CLOSE WINDOW

Gpb038.022: ཐེག་པ་ཆེན་པོའི་མངོན་པར་རྟོགས་པ་བྱང་ཆུབ་ལམ་གྱི་རྒྱུད་ཆེན་ནམ་མཁའ་དང་མཉམ་པ་ཞེས་བྱ་བ
Wylie

། བདག་གི་སེམས་དང།། གཞན་གྱི་སེམས་དང།། ཕའི་སེམས་སྡེ་དང།། མའི་སེམས་སྡེ་དང།། བུའི་སེམས་སྡེ་དང།། ཕུ་ནུའི་སེམས་སྡེ་དང།། དགྲ་བོའི་སེམས་སྡེ་དང།། དབང་ཕྱུག་གི་སེམས་སྡེ་དང། ། ཚངས་པའི་སེམས་སྡེ་དང།། གཏོགས་འདོད་ཀྱི་སེམས་སྡེ་དང།། དབང་པོའི་སེམས་སྡེ་དང།། ཚོགས་བདག་གི་སེམས་སྡེ་དང།། ཀུན་ཏུ་རྒྱུའི་སེམས་སྡེ་དང།། ཚོང་པའི་སེམས་སྡེ་དང།། ཞི་བའི་སེམས་སྡེ་དང། ། ཆུ་བོ་ལྟ་བུའི་སེམས་སྡེ་དང།། ཁྲོན་པ་ལྟ་བུའི་སེམས་སྡེ་དང།། བཀོད་མ་ལྟ་བུའི་སེམས་སྡེ་དང།། འཁོར་ལོ་ལྟ་བུའི་སེམས་སྡེ་དང།། ཟོ་ཆུ་ལྟ་བུའི་སེམས་སྡེ་དང།། བཀོད་ཆུ་ལྟ་བུའི་སེམས་སྡེ་དང། ། གསེར་ཆུ་ལྟ་བུའི་སེམས་སྡེ་དང།། ཀུན་ཏུ་བསྲུང་བའི་སེམས་སྡེ་དང།། སེར་སྣའི་སེམས་སྡེ་དང།། གཏོང་བ་ལྟ་བུའི་སེམས་སྡེ་དང།། བྱི་བ་ལྟ་བུའི་སེམས་སྡེ་དང།། ལྕེ་འབབ་པ་ལྟ་བུ་སེམས་སྡེ་དང། ། གློག་ལྟ་བུའི་སེམས་སྡེ་དང།། སྤྲིན་ལྟ་བུའི་སེམས་སྡེ་དང།། བྱི་ལ་ལྟ་བུའི་སེམས་དང།། ཁྱི་ལྟ་བུའི་སེམས་སྡེ་དང།། གླུ་ལྟ་བུའི་སེམས་སྡེ་དང།། གར་ལྟ་བུའི་སེམས་སྡེ་དང།། སིལ་སྙན་ལྟ་བུའི་སེམས་སྡེ་དང། ། རྨ་བྱ་ལྟ་བུའི་སེམས་སྡེ་དང།། རྔ་སྒྲ་ལྟ་བུའི་སེམས་སྡེ་དང།། འབྲུག་ལྟ་བུའི་སེམས་སྡེ་དང།། སེང་གེ་ལྟ་བུའི་སེམས་སྡེ་དང།། བུང་བ་ལྟ་བུའི་སེམས་སྡེ་དང།། སྦྲང་མ་ལྟབུའི་སེམས་སྡེ་དང། ། གློག་ལྟ་བུའི་སེམས་སྡེ་དང།། བྱ་རྒོད་ལྟ་བུའི་སེམས་སྡེ་དང།། བྲང་པོ་ཆེའི་སེམས་སྡེ་དང།། ཕོ་རོག་གི་སེམས་སྡེ་དང།། མཆིལ་བའི་སེམས་སྡེ་དང།། ངང་བའི་སེམས་དང།། གྲོ་ཆའི་སེམས་དང།། ཁུག་རྟའི་སེམས་དང། ། བྱ་མ་ལུག་གི་སེམས་དང།། ཁྲའི་སེམས་དང།། ཁྱུང་གི་སེམས་དང།། ཁུ་བྱུག་གི་སེམས་དང།། ཆུ་སྲིན་ལྟ་བུའི་སེམས་སྡེ་དང།། རུས་སྦལ་ལྟ་བུའི་སེམས་སྡེ་དང།། སྦྲུལ་ལྟ་བུའི་སེམས་སྡེ་དང། ། མ་ཧེ་ལྟ་བུའི་སེམས་དང།། འུག་པ་ལྟ་བུའི་སེམས་དང།། སྤྲེའུ་ལྟ་བུའི་སེམས་སྡེ་དང།། བྱ་རོག་ལྟ་བུའི་སེམས་སྡེ་དང།། རྟ་ལྟ་བུའི་སེམས་སྡེ་དང།། བཞད་ལྟ་བུའི་སེམས་སྡེ་དང།། ཀ་མ་ཀ་ལྟ་བུའི་སེམས་དང། ། སྤྱང་ཀི་ལྟ་བུའི་སེམས་དང།། ཝ་ལྟ་བུའི་སེམས་དང།། གླ?ང་པོ་ཆེ་ལྟ་བུའི་སེམས་སྡེ་དང།། འུག་པ་ལྟ་བུའི་སེམས་སྡེ་དང།། ཁྲ་ལྟ་བུའི་སེམས་སྡེ་དང།། ཁྱིམ་གྱི་སེམས་སྡེ་དང།། ཁྱིམ་མེད་པའི་སེམས་སྡེ་དང། ། ཐར་པའི་སེམས་དང།། མཐར་པའི་སེམས་སྡེ་དང།། སྲིན་པོའི་སེམས་སྡེ་དང།། མི་རྒོད་ཀྱི་སེམས་སྡེ་དང།། ནང་གི་སེམས་སྡེ་དང།། རྒྱལ་པོའི་སེམས་སྡེ་དང།། སྨད་འཚོང་མའི་སེམས་སྡེ་དང།། འཕྱོན་པའི་སེམས་སྡེ་དང། ། བྲལ་ཟེའི་སེམས་སྡེ་དང།། ཤན་པའི་སེམས་སྡེ་དང།། ཡི་དྭགས་ཀྱི་སེམས་དང།། ཚེར་མའི་སེམས་སྡེ་དང།། ཤིང་བལ་གྱི་སེམས་སྡེ་དང།། སའི་འོག་སེམས་སྡེ་དང།། ས་བླའི་སེམས་སྡེ་དང། ། ས་སྟེངས་ཀྱི་སེམས་སྡེ་དང།། ནམ་མཁའི་སེམས་སྡེ་དང།། དྲ་བའི་སེམས་སྡེ་དང།། རྒྱའི་སེམས་སྡེ་དང།། ཞགས་པའི་སེམས་སྡེ་དང།། ལིག་རའི་སེམས་སྡེ་དང།། ལྕགས་ཀྱུའི་སེམས་སྡེ་དང།། ཐོ་བའི་སེམས་སྡེ་དང། ། འཇུག་ཐུག་གི་སེམས་སྡེ་དང།། སྣོད་ཀྱི་སེམས་སྡེ་དང།། ཁྲིན་མུན་གྱི་སེམས་སྡེ་དང།། མེ་ལྕེའི་སེམས་སྡེ་དང།། ཐོ་ལུམ་གྱི་སེམས་སྡེ་དང།། མར་མེ་དང་ལྷ་བཤོས་ཀྱི་སེམས་དང།། སྤོས་ཀྱི་སེམས་སྡེ་དང། ། མེ་ཏོག་དང།། དྲི་ཟའི་སེམས་དང།། ཟང་གཞོང་གི་སེམས་དང།། འཁར་གཞོང་གི་སེམས་དང།། བུམ་པའི་སེམས་དང།། དུང་ཕོར་གྱི་སེམས་དང།། སྐྱེས་བུའི་སེམས་དང།། ཚ་བསྐལ་དང། ། ཟ་མ་ཏོག་དང།། བཤོལ་གྱི་སེམས་དང།། འབྱོར་གྱི་སེམས་དང།། སྟེའུའི་སེམས་དང།། བོང་བུའི་སེམས་དང།། བའི་སེམས་དང།། རྟའི་སེམས་དང།། ཉི་མའི་སེམས་དང།། ཟླ་བའི་སེམས་དང། ། དངུལ་གྱི་སེམས་དང།། གསེར་གྱི་སེམས་དང།། གཡུའི་སེམས་དང།། བྱི་རུའི་སེམས་དང།། མཐིང་བུན་གྱི་སེམས་དང།། མུ་ཏིག་གི་སེམས་དང།། ལྕགས་ཀྱི་སེམས་སྡེ་དང།། ཟངས་ཀྱི་སེམས་དང། ། ར་གན་གྱི་སེམས་སྡེ་དང།། རིན་ཆེན་ལྔའི་སེམས་སྡེ་དང།། མུ་ཏིག་སེམས་སྡེ་དང།། རླུང་གི་སེམས་སྡེ་དང།། ཆུའི་སེམས་སྡེ་དང།། སའི་སེམས་སྡེ་དང།། ནམ་མཁའི་སེམས་སྡེ་དང།། མིའི་སེམས་སྡེ་དང། ། འབྱུང་བ་ལྔ་ལྟ་བུའི་སེམས་སྡེ་དང།། གདུང་ཤིང་གི་སེམས་སྡེ་དང།། གཏུབ་ཤིང་གི་སེམས་སྡེ་དང།། སྒོའི་སོགས་དང།། སྒོ་རེག་གི་སེམས་སྡེ་དང།། གཡག་ཤིང་གི་སེམས་དང།། ལྡེ་མིག་གི་སེམས་དང། ། སྒོ་འབྱེད་པའི་སེམས་དང།། སྡེབ་པའི་སེམས་སྡེ་དང།། ཤིང་ལེབས་ཀྱི་སེམས་སྡེ་དང།། འདམ་གྱི་སེམས་སྡེ་དང།། རྙོག་ཆུའི་སེམས་སྡེ་དང།། ཚོན་རྩིའི་སེམས་དང།། ནོར་བའི་སེམས་དང།། དུག་གི་སེམས་དང། ། སྨན་གྱི་སེམས་དང།། ཁ་ཟས་ཀྱི་སེམས་དང།། ཆུང་དོང་གི་སེམས་དང།། མདའི་སེམས་དང།། གཞུའི་སེམས་དང།། མདུང་གི་སེམས་དང།། ཕུབ་ཀྱི་སེམས་དང།། ཁྲབ་ཀྱི་སེམས་དང།། ཁྲབ་ལག་གི་སེམས་སྡེ་དང། ། རྐང་ཆས་ཀྱི་སེམས་སྡེ་དང།། ཧེ་བླག་གི་སེམས་དང།། རྨོག་གི་སེམས་དང།། དགྲའི་སེམས་དང།། སྲིད་སྡེའི་སེམས་དང།། བརྡེག་པའི་སེམས་དང།། འཏབ་རྩོད་ཀྱི་སེམས་སྡེ་དང། ། རྩོད་པའི་སེམས་སྡེ་དང།། ཤི་བའི་སེམས་སྡེ་དང།། བསྲེག་པའི་སེམས་སྡེ་དང།། མྱ་ངན་གྱི་སེམས་སྡེ་དང།། སྨྲེ་སྔགས་ཀྱི་སེམས་སྡེ་དང།། སྡུག་བསྔལ་གྱིསེམས་སྡེ་དང།། ན་བའི་སེམས་སྡེ་དང། ། ཚོགས་ཀྱི་སེམས་སྡེ་དང།། སྨན་དཔྱད་ཀྱི་སེམས་སྡེ་དང།། ཕན་པའི་སེམས་སྡེ་དང།། བེད་བའི་སེམས་དང།། ལྷ་གསོལ་གཏང་རག་གི་སེམས་དང།། སྐྱེད་པའི་སེམས་དང།། སྒྲོག་གི་སེམས་དང།། ཤིང་གི་སེམས་དང། ། ལན་ཚྭའི་སེམས་དང།། སྤུ་གྲིའི་སེམས་དང།། ཐིག་གི་སེམས་དང།། རྡོ་རྗེའི་སེམས་དང།། དྲིལ་བུའི་སེམས་དང།། རྒྱ་མཚོའི་སེམས་དང།། ཕ་བོང་གི་སེམས་སྡེ་དང།། ཞིང་གི་སེམས་དང། ། ཕུག་གི་སེམས་དང།། སྐྱེ་བའི་སེམས་དང།། ན་བའི་སེམས་དང།། རྒས་པའི་སེམས་དང།། མེད་པ་བཙལ་གྱིས་མི་སྙེད་པའི་སེམས་སྡེ་དང།། ཡོད་པ་ཤོར་གྱིས་དགོས་པའི་སེམས་སྡེ་དང།། སྣང་ན་སྣོད་ཀྱི་སེམས་སྡེ་དང། ། གྲག་པ་སྒྲའི་སེམས་སྡེ་དང།། དྲན་རྟོག་ཡིད་ཀྱི་སེམས་སྡེ་དང།། མེ་ཏོག་གི་སེམས་སྡེ་དང།། འབྲས་བུའི་སེམས་སྡེ་དང།། རྩ་བའི་སེམས་སྡེ་དང།། ཡལ་གའི་སེམས་སྡེ་དང།། སྡོང་བུའི་སེམས་དང། ། མངར་བའི་སེམས་སྡེ་དང།། ཁ་བའི་སེམས་དང།། སྐྱུར་བའི་སེམས་དང།། ཚྭ་བའི་སེམས་དང།། གླག་པའི་སེམས་དང།། བསྐ་བའི་སེམས་དང།། ཡི་གེའི་སེམས་སྡེ་དང།། ཚ་ཚྭ་འི་སེམས་སྡེ་དང།། བྱ་གག་ལྟ་བུའི་སེམས་སྡེ་དང། ། ཀུན་དགའ་ར་བ་ལྟ་བུའི་སེམས་སྡེ་དང།། དབྱར་སྤྲིན་ལྟ་བུའི་སེམས་སེམས་སྡེ་དང།། མེ་ལོང་ལྟ་བུའི་སེམས་སྡེ་དང།། ཏིལ་མར་ལྟ་བུའི་སེམས་སྡེ་དང།། དགུན་འཆང་ལྟ་བུའི་སེམས་སྡེའོ། ། དེ་དག་ལ་སོགས་སེམས་སྡེ་མཐའ་ཡས་ཀུན།། རིན་ཆེན་སྤུ་ཡི་འབར་བ་ཡིས།། སྣ་ཚོགས་མཐའ་ཡས་སེམས་སྡེ་ཀུན།། ཡེ་ཐོག་གཞི་རུ་སྤྲོས་པ་ཆོད།། ཀུན་གཞི་ཀློང་ཡངས་མཛོད་ཆེན་དང། ། རྩལ་སྣང་སེམས་སྡེ་ཇི་སྙེད་ཀུན།། སྙིང་པོའི་ཀློང་དུ་ཐིམ་ནས་ཀྱང།། གཉིས་སུ་མེད་པར་སྤྲོས་པ་ཆོད།། དབྱེ་གསལ་མེད་པར་སྤྲོས་པ་ཆོད།། རྩིས་གདབ་མེད་པར་སྤྲོས་པ་ཆོད།། མ་བཅོས་མ་བསླད་སྤྲོས་པ་ཆོད། ། བཟུང་དུ་མེད་ཀྱི་སྤྲོས་པ་ཆོད།། དགག་བསྒྲུབ་གཉིས་མེད་སྤྲོས་པ་ཆོད།། སྤོང་ལེན་གཉིས་མེད་སྤྲོས་པ་ཆོད།། བཟང་ངན་གཉིས་མེད་སྤྲོས་པ་ཆོད།། བདག་གཞན་གཉིས་མེད་སྤྲོས་པ་ཆོད།། རྩོལ་བསྒྲུབ་གཉིས་མེད་སྤྲོས་པ་ཆོད། ། བྱང་ཆུབ་སེམས་ཀྱི་རང་བཞིན་ལ།། སེམས་ཉིད་རང་དག་སྤྲོས་པ་ཆོད།། ནང་ན་མེད་པར་སྤྲོས་པ་ཆོད།། ཕྱི་ན་མེད་པར་སྤྲོས་པ་ཆོད།། ཕྱི་ནང་གཉིས་སུ་མེད་པར་སྤྲོས་པ་ཆོད།། དེ་ལྟར་གཉིས་སུ་མེད་པར་སྤྲོས་པ་ཆོད། ། དེ་ལྟར་གཉིས་མེད་སེམས་ཉིད་ལ།། སངས་རྒྱས་རྣམས་ཀྱིས་ཅང་མ་གཟིགས།། མི་གཟིགས་གཟིགས་པར་མི་འགྱུར་རོ།། དེ་ཡང་ཇི་ལྟར་མི་གཟིགས་ན།། ཁ་དོག་ཏུ་ཡང་མ་གཟིགས་སོ།། དབྱིབས་སུ་ཡང་མ་གཟིགས་སོ། ། མུན་པ་རུ་ཡང་མ་གཟིགས་སོ།། སྣང་བ་རུ་ཡང་མ་གཟིགས་སོ།། སྟོང་པ་རུ་ཡང་མ་གཟིགས་སོ།། ཕོ་མོ་རུ་ཡང་མ་གཟིགས་སོ།། མི་ནང་དུ་ཡང་གཟིགས་སོ།། ཁམས་གསུམ་དུ་ཡང་མ་གཟིགས་སོ། ། ལྷ་ཡི་སེམས་མེད་སྤྲོས་པ་ཆོད།། ཀླུ་ཡིསེམས་མེད་སྤྲོས་པ་ཆོད།། གནོད་སྦྱིན་སེམས་མེད་སྤྲོས་པ་ཆོད།། དྲི་ཟའི་སེམས་མེད་སྤྲོས་པ་ཆོད།། རིགས་དྲུག་སེམས་མེད་སྤྲོས་པ་ཆོད།། བརྗོད་ཚད་མེད་པར་སྤྲོས་པ་ཆོད། ། ཕྱེ་ཚད་མེད་པར་སྤྲོས་པ་ཆོད།། བཏགས་ཚད་མེད་པར་སྤྲོས་པ་ཆོད།། ཡིད་ལ་འགྱུས་ཚད་མེད་པར་སྤྲོས་པ་ཆོད།། སེམས་ཀྱིས་བཟུང་ཚད་མེད་པར་སྤྲོས་པ་ཆོད།། རིག་པས་མྱོང་ཚད་སྤྲོས་པ་ཆོད། ། བློ་ཡི་སྤྲོས་ཚད་སྤྲོས་པ་ཆོད།། ཡི་གེའི་ཚིག་གཅིག་མཐའ་ཡས་ཀུན།། བརྗོད་མེད་ངང་དུ་སྤྲོས་པ་ཆོད།། ཅེས་གསུངས་སོ།། རིན་པོ་ཆེ་གྲིའི་འབར་བས་སེམས་སྡེའི་སྤྲོས་པ་བཅད་པ་ཞེས་བྱ་བ་རྫོགས་སོ། །།། རྒྱ་གར་གྱི་གུ་རུ་པདྨ་སམ་བྷ་བས་བཤད།། བོད་ཀྱི་ལོ་ཙ་བ་ཀ་བ་དཔལ་བརྩེགས་ཀྱིས་བསྒྱུར་ཅིང་གཏན་ཕབ་པའོ།། ཨི་ཐི།།།། རྒྱ་གར་སྐད་དུ། ། བོད་སྐད་དུ།། ཆུ་གྲི་འབར་བས་དབང་སྡེ་སྤྲོས་པ་གཅོད་པ་ཞེས་བྱ་བ།། མཚོན་མེད་བརྗོད་ལས་འདས་པའི་ཀུན་ཏུ་བཟང་པོ་ཉིད་ལ་ཕྱག་འཚལ་ལོ།། རྡོ་རྗེ་སེམས་དཔའ་ལ་སོགས་ལ། ། དབང་སྡེ་སྤྲོས་བཅད་བཤད་པར་བྱའོ།། རྡོ་རྗེ་སེམས་དཔའ་སྐུ་ཡི་དབང།། ཨུ་རྒྱན་དགའ་རབ་རྡོ་རྗེ་ཐོབ།། དགའ་རབ་རྡོ་རྗེའི་དབང་ཆེན་ཡང།། འཇམ་དཔལ་བཤེས་གཉེན་བདག་གིས་ཐོབ།། འཇམ་དཔལ་བཤེས་གཉེན་དབང་མཆོག་དེ། ། ཤཱི་རི་སིང་ཧ་བཀའ་ཡིས་དབང།། ཨུ་རྒྱན་གུ་རུ་པདྨས་ཐོབ།། འཁས་པའི་དབང་ཐོབ་དབང་གི་ཆུ་བོ་བཞི།། དབང་གི་སྤྲོས་གཅོད་བཤད་པར་བྱ།། ཐེག་པ་འོག་མའི་དབང་སྡེ་དང། ། རྫོགས་པ་ཆེན་པོའི་དབང་སྡེའོ།། ཐེག་པ་འོག་མའི་དབང་སྡེ་ནི།། དབང་གི་ཆུ་བོ་བཅོ་བརྒྱད་ནི།། དེ་དག་རྒྱས་པར་འདིར་མ་བཤད།། གཞན་དུ་ཞིབ་པར་གསུངས་པས་སོ།། མ་སྨིན་སྨིན་པར་བྱེད་པ་དང། ། སྨིན་པ་གྲོལ་བར་བྱེད་པ་དང།། གསང་སྔགས་སྒོ་ནི་དབང་ལ་ཐུག། དབང་གིས་སྣོད་དང་ལྡན་པར་བྱེད།། དབང་རྣམས་རྫོགས་པར་མ་བྱས་ཤིང།། སློབ་དཔོན་གཉེས་པར་མ་བྱས་ན།། ཉན་པ་ལ་སོགས་རྩོམ་པ་རྣམས། འབྲས་བུ་མེད་ཅིང་བརླག་པར་འགྱུར།། དཔེ་ནི་རྫ་སོ་མ་གཏང་བའི།། སྣོད་དུ་ཆུ་ནི་བླུག་གྱུར་ན།། རྫ་ཡང་འཆག་ལ་ཆུ་ཡང་འབོ།། འབྲས་བུ་རྡོ་རྗེའི་ཐེག་པ་ཡང།། དབང་གིས་སྨིན་པར་མ་བྱས་པར། ། གསང་སྔགས་ཐེག་པ་ཉན་ན་ཡང།། རང་ཡང་བརླག་ལ་ཆོས་ཀྱང་འཆོར།། དེ་ཕྱིར་དབང་སྡེའི་དབྱེ་བ་ལ།། དང་པོ་བུམ་པའི་དབང་སྡེ་དང།། གཉིས་པ་གསང་བའི་དབང་སྡེ་དང།། གསུམ་པ་ཤེས་རབ་ཡེ་ཤེས་དབང། ། བཞི་པ་རིན་ཆེན་ཚིག་དབང་ངོ།། དབང་རྣམ་པ་གཉིས་དང།། དབང་དེས་གཏད་པ་དང།། དབང་མདོར་བསྡུས་དང།། དབང་རིན་ཆེན་འཁོར་ལོ་དང།། རྡོ་རྗེ་དབང་པོ་རབ་འབྱམ་གྱི་དབང་སྡེ་དང། ། དེ་དག་ཆོ་ག་སྒྲུབ་ཐབས་རྣམས།། རང་རང་དཀྱུས་ན་རྒྱས་པར་ཞིབ།། འདི་རུ་བཤད་པར་མི་བྱའོ།། རྫོགས་པ་ཆེན་པོའི་དབང་སྡེ་ནི།། འདི་རུ་རྒྱས་པར་བཤད་པར་བྱ།། ཐེག་པ་འོག་མའི་དབང་སྡེ་རྣམས། ། རྫོགས་ཆེན་དབང་སྡེར་ལ་འདའ་བོ།། རྫོགས་ཆེན་དབང་སྡེ་བཅོ་བརྒྱད་ནི།། སྔ་འགྱུར་ལྔ་དང་ཕྱི་འགྱུར་བཅུ་གསུམ་ལ།། དབང་གི་སྒྲུབ་ཐབས་བཅོ་བརྒྱད་དོ།། རྒྱལ་ཐབས་སྤྱི་བླུགས་དབང་བསྐུར་ལ། ། མཐའ་དབུས་མེད་པའི་ཀློང་ཆེན་དུ།། བཟུང་བ་མེད་པའི་ས་ཕྱོགས་སུ།། ཆོས་ཉིད་དབྱིངས་ཀྱི་མཆོད་ཁང་དུ།། མི་འགྱུར་དབྱིངས་ཀྱི་དཀྱིལ་འཁོར་ལ།། མཉམ་པ་ཉིད་ཀྱི་ཆག་ཆག་གདབ།། འགྱུར་བ་མེད་པའི་ཐིག་ཅིག་གདབ། ། ཡེ་ཤེས་ལྔ་ཡི་ས་ཚོན་བཀྱེ།། སེམས་ཉིད་རིན་ཆེན་མེ་ཏོག་བཀྲམ།། བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ།། སློབ་མ་འཇུག་པར་འདོད་པ་རྣམས།། དད་པའི་ཆུ་ཡིས་ཁྲུས་བྱས་ཏེ།། ཉོན་མོངས་དྲི་མ་དག་བྱས་ལ། ། ཡོལ་བའི་ཕྱི་ལོག་ཉིད་དུ་བསྡད།། སྐལ་ལྡན་རིན་ཆེན་སློབ་མ་དེས།། དད་པ་ཤེས་རབ་ལྡན་བྱས་ལ།། གུས་པའི་ཚུལ་གྱིས་གསོལ་བ་གདབ།། ཨེ་མ་ཧོ།། བདག་ཅག་ཉོན་མོངས་དབང་གིས་ན། ། ཐོག་མ་མེད་པའི་དུས་ཉིད་ནས།། ད་ལྟའི་མཐའ་ལ་ཐུག་པ་རུ།། ཁམས་གསུམ་འཁོར་བའི་འདམ་དུ་བྱིང།། ཤེས་རབ་མིག་ལོང་མ་རིག་པས།། གཟུང་འཛིན་གཉིས་ཀྱི་སྒྲོག་ཏུ་ཆུད།། རེ་དོགས་གཉིས་ཀྱི་ལྕག་གིས་བྲབས། ། ཕྱོགས་རིས་གཉིས་ཀྱི་མཐའ་ལ་ཞེན།། ཆགས་སྡང་གཉིས་ཀྱི་གཏན་ཁར་ཆགས།། འཇིག་རྟེན་ཆོས་བརྒྱད་སྤྱོད་སྤྱོད་ནས།། ཡང་དག་སངས་རྒྱས་མ་རྟོགས་པས།། དུས་གསུམ་བཞུགས་པའི་སངས་རྒྱས་དང། ། བླ་མ་མ་ཧཱ་གུ་རུ་རྣམས།། རྟོག་ཐབས་སྣང་བ་མཛད་དུ་གསོལ།། ཐུགས་ཀྱི་སྒྲོམ་དུ་རིན་ཆེན་བཅུད།། སངས་རྒྱས་ཆོས་སྐུ་ཐོབ་སླད་དུ།། རྫོགས་པར་བདག་ལ་བསྟན་དུ་གསོལ། ། ཅེས་ཡོན་ཕུལ་ལ་དེ་སྐད་གསོལ་བ་གདབ་བོ།། དེ་ནས་མ་ཧཱ་གུ་རུས་འདི་སྐད་བརྗོད་དོ།། བུ་ཁྱོད་སྐལ་ལྡན་རིགས་ཀྱི་གཙོ།། ཐོག་མ་མེད་པའི་དུས་མཐའ་ནས།། མ་རིག་པ་ཡི་ལིང་ཐོག་གིས།། ཡེ་ཤེས་མིག་ལོང་བདག་གིས་དབྱེ། ། ཡང་དག་སངས་རྒྱས་ང་ཡིས་བསྟན།། འཁོར་བའི་འདམ་ནས་ང་ཡིས་གདོན།། གཟུང་འཛིན་སྒྲོག་ནས་ང་ཡིས་དགྲོལ།། ཆགས་སྡང་གཉིས་ནས་ང་ཡིས་གདོན།། ཀུན་གཞི་འོད་གསལ་དཀྱིལ་འཁོར་དུ། ། དོན་དམ་ཆོས་སྐུའི་ལྷ་དང་སྤྲད།། ངང་དངས་རིན་ཆེན་སྣ་ཚོགས་བསྟན། སྐལ་ལྡན་བུ་ཁྱོད་ཚུར་ཤོག་ཅིག། ཅེས་གསུངས་ཏེ།། དེ་ནས་སློབ་མས་ཡོལ་བའི་ནང་དུ་འོངས་ཏེ།། ལྷ་ཕྱག་གསུམ་བྱས་ཏེ། ། པུས་མོ་བཙུགས།། ཐལ་མོ་སྦྱར་ཏེ།། མེ་ཏོག་དཀྱིལ་འཁོར་ལ་དོར་ནས།། འདི་སྐད་དུ་གསོལ་བ་གདབ།། ཐོག་མ་མེད་པའི་དུས་ཉིས་ནས།། ཆོས་ཉིད་མ་དང་མ་ཕྲད་པ།། དེ་དང་ཕྲད་ཐབེ་བསྟན་དུ་གསོལ། ། འོད་གསལ་ཆོས་ཉིད་མ་རྟོགས་པ།། དེ་ཡི་རྟོགས་ཐབས་བསྟན་དུ་གསོལ།། འགྱུར་མེད་ཆོས་སྐུ་ལྷུན་གྲུབ་ཏེ།། སྐལ་ལྡན་བདག་ལ་བསྟན་དུ་གསོལ།། ཆོས་ཉིད་ཀློང་ཡངས་ཀྱི་དཀྱིལ་འཁོར་དེ།། སྔར་མ་མཐོང་བས་བསྟན་དུ་གསོལ། ། ཅེས་གསོལ་པ་དང།། དེ་ནས་སློབ་དཔོན་གྱིས་སློབ་མའི་མིག་ཕྱེ་ནས།། འདི་སྐད་དོ།། ཨེ་མ་ཧོ།། བུ་ཁྱོད་སྐལ་ལྡན་རིགས་ཀྱི་གཙོ།། ཡན་ལག་བུ་ཡི་ཤེས་པ་རྣམས།། སྙིང་པོ་ཆོས་ཉིད་མ་ལ་ཐིམ། ། མ་རིག་མུན་པའི་མིག་ཕྱེ་བས།། འོད་གསལ་ཆོས་ཉིད་རྟོགས་གྱུར་ཅིག། མི་འགྱུར་ཆོས་སྐུ་དངོས་མེད་དེ།། སྐལ་ལྡན་བུ་ལ་གནས་པས་ན།། དངོས་མེད་དབྱིངས་སུ་རྒྱས་ཐོབ་ལ།། འགྱུར་བ་མེད་པའི་ངང་ལ་ཞོག། སྣང་སྲིད་མ་བཅོས་དཀྱིལ་འཁོར་དུ།། ཆོས་དབྱིངས་སྣང་ལ་རང་བཞིན་མེད།། དགག་བསྒྲུབ་སྤོང་ལེན་མེད་པ་ཡི།། སོར་བཞག་དབྱེ་གསལ་མེད་པ་དེ།། མཉམ་ཉིད་ངང་གིས་བལྟར་བར་བྱ། ། གཉིས་སུ་མེད་པའི་ངང་ལ་གཞོག། སྣང་སྲིད་རྒྱ་ཐེག་དབང་བསྐུར་བས།། སངས་རྒྱས་ཐམས་ཅད་རང་ལ་རྫོགས།། སྲིད་པ་ཐམས་ཅད་ལུགས་སུ་བླུག། ཅེས་སྲིད་པ་རིག་པ་སྤྱི་བླུགས་ཀྱི་དབང་བསྐུར་རོ། ། གསང་བའི་ངོ་བོ་ཇི་ལྟར་གནས་པ་དང།། བུམ་པའི་དབང་དང་གསང་བའི་དབང།། ཡེ་ཤེས་དབང་དང་རིན་ཆེན་ཚིག་དབང་རྣམས།། དབང་བསྐུར་འབྱུང་བའི་རིམ་པ་ཇི་ལྟར་ལགས།། དེ་ཡི་འབྱུང་ལུགས་བསྐུར་ལུགས་བསྟན་པ་ལ། ། ཐོག་མ་ཐ་མ་མེད་པའི་དུས་ཉིད་ནས།། ཡོད་མེད་སྟོང་དང་མི་སྟོང་དབྱེར་མེད་པའི།། སངས་རྒྱས་སེམས་ཅན་མེད་པའི་རང་བཞིན་ཡང།། རང་རིག་རང་གསལ་ཆོས་སྐུའི་མིང་མེད་དེ། ། གཞི་རྩ་མེད་པའི་ཀུན་གཞི་སྙིང་པོའི་དབང།། ཆོས་རྣམས་ཀུན་གྱི་རྩ་བར་དབང་བསྐུར་བས།། བསྐུར་བས་སྐྱོན་མེད་ངེས་པར་འབྱུང་བས་ན།། དབང་བསྐུར་ངེས་པས་མིང་གི་འབྲས་བུ་ཐོབ།། ཆོས་སྐུ་རང་གསལ་ཕྱི་དེ་བུམ་ཉིད་སྣོད། ། རང་རིག་མི་རྟོག་ནང་དེ་དབང་ཉིད་བཅུད།། བུམ་པ་ཀུན་གྱི་གཞི་མར་ཡེ་གནས་པས།། དབང་བསྐུར་ཐོག་མཐའ་མེད་པས་དང་པོའོ།། ཆོས་ཉིད་རང་གསལ་མོ་དེ་ཤེས་རབ་དབང། ། རིག་པ་ཕོ་དེ་ཐབས་ཉིད་ཕ།། གསང་བ་ཡེ་ནས་གསང་བ་ལྷུན་གྲུབ་གསང་བའི་དབང།། ཐབས་དང་ཤེས་རབ་གཉིས་མེད་བསྐུར་བ་གཉིས།། ཆོས་ཉིད་སྟོང་པ་ཤེས་རབ་ཡིན་ཏེ་མོ།། རང་གི་རིག་པ་ཐབས་མཆོག་ཡིན་ཏེ་ཕོ། ། ཤེས་རབ་ཡེ་ཤེས་གཉིས་མེད་ལྷུན་གྲུབ་པ།། བདེ་བའི་མིང་མེད་བསྐུར་བ་དེ་གསུམ་མོ།། མིང་མེད་སྟོང་པར་གསལ་བས་དངོས་མཚན་མེད།། རང་བྱུང་ཀུན་ལ་ཁྱབ་པས་གསང་བའི་དབང། ། འགག་མེད་མ་འགག་དབྱེར་མེད་རིན་པོ་ཆེ།། དབང་གསུམ་ལྷུན་གྲུབ་མིང་བཞི་པོ།། རང་བྱུང་ཡེ་ཤེས་ཆོས་སྐུ་མི་རྟོག་རིག་པས་ནང།། ཡན་ལག་ཤེས་པ་རྟོགས་པས་ཕྱི།། ཕྱི་ཉིད་དངོས་པོར་མཐོང་བས་ཀུན་གྱི་གཞི། ། ཡན་ལག་རིག་པའི་མཚན་མ་ལྷུར་བཟུང་སྟེ།། བུམ་པ་དབང་བསྐུར་དང་པོས་འབྱུང་བར་སྟོན།། ཡན་ལག་རིག་པའི་ཆོས་ཉིད་ངང་སངས་པས།། ལྷན་ལྷན་སོང་བ་བྱང་བ་མེད་པར་སྟོན།། ཆོས་ཉིད་ངང་དངས་ཡན་ལག་ཕྲད་པའི་སྒྲ། ། གསང་བའི་སྒྲ་བྱུང་གསང་བ་བྱུང་བ་དེས།། གསང་བས་དབང་བསྐུར་གསང་བས་གཉིས་པར་གཟུང།། གསང་བས་བདེ་འབྱུང་བདེ་བའི་མཆོག་ཉིད་དེ།། བདེ་བའི་ངོ་བོ་བརྗོད་དུ་མེད་པ་ལ། ། ཤེས་པའི་རབ་སྟེ་ཤེས་རབ་སྟོང་པ་ཉིད།། ཡེ་ཤེས་དེ་ལ་དེ་བཞིན་ཡེ་ཤེས་དེ།། ཤེས་རབ་ཡེ་ཤེས་དབང་བསྐུར་དེ་བཞིན་གསུམ་པ་ཡིན།། བདེ་བའི་ངོ་བོ་མིང་མེད་མཚོན་མེད་ལ།། རང་བྱང་ཡན་ལག་སེམས་ཀྱི་རིག་པ་སྟེ། ། རིག་པ་སེམས་ཉིད་མཚོན་པའི་བརྡ་ཡིན་ནོ།། མཚོན་པས་བརྡ་ཡི་དབང་བསྐུར་བཞི་པ་སྟེ།། ཆོས་སྐུ་རང་བྱུང་ཡེ་ཤེས་དབྱེར་མེད་པའི།། ཞལ་བསྟན་དབང་བསྐུར་སངས་རྒྱས་འབྲས་བུ་ཐོབ། ། ཐེག་པ་འོག་མའི་སྒོར་ཞུགས་རྣལ་འབྱོར་ལ།། བག་ཆགས་རྟས་པའི་དབང་བསྐུར་བཞི་པ་ཡིས།། མཐོ་རིས་ཐར་པའི་གོ་འཕང་ཐོབ་པ་ཡིན།། དབང་བསྐུར་བའི་རིམ་པའི་དབང་སྡེའོ། ། གང་གིས་གང་ལ་དབང་བསྐུར་བྱིན་བརླབས་དང།། ཆོས་སྐུ་རང་བྱུང་ཡེ་ཤེས་དབྱེར་མེད་པའི།། ཞལ་བསྟན་འབྲས་བུས་ངེས་པ་ཇི་ལྟར་ལགས།། གང་གིས་གང་ལ་དབང་བསྐུར་བྱིན་བརླབས་བསྟན་པ་ནི། ། རང་བྱུང་ལྷུན་གྲུབ་རང་བཞིན་འགྱུར་མེད་པའི།། ཆོས་སྐུ་གསལ་གདམས་འགག་མེད་སྟོན་པ་སྟེ།། རང་བྱུང་ཡེ་ཤེས་མ་འགགས་སྟོན་པ་དེས།། རང་བཞིན་ལྷུན་གྲུབ་དབང་བསྐུར་བྱིན་བརླབས་པ།། རང་བྱུང་ཐིག་ལེ་ཆེན་པོར་སངས་རྒྱས་སོ། ། རང་བྱུང་ཡེ་ཤེས་མ་འགགས་སྟོན་པ་སྟེ།། རང་བྱུང་ཟེར་གྱི་སྟོན་པ་ཀུན་བཟང་ལ།། རང་བཞིན་ལྷུན་གྲུབ་དབང་བསྐུར་བྱིན་བརླབས་པས།། གཉིས་མེད་ཐིག་ལེ་ཆེན་པོར་སངས་རྒྱས་སོ། ། ཡན་ལག་ཟེར་གྱི་སྟོན་པ་ཀུན་བཟང་དེས།། སྡུད་པའི་གསང་བདག་རྡོ་རྗེ་སེམས་དཔའ་ལ།། རང་བཞིན་དབང་བསྐུར་ཅིག་ཏུ་བྱིན་བརླབས་ཏེ།། སེམས་ཉིད་ཐིག་ལེ་ཆེན་པོར་སངས་རྒྱས་སོ། ། ཡན་ལག་ཟེར་གྱི་སྟོན་པ་ཀུན་བཟང་དེས།། ཆོས་སྐུ་རང་བྱུང་ཡེ་ཤེས་ལ།། ཀུན་ཏུ་བཟང་པོ་ངང་ཉིད་ནམ་མཁའ་ལ།། ངང་ལ་ངང་ཉིད་ནམ་མཁའི་ངང་བསྟན་པས།། ཆོས་སྐུ་རང་རིག་ནམ་མཁའི་ངང་ཉིད་དང། ། རང་བྱུང་ཡེ་ཤེས་རང་རིག་ནམ་མཁའ་གཉིས།། དབྱེར་མེད་ཅིག་སྟེ་གསལ་གདངས་ཉིད་ཀྱི་ངང།། གཅིག་དང་ཐ་དད་དག་ལས་གྲོལ་བའོ།། རང་བཞིན་དབང་བསྐུར་ལ་ཡང་རྣམ་གཉིས་ཏེ།། ཕྱི་ཡི་རང་བཞིན་ལྷུན་གྲུབ་དབང་བསྐུར་དང། ། ཁྱད་པར་ངང་བཞིན་ལྷུན་གྲུབ་དབང་བསྐུར་རོ།། ཕྱི་ཡི་རང་བཞིན་ལྷུན་གྲུབ་དབང་བསྐུར་རྣམ་བཞི་སྟེ།། རང་བཞིན་ལྷུན་གྲུབ་བུམ་པའི་དབང་བསྐུར་དང།། གསང་བའི་དབང་དང་ཤེས་རབ་ཡེ་ཤེས་དབང། ། དབྱེར་མེད་མཚོན་པའི་དབང་སྡེ་བཞི་པའོ།། རང་བཞིན་ལྷུན་གྲུབ་བུམ་པའི་དབང་བསྐུར་ལ།། ཆོས་སྐུ་རིག་མེད་ཕྱི་སྟེ་བུམ་ཉིད་དབང།། རང་བྱུང་ཡེ་ཤེས་ནང་སྟེ་ངང་ཉིད་གཉིས། ། ཕྱི་ནང་གཉིས་སུ་མེད་པ་བུམ་པའི་དབང།། རྫོགས་ཆེན་དབང་པོ་ཡང་རབ་གྱུར་བ་ལ།། རང་བྱུང་གཉིས་མེད་གསང་བའི་དབང་བསྐུར་བས།། གཉིས་མེད་ངང་གསལ་ཆེན་པོར་སངས་རྒྱས་སོ།། བཞི་པ་རང་བཞིན་ལྷུན་གྲུབ་སངས་རྒྱས་ལ། ། ཆོས་སྐུ་རིག་པ་མིང་མེད་མཚོན་མེད་དང།། རང་བྱུང་ཡེ་ཤེས་མིང་མེད་མཚོན་མེད་པ།། མཚོན་པ་མིང་མེད་མཚོན་པ་བཞི་པའི་དབང།། རྫོགས་ཆེན་དབང་པོ་ཡང་རབ་གྱུར་པ་ལ། ། རང་བཞིན་གཉིས་མེད་བརྡ་ཡི་དབང་བསྐུར་བས།། གཉིས་མེད་ངང་དངས་ཆེན་པོར་སངས་རྒྱས་སོ།། ཁྱད་པར་ལྷུན་གྲུབ་དབང་བསྐུར་ལ་ཡང་བཞི།། རང་བཞིན་བུམ་པའི་དབང་དང་གསང་བའི་དབང། ། ཤེས་རབ་ཡེ་ཤེས་དབང་དང་ཚིག་དབང་བཞི།། རང་བཞིན་ལྷུན་གྲུབ་བུམ་པ་ལ་ཡང་བཞི།། ཆོས་སྐུ་རང་བྱུང་ཡེ་ཤེས་དབྱེར་མེད་བུམ་པ་དང།། དབྱེར་མེད་མིང་མེད་མཚོན་མེད་བཞི་པའོ། ། ཆོས་སྐུ་བྱིན་པའི་དབང་བསྐུར་བྱིན་བརླབས་ནི།། སྐྱེ་མེད་རང་གསལ་འགྱུར་མེད་ཡེ་ཉིད་བུམ།། བཅོས་པ་མེད་པའི་རང་བཞིན་ངང་གིས་གསང།། སྐྱེ་མེད་བཅོས་པ་མེད་པའི་དབང།། རྫོགས་ཆེན་དབང་པོ་རབ་ཏུ་གྱུར་པ་ལ། ། ཆོས་སྐུ་རང་གསལ་བུམ་པས་དབང་བསྐུར་པས།། ཆོས་སྐུ་འགྱུར་བ་མེད་པའི་བྱིན་བརླབས་ཏེ།། སངས་རྒྱས་ཆོས་སྐུར་དབང་བསྐུར་ཐོབ་གྱུར་པའོ།། རང་བྱུང་ཡེ་ཤེས་དབང་བསྐུར་བྱིན་བརླབས་པས། ། མ་སྐྱེས་མི་འགྱུར་ཡེ་ཤེས་ཡེ་ཉིད་བུམ།། མ་བཅོས་པ་ཡི་རང་བཞིན་ཡེ་ཤེས་གཉིས་མེད་པ།། མ་སྐྱེས་མི་འགྱུར་ཡེ་ཤེས་བུམ་པའི་དབང།། རྫོགས་ཆེན་དབང་པོ་རབ་ཏུ་གྱུར་པ་ལ།། རང་བྱུང་ཡེ་ཤེས་དབང་བསྐུར་བྱིན་བརླབས་པས། ། རང་བྱུང་ཡེ་ཤེས་མི་འགྱུར་བྱིན་བརླབས་ཏེ།། སྐུ་ཡི་ཡེ་ཤེས་གསུང་གི་དབང་བསྐུར་པའོ།། ཆོས་སྐུ་ཡེ་ཤེས་གཉིས་མེད་བུམ་དབང་ནི།། སྐྱེ་མེད་མ་སྐྱེ་གཉིས་མེད་ཡེ་ཉིད་བུམ། ། བཅོས་མེད་མ་བཅོས་གཉིས་མེད་རང་གསལ་བས།། ཆོས་སྐུ་ཡེ་ཤེས་གཉིས་མེད་བུམ་པའི་དབང།། རྫོགས་ཆེན་དབང་པོ་རབ་ཏུ་གྱུར་པ་ལ།། སྐྱེ་མེད་མ་སྐྱེས་གཉིས་མེད་དབང་བསྐུར་བས།། གཉིས་མེད་ཐིག་ལེ་ཆེན་པོར་བྱིན་བརླབས་པས། ། སྐུ་ཡི་ཐུགས་ཀྱི་གཉིས་མེད་དབང་བསྐུར་རོ།། མིང་མེད་གཉིས་མཚོན་བུམ་པའི་བྱིན་བརླབས་ནི།། ཆོས་སྐུ་ཡེ་ཤེས་མིང་མེད་བརྡ།། མིང་མེད་གསུམ་པོ་མཚོན་པས་བརྡ་དང་དབང། ། མིང་མེད་གསུམ་གྱི་ངང་དུ་བྱིན་བརླབས་ཏེ།། མིང་མེད་ལྷུན་གྲུབ་བརྡ་ཡིས་དབང་བསྐུར་རོ།། རང་བཞིན་ལྷུན་གྲུབ་གསང་བའི་དབང་ལ་རྣམ་བཞི་སྟེ།། ཆོས་སྐུ་གསང་བའི་དབང་བསྐུར་བྱིན་བརླབས་ནི། ། སྤྲོས་མེད་རང་གསལ་རྫོགས་ཆེན་ཡེ་ཉིད་དབང།། བརྗོད་དུ་མེད་པའི་རང་བཞིན་རང་གསལ་བ།། སྤྲོས་མེད་བརྗོད་དུ་མེད་པའི་གསང་བ་ཉིད།། རང་བཞིན་ལྷུབ་གྲུབ་ཆོས་སྐུ་གསང་བའི་དབང།། རྫོགས་ཆེན་དབང་པོ་རབ་ཏུ་གྱུར་པ་ལ། ། ཆོས་སྐུ་རང་གསལ་གསང་བའི་དབང་བསྐུར་བས།། ཆོས་སྐུ་སྤྲོས་པ་མེད་པའི་བྱིན་བརླབས་ཏེ།། ཆོས་སྐུ་གསང་དབང་ཆོས་སྐུར་དབང་བསྐུར་བའོ།། རང་བྱུང་ཡེ་ཤེས་གསང་བའི་དབང་བསྐུར་བས། ། མ་སྤྲོས་ཡེ་ཤེས་ཆེན་པོར་བྱིན་བརླབས་ཏེ།། རང་བྱུང་ཡེ་ཤེས་གསང་བའི་དབང་བསྐུར་བའོ།། ཆོས་སྐུ་ཡེ་ཤེས་གསང་བའི་དབང་གཉིས་མེད་ནི།། སྤྲོས་མེད་མ་བཅོས་གཉིས་མེད་ཡེ་ཉིད་གསང། ། བརྗོད་མེད་མ་བརྗོད་དབྱེར་མེད་རང་གསལ་བ།། ཆོས་སྐུ་ཡེ་ཤེས་གཉིས་མེད་གསང་བ་ཉིད།། རང་བཞིན་ལྷུན་གྲུབ་གཉིས་མེད་གསང་བའི་དབང།། རྫོགས་ཆེན་དབང་པོ་རབ་ཏུ་གྱུར་པ་ལ།། ཆོས་སྐུ་ཡེ་ཤེས་དབྱེར་མཻད་དབང་བསྐུར་བས། ། སྤྲོས་མེད་མ་སྤྲོས་གཉིས་མེད་བྱིན་བརླབས་ཏེ།། གཉིས་མེད་གསང་བའི་དབང་བསྐུར་བའོ།། མིང་མེད་གསུམ་མཚོན་དབང་བསྐུར་བ་ནི།། ཆོས་སྐུ་མིང་མེད་གསང་དབང་མཚན་པ་དང། ། ཡེ་ཤེས་མིང་མེད་གསང་དབང་མཚོན་པ་དང།། གཉིས་མེད་མིང་མེད་གསང་དབང་མཚོན་པའི་དབང།། མིང་མེད་དབང་གསུམ་གསང་དབང་མཚོན་པའི་དབང།། རྫོགས་ཆེན་དབང་པོ་ཡང་རབ་གྱུར་པ་ལ། ། མིང་མེད་གསང་དབང་མཚོན་པའི་དབང་བསྐུར་བས།། མིང་མེད་གསུམ་གྱི་ངང་དུ་བྱིན་བརླབས་ཏེ།། མིང་གསུམ་མེད་པ་བརྡ་ཡི་དབང་བསྐུར་བའོ།། ཤེས་རབ་ཡེ་ཤེས་ལྷུན་གྲུབ་དབང་ལ་རྣམ་བཞི་སྟེ། ། གཡོ་མེད་རང་གསལ་སྐྱེ་མེད་བྱིན་བརླབས་ཉིད།། འགྱུར་མེད་པའི་རང་བཞིན་རང་གསལ་ཡེ།། བཅོས་པ་མེད་པའི་ཆོས་ཉིད་བདེ་བར་ཤེས།། བཅོས་པ་མེད་པའི་ཤེས་རབ་ཡེ་ཤེས་ནི།། ཆོས་སྐུ་ལྷུན་གྲུབ་ཤེས་རབ་ཡེ་ཤེས་དབང། ། རྫོགས་ཆེན་དབང་པོ་རབ་ཏུ་གྱུར་པ་ལ།། ཆོས་སྐུ་ཤེས་རབ་ཡེ་ཤེས་དབང་བསྐུར་བས། ཆོས་སྐུ་འགྱུར་བ་མེད་པའི་བྱིན་བརླབས་ཏེ།། ཆོས་སྐུ་བདེ་བ་ཆེན་པོ་དབང་བསྐུར་བའོ། ། མ་བཅོས་རང་གསལ་མ་སྐྱེས་ཤེས་རབ་ཉིད།། མི་འགྱུར་བ་ཡི་རང་བཞིན་ཡེ།། མ་བཅོས་པ་ཡི་རང་བཞིན་བདེ་བར་ཤེས།། ཡེ་ཤེས་ལྷུན་གྲུབ་ཤེས་རབ་ཡེ་ཤེས་དབང།། རྫོགས་ཆེན་དབང་པོ་རབ་ཏུ་གྱུར་པ་ལ། ། ལྷུན་གྲུབ་ཤེས་རབ་ཡེ་ཤེས་དབང་བསྐུར་བས།། ཡེ་ཤེས་མི་འགྱུར་བ་ཡི་དབང་དུ་བྱིན་བརླབས་ཏེ།། རང་བྱུང་ཡེ་ཤེས་བདེ་བའི་དབང་བསྐུར་པའོ།། གཡོ་མེད་མི་གཡོ་གཉིས་མེད་ཤེས་རབ་ཉིད།། འགྱུར་མེད་མི་འགྱུར་གཉིས་མེད་རང་བཞིན་མེད། ། བཅོས་མེད་མ་བཅོས་དབྱེར་མེད་ལྷུན་གྲུབ་ཤེས།། གཉིས་མེད་ལྷུན་གྲུབ་ཤེས་རབ་ཡེ་ཤེས་དབང།། རྫོགས་ཆེན་དབང་པོ་རབ་ཏུ་གྱུར་པ་ལས།། གཉིས་མེད་ཤེས་རབ་ཡེ་ཤེས་དབང་བསྐུར་བས། ། གཡོ་མེད་གཉིས་མེད་བྱིན་བརླབས་ཏེ།། གཉིས་མེད་ཤེས་རབ་ཡེ་ཤེས་དབང་བསྐུར་བའོ།། མིང་མེད་གསུམ་མཚོན་ཤེས་རབ་དབང།། རྫོགས་ཆེན་དབང་པོ་རབ་ཏུ་གྱུར་པ་ལས། ། མིང་མེད་གསུམ་གྱི་བརྡ་ཡི་དབང་བསྐུར་བས།། མིང་མེད་གསུམ་གྱི་དབང་བསྐུར་བྱིན་བརླབས་ཏེ།། མིང་མེད་གསུམ་མཚོན་བརྡ་ཡི་དབང་བསྐུར་རོ།། བརྡ་ཡི་དབང་བསྐུར་ལ་ཡང་རྣམ་བཞི་སྟེ།། ཆོས་སྐུ་མིང་མེད་ཆོས་སྐུ་མཚོན་བརྡ་དང། ། ཡེ་ཤེས་མིང་མེད་བརྡ་ཡི་དབང་བསྐུར་དང།། དབྱེར་མེད་གསུམ་ལ་སོགས་པའི་དབང་བསྐུར་བས།། མིང་མེད་མཚོན་པ་མེད་པར་བྱིན་བརླབས་ཏེ།། ནམ་མཁའི་མིང་མེད་བརྡ་ཡི་དབང་བསྐུར་བའོ། ། ཞལ་བསྟན་འབྲས་བུའི་ངེས་པ་ལ་ཡང་རྣམ་བཞི་སྟེ།། སྤྱི་དང་ཁྱད་པར་གཉིས་ཀྱི་ཞལ་བསྟན་པའོ།། སྤྱི་ཡི་རང་བཞིན་ཆོས་སྐུ་ཞལ་བསྟན་པའོ།། ནམ་མཁའི་ངང་དུ་མིང་བཏགས་ནམ་མཁའ་ཡི། ། ནམ་མཁའི་སྙིང་པོ་ནམ་མཁའ་ལྟར་བྱས་ནས།། དེ་ཚེ་ནམ་མཁའི་ཉིད་དུ་འགྱུར་པའོ།། འབྲས་བུ་སངས་རྒྱས་ཉིད་དུ་ངེས་ཐོབ་པའོ།། ཁྱད་པར་ཞལ་བསྟན་པ་ལ་ཡང་རྣམ་གསུལ་སྟེ།། རང་བཞིན་ལྷུན་གྲུབ་ཆོས་སྐུའི་ཞལ་བསྟན་པ། ། ནམ་ནི་ཆོས་སྐུ་རིག་བྱེད་ཆོས་སྐུའི་རང་བཞིན་ཏེ།། ལྷུན་གྲུབ་རང་བྱུང་མཁའ་ལ་ལྟར་བྱས་ནས།། དེ་ཚེ་རང་བྱུང་ཡེ་ཤེས་ཉིད་དང་དབྱེར་མེད་པའོ།། འབྲས་བུས་རང་བྱུང་ཡེ་ཤེས་ངེས་ཐོབ་པའོ། ། ཆོས་སྐུ་ཡེ་ཤེས་དབྱེར་མེད་ཞལ་བསྟན་པའོ།། ནམ་ནི་རིག་མེད་ཆོས་སྐུའི་རང་བཞིན་དང།། མཁའ་ནི་རང་བྱུང་ཡེ་ཤེས་རང་བཞིན་དང།། གཅིག་དང་ཐ་དད་དག་ལས་གྲོལ་འགྱུར་ཏེ། ། གཉིས་མེད་མི་འབྲལ་ནང་དུ་ལྟས་བྱས་ན།། དེ་ཚེ་གཉིས་མེད་གཉིས་སུ་མེད་པར་འགྱུར།། ཆོས་སྐུ་གཉིས་མེད་ཆེན་པོ་ངེས་པར་ཐོབ།། དབང་བཞི་རྫོགས་ཆེན་ཉིད་དུ་བཀྲོལ་པའོ།། དབང་བསྐུར་བཞི་ཡི་དབང་སྡེའོ། ། སྣང་བ་རྒྱས་འདེབས་དབང་བསྐུར་ནི།། ཕྱི་ནང་གཉིས་མེད་སྣང་ཞིག་སྲིད་པའི་ཆོས།། ཆོས་རྣམས་དབྱེ་བ་མེད་པར་དབང་བསྐུར་རོ།། ཆོས་ཉིད་མ་ལ་བུ་ཡི་དབང་བསྐུར་བས།། མ་ལ་བུ་ཐིམ་ངོ་སྤྲོད་དབྱེར་མེད་པས། ། འཁྲུལ་གཅོད་ཆོས་ཉིད་ངང་དངས་བྱིན་བརླབས་ཏེ།། སྙིང་པོ་ཆོས་སྐུའི་ཀློང་དུ་དབང་བསྐུར་བས།། གཉིས་མེད་བདེ་བ་ཆེན་པོར་སངས་རྒྱས་སོ།། སྣང་བའི་དངོས་པོ་སེམས་ཀྱི་ཀློང་དུ་ཐིམ། ། གཉིས་མེད་དགག་བསྒྲུབ་མེད་པར་དབང་བསྐུར་བས།། དབྱེ་བསལ་མེད་པར་ཀུན་ཁྱབ་སངས་རྒྱས་སོ།། ཕྱི་ནང་གཉིས་མེད་ཐིག་ལེ་དག་གི་ངང།། གཉིས་མེད་བྱང་ཆུབ་སེམས་སུ་དབང་བསྐུར་བས། ། ཐམས་ཅད་སེམས་ཉིད་དབྱིངས་སུ་སངས་རྒྱས་སོ།། དབང་བསྐུར་འབྲས་བུ་ངེས་པར་ཐོབ་པའོ།། རིན་ཆེན་ཆུ་གྲི་འབར་བ་ཡིས།། དབང་སྡེ་དེ་རྣམས་སྤྲོས་གཅོད་ནི།། ཀུན་གཞི་སེམས་ཉིད་ཀློང་དཀྱིལ་དུ། ། ཐམས་ཅད་ཁྱབ་བརྡལ་འུབ་ཆུབ་པས།། ཐིག་ལེ་ཉག་གཅིག་དབང་བསྐུར་པས།། ཆོས་སྐུ་ཐིག་ལེ་ཆེན་པོར་སྤྲོས་པ་ཆོད།། སྣང་བ་ཆོས་ཉིད་དཀྱིལ་འཁོར་དུ།། སྒོ་ལྔ་རྟོག་མེད་ཡེ་ཤེས་རང་ཤར་བས། ། རང་བྱུང་རང་བརླབས་རང་དངས་དབང་བསྐུར་བས།། ཡེ་ཤེད་ཟང་ཐལ་ཆེན་པོར་སྤྲོས་པ་ཆོད།། སྒོ་ལྔ་ཟང་ཐལ་ཆེན་པོ་ལ།། རིག་ཡིད་སེམས་ཀྱི་རྟོག་པ་མ་བཅུག་ན།། གཉིས་མེད་ཆེན་པོར་དབང་བསྐུར་བས། ། ངང་དངས་རང་སངས་ཆེན་པོར་སྤྲོས་པ་ཆོད།། རིག་པ་ཡུལ་ལ་མ་གཟུང་ན།། གཟལ་དག་འཛིན་མེད་དབང་བསྐུར་བས།། གསལ་གདངས་ཆེན་པོར་སྤྲོས་པ་ཆོད།། བརྗོད་མེད་དོན་གྱི་དཀྱིལ་འཁོར་དུ། ། བསམ་བརྗོད་མཚོན་ལས་འདས་པ་སྟེ།། མིང་བཏགས་མེད་པར་དབང་བསྐུར་བས།། བརྗོད་ཚད་དྲན་ཚད་ངེས་ཚད་ཀུན།། བློ་བཏགས་རྟོག་པའི་ཚིག་ཡིན་ཏེ།། ཡང་དག་དོན་ལ་ཡི་གེ་མེད།། དོན་དམ་འགྱུར་མེས་སྙིང་པོའི་དབང་བསྐུར་བས། ། དོན་ལ་མེད་ཀྱིས་སྤྲོས་པ་ཆོད།། མེད་པ་ཡོད་མཐའི་སྤྲོས་པ་ཆོད།། གཉིས་མེད་གཉིས་མཐའི་སྤྲོས་པ་ཆོད།། དབང་གི་སྡེ་ཚན་ཇི་སྙེད་ཀུན།། བྱང་ཆུབ་སེམས་ཀྱི་ཆོ་འཕྲུལ་ཏེ། ། ཀུན་གཞི་སྤྲོས་བྲལ་ཀློང་དུ་འདུས།། དབྱེར་མེད་དབང་ཆེན་བརྗོད་མེད་ཀློང་དུ་འདུས།། གཉིས་མེད་ཆེན་པོར་དབང་བསྐུར་བས།། འགྱུར་བ་མེད་པར་ཡེ་སངས་རྒྱས།། དབྱེ་གསལ་མེད་པར་དབང