང།། ངེས་འབྱུང་དཀའ་བ་སྤྱད་པ་དང། ། བྱང་ཆུབ་སྙིང་པོར་གཤེགས་པ་དང།། བདུད་སྡེ་འཇོམས་དང་བྱང་ཆུབ་དང།། རྫོགས་པའི་སངས་རྒྱས་ཆོས་འཁོར་བསྐོར།། མྱ་ངན་འདས་པར་གཤེགས་པ་རྣམས།། མ་དག་གཉིས་འཛིན་ཞིང་རྣམས་སུ། ། སྲིད་པ་ཇི་སྲིད་གནས་པར་སྟོན།། དེའང་གཅིག་ཏུ་མ་ངེས་ཏེ།། མི་མཇེད་འདི་ལ་མ་འཕོས་པར།། འཇིག་རྟེན་འདི་ཡང་ཆགས་འཇིག་སྟོན།། ལ་ལ་དག་ལ་སྟོང་གནས་སྟོན།། རྒས་དང་ན་དང་འཆི་མེད་ཀྱང། ། སེམས་ཅན་སྣང་བར་སྐྱེ་ཤི་སྟོན།། དམ་པའི་དོན་ལ་མི་འདའ་ཡང།། སྲིད་གསུམ་སྐྱོ་བ་བསྐྱེད་པའི་ཕྱིར།། སྟོན་པ་མྱ་ངན་འདས་ཚུལ་སྟོན།། ལ་ལར་ལྷུམས་ཞུགས་བལྟམས་པའི་ཚུལ།། ལ་ལར་ཆོས་འཁོར་བསྐོར་ལ་སོགས། ། མཛད་པ་རྣམ་པ་སྣ་ཚོགས་སྟོན།། སྡིག་ལས་ངེས་པར་བཟློག་པའི་ཕྱིར།། བདུད་སྲིན་དམྱལ་བའི་འཇིགས་པ་སྟོན།། ཚོགས་གཉིས་དགེ་ལ་འཇུག་པའི་དོན།། ལྷ་དབང་མི་ཡི་དབང་ཕྱུག་སྟོན། ། ཕྱིན་ཅི་ལོག་ལས་བློ་ཟློག་སྟེ།། ངེས་པའི་ལམ་ལ་འཇུག་དོན་དུ།། བདུད་སྡེ་འཇོམས་དང་ཆོ་འཕྲུལ་སྟོན།། ཀུན་ཏུ་རྒྱལ་བར་གྱུར་ནས་ཀྱང།། ད་དུང་མཆོད་པའི་འདུ་ཤེས་དང།། ཐུབ་པ་བྱང་ཆུབ་ལམ་ལ་སྤྱོད། ། དྲི་མ་མེད་པའི་ཆུ་ཤེལ་དེ། ཁ་དོག་རྐྱེན་གྱིས་བསྒྱུར་བ་བཞིན།། ཐུབ་པ་ཆོས་ཀྱི་སྐུ་ཅན་ཡང།། གདུལ་བྱ་རང་གི་བསམ་པ་དང།། མཐུན་འཇུག་དེ་ཡི་སྐུ་བྱོན་པས།། སེམས་ཅན་ནམ་མཁའ་མཉམ་པ་ལས། ། སྤྲུལ་པའི་སྐུ་ཡང་དེ་དང་མཉམ།། འགྲོ་ཀུན་རྟོག་པ་ཐ་དད་ལ།། སངས་རྒྱས་མཛད་པ་ཐ་དད་བྱུང།། མཁའ་ལ་ཉི་མ་གཅིག་ཤར་བས།། ཆུ་སྣོད་གྲངས་ལས་འདས་པ་རུ།། ཉི་མ་རེ་རེ་སྣང་བ་བཞིན།། ཆོས་སྐུ་གཅིག་གི་མཛད་པ་ཡིས། ། གཟུགས་སྐུ་སེམས་ཅན་རེ་རེའི་མདུན།། སྣ་ཚོགས་སྐུ་རེ་སྟོན་པར་བྱེད།། དེ་བཞིན་གསུང་དང་བརྡ་ཚིག་ཡང།། རང་རང་སོ་སོའི་སྐད་དག་ཏུ།། དཔེར་ན་ལྷ་ཡི་རྔ་སྒྲ་ཡི།། ལྷ་རྣམས་ཀུན་གྱིས་དོན་གོ་ལྟར། ། རང་རང་འདོད་དོན་གསུང་དུ་གོ། དེ་བཞིན་ཐུགས་ཀྱི་དགོངས་པ་ཡང།། མཁྱེན་པའི་ཡེ་ཤེས་གཅིག་ཉིད་ལ།། སོ་སོ་རང་རང་ཐེག་པའི་དོན།། འཇུག་པ་དེ་ཡི་འབྲས་བུ་གོ། སྐུ་གསུང་ཐུགས་ཀྱི་མཛད་པ་རྣམས། ། སེམས་ཅན་ལུས་ངག་ཡིད་གསུམ་དང།། རིགས་དང་མཐུན་པའི་ཐུགས་རྗེ་ནི།། གཙང་དང་མི་གཙང་ལྗན་ལྗིན་ལ།། ཉི་མ་མཉམ་པར་ཤར་བ་བཞིན།། སེམས་ཅན་ཐ་མ་འབྲིང་འགྱུར་ལ། ། མཉམ་པ་རིགས་མེད་ཀུན་ཁྱབ་ཀྱང།། ཇི་ལྟར་ཆུ་ཡི་སྣོད་ཆག་ན།། ཉི་མའི་གཟུགས་ནི་མི་སྣང་བཞིན།། ལོག་སྲེད་ཅན་གྱི་རིགས་རྣམས་ལ།། སངས་རྒྱས་གཟུགས་ནི་སྣང་མི་འགྱུར།། གཉིས་མེད་འབྲེལ་ཡང་སོ་སོར་མཐོང། ། མོས་སྤྱོད་འདོད་པ་སྣ་ཚོགས་ལ།། སངས་རྒྱས་རྣམ་པར་མི་རྟོག་པ།། ནམ་མཁའ་བཞིན་དུ་གཡོ་མེད་པའི།། མཉམ་པ་ཉིད་དུ་བཞུགས་གྱུར་ཀྱང།། སངས་རྒྱས་བྱོན་དང་བཞུད་པ་དང། ། བཞུགས་དང་བཞེངས་པ་མཉེས་མི་མཉེས།། རྣམ་པ་མི་གཅིག་དུ་མ་ནི།། ཞལ་ནི་སྟོན་དང་མི་སྟོན་དང།། མཐོང་རྒྱུ་ཅན་དང་མཐོང་རྒྱུ་མིན།། དངོས་སུ་ཡོད་དང་དངོས་མེད་དང།། གཞན་ནི་མ་བཞུགས་བདག་དྲུང་ཡོད། ། འདི་རུ་མེད་ཅིང་གཞན་ན་བཞུགས།། ལ་ལ་སངས་རྒྱས་རྨི་ལམ་དུ།། མཐོང་ཞིང་སད་ནས་མི་མཐོང་དང།། གཉིས་ལོག་མི་མཐོང་སད་དུས་མཐོང།། ཉེ་བར་མི་མཐོང་རྒྱང་དུ་མཐོང། ། རྒྱང་དུ་མཐོང་ཞིང་ཉེ་མི་མཐོང།། མཉམ་བཞག་མཐོང་ཡང་ཡེངས་མི་མཐོང།། ཡེངས་པས་མི་མཐོང་མཉམ་བཞག་མཐོང།། དེ་བཞིན་སྐུ་གཟུགས་ཁ་དོག་རྟགས།། སོ་སོ་རིགས་ཀྱི་རྟོག་པ་བཞིན།། སྐུ་ཡི་བཀོད་པ་སྣ་ཚོགས་སྣང། ། ཆོས་ཚིག་གཅིག་ཀྱང་མ་གསུངས་ཀྱང།། སེམས་ཅན་རྣམས་ནི་འདི་སྙམ་སྟེ།། ལ་ལ་ཆོས་གསུང་མི་བརྗོད་སྙམ།། ལ་ལར་གསུངས་པ་མཛད་པར་སྣང།། ལ་ལར་གསུངས་པར་འགྱུར་རོ་སྙམ། ། ལ་ལས་ཞལ་ནས་གསུངས་སོ་སྙམ།། ལ་ལས་ཡི་གེ་བྱུང་བ་དང།། ལ་ལས་སྒྲ་དང་དབྱངས་སུ་ཐོས།། ལ་ལས་བརྡ་དང་འོད་ལས་བྱུང།། ལ་ལས་ནམ་མཁའ་དབྱིངས་ནས་བྱུང།། འདི་རྣམས་དེ་བཞིན་གཤེགས་པའི་གསུང། ། བདག་ཅག་རྣམས་ཀྱིས་ཐོས་སོ་སྙམ།། ཆོས་རྣམས་སྟོན་པ་བདག་གིས་ཤེས།། གོ་བོ་རྟོགས་སོ་རིག་གོ་སྙམ།། གསུང་དབྱངས་མཐའ་ཡས་དོན་གཅིག་འབྱུང།། མི་རྟོག་ཡེ་ཤེས་ཐུགས་ལ་ནི། ། འགའ་ཞིག་རྟོག་པ་ཡོད་དོ་སེམས།། འགའ་ཞིག་རྟོག་པ་མེད་པར་འདོད།། འགའ་ཞིག་ཡེ་མེད་སྟོང་པར་འདོད།། འགའ་ཞིག་མངོན་པར་ཤེས་པར་འདོད།། འགའ་ཞིག་རྟོག་བྲལ་སྒྱུ་མར་འདོད།། འགའ་ཞིག་ཉན་རང་ཡེ་ཤེས་འདོད། ། འགའ་ཞིག་བྱང་ཆུབ་སེམས་དཔར་འདོད།། འགའ་ཞིག་སངས་རྒྱས་མཁྱེན་པ་ནི།། རྩོལ་མེད་ལྷུན་གྱིས་གྲུབ་པར་འདོད།། འགའ་ཞིག་རྩལ་རྟོག་ཐུགས་རྗེར་འདོད།། འཛམ་གླིང་བྱེ་བ་ཕྲག་བརྒྱ་ན། ། ཤཱཀ་ཐུབ་བྱེ་བ་ཕྲག་བརྒྱ་བཞུགས།། སྐུ་གསུང་ཐུགས་ཀྱི་མཛད་པ་ནི།། རྒྱལ་བས་ཅི་ཡང་མ་མཛད་ཀྱང།། རང་བཞིན་ཐུགས་རྗེའི་ཉི་འོད་ཀྱིས།། སེམས་ཅན་བསམས་པ་ཚིམ་མཛད་པའི།། གང་ལ་གང་འདུལ་ཞིང་ཁམས་ན། ། དེ་དང་དེ་ཡི་སྟོན་པར་བཞུགས།། སྐུ་ཡི་འདུལ་བ་དངོས་དང་གཟུགས།། མིག་གི་མཐོང་བས་དོན་ཐོབ་བོ།། གསུང་གི་ཡི་གེ་དབྱངས་དང་ཚིག། རྣ་བས་ཐོས་པས་དོན་གྲུབ་བོ།། ཐུགས་ཀྱིས་ཏིང་འཛིན་འདུལ་བྱེད་པ། ། ཡིད་ལ་དྲན་པས་འབྲས་བུ་ཐོབ།། རང་བཞིན་སྤྲུལ་པ་མཆོག་ཡིན་པས།། བྱང་ཆུབ་ལམ་ལ་འཁོད་པར་འགྱུར།། གདུལ་བྱ་བུང་བ་ལྟ་བུ་ལ།། འདུལ་བྱེད་མེ་ཏོག་ལྟ་བུ་ཡི།། སོ་སོའི་འདོད་པ་ཚིམ་བྱེད་པའི། ། གང་ལ་གང་འདུལ་དེར་སྟོན་པའི།། ལ་ལར་རབ་བྱུང་ཆ་བྱད་དང།། སྐྱེས་པ་བུད་མེད་མི་ཡི་གཟུགས།། བརྒྱ་བྱིན་སྲིན་པོའི་ཆ་ལུགས་དང།། བདུད་དང་དམག་དཔོན་རྒྱལ་པོའི་རིགས། ། བྲམ་ཟེ་གཙང་གནས་མུ་སྟེགས་དང།། དུད་འགྲོའི་ཆ་བྱད་སྣ་ཚོགས་པའི།། སྐྱེ་བའི་སྤྲུལ་པ་སྣ་ཚོགས་ཀྱིས།། གནས་སྐབས་འདོད་པའི་བློ་ཚིམ་ནས།། ཡང་དག་ལམ་ལ་དད་བྱེད་འགྱུར།། འདོད་པའི་ཡུལ་ཅན་འགྲོ་བ་ལ། ། མེད་པ་དག་ལས་ཡོད་བྱེད་པའི།། རྒྱུར་བྱེད་བཟོ་ཡི་གནས་རྣམས་དང།། རང་བཞིན་འབྱུང་བ་ལྔ་རྣམས་ལས།། རྫས་དང་ཡོ་བྱད་དངོས་པོ་འདོད།། ཕྱི་ནང་ལོངས་སྤྱོད་འདོད་ཡོན་ལྔ། ། མ་བཅོས་རང་སྤྲུལ་རང་འབྱུང་གིས།། རང་རང་ཐད་ཀའི་དོན་འབྱུང་བས།། ཐམས་ཅད་སངས་རྒྱས་སྤྲུལ་པ་སྟེ།། གང་གིས་གང་གི་དན་བྱེད་པ།། དོན་ལྡན་སྤྲུལ་སྐུའི་འགྲོ་དོན་ནི།། སེམས་ཅན་ཀུན་གྱི་རྒྱུད་ལ་ཡོད། ། ཏིང་འཛིན་རིག་དང་རྒྱུད་རིག་པ།། དེ་ནི་དོན་གྱི་འབྲས་བུའོ།། འཁོར་བར་སྣང་བ་གཟུགས་ཀྱི་སྐུ།། ཡང་དག་སྣང་བ་ཆོས་ཀྱི་སྐུ།། གཉིས་སུ་མེད་པའི་ཡེ་ཤེས་ཏེ།། སྔར་འདས་སངས་རྒྱས་དེ་བཞིན་ལ།། མ་འོངས་འབྱུང་བ་དེ་བཞིན་ཏེ། ། དེ་ལྟར་བྱུང་བ་རྫོགས་སངས་རྒྱས།། དུས་གསུམ་སངས་རྒྱས་ངོ་བོ་གཅིག། དེ་ཡི་རང་བཞིན་རང་གི་སེམས།། ལྷུན་གྲུབ་འགྱུར་མེད་རྩལ་རྫོགས་པས།། རྫོགས་པའི་སངས་རྒྱས་ཞེས་པ་ནི། ། མ་རིག་འཁྲུལ་པའི་རྟོག་ཚོགས་ཀྱིས།། འབྱུང་ལུས་དངོས་པོའི་སྡོས་བཅས་རྣམས།། རང་སར་སངས་ནས་ངོ་བོ་དེ།། སྐུར་རྒྱས་སྐུ་གསུམ་འདུ་འབྲལ་མེད།། རང་བཞིན་མཁྱེན་པའི་ཡེ་ཤེས་སུ།། རྒྱས་པས་ཆོས