་རྣམས་ཐོབ། ། རང་སེམས་རང་གསལ་དབང་ཐོབ་པས།། རང་དབང་རང་གིས་ཐོབ་པས་དབང་གི་རྒྱལ་པོ་ཡིན།། སེམས་ཀྱི་ཆོས་རྣམསདབང་བསྐུར་བས།། བསྐུར་བྱ་མེད་པར་སྤྲོས་པ་ཆོད།། བསྐུར་བ་མེད་པར་སྤྲོས་པ་ཆོད། ། ཅེས་གསུངས་སོ།། རིན་པོ་ཆེ་གསེར་གྱི་སྤུ་གྲི་འབར་བས་དབང་སྡེ་སྤྲོས་པ་གཅོད་པ་ཞེས་བྱ་བ་རྫོགས་སོ།།།། རྒྱ་གར་གུ་རུ་པདྨ་ཡིས།། དབང་སྡེ་སྤྲོས་པ་གཅོད་པ་རྣམས།། ཀ་བ་དཔལ་བརྩེགས་རྒྱལ་པོ་ཉིད་ལ་གཏད། ། གཞན་ལ་མི་བསྟན་སྡིག་ཏུ་འགྱུར།། སྤེལ་བའི་གནས་མེད་ས་ཡི་གཏེར་དུ་སྦེད།། ལས་འཕྲོ་ཅན་དང་འཕྲད་པར་ཤོག། བཀའ་རྒྱ།། གཏེར་རྒྱ།། གཏད་རྒྱའོ།།།། ཨྠི+ྀ།། རྒྱ་གར་སྐད་དུ། ། བོད་སྐད་དུ།། རིན་པོ་ཆེ་གཟོང་ཆེན་འབར་བས་ཆོས་སྡེའི་སྤྲོས་པ་གཅོད་པ་ཞེས་བྱ་བ།། མཚོན་མེད་བརྗོད་ལས་འདས་པ་ཆོས་ཀྱི་སྐུ་ལ་ཕྱག་འཚལ་ལོ།། རྡོ་རྗེ་སེམས་དཔའ་ལ་སོགས་པ། ། རིན་ཆེན་གཟོང་ཆེན་འབར་བ་ཡི།། ཆོས་སྡེ་སྤྲོས་གཅོད་བསྟན་པར་བྱ།། སྙིང་པོ་རང་བཞིན་འགྱུར་མེད་བརྗོད་མེད་ཀྱང།། སྣང་ཚིལ་མ་འགགས་ཆོས་སྡེ་ཇི་སྙེད་བྱུང།། བྱུང་ཡང་གཞི་ལས་གཡོས་པ་མེད། ། གཡོས་པ་མེད་པའི་རང་བཞིན་ལ།། རྩལ་སྣང་འགག་པ་མེད་པ་ཡིས།། ཆོས་སྡེ་རྣམ་པ་གཉིས་སུ་སྣང།། མཚན་ཉིད་འཛིན་པའི་ཆོས་སྡེ་དང།། རྣམ་པར་དཀར་བའི་ཆོས་སྡེའོ།། མཚན་ཉིད་འཛིན་པའི་ཆོས་སྡེ་ནི། ། རླུང་གི་མཚན་ཉིད་འཛིན་པའི་ཆོས་སྡེ་དང།། ས་ཡིས་མཚན་ཉིད་འཛིན་པའི་ཆོས་སྡེ་དང།། ཆུ་ཡི་མཚན་ཉིད་འཛིན་པའི་ཆོས་སྡེ་དང།། མེ་ཡི་མཚན་ཉིད་འཛིན་པའི་ཆོས་སྡེ་དང།། ནམ་མཁའི་ཉིད་འཛིན་པའི་ཆོས་སྡེ་དང། ། རི་རབ་གླིང་བཞིར་འཛིན་པའི་ཆོས་སྡེ་དང།། ཕྱོགས་མཚམས་ཁ་དོག་འཛིན་པའི་ཆོས་སྡེ་དང།། རྩི་ཤིང་ནགས་ཚལ་འཛིན་པའི་ཆོས་སྡེ་དང།། མཚོན་པའི་མཚན་ཉིད་འཛིན་པའི་ཆོས་སྡེ་དང། ། ཡི་གེའི་མཚན་ཉིད་འཛིན་པའི་ཆོས་སྡེ་དང།། མིང་གི་མཚན་ཉིད་འཛིན་པའི་ཆོས་སྡེ་དང།། བརྗོད་པའི་མཚན་ཉིད་འཛིན་པའི་ཆོས་སྡེ་དང།། བཏགས་པའི་མཚན་ཉིད་འཛིན་པའི་ཆོས་སྡེ་དང།། སྐྱེ་བའི་མཚན་ཉིད་འཛིན་པའི་ཆོས་སྡེ་དང། ། ལྷ་རུ་སྐྱེ་བའི་མཚན་ཉིད་འཛིན་པའི་ཆོས་སྡེ་དང།། ལྷ་མ་ཡིན་དུ་སྐྱེ་བའི་མཚན་ཉིད་འཛིན་པའི་ཆོས་སྡེ་དང།། མི་རུ་སྐྱེ་བའི་མཚན་ཉིད་འཛིན་པའི་ཆོས་སྡེ་དང། ། བྱོལ་སོང་དུ་སྐྱེ་བའི་མཚན་ཉིད་འཛིན་པའི་ཆོས་སྡེ་དང།། ཡི་དྭགས་སུ་སྐྱེ་བའི་མཚན་ཉིད་འཛིན་པའི་ཆོས་སྡེ་དང།། དམྱལ་བར་སྐྱེ་བའི་མཚན་ཉིད་འཛིན་པའི་ཆོས་སྡེ་དང།། འགྲོ་བ་རིགས་དྲུག་ཏུ་སྐྱེ་བའི་མཚན་ཉིད་འཛིན་པའི་ཆོད་སྡེའོ། ། རྗེ་རིགས་ཀྱི་མཚན་ཉིད་འཛིན་པའི་ཆོས་སྡེ་དང།། རྒྱལ་རིགས་སུ་འཛིན་པའི་ཆོས་དང།། བྲམ་ཟེའི་རིགས་འཛིན་པའི་ཆོས་དང།། དམངས་རིགས་སུ་འཛིན་པའི་ཆོས་དང།། དེ་ལྟར་མི་རིགས་བཞི་པོ་ལས། ། སྨན་གྱི་གྲུབ་མཐའ་འཛིན་པའི་ཆོས་དང།། ལྷ་བཟོའི་མཚན་ཉིད་འཛིན་པའི་ཆོས་དང།། ཤིང་བཟོའི་མཚན་ཉིད་འཛིན་པའི་ཆོས་དང།། ལྕགས་བཟོའི་མཚན་ཉིད་འཛིན་པའི་ཆོས་དང། ། རྡོ་བཟོའི་མཚན་ཉིད་འཛིན་པའི་ཆོས་དང།། ལུགས་བཟོའི་མཚན་ཉིད་འཛིན་པའི་ཆོས་དང།། རྫ་མཁན་གྱི་མཚན་ཉིད་འཛིན་པའི་ཆོས་དང།། སྲིད་པ་ལུགས་བཟོའི་མཚན་ཉིད་འཛིན་པའི་ཆོས་དང།། གཞུ་མཁན་གྱི་མཚན་ཉིད་འཛིན་པའི་ཆོས་དང། ། མདའ་མཁན་གྱི་མཚན་ཉིད་འཛིན་པའི་ཆོས་དང།། གོས་བཟོའི་མཚན་ཉིད་འཛིན་པའི་ཆོས་དང།། འཕྲུལ་བཟོའི་མཚན་ཉིད་འཛིན་པའི་ཆོས་དང། མ། གདུངས་བྱེད་ལག་གི་མཚན་ཉིད་འཛིན་པའི་ཆོས་དང། ། འབྱུང་བ་དུས་ཀྱི་བཟོའི་ཆོས་དང།། དེ་སོགས་བཟོའི་ཆོས་སྡེའོ།། རྩལ་སྣང་རིག་སེམས་ཆོས་སྡེ་ནི།། འབྱེད་པའི་ཆོས་སྡེ་དང།། འདུ་བའི་ཆོས་སྡེ་དང།། འཁྲུལ་བའི་ཆོས་སྡེ་དང། ། ཞི་བའི་ཆོས་སྡེ་དང། འཐབ་པའི་ཆོས་སྡེ་དང།། མཛའ་བའི་ཆོས་སྡེ་དང།། རྩོད་པའི་ཆོས་སྡེ་དང།། མཐུན་པའི་ཆོས་སྡེ་དང།། གཉིས་པའི་ཆོས་སྡེ་ལ་སོགས་མཐའ་དག་ཀུན།། ཐམས་ཅད་གཟུང་འཛིན་མཚན་ཉིད་འཛིན་པའི་ཆོས། ། རིན་ཆེན་གཟོང་ཆེན་འབར་བ་ཡིས།། དེ་དག་ཐམས་ཅད་རྩད་ནས་གཅོད།། བཏགས་པ་ཡིན་གྱིས་སྤྲོས་པ་ཆོད།། བཟུང་དུ་མེད་ཀྱི་སྤྲོས་པ་ཆོད།། བརྗོད་པ་མེད་ཀྱིས་སྤྲོས་པ་ཆོད། ། ལྷ་ཡི་ཆོས་མེད་སྤྲོས་པ་ཆོད།། ཀླུ་ཡི་ཆོས་མེད་སྤྲོས་པ་ཆོད།། བདུད་ཀྱི་ཆོས་མེད་སྤྲོས་པ་ཆོད།། གནོད་སྦྱིན་ཆོས་མེད་སྤྲོས་པ་ཆོད།། མི་ཡི་ཆོས་མེད་སྤྲོས་པ་ཆོད།། ལྟོ་འཕྱེའི་ཆོས་མེད་སྤྲོས་པ་ཆོད།། འབྱུང་པོའི་ཆོས་མེད་སྤྲོས་པ་ཆོད། ། ནམ་མཁའ་ལྡིང་གི་ཆོས་མེད་སྤྲོས་པ་ཆོད།། དྲི་ཟའི་ཆོས་མེད་སྤྲོས་པ་ཆོད།། གྲུལ་བུམ་ཆོས་མེད་སྤྲོས་པ་ཆོད།། སྐྱེས་པའི་ཆོས་མེད་སྤྲོས་པ་ཆོད།། བུད་མེད་ཆོས་མེད་སྤྲོས་པ་ཆོད། མ་ནང་ཆོས་མེད་སྤྲོས་པ་ཆོད།། བདག་གི་ཆོས་མེད་སྤྲོས་པ་ཆོད།། གཞན་གྱི་ཆོས་མེད་སྤྲོས་པ་ཆོད།། ཕ་ཡི་ཆོས་མེད་སྤྲོས་པ་ཆོད།། མ་ཡི་ཆོས་མེད་སྤྲོས་པ་ཆོད།། བུ་ཡི་ཆོས་མེད་སྤྲོས་པ་ཆོད།། ཕུ་ནུའི་ཆོས་མེད་སྤྲོས་པ་ཆོད། ། ཡུལ་གྱི་ཆོས་མེད་སྤྲོས་པ་ཆོད།། ཁྱིམ་གྱི་ཆོས་མེད་སྤྲོས་པ་ཆོད།། དགྲ་ཡི་ཆོས་མེད་སྤྲོས་པ་ཆོད།། དབང་ཕྱུག་ཆོས་མེད་སྤྲོས་པ་ཆོད།། ཚངས་པའི་ཆོས་མེད་སྤྲོས་པ་ཆོད།། རྟོགས་འདོད་ཆོས་མེད་སྤྲོས་པ་ཆོད། ། རྒྱལ་རིགས་ཆོས་ཀྱི་སྤྲོས་པ་ཆོད།། རྗེ་རིགས་ཆོས་ཀྱི་སྤྲོས་པ་ཆོད།། བྲམ་ཟེའི་རིགས་ཀྱི་ཆོས་ཀྱི་སྤྲོས་པ་ཆོད།། དམང་རིགས་ཆོས་སྡེའི་སྤྲོས་པ་ཆོད།། འབྱུང་ལྔའི་ཆོས་སྡེའི་སྤྲོས་པ་ཆོད། ། གླིང་བཞི་རི་རབ་སྤྲོས་པ་ཆོད།། ཕྱོགས་མཚམས་ཁ་དོག་སྤྲོས་པ་ཆོད།། སྲིད་པ་ལུགས་བཟོའི་སྤྲོས་པ་ཆོད།། འབྱུང་བ་དུས་བཟོའི་སྤྲོས་པ་ཆོད།། རིག་པ་འཕྲུལ་བཟོའི་སྤྲོས་པ་ཆོད།། འདུ་བྱེད་ལག་བཟོའི་སྤྲོས་པ་ཆོད། ། དེ་སོགས་མཚན་ཉིད་འཛིན་པ་ཡི།། ཆོས་དང་སྤྲོས་ཆོས་བསྟན་པའོ།། གཱ་རྟ་ཐ་ཝ་རྒྲ་གཱ།། རྣམ་པར་དཀར་བའི་ཆོས་སྡེ་ནི།། བསམ་ཡས་བརྒྱད་ཁྲི་བཞི་སྟོང་ངོ།། དེ་བསྡུས་རིམ་པ་དགུ་ཡིན་ནོ། ། དེ་བསྡུས་རྣམ་པ་གཉིས་སུ་གསུང།། འཇིག་རྟེན་པ་དང་འཇིག་རྟེན་འདས།། འཇིག་རྟེན་པ་ཡི་ཐེག་པ་ནི།། ཕྱི་པ་མུ་སྟེགས་ཆོས་སྡེའོ།། འཇིག་རྟེན་འདས་པའི་ཆོས་སྡེ་ཡང།། རྣམ་པ་གཉིས་སུ་ཤེས་པར་བྱ། ། གསང་སྔགས་པ་དང་མཚན་ཉིད་པ།། མཚན་ཉིད་ཐེག་པ་རྣམ་གསུམ་སྟེ།། འཕགས་པ་ཉན་ཐོས་ཆོས་སྡེ་དང།། རང་སངས་རྒྱས་ཀྱི་ཆོས་སྡེ་དང།། བྱང་ཆུབ་སེམས་དཔའི་ཆོས་སྡེ་འོ།། འབྲས་བུ་གསང་སྔགས་ཆོས་སྡེ་ཡང། ། རྣམ་པ་གཉིས་སུ་ཤེས་པར་བྱ།། ཕྱི་པ་ཐུབ་པའི་རྒྱུད་དང་ནི།། ནང་པ་ཐབས་ཀྱི་རྒྱུད་ཡིན་ནོ།། ཕྱི་པ་ཡང་རྣམ་གསུམ་སྟེ།། བྱ་བའི་རྒྱུད་དང་སྤྱོད་པའི་རྒྱུད།། རྣལ་འབྱོར་རྒྱུད་དང་གསུམ་ཡིན་ནོ། ། ནང་པ་ལ་ཡང་རྣམ་གསུམ་སྟེ།། བསྐྱེད་པའི་ཚུལ་དང་རྫོགས་པའི་ཚུལ།། རྫོགས་པ་ཆེན་པོ་གསུམ་ཡིན་ནོ།། དེ་ལ་འཇིག་རྟེན་པ་ཡི་ཐེག་པ་ནི།། སུམ་བརྒྱ་དྲུག་ཅུ་གྲངས་མེད་མོད།། དེ་ལ་ལྟ་བ་བསྡུས་པ་ནི། ། འཇིག་ཚོགས་དྲུག་ཅུ་རྩ་གཉིས་ཡོད།། སྔོན་གྱི་མཐའ་རྟོག་བཅོ་བརྒྱད་དང།། ཕྱི་མའི་མཐའ་ལ་རྟོག་པ་ཡི།། བཞི་བཅུ་རྩ་གཉིས་གྲངས་སུ་ཡོད།། སྔོན་གྱི་མཐའ་རྟོག་བཅོ་བརྒྱད་ལ།། རྟག་པར་ལྟ་བ་བཞི་དང། ། ལྷ་མི་སྤོང་བའི་ལྟ་བ་བཞི་དང།། རྒྱུ་མེད་པར་སྨྲ་བ་གཉིས་སོ།། རྟག་པར་ལྟ་བ་བཞི་ནི།། བདག་དང་འཇིག་རྟེན་བར་གྱི་བསྐལ་པ་ཉི་ཤུར་རྟག་ཟེར་བ་དང།། བཞི་བཅུར་རྟག་ཟེར་བ་དང།། བརྒྱད་ཅུར་རྟག་ཟེར་བ་དང། ། ལྷའི་མིག་གི་རྣམ་པར་ཤེས་པས་སེམས་ཅན་གྱི་ཁ་དོག་དང།། དབྱིབས་བར་གྱི་བསྐལ་པ་དྲུག་མཐོང་ནས་རྟག་ཟེར་བའོ།། ཁ་ཅིག་རྟག་པར་ལྟ་བ་བཞི་ནི།། འབྱུང་བ་མི་རྟག་སེམས་རྟག་ཟེར་བ་དང། ། ལྷ་མི་རྟག། འཁྲུག་པ་མི་རྟག། གཞན་རྟག་ཟེར་བ་དང།། ལྷ་རྩེད་མོ་འགྲུབ་མི་རྟག་གཞན་རྟག་ཟེར་བ་དང།། ཚངས་ཆེན་མི་རྟག་གཞན་རྟག་ཟེར་བའོ།། ལྷ་མི་སྤོང་བ་བཞི་ནི།། ཤེས་པ་གཞན་ཞིང་མི་བླུན་པ་ནི། ། རྫུན་དུ་སྨྲ་བས་འཇིགས་པས་གཏམ་རླུང་ལ་བསྐུར་བའོ།། བློ་རྣམ་པར་མ་སྦྱངས་པ་ནི་རྫུན་དུ་སྨྲ་བ་ལས་བྱུང་བའི་ལོག་པར་ལྟ་བས་འཇིགས་ནས་གཏམ་རླུང་ལ་བསྐུར་བའོ།། བྱ་བ་རྣམ་པར་མ་ངེས་པ་ནི། ། རྫུན་དུ་སྨྲ་བས་འཇིགས་ནས་གཏམ་རླུང་ལ་བསྐུར་བའོ།། ཕྱི་མའི་མཐའ་ལ་རྟོག་པ་དྲུག་ཅུ་རྩ་བཞི་ནི།། འདུ་ཤེས་ཡོད་པར་སྨྲ་བ་དྲུག། འདུ་ཤེས་མེད་པར་སྨྲ་བ་བརྒྱད།། འདུ་ཤེས་ཅན་ཡང་མ་ཡིན། ། འདུ་ཤེས་ཅན་མ་ཡིན་པར་མ་ཡིན་པ་བརྒྱད།། ཆད་པར་སྨྲ་བ་བདུན།། ཚེ་འདི་ལ་མྱ་ངན་ལས་འདའ་བར་སྨྲ་བ་དང་བརྒྱད་དོ།། དེ་ལ་འདུ་ཤེས་ཡོད་པར་སྨྲ་བ་དྲུག་ནི།། བདག་གཟུགས་ཅན་དུ་འདུ་ཤེས་ཅན་དང། ། བདག་གཟུགས་ཅན་མེད་པའི་འདུ་ཤེས་ཅན་དང།། བདག་གཟུགས་ཅན་ཡང་མ་ཡིན།། གཟུགས་ཅན་མ་ཡིན་པའི་འདུ་ཤེས་ཅན་དང།། བདག་མཐའ་དང་ལྡན་པའི་འདུ་ཤེས་ཅན་དང།། བདག་མེད་པའི་འདུ་ཤེས་ཅན་དང། ། མཐའ་ཡོད་པ་ཡོད་པ་མ་ཡིན་པ་དང།། མཐའ་མེད་པ་ཡང་མ་ཡིན་པའི་འདུ་ཤེས་ཅན་དང།། བདག་ཅིག་པའི་འདུ་ཤེས་ཅན་དང།། ཐ་དད་པའི་འདུ་ཤེས་ཅན་དང།། ཆུང་ངུའི་འདུ་ཤེས་ཅན་དང། ། ཆེན་པོའི་འདུ་ཤེས་ཅན་དང།། ཚད་མེད་པའི་འདུ་ཤེས་ཅན་དང།། སྡུག་བསྔལ་བའི་འདུ་ཤེས་ཅན་དང།། བདེ་བའི་དུ་ཤེས་ཅན་དང།། སྡུག་པའི་འདུ་ཤེས་ཅན་དང།། བདེ་བ་དང་སྡུག་བསྔལ་མ་ཡིན་པའི་འདུ་ཤེས་ཅན་ནོ། ། འདུ་ཤེས་མེད་པར་སྨྲ་བ་བརྒྱད་ནི།། བདག་གཟུགས་ཅན་དུ་འདུ་ཤེས་མེད་པ་དང།། བདག་གཟུགས་མ་ཡིན་པ་མེད་པའི་འདུ་ཤེས་མེད་པ་དང།། བདག་གཟུགས་ཅན་མ་ཡིན།། བདག་གཟུགས་ཅན་མ་ཡིན་པ་ཡང་མེད་པའི་འདུ་ཤེས་མེད་པ་དང། ། བདག་མཐའ་དང་ལྡན་པའི་འདུ་ཤེས་མེད་པ་དང།། བདག་མཐའ་མེད་པའི་འདུ་ཤེས་མེད་པ་དང།། བདག་མཐའ་དང་ལྡན་པ་ཡང་མ་ཡིན།། མཐའ་མེད་པ་ཡང་མ་ཡིན་པའི་འདུ་ཤེས་མེད་པ་དང། ། བདག་མཐའ་ཡོད་པ་ཡང་མ་ཡིན།། མཐའ་མེད་པ་ཡང་མ་ཡིན་པའི་འདུ་ཤེས་མེད་པ་དང་བརྒྱད་དོ།། འདུ་ཤེས་ཅན་ཡང་མ་ཡིན།། འདུ་ཤེས་ཅན་མ་ཡིན་པ་ཡང་མ་ཡིན་པ་ལྟ་བ་བརྒྱད་ནི། ། འདུ་ཤེས་ཡོད་པ་ཡང་མ་ཡིན།། འདུ་ཤེས་མ་ཡིན་པའི་ཡང་མ་ཡིན་པ་དང།། བདག་གཟུགས་ཅན་དུ་འདུ་ཤེས་པར་ཡང་མ་ཡིན།། འདུ་ཤེས་མ་ཡིན་པའི་ཡང་མ་ཡིན་པ་དང།། བདག་གཟུགས་ཅན་ཡང་མ་ཡིན། ། གཟུགས་ཅན་མ་ཡིན་པའི་ཡང་མ་ཡིན་པ་དང།། འདུ་ཤེས་ཅན་ཡང་མ་ཡིན།། འདུ་ཤེས་ཅན་མ་ཡིན་པ་ཡང་མ་ཡིན་འདུ་ཤེས་ཅན་མ་ཡིན་པ་དང།། བདག་མཐའ་དང་ལྡན་པའི་འདུ་ཤེས་ཅན་མ་ཡིན་པའི་ཡིན་པ་དང། རྟག་པ་པོ་དང།། གཅིག་པོ་དང།། རྒྱུ་མེད་པ་དང།། མཐའ་དང་ལྡན་པ་དང།། ལྷ་མི་སྤོང་བ་དང།། འདུ་ཤེས་མེད་པ་དང།། ཆད་པ་དང།། མྱ་ངན་ལས་འདས་པ་དང། ། རྨུགས་པ་དང།། རྨོངས་པ་དང།། རྟེག་པ་དང།། རེག་པ་དང།། ལོག་ལྟ་དང།། མཐར་འཛིན་པ་དང།། ཁྱབ་པ་དང།། འདྲེས་པ་དང།། སྔོན་གྱི་མཐའ་རྟོག་བཅོ་བརྒྱད་དང།། ཕྱི་མའི་མཐའ་ལ་རྟོག་པའི་རྩ་བ་བཞི་དང། ། སྡོམས་པས་དྲུག་ཅུ་རྩ་བཞིའི་གྲངས་རྙེད་དོ།། དེ་ལས་བསྡུས་པ་ཉི་ཤུ་སྟེ།། དེ་ལས་བསྡུས་པ་རྣམ་བཞི་ནི།། རྟག་ཆད་ཐུན་མོང་རིགས་བྱེད་གཙང་མ་བཞི།། རྟག་པར་བལྟ་བའི་ལྟ་ལུགས་ནི། ། སྙིང་པོའི་རང་བཞིན་འགྱུར་བ་མེད་པ་ལ།། མ་རྟོགས་ཡན་ལག་སྣང་ཚུལ་རྟག་པར་འདོད།། རྒྱུ་མེད་རང་རིག་ཕུང་པོ་ཡོད་པར་འདོད།། ཐམས་ཅད་བྱེད་པའི་རྟག་པ་ཆེན་པོར་འདོད།། རྟག་པར་འདོད་པའི་ཁ་དོག་དབྱིབས་ཀྱི་ཚད། ། ཁ་དོག་ཚད་ནི་དགར་འཚེར་སྣུམ་ལ་འདྲིལ།། ཚད་ནི་མཐེ་བོང་སྲན་མ་ཉུངས་འབྲུ་ཙམ།། ཆེ་ཆུང་དག་མི་ལུས་དང་སྦྱར་ནས་ཡོད།། ཆད་པར་ལྟ་བའི་ལྟ་ལུགས་ནི།། སྙིང་པོའི་རང་བཞིན་མ་རྟོག་ཆད་ལྟ་ནི། ། སྣང་ཚུལ་མ་འགགས་རིག་པར་སྣང་བ་སྟེ།། རིག་པ་བློ་བུར་སྣང་བ་ཡིན་པར་འདོད།། ཕྱི་མ་རིག་པ་སྐྱེ་གཞི་མེད་པར་འདོད།། དགེ་སྡིག་འབྲས་བུ་ཚེ་འདི་ཉིད་ལ་འོང།། བདེ་སྐྱིད་ནད་མེད་ཚེ་རིང་འབྲས་བུའོ། ། དགེ་བ་བྱས་པའི་འབྲས་བུས་དེ་ཡང་ཡིན།། མི་དགེ་སྡུག་བསྔལ་ཚེ་ཐུང་ནད་མང་ནི།། སྡིག་པ་བྱས་པའི་རྣམ་སྨིན་འབྲས་བུ་ཡང།། ལུས་ངག་ཡིད་གསུམ་སྒོ་ནས་དགེ་སྡིག་སྤྱོད།། ཚེ་འདི་ཉིད་ལ་སྨིན་ནས་འོང་པས་ན། ། མི་དགེ་སྤང་ཞིང་དགེ་བ་སྤྱད་པར་བྱ།། དགེ་སྡིག་གཉིས་ཀྱི་འབྲས་བུ་སོ་སོ་ཡང།། ཕྱི་མར་མི་འདོད་འབྲས་བུ་ད་ལྟ་འོང།། ཐུན་མོང་མུ་སྟེགས་ལྟ་བའི་འདོད་པ་ཡང།། ཆོས་སྐུ་མཉམ་པའི་ངོ་བོ་མ་ཤེས་པས། ། ཡན་ལག་སྣང་ཚུལ་རིག་པའི་བྱེ་བྲག་ལས།། རིག་པ་གཡོ་བ་རླུང་གིས་གཡོས་པ་ཡིན།། རླུང་གཡོས་པ་དེ་ཆིམ་མཆར་མ་གཡོས་པ།། རླུང་གིས་བཅུད་བྱས་རྩ་ནི་སྣོད་དུ་ཆགས། ། རླུང་གཡོས་བདེ་བ་མི་འཆར་ཡེ་བདེ་དང།། བདེ་བ་འདོད་པས་རླུང་བཀག་བདེ་བ་བསྒོམ།། རིགས་བྱེད་གཙང་མའི་མུ་སྟེགས་ལྟ་བ་ནི།། སྙིང་པོའི་རང་བཞིན་མ་རྟོགས་མ་ཤེས་པས།། སྣང་ཚུལ་རྩལ་གྱི་རིམ་པ་གསལ་བ་ལས། ། ཤེས་པའི་དངས་མའི་དངས་མ་གཅིག་ནི་ཡོད་པར་འདོད།། དོན་དམ་རང་བཞིན་ཤེས་པ་འགྱུར་བ་མེད།། རྟག་ཆད་རང་བཞིན་ཁ་དོག་དབྱིབས་ལས་འདས།། རྐྱེན་གྱིས་མི་ཤིགས་ཚིག་གིས་ཤེས་པར་དཀའ། ། རིག་པས་བརྟགས་ན་ཤེས་སུ་ཤེས་པར་སླ།། རྟག་ཆད་མཐའ་དང་བྲལ་བའི་དངས་མ་གཅིག། དེ་ནི་དོན་དམ་རང་བཞིན་ལྟ་བ་ཡིན།། མུ་སྟེགས་ལྟ་བའི་ཆོས་སྡེ་བསྟན་པའོ།། འཇིག་རྟེན་འདས་པའི་ཐེག་དགུ་ཡི། ། ཉན་ཐོས་མདོ་སྡེ་བསྟན་པ་ལ།། ཉན་ཐོས་ལ་ཡང་རྣམ་གཉིས་སོ།། བྱེ་བྲག་སྨྲ་དང་མདོ་སྡེ་པའོ།། བྱེ་བྲག་སྨྲ་བ་ཀུན་རྫོབ་ནི།། མུ་སྟེགས་ཀྱི་བདག་ལ་སོགས་པ་དང་འདུས་པར་སྣང་བའོ། ། དོན་དམ་པའི་འབྱུང་བ་དང།། འབྱུང་བ་ལས་གྱུར་པའི་རྡུལ་ཕྲ་རབ་ཆ་ཤས་མེད་པ་དང།། གཡག་རྔ་དང་ནེའུ་སིང་གི་ཚུལ་དུ་གནས་པ་དང།། དབང་པོ་དང་བས་མཐོང་བ་ལ།། ཤེས་པས་རྟོགས་སོ་ཟེར་ན། དེ་ལ་དོན་ནི་ཟུང་པ།། ཤེས་པ་ནི་འཛིན་པ་སྟེ།། གཟུང་འཛིན་དངོས་སུ་ཡོད་དོ་ཟེར་ཏེ།། དེ་ཡང་ཉམས་སུ་མྱོང་བའི་ཚད་མ་དང་འགལ་བ་དང།། གཅིག་དང་དུ་མས་འགལ་བའི་རིགས་པས་གནོད་དོ། ། ཉན་ཐོས་མདོ་སྡེ་པ་ཡང་དོན་འབྱུང་བ་དང།། འབྱུང་བར་གྱུར་པ་དང།། ཤེས་པ་ལྐོག་གྱུར་པར་ཡོད་ཟེར།། བྱེ་བྲག་ཏུ་སྨྲ་བ་ལས།། བྱེ་བྲག་ཏུ་དོན་ཅི་འདྲ་བའི་རྣམ་པའི་ནང་ནས་འཆར་བར་མྱོང་འདོད་དོ། ། དེ་ཡང་ལྐོག་ཏུ་གྱུར་པས།། གཟུང་འཛིན་ཁས་ལེན་ཏེ།། སྤྲུལ་པའི་ཉན་ཐོས་དང།། གྱུར་པའི་ཉན་ཐོས་དང།། བགྲོད་བཞི་པ་ཕྱོགས་གཅིག་པའི་ཉན་ཐོས་གསུམ་མོ།། ཉན་ཐོས་ལ་ཡང་སྡེ་བ་བཞི་དང།། སྡེ་བ་བཅོ་བརྒྱད་ལ་སོགས་པ་མང་ངོ། ། བྱེ་བྲག་པ་ལ།། མུ་སྟེགས་བྱེ་བྲག་པ་དང།། ཉི་འོག་བྱེ་བྲག་སྨྲ་བ་དང།། ཁ་ཆེ་བྱེ་བྲག་སྨྲ་བ་དང།། ཉན་ཐོས་བྱེ་བྲག་སྨྲ་བའོ།། རྟོགས་པའི་ལྟ་བ་ནི།། གང་ཟག་ལ་བདག་མེད་པར་ལྟ། ། དེ་ལ་མུ་སྟེགས་ནི།། ཐམས་ཅད་ཀྱི་བྱེད་པའོ།། བསྐྱེད་པ་པོ་མཐེ་བོང་ཙམ།། ཉུངས་འབྲུ་ཙམ་གསལ་ལ་དག་པ་ཤེལ་སྒོང་ཕྱིས་པ་འདྲ་བ་ཅིག་སྙིང་གི་དཀྱིལ་ན་ཡོད་བ་དེས་ཐམས་ཅད་དེས་བྱས་སོ་ཞེས་ཟེར་བ་དེ་ནི། ། ལས་དང་ཉོན་མོངས་པས་ནི་གང་ལ།། ཁམས་གསུམ་འཁོར་བར་འཛག་ཅིང་འབོ་བས་ནི།། གང་ཟག་དེ་ལ་མུ་སྟེགས་པ་གཅིག་པུར་ལྟ་ལ།། ཉན་ཐོས་པ་ནི་སེལ་གོལ་གཏོགས་པའི་ཆ་གཅིག་ལ་བརྒྱ་ཉི་ཤུ་ཁོག་པར་རྟོགས་སོ། ། ཡན་ལག་རིམ་པ་ཕྲ་བའི་ཤེས་པ་ལ།། ཕྱི་ཡི་ཡུལ་དང་རང་སེམས་སོ་སོར་མཐོང།། མཐོང་བའི་དབང་གིས་གཡག་རྔ་ནེ་སིངའདོད།། ཅེས་གསུངས་སོ།། དེ་ནས་འདས་པའི་རིམ་དགུ་ནི། ། བཀོལ་མདོ་རྣམ་པ་དྲུག་ཡོད།། དེ་ལ་ཉན་ཐོས་ཀྱི་འཇུག་པའི་སྒོ་ནི།། བདེན་པ་བཞིའི་སྒོ་ནས་འཇུག། བསྲུང་བའི་ཚུལ་ཁྲིམས་ནི་ཉིས་བརྒྱ་ལྔ་བཅུ་བསྲུང།། དགེ་སློང་མ་སུམ་བརྒྱ་དྲུག་ཅུ་བསྲུང།། རྟོགས་པར་བྱེད་པའི་ལྟ་བ་ནི་མུ་སྟེགས་སུམ་འདོན་ཕྱིར་ན་གོང་དུ་བཤད་ཟིན་ཏོ། ། སྤྱོད་པའི་འཕྲིན་ལས་འཁོར་བའི་ཡོ་བྱད་སྦྱངས་པའི་ཡོན་ཏན་བཅུ་གསུམ་སྤྱོད།། བསྒོམ་པར་བྱ་བའི་རིམ་པ་ནི།། སྤང་བྱ་སུམ་ཅུ་རྩ་གཉིས་དང། ། ཐོབ་བྱ་བརྒྱ་བཅུ་ཐམ་པ་བསྒོམ།། བསྒྲུབ་ཚད་བསྐལ་པ་བདུན་གྱིས་འགྲུབ།། མཐའ་རུ་ཕྱིན་པའི་འབྲས་བུ་ནི།། དགྲ་བཅོམ་པ་བཞིའི་འབྲས་བུ་ཐོབ་པོ།། རང་སངས་རྒྱས་ཀྱི་འཇུག་སྒོ་ནི།། རྟེན་འབྲེལ་བཅུ་གཉིས་ཀྱི་སྒོ་ནས་འཇུག། བསྲུང་བའི་ཚུལ་ཁྲིམས་ནི་ཉིས་བརྒྱ་ལྔ་བཅུ་བསྲུང།། བསྒོམ་པའི་རིམ་པ་འགོག་པའི་སྙོམས་འཇུག་བསྒོམ།། ལྟ་བ་ཕྱོགས་གཅིག་ཉན་ཐོས་དང་མཐུན།། དེ་ལས་ཁྱད་པར་འཕགས་པ་ནི། ། རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་ལས་བདག་མེད་པར་དཔགས་ནས་ནི།། ནང་གི་ཤེས་པ་སྐད་ཅིག་མ།། རྒྱུ་རྐྱེན་འགག་སྟེ་རྒྱུ་འབྲས་མེད།། སྤྱོད་པ་རྫུ་འཕྲུལ་ཡ་མ་ཟུང་ལ་སྤྱོད།། གྲུབ་ཚད་བསྐལ་པ་བདུན་ན་གྲུབ། ། བྱ་བ་བྱས་དང་ཧར་ཧར་གྱི་འབྲས་བུ་འཐོབ་བོ།། མདོ་སྡེ་བྱང་ཆུབ་སེམས་དཔའི་འཇུག་སྒོ་ནི།། བདེན་པ་གཉིས་ཀྱི་སྒོ་ནས་འཇུག། འདུལ་ཁྲིམས་སྡོམ་པ་ཉི་ཤུ་བསྲུང།། མདོ་སྡེ་བྱང་ཆུབ་སེམས་དཔའི་ལྟ་བ་ནི། ། མདོ་སྡེའི་ལྟ་བ་གསུམ་ཡོད་དེ།། སེམས་ཙམ་སྤྱོད་པའི་དབུ་མ་དང།། མདོ་སྡེ་སྤྱོད་པའི་དབུ་མ་དང།། རྣལ་འབྱོར་སྤྱོད་པའི་དབུ་མའོ།། སེམས་ཙམ་ལ་ཡང་གཉིས་ཡོད་དེ།། རྣམ་བཅས་དང་ནི་རྣམ་མེད་དོ། ། རྣམ་བཅས་ལ་ཡང་གཉིས་ཡོད་དེ།། རྣམ་པ་བདེན་རྫུན་གཉིས་ཡོད་དེ།། རྣམ་པ་བདེན་རྣམ་རྫུན་གཉིས་སུ་འདོད།། རྣམ་པ་བེདན་པའི་ལྟ་བ་ནི།། ཕྱི་ཡི་ཡུལ་དང་ནང་གི་སེམས།། དོན་དམ་དུ་ནི་འབྲེལ་མེད་ཀྱང། ། ཀུན་རྫོབ་ཙམ་དུ་འབྲེལ་བར་འདོད།། ནང་གི་ཤེས་པ་སྐད་ཅིག་མ།། སྐད་ཅིག་ཆ་ཡིས་མི་རྟག་སྟེ།། དེ་ཉིད་རྒྱུན་གྱི་རྟག་པར་འདོད།། སྔ་མ་སྔ་མས་རྒྱུ་བྱས་ནས།། ཕྱི་མ་ཕྱི་མ་འབྲས་བུར་འདོད། ། རྣམ་པ་རྫུན་པའི་ལྟ་བ་ནི།། ཤེས་པ་བདེན་ལ་རྣམ་པ་རྫུན།། རྣམ་པར་ཤེས་དང་གོ་མཉམ་དུ།། ཡང་དག་ཡོད་པ་མ་ཡིན་ཏེ།། དོན་དམ་དུ་ནི་ཨ་ཅང་ཆེས།། ཀུན་རྫོབ་ཙམ་དུ་འབྲེལ་བར་འདོད།། ཤེས་པ་རང་རིག་གསལ་བ་ཙམ། ། དེ་ལས་གཞན་པའི་ཆོས་མི་འདོད།། རྣམ་མེད་དག་གི་ལྟ་བ་ནི།། གཉིས་མེད་ཡེ་ཤེས་ཤེལ་ལྟ་བུ།། རང་རིག་གསལ་བའི་ངོ་བོར་འདོད།། མདོ་སྡེ་སྤྱོད་པའི་དབུ་མ་ནི།། ཆོས་ཅན་ཡུལ་སེམས་གཉིས་སུ་འདོད། ། ཡུལ་གྱི་རྒྱུ་ནི་ཕྲ་རབ་རྡུལ།། ཕྱོགས་ཆས་བཤིག་ན་གཅིག་ན་གྲུབ།། གཅིག་མ་གྲུབ་པའི་གཏན་ཚིགས་ཀྱིས།། གཅིག་གིས་དཔགས་པའི་དུ་མ་ཡང།། ཡང་དག་ཉིད་དུ་མི་འདོད་དེ།། རང་གི་རང་བཞིན་སྟོང་པར་འདོད། ། ད་ལྟ་འགག་པར་འགྱུར་བས་སྟོང་ཕྱིས་ན་མ་འོངས་མི་གནས་སྟོང།། དུས་གསུམ་ཅ་ཡིས་སྟོང་པར་འདོད།། རྣལ་འབྱོར་སྤྱོད་པའི་ལྟ་བ་ནི།། ཕྱི་ཡི་ཡུལ་ལྟར་སྣང་བ་འདི།། ཀུན་རྫོབ་སྒྱུ་མའི་ཚུལ་དུ་སྟོང། ། སྟོང་ཞིང་སྣང་ལ་སྣང་ཞིང་སྟོང།། སྣང་སྟོང་དབྱེ་བ་མེད་པར་འདོད།། བྱང་ཆུབ་སེམས་དཔའི་སྤྱོད་པ་ནི།། མི་དགེ་བཅུ་སྤངས་དགེ་བ་བཅུ།། གཞན་གྱི་དོན་དུ་སྤྱོད་པར་བྱེད།། ཕ་རོལ་ཕྱིན་པ་བཅུ་དག་ནི། ། བདག་གཞན་གཉིས་ཀའི་དོན་དུ་སྤྱོད།། བྱང་ཆུབ་སེམས་དཔའི་བསྒོམ་པ་ནི།། སྒོ་ལྔ་གསལ་བའི་ཤེས་པ་ལ།། ཡིད་ནི་རྟོག་པ་མེད་པར་གནས།། གྲུབ་ཚད་བསྐལ་པ་བདུན་ན་གྲུབ།། མཐར་ཕྱིན་འབྲས་བུ་བཅུ་གཅིག་པོ། ། ཀུན་ཏུ་འོད་ཀྱི་ས་ཡང་ཐོབ།། ཕྱིན་རྒྱུད་ཀྲི་ཡའི་འཇུག་སྒོ་ནི།། གཟའ་སྐར་དུས་ཚིགས་དག་པ་གསུམ་ནས་འཇུག། བསྲུང་བའི་ཚུལ་ཁྲིམས་རྩ་བ་ཡན་ལག་གི། མི་ཉམས་ཡན་ལག་གསུམ་པོ་བསྲུང། ། ཀྲི་ཡ་རྟོགས་པའི་ལྟ་བ་ནི།། ཆོ་ག་ཡན་ལག་བཅུ་གཅིག་གིས།། བྱིན་གྱིས་བརླབས་ནས་ལྷ་རུ་འདོད།། དེ་ཡང་རྗེ་དང་ཁོལ་གྱི་ཚུལ།། ཞི་རྒྱས་དབང་དང་མངོན་སྤྱོད་བཞི།། བདག་གཞན་གཉིས་ཀའི་དོན་དུ་སྤྱོད། ། བསྒོམ་པའི་རིམ་པ་ཡན་ལག་བཅུ་གཅིག་གིས།། བྱིན་གྱིས་བརླབས་ནས་ལྷ་རུ་བསྒོམ།། མི་ཚེ་བདུན་གྱིས་གྲུབ་པར་འདོད།། མཐར་ཕྱིན་རྡོ་རྗེ་འཛིན་པའི་ས་ཡང་ཐོབ།། ཨུ་པ་ཡ་ནི་ཁྲུས་དང་གཙང་སྦྲའི་སྒོ་ནས་འཇུག། བསྲུང་བའི་ཚུལ་ཁྲིམས་དཀོན་མཆོག་གསུམ་པོ་དང།། དཔོན་སློབ་མཆེད་ལྕམ་ཐམས་ཅད་ལ་ནི་གདུང་སེམས་ཆེ།། རྟོགས་པའི་ལྟ་བ་དཔོན་གཡོག་ཚུལ།། སྤྱོད་པའི་ཚུལ་ནི་ཁྲུས་དང་གཙང་སྦྲ་སྤྱོད། ། བསྒོམ་པའི་རིམ་པ་སུམ་ཅུ་རྩ་བདུན་ལྟ་རུ་བསྒོམ།། གྲུབ་པའི་ཚད་ནི་མི་ཚེ་ལྔ་ཡིས་གྲུབ།། འབྲས་བུ་རིགས་གསུམ་མགོན་པའི་གོ་འཕང་ཐོབ།། ཡོ་ག་ཐེག་པའི་འཇུག་སྒོ་ནི།། རྣལ་འབྱོར་བཞི་ཡི་སྒོ་ནས་འཇུག། དམ་ཚིག་གསུམ་དང་ཡན་ལག་བདུན།། རྩ་བའི་ལྟུང་བ་བཅུ་བཞི་བསྲུང།། ཡོ་ག་རྟོགས་པའི་ལྟ་བ་ནི།། བྱང་ཆུབ་ལྔ་དང་ཆོ་འཕྲུལ་བཞི།། ཡོངས་སུ་བརྟགས་ནས་ལྷ་རུ་ལྟ།། དེ་ཡང་སྤུན་དང་གྲོགས་པོའི་ཚུལ། ། སྙིང་རྗེ་ལ་སོགས་ཚད་མེད་བཞི།། གཞན་གྱི་དོན་དུ་སྤྱོད་པར་བྱེད།། བསྒོམ་བ་བྱང་ཆུབ་བཞི་དང་ཆོ་འཕྲུལ་བཞི།། སུམ་ཅུ་རྩ་བདུན་ལྷ་རུ་བསྒོམ།། གྲུབ་ཚད་མི་ཚེ་གསུམ་གྱིས་གྲུབ།། མཐར་ཕྱིན་འབྲས་བུ་སྟུག་པོ་བཀོད་པའི་ས་ཡང་ཐོབ། ། གསང་སྔགས་ནང་རྒྱུད་ཐེག་པ་ཡི།། མ་ཧཱ་ཡོ་གའི་འཇུག་སྒོ་ནི།། ཐབས་དང་ཤེས་རབ་སྒོ་ནས་འཇུག། བསྲུང་བའི་དམ་ཚིག་ཉི་ཤུ་རྩ་བརྒྱད་བསྲུང།། བསྲུང་བར་བྱ་བའི་དམ་ཚིག་གསུམ། ། སྤྱད་པར་བྱ་བའི་དམ་ཚིག་ལྔ།། མི་སྤང་བ་ཡི་དམ་ཚིག་ལྔ།། དང་དུ་བླང་བའི་དམ་ཚིག་ལྔ།། ཤེས་པར་བྱ་བའི་དམ་ཚིག་ལྔ།། བསྒྲུབ་པར་བྱ་བའི་དམ་ཚིག་ལྔ།། ཕྱེ་ལ་ཉི་ཤུ་རྩ་བརྒྱད་བསྲུང། ། མ་ཧཱ་ཡོ་གའི་ལྟ་བ་ནི།། ཏིང་འཛིན་རྣམ་གསུམ་བསྙེན་བསྒྲུབ་བཞི།། ཡོངས་སུ་བརྟགས་ནས་ལྷ་རུ་ལྟ།། ཡེ་ཤེས་དམ་ཚིག་ཚུལ་མི་འཛིན།། སྣང་གྲགས་ཆོས་རྣམས་གདོད་མ་ནས།། རང་གི་སེམས་ཉིད་ཡིན་པ་ལས། ། སེམས་དེའི་སྣང་བ་མིང་འགོག་ཐབས།། རང་བཞིན་མེད་པས་ཤེས་རབ་ཡིན།། ཐབས་ཀྱི་རང་བཞིན་སྟོང་པ་ལ།། ཤེས་རབ་རང་བཞིན་གཉིས་སུ་མེད།། སྣང་སྟོང་གཉིས་མེད་བྱང་ཆུབ་སེམས། ། དོན་དམ་རང་བཞིན་དབྱེར་མེད་ཀྱང།། དེ་ཉིད་ཡེ་ཤེས་སྒྱུ་མའི་རྩལ།། ཕུང་པོ་ལྔ་དང་རྣམ་ཤེས་ལྔ།། དབང་པོ་ལྔ་དང་རྣམ་སེམས་ཚོགས།། སྣང་ཞིང་སྲིད་པར་བསྡུས་པ་རྣམས།། ཀུན་རྫོབ་ལྷ་དང་ལྷ་མོའི་དཀྱིལ་འཁོར་ལྷ། ། དོན་དམ་རང་བཞིན་སྐྱེ་མེད་ང།། སྤྱོད་ཡུལ་ཀུན་དང་བྲལ་བ་ལ།། ཐམས་ཅད་གཉིས་སུ་མེད་པར་ལྟ།། བསྒོམ་པ་ཏིང་འཛིན་གསུམ་དང་བསྙེན་བསྒྲུབ་བཞི།། རང་རྒྱུད་པ་ཡི་ལྷ་རུ་བསྒོམ། ། བསྒྲུབ་པའི་ཐབས་ནི་རྟོགས་པ་དང།། ཏིང་འཛིན་རྣམ་གསུམ་སྒོ་ནས་བསྒོམ།། སྐུ་གསུངས་ཐུགས་ཀྱི་དོན་དུ་བསྒྲུབ།། སྤྱོད་བའི་ཐབས་ནི་ཏ་ན་གྷ་ན་དང།། དམ་རྫས་བདུད་རྩི་ལྔ་པོ་ལ། ། བདག་གཞན་གཉིས་ཀའི་དོན་དུ་སྤྱོད།། གྲུབ་ཚད་རིགས་པ་འཛིན་པ་ཆེ། ཕྱག་རྒྱ་ཆེན་པོའི་རིགས་འཛིན་ཐོབ།། མཐའ་རུ་ཕྱིན་བའི་འབྲས་བུ་ནི།། རྡོ་རྗེ་འཆང་གི་ས་ཡང་ཐོབ།། ཨ་ནུ་ཡོ་གའི་འཇུག་སྒོ་ནི། ། དབྱིངས་དང་ཡེ་ཤེས་སྒོ་ནས་འཇུག། བསྲུང་བར་བྱ་བའི་དམ་ཚིག་ནི།། སྐུ་གསུང་ཐུགས་ཀྱི་དམ་ཚིག་དང།། སྙིང་རྗེ་ཆོས་ཉིད་ཐ་མི་དད་པར་བསྲུང།། རྫོགས་པ་ནུའི་ལྟ་བ་ནི།། སྣང་ཐམས་ཅད་དབྱིངས་ཡིན་ཏེ། ། ཤེས་པ་ཅི་སྐྱེས་ཡེ་ཤེས་ལ།། དབྱིངས་དང་ཡེ་ཤེས་གཉིས་མེད་ལྟ་བས་ལྟ་བ་ཡིན།། སྐྱེ་འགག་མེད་པའི་ཐབས་ལ་སྤྱོད།། བྱ་བྱེད་གང་ཡང་མྀ་གནས་སོ།། བསྒོམ་པའི་རིམ་པ་ལྷ་ཡི་སྐུ་རུ་བསྒོམ།། ལུས་ཀྱང་རྡོ་རྗེ་འཆང་དུ་བསྒོམ། ། ངག་ནི་ཏིང་འཛིན་ཞུ་བ་ནི།། ཡིད་ཀྱི་ཏིང་འཛིན་སྤྲོ་བསྡུས་བསྲུང།། རྩ་བ་མི་རྟོག་ཏིང་འཛིན་བདེ་དང་བྲལ།། ཡབ་ཡུམ་ཐབས་དང་ཤེས་རབ་མི་ལྟོས་པར།། སྙིང་པོ་དྲན་པ་ཙམ་གྱིས་དཀྱིལ་འཁོར་རྫོགས་བྱའི་ཕྱིར། ། ཨ་ནུའི་ཏིང་འཛིན་ཆེན་པོར་བཤད།། གྲུབ་ཚད་ལྷག་མ་བཅས་པའི་ལུས་ཉིད་ཀྱིས།། ཚེ་ལ་དབང་བའི་རིགས་འཛིན་ཐོབ།། མཐའ་རུ་ཕྱིན་པའི་འབྲས་བུ་ནི།། རྡོ་རྗེ་སེམས་དཔའ་མཚན་ཉིད་ཡོངས་སུ་རྫོགས་པའི་ས། ། ཡེ་ཤེས་འཁོར་ལོ་པདྨ་ཅན་གྱི་ས་ཡང་ཐོབ།། ཨ་ནུ་མན་ཆོད་ཐེག་པ་བརྒྱད་ཀྱི་བཅའ་བཞིའོ།། ཨ་ཏི་ཡོ་གའི་འཇུག་སྒོ་ནི།། སེམས་ཉིད་སངས་རྒྱས་སྒོ་ནས་འཇུག། རྟོགས་པའི་ལྟ་བ་ཐམས་ཅད་སངས་རྒྱས་ཡིན་པར་ལྟ། ། བསྲུང་བའི་དམ་ཚིག་མེད་པར་ཕྱལ་བ་དང།། གཅིག་པུ་དང་ནི་ལྷུན་གྱིས་གྲུབ།། བསྲུང་བའི་དོན་ལས་མི་འདའ་བསྲུང།། བསྒོམ་པ་དྲན་པ་དྲན་རིག་ཤེས་པ་འདི།། རང་བྱུང་ཡེ་ཤེས་ཡིན་པར་བསྒོམ། ། སེམས་དང་ཆོས་ནི་ཅི་ཡང་མ་ཡིན་པས།། བསྒོམ་པའི་ཚེ་ན་ཅི་ཡང་མི་བསྒོམ་མོ།། བསྒྲུབ་པའི་ཐབས་ནི་རྩོལ་བསྒྲས་མེད་པར་བསྒྲུབ།། སྤྱོད་པའི་འཕྲིན་ལས་བྱ་བརྩལ་མེད་པར་སྤྱོད། ། དུས་ནི་མི་ཚེ་གཅིག་གིས་འགྲུབ།། མཐར་ཕྱིན་འབྲས་བུ་ཐམས་ཅད་མཁྱེན་སངས་རྒྱས་ཐོབ།། ཅེས་གསུངས་སོ།། དེ་ཡན་ཆད་ཀྱིས་འཇིག་རྟེན་ལས་འདས་པའོ།། ཐེག་པ་རིམ་པ་དགུའི་ཆོས་སྡེ་ཆེན་པོའོ། ། ཆོས་སྡེ་སྤྲོས་པ་གཅོད་པའི་རྒྱུད་རྫོགས་སོ།།།། རྒྱ་རྒྱ་རྒྱ།།།། རྒྱ་གར་སྐད་དུ། ། ཛྭ་ལ་མ་ཏ་རིས་ཏདྷ་ཡ་རི་ད་པན་ཙ་ཏན་ཏྲ།། བོད་སྐད་དུ།། རིན་པོ་ཆེ་རལ་གྲི་འབར་བས་རྒྱུད་སྡེ་སྤྲོས་པ་གཅོད་པ་ཞེས་བྱ་བ།། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། ། བློ་ཆ་བློ་ཡང་བློ་ཟབ་པའི།། སྐལ་ལྡན་རིན་ཆེན་ལྟ་བུ་ལ།། རྒྱུད་སྡེའི་སྤྲོས་གཅོད་བཤད་པར་བྱ།། སྙིང་པོའི་རང་བཞིན་མིང་མེད་བརྗོད་མེད་ལ།། རྩལ་སྣང་ཡན་ལག་རིག་པོ་མིང་བཏགས་པས།། རྒྱུད་ཀྱི་སྡེ་ཡི་སྤྲོས་གཅོད་ལ། ། དོན་རྒྱུད་ཚིག་རྒྱུད་གཉིས་སུ་ཤེས་པར་བྱ།། དོན་གྱི་རྒྱུད་ཀྱི་རང་བཞིན་ནི།། ཐོག་མ་མེད་ནས་ཐ་མ་རུ།། རང་བཞིན་རྒྱུད་དུ་གནས་པའི་རྒྱུད།། མ་བཅོས་མ་བསླད་གཞི་མོའི་རྒྱུད།། འཛིན་རྟོག་བཏགས་ཞེན་བློ་ལས་འདས། ། ཞེ་འདོད་བློ་དང་ཚིག་ལས་འདས།། སྐྱེ་མེད་འགག་མེད་འཕོ་འགྱུར་མེད།། དེ་ནི་སྙིང་པོ་དོན་གྱི་རྒྱུད་ལ།། ཚིག་གི་རྒྱུད་ལ་རྣམ་གསུམ་སྟེ།། གཞི་ཡི་རྒྱུད་དང་ལམ་གྱི་རྒྱུད། ། འབྲས་བུའི་རྒྱུད་དང་རྣམ་གསུམ་མོ།། གཞི་ཡི་རྒྱུད་ལ་གཉིས་ཡོད་དེ།། ཁྱབ་པའི་རྒྱུད་དང་གནས་པའི་རྒྱུད།། ཁྱབ་པའི་རྒྱུད་ཀྱི་རང་བཞིན་ནི།། ཡ་ཐ་རྒྱལ་བའི་དཀྱིལ་འཁོར་ནས།། མ་ཐ་དམྱལ་བའི་འཇིགས་ཚོགས་སུ། ། ཏིལ་ལ་མར་གྱིས་ཁྱབ་བཞིན་དུ།། ཀུན་ལ་ཁྱབ་པར་གནས་པ་ཡིན།། གནས་པའི་རྒྱུད་ཀྱི་རང་བཞིན་ནི།། དང་པོ་རྒྱུ་ཡིས་མ་བསྐྱེད་དོ།། བར་དུ་རྐྱེན་གྱིས་མ་བསྒྲུབས་སོ།། ཐ་མ་གཉེན་པོས་མི་འཇིག་གོ། དུས་གསུམ་འཕོ་འགྱུར་མེད་པར་གནས།། དེ་གཉིས་གཞི་ཡི་རྒྱུད་དུ་ཟུང།། ལམ་གྱི་རྒྱུད་ཀྱི་རག་བཞིན་ནི།། རང་གཞུང་གཞན་གཞུང་གཉིས་ཀྱི་རྒྱུད།། རང་གཞུང་རྒྱུད་ཀྱི་རྒྱལ་པོ་ལྔ།། སྤྲོས་གཅོད་སྡེ་ལྔའི་དོན་རྒྱུད་བསྟན། ། གཞན་གཞུང་རྒྱུད་ཀྱི་རྣམ་གྲངས་ཏེ།། བསམ་ལས་འདས་ཏེ་རེ་ཞིག་དབྱེ།། རྣམ་པ་གཉིས་སུ་ཤེས་པར་བྱ།། གཏེར་རྒྱུད་དང་ནི་ཡོངས་གྲགས་རྒྱུད།། གཏེར་རྒྱུད་རེ་ཞིག་མདོ་ཙམ་དབྱེ།། རིན་པོ་ཆེ་རྒྱས་པའི་རྒྱུད་ལ་ནི། ། མདོ་རིན་པོ་ཆེ་རྒྱས་པའི་རྒྱུད་དང།། རྒྱུན་གྱི་རིན་པོ་ཆེའོ་རྒྱུད་དང།། མན་ངག་གི་རིན་པོ་ཆེ་རྒྱས་པའི་རྒྱུད་དོ།། མའི་རྒྱུད་ནི།། སྐུའི་རྒྱུ་དང།། གསུང་གི་རྒྱུད་དང།། ཐུགས་ཀྱི་རྒྱུད་དོ། ། ཡོན་ཏན་འཕྲིན་ལས་ལྔ་ཡིན་ནོ།། རྒྱལ་པོ་བླ་གཏེར་རྒྱུད་ལ་ནི།། རྩ་བའི་རྒྱུད་རིན་པོ་ཆེ་འཁོར་ལོ་དང།། བཤད་པའི་རྒྱུད་རིན་པོ་ཆེ་སྣང་བྱེད་ཀྱི་རྒྱུད་དང།། རྒྱུད་ཕྱི་མའི་རྒྱུད་རིན་པོ་ཆེ་སྒྲོན་མ་འབར་བའི་རྒྱུད་དང། ། ཡན་ལག་གི་རྒྱུད་ཧ་དགུ་དང་གནད་དགུའི་རྒྱུད་དོ།། རྒྱུད་པ་བར་པའི་རྒྱུད་ལ།། རྩ་བའི་རྒྱུད་རྒྱུད་ཀྱི་རྒྱལ་པོ་གསེར་གྱི་རུས་སྦལ་དང།། བཤད་པའི་རྒྱུད་བྱང་སེམས་ཐིགས་པ་ཉི་ཤུ་རྩ་གཉིས་ཀྱི་རྒྱུད་དང། ། ཁུ་བྱུག་གསུང་གི་རྒྱུད་དང།། སེང་ཆེན་འཕྱོངས་བའི་རྒྱུས་དང།། ངང་མོ་འགྲོས་ཀྱི་རྒྱུད་དང།། རུས་སྦལ་སྐུམ་གྱི་རྒྱུད་དང།། སྟག་མོ་འཕྱོངས་པའི་རྒྱུད་དང་ལྔའོ།། ཡན་ལག་གི་རྒྱུད་བཅུ་གཉིས་སོ།། རིན་པོ་ཆེ་ས་རྒྱུད་དང། ། རིན་པོ་ཆེ་གནམ་རྒྱུད་དོ།། རིན་པོ་ཆེ་སྤངས་པའི་རྒྱུད།། རིན་པོ་ཆེ་འཕྲུལ་གྱི་རྒྱ་མདུད་ཀྱི་རྒྱུད་དོ།། བྱང་གཏེར་ཆེན་པོའི་ལུགས་ཀྱིས་ནི།། རྒྱུད་ཆེན་རྣམ་པ་དགུ་ཡིན་ནོ།། གཏེར་རྒྱུད་མདོ་ཙམ་ཕྱེ་བའོ། ། སྤྱིར་ཀྲི་ཡའི་རྒྱུད་ལྔ་བརྒྱ་བཞུགས་པ་ལས།། བསྡུད་པས་ཀྲི་ཡ་བརྒྱད་ཕྱེ་སྟེ།། བཅོམ་ལྡན་འདས་རྡོ་རྗེ་འཛིན་པའི་དབུའི་གཙུག་ནས།། གཙུག་ཏོར་འཁོར་ལོས་སྒྱུར་བའི་རྒྱུད་དང་གཅིག། ལྗགས་ལས་སོ་སོར་ཕྱེ་སྟེ།། ཁྲི་པདྨ་འཁྱིལ་བའི་རྒྱུད་དང་གཉིས།། དཔུང་པ་གཉིས་ལས་སུ་ན་ཧུ་ཏ་དཔུང་བཟངས་ཕྱུང་བའི་རྒྱུད་དང་གསུམ།། ཐུགས་ཁ་ནས་ཁྲོ་བོ་རིག་པ་མཆོག་གི་རྒྱུད་དང་བཞི།། ལྟེ་བ་ནས་སུ་སི་ཏི་ཀ་ར་ཕྱུང་བའི་རྒྱུད་དང་ལྔ། ། སྣ་ལས་དཔལ་སྡོམ་པའི་རྒྱུད་ཕྱུང་བ་དང་དྲུག། ཞབས་ལས་གཤིན་རྗེ་ནག་པོའི་རྒྱུད་ཕྱུང་བ་དང་བདུན།། སྐུ་གསུང་ཐུགས་ཀྱི་བྱིན་གྱིས་བརླབས་པ་ལ་གཟུངས་ཐམས་ཅད་ཕྱུང་བའི་རྒྱུད་དང་བརྒྱད་དོ། ། རྡོ་རྗེ་གཙུག་ཏོར་གྱི་རྒྱུད་ཆུང་དུན་དང།། དེའི་རྒྱུད་བསམ་གཏན་གྱི་རྒྱུད་དོ།། ཨུ་པའི་ཐེག་པའི་རྒྱུད་སྡེ་ལ།། རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པའི་རྒྱུད་སྡེ་དང།། ཕྱག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད་དོ། ། མ་ཧཱ་ཡོ་ག་ལ།། སྐུའི་རྒྱུད་སངས་རྒྱས་མཉམ་སྦྱོར་གྱི་རྒྱུད་དང།། གསུང་གི་རྒྱུད་ཟླ་གསང་ཐིག་ལེའི་རྒྱུད།། ཐུགས་ཀྱི་རྒྱུད་གསང་བ་འདུས་པའི་རྒྱུད་དང།། ཡོན་ཏན་གྱི་རྒྱུད་དཔལ་མཆོག་དང་པོའི་རྒྱུད་དང། ། འཕྲིན་ལས་ཀྱི་རྒྱུད་ཀརྨ་མ་ལེ་དང།། སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་དང་ལྔ་པོ་རེ་ལ་ཡང་སྐུ་གསུང་ཐུགས་དང་ལྡན་པ་ལྔ་གསུམ་བཅོ་ལྔ་སྟེ།། དེ་ཡང་གསུམ་སྟེ།། སངས་རྒྱས་མཉམ་སྦྱོར་དང་གཅིག། དཔལ་མཆོག་དག་པོའི་རྒྱུད་དང་གཉིས།། གླང་པོ་ཆུར་ཞུགས་ཀྱི་རྒྱུད་དང་གསུམ་མོ།། གསུང་གི་རྒྱུད་ལའང་གསུམ་སྟེ།། ཟླ་གསང་ཐིག་ལེའི་རྒྱུད་དང།། དཔལ་ཆེན་འདུས་པའི་རྒྱུད་དང། ། སྒྲོན་མ་བརྩེགས་པའི་རྒྱུད་དང་གསུམ་མོ།། ཐུགས་ཀྱི་རྒྱུད་ལ་ཡང་གསུམ་སྟེ།། གསང་བ་འདུས་པའི་ལས་འདས།། འཕོ་འགྱུར་མེད་པ་ལོངས་སྐུའི་རྒྱུད།། ཡིད་ལ་མི་བྱེད་དྲན་པ་བརླག། གཡོ་མེད་རྩོལ་མེད་སྤྲུལ་སྐུའོ། ། སྐུ་གསུམ་དབྱེར་མེད་འབྲས་བའི་རྒྱུད།། རྒྱུད་ཀྱི་རང་བཞིན་རྒྱུན་ཆད་མེད།། རྒྱུད་ཀྱི་མཚན་ཉིད་བྱ་རྩལ་མེད།། རྒྱུད་ཀྱི་ངོ་བོ་འགྱུར་བ་མེད།། རྒྱུད་ཀྱི་འབྲས་བུ་རང་གནས་ཡིན།། རིན་ཆེན་རལ་གྲི་འབར་བ་ཡིས། ། གཉིས་པའི་ཆོས་རྣམས་རྩད་ནས་གཅོད།། གཟུང་འཛིན་གཉིས་ཀྱང་རྩད་ནས་གཅོད།། ཡུལ་སེམས་གཉིས་ཀྱང་རྩད་ནས་གཅོད།། ཕྱི་ནང་གཉིས་ཀྱང་རྩད་ནས་གཅོད།། ང་བདག་གཉིས་ཀྱང་རྩད་ནས་གཅོད། ། སྤོང་ལེན་གཉིས་ཀྱང་རྩད་ནས་གཅོད།། དགག་བསྒྲུབ་གཉིས་ཀྱང་རྩད་ནས་གཅོད།། རྩོལ་བསྒྲུབ་གཉིས་ཀྱང་རྩད་ནས་གཅོད།། བཟང་ངན་གཉིས་ཀྱང་རྩད་ནས་གཅོད།། ཡིད་ལ་འགྱུར་ཚད་རྩད་ནས་གཅོད། ། སེམས་ཀྱིས་ཕྱེད་ཚད་རྩད་ནས་གཅོད།། རིག་པས་བཏགས་ཚད་རྩད་ནས་གཅོད།། སེམས་ཆོས་གཉིས་ཀྱང་རྩད་ནས་གཅོད།། རྒྱུད་སྡེ་ཇི་སྙེད་རྩད་ནས་བཅད།། ཅེས་གསུངས་སོ། ། རིན་ཆེན་རལ་གྲི་འབར་བས།། རྒྱུད་སྡེ་རྩད་ནས་གཅོད་པ་རྫོགས་སོ།།།། རྒྱ་གར་གྱི་གུ་རུ་པདྨ་སམ་བྷ་བ་ལས།། བོད་ཀྱི་ལོ་ཙ་བ་ཀ་བ་དཔལ་བརྩགས་ཀྱིས་བསྒྱུར་ཅིང་གཏན་ལ་ཕབ་པའོ།། ལས་འཕྲོ་ཅན་དང་འཕྲད་པར་ཤོག། ཨི་ཐི།།།། རྒྱ་གར་སྐད་དུ།། རཏྣ་ཙཀྵུ་ཨ་ཏྲི་ཏན་ཏྲ་ནཱའ་མ།། བོད་སྐད་དུ།། རིན་པོ་ཆེ་མིག་སེལ་ཞེས་བྱ་བའི་རྒྱུད།། བཅོམ་ལྡན་འདས་རིག་པ་རང་དག་ཡེ་ཤེས་ལ་ཕྱག་འཚལ་ལོ། ། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན།། འོག་མིན་གྱི་གནས་མཁའ་དབྱིངས་དག་པའི་ཀློང་ན།། རིག་པའི་རྒྱལ་པོ་ལ་འཁོར་རིགས་ལྔའི་སངས་རྒྱས་དང།། ལྷ་མ་སྲིན་སྡེ་བརྒྱད་ཀྱིས་བསྐོར་ནས་བཞུགས་སོ། ། དེ་ནས་ཀུན་རིག་རྣམ་པར་སྣང་མཛད་ཀྱིས་སྟན་ལས་ལངས་ཏེ་ཞུས་པ།། ཀྱེ་ཀྱེ་རིག་པའི་རྒྱལ་པོ་ཆེ།། འཁོར་འདས་ཆོས་རྣམས་མི་གསུང་བ།། ཐུགས་རྗེ་ཆེན་པོ་ཡལ་ལམ་ཅི། ། ཞུས་པས་རིགས་ཀྱི་བུ་ལེགས་སོ།། ཁྱོད་ཀྱིས་ང་ལ་དྲིས་པ་ལེགས།། ཡིད་ལ་ཟུང་ཞིག་ངས་བཤད་དོ།། མཁའ་དབྱིངས་དག་པའི་ཀློང་ནས།། རིག་པའི་རྒྱལ་པོས་བཀའ་སྩལ་པ།། ཇི་བཞིན་འཁོར་རྣམས་ང་ལ་ཉོན། ། ང་མེད་པ་ཡི་སྔོན་རོལ་ན།། སངས་རྒྱས་སེམས་ཅན་མིང་ཡང་མེད།། ཆོས་དང་ཆོས་ཉིད་མིང་ཡང་མེད།། ཡི་གེ་སྒྲ་རྣམས་མིང་ཡང་མེད།། དེ་ཡི་དོན་རྣམས་ཇི་ལྟར་ལགས།། རིག་པའི་རྒྱལ་པས་བསྟན་དུ་གསོལ། ། རིག་པའི་རྒྱལ་པོས་གང་གསུངས་པ།། གཞི་ནི་འཛིན་པའི་རིག་པ་ལ།། བསླད་པས་སློང་བར་མི་འགྱུར་རོ།། ཇི་བཞིན་འཁོར་རྣམས་ང་ལ་ཉོན།། དབྱེ་བས་ཕྱེད་པར་མི་འགྱུར་རོ།། ང་ཡི་ཆེ་བའི་ཡོན་ཏན་ལ། ། བསྣུབས་པས་མི་བསྣུབས་རྒྱལ་མཚན་རྩེ།། ནུབ་པ་མེད་ཅིང་འགག་པ་མེད།། སྣང་སྲིད་ཐམས་ཅད་བརྡར་བཏགས་ཡིན།། སངས་རྒྱས་ཐམས་ཅད་བརྡར་བཏགས་ཡིན།། སེམས་ཅན་རྣམས་ཀྱང་བརྡར་བཏགས་ཡིན། ། ཆོས་ཉིད་ངོ་ལ་འགྱུར་ལྡོག་མེད། ཆཽས་ཅན་ངཽ་གོ་གཟའ་གཏད་མེད།། ཡེ་གེ་སྒྲ་རྣམས་བརྡར་བཏགས་ཡིན།། བརྡར་བཏགས་སྒྲ་ནི་ཀུན་བཟངས་གསུང།། ཀུན་བཟང་གསུང་ལ་འགག་པ་མེད། ། དེ་བས་ང་ཡི་གསུངས་འདི་ཉོན།། ང་ནི་ཀུན་བྱེད་རྒྱལ་པོ་ཡིན།། ང་ལ་ཤེས་པའི་སྒྲིབ་པ་ཡིན།། ཆོས་རྣམས་ཐམས་ཅད་གཉིས་ཀྱིས་བསྒྲིབས།། ཤེས་པ་དོན་ཆོལ་གོལ་ས་ཡིན།། ང་ཡི་ངོ་བོ་ཆོས་ཉིད་ཡིན། ། ང་ཡི་རང་བཞིན་འོད་དཔག་མེད།། ང་ཡི་ཐུགས་རྗེ་བསམ་མི་ཁྱབ།། རིག་པ་སྐུ་ལ་ཕྱི་ནང་མེད།། འོད་ཀྱི་ལུས་ལ་གསལ་འགྲིབ་མེད།། ཇི་བཞིན་འཁོར་ལ་འདུ་འབྲལ་མེད།། བསྟན་པའི་ཆོས་ལ་ཐུག་པ་མེད། ། ང་ཡི་རྟགས་ནི་བྱང་ཆུབ་སེམས།། ང་ཡི་དོན་འདི་སྐྱེ་བ་མེད།། ཅེས་གསུངས་སོ།། རིན་པོ་ཆེ་མིག་སེལ་གྱི་རྒྱུད་ལས།། གླེང་གཞིའི་ལེའུ་སྟེ་དང་པོའོ།།།། རིན་ཆེན་མིག་སེལ་ཇི་ལྟར་ལགས། ། ཞེས་ཞུས་པས།། རིག་པའི་རྒྱལ་པོས་གསུངས་པ།། ཇི་བཞིན་འཁོར་རྣམས་ང་ལ་ཉོན།། འབྱུང་བ་ལྔ་ནི་རཏྣའི་ཚུལ།། གསེར་དངུས་ཟངས་ལྕགས་འཇིག་རྟེན་ནོ།། གཅེས་པར་གཟུང་ནས་དེ་ལ་ཆགས། ། འཇིག་རྟེན་པ་ཡིན་ནོར་ཞེས་བྱ།། འདས་པའི་ནོར་ནི་སེམས་ཉིད་ཡིན།། སེམས་ཀྱི་དཔེ་ནི་ནམ་མཁའ་ཤེས།། ནམ་མཁའ་ཆགས་པའི་གཟུང་སེམས་མེད།། མན་ཤེལ་དྲི་མེད་བྱིས་པ་རྩེ།། དེ་ལ་ཆགས་པའི་གཟུང་སེམས་མེད། ། རྡོ་རྗེ་སེམས་དཔའི་མེ་ལོང་འདི།། མཁས་པས་གཟིགས་ན་ནོར་དུ་ཆེ།། རང་བྱུང་རིག་པའི་ཡེ་ཤེས་འདི།། རང་ལ་འབྱུང་བས་ནོར་བུའི་ཚུལ།། ཡོན་ཏན་འབྱུང་བས་ཆེ་བའི་ཚུལ།། དངོས་པོ་མེད་པས་སྒྱུ་མའི་ཚུལ། ། ཅིར་ཡང་སྤྲུལ་པས་སྤྲུལ་པའི་ཚུལ།། དཔེར་ན་དབུལ་པོའི་གཏེར་དང་འདྲ།། དགོས་འདོད་འབྱུང་བས་ནོར་གྱི་དབྱིག། ཆོག་ཤེས་རྒྱལ་པོ་འཕགས་པའི་ནོར།། ཡིད་ཆེས་རྙེད་པས་ནོར་གྱི་གཏེར། ། ཡོ་ལང་རྒྱལ་པོ་སྔགས་ལ་སྤྱོད།། འཇིག་རྟེན་འདས་པའི་ནོར་ཞེས་བྱ།། ཤ་ཡི་སྤྱན་གྱིས་མཐོང་བའི་སྣང་བ་སེལ།། ལྷ་ཡི་སྤྱན་གྱིས་འོད་ཀྱི་སྣང་བ་སེལ།། ཆོས་ཀྱི་སྤྱན་གྱིས་ཐར་པའི་སྣང་ན་སེལ།། ཤེས་རབ་སྤྱན་གྱིས་གདམས་ངག་སྣང་བ་སེལ། ། སངས་རྒྱས་སྤྱན་གྱིས་ཀུན་མཁྱེན་ཐམས་ཅད་གཟིགས།། སྒྲ་ལ་འཛིན་པ་མེད་ན་ཆོས་ཀྱི་སྤྱན་སེལ་ཡིན།། གསལ་ལ་འཛིན་པ་མེད་ན་ལྟ་བའི་སྤྱན་སེལ་ཡིན།། དྲན་ལ་འཛིན་པ་མེད་ན་ཡེ་ཤེས་སྤྱན་སེལ་ཡིན། ། ཐམས་ཅད་འཛིན་པ་མེད་ན་སྐྱེ་མེད་སྤྱན་སེལ་ཡིན།། ཞེས་གསུངས་སོ།། རིན་པོ་ཆེ་མིག་སེལ་གྱི་རྒྱུད་ལས།། རིན་ཆེན་མིག་སེལ་གྱི་ལེའུ་སྟེ་གཉིས་པའོ།།།། གྲུབ་པའི་མཐའ་རྣམས་ཇི་ལྟར་ལགས། ། རིག་པའི་རྒྱལ་པོས་བསྟན་དུ་གསོལ།། རིག་པའི་རྒྱལ་པོ་ཉིད་ཀྱིས་གསུངས་པ།། ཇི་བཞིན་འཁོར་རྣམས་ང་ལ་ཉོན།། སྟོང་པར་འདོད་ན་ཆད་པའི་མཐའ།། གསལ་བར་འདོད་ན་འཛིན་པའི་མཐའ། ། ལྷུན་གྲུབ་འདོད་ན་རྟག་པའི་མཐའ།། ཡེ་ཤེས་འདོད་ན་ཐལ་བའི་མཐའ།། སྐྱེ་མེད་འདོད་ན་ཕྱལ་བའི་མཐའ།། མཉམ་པར་འདོད་ན་པོམས་པའི་མཐའ།། རིག་པ་ཀུན་ལྟ་རང་བྱུང་རང་ཆས་གྲོལ། ། ཞེས་གསུངས་སོ།། རིན་པོ་ཆེ་མིག་སེལ་གྱི་རྒྱུད་ལས།། གྲུབ་མཐའི་ལེའུ་སྟེ་གསུམ་པའོ།།།། གཞི་ཡི་དོན་རྣམས་ཇི་ལྟར་ལགས།། རིག་པའི་རྒྱལ་པོས་བསྟན་དུ་གསོལ།། གསུང་བའི་དོན་ཇི་ལྟར་ལགས། ། ཇི་བཞིན་འཁོར་རྣམས་ང་ལ་ཉོན།། ཡོད་པའི་མཐའ་ལྟར་མ་འགགས་པས།། ཡེ་ནས་ལྷུན་གྱིས་གྲུབ་པ་ཡིན།། མེད་པའི་མཐའ་ལྟར་མ་འགགས་པས།། སུས་ཀྱང་མཐོང་བ་མེད་པ་ཡིན།། ཡིན་པའི་མཐའ་ལྟར་མ་འགགས་པ། ། སེམས་ཉིད་གདོད་ནས་སངས་རྒྱས་ཡིན།། མེན་པའི་མཐའི་ལྟར་མ་འགགས་པ།། ཆོས་ཉིད་ངང་ལ་བག་ཆགས་སོག། གཉིས་ཀའི་མཐའ་ལྟར་མ་འགགས་པས།། ཀུན་ཀ་རིག་ལ་ཐམས་ཅད་ལྡང། ། གཉིས་མེད་མཐའ་ལྟར་མ་འགགས་པས།། ཀུན་གྱི་མཐའ་ལ་དངོས་གཞི་མེད།། རྟག་པའི་མཐའ་ལྟར་མ་འགགས་པས།། ཆོས་ཉིད་ངོ་ལ་འགྱུར་ལྡོག་མེད།། ཆད་པའི་མཐའ་ལྟར་མ་འགགས་པས། ། མཚན་མའི་དམིགས་པ་ཀུན་དང་བྲལ།། སྐྱོན་གྱི་མཐའ་ལྟར་མ་འགགས་པས།། འགལ་བ་མི་མཐུན་ཁྲིམས་སུ་སྡེབས།། ཡོན་ཏན་མཐའ་ལྟར་མ་འགགས་པས།། ཆེ་བའི་རྫུ་འཕྲུལ་མ་ལུས་འཆང།། ཐམས་ཅད་མཐའ་ལྟར་མ་འགགས་པས། ། རྒྱ་མ་ཆད་པར་ཤུགས་ཀྱིས་འཆང།། ཉི་ཟླ་གླིང་བཞི་ཀུན་ཁྱབ་པས།། ཕྱི་སྣང་རྒྱ་མ་ཆད་ཅིང་སྣོད་བཅུད་རྒྱ་མ་ཆད།། རྟེན་བྱེད་ས་ཡིད་ཀུན་ལ་ཁྱབ་པས་ཕྱི་སྣང་རྒྱ་མ་ཆད།། སྡུང་བྱེད་ཆུ་ཡིས་ཀུན་ལ་ཁྱབ་པས་ཕྱི་ནང་རྒྱ་མ་ཆད། ། སྨིན་བྱེད་མེ་ཡིས་ཀུན་ལ་ཁྱབ་པས་ཕྱི་སྣང་རྒྱ་མ་ཆད།། འཐོར་བྱེད་རླུང་གིས་ཀུན་ལ་ཁྱབ་པས་ཕྱི་ནང་རྒྱ་མ་ཆད།། འབྱུང་བས་ཀུན་ལ་ཁྱབ་པས་སྣོད་བཅུད་རྒྱ་མ་ཆད། ། སྣ་ཚོགས་སེམས་ཀྱི་ངང་དུ་ཁྱབ་པས་ཕྱི་སྣང་རྒྱ་མ་ཆད།། རིག་པ་དབང་སྒྱུར་ཡེ་ཤེས་ངང་དུ་ཁྱབ་པས་ནང་སྣང་རྒྱ་མ་ཆད།། ཆོས་སྐུ་འགྲོ་བ་ཀུན་ལ་ཁྱབ་པས་ནང་སྣང་རྒྱ་མ་ཆད།། དབྱིངས་ཀྱི་མུ་ལ་ཐུག་པ་མེད་པས་གསང་སྣང་རྒྱ་མ་ཆད། ། ཆོས་ཉིད་ངང་ལ་འགྱུར་ལྡོག་མེད་པས་གསང་སྣང་རྒྱ་མ་ཆད།། བྱང་ཆུབ་སེམས་ལ་སྐྱེ་ཤི་མེད་པས་གསང་སྣང་རྒྱ་མ་ཆད།། ཅེས་གསུངས་སོ།། རིན་པོ་ཆེ་མིག་སེལ་གྱི་རྒྱུད་ལས། ། མ་འགགས་རྒྱ་མ་ཆད་པའི་ལེའུ་བཞི་པའོ།།།། འཁྲུལ་པ་འབྱུང་བ་ཇི་ལྟར་ལགས།། རིག་པའི་རྒྱ་པོས་བསྟན་དུ་གསོལ།། ཉིད་ཀྱིས་གསུངས་པ།། ཇི་བཞིན་འཁོར་རྣམས་ང་ལ་ཉོན།། ཅི་ཡང་མེད་པའི་སྔོན་རོལ་ན། ། རིག་པ་ཟེར་གྱི་ལྡང་དུས་སུ།། ཕྱོགས་འདྲ་ཅིག་ལ་ཡིན་གྱི་འདོད་པ་འབྱུང།། དེ་ཡི་ངང་ལ་བག་ཆགས་འབྱུང།། ཞེན་པའི་ངང་ལས་ཕྲག་དོག་ང་རྒྱལ་འབྱུང།། དེ་ཡི་ངང་ལས་གཏི་མུག་མ་རིག་འབྱུང། ། མ་རིག་པ་ལས་བག་ཆགས་སྣ་ཚོགས་བསགས།། བག་ཆགས་མཐུ་རྟས་སྣོད་བཅུད་འདྲེས།། སྣོད་བཅུད་འདྲེས་པས་ལུས་ཀྱིས་ཚུལ།། ལུས་ཀྱི་བག་ཆགས་ཀུན་ལ་གོམས།། བཏང་སྙོམས་མུན་པས་ཀུན་ཏུ་བཅད། ། དེར་འཛིན་དམིགས་པ་ཀུན་གྱིས་བསླད།། རིག་པའི་ཡེ་ཤེས་རྡོ་རྗེ་ཀུན་གྱིས་བྲིད།། བག་ཆགས་རྗེས་འབྲེང་ཀུན་གྱིས་བསྡུས།། རྣམ་པར་རྟོག་པའི་རྒྱུན་མས་ཁྱེར།། རང་བྱུང་ཡེ་ཤེས་དེ་རུ་བསྒྲིབས།། ཞེས་གསུངས་སོ། ། རིན་པོ་ཆེ་མིག་སེལ་གྱི་རྒྱུད་ལས།། འཁྲུལ་པ་འབྱུང་བའི་ལེའུ་སྟེ་ལྔ་པའོ།།།། འཁྲུལ་པ་ལམ་དུ་ཇི་ལྟར་བསླང།། རིག་པའི་རྒྱལ་པོས་གསུངས་པ།། ཇི་བཞིན་འཁོར་རྣམས་ང་ལ་ཉོན།། འདོད་ཆགས་བྱང་ཆུབ་ལམ་དུ་བསླང། ། ཞེ་སྡང་བྱང་ཆུབ་ལམ་དུ་བསླང།། ཕྲག་དོག་བྱང་ཆུབ་ལམ་དུ་བསླང།། ང་རྒྱལ་བྱང་ཆུབ་ལམ་དུ་བསླང།། གཏི་མུག་བྱང་ཆུབ་ལམ་དུ་བསླང།། སེམས་ནི་སྤྲུལ་པ་ལམ་དུ་བསླང། ། རིག་པ་ཡེ་ཤེས་ལམ་དུ་བསླང།། ཆོས་སྐུ་སྐྱེ་མེད་ལམ་དུ་བསླང།། ཞེས་གསུངས་སོ།། རིན་པོ་ཆེ་མིག་སེལ་གྱི་རྒྱུད་ལས།། འཁྲུལ་པ་ལམ་དུ་བསླང་བའི་ལེའུ་སྟེ་དྲུག་པའོ།།།། འཁྲུལ་བ་ཞིག་ན་ཆོས་རྣམས་ཇི་ལྟར་འགྱུར། ། ཞུས་པས།། རིག་པའི་རྒྱལ་པོས་བསྟན་དུ་གསོལ།། རིག་པའི་རྒྱལ་པོས་བཀའ་སྩལ་པ།། ཇི་བཞིན་འཁོར་རྣམས་ང་ལ་ཉོན།། འཁྲུལ་བ་ཞིག་ན་ཆོས་རྣམས་ཐམས་ཅད་བརྫུན་དུ་ཤེས་པར་བྱ། ། རྒྱུ་བསོད་ནམས་ལ་རེ་ན་རང་བྱུང་ཡེ་ཤེས་བརྫུན།། ངོ་གང་གཞན་དུ་གྱུར་ན་ཆོས་ཉིད་ཀྱི་བརྫུན།། ཆོས་སྐུ་གཞན་ནས་རེ་ན་རང་བྱུང་ཡེ་ཤེས་བརྫུན།། འདས་པའི་རྗེས་སུ་བྲང་ན་སངས་རྒྱས་བརྫུན། ། མ་འོངས་སྔོན་དུ་སུ་ན་སྨོན་ལམ་བརྫུན།། ད་ལྟར་ངོ་ཡིས་འཛིན་ན་སེམས་ཉིད་བརྫུན།། བརྫུན་པའི་མཚན་ཉིད་ཤེས་ན་བདེན་པའི་དོན།། རིན་པོ་ཆེ་མིག་སེལ་གྱི་རྒྱུད་ལས།། ཆོས་རྣམས་བརྫུན་པའི་ལེའུ་སྟེ་བདུན་པའོ། །།། ཡེ་ཤེས་ངོ་ཡིས་ཇི་ལྟར་བཟུང།། ཞུས་པས།། རིག་པའི་རྒྱལ་པོས་གསུངས་པ།། ཇི་བཞིན་འཁོར་རྣམས་ང་ལ་ཉོན།། མ་རྩིགས་པའི་གཞལ་ཡས་ཁང་ན།། རིག་པ་ཝལ་པོ་རྗེས་མེདའདུ་འབྲལ་མེད་པར་གནས། ། ཀུན་ཏུ་བཟང་པོ་དོགས་པ་མེད་པའི་ཀློང་ན།། རང་ཤེས་རིག་གི་རྒྱལ་པོ་རྡོ་རྗེ་རང་འཁྲུངས་སུ་གནས་པ།། སྣ་ཚོགས་སྐྱེ་བ་མེད་པའི་ཀློང་ན།། འགག་པ་མེད་པའི་ཤེས་པ་ངོས་གཟུང་མེད་པར་གནས་པ། ། ཀུན་གཞི་ནམ་མཁའ་ལྟ་བུ་ལ།། ཡེ་ཤེས་གསལ་བ་གློག་ལྟ་བུར་གནས་པའོ།། རིན་པོ་ཆེ་མིག་སེལ་གྱི་རྒྱུད་ལས།། ཡེ་ཤེས་ངོས་གཟུང་བའི་ལེའུ་སྟེ་བརྒྱད་པའོ།།།། ཡེ་ཤེས་འབྱུང་འཇུག་ཇི་ལྟར་ལགས། ། ཞེས་ཞུས་པས།། རིག་པའི་རྒྱལ་པོ་ཉིད་ཀྱིས་གསུངས་པ།། ཇི་བཞིན་འཁོར་རྣམས་ང་ལ་ཉོན།། སྣ་ཚོགས་འཛིན་པ་སེམས་ཀྱི་འབྱུང་འཇུག་ཡིན།། གཟུང་འཛིན་གཉིས་སུ་འཛིན་པ་ཡེ་ཤེས་འབྱུང་འཇུག་ཡིན། ། ཡེ་ཤེས་ངང་ལ་རོལ་པ་ཀུན་བཟང་འབྱུང་འཇུག་ཡིན།། ཞེས་གསུངས་སོ།། རིན་པོ་ཆེ་མིག་སེལ་གྱི་རྒྱུད་ལས།། ཡེ་ཤེས་རྩལ་བསྟན་པའི་ལེའུ་སྟེ་དགུ་པའོ།།།། ལྟ་སྒོམ་སྤྱོད་པའི་མཚན་ཉིད་ཇི་ལྟར་ལགས། ། ཞེས་ཞུས་པས།། རིག་པའི་རྒྱལ་པོས་བཀའ་སྩལ་པ།། ཇི་བཞིན་འཁོར་རྣམས་ང་ལ་ཉོན།། བདེ་སྟོང་བྱང་ཆུབ་མ་ཡིན་གསལ་བའི་ངང་ལ་སྡོད།། ཐུན་སྒོམ་འཛིན་ཕུར་མ་ཡིན་རང་གྲོལ་འཛིན་མེད་ངང་ལ་སྡོད། ། ཚུལ་ཆོས་སྤ་ལོ་མ་ཡིན་རང་བྱུང་འཛིན་མེད་ངང་ལ་སྡོད།། རེ་དོགས་ཡིད་སྨོན་མ་ཡིན་གཞི་སྨིན་ཡིད་ཆེས་ཀྱི་ངང་ལ་སྡོད།། ཅེས་གསུངས་སོ།། རིན་པོ་ཆེ་མིག་སེལ་གྱི་རྒྱུད་ལས།། ལྟ་སྒོམ་གྱི་ལེའུ་སྟེ་བཅུ་པའོ། །།། ཆོས་ཉིད་ཡོ་ལང་ཇི་ལྟར་ལགས།། རིག་པའི་རྒྱལ་པོས་བསྟན་དུ་གསོལ།། ཞེས་ཞུས་པས།། རིག་པའི་རྒྱལ་པོས་གསུངས་པ།། ཇི་བཞིན་འཁོར་རྣམས་ང་ལ་ཉོན།། སྲིད་པ་ཆོས་ཉིད་ཀྱི་ཡོ་ལང་ཡིན། ། སེམས་ཅན་གཟུང་འཛིན་གྱི་ཡོ་ལང་ཡིན།། རྣམ་རྟོག་ཡེ་ཤེས་ཀྱི་ཡོ་ལང་ཡིན།། སེམས་ཉིད་སྐྱེ་མེད་ཀྱི་ཡོ་ལང་ཡིན།། ཡོ་ལང་ངོ་བོ་ཇི་ལྟར་ལགས།། རིག་པའི་རྒྱལ་པོས་བཀའ་སྩལ་པ།། ཇི་བཞིན་འཁོར་རྣམས་ང་ལ་ཉོན། ། ཆོས་ཅན་ངོ་བོ་སྒྱུ་མ་ཡིན།། ཆོས་ཉིད་ངོ་བོ་མི་རྟོག་ཡིན།། རྣམ་རྟོག་ངོ་བོ་སྟོང་པ་ཡིན།། སངས་རྒྱས་ངོ་བོ་སེམས་ཉིད་ཡིན།། ཞེས་གསུངས་སོ།། རིན་པོ་ཆེ་མིག་སེལ་གྱི་རྒྱུད་ལས། ། ཡོ་ལང་ངོ་བོ་བསྟན་པའི་ལེའུ་སྟེ་བཅུ་གཅིག་པའོ།།།།། སེམས་ཀྱི་རྩ་བ་གང་ལ་ཐུག། རིག་པའི་རྒྱལ་པོས་བསྟན་དུ་གསོལ།། རིག་པའི་རྒྱལ་པོས་གསུངས་པ།། ཇི་བཞིན་འཁོར་རྣམས་ང་ལ་ཉོན། ། སེམས་ཀྱི་རྩ་བ་རིག་པ་ལ་ཐུག། ལུས་ཀྱི་རྩ་བ་ཡེ་ཤེས་ལ་ཐུག། ཆོས་ཉིད་ཀྱི་རྩ་བ་ཡུལ་ལ་ཐུག། ཀུན་ཏུ་བཟང་པོའི་རྩ་བ་སེམས་ཉིད་ལ་ཐུག། ཅེས་གསུངས་སོ།། རིན་པོ་ཆེ་མིག་སེལ་གྱི་རྒྱུད་ལས།། ཐུག་པའི་རྩ་བའི་ལེའུ་སྟེ་བཅུ་གཉིས་པའོ། །།། ཆོས་ཉིད་མ་བུ་ཇི་ལྟར་ལགས།། རིག་པའི་རྒྱལ་པོས་གསུངས་པ།། ཇི་བཞིན་འཁོར་རྣམས་ང་ལ་ཉོན།། མ་བསྐུལ་ཀུན་ཏུ་སྣང་བ་བྱང་ཆུས་ཀྱི་སེམས་ཡིན།། མ་བྱས་རང་བྱུང་གི་ཡེ་ཤེས་ཡིན། ། མ་སྐྱེས་རང་བྱུང་སྐུ་ནི་ཀུན་ཏུ་བཟང་པོ་ཡིན།། མ་སྐྱེད་ཀུན་ལ་ཁྱབ་པ་ཆོས་ཀྱི་དབྱིངས་ཡིན།། མ་རྩིགས་གནས་ནི་རྡོ་རྗེའི་གདན་དྲུང་ཡིན།། ཏུར་པོའི་མཚན་ཉིད་བློ་བུར་བ་ཡིན།། ཝལ་པའི་མཚན་ཉིད་རྗེས་མེད་པོ། ། ཏོལ་པོའི་མཚན་ཉིད་སྟོང་གང་ལ།། སལ་བའི་མཚན་ཉིད་མཁའ་གསལ་བཏང།། སངས་པོའི་མཚན་ཉིད་དངོས་པོ་མེད།། ཆོས་ཉིད་མ་ཡི་རྩལ་ཡིན་ནོ།། ཞེས་གསུངས་སོ།། རིན་པོ་ཆེ་མིག་སེལ་གྱི་རྒྱུད་ལས། ། མ་བུ་རྩལ་གྱི་ལེའུ་སྟེ་བཅུ་གསུམ་པའོ།།།། ལྟ་སྒོམ་གོ་སྟངས་ཇི་ལྟར་ལགས།། རིག་པའི་རྒྱལ་པོས་བསྟན་དུ་གསོལ།། ཇི་བཞིན་འཁོར་རྣམས་ང་ལ་ཉོན།། སྟོང་པ་ཡེ་ཤེས་ངང་དུ་ཤར་བས་ལྟ་བར་གོ། ཡེ་ཤེས་རྒྱུད་ཆད་མེད་པར་རྟོགས་པས་ཐུན་འཛིན་མེད་པའི་བསྒོམ་པར་གོ། ཤེས་རིག་རྒྱལ་པོའི་འཛིན་པ་མེད་པར་ཅིར་ཡང་འཆང་བའི་སྤྱོད་པ་གོ། རྒྱུ་དང་འབྲས་བུ་ཅིག་ཏུ་རྟོགས་པས་ལྷུན་གྱིས་གྲུབ་པའི་འབྲས་བུར་གོ། ངོ་བོ་གཅིག་ལ་རྟགས་སྣང་སྣ་ཚོགས་བྱུང་བས་མི་ནུབ་རྒྱལ་མཚན་རྩེ་རུ་གོ། ཐམས་ཅད་དབྱེ་བསལ་མེད་པས་དབྱིངས་ཀྱི་མུ་རུ་གོ། ཞེས་གསུངས་སོ།། རིན་པོ་ཆེ་མིག་སེལ་གྱི་རྒྱུད་ལས། ། གོ་སྟངས་ཀྱི་ལེའུ་སྟེ་བཅུ་བཞི་པའོ།།།། ལྟ་སྒོམ་ལྡེམ་དགོངས་ཇི་ལྟར་ལགས།། རིག་པའི་རྒྱལ་པོས་བསྟན་དུ་གསོལ།། རིག་པའི་རྒྱལ་པོས་གསུངས་པ།། ཇི་བཞིན་འཁོར་རྣམས་ང་ལ་ཉོན།། འཇུག་པ་བས་ཀྱང་བཏག་པ་ཉེ། ། བལྟ་བ་བས་ཀྱང་ཤེས་པ་ཆེ།། བསྒོམ་པ་བས་ཀྱང་ཡེངས་པ་གསལ།། སྤྱད་པ་བས་ཀྱང་བོར་བ་བཙུན།། བསྒྲུབས་པ་བས་ཀྱང་བཞག་པ་སྨན།། མཆོད་པ་བས་ཀྱང་ཟོས་པ་གཉེས། ། གསོ་པ་བས་ཀྱང་བསད་པ་སླ། ཞེས་གསུངས་སོ།། རིན་པོ་ཆེ་མིག་སེལ་གྱི་རྒྱུད་ལས།། ལྡོབ་དགོངས་ཀྱི་ལེའུ་སྟེ་བཅོ་ལྔ་པའོ།། རྣལ་འབྱོར་ཁམས་རྣམས་ཇི་ལྟར་གསོ།། རིག་པའི་རྒྱལ་པོ་བརྟན་དུ་གསོལ། ། རིག་པའི་རྒྱལ་པོ་གསུངས་པ།། ཇི་བཞིན་འཁོར་རྣམས་ང་ལ་སྟོན།། མེ་དང་ཉི་མ་སྐུ་ཉེ་བཅུད་ཀྱིས་རྡུང་རྣམས་གསོ།། འཆག་བྲན་གཏན་སྙན་ཁྲུས་ཀྱིས་འཁྲུལ་པ་གསོ།། རི་རྩོ་ལས་དང་འཁོངས་ཀྱི་བད་ཀན་གསོ། ། དད་པ་བརྩོན་འགྲུས་བློ་ཡེ་ཤེས་གསོ།། སྒོམ་བསྒྲུབ་སྙིང་པོ་གྲོགས་ཀྱི་ཚོ་བ་གསོ།། འཚོ་སྤྱད་ཀུན་ལ་མཁས་པ་རྣལ་འབྱོར་ཆེན་པོ་ཡིན།། ཞེས་གསུངས་སོ།། རིན་པོ་ཆེ་མིག་སེལ་གྱི་རྒྱུད་ལས། ཁོས་གསོ་བའི་ལེའུ་སྟེ་བཅུ་དྲུག་པའོ། ། སྙིང་པོའི་མཚན་ཉིད་ཇི་ལྟར་ལགས།། རིག་པའི་རྒྱལ་པོས་བསྟན་དུ་གསོལ།། རིག་པའི་རྒྱལ་པོས་གསུངས་པ།། ཇི་བཞིན་འཁོར་རྣམས་ང་ལ་ཉོན།། སའི་སྙིང་པོ་རིན་ཆེན་རྩེ་ཤིང་ཕྱི་འབྲུ་བཅུད། ། ནང་སེམས་ཅན་མི་གསང་བའི་བཅུད།། ཆུའི་སྙིང་པོ་ལན་ཚྭ་ཟླ་བ་ཁྲག། མེའི་སྙིང་པོ་ཉི་མ་སྤྲིན་དང་དྲོད།། རླུང་གི་སྙིང་པོ་སྒྲ་དང་དབུགས།། འབྱུང་བའི་སྙིང་པོ་ནམ་མཁའ་ཚོན་དུས།། ཆོས་ཉིད་ཀྱི་སྙིང་པོ་སྣང་བ་སྐྱེན་དང་སེམས། ། སེམས་ཀྱི་སྙིང་པོ་ཡེ་ཤེས་སེམས་ཉིད།། མི་མངོན་པའི་དབྱིངས་ལའོ།། ཞེས་གསུངས་སོ།། རིན་པོ་ཆེ་མིག་སེལ་གྱི་རྒྱུད་ལས།། སྙིང་པོའི་ལེའུ་སྟེ་བཅུ་བདུན་པའོ། །།། མེད་པའི་གཉིས་མེད་ཇི་ལྟར་ལགས།། རིག་པའི་རྒྱལ་པོས་བསྟན་དུ་གསོལ།། ཇི་བཞིན་འཁོར་རྣམས་ང་ལ་ཉོན།། གདོད་ནས་ངང་གིས་དག་པས་དྲི་མ་མེད།། སྙིང་པོ་ངང་གིས་གསལ་བས་ཐོགས་པ་མེད། ། སེམས་ཉིད་ངོས་བཟུང་མེད་པས་ཆོས་ཀྱི་རྣམ་པ་མེད།། སེམས་ལ་སྐྱེ་ཤི་མེད་པས་ཆོས་ཀྱི་རྣམ་པ་མེད།། སེམས་ལ་སྐྱེ་ཤི་མེད་པས་འཆི་འཕོའི་རྣམ་པ་མེད།། འགྲོ་དྲུག་སྡུག་བསྔལ་ཡེ་ཤེས་ཡིན་པས་འཁོར་བ་མེད། ། ཡེ་ཤེས་རང་ལ་ཤར་བས་ཉིན་མཚན་མེད།། ཡེ་ཤེས་ཉིད་ལས་གསལ་བས་སངས་རྒྱས་མེད།། ཅེས་གསུངས་སོ།། རིན་པོ་ཆེ་མིག་སེལ་གྱི་རྒྱུད་ལས།། གཉིས་མེད་ཀྱི་ལེའུ་སྟེ་བཅོ་བརྒྱད་པའོ། །།། ཆེ་བའི་ཡོན་ཏན་ཇི་ལྟར་ལགས།། རིག་པའི་རྒྱལ་པོས་བསྟན་དུ་གསོལ།། རིག་པའི་རྒྱལ་པོས་གསུངས་པ།། ཇི་བཞིན་འཁོར་རྣམས་ང་ལ་ཉོན།། རྐང་པ་མེད་པར་མགྱོགས་པ་ཆུ་ལྟ་བུ།། ཕྱིན་པ་མེད་པར་གསལ་བ་སྒྲོན་མེ་ལྟ་བུ། ། གསལ་ལ་འཛིན་པ་ཆུ་ནང་གི་གཟའ་སྐར་ལྟ་བུ།། གཟུགས་བརྙན་ལྟ་བུའོ།། མགྱོགས་ལ་མི་གནས་པ་བར་སྣང་གི་གློག་ལྟ་བུ།། གསལ་ལ་གཞན་ལ་མི་ལྟོས་པ་ནམ་མཁའི་ཉི་མ་ལྟ་བུ། ། སྤྱོད་ལ་མ་ཆགས་པ་རྒྱ་མཚོའི་ཉ་ལྟ་བུ།། རེག་བྱ་མེད་པའི་བདེ་བ་སྐྱེས་བུ་བྱ་བ་བཏང་བ་ལྟ་བུ།། རིག་པ་མ་ཞེན་པ་མེ་ལོང་གི་ངོས་ལ་ཉི་ཤར་བ་ལྟ་བུ།། དབྱིབས་མེད་པར་ཁྱབ་པ་ནམ་མཁའ་ལྟ་བུ། ། བདེ་བ་ལ་བརྗོད་དུ་མེད་པ་གཞོན་ནུ་མའི་བདེ་བའི་འདོད་ཆགས་ལྟ་བུ།། བྱས་པ་མེད་པར་གྲུབ་པ་ལྷའི་དབང་པོ་བརྒྱ་བྱིན་ལྟ་བུ།། རྟེན་མེད་པའི་རྟག་པ་རིན་པོ་ཆེ་ལྟ་བུ།། ཞེས་གསུངས་སོ།། རིན་པོ་ཆེ་མིག་སེལ་གྱི་རྒྱུད་ལས། ། ཆེ་བའི་ཡོན་ཏན་གྱི་ལེའུ་སྟེ་བཅུ་དགུ་པའོ།།།། རིག་པའི་རྫོགས་ལུགས་ཇི་ལྟར་ལགས།། རིག་པའི་རྒྱལ་པོས་བསྟན་དུ་གསོལ།། རིག་པའི་རྒྱལ་པོ་ཉིད་ཀྱིས་གསུངས་པ།། རིག་པ་ཅིར་ཡང་སྣང་བས་ཐིག་ལེར་རྫོགས། ། དོན་དམ་བསྐལ་པར་མི་གཏོང་ཏིང་འཛིན་རྫོགས།། རྫོགས་པའི་དོན་ལ་མི་འདའ་དམ་ཚིག་རྫོགས།། རིག་པ་འགག་པ་མེད་པས་ཡེ་ཤེས་རྫོགས།། ཡེ་ཤེས་འགྱུར་བ་མེད་པས་འབྲས་བུ་རྫོགས། ། འཁྲུལ་པ་རྩད་གཅད་བྱ་བ་གཏན་པས་གདམས་ངག་རྫོགས།། དབྱིངས་ལ་སྐྱེད་བྲི་མེད་པས་ཆོས་སྐུ་རྫོགས།། ཞེས་གསུངས་སོ།། རིན་པོ་ཆེ་མིག་སེལ་གྱི་རྒྱུད་ལས།། རིག་པ་རྫོགས་ལུགས་ཀྱི་ལེའུ་སྟེ་ཉི་ཤུ་པའོ། །།། སྐུ་ལྔའི་དོན་རྣམ་ཇི་ལྟར་ལགས།། རིག་པའི་རྒྱལ་པོས་བསྟན་དུ་གསོལ།། རིག་པའི་རྒྱལ་པོ་ཉིད་ཀྱིས་གསུངས་པ།། ཇི་བཞིན་འཁོར་རྣམས་ང་ལ་ཉོན།། དག་པའི་དོན་ལྡན་ཆོས་ཀྱི་སྐུ། ། རང་རིག་བདེ་བ་རྫོགས་པའི་སྐུ།། ཐུགས་རྗེ་རང་སྣང་སྤྲུལ་པའི་སྐུ།། ངཽ་བོ་རང་སྣང་སྤྲུལ་པའི་སྐུ།། སྣང་དང་མི་སྣང་གཉིས་སུ་མེད།། ནམ་མཁའ་ལྟ་བུར་མཉམ་པ་ཉིད།། ཐམས་ཅད་རྫོགས་པས་འབྲས་བུ་དབྱིངས་སུ་བསྟན། ། ཅེས་གསུངས་སོ།། རིན་པོ་ཆེ་མིག་སེལ་གྱི་རྒྱུད་ལས།། སྐུ་ལྔ་བསྟན་པའི་ལེའུ་སྟེ་ཉེར་གཅིག་པའོ།།།། མཉམ་པའི་མཚན་ཉིད་ཇི་ལྟར་ལགས།། གསང་བའི་བདག་པོས་བསྟན་དུ་གསོལ། ། རིག་པའི་རྒྱ་པོས་གསུངས་པ།། ཇི་བཞིན་འཁོར་རྣམས་ང་ལ་ཉོན།། དོན་མི་གསལ་བར་མུ་གེ་བྱིང་རྨུགས་ཉམས།། ཐོར་ལ་འཛིན་པ་རྒོད་འཕྲོ་གཡེལ་བའི་ཉམས།། གཡོ་རྟོག་མེད་པ་མཉམ་བཞག་བུན་ནེ་ལོང་ངེ་སྒྱུ་མ་རྗེས་ཐོབ་ཉམས། ། ཞོར་སྐྱེ་ཞོར་འགག་རིག་པའི་ཉམས།། ཕྱག་ལེ་ཕྱད་དེ་སྟོང་པའི་ཉམས།། གསལ་ལ་དངས་པ་འོད་གསལ་ཉམས།། རང་གསལ་འཛིན་མེད་བྱིང་རྨུགས་མེད་པའི་ཉམས།། གསལ་ཁྱབ་མྱུར་མགྱོགས་ཡེ་ཤེས་ངང་གི་ཉམས། ། ཞེས་གསུངས་སོ།། རིན་པོ་ཆེ་མིག་སེལ་གྱི་རྒྱུད་ལས།། ཉམས་བསྟན་པའི་ལེའུ་སྟེ་ཉེར་གཉིས་པའོ།།།། རྟགས་དང་བདུད་ཀྱི་སྤྱོད་ཡུལ་ཇི་ལྟར་ལགས།། རིག་པའི་རྒྱལ་པོས་བསྟན་དུ་གསོལ། ། རིག་པའི་རྒྱལ་པོས་གསུངས་པ།། ཇི་བཞིན་འཁོར་རྣམས་ང་ལ་ཉོན།། འཁོར་བའི་ཆོས་ལ་སྐྱོ་བ་དང། སྙིང་རྗེ་ཕྱོགས་ནོད་སྐྱེ་བ་དང།། དབུགས་ཆེ་འབྱིན་པའི་སྔ་བཏགས་ཡིན།། ལུས་ལ་སྲོག་ཆགས་མི་འཆགས་དང། ། དུད་འགྲོ་བྱམས་ཤིང་ཆགས་པ་མེད།། ཕྱིར་མི་ལྡོག་པའི་སྔ་རྟགས་ཡིན།། བདུད་ཀྱི་སྤྱོད་ཡུལ་ཅི་སྟོན་ཀྱང།། བཟང་པོའི་གཟུགས་ལ་ཆགས་མི་བྱ།། འཇིགས་པའི་གཟུགས་ལ་སྐྲག་མི་བྱ། ། བླ་མ་རྣམས་ལ་གསོལ་བ་ཐོབ།། དུར་ཁྲོད་དབྱིངས་སུ་ཕྱིན་པ་དང།། ཉམ་ང་བག་ཙམ་བྱུང་བ་རྣམས།། ཐམས་ཅད་སངས་རྒྱས་རྫུ་འཕྲུལ་ཡིན།། ཞེས་གསུངས་སོ།། རིན་པོ་ཆེ་མིག་སེལ་གྱི་རྒྱུད་ལས།། རྟགས་དང་བདུད་ཀྱི་ལེའུ་སྟེ་ཉེར་གསུམ་པའོ། །།། གཏད་རྒྱ་སྦས་ཐབས་ཇི་ལྟར་ལགས།། རིག་པའི་རྒྱལ་པོས་བསྟན་དུ་གསོལ།། རིག་པའི་རྒྱལ་པོས་གསུངས་པ།། ཇི་བཞིན་འཁོར་རྣམས་ང་ལ་ཉོན།། ཀུན་ཏུ་བཟང་པོའི་ཐུགས་ཀྱི་ཡང་ཞུན་འདི། ། ཀུན་རིག་རྣམ་པ་སྣང་མཛད་ཐུགས་ཀྱི་དཀྱིལ་དུ་གཏད།། རྣམ་པར་སྣང་མཛད་ཐུགས་ཀྱི་ཡང་ཞུན་འདི།། རྡོ་རྗེ་སེམས་དཔའ་ཐུགས་ཀྱི་དཀྱིལ་དུ་གཏད།། རྡོ་རྗེ་སེམས་དཔའ་ཐུགས་ཀྱི་ཡང་ཞུན་འདི། ། དགའ་རབ་རྡོ་རྗེ་ཐུགས་ཀྱི་དཀྱིལ་དུ་གཏད།། དགའ་རབ་རྡོ་རྗེ་ཐུགས་ཀྱི་ཡང་ཞུན་འདི།། འཇམ་དཔལ་བཤེས་གཉེན་ཐུགས་ཀྱི་དཀྱིལ་དུ་གཏད།། འཇམ་དཔལ་བཤེས་གཉེན་ཐུགས་ཀྱི་ཡང་ཞུན་འདི། ། ཤྲཱི་སིང་ཧའི་ཐུགས་ཀྱི་དཀྱིལ་དུ་གཏད།། ཤྲཱི་སིང་ཧའི་ཐུགས་ཀྱི་ཡང་ཞུན་འདི།། བི་མ་ལ་མི་ཏྲ་ཐུགས་ཀྱི་དཀྱིལ་དུ་གཏད།། གཏད་པའི་རྒྱ་དང་ལྡན་པར་གྱིས།། གཏད་ས་མེད་ན་གཞུང་དང་འཐུན་པའི་ས་གཏེར་སྤོས། ། དེ་ཡན་ཆོད་ནི་ཚིག་གི་རྒྱུད་དང་སྙན་བརྒྱུད་དོ།། ད་ནི་དོན་གྱི་རྒྱུད་སྦ་ཐབས་སོ།། བྱང་ཆུབ་སེམས་ཀྱི་རྫོང་ལ་ཐིག་ལེ་ཉག་གཅིག་གཏེར་སྦ་བ་དང།། ཐིག་ལེ་ཉག་གཅིག་གི་རྩལ་ལ་ཀུན་ཏུ་བཟང་པོ་རོལ་པའི་གཏེར་སྦ་བ་དང། ། ཡིད་ཀྱི་རྣམ་པར་ཤེས་པའི་རྫོང་ལ་རང་བྱུང་ཡེ་ཤེས་ཀྱི་གཏེར་སྦ་བ་དང།། དབྱིངས་ཀྱི་མུ་ལ་ཆོས་ཉིད་ཀྱི་གཏེར་སྦའོ།། ཞེས་གསུངས་སོ།། རིན་པོ་ཆེ་མིག་སེལ་གྱི་རྒྱུད་ལས། ། གཏད་རྒྱ་བསྟན་པའི་ལེའུ་སྟེ་ཉེར་བཞི་པའོ།།།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་སུ་བརྒྱུད་པ།། རིན་པོ་ཆེ་དགོས་འདོད་འབྱུང་བའི་རྒྱུན་གྱི་སྒྲོན་མ་རིན་པོ་ཆེ་མིག་སེལ་ཞེས་བྱ་བའི་རྒྱུད་རྫོགས་སོ། །།། མཆོད་འོས་རང་བཞིན་གྱི་ཚིག་ཆེན་པོ་ཞེས་བྱ་བ་བཞུགས་སོ། ། ཀྱེ་ཀྱེ་སངས་རྒྱས་འོད་ཕུང་ཆེན་པོ།། སངས་རྒྱས་ཀྱི་ཡིན་པ་གསུམ་གསུང་དུ་གསོལ།། ཅེས་ཞུས་སོ།། དེ་ནས་རྣམ་པར་གྲོལ་བའི་སངས་རྒྱས་འོད་ཀྱི་ཕུང་པོས་འདི་སྐད་ཅེས་བཀའ་སྩལ་ཏོ། ། ཀྱེ་གསང་བའི་བདག་པོ་ཁྱོད་ཉོན་ཅིག། རང་གི་རིག་པ་ལ་སྐྱེ་ཤི་མེད་པས།། རང་གི་རིག་པ་ཝལ་ལེ་བ་འདི་སངས་རྒྱས་ཡིན་ནོ།། རང་གི་རེག་པ་ངོས་གཟུང་དང་བྲལ་བའི་འོད་ཀྱི་ཕུང་བོར་འདུག་པ་འདི་ཀ་སངས་རྒྱས་ཡིན་པར་ངོ་ཤེས་ན། ། ཆོས་སྐུ་ཐོབ་པ་ཡིན་ནོ།། ཀྱེ་གསང་བའི་བདག་པོ་རངགི་རིག་པ་ངོས་གཟུང་གི་མཐའ་དང་བྲལ་ཞིང།། མི་འགྱུར་བ་འོད་ཀྱི་ཕུང་པོ་རབཞུགས་པས།། ཤེས་རིག་གི་ངོ་བོ་ཝལ་ལེ་ཁྱུག་གེ་གསལ་བ་འདི་ཀ་སངས་རྒྱས་ཆོས་ཀྱི་སྐུ་ཡིན་ནོ། ། དེ་ངོ་ཤེས་པར་གྱིས་ཤིག། ཅེས་བཀའ་སྩལ་ཏོ།། དེ་ནས་ཡང་རྣམ་པར་གྲོལ་བའི་བདེ་བར་གཤེགས་པ་འོད་ཀྱི་ཕུང་པོས་འདི་སྐད་ཅེས་བཀའ་སྩལ་ཏོ།། ཀྱེ་གསངབའི་བདག་པོ་ཡེ་ཤེས་ཀྱི་སྐུ་ལ་གསལ་འགྲིབ་མེད་པ། ། དུས་གསུམ་མཉམ་པ་ཉིད་རང་གི་རིག་པ་ཝལ་ལེ་གསལ་གྱིན་འདུག་པ་འདི་ཀ།། ཡང་དག་རྫོགས་པའི་སངས་རྒྱས་འདུས་མ་བྱས་ཀྱི་སྐུ་ཡིན་ནོ། ། ཞེས་བཀའ་སྩལ་རོ།། དེ་ནས་ཡང་གསང་བའི་བདག་པོས་འདི་སྐད་ཅེས་ཞུས་སོ།། ཨེ་མ་ཧོ། སངས་རྒྱས་འོད་ཆེན་པོ། སངས་རྒྱས་ཀྱི་སྐུ་དང་ཡེ་ཤེས་གསུང་དུ་གསོལ།། ཅེས་ཞུས་སོ།། བཅོམ་ལྡན་འདས་རྣམ་པར་གྲོལ་བ་འོད་ཀྱི་ཕུང་པོས་བཀའ་སྩལ་པ། ། ཀྱེ་རྡོ་རྗེ་འཛིན་པ་ཁྱོད་ཉོན་ཅིག་སེམས་ལ་སངས་རྒྱས་སྐུ་གསུམ་ཡེ་ཤེས་ཤེས་རབ་ཀྱི་སྐུ་རུ་བཞུགས་སོ།། ཤེས་རབ་ཀྱི་སྐུ་ལ་མཚན་མའི་གཟུགས་མེད་དོ། ། ཤེས་རབ་ཀྱི་སྐུ་ལ་མཚན་མའི་གཟུགས་མེད་པས།། སྐུ་དང་ཡེ་ཤེས་རྒྱུན་ཆད་མེད་པར་བཞུགས་སོ།། ཤེས་རབ་རང་ལ་གསལ་བའི་སྐུ་རང་བྱུང་གི་ཡེ་ཤེས་སུ་གསལ་བས།། སྐུ་དང་ཡེ་ཤེས་ཐ་དད་མེད་པར་བཞུགས་སོ། ། སྐུ་དང་ཡེ་ཤེས་ཐ་དད་མེད་པ་ནི། རང་གི་རིག་པ་ཝལ་ལེ་བ།། འོད་ཀྱི་ཕུང་པོར་འདུག་པ་འདི་ཡིན་ནོ།། འདི་ཀ་སངས་རྒྱས་ཆོས་ཀྱི་སྐུ་ཡིན་ནོ།། རིག་པའི་ངོ་བོ་མ་འགགས་པར་ཝལ་ལེ་གསལ་བ་འདི་ཀ་ཆོས་སྐུ་ཡིན་པས། ། ཆོས་ཀྱི་སྐུ་དེ་ཀ་ངོ་བོ་ཉིད་ཀྱི་སྐུ་ཡིན་པས།། སྐུ་དང་ཡེ་ཤེས་ཐ་དད་མེད་པར་ཤེས་པར་བྱའོ།། ཡེ་ཤེས་སྐུ་བཞིར་ཤེས་པར་བྱའོ།། སངས་རྒྱས་སྐུ་གསུམ་ཤེས་རབ་ཀྱི་སྐུ་ཤེས་པར་བྱའོ། ། ཤེས་རབ་ཀྱི་སྐུ་ལ་ཡེ་ཤེས་རྒྱུན་ཆད་མི་མངའ་བར་ཤེས་པར་བྱའོ།། ཤེས་རབ་ཀྱི་སྐུ་རང་གདངས་འོད་དངསྐུ་རུ་ཤར་བས། རང་འོད་རང་ལས་ཤར་བར་ཤེས་པར་བྱའོ།། རིག་པ་མི་གནས་ཐོན་པས་ལོངས་སྐུ་ཁ་མིག་རྣ་བ་ཅན་གྱིས་སྣང་སྲིད་ཁེངས་ནས་ཐམས་ཅད་འོད་ཀྱི་སྐུ་རུ་ཤར་བ་དེ་ཤེས་རབ་ཀྱི་སྐུའི་རང་བཞིན་དུ་ཤེས་པར་བྱའོ། ། རང་གི་ཤེས་རབ་ཀྱི་སྐུའི་རང་བཞིན་ངོ་ཤེས་ན། རང་གི་རང་བཞིན་འོད་ལྔ་ལ་གཉིས་སུ་མེད་པར་ཐིམ་ནས་སངས་རྒྱའོ། ། ཀྱེ་གསང་བའི་བདག་པོ།། དོན་ཆེན་པོ་དེ་ནི་འདས་པ་དང་མ་འོངས་པས་ཀྱང་སྟོན་ནུས་རི་བཀའ་སྩལ་ཏོ།། ཞེས་སངས་རྒྱས་རང་ཆས་ཆེན་པོའི་རྒྱུད་ལས།། སྐུ་དང་ཡེ་ཤེས་ཀྱི་ལེའུ་སྟེ་ལྔ་པའོ། །།། དེ་ནས་གསང་བའི་བདག་པོ་རྡོ་རྗེ་འཛིན་པ་ཆེན་པོ་དེས་འདི་སྐད་ཅེས་ཞུས་སོ།། ཨེ་མ་ཧོ། རྣམ་པར་གྲོལ་བའི་སངས་རྒྱས་འོད་ཕུང་ཆེན་པོས།། སངས་རྒྱས་ཆོས་སྐུ་བསྟན་དུ་གསོལ། ། ཅེས་ཞུས་སོ།། དེ་ནས་ཡང་རྣམ་པར་གྲོལ་བའི་སངས་རྒྱས་འོད་ཕུང་ཆེན་པོས་འདི་སྐད་ཅེས་བཀའ་སྩལ་ཏོ།། ཀྱེ་གསང་བའི་བདག་པོ་ཁྱོད་ཉོན་ཅིག། རང་གི་རིག་པ་འགྱུར་བ་མེད་པ་ཝལ་ལེ་ཁྱུག་གེ་གསལ་བ་འདི་ཀ་ཆོས་ཀྱི་སྐུ་ཡིན་ནོ། ཞེས་བཀའ་སྩལ་ཏོ།། དེ་ནས་ཡང་གསང་བའི་བདག་པོས་འདི་སྐད་ཅེས་ཞུས་སོ།། ཀྱེ་རྣམ་པར་གྲོལ་བའི་སངས་རྒྱས་འོད་ཕུང་ཆེན་པོས།། ལོངས་སྤྱོད་རྫོགས་པའི་སྐུ་བསྟན་དུ་གསོལ། ། ཅེས་ཞུས་སོ།། དེ་ནས་ཡང་རྣམ་པར་གྲོལ་བའི་སངས་རྒྱས་འོད་ཕུང་ཆེན་པོས་འདི་སྐད་ཅེས་བཀའ་སྩལ་ཏོ།། ཀྱེ་རྡོ་རྗེ་འཛིན་པ་ཆེན་པོ་ཁྱོད་ཉོན་ཅིག། རངགི་རིག་པ་འགགས་པ་མེད་པར་ཝལ་ཙེར་འཆར་བ་དེ་ཤེས་པ་དེ་ཀ་ལོངས་སྐུ་ཡིན་ནོ། ། ཞེས་བཀའ་སྩལ་ཏོ།། དེ་ནས་གསང་བའི་བདག་པོས་འདི་སྐད་ཅེས་ཞུས་སོ།། ཀྱེ་སངས་རྒྱས་འོད་ཕུང་ཆེན་པོ།། སངས་རྒྱས་སྤྲུལ་པའི་སྐུ་བསྟན་དུ་གསོལ། ། ཅེས་ཞུས་སོ།། དེ་ནས་རྣམ་པར་གྲོལ་པའི་བདེ་བར་གཤེགས་པ་འོད་ཀྱི་ཕུང་པོས་འདི་སྐད་ཅེས་བཀའ་སྩལ་ཏོ།། ཀྱེ་གསང་བའི་བདག་པོ་ཁྱོད་ཉོན་ཅིག། རང་གི་རིག་པ་ཅིར་ཡང་འཆར་བ་འདི་ཀ་སངས་རྒྱས་སྤྲུལ་པའི་སྐུ་ཡིན་ནོ། ། ཞེས་བཀའ་སྩལ་ཏོ།། དེ་ནས་ཡང་སངས་རྒྱས་འོད་ཕུང་ཆེན་པོས་འདི་སྐད་ཅེས་བཀའ་སྩལ་ཏོ།། ཀྱེ་གསང་བའི་བདག་པོ།། རང་གི་རིག་པ་འགྱུར་བ་མེད་པ་ཝལ་ལེ་ཝ་གསལ་བ་འདི་ཀ་ཆོས་སྐུ་ཡིན་ནོ། ། སྣང་བ་འོད་དུ་ཤར་བས་རང་གི་རིག་པའི་ཆོས་འཕྲུལ་ཡིན་པས།། འོད་ལྔ་པོ་ཡང་སྤྲུལ་པ་ཡིན་ནོ།། སངས་རྒྱས་སྐུ་བཞི་རང་ལ་བཞུགས་པས་རང་གིས་ལྟོས།། རང་ལ་རང་གིས་བལྟས་པས་སངས་རྒྱས་རང་རིག་པར་འདུག། རང་གི་རིག་པ་སངས་རྒྱས་ཡིན་པས་སངས་རྒྱས་གཞན་དུ་མ་ཚོལ་ཅིག། ཅེས་བཀའ་སྩལ་ཏོ།། སངས་རྒྱས་རང་ཆས་རྒྱུད་ལས།། སྐུ་གསུམ་ངོ་སྤྲད་པའི་ལེའུ་སྟེ་དྲུག་པའོ།། དེ་ནས་ཡང་གསང་བའི་བདག་པོས་འདི་སྐད་ཅེས་ཞུས་སོ། ། ཀྱེ་ཀྱེ་རྣམ་པར་གྲོལ་བའི་སངས་རྒྱས་འོད་ཀྱི་ཕུང་པོ་ཆེན་པོ།། སངས་རྒྱས་ཀྱི་ཡིན་པ་གསུམ་གསུང་དུ་གསོལ།། དེ་ནས་འོད་ཀྱི་ཕུང་པོས་བཀའ་སྩལ་པ།། ཀྱེ་རྡོ་རྗེ་འཛིན་པ་ཁྱོད་ཉོན་ཅིག། སངས་རྒྱ་ས་འདུས་མ་བྱས་ཡིན་པས།། བྱས་པའི་ཆོས་ཀྱིས་སངས་རྒྱས་མི་རྒྱ་བ་ཡིན་ནོ།། སངས་རྒྱས་སྐུ་གསུམ་ཤེས་རབ་སྐུ་རུ་བཞུགས་སོ།། ཤེས་རབ་ཀྱི་སྐུ་ནི་མཚན་མའི་གཟུགས་མེད་པས། ལས་ཀྱི་རྣམ་པར་སྨིན་པས་མགོས་པ་ཡིན་ནོ།། མ་དག་པ་འཁྲུལ་པའི་སྣང་པ་འདི་སངས་རྒྱས་སུ་ཤར་བས། ལས་ངན་བག་ཆགས་སྦྱང་མི་དགོས་པ་ཡིན་ནོ།། ཞེས་གསུངས་སོ།། དེ་ནས་ཡང་གསང་བའི་བདག་པོས་འདི་སྐད་ཅེས་ཞུས་སོ། ། ཀྱེ་ཀྱེ་རྣམ་པར་གྲོལ་བའི་སངས་རྒྱས་འོད་ཕུང་ཆེན་པོ།། སངས་རྒྱས་ཀྱི་མིན་པ་གསུམ་གསུང་དུ་གསོལ།། ཞེས་ཞུས་སོ།། དེ་ནས་བཅོམ་ལྡན་འདས་ཀྱིས་འོད་ཕུང་བཀོད་པའི་ནང་ནས་འདི་སྐད་ཅེས་བཀའ་སྩལ་ཏོ། ། ཀྱེ་གསང་བའི་བདག་པོ་རྡོ་རྗེ་འཛིན་པ་ཆེན་པོ།། སངས་རྒྱས་ཆོས་ཀྱི་སྐུ་འདུས་མ་བྱས་པ་ཡིན་པས།། བྱས་པའི་ཆོས་ཀྱིས་སངས་རྒྱ་ན་འདུས་བྱས་སུ་འགྲོ་བས་སངས་རྒྱས་མིན་ནོ། ། སངས་རྒྱས་ཤེས་རབ་ཀྱི་སྐུ་ལ་མཚན་མ་མེད་པས།། རྣམ་པར་སྨིན་པས་གོས་པ་མེད་དོ།། རང་འོད་རང་གིས་ཤེས་ན་སངས་རྒྱ་བས།། སྒོམ་པ་དང་སྒྲུབ་པ་སངས་རྒྱས་མིན་ཞེས་བཀའ་སྩལ་ཏོ།། དེ་ནས་ཡང་གསང་བའི་བདག་པོས་འདི་སྐད་ཅེས་ཞུས་སོ། ། ཀྱེ་ཀྱེ་རྣམ་པར་གྲོལ་བའི་སངས་རྒྱས་འོད་ཀྱི་ཕུང་པོ།། སངས་རྒྱས་ཀྱི་ཚོག་པ་གསུང་དུ་གསོལ། ཅེས་ཞུས་སོ།། དེ་ནས་རྣམ་པར་གྲོལ་བའི་སངས་རྒྱས་རྒྱན་འོད་ཀྱི་ཕུང་པོ་ཆེན་པོས། ། ཕྱི་ནང་མེད་པར་འོད་དུ་འབར་བ་དེ་འདི་སྐད་ཅེས་བཀའ་སྩལ་ཏོ།། ཀྱེ་བྱང་ཆུབ་སེམས་དཔའ་ཆེན་པོ།། ཁྱོད་མ་ཡེངས་པར་ཉོན་ཅིག། བདེ་གཤེགས་ཡེ་ཤེས་ཀྱི་ལུས་ཅན་དེ། ། ཆོས་ལས་འདས་པའི་སངས་རྒྱས་ཡིན་ནོ།། སྒོམ་པ་དང་སྒྲུབ་པ་མི་དགོས།། རྩོལ་བ་དང་བྲལ་བ་ཡིན་ཏེ།། རང་འོད་ངོ་ཤེས་པས་ཆོག་གོ། སངས་རྒྱས་ཡེ་ཤེས་ཀྱི་སྐུ་ལ་གདོས་བཅས་ཤ་ཁྲག་གི་ལུས་དང་བྲལ་ནས་མེད་པས། ། ལས་ལ་དགེ་སྡིག་མེད་དོ།། སྤྱད་པས་ཆོག་གོ། རང་གི་རིག་པ་འོད་ཀྱི་ཕུང་པོར་བཞུགས་པས།། གསལ་འགྲིབ་དང་བྲལ་ཏེ་ཡུལ་ཡེ་ཤེས་སུ་གསལ་བས་ཆོག་གོ། ཞེས་བཀའ་སྩལ་ཏོ།། དེ་ནས་ཡང་གསང་བའི་བདག་པོས་འདི་སྐད་ཅེས་ཞུས་སོ། ། ཀྱེ་ཀྱེ་སངས་རྒྱས་འོད་ཕུང་ཆེན་པོ།། སངས་རྒྱས་ཀྱི་འོང་བ་གསུམ་གསུང་དུ་གསོལ།། ཞེས་ཞུས་སོ།། དེ་ནས་བཅོམ་ལྡན་འདས་རྣམ་པར་གྲོལ་བའི་སངས་རྒྱས་འོད་ཀྱི་ཕུང་པོ་ཆེན་པོས་འདི་སྐད་ཅེས་བཀའ་སྩལ་ཏོ། ཀྱེ་གསང་བའི་བདག་པོ་རྡོ་རྗེ་འཛིན་པ་ཆེན་པོ།། ཁྱོད་རྩེ་གཅིག་གི་ཏིང་ངེ་འཛིན་གྱིས་ཉོན་ལ།། སོ་སོར་རྟོག་པའི་ཤེས་རབ་ཀྱི་ཟུང་ཞིག། འཁྲུལ་བའི་སྣང་བ་འགགས་པས་དག་པའི་སྣང་བ་འོང་ངོ། ། ཤ་ཁྲག་གི་ལུས་བོར་བས་འོད་གསལ་གྱི་ལུས་འོང་ངོ།། སེམས་རྟོག་བཅས་མེད་པས་ཡེ་ཤེས་རྟོག་མེད་འོང་ངོ།། ཞེས་བཀའ་སྩལ་ཏོ། དེ་ནས་ཡང་གསང་བའི་བདག་པོ་རྡོ་རྗེ་འཛིན་པ་ཆེན་པོ་ངེས་འདི་སྐད་ཅེས་ཞུས་སོ། ཀྱེ་ཀྱེ་སངས་རྒྱས་འོད་ཕུང་ཆེན་པོ།། སངས་རྒྱས་ཀྱི་ཐིམ་ལུགས་གསུམ་གསུང་དུ་གསོལ།། ཅེས་ཞུས་སོ།། དེ་ནས་རྣམ་པར་གྲོལ་བའི་སངས་རྒྱས་འོད་ཕུང་ཆེན་པོ་དེས་ཞལ་འཛུམ་པ་མཛད་ནས། ། འདི་སྐད་ཅེས་བཀའ་སྩལ་ཏོ།། རྡོ་རྗེ་འཛིན་པ་ཆེན་པོ་ཁྱོད་ཉོན་ཅིག། རང་གི་རིག་པ་མིག་ནས་འཐོན་ནས།། འཁྲུལ་པའི་སྣང་བ་རགས་པ་འདི།། དག་པའི་སྣང་བ་འོད་ལྔའི་ནང་དུ་ཐིམ་མོ། ། དག་པའི་སྣང་བར་རང་གི་རིག་པ་རང་འོད་དུ་ངོ་ཤེས་པས།། རང་འོད་ལྔ་ལ་གཉིས་སུ་མེད་པར་ཐིམ་ནས།། སངས་རྒྱས་བཞི་བཅུ་རྩ་གཉིས་སུ་སངས་རྒྱས་སོ།། ལོངས་སྐུ་ཞེ་གཉིས་རང་གི་རིག་པ་གསལ་སྟོང་དབྱེར་མེད་ལ་ཚུར་ཐིམ་ནས། ། འགྱུར་བ་མེད་པ་རིན་པོ་ཆེའི་སྦུབས་ནས།། རང་གི་རིག་པ་རང་གསལ་རྟོག་མེད་འོད་ཀྱི་ཕུང་པོཆེན་པོར་བཞུགས་སོ།། ཀྱེ་གསང་བའི་བདག་པོ།། དོན་ཆེན་པོ་དེ་ལ་སྒོམ་དུ་མེད་དོ། ། ངོ་ཤེས་པས་ཆོག་པའི་ལེའུ་སྟེ་བདུན་པའོ།། མ་སངས་རྒྱས་རང་ཆས་ཆེན་པོའི་རྒྱུད་ཅེས་བྱ་བ།། བལྟས་པས་སངས་རྒྱ་རྫོགས་སོ།། གུཧྱ། ས་མ་ཡ། ཨི་ཐི། བཀའི་སྲུངས་མ་རང་བྱུང་རྒྱལ་མོ།། ཨེ་ཀ་ཛ་ཏི་སྤུན་དྲུག་གིས་བྱ་ར་གྱིས་ཤིག། སྲུངས་ཤིག། དམ་ཚིག་མི་སྲུང་བའི་སྙིང་ཐོན་ཅིག། སྙིང་ཁྲག་འཇིབས་ཤིག། སྲོག་རྩ་ཆོད་ཅིག། ཨེ་ཀ་ཛ་ཏི་བྲན་མོ་བཅུ་བཞིས་དམ་ཚིག་མི་སྲུང་བ་རྣམས་ལ་ཞགས་པས་ཆིངས་ཤིག། བཀའ་གཉེར་གཏད་དོ།། སྲུངས་ལ་ལས་འཕྲོ་ཅན་དང་སྤྲོད་ཅིག། སྔགས་སྲུངས་ཨེ་ཀ་ཛ་ཏིའི་གཡོག་མོ་ལྔ་བཅུ་བརྒྱད་ཀྱིས།། དེ་བཞིན་གཤེགས་པའི་ཀའ་འདི་ཟུང་ཞིག། སྦོས་ཤིག། ཆོངས་ལ་དམ་ལ་མི་གནས་པའི་སྲོག་ཆོད་ཅིག་དབུགས་ལོང་ཞིག། ཤ་ཟོ་ཞིག་ཁྲག་འཐུངས་ཤིག། རུས་པ་མུར་ཅིག། དངོས་པོ་མེད་པར་ཐོང་ཞིག། བདེ་བར་གཤེགས་པ་ཐམས་ཅད་ཀྱིས་བཀའི་ཆད་པས་ཆོད་ཅིག། དམྱལ་ཁམས་བཅོ་བརྒྱད་ཀྱིས་ཁ་བསྐོར་ལ།། མནར་མེད་པའི་དམྱལ་བ་ནས་ཐོན་པའི་དུས་མེད་པར་གྱུར་ཅིག། སངས་རྒྱས་རང་ཆས་ཀྱི་རྒྱུད་ཆེན་པོ་འདི་ནི། སངས་རྒྱས་རྡོ་རྗེ་སེམས་དཔའི་དགོངས་པ། ། བལྟས་པས་སངས་རྒྱ་བ་ཡིན་ནོ།། དང་པོ་སྲིད་པ་ཆགས་པ་ནས།། ད་ལྟ་ཡན་ཆད་མི་ལ་ཡོད་རི་སྐན་ནོ།། འཇིག་རྟེན་དུ་མ་འཕེལ་བར་བྱས་པ་ཡིན་ནོ།། ལྕེ་སྒོམ་ནག་པོས་འཆད་པ་སྟག་ཅན་ཐོན་ནས་གཞན་ལ་ཤོར་རི་སྐན། ། སྔགས་ཀྱི་སྲུངས་མས་སྲུངས་ཤིག། ས་མ་ཡ། རྒྱ་རྒྱ་རྒྱ། རྒྱ་རྒྱ་རྒྱ། རྒྱ་གར་སྐད་དུ། བུདྡྷ་སརྦ་པུ་ཏྲ་ཨེ་ཀ་ཏནྟྲ་ནཱ་མ། བོད་སྐད་དུ། སངས་རྒྱས་ཐམས་ཅད་ཀྱི་བུ་གཅིག་པོའི་རྒྱུད། གསང་བའི་སྒྲིབ་པ་གཅོད་པར་བསྟན་པའི་ས་བོན་གྱི་རྒྱུད་ཅེས་བྱ་བ། བཅོམ་ལྡན་འདས་ཆོས་ལས་འདས་ལ་ཕྱག་འཚལ་ལོ། ། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། ཆོས་ཉིད་མཁའ་ལ་སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་ཉི་མ་སྤྲིན་ལས་འཐོན་པ་བཞིན་དུ་འབྱུང་ངོ།། དེའི་ཚེ་སེམས་ཅན་ཐམས་ཅད་སངས་རྒྱའོ། ། སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀྱི་སྲས་གཅིག་པོ་འདི་དང་པོར་བདེ་བར་གཤེགས་པ་ཐམས་ཅད་ཀྱིས་རང་བྱུང་དུ་གསུང་པའི་དུས་ན། དེའི་ཚེ་སྒྲ་ཐོས་པ་དང། འཁོར་ན་གནས་པ་ཐམས་ཅད་སངས་རྒྱས་སོ། ། ད་ལྟ་ཡང་ཚིགས་སུ་བཅད་པ་གཅིག་གི་སྒྲ་ཐོས་པས་ཀྱང་ཐོས་ཚད་སངས་རྒྱའོ།། ཐ་ན་རི་དྭགས་དང་བྱ་ཡང་རུང་ཐོས་ཚད་སངས་རྒྱའོ།། བར་དང་ཐ་མར་ཡང་འདི་དང་འཕྲད་ནས་རྒྱའོ། ཆོས་ཀྱི་སྒོ་མོ་བརྒྱ་ཁྲག་ཁྲིག་ལ་བཅད་ཀྱང། འདི་དང་མ་ཕྲད་ན་ཐད་ཀའི་འབྲས་བུ་ལས་སངས་མི་རྒྱའོ།། ཆོས་ལ་ཐད་ཀའི་འབྲས་བུ་འབྱུང་ངོ།། འདི་ནི་གང་སུ་ཡང་མི་སངས་རྒྱ་བ་དང་མི་ཕྲད་དོ། ། རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་འདི་དང་འཕྲད་པ་ནི་མ་རིག་པ་ཟད་པ་དང། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྫོགས་པ་སངས་རྒྱ་བའི་དུས་ལ་བབ་བོ། སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀྱི་སྲས་གཅིག་པོ་འདི་རང་ལ་ཡོད་དོ། ། ཆོས་མ་བྱས་པས་སངས་རྒྱ་བར་འདོད་ན། སྐྱེ་བ་བདུན་པའི་ཤ་ཁམ་གཅིག་ཟོས་ན། སྐྱེ་བ་གཅིག་ལོན་ཏེ་དེ་རང་འཕྲད་པས་སངས་རྒྱའོ།། འདིའི་རྟགས་ལ་ལྟག་པའི་ཁུང་བུ་སྐྲ་གཡས་སུ་འཁྱིལ་བ་ཚོ་བུ་གཅིག་པ། སོར་མོ་འབྲེལ་བ། སྨིན་མཚམས་ཀྱི་བར་མཆད་པ། རྒས་ནས་སེའུ་སྐྱེ་བ། སོ་དུང་སོ་འཁོར་བར་ཡོད་པ་དེ་ཡང་རྩོལ་བའི་ཚོས་ཡིན་ནོ།། རྩོལ་བ་མེད་པར་མ་བྱས་པར་སངས་རྒྱ་བ་ནི། སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་འདི་ཡོད་པས་སངས་རྒྱའོ།། འདི་ཡོད་ན་ཚེ་འདི་དགོས་པ་ཐམས་ཅད་ལྷུན་གྲུབ་ཏུ་འོང་ངོ།། ཚེ་འདི་འདས་ནས་མངོན་པར་རྫོགས་པར་སངས་རྒྱས་སོ།། དོན་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལ་ནི། ཚེ་འདིའི་དགོས་པ་ཐམས་ཅད་འོང་ངོ།། སངས་རྒྱས་ཀྱི་འབྲས་བུ་མི་འོང་ངོ།། དོན་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་འདི་ལ། ཚེ་འདི་ལ་དགོས་པ་ཐམས་ཅད་འོང་ངོ།། ཚེ་འདི་དང་ཕྱི་མ་སངས་རྒྱ་བས། དོན་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་འདི་བཅང་པར་བྱའོ།། ཀློག་པར་བྱའོ།། ཚུལ་བཞིན་དུ་ཡིད་ལ་བྱའོ།། ཀུན་ཆུབ་པར་བྱའོ།། བཅངས་ནས་སུ་ལ་བསྟན་ཀྱང་སངས་རྒྱའོ།། བྲིས་ན་སྒོ་ཁྱི་ཡན་ཆད་སངས་རྒྱའོ། ། ཀླག་ན་སྒྲ་ཐོས་ཚད་སངས་རྒྱའོ།། ཨོཾ་ཨཱཿཧཱུ~ཾ་ཨེ་མ་ཀི་རི་ཀི་རི། མས་ཏ་བྷ་ལི་བ་ལིཿ་ས་མི་ཏ་ས་རུ་ས་རུཿ་ཀུནྡྷ་ལི་མ་སུ་མ་སུ། ཨི་ཀ་ར་སུཿ་ལི་ལ་བྟ་ཡེ་རྩ་ཀྲི་ར་བྷུ་ལིཿ་པ་ཙ་ཡེ་ས་མུནྟ་ཙརྱ་སུརྒ་ཡཿ་བྷི་ཏཾ་ས་ན་འབང་འག་ལི་ཡེཿ་ས་ཀི་ར་འདུ་ལི་ཡེཿ་ཀ་མནྡྷ་རེ་པེ་ཏ། པ་ར་ལིཿ་ཧི་ས་ན་མ་ཀརྟཿ་ཀེ་པ་ན། སམྦུ་ར་སྣ་ཡེ་ཙ་ཙོར་རྟག་པཿསུརྱ་གྷ་སྟ་རཿ་སེ་བ་ནཿ་པ་ར་ན་བྷི་ཧི་སྟཾཿསུ་གུ་རུ་ལ་མ་སྨྱིན་ས་གུ་སྟི་སྟ་ཡང་བ། འགུ་ར་འགུ་ར། ས་ཁ་ར་ན་ལཾ། ན་ར་ན་ར། ཨཱི་ཐར་བ་ཏ་ལཾཿ་སི་རྣ་སི་རྣཿ་བྷེ་ས་རབ་ལཾཿ་བྷུནྡྷུ་བྷུནྡྷུ་ཚི་ཤ་བ་གེ་ལཿ་ས་ས་རི་རི་ལི་ལིཿ་ཨཱི་ཨི་མི་མི་ར་རཿ་ཛོང་པོ་ཀེ་ཛ་ལོ་མོ་ཀེཿ་ཛ་ལི་ཛ་ལིཿ་ཛི་ལ་ཨི་ནིཿབླར་སུ་དྷ་ལ་ག་ཤན་ས་ན་རུ་རྱཿ་ཨ་མ་མེཿ་ཨ་མ་མེཿ་ཨ་མ་མེཿ་ཨ་མ་མེཿ་ཨ་མ་མེཿ་ན་བཱ་མེ་མ་ཏ་མེཿ་ཛ་ཏ་ཡེཿ་ཁ་བ་ར་མེཿ་བཱ་བཱཿ་བོ་ག་བེ་བ་ཛ་བེཿ་ཁ་བ་ར་ཁ་ཨ་ཛ་ལ་ཏི་ལི་ཛ་ན་རྡུ་ལེ་ཛ་ནྡུ་མུ་ཁེཿ་བ་ཏ་ར་བ་ཏཾཿ་སྲིད་རྙསྟ་པྲེ་ཏ་ནནཿ་ཧྲི་ཁ་ནན་ཧྲི་ད་ལ་དྱ་དྷ་ཧ་ཁམ། ཙིནྟ་པ་ཁཾ། ཙག་བུ་ཛོ་ཏིཿ་ཤ་བ་ཁ་སྟཿ་སརྦ་ཀྵེཡཿ་ཧྲི་ད་སུ་རཿ་བྷེཡ་ཁཿ་ཛ་ཁ་གཿ་སུ་ར་ཁགཿ་བི་ཏ་མཿ་ཨ་སྨྱི་ཁཱ་གཿ་ཨ་སྨྱི་ཁཱ་གཿམྲི་ཁཿ་མྲི་ཁཿ་བ་ཡ་བ་ཚེ་ད་ཀརྨཿདུ་ནེ་དུ་ནཻཿསུ་པ་ཏ་བྱ་ལ་ཚེ་ག་ཡན་ན་ཀྲིཿ་ཨ་ནུ་སྟཿ་ཁ་ག་ནེ་ར་ཁཿ་ཨ་གུ་ལེཿ་བྷཾ་གུ་ལ་བཾ་ཀུ་ལེཿཀུ་ལ་ནཿ་ཨིནྟྲ་པ་ལིཿ་བབ་ཏཿབྱ་བ་རྩེ་ཏ་ཁཱ་བཱཿ་ཙ་པྲ་ཏིཿ་ཙ་པྲ་ཏིཿ་ཙ་པྲ་ཏིཿ་ཨ་མེ་ཏཿ་ཏ་ར་ཤ་རེ་བ་ཨ་ཤ་ཁ་ས་མཿ་ཀྲི་ཛོ་ཏིཿ་ཁ་སྟ་ཛ་སྟེཿ་ཛ་ཏ་ཛོ་ཏིཿ་ན་ཤ་བི་རི་སི་བི་སཿ་བི་ངང་ཛིཿ་མ་ཏི་ཀྲ་མཿ་བི་བ་ཀྲི་བ་ཨུ0f7fཧི་ལི་ཧི་ལི་ལེཿ་ཨ་ན་ན་སྲ་ཏིཿ་ས་མ་ཡཿ་ནི་ཤེ་ཏ་མ་ནཿ་ཨ་མ་མེ་ཤེཿཕ་ལ་ཀུ་ཏ་ཨུ0f7f་པ་ལ་ནིཿ་ཨ་ཏི་པ་བ་ཀར་མ་ཤ་ཡེཿ་པྲ་དུར་བཿ་བ་སུ་རུ་ཤ་སྟྲམཿ་ཨ་ས་མཿ་ཨ་ས་མཿ་ཙ་ས་མ་ཡཿ་བྱི་ཏཾ་ཏ་ཏ་ཐཱ་ག་ཏ་སྲཱཧཱ། ཨོཾ་ཨཱཿཧཱུ~ཾ། སངས་རྒྱས་ཐམས་ཅད་ཀྱི་རྒྱུད་གསང་བའི་སྒྲིབ་པ་གཅོད་པ་གཏན་པའི་ས་བོན་གྱི་རྒྱུད་ཅེས་བྱ་བ། སངས་རྒྱས་ཐམས་ཅད་ཀྱི་སྲས་གཅིག་པོའི་གདམས་པ། སངས་རྒྱས་ཐམས་ཅད་ཀྱི་འབྲས་བུ་གབ་པ་གནད་ཀྱི་གདམས་པ། ཨྠི+ྀཿ་རྒྱ་རྒྱ་རྒྱཿཁཐཾ། ཨོཾ་བཛྲ་ཀྲོདྷ་ནི་ལ་ཀ་ཨ་བྷི་ཥིཉྩ། ཞེས་རྟགས་པས་ཕུང་པོའི་བདུད་བཅོམ་ནས། སངས་རྒྱས་རྡོ་རྗེ་གཞོན་ནུའི་སྐུ་དང་གཉིས་སུ་མེད་པར་སངས་རྒྱས་པར་འགྱུར་རོ།། ཉོན་མོངས་པའི་བདུད་འཇོམས་པར་བྱེད་པ། སྡུག་བསྔལ་ཐམས་ཅད་ལས་གྲོལ་བར་བྱེད་པའི་སྔགས་ནི། ཨོཾ་བཛྲ་ཀྲོ་དྷ་མཧཱ་མུ་དྲ་ཛྙཱ་ན་མ་བཛྲ་ས་ར་ཎ་ཧཱུ~ཾ་པ་ར་ན་ཕཊ་ཅེས་རྟགས་པས་བཅོམ་ལྡན་འདས་བཛྲ་ཧེ་རུ་ཀའི་སྐུ་དང་གཉིས་སུ་མེད་པར་སངས་རྒྱས་བར་འགྱུར་རོ།། སྐུ་ལ་སྤྲུལ་པ་དང་ཡང་སྤྲུལ་གྱི་རྟགས་པའོ། ། ལྷའི་བུའི་བདུད་འཇོམས་པར་བྱེད་པ་སྣང་བའི་སྤྱོད་ཡུལ་ལོག་པའི་ངན་འཁྲིད་ཐམས་ཅད་སེལ་བར་བྱེད་པའི་སྔགས་ནི། ཨོཾ་བཛྲ་ཀྲོ་དྷ་ཨ་མྲྀ་ཏ་ཀུཎྜ་ལ་ཧཱུ~ཾ། ཚིནྡྷ་ཚིནྡྷ། བྷིནྡྷ་བྷིནྡྷ། ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ་པ་ཧཱུ~ཾ་ཕཊཿ་ཅེས་རྟགས་པས་བཅོམ་ལྡན་འདས་བདུད་རྩི་འཁྱིལ་པའི་སྐུ་དང་གཉིས་སུ་མེད་པར་སངས་རྒྱ་བར་འགྱུར་རོ།། འཆི་བདག་གི་བདུད་འཇོམས་པར་བྱེད་པའི་སྔགས་ནི། ཨོཾ་བཛྲ་ཀྲོ་དྷ་ཧ་ཡ་བ་རི་བ་ཧྲིཿསརྦ་ཏ་ཐཱ་ག་ཏ་མ་ཧཱ་པ་ན་ཙཿ་ཨོཾ་ཨཱ་ཡུ་ཛྙཱ་ན་མ་ཧཱ་པུ་ན་ཨ་ཏི་སྟི་ཥྛ་ཨོཾ་ཞེས་རྟགས་པས་བཅོམ་ལྡན་འདས་རྟ་མགྲིན་རྒྱལ་པོ་སྐྱེ་ཤི་མེད་པ་ཚེའི་དངོས་གྲུབ་ཐོབ་ནས་རྟགས་པ་ཆེན་པོའི་ཡུང་དྲུང་དུ་བཞུགས་སོ། ། མ་རིག་པའི་རྩ་བ་གཅོང་པའོ།། དུག་ལྔ་རང་གྲོལ་དུ་འགྲོ་བའོ།། འཁོར་བ་ཐོག་མ་མེད་པའི་ལས་ངན་གྱི་བག་ཆགས་ཀྱི་སྒྲིབ་པ་ཐམས་ཅད་ཕྱགས་པའོ།། བདུད་བཞི་བཅོམ་ལྡན་ནས་སྐུ་བཞིར་སངས་རྒྱས་པའོ། ། ཆོས་མ་བྱས་པར་སངས་རྒྱས་པ་འདི་ནི་སྤྲུལ་པའི་སྐུ་དང་འཕྲད་པར་འགྱུར་རོ།། དོན་ནོ་བུ་རིན་པོ་ཆེ་ཆེན་པོ་འདི་ལ་སྤྱད་དོ།། ཆོས་རིན་པོ་ཆེ་འདི་མེད་པར་གཞན་གྱིས་སངས་མི་རྒྱའོ།། འདི་ཡོན་ད་ཆོས་མ་བྱས་པར་སངས་རྒྱའོ། ། དོན་ནོར་བུ་རིན་པོ་ཆེ་འདི་ཡིན་ནོ།། དེའི་ཡོན་ཏན་ལེགས་པར་བསྟན་པ་ནི། འདིའི་ཡོན་ཏན་བཤད་པ་དང། ཉན་པ་དང། སྒོམ་པ་དང། བྱས་པའི་ཆོས་ཐམས་ཅད་ཀྱང་སངས་རྒྱའོ།། ཨོཾ་ཨཱཿཧཱུ~ཾ། ཨོཾ་ཨཱཿ་ཧཱུ~ཾཿཡང་དག་གསང་བའི་སྐད་དུ། མ་མ་ཀོ་ལི་ས་མནྟཿ་བོད་སྐད་དུ། རང་བྱུང་རིག་པའི་ཏནྟ། ཨེ་མ་འདི་འཛིན་རྣལ་འབྱོར་སྐལ་བ་ཆེ།། འདི་ཀློག་རྣལ་འབྱོར་སྐལ་བ་ཆེ།། འདི་འཆང་རྣལ་འབྱོར་སྐལ་བ་ཆེ། ། འདི་ནི་རང་བྱུང་ཆེན་པོའོ།། ཨེ་མ་ཀྀ་རི་ཀི་རིཿམ་སྟ་བྷ་ལི་བྷ་ལི། ས་མི་ཏ་སུ་རུ་སུ་རུ་ཀུནྡྷ་ལི་མ་སུ་མུ་སུཿ་ཨེ་ཀ་རི་ལི་སུ་བྷ་ས་ཏ་རྩ་ཀི་ར་སུ་ལིང་ཀོ་ཏཿ་ལྕེ་ཡེ་ས་མུན་ཏ། ཙརྱ་སུ་གྷ་ཡཿ་བྷིས་ཧིས་སི་ས་ན་བྱང་གྷུ་ལི་ཀེ་ས་ཀེ་ས་དྷུ་ནཿ་མ་ཏི་ར་པེ་ཏ་ནཿ་ཕི་ར་ན་ལི་ཧ་སི་ན། སཾ་བུདྡྷ་ར་ཏ་མེ་ག་ཙརྟ་ས་སུ་རྱ་བྷྱ་ཏ་རཿ་ཨེ་པ་ཤེ་ན་ཏ་པཿ་ས་རང་བྷི་ཏི་ས་གྷུ་ལི་ཏི་ཡ་ཐཾ་གྷུ་ག་གྷུ་རཿ་སག་ཁ་ར་ལཾ་ར་ན་ར་ཨི་ཐ་ར་བཿ་བྷུ་ད་ཏ་བུདྡྷ་འཆིཿ་ཤས་གྱེ་རིས་ས་ར་ར་རི་ལ་ཁེ་བ་ཏཿ་ས་སིར་སྣ་སིར་སྣ་བྷེ་ས་བྷེ་ས་རས་ས་ལཾཿཱི་ཨཱི་མ་མཱ་ར་རཱ་ཨཿ་ཨོཾ་ཨཱཿཧཱུ~ཾ། འདི་ཡབ་ཀྱི་དགོངས་པ་རང་བྱུང་ཀུན་ཏུ་བཟང་པོའོ།། ཨེ་མ་ཀི་རི་ཀི་རིཿ་སྨས་བྷ་བ་ལི་ས་མི་ཏ་སུ་རུ་སུ་རུ། ཀུནྡྷ་ལི་མ་སུཿ་ཨི་ཀ་རི་ལི་བྷ་ཏ་ཡཿ་ཙ་ཀ་བྷུ་ལི་ཏཿ་ལྕེ་ཡངས་མུནྟཿ་ཙརྱ་སུརྱ་གྷ་བྷ་ཏིཿས་མ་ན་བྱང་གྷུ་ཡེཿ་ཀེ་དྷ་ཀེ་རེ་དྷ་ཀ་མ་ཧ་རིསཿ། ཧ་ན་པར་ར་རི་ཧི་ས་མནཿ་ཁ་ར་ཏྲ་ལ་ནཿསཾ་བྷུ་ར་ཏ་མེ་ག་ཙར་སྟཾཿདྷ་བྷ་སུརྱ་གྷ་ར་ཏ་ཨཿ་མ་ཤ་ན་པ་ར་བྷི་ཧི་སྟིས་གྷུ་ར་ལ་མ་སྨིས་གྷུ་ཏི་ལ་ཏཿ་ཡ་གྷུ་ར་གྷུ་ར་བླངས་ཀྱི་ཁ་ནན་ལཾཿ་ཨི་ཐར་པ་ཏ་ལཾ། སིར་སྣ་བྷེ་སར་ལམཿ་བ་གྷེ་ལཾཿ་ས་ས་རི་རི་ལི་ལི་ཨི་ཨཱི་མ་མཱ་ར་རཱཿོཾ་ཨཱཿཧཱུ~ཾ། འདི་ཡན་ཆོད་ཡུམ་གྱི་དགོངས་པ་རང་བྱུང་ཀུན་ཏུ་བཟང་མོའོ།། འདི་མན་ཆད་ཡབ་ཡུམ་གཉིས་སུ་མེད་པའི་དགོངས་པ་ཡོན་ཏན་ཀུན་རྫོགས་མཚོན་པར་བྱེད་པའི་ཕྱི་ཡི་གེ་ཉེར་ལྔས་བསྟན་པའོ། ། དབང་པོ་ཞེན་པ་བཟློག་པའི་ཕྱིར།། ཀརྨ་རཀྵ་གྷི་ཧཾ་ཧིཿ་ཕུང་པོའི་ཞེན་པ་བཟློག་པའི་ཕྱིར།། བྷེ་ག་ར་ལ་ན་སོ་གད་གླིང།། ཡུལ་གྱི་ཞེན་པ་བཟློག་པའི་ཕྱིར།། བབྷུ་ཏ་རི་ལ་བྷ་ལ་ཏྲིཿསེམས་ཀྱི་དངོས་པོ་སྤུར་བའི་ཕྱིར། ། རཾ་པ་ཀ་ལ་ས་མི་ཁེཿབྱུང་ཚོར་གནས་སུ་གཅད་པའི་ཕྱིར།། ན་ཏ་ས་ཕར་རས་མི་ཏཿ་འདུས་ཚོགས་སྣང་བ་ངོས་གཟུང་ཕྱིར།། ཁ་ཌ་རེ་གྷ་ས་མིག་རླུང། རིག་པ་བཙོན་རར་གཞུག་པའི་ཕྱིར།། ཨ་ཁེར་ན་བྷེ་ཙཀ་ཤ། འཁྲུལ་བའི་རང་རྒྱུད་ཁུངས་གཅད་ཕྱིར།། ཨ་རི་མུན་ཏ་ས་གུ་ལིཿརིགས་དྲུག་རིམ་གྱིས་བསྒྲལ་བའི་ཕྱིར།། ཡང་སཾ་ང་དུ་ས་ལ་