་སྐུ་ཐམས་ཅད་མཁྱེན། ། སྐུ་ནི་དངོས་པོ་མཚན་མ་མེད།། མེད་པ་མ་ཡིན་སྟོང་གསལ་དབྱིངས།། འགག་མེད་རིག་པ་འགྱུར་མེད་སྐུ།། སྨྲ་བརྗོད་བྲལ་བའི་བརྗོད་བྱ་དོན།། བསམ་གྱིས་མི་ཁྱབ་རྒྱུན་མི་འཆད། ། འཁྲུལ་དང་ཅ་ཅོ་ལ་སོགས་པའི།། དྲན་ཉམས་རྣམ་རྟོག་འདུ་ཤེས་དང།། མ་རྟོགས་བཏང་སྙོམས་མི་མངའ་ཞིང།། རྣམ་པར་མི་རྟོག་ཡེ་ཤེས་སུ།། སྒྲིབ་པ་མེད་པར་ཀུན་གསལ་དུ།། ཐམས་ཅད་མཁྱེན་པའི་ཐུགས་རྗེ་ཅན། ། འཇིག་རྟེན་འཇིག་རྟེན་འདས་པའི།། བདུད་བཞི་རང་བཅོམ་སྐུ་གསུམ་ལྡན།། སྐུ་དང་ཞིང་ཁམས་ཡེ་ཤེས་ཚོགས།། ནོར་བུ་རིན་ཆེན་རང་འོད་མདོག། དབྱེར་མེད་བཞིན་དུ་གཉིས་སུ་མེད། ། གཉིས་མེད་ཆོས་སྐུའི་གཟུགས་སྐུ་དེ།། ཆུ་ནང་ནམ་མཁའ་ཟླ་ཤར་བཞིན།། གདུལ་བྱ་ཀུན་ལས་མཉམ་པར་སྟོན།། སྟོན་པས་འགྲོ་དོན་བྱེད་པ་ནི།། སྒྱུ་མཁན་སྒྱུ་མ་སྟོན་པ་བཞིན།། རྟོག་པ་མེད་པར་གཞན་ལ་སྟོན། ། མཁྱེན་བརྩེ་དམིགས་མེད་ནུས་པ་ཡིས།། ནོར་བུ་རིན་ཆེན་དགོས་འདོད་བཞིན།། རྩོལ་བ་མེད་པར་འགྲོ་རྣམས་ལ།། གང་ལ་གང་འདོད་དགོས་འདོད་འབྱུང།། རང་བཞིན་དག་དང་སྨོན་ལམ་གྱིས།། གང་ཞིག་རྫོགས་པར་སངས་རྒྱས་ཚེ། ། སེམས་ཅན་འདུ་ཤེས་མེད་ཕྱི་རུ།། མ་རྟོགས་འཁྲུལ་པའི་འགྲོ་བ་ལ།། ཉི་མའི་དཀྱིལ་འཁོར་འོད་ཤར་བས།། པད་ཚལ་མེ་ཏོག་ཁ་བྱེ་ལྟར།། རང་གི་བསོད་ནམས་བདེ་བ་འབྱུང། ། སེམས་ཅན་ཁམས་རྣམས་ཆོས་ཉིད་དེར།། སངས་རྒྱས་ཐུགས་རྗེའི་གཏེར་ཁ་འབྱེད།། ཡོན་ཏན་མི་ཟད་རྒྱ་མཚོ་རུ།། འགྲོ་རྣམས་ཕུན་ཚོགས་རང་ལ་སྤྱོད།། མ་རིག་ཤེས་སྒྲིབ་སྤྲིན་འདྲ་ལ།། ཐུགས་རྗེའི་རླུང་གིས་རབ་གཏོར་བས། ། འགྲོ་ཀུན་རང་འབྱུང་ཡེ་ཤེས་རྟོགས།། སེམས་ཅན་སྐྱབས་མེད་ནུས་པ་ལ།། ཐུགས་རྗེའི་ཕ་མས་བསྐྱངས་པ་ན།། རང་གིས་རྩལ་རྫོགས་གཞན་དོན་འབྱུང།། ས་བོན་གྱུར་པའི་འགྲོ་བ་ལ། ། ཐུགས་རྗེའི་དྲོད་གཤེར་བསྐྱེད་པ་ཡིན།། དགེ་ཚོགས་ཡོན་ཏན་གོང་དུ་འཕེལ།། གནས་སྐབས་མཐར་ཐུག་འབྲས་བུ་སྨིན།། ཉོན་མོངས་ནད་ཀྱི་སྡུག་བསྔལ་རྣམས།། ཐུགས་རྗེ་བདེན་པའི་བདུད་རྩི་སྨན། ། གང་གིས་འཐུངས་པ་བདེ་བར་གྲོལ།། འགྲོ་རྣམས་ལས་ཀྱི་བྱེད་བཞིན་དེ།། ཐུགས་རྗེའི་མེ་ལོང་གཟུགས་བརྙན་གསལ།། ལས་ཀྱི་དྲི་མ་ཕྱིས་པ་ཡིས།། རང་རིག་སྐུ་གསུམ་ཞལ་ངོ་མཐོང།། ཐམས་ཅད་མཁྱེན་པའི་སངས་རྒྱས་དེ། ། འཁོར་འདས་གཉིས་ལ་དབྱེར་མེད་པས།། ཉི་མས་རང་ལ་མུན་མེད་འོད།། གཞན་གྱིས་མུན་པ་སེལ་བ་བཞིན།། རང་ལ་འཁོར་བའི་བག་ཆགས་མེད།། ཐམས་ཅད་རྒྱལ་བའི་ཞིང་ཁམས་ལ། ། སྲིད་པར་གནས་པའི་འགྲོ་རྣམས་ལ།། ཐུགས་རྗེའི་སྤྲུལ་སྐུ་རྒྱུན་དུ་འབྱུང།། དོན་གཉིས་ཐམས་ཅད་མཁྱེན་གྲུབ་སྟེ།། གནས་ལུགས་གཅིག་གི་རང་ངོ་ཡིན།། སངས་རྒྱས་ཐམས་ཅད་སྐུ་གཅིག་མཆོག། སྐུ་གཅིག་ཐམས་ཅད་མཁྱེན་པ་ཡིན།། དེ་ཡི་ཆེ་བའི་ཡོན་ཏན་ནི།། རེ་རེ་ནས་སུ་བརྗོད་གྱུར་ན།། ནམ་མཁའ་མ་ཟད་པར་མི་འཛད།། མདོར་བསྡུས་སྐུ་གསུང་ཐུགས་ལ་འདུས།། སྐུ་ནི་ནམ་མཁའི་མཐའ་དང་མཉམ། ། མཚན་དཔེ་འོད་ཀྱི་རང་བཞིན་ལ།། བསམ་གྱིས་མི་ཁྱབ་དཔག་མི་ནུས།། ཐམས་ཅད་རྒྱལ་བའི་སྐུ་རྡོ་རྗེ།། གསུང་ནི་སྐྱེ་མེད་དོན་གྱི་སྒྲ།། གསུང་དབྱངས་ཡན་ལག་དྲུག་ཅུ་ཡིས།། ཚངས་པའི་གསུང་ནི་བསམ་མི་ཁྱབ། ། ཐམས་ཅད་རྒྱལ་བའི་གསུང་རྡོ་རྗེ།། ཐུགས་ཀྱིས་མཁྱེན་བརྩེ་ཡུལ་མེད་དུ།། རང་སྣང་ཆོས་ཉིད་ཇི་ལྟ་བའི།། གསལ་འགྲིབ་མེད་པའི་ངང་ནས་སུ།། རང་གཞན་གཉིས་སུ་མེད་པ་ལ། ཁམས་གསུམ་འཁོར་བ་སྲིད་ཚད་ཀྱིས། ། རྒྱུ་རྐྱེན་འབྲས་བུའི་ཚོགས་རྣམས་ཀྱིས།། སོ་སོར་མ་འདྲེས་ཐ་མི་དད།། ཇི་སྙེད་མངོན་སུམ་མཁྱེན་པ་ཡི།། ཆོས་ཉིད་ངང་ལས་མ་གཡོས་བཞིན།། གསལ་དང་བཟློག་དང་སྤྲུལ་མཁྱེན་ནས། ། སེམས་ཅན་སྨིན་གྲོལ་རྒྱུན་མཛད་པས།། དེ་ཉིད་བསམ་མི་ཁྱབ་པའི་དོན།། བྱང་ཆུབ་སེམས་དཔའ་མ་རྟོགས་ན།། ཉན་ཐོས་རང་རྒྱལ་ཅི་ལ་རྟོགས།། མུ་སྟེགས་བྱེད་ཀུན་ལོག་པའི་ལམ།། ཆ་ཙམ་རྟོགས་ནས་ཡང་དག་གི། ལམ་སྣ་ཟིན་པ་བདེ་འགྲོ་བས།། རིགས་དང་ཅིག་ཆར་གོང་བཞིན་ཐོབ།། སངས་རྒྱས་སེམས་ཅན་གཉིས་པོ་ནི།། རིག་དང་མ་རིག་ཁྱད་པ་ལས།། གནས་ལུགས་སྐུ་གསུང་ལྷན་ཅིག་སྐྱེས།། རྟོགས་པའི་ཡེ་ཤེས་ཐུགས་རྗེ་ཅན། ། འགྲོ་བ་ཀུན་ལ་འབྲལ་མེད་དུ།། རྟོགས་པ་རྒྱུན་གྱི་ཐུགས་རྗེ་ནི།། ཆུ་དང་རླན་བཞིན་རྒྱུན་ཆད་མེད།། རང་བཞིན་ཤུགས་ཀྱི་ཐུགས་རྗེ་ནི།། ཉི་མའི་འོད་བཞིན་ཤུགས་ལ་འབྱུང།། ཡུལ་དང་ཕྲད་པའི་ཐུགས་རྗེ་ནི། ། འགྲོ་བ་བཟང་མོ་ལྟ་བུ་ལ།། བསྐུལ་ཞིང་གསོལ་བཏབ་ཐུགས་རྗེ་ནི།། ཡིད་བཞིན་ནོར་བུའི་དགོས་འདོད་བཞིན།། རྟོག་པ་མེད་པའི་སངས་རྒྱས་ལ།། གདུལ་བྱས་གསོལ་བ་བཏབ་པ་ཡིས། ། ཐུགས་རྗེས་ལྷུན་གྲུབ་ཡོད་པ་འབྱུང།། ཆོས་སྐུ་སྐྱེ་མེད་རང་གདང་གིས།། གཉིས་མེད་དག་པའི་ཐུགས་རྗེ་གཞི།། ལམ་དུས་སྨོན་ལམ་མཐར་ཕྱིན་རྒྱུས།། འདོད་མདུན་མོས་པའི་གདུལ་བྱ་རྣམས། ། ཚོགས་པ་གཅིག་ཏུ་གྱུར་པ་ལས།། འཕྲིན་ལས་རྩོལ་མེད་ལྷུན་གྲུབ་ཏུ།། རྒྱུན་མི་འཆད་པར་འགྲོ་དོན་དུ།། སྐུ་གསུང་ཐུགས་ཀྱི་གདུལ་བྱ་འདུལ།། སྐུ་ཡི་འདུལ་བ་ལོངས་སྐུ་དང།། བླ་མ་ཡི་དམ་མཁའ་འགྲོ་ཡི། ། ཞི་ཁྲོ་དཀྱིལ་འཁོར་ལྷ་ཚོགས་དང།། བྱང་སེམས་རང་རྒྱལ་ཉན་ཐོས་དང།། ལྷ་མི་སོ་སོའི་སྐྱེ་བོ་ནི།། རྒྱལ་པོ་བྲམ་ཟེ་དེད་དཔོན་དང།། ཤན་པ་སྨད་འཚོང་ཀུན་ཏུ་རྒྱུ།། སྟག་དང་རི་བོང་གླང་ཆེན་སོགས། ། རིགས་དྲུག་སོ་སོའི་གཟུགས་ཅན་དུ།། སེམས་ཅན་ཚུལ་གྱིས་དོན་མཛད་སྣང།། རི་མོ་ལུགས་མ་འབུར་ལ་སོགས།། སྐུ་གསུང་ཐུགས་ཀྱི་གཟུགས་བརྙན་གྱིས།། མཆོད་རྟེན་ལས་དང་བྱ་བ་དང།། འབྱུང་བ་ལྔ་དང་ཕྱི་ནང་གི། ལོངས་སྤྱོད་འབེབས་པའི་རྫས་རྣམས་ཀྱིས།། རྟོག་པ་མེད་པར་འགྲོ་དོན་འབྱུང།། སངས་རྒྱས་སྐུ་ཡི་འཕྲིན་ལས་ཡིན།། གསུང་གི་འདུལ་བ་ཆོས་ཉིད་སྒྲ།། དབྱངས་དང་ཚིག་དང་དོན་གྱི་གསུང། ། སྔགས་དང་ཐེག་པ་ཆེ་ཆུང་གསུང།། ཚིག་བཤད་ལྷུག་པ་སྙན་ངག་དང།། ལྷ་མི་དུད་འགྲོ་ལ་སོགས་པའི།། འདོད་པའི་གཏམ་སོགས་བརྗོད་འདས་ཀྱིས།། ཚུལ་གྱི་ཁྱབ་པར་ཀུན་དོན་འབྱུང།། ཡི་གེའི་གཟུགས་དང་རོལ་མོའི་སྒྲ། ། འབྱུང་བ་སོ་སོའི་རྒྱུ་རྐྱེན་གྱིས།། བེམ་པོའི་སྒྲ་ཡི་དོན་རྣམས་འབྱུང།། རྡོ་རྗེ་གསུང་གི་འཕྲིན་ལས་ཏེ།། ཐུགས་ཀྱི་འདུལ་བ་རང་འབྱུང་གིས།། ཡེ་ཤེས་ཉམས་རྟོགས་ཤེས་རབ་དང། ། ཏིང་ངེ་འཛིན་དང་སྤོབས་པ་དང།། དད་མོས་སྙིང་རྗེ་སྐྱོ་ཤས་ཀྱིས།། ངེས་འབྱུང་བསམ་པ་ལེགས་པོ་ཡི།། རྒྱུད་ལ་སྐྱེས་པའི་ཚུལ་གྱིས་འབྱུང།། བརྡ་བསྟན་རྟགས་མཐོང་བསླབ་པ་དང།། གང་གི་ཡིད་བྱེད་མཐར་ཕྱིན་པས། ། སེམས་ཅན་རྣམས་ཀྱི་ཡིད་ཚིམ་དང།། བྱང་ཆུབ་ས་ལམ་ཡོན་ཏན་དང།། རིགས་འཛིན་ཉམས་རྟགས་བརྟུལ་ཞུགས་དང།། སྐུ་གསུམ་མངོན་གྱུར་སངས་རྒྱས་པ།། རྒྱལ་བ་ཐུགས་ཀྱི་འཕྲིན་ལས་ཡིན། ། དོན་དམ་ཀུན་རྫོབ་འཁོར་འདས་ཀྱི།། དགེ་སྡིག་རྒྱུ་འབྲས་བདེ་སྡུག་དང།། འཁྲུལ་གྲོལ་གཞི་ལམ་འབྲས་གསུམ་རྣམས།། མ་འདྲེས་ཐ་དད་མ་ཡིན་པར།། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱིས།། ཐམས་ཅད་ཀུན་གྱི་དོན་འགྲུབ་པས། ། རྣམ་མཁྱེན་སངས་རྒྱས་འཕྲིན་ལས་ལ།། ཐོགས་པ་མ་མཆིས་རྩོལ་སྒྲུབ་བྲལ།། ལྷུན་གྲུབ་འགྱུར་མེད་ཀུན་ཏུ་བཟང།། ཐམས་ཅད་ཐམས་ཅད་ཁྱོད་ལ་འདུད།། འབྲས་བུ་དྲི་མེད་ཐམས་ཅད་མཁྱེན་པའི་ལེའུ་སྟེ་བརྒྱད་པའོ། །།། ཐོགས་མེད་དངོས་པོའི་ཆོས་ཉིད་དེ།། སྤྲིན་མེད་ནམ་མཁའི་དབྱིངས་བཞིན་དུ།། སྟོང་གསལ་ཅི་ཡང་གྲུབ་མེད་ལ།། རང་མདངས་འགག་པ་མེད་པའི་འོད། ། རང་ངོ་མ་ཤེས་སྤྲིན་བཞིན་བྱུང།། དེ་ལ་གཟུང་འཛིན་གཉིས་སྣང་སྐྱེས།། བར་སྣང་བུ་ཡུག་ཚུབ་མ་བཞིན།། ཉོན་མོངས་སྣ་ཚོགས་སེམས་དཀྲུགས་ནས།། མ་རིག་འཁོར་བར་འཁྱམས་པ་ཡིན།། སེམས་ཅན་སངས་རྒྱས་ཡིན་གྱུར་ཀྱང། ། རང་ངོ་མ་ཤེས་བུ་ཆུང་བཞིན།། རང་བཞིན་གཉིས་ཀ་མི་རིགས་ལ།། ཕ་མས་བསྐྱངས་པས་སེམས་རྙེད་བཞིན།། བླ་མའི་དྲིན་གྱིས་རང་སེམས་རྟོགས།། ཐབས་ཤེས་ཚོགས་གཉིས་ཡོན་ཏན་སྐྱེད། ། བུ་ཆུང་ཆེ་མིར་རྩལ་རྫོགས་ནས།། རང་དང་གཞན་གཉིས་སྐྱོང་བ་བཞིན།། ཆོས་ཉིད་བདེན་པའི་རང་རྩལ་རྫོགས།། རིག་པ་སྐུ་གསུམ་ལྕེར་བུར་འགྱུར།། འགྱུར་མེད་ཡེ་ཤེས་རང་ས་ཡིན།། ཆོས་སྐུ་དྲི་མེད་རྣམ་དག་དེ། ། དཔེར་ན་ནོར་བུ་རང་གསལ་བཞིན།། རང་སྣང་བདེ་བར་རང་ལོངས་སྤྱོད།། ནོར་བུ་འོད་ཆེར་གཞན་ལ་ཕོག། གཞན་གྱི་ཁ་དོག་རྐྱེན་གྱིས་འགྱུར།། དེ་བཞིན་རང་སྣང་འགག་མེད་ཀྱིས།། ཐུགས་རྗེ་གཞན་དང་འབྲལ་མེད་པ། ། སྤྲུལ་པའི་སྐུ་ནི་འགྲོ་དོན་འབྱུང།། འགྲོ་བ་རང་རང་རྟོག་པ་དང།། མཐུན་པའི་ཆོས་སྐུ་སྤྲུལ་སྐུ་རུ།། སྣ་ཚོགས་དེར་འབྱོན་དོན་མཛད་ཀྱང།། དྲི་མེད་ཆོས་ཀྱི་དབྱིངས་དཀྱིལ་ན།། སྐད་ཅིག་མི་གཡོ་ནམ་མཁའ་བཞིན། ། ཀུན་ལ་ཁྱབ་པའི་སངས་རྒྱས་དེ།། དཔེར་ན་རྒྱལ་བུ་རྒྱལ་རིགས་བཞིན།། གདོད་ནས་སངས་རྒྱས་ཡིན་གྱུར་ཀྱང།། རྒྱལ་རིགས་རྒྱལ་པོ་རྐང་འཁྱམས་བཞིན།། སངས་རྒྱས་མ་རིག་སེམས་ཅན་འཁྲུལ། ། རྒྱལ་པོར་ངོ་ཤེས་རྒྱལ་སར་སྟོན།། རང་རིག་རྟོགས་པས་རྫོགས་སངས་རྒྱས།། རྒྱལ་བུ་རྒྱལ་རིགས་དབང་བྱེད་ལྟ།། སྐུ་གསུམ་ཐམས་ཅད་མཁྱེན་པ་ཡིས།། བདག་གཞན་དོན་གཉིས་འཕྲིན་ལས་མཛད། ། དེ་ཉིད་རྩོལ་མེད་ལྷུན་གྲུབ་དེ།། གསེར་དང་སེར་པོ་གཟུགས་དང་གསུམ།། དབྱེ་ཡང་དོན་ལ་གསེར་དུ་གཅིག། དེ་བཞིན་ངོ་བོ་ཆོས་སྐུ་དང།། རང་བཞིན་བདེ་ཆེན་ལོངས་སྤྱོད་རྫོགས།། ཐུགས་རྗེས་སྤྲུལ་པའི་སྐུ་དང་གསུམ། ། མིང་ལ་སོ་སོར་བརྟགས་གྱུར་ཀྱང།། སྐད་ཅིག་དབྱེར་མེད་ལྷན་ཅིག་སྐྱེས།། ཡང་དག་ཡེ་ཤེས་འགྱུར་མེད་པར།། ཐམས་ཅད་ཀུན་མཁྱེན་ལྷུན་གྱིས་གྲུབ།། ཀུན་ཏུ་བཟང་པོ་ཀུན་བདག་ཉིད། ། རྣམ་པར་སྣང་མཛད་གང་ཆེན་མཚོ།། ཐུབ་པ་ཆེན་པོ་ཆོས་ཀྱི་རྒྱལ།། རྫོགས་སངས་རྒྱས་དང་དེ་ཡི་སྲས།། ཐམས་ཅད་མཁྱེན་ལ་ཕྱག་འཚལ་བསྟོད།། འཇུག་བསྡུས་དཔེའི་དོན་གྱི་ལེའུ་སྟེ་དགུ་པའོ། །།། གནས་ལུགས་འོད་གསལ་ཆོས་ཀྱི་དབྱིངས།། ཇི་བཞིན་རིག་པ་སྐུ་གསུམ་ལ།། མ་རིག་འཁྲུལ་པས་གོལ་བ་སྟེ།། རང་ངོ་མ་ཤེས་སྒྲིབ་པ་ཡིན།། རང་ཤེས་འདོད་པའི་ཐེག་པ་ཀུན།། འོག་མས་གོང་མའི་ཡོན་ཏན་དེ། ། མ་མཐོང་རྩོད་པ་སྒྲིབ་པ་དེ།། གོང་མས་འོག་མའི་ཐེག་པ་ཡི།། གནས་ལུགས་མི་ཤེས་སྣན་ན་གོལ།། གོལ་སྒྲིབ་མ་དག་འཁོར་བ་ལས།། མྱ་ངན་འདས་པ་མི་རྟོགས་པས།། རིག་པ་དྲི་མེད་གཏན་ལ་ཕོབ། ། ཆོས་ཉིད་རིག་པ་ཁྱབ་བརྡལ་ཡང།། ང་དང་བདག་ཏུ་བཟུང་བ་ཡིས།། བཟུང་བའི་ཡུལ་ལ་འཛིན་པའི་སེམས།། གཉིས་འཛིན་རྟོག་པས་སེམས་ཅན་འཁྲུལ།། རང་སེམས་རྟོགས་ན་འཁོར་མཐའ་ཆོད། ། འཁྲུལ་པ་མེད་ན་སངས་རྒྱས་ཡིན།། སྐྱེ་འགག་མེད་པའི་ཆོས་ཉིད་དེ།། རྟག་ཆད་ཕྱོགས་ཆར་བཟུང་བ་ཡིས།། ཕྱིན་ཅི་ལོག་ཏུ་རང་སྣང་འཁྲུལ།། ཡང་དག་དོན་ལ་གོལ་ཞིང་སྒྲིབ།། ལྟ་སྤྱོད་ནོར་པས་མནར་མེད་ལྟུང། ། གནས་ལུགས་རྟོགས་ན་འཇིག་རྟེན་འདས།། སྣང་བ་སེམས་ཀྱི་རང་གཟུགས་ལ།། གཟུང་ཡུལ་སྤོང་བའི་འཛིན་སེམས་འཁྲུལ།། སྟོང་ཉིད་བསྒོམ་པས་འོད་གསལ་བསྒྲིབས།། ཉོན་མོངས་སྤོང་བའི་ཡེ་ཤེས་མེད། ། གཟུང་འཛིན་གྲོལ་ན་ཐེག་ཆེན་ཡིན།། སྣང་སྟོང་གཉིས་མེད་ཡེ་ཤེས་ལ།། གཟུང་ཡུལ་མི་དམིགས་འཛིན་སེམས་དང།། རྣམ་རྟོག་བཀག་པའི་མི་རྟོག་འཁྲུལ།། རང་རིག་སེམས་སུ་མ་མཐོང་བསྒྲིབས། ། གཉིས་མེད་རྟོགས་ན་ཡེ་ཤེས་འཆར།། རིག་པ་ཕྱོགས་མེད་ཐང་ཡན་ལ། ཁམས་གསུམ་སེམས་སུ་འདོད་པ་འཁྲུལ།། སེམས་དང་སེམས་བྱུང་གཉིས་མེད་གསུམ།། མཐའ་དང་བྲལ་བ་མ་མཐོང་བསྒྲིབས། ། བདེན་གཉིས་རྟོགས་ན་གོལ་ས་ཆོད།། ཆོས་ཉིད་རིག་པ་མངོན་སུམ་ལ།། ཀུན་རྫོབ་དོན་དམ་མི་དམིགས་པའི།། སྟོང་ཉིད་བསྒོམས་པའི་དབུ་མ་འཁྲུལ།། སྔོན་སུམ་དོན་གྱི་གནས་ལུགས་བསྒྲིབས། ། ཐབས་ཀྱིས་ཟིན་ན་སྔོན་སངས་རྒྱས།། དོན་དམ་མཚན་མ་མེད་པ་ལ།། མཚན་བཅས་ལྷ་རུ་ལྟས་པས་འཁྲུལ།། དམིགས་མེད་རང་གསལ་མ་མཐོང་བསྒྲིབས།། རང་སྣང་དག་ནི་སྐུ་རུ་འགྱུར།། རིག་པ་སྐྱེ་མེད་སྤྲོས་བྲལ་ལ། ། སྤྲོས་པའི་གཟུགས་བརྙན་སྣ་ཚོགས་ཀུན།། བསྐྱེད་རིམ་བསྒོམ་པའི་རྣལ་འབྱོར་འཁྲུལ།། རང་སྣང་སྐུ་རུ་མ་མཐོང་བསྒྲིབས།། གཉིས་ཀའི་ལྟ་སྤྱོད་གོལ་སྒྲིབ་ཅན།། གཉིས་འཛིན་བྲལ་བའི་སེམས་ལ་ལྟོས། ། ཡེ་ཤེས་རིག་པ་ངོ་མཚར་ཆེ།། མི་གནས་ཟུང་འཇུག་ཆོས་སྐུ་ལ།། ཐབས་ཤེས་སྦྱོར་བའི་བསྐྱེད་རིམ་འཁྲུལ།། ལྷན་སྐྱེས་ཡེ་ཤེས་མ་མཐོང་བསྒྲིབས།། མ་བསྐྱེད་རྫོགས་པ་ཆེན་པོ་དེ།། རྟོགས་པར་འདོད་ན་ཇི་བཞིན་ཞོག། དབྱིངས་དང་རིག་པ་གཉིས་མེད་ལ།། བསྐྱེད་རྫོགས་སྒོམ་པའི་རྣལ་འབྱོར་འཁྲུལ།། མ་བཅོས་ལྷུན་གྲུབ་མ་མཐོང་བསྒྲིབས།། རང་འབྱུང་ཡེ་ཤེས་མ་རྟོགས་གོལ།། འཁོར་འདས་མ་ལུས་རྫོགས་པ་ཆེ། ། རིན་ཆེན་གླིང་ན་རྡོ་མེད་བཞིན།། ཐམས་ཅད་སངས་རྒྱས་མ་ཡིན་པ།། གཅིག་ཀྱང་ཡོད་པར་ངས་མ་མཐོང།། གོལ་ས་གོལ་རྒྱུའི་སྒྲིབ་པ་ཡང།། ཆོས་ཉིད་ངང་ལས་མ་འདས་པས།། ཆོས་སྐུའི་རོལ་པ་ཆེན་པོ་ཡིན། ། དེ་ཉིད་མ་རྟོགས་རྡུལ་ཙམ་མེད།། ཐམས་ཅད་རང་འབྱུང་ལྷུན་གྲུབ་ལ།། བཅོས་མ་མེད་པའི་ངང་ལ་ཞོག། གཉིས་སུ་མེད་པའི་དོན་ལ་ལྟོས།། རྩོལ་བ་མེད་པའི་ཡེ་ཤེས་སྤྱོད།། རྣམ་པར་དག་པའི་འབྲས་བུའོ། ། གོལ་སྒྲིབ་མཐའ་གཅོད་ཀྱི་ལེའུ་སྟེ་བཅུ་པའོ།།།། རྒྱལ་བ་ཐམས་ཅད་མཁྱེན་པ་ཡི།། ཇི་ལྟར་མོས་པ་ཐ་དད་ལ།། འཁྲིད་པར་བྱ་བའི་ཐབས་ཙམ་དུ།། ཐེག་པ་དཔག་མེད་བསྟན་པ་ཡང། ། ལམ་ལ་འཁྲིད་པའི་ཐབས་སུ་ཟད།། རྡོ་རྗེའི་ཐེག་པ་ངེས་པའི་དོན།། ནམ་མཁའ་ལྟ་བུར་ཁྱབ་པ་ལ།། ཕྱོགས་བཅུའི་སངས་རྒྱས་ཀུན་འདུས་ནས།། བཀའ་སྒྲོས་སྙིང་པོའི་རྒྱུད་འདི་གསུངས།། གསང་བའི་བདག་པོ་ཉིད་ལ་གཏད། ། རྒྱུད་ཆེན་གསང་བ་ཡོངས་རྫོགས་འདི།། འཁོར་བ་དང་ནི་མྱ་ངན་འདས།། གཉིས་སུ་མ་ཡིན་ཐ་དད་མིན།། དེ་བཞིན་ཉིད་དུ་ངེས་པའི་དོན།། ཐེག་པ་མ་ལུས་འདིར་འདུས་ཤིང།། རྒྱལ་བའི་དགོངས་པ་འདུས་པའི་བཅུད། ། ཡིད་བཞིན་ནོར་བུ་ཆེན་པོ་འདི།། གང་ཞིག་ཉི་མའི་དཀྱིལ་འཁོར་དེས།། མུན་པ་མ་ལུས་སེལ་བ་དང།། སྣང་གསལ་འོད་ཀྱིས་ཀུན་གསལ་བཞིན།། ཡང་དག་རྒྱུད་འདི་སུས་མཐོང་བ། ། འཁྲུལ་དང་མ་འཁྲུལ་རྣམ་རྟོག་གི། སྒྲིབ་པའི་ཚོགས་རྣམས་རང་སར་དག། དུས་གསུམ་ཀུན་མཁྱེན་ཡེ་ཤེས་ནི།། ཕྱི་དུས་མ་ཡིན་ད་ལྟར་དུ།། མཐོང་བས་གྲོལ་ཏེ་མངོན་སངས་རྒྱས།། སེམས་ཅན་རྟོག་པ་ཐ་དད་ལ། ། རྒྱལ་བའི་གསུང་ཡང་དེ་བཞིན་ཏེ།། ཚིག་གི་རྒྱ་མཚོ་མཐའ་ཡས་ཀྱང།། ཚིག་འབྲུ་ཐ་དད་དོན་གཅིག་སྟེ།། ཚིག་གཅིག་རྣམ་པར་རྟོགས་ན་ནི།། དེ་དག་ཐམས་ཅད་རྟོགས་དང་འདྲ།། རྒྱལ་བའི་གསུང་དབྱངས་གཅིག་ལས་སུ། ། ཆོས་ཀྱི་སྒོ་མོ་ཐམས་ཅད་བྱུང།། དེ་རྣམས་འདི་ཉིད་དོན་ལ་འདུས།། ཐོས་པས་གྲོལ་ཏེ་བྱང་ཆུབ་ཐོབ།། ཐོས་པ་རང་རིག་ཡེ་ཤེས་ཡིན།། དཔག་བསམ་ཤིང་གི་ཡལ་ག་དེ།། གཅིག་ཤེས་སྡོང་པོ་ཀུན་ཤེས་བཞིན། ། རྒྱུ་འདིའི་དོན་ཤེས་གང་དྲན་ཀུན།། དག་པ་ཡེ་ཤེས་བདེ་ཆེན་གྱིས།། དྲི་མེད་ཆོས་སྐུ་མ་རྟོགས་པ།། གཞན་མེད་རང་བྱུང་ལྷུན་གྲུབ་ལ།། སྐུ་གསུམ་འབྲས་བུ་རྩོལ་མེད་འབྱུང།། དྲན་པས་འཁོར་འདས་ཀུན་དོན་འགྲུབ། ། རི་རྒྱལ་ལྷུན་པོའི་རྩེ་ནོན་ན།། རི་བོ་རི་ཕྲན་གླིང་ཀུན་ནོན།། དེ་བཞིན་ཡེ་ཤེས་བླ་མའི་ས།། རིག་པ་སྐུ་གསུམ་ལྷུན་གྲུབ་ཀྱིས།། རྒྱུད་འདིའི་དོན་དང་སུ་འཕྲད་པ།། ཐེག་པ་ཀུན་དོན་ཆོས་ཀྱིས་དོན། ། ས་ལམ་མ་ལུས་དུས་གཅིག་ཏུ།། བགྲོད་མི་དགོས་པར་ཀུན་ཏུ་ནོན།། རྫོགས་པའི་སངས་རྒྱས་ས་གཅིག་ལ།། མང་པོར་བགྲོད་ཀྱང་དོན་གཅིག་འབབས།། ཆུ་བྲན་རྒྱ་མཚོར་བསླེབ་དང་མཚུངས། ། རྒྱལ་པོ་རང་གི་ཡུལ་ནས་སུ།། མ་འཕགས་ཕྱོགས་ཀུན་དབང་བསྒྱུར་ལྟར།། དེ་བཞིན་སངས་རྒྱས་ཐམས་ཅད་ཀྱིས།། རྒྱུད་ཀྱི་དགོངས་པ་ངེས་དོན་འདི།། གདོད་ནས་སྐུ་གསུམ་ལྷུན་གྲུབ་ཀྱིས།། ས་ལམ་མ་གཡོས་འཁོར་འདས་ཡིས། ། དོན་ཀུན་མཉམ་པ་ཉིད་དུ་བྱེད།། ཕྱོགས་མེད་རྣམ་པར་རྒྱལ་བ་ཡི།། ཐམས་ཅད་སངས་རྒྱས་མཛད་པ་ཡིན།། དེ་ཕྱིར་གསང་བའི་རྒྱུད་ཆེན་འདི།། མཐོང་ཐོས་དྲན་རེག་འགྲོ་བ་ཀུན། ། དམན་པའི་ལུས་ལ་རྒྱལ་བའི་སྐུ།། དབང་བསྐུར་དམ་པ་སྔོན་དུ་འགྱུར།། དུས་གསུམ་སངས་རྒྱས་ཀུན་སྒྲོས་པས།། འདི་ལས་ལྷག་པའི་དོན་མ་རྙེད།། མ་བྱུང་མི་འབྱུང་འབྱུང་མི་འགྱུར།། འདི་ཡོད་འགྲོ་བ་སངས་རྒྱས་ཡིན། ། སྟོན་པས་ཆོས་འདི་ལུང་བསྟན་པ།། དཔེར་ན་ཉི་མས་ཀུན་སྣང་ཡང།། དམུས་ལོང་མིག་གིས་མི་མཐོང་བ།། མིག་ལྡན་ཐམས་ཅད་མཐོང་འགྱུར་ཞིང།། རྒྱུད་འདི་འཇིག་རྟེན་ཀུན་ཁྱབ་ཀྱང། ། བློ་དམན་རྣམས་ཀྱིས་མ་རྟོགས་པས།། ཀུན་གྱིས་རྟོགས་ཕྱིར་གསང་བའི་རྒྱུད།། རྡོ་རྗེ་སྙིང་པོ་ཁྱོད་ཀྱིས་ཟུང།། ནམ་མཁའ་ལྟ་བུའི་ཆོས་ཉིད་ལས།། ཉི་མའི་སྙིང་པོ་བཞིན་དུ་བསྡུས།། འོད་ཀྱིས་ཀུན་ལ་ཁྱབ་པ་ཡི། ། རྩེ་གཅིག་མ་རིག་མུན་ཚོགས་སེལ།། དག་པའི་ཡེ་ཤེས་འོད་གསལ་བ།། མངོན་པར་རྟོགས་ཕྱིར་དགའ་ལྡན་དང།། འཛམ་གླིང་ཨོ་རྒྱན་ཡུལ་དུ་དར།། བྱས་བཅོས་ཆོས་ཉིད་ཉམས་པའི་དུས། ཁྱག་པ་ཆུ་འཁྱགས་ཡུལ་དུ་འབྱུང། ། ཚེ་ལོ་བཅུ་པའི་བར་དུ་གནས།། ཡི་གེ་འདི་ཡི་ཕྱི་མོ་རྣམས།། ཨོ་རྒྱན་མཁའ་འགྲོའི་གནས་སུ་འཛིན།། ལན་ཅིག་དུས་ཀྱི་ཐ་མ་ལ།། སྐལ་པ་ལྡན་པས་མཐོང་བ་སྲིད།། ནམ་མཁའི་དབྱིངས་ལ་ཡལ་ཡང་འགྲོ། ། རྒྱལ་སྲས་ཕྱི་རབས་རྗེས་འཇུག་གོ། དམན་པས་རྒྱལ་བའི་དོན་འདོད་རྣམས།། སྐལ་བ་ལྡན་པས་ལས་འཕྲོ་འཐུད།། བྱང་ཆུབ་དོན་དུ་གཉེར་བ་ཡི།། བླ་མ་ལ་གུས་སྙིང་རྗེ་ཆེ།། དམ་ཚིག་ལ་གནས་ཤེས་རྒྱུད་དག། ཤེས་རབ་རིག་རྩལ་ལྡན་ལ་གཏད།། མི་ཤེས་རྨོངས་པ་ཕྱིན་ཅི་ལོག། སྐལ་མེད་ལོག་ལྟའི་སྒྲིབ་པ་བཅིངས།། བསྟན་པའི་རུ་དྲ་ཉམས་པའི་རིགས།། ཆོས་སྐལ་ཆད་ལ་གསང་རྒྱས་གདབ། ། འདི་ནི་གསང་ཆེན་ངེས་པའི་བཀའ།། ཞེས་ནི་སྟོན་པས་བཀའ་སྩལ་པས།། དེ་འཁོར་རིགས་ཅན་རང་གི་ཚོགས།། རྗེས་སུ་ཡི་རང་ཆོས་ཉིད་དང།། མཚོ་ལ་ཁ་བ་བབས་པ་བཞིན།། རང་རང་ཐད་ཁར་རང་བབས་སུ། ། དབྱེར་མེད་བདེ་བ་ཆེན་པོར་གྲོལ།། སྟོན་པའི་གསུང་ལ་མངོན་པར་བསྟོད།། ཨེ་མ་ཐམས་ཅད་མཁྱེན་པའི་རྗེ།། དེ་བཞིན་གཤེགས་པ་ཀུན་གྱི་གནས།། སངས་རྒྱས་མ་ལུས་སྐྱེད་པའི་སྐུ།། ཚངས་པའི་གསུང་མཆོག་སེང་གེ་སྒྲ། ། མ་ལུས་ཀུན་མཁྱེན་དེ་བཞིན་ཐུགས།། ཆེ་མཆོག་ཡོན་ཏན་ཀུན་གྱི་དཔལ།། འཕྲིན་ལས་ཐོགས་མེད་མེ་ལོང་གསལ།། འཁོར་འདས་ཐེག་ཀུན་གསལ་བར་སྟོན།། ཟབ་དང་རྒྱ་ཆེ་ཀུན་གྱི་བཅུད། ། རྨད་བྱུང་ངོ་མཚར་སྙིང་པོ་རྒྱུད།། སངས་རྒྱས་བསྟན་པའི་སྤྱི་མེས་པོ།། ཀུན་ཏུ་བཟང་པོ་ཁྱོད་ལ་བསྟོད།། ཅེས་ངེས་པ་དམ་པར་བསྟོད་དོ།། ཡོངས་སུ་གཏད་པ་རྗེས་སུ་ཡི་རང་བའི་ལེའུ་སྟེ་བཅུ་གཅིག་པའོ། །།། དེ་ནས་འཁོར་ཐམས་ཅད་ཅི་ལ་ཡང་མི་དམིགས་པའི་ངང་ནས། ཀུན་ཏུ་གསལ་བར་བསྟན་ཏེ། ཁྱད་པར་ལྷའི་འཇིག་རྟེན་དུ་གྲགས་ཤིང།། ཨོ་རྒྱན་གནས་ནས་ཀུན་སྨིན་ཅིང་གྲོལ་བར་གྱུར་ཏོ། ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ། ཡེ་ཤེས་མཆོག་གི་རྒྱུད་ཆེན་པོ། གསང་བ་ཡོངས་རྫོགས་ཞེས་བྱ་བ་རྫོགས་སོ།།།། ཨོ་རྒྱན་གྱི་པན་ཊི་ཏ་ཆེན་པོ་པདྨ་འབྱུང་གནས་ཀྱིས། ཨོ་རྒྱན་དང། རྒྱ་གར་དབུས་ཀྱི་སྐད་ལས། རྡོ་རྗེ་གདན་དུ་རང་འགྱུར་མཛད། དེ་ནས་བོད་ཡུལ་ལྷ་ས་འཕྲུལ་སྣང་གི་གཙུག་ལག་ཁང་དུ། མངའ་བདག་རྗེ་བློན་གསུམ་ལ་དོན་རྒྱུད་གནང་ནས། ཚིག་བརྒྱུད་དོན་གྱི་དཔེའི་ཡི་གེ་ཕྱི་མོ།། དྷ་ཀིའི་གནས་ནས་བླངས་ཏེ་བྲིས་ནས། ཕྱི་རབས་དོན་དུ་གཙུག་ལག་ཁང་དེ་ཉིད་དུ་གཏེར་དུ་སྦས་སོ།། སྐལ་ལྡན་ལས་ཅན་ཅིག་དང་ཕྲད་པར་ཤོག་ཆ། མླཥླདྷྱདཱཏྲ། ཏྲ། ཏ་མ་ད་ན་གྱ། ས་མ་ཡ། རྒྱ་རྒྱ་རྒྱ། ཨེ་མ་ཆོས་དབྱིངས་ནམ་མཁའི་དཀྱིལ་འཁོར་ནས།། རྒྱུད་སྡེ་སྐར་ཚོགས་རྣམས་ཀྱི་མཆོག། སྙིང་པོ་ཉི་ཟླ་ལྟ་བུ་འདི།། བདག་འདྲ་པདྨ་འབྱུང་གནས་ཀྱིས།། ཕྱི་རབས་དུས་ཀྱི་ལྔ་བརྒྱ་ལ། ། མཚན་ཉིད་སྡེ་ཆོས་སྔགས་སྡེ་དར་དུས་སུ།། ཚིག་ལ་དྲེད་ཅིང་དོན་ལ་རྨོངས་པ་ཡི།། དར་ལ་མ་སྨིན་གྲོང་བསྙེན་བྱེད་དུས་སུ།། ཕན་པར་བྱ་ཕྱིར་རྒྱལ་བས་ལུང་བསྟན་ནས།། དྷ་ཀིའི་ལག་ནས་དཔེ་བླངས་གཏེར་དུ་སྦས། ། དོན་གྱི་ཤེས་རབ་བློ་ལྡན་སྙིང་རྗེ་ཅན།། ཆོས་སམ་རད་ནའི་མིང་ཅན་ལས་ལྡན་དང།། རྒྱལ་བའི་དགོངས་པ་འདི་ཉིད་འཕྲད་པར་ཤོག། དཔེ་རྙིང་མི་ལ་མ་བསྟན་གཏེར་དུ་སྦས། ། དམ་ཅན་ཚོགས་ཀྱིས་བཀའ་འདི་ཐུབ་པར་སྲུངས།། གཏད་རྒྱ། ཊ་རྒྱ་རྒཀྵ། གཏེར་རྒྱ། རྡཱ། ཌ། ཆ་ཉ། སྦས་རྒྱ། ཤཧྱེ། ཐད། གསང་རྒྱ། དྷ་ལ་ཌཥ་དབང་རྒྱ། ཊ་ཉཱ་གྭ་ཊ་ཥ་ཐ་ཥ། ཁ་ཐཾ། ཥཐ། ཨེ་མ་བདག་འདྲ་རིན་ཆེན་གླིང་པ་ཡིས། ། རྒྱལ་བའི་དགོངས་པ་བླ་ན་མེད།། རྒྱུད་སྡེའི་མཐར་ཐུག་སྙིང་པོའི་དོན།། ཨོ་རྒྱན་ལུང་བསྟན་གཏེར་ནས་བཏོན།། མ་ཡིག་ཤོག་སེར་དངོས་ལ་བཤུས།། སེམས་ཅན་དོན་དུ་དགོངས་པ་ལ། ། གཞན་གྱིས་རང་འདོད་མ་ཡིན་པས།། བླ་མ་དྷ་ཀིའི་ཚོགས་རྣམས་ཀྱིས།། བཀའ་ཆད་མ་མཛད་བྱིན་གྱིས་རློབས།། འདི་ཉིད་ཉམས་ལེན་རིགས་འཛིན་གྱིས།། གཙོ་བྱས་མཁའ་མཉམ་འགྲོ་བ་ཀུན།། མཁྱེན་གཉིས་ཡོན་ཏན་མྱུར་ཐོབ་ཤོག། ས་མ་ཡ། པ་ཐཱ། རྒྱ་རྒྱ་རྒྱ། གྷཱུ་ཧྱ། ཤོག་སེར་ཚའོ།།།།

CLOSE WINDOW