ཡཿ་འཁོར་བ་དོང་ནས་འདོན་པའི་ཕྱིར།། མ་མ་ཀོ་ལི་ས་མནྟཿཆོས་ཅན་འཐུར་དུ་གཞུག་པའི་ཕྱིར། ། གྷ་རི་ཡམ་ས་རི་མ་མ་ཏིཿརོལ་པའི་ཡུལ་ཁུངས་སྤུར་བའི་ཕྱིར།། བུ་གྷ་སིང་ཧ་ཕ་གྷ་ལཿ་ཞེས་པའི་ཕྲེང་ཐག་བཅད་པའི་ཕྱིར།། ར་མི་སི་སཱི་ཁེ་ས་རཿ་ལུག་རྒྱུད་ཨར་ལ་གཏད་པའི་ཕྱིར། ། བི་མི་མ་ལ་ས་ཏཾ་ཀིཿ་ལྷ་ཡི་ཕྱག་རྒྱ་ལྟ་བའི་ཕྱིར།། ས་མ་ཉི་ཁམ་ཧ་ར་རཿ་ལྟ་སྒོམ་ལོག་པ་དག་བྱའི་ཕྱིར།། བཛྲ་ས་ཏྭ་ཧྲི་ཏོ་མིཿ་ས་ལམ་དུས་གཅིག་གཅད་པའི་ཕྱིར།། གྷེ་ས་ཡུ་གྷ་ར་རྣམ་ཡེཿཡིད་སྤྱོད་ལྟ་བ་ཁུངས་གཅད་ཕྱིར། ། དྷ་མི་ས་སྟཾ་སེ་གྷུ་ལི། སྐུ་གསུམ་ལམ་དུ་བློང་བའི་ཕྱིར།། རི་མི་ས་མ་ཁ་གད་ཏ།། སྣང་བ་དངོས་སུ་བླང་བའི་ཕྱིར།། རུ་ས་སི་མ་མི་ཏ་ལཾཿ་སྒྲ་ཡི་ཞེན་པ་མཐར་གཅད་ཕྱིར།། ང་སྟིམ་ས་ཡང་ཀེ་ལ་ས། བསམ་གཏན་ཆེན་པོའི་ས་ནོན་ཕྱིར།། གྷ་ཙ་པ་ལ་ས་ཨི་ཏཾ། འཕྲིན་ལས་མཐའ་རུ་དབྱུང་བའི་ཕྱིར།། ཀརྨ་ཨཱ+ཻ་ཨ་ནུ་པ། སངས་རྒྱས་མངོན་ཞེན་བཟློག་པའི་ཕྱིར།། སཾ་ཀྲིམ་མ་ཀརྨ་ཏཿ་རྒྱལ་སྲས་རྣམས་ཀྱི་གནས་རྩལ་ཕྱིར། ། ང་ལ་ཁེ་ས་ཀྱི་ལི་སཿཿའདི་ཀུན་རང་ཤུག་ཚིག་ཏུ་བྱོན།། སངས་རྒྱས་སྲས་གཅིག་རང་བྱུང་རིག་པའི་ཏནྟྲ། མཐོང་ཐོས་རེག་པ་ཙམ་གྱིས་འདས་པའི་ཚེ་ན་མངོན་པར་རྫོགས་པར་སངས་རྒྱ་སྟེ། འགྲོ་དོན་དུ་སྤྲུལ་པའི་སྐུ་ཐོབ་པར་འགྱུར་རོ།། ཨོཾ་ཨཱཿཧཱུ~ཾ། ཀུན་བཟང་ཡངས་པའི་ཀློང་ལ་ཕྱག་འཚལ་ལོ།། རང་བྱུང་རིག་པའི་ཏནྟྲ་ཉམས་སུ་བླང་བའི་རིམ་པ། འདའ་ཁ་འཆི་དྲོད་འདི་ལ་དོན་རྣམ་པ་གསུམ་སྟེ། དང་པོ་ཁོ་ནར་རྒྱུད་ཀྱི་དོན་ཕྱེ་བའི་ཁྱད་པར་བརྗོད་པ་དང་གཅིག། རྒྱུད་བཅང་ཐབས་ཀྱི་ལག་ལེན་བསྟན་པ་དང་གཉིས། རྟགས་ཀྱི་རིམ་པ་བསྟན་པ་དང་གསུམ་མོ།། དང་པོ་ནི་དབང་པོ་ལ་རྣོ་བརྟུལ་མེད་པའི་ཆོས་ཡིན། མིག་ལོང་ཡང་མི་ལྟོ། བྱ་བ་ཚིག་གི་རྒྱུ་གཞན་ཐམས་ཅད་ལ་མིག་མེད་ན་ཚིག་དོན་མི་ཁྲོལ་བས། དོན་དེ་ལྟ་བུ་ལ་འདི་རྟགས་པས་ཆོག་པས་ཁྱད་པར་འཕགས་རྣ་བ་མེད་ན་མི་ཐོས་པས་ཉན་དུ་མི་བཏུབ། ཐོས་པ་ལ་མ་བརྟེན་པར་མི་ཁྲོལ་བས།། འདི་རྟགས་པས་ཆོག་པས་ཁྱད་པར་དུ་འཕགས།། རྒྱུད་འདི་བྱ་ཆ་ལ་མི་ལྟོས་པར་ལུས་ཞ་བའམ། འཁུམས་སམ། མཛེས་ཁྱེར་ཡང་མི་ལྟོས་པས།། རྒྱུད་གཞན་ལུས་ངག་གི་བཟླས་བརྗོད་ལམ་བརྟེན་པར་དོན་མེད་པ་མང་སྟེ། ། འདི་ཡོད་པ་རྣམས་ལ་བརྟགས་པས་ཆོག་སྟེ་ཁྱད་པར་དུ་འཕགས་སོ།། བག་ཆགས་ལ་སྲབ་འཐུག་མེད་པའི་ཆོས་ཡིན་ཏེ། སྒོམ་མི་དགོས་པས། རྒྱུད་གཞན་མ་སྒོམས་ན་དོན་མེད་པ་མང་སྟེ། འདི་བརྟགས་པས་ཆོག་སྟེ་ཁྱད་པར་འཕགས་སོ།། ན་སོ་ལ་རྒན་གཞོན་མེད་པའི་ཆོས་ཡིན་ནོ།། སྒོམ་སྒྲུབ་ཀྱི་རྩོལ་བ་མི་དགོས་ལགས།། དབུགས་ལ་སླེབ་པས་ཆོག་གོ། རྒྱུད་གཞན་ལ་རླུང་བཅུད་བྱེད་དགོས་ཤིང་མིན་མི་ཚ་བས་ཉམས་སུ་ལེན་དགོས་ཏེ།། འདི་ཡོད་པ་རྣམས་ལ་བརྟགས་པས་ཆོག་སྟེ་ཁྱད་པར་དུ་འཕགས་སོ།། ལས་ལ་དགེ་སྡིག་མེད་པའི་ཆོས་ཡིན་ཏེ། རྒྱུད་གཞན་ལ་དགེ་སྡིག་སྤང་བླང་མ་བྱས་པར་འབྲུས་བུ་མི་ཐོབ་སྟེ། འདི་བརྟགས་པས་མཚམས་མེད་པ་ལྔ་བྱས་པ་གཅིག་ཡིན་སྲིད་ཀྱང།། འདི་དང་ཕྲད་པས་ངན་སོང་ལས་ཐར་པའི་འགྱུར་ཏེ། བརྟགས་གྲོལ་ཁྱད་པར་དུ་འཕགས་སོ། ། རྒྱུད་འདི་འགྲོ་དྲུག་སེམས་ཅན་གྱི་ལུས་ལ་འཆང་བ་དེ་སངས་རྒྱས་ཐམས་ཅད་ཀྱི་གདུང་འཛིན་པས། སངས་རྒྱས་ཐམས་ཅད་ཀྱི་སྲས་གཅིག་ཅེས་བྱའོ།། རྒྱུད་བཅང་ཐབས་ཀྱི་ལག་ལེན་བསྟན་པ་ནི། དཔེ་འདི་གསེར་གྱི་ཡི་གེ་འབྲུ་གསུམ་པོ་མ་ཉམས་པར་དག་པར་བྲིས་ལ། དར་སྣ་ཚོགས་ཀྱིས་དྲིལ་ལ། སྨན་སྣ་ཚོགས་ཀྱིས་ཕུར་ལ། མཎྜལ་གྱི་སྟེང་དུ་བཞག་ལ། ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་པོ་བཤམས་ལ། ། རིན་ཆེན་སྣ་ལྔའི་མཎྜལ་དང། གསེར་གྱི་མཎྜལ་ཁྲུ་གང་བ་ལ་གཡུས་བརྒྱན་པ་དང། འབྲས་བུའི་མཎྜལ་ཕུལ་ལ་དབང་བསྐུར་རོ།། ཡང་ན་རྒྱུད་ཀྱི་སྔགས་བརྗོད་དེ་རྒྱུད་སློབ་བུའི་སྙིང་ཁའམ་སྤྱི་བོར་གདགས་སོ། ། སྣོད་གདམས་ཤིང་རྒྱས་གདབ་པ་ནི། སྟོང་ཐུན་དག་གི་རྒྱས་སྐོར་བཞིན་ཤེས་པར་བྱའོ།། སེམས་ཅན་གཞན་གྱི་དོན་བྱེད་ནམ་མཁའ་ལ་འཇའ་འམ། སྒྲ་འམ། འབྲུག་གམ། ས་གཡོས་སམ། དེ་ལ་སོགས་པ་བྱུང་བའི་ཚེ། ཁ་ཤར་དུའམ། ལྷོའམ། ནུབ་བམ། བྱང་དུ་བསྟན་ཏེ། རང་གི་ལྕེ་ཉིད་དྲིལ་བུ། རྡོ་རྗེ། རིན་ཆེན། པདྨ། རལ་གྲིར་བསྒོམ་སྟེ། རྒྱུད་གཞུང་བསྒྲགས་ན་འཇའ་འོད་ལ་སོགས་པའི་རྟགས་དེ་རྣམས་སུས་མཐོང་བ་འམ་ཐོས་པ་དེ་དག་ཀྱང། མྱུར་དུ་མངོན་པར་སྤྲུལ་པའི་སྐུ་ཐོབ་བོ།། གསང་བ་ནི་དམ་ཚིག་ཡིན་ཏེ། ང་ལ་འདི་ཡོད་ཅེས་སྨྲས་ན། རང་གི་འབྲས་བུ་རྒྱབ་ཀྱི་ཕྱོགས་པས་རྟགས་མི་བྱུང་ངོ། ། གསང་ནས་བཅངས་ན་འཆི་ཁར་སྡུག་བསྔལ་གྱི་བར་དོ་ལས་གྲོལ་ཏེ། རང་བྱུང་རིག་པའི་ཏནྟྲ་སྟེ་སྤྲུལ་པའི་སྐུ་ཐོབ་བོ།། དེ་གསུམ་བརྟགས་པས་གྲོལ་བའི་རྟགས་བསྟན་པ་ནི།། འདི་འཆང་བའི་སྐྱེས་བུ་དེ་སངས་རྒྱས་ཐམས་ཅད་ཀྱི་མཆོད་རྟེན་དུ་རིག་པར་བྱའོ། ། དེ་ཅྀ་ཕྱིར་ཞེ་ན། དེ་ཉིད་སངས་རྒྱས་སྤྲུལ་པའི་སྐུ་ལྔ་ཐོབ་པའི་རྟགས་སུ། དེ་ཉིད་ཚེ་འདས་པའི་ཚེ་རོ་སྲེགས་པས། འཇའ་དང། འོད་དང། རིང་བསྲེལ་གསུམ་འབྱུང་ངོ། ། མེ་འོད་དཀར་གསལ་གཡོ་བ་མེད།། དུད་པ་སྔོན་པོ་གཡོན་བསྐོར་འཁྱིལ།། དེ་ལ་སོགས་པའི་རྟགས་རྣམས་འབྱུང་ངོ།། རོ་བསྲེག་པའི་ཤིང་ཙན་དན་ནམ་རྒྱ་ཤུག་གིས་བྱའོ།། སྲེག་རྫས་ཉུངས་ཀར་གྱི་མར་ཁུས་བྱའོ། ། འོག་ཏུ་སླ་ང་བཟེད་དོ།། ཤིང་ཚིག་དུད་ཆེན་ཡོལ་བའི་ཚེ།། དེ་ལ་བརྟག་པར་བྱ་སྟེ། ཁྱད་པར་དུབརྟག་པ་ནི། གང་ཟག་རིགས་ཀྱི་གདུང་རིགས་ནི་རྣམ་པ་ལྔ་འབྱུང་ངམ། འོན་ཏེ་གང་རུང་གཅིག་འབྱུང་བ་སྟེ། སླ་ངའི་ནང་དུ་བལྟ་བར་བྱའོ།། གདུང་རིགས་གང་ཞེ་ན། དེ་ཡང་སངས་རྒྱས་མཉམ་སྦྱོར་ཆེན་པོའི་རྒྱུད་ཀྱི་ལེའུ་ཉེར་གཉིས་པ་ལས་འདི་སྐད་གསུངས་སོ། རྡོ་རྗེ་རྣལ་འབྱོར་ཕྱིར་མི་ལྡོག་པའི་རྟགས་ནི། རྡོ་རྗེ་གདུང་དང་པདྨའི་གདུང།། རིན་ཆེན་གདུང་དང་ལས་ཀྱི་གདུང།། དེ་བཞིན་གཤེགས་པའི་གདུང་དང་ལྔ། ཞེས་པས། ཡང་འདི་སྐད་དུ། ཤ་ཡི་རྟེན་དུ་ཤང་རི་རམ།། ཡང་དག་གདུང་དུ་བཤད་པ་ཡིན། ། ཁྲག་གི་རྟེན་དུ་ཆུ་རི་རམ།། སྲ་མཁྲེགས་རྡོ་རྗེའི་གདུང་དུ་བཤད་པ་ཡིན།། རུས་པའི་རྟེན་དུ་བ་རི་རམ། རྒྱལ་མཚན་གདུང་དུ་བཤད་པ་ཡིན།། ཡན་ལག་རྟེན་དུ་ཉ་རི་རམ། ཤིན་ཏུ་སྲ་མཁྲེག་ལས་ཀྱི་གདུང། ། འབྱུང་བས་འདུས་པའི་རྟེན་དུ་ནི།། པཉྩ་ཁ་དོག་ལྔ་ལྡན་འབྱུང།། དེ་བཞིན་གཤེགས་པའི་གདུང་དུ་བཤད།། རྒྱལ་བ་རིགས་ལྔའི་རྒྱན་ཡིན་ཏེ།། སྐུ་ལྔའི་ཚད་དུ་བཤད་པ་ཡིན།། ཐ་མ་ལྷ་སྐུའི་རྟགས་ཀྱང་སྲིད། ། དེ་རྣམས་སྐུ་ཐོབ་རྟགས་སུ་བཤད།། ང་ཡིགདུང་གི་དཀྱིལ་འཁོར་ནི།། མེ་འོད་དམར་གསལ་འདི་ཉིད་ཡིན།། སྒྲ་རྣམས་བྱུང་ན་ངེས་པ་ཡིན།། ང་ཡི་ཐུགས་ཀྱི་རྟེན་དུ་ཡང།། འདི་བཞིན་སེམས་ཅན་ཀུན་ལ་གནས། ། སེམས་ཅན་ཀུན་གྱི་ཙིཏྟའི་ནང།། ཐིག་ལེ་དཀར་དམར་སེར་ལེ་བརྒན། ལྗང་ཁུ་སྣ་ཚོགས་འབར་བའི་འོད།། སྐུ་ཡི་རྟེན་དུ་བཞག་པ་ཡིན། འཇའ་ཚོན་ལྟར་ན་ཐུགས་ཐོབ་པས།། ནམ་མཁའ་དྭངས་ཤིང་འདི་གསལ་བ། ། དེ་ཡིས་མཐར་ཐུག་ཐོབ་སྟེ་གསང།། ཞེས་སོ་ཞེས་པ་དང། གདུག་འབྱུང་བའི་གནས་ནི། ཤ་རཱི་རམ་ནི་མགོ་ལས་འབྱུང།། ཆུ་རཱི་རམ་ནི་ཁྲག་ལས་འབྱུང།། བ་རཱི་རམ་ནི་སྒལ་ལས་འབྱུང། ། ཉ་རཱི་རམ་ནི་རྐང་ལས་འབྱུང།། པཉྩ་རམ་ནི་སྙིང་ལས་འབྱུང།། ཞེས་པ་དང། ཡང་རྟགས་དང་སྦྱར་བའི་འབྲས་བུ་ནི། ཤ་རཱི་རམ་གྱིས་སྐྱེ་མེར་ཐོབ།། ཆུ་རཱི་རམ་གྱིས་ཡོན་ཏན་འཕེལ།། བ་རཱི་རམ་གྱིས་ལོངས་སྐུ་ཐོབ། ། ཉ་རཱི་རམ་གྱིས་སྤྲུལ་སྐུ་ཐོབ།། པཉྩ་རམ་གྱིས་སྐུ་ལྔ་ཐོབ།། སངས་རྒྱས་སྐུ་ལྔའི་བདག་ཉིད་ཅན།། རྒྱུད་འདི་བཅངས་པས་ཐོབ་པར་འགྱུར།། གདུང་གི་མང་ཉུང་ལ་ངེས་པ་མེད།། གཅིག་བྱུང་ན་རབ་ཅེས་པ་དོན་རྟོགས་འབྲས་བུར་བཅས་པའོ། ། ཨྠི+ྀ། རྫོགས་སོ།།།། རང་བྱུང་རིག་པའི་ཏ་ནྟྲ།། འདའ་ཁ་འཆི་དྲོད་ཀྱི་གདམས་ངག།། སངས་རྒྱས་ལག་བཅངས་སུ་གཏོད་པ།། ཀུན་བཟང་ཡབ་ཡུམ་གྱི་དགོངས་པ་ཡི་གེར་བཀོད་པའོ། ། མཁའ་འགྲོའི་ཚོགས་ལ་བཟོད་པར་གསོལ།། ས་མ་ཡ། རྒྱ་རྒྱ་རྒྱ།། སངས་རྒྱས་ཐམས་ཅད་ཀྱི་བསྟན་པ་གཞིའི་རྒྱུད་མཆོག་རིན་ཆེན་སྤུངས་པ་ཞེས་བྱ་བ། ། སྐྱེས་བུ་ལས་ཅན་གཅིག་དང་ཕྲད་པར་ཤོག། མདྒལཾ།།།། རྒྱ་གར་སྐད་དུ། མ་ཧཱ་པ་ན་ས་མ་ཨ་བི་བོ་དྷི་ས་ཏ་མ་ཧཱ་ཏན་ཏྲ་ཁ་ཡ་མ་ལ་ནཱ་མ། བོད་སྐད་དུ། ཐེག་པ་ཆེན་པོའི་མངོན་པར་རྟོགས་པ་བྱང་ཆུབ་ལམ་གྱི་རྒྱུད་ཆེན་ནམ་མཁའ་དང་མཉམ་པ་ཞེས་བྱ་བ། བཅོམ་ལྡན་འདས་མི་ལས་འཕགས་པའི་རྒྱལ་པོ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། ། བཅོམ་ལྡན་འདས་མི་ལས་འཕགས་པའི་རྒྱལ་པོ་དགའ་ལྡན་ལྷའི་གནས།། རིན་པོ་ཆེའི་གཞལ་མེད་ཁང་ཆེན་པོ་ན། ལྷག་པའི་འཁོར་འཇམ་དཔལ་དང།། སྤྱན་རས་གཟིགས་ཀྱི་དབང་པོ་དང། ། མི་འཇིགས་པ་དང་ཡོན་ཏན་མཐའ་ཡས་རྒྱལ་པོ་དང།། སྟོབས་པོ་ཆེ་ལ་སོགས་པའི་རིགས་ཅན་རྣམས་དང་ཐབས་ཅིག་བཞུགས་སོ།། དེའི་ཚེ་སངས་རྒྱས་ཀྱི་སྐུ་གསུང་ཐུགས་ཀྱི་གསང་བའི་མཛོད་འཛིན་གྱིས་སྒོ་བསམ་མི་ཁྱབ་པར་བསྟན་པ་ནི། རྡུལ་མེད་རྡུལ་བྲལ་དྲི་མེད་དང།། རྡུལ་གཅིག་སྟེང་ན་རྡུལ་སྙེད་ཀྱི།། སངས་རྒྱས་སྲས་རྣམས་གང་བྱུང་བ།། དཔལ་ལྡན་སངས་རྒྱས་པདྨ་སྐྱེས།། རེ་རེའི་ཞིང་དུ་སྐུ་གསུང་ཐུགས། ། ལྷམ་མེ་ལྷན་ནེ་ལྷང་ངེ་བ།། མ་གཡོས་བཞིན་དུ་འཕྲོས་པ་ནི།། མཁའ་དང་མཉམ་པའི་གསང་བ་ལས།། སྐུ་ནི་གདུལ་བྱའི་གྲངས་དང་མཉམ།། གསུང་ནི་སྒྲ་སྐད་ཇི་ཙམ་པར།། ཐུགས་ནི་མི་གཡོ་ཀུན་ལ་ཁྱབ། ། ཡོན་ཏན་ནམ་མཁའ་མཛོད་མངའ་བའི།། འཕྲིན་ལས་ཐ་དད་དོན་གཅིག་སྟེ།། ནམ་མཁའི་མཐའ་ལ་རབ་གནས་པའི།། སྐུ་གསུང་ཐུགས་ཀྱི་སྙིང་པོ་ཡི།། ཁམས་གསུམ་པ་ཡི་ངོ་བོ་ཉིད།། མ་དག་པ་ཡི་མུན་པ་ལ། ། དག་པ་ཉི་མའི་འོད་ཟེར་གྱིས།། ནམ་མཁའི་དཀྱིལ་འཁོར་སད་བྱེད་པའི།། དད་པ་ཆོས་དབྱིངས་རྒྱ་མཚོ་ལས།། ཡེ་ཤེས་སྣང་བ་ལ་མེ་བའི།། ཡིད་བཞིན་ནོར་བུའི་སེམས་ཉིད་ལ།། ཐེག་པ་སྣ་ཚོགས་ཐབས་ཚུལ་གྱིས། ། དགོས་འདོད་སྣ་ཚོགས་དོན་མཆོག་གསུམ།། ཐ་མ་འབྲིང་དང་མཆོག་གྱུར་པའི།། འགྲོ་ཀུན་ལམ་ལ་དགོད་པར་མཛད།། རང་ཉིད་འདོད་པ་ལས་གྲོལ་ནས།། སེམས་ཅན་ཡོངས་སུ་སྨིན་པའི་ཕྱིར། ། ཐེག་པ་འདི་ལ་འབྱུང་འདོད་གང།། ཞེ་འདོད་སྐྱོ་བའི་བློ་སྤངས་ཏེ།། བྱང་ཆུབ་སེམས་ནི་གཅིག་སྤྱོད་པས།། ཀུན་མཁྱེན་ཡོན་ཏན་འབྱུང་བ་ལ།། ཐེག་པ་ཆེན་པོའི་དོན་ལ་ནི།། བག་མེད་སྤྱོད་པ་རབ་སྤངས་ཏེ། ། དྲན་དང་ཤེས་བཞིན་ལྡན་པ་ཡིས།། བཤེས་གཉེན་ཞི་དུལ་ཉེར་ཞི་བའི།། ཡོན་ཏན་བཅོམ་ལྡན་ལུང་གིས་ཕྱུག། བརྩེ་བའི་བདག་ཉིད་སྐྱོ་བ་སྤང།། ཀུན་ལ་སྙོམས་པའི་ཡབ་ཡུམ་ལགས།། འཁོར་བའི་ཡིད་སུན་དད་པར་ལྡན། ། བག་ཡོད་དྲན་པའི་བློ་གྲོས་ཅན།། བདོག་པ་ཀུན་ཀྱང་ཆོས་ཕྱིར་སྲོག། འདོར་ནུས་རྣལ་འབྱོར་རབ་ཏུ་བརྩོན།། རང་གི་སེམས་ནི་འདུལ་བ་དང།། གཞན་གྱི་སེམས་ནི་གཟུང་བའི་དོན། ། བསོད་ནམས་ཡེ་ཤེས་འཕེལ་བའི་རྒྱུ།། ཚུལ་དང་མི་མཐུན་མེད་པ་རུ།། ཀུན་ཏུ་སྤྱོད་ལམ་གཙང་བ་ཡི།། ལེགས་པར་དཀྲུགས་ཤིང་གོ་བགོས་ཏེ།། ལྷ་དང་མི་རྣམས་འདུལ་བའི་ཕྱིར།། གཙང་མའི་ས་ཕྱོགས་ཉམས་དགའ་བར། ། ཡངས་པའི་ཁྲི་ལ་གདན་བཤམས་ཏེ།། ལེགས་པའི་ཚོན་གྱིས་ཁ་བསྒྱུར་ལ།། རྔུལ་ཟན་ནག་པོ་བཤམས་བྱས་ལ།། བཅོས་བུའི་རས་རྣམ་སྣ་ཚོགས་བཏིང།། རྐང་རྟེན་བཅས་པའི་ཁྲི་ལ་འདུག། རྐང་པ་ལེགས་བཀྲུས་འཛེགས་ནས་སུ།། ཆོས་གོས་གཙང་མ་རབ་བགོས་ཏེ།། བྱང་ཆུབ་སེམས་ལྡན་མདངས་སྣུམ་པས།། ཆོས་ཀྱི་སྟན་ལ་རབ་འདུག་སྟེ།། དགེ་བསྙེན་དགེ་སློང་ཕ་མ་དང།། རྒྱལ་པོ་དག་དང་དེ་ཡི་འཁོར། ། སེམས་ཅན་རྩེ་གཅིག་ལྷག་གྱུར་ལ།། ཕྲག་དོག་ལེ་ལོ་རྣམས་སྤངས་པའི།། བྱམས་ཤིང་མཆུ་བའི་གཏམ་སྙན་གྱིས།། སྣ་ཚོགས་དོན་ལྡན་ཆོས་བཤད་པ།། ཐབས་ལ་མཁས་པ་ཆེན་པོའི་ཚིག། འདི་ལྟ་སྟེ། ཤ་མེ་ཤ་མ་བ་ཏེ། ཤ་མེ་ཏེ་ཤ་ཏྲུ་ཨང་གུ་རེ། མམ་ཀུ་རེ། མཱ་ར་ཇི་ཏེ། ཀེ་ར་ཊེ། ཡུ་ཀེ་ཡུ་རེ། ཏེ་ཙོ་བ་ཏི། ཨོ་ལོ་ཡ་ནི། བི་ཤ་ཐ། ནི་རྨ་ལེ། མ་ལ་ས་ནི་ཡེ། ཁུ་ཁུ་རེ། ཁ་གེ་གྲ་སྭེ། གྲ་སྭ་ནི། ཨོ་མུ་ཁི། ས་རང་མུ་ཁྲི། ཨ་མུ་ཁྲི། ཤ་མི་ཏ་ནི། སརྦ་གྲ་ཧ་ན། བྷན་དྷ་ན་ནི། ནི་གྲི་ཧྲི་ཏྲ། སརྦ་ར་པྲ་ཐ་ཏི་ན། བི་མུག་ཏ། མ་ར་བ་ཤ། སྠ་པི་ཏྭ་བྷུ་ཏ་མུ་ཏྲ། ཨ་ནུད་ག་ཏི་ཏྭ། སརྦ་མ་རཻ། པུ་ཙ་རི་ཏ། པ་ར་པ་རི་ཤུད་དྷྱེ། བི་གད་ཚྭ་རུ། སརྦ་མ་ར་ཀ་མ་ནི། ཞེས་པས་ཉོན་མོངས་སེལ་བ་དང།། བདུད་དཔུང་ཚར་གཅོད་ཚིག་ཡིན་པས།། ལེགས་པར་ཁ་ཏོན་བྱས་པ་ན།། བདུད་ཀྱི་རིགས་ཀྱི་ལྷ་རྣམས་ཀྱིས།། ཐེག་པ་ཆེན་པོའི་རིགས་ཅན་གྱི། ། དྲུང་དུ་འོང་བར་མི་འགྱུར་ཏེ།། འོངས་ཀྱང་བར་ཆད་མི་ཚུགས་པའོ།། ཀུན་ལ་སྙོམས་པའི་བརྩེ་སེམས་ཀྱིས།། བྱམས་པའི་ཡིད་ཀྱིས་བདུད་བཏུལ་ནས།། བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ།། བདག་ལ་སྨན་པའི་འདུ་ཤེས་བསྐྱེད། ། ཆོས་ལ་སྨན་གྱི་འདུ་ཤེས་དང།། ཆོས་ཉན་ནད་པའི་འདུ་ཤེས་ཀྱིས།། ཁ་བུབ་སྣོད་བཞིན་སྐྱོན་སྤོངས་ལ།། ཁྱོད་ནི་མ་ཡེངས་རྩེ་གཅིག་ཉོན།། ང་ཡིས་ལེགས་པར་བསྟན་པའི་དོན།། ཞབས་རྡོལ་སྣོད་བཞིན་མ་སོང་བར། ། དྲན་དང་ཤེས་བཞིན་ལྡན་པར་ཟུང།། དུག་ཅན་ཉོན་མོངས་མ་སྦགས་པར།། བྱང་ཆུབ་སེམས་ལ་ནན་ཏན་བསྐྱེད།། ཡེངས་པའི་རྐྱེན་གྱིས་ས་མི་ཆོད།། མ་ཡེངས་སངས་རྒྱས་ཀུན་གྱི་ལམ། ། བྱང་ཆུབ་སངས་རྒྱས་ཡུན་མི་རིང།། ཞེས་བཀའ་སྩལ་ཏོ།། ཐེག་པ་ཆེན་པོའི་མངོན་པར་རྟོགས་པ་བྱང་ཆུབ་ལམ་གྱི་རྒྱུད་དང་མཉམ་པ་ལས།། གླེང་གཞི་སྣ་གཏད་པའི་ལེའུ་སྟེ་དང་པོའོ།།།། དེ་ནས་རིགས་ལྡན་འཁོར་གྱི་ནང། ། ལྷ་ཡི་དབང་པོས་སྟན་ལས་ལངས།། གུས་པས་ཐལ་སྦྱར་ཕྱག་འཚལ་ནས།། སྤྱན་སྔར་འདུག་སྟེ་འདི་སྐད་གསོལ།། ཀྱེ་མ་བཅོམ་ལྡན་ལྷ་ཡི་ལྷ།། སེམས་ཅན་ནམ་མཁའ་མཐའ་དང་མཉམ། ། རྟོག་པ་སྣ་ཚོགས་ཐ་དད་ལ།། ཐེག་པ་གཅིག་གིས་ཇི་ལྟར་སྒྲོལ།། བྱང་ཆུབ་སེམས་སུ་གང་ལྟར་འདུས།། ཐེ་ཚོམ་བསལ་ཕྱིར་གསུང་དུ་གསོལ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། ཉོན་ཅིག་རིགས་ལྡན་བརྒྱུད་པར་བཅས། ། སེམས་ཅན་མཁའ་དང་མཉམ་པ་ལས།། སངས་རྒྱས་འཕྲིན་ལས་དེ་ཙམ་སྟེ།། ཁམས་གསུམ་འདི་དག་སེམས་ཅན་དུ།། བྱང་སེམས་ཐིག་ལེ་གཅིག་ཏུ་བསྟན།། དེ་ཉིད་མ་རིག་བག་ཆགས་ཀྱིས། ། ཀུན་ཏུ་རྟོགས་པ་ཐ་དད་པའི།། འཁྲུལ་པའི་སེམས་ཅན་དཔག་མེད་རྣམས།། གདུལ་བྱར་གྱུར་པ་ཐ་འབྲིང་མཆོག། བྱིས་པ་འཕགས་པ་བྱང་ཆུབ་སེམས།། མ་རིག་མ་དག་དྲུག་པ་ལས།། དཔེར་ན་དཔག་བསམ་ཤིང་གཅིག་གིས། ། རྩ་བས་ས་འོག་ཀླུ་ཡི་དོན།། སྡོང་པོས་ས་སྟེངས་མི་རྣམས་དགའ།། རྩེ་མོས་ས་བླའི་ལྷ་རྣམས་མགུ།། སྲིད་གསུམ་དགའ་བར་མཛད་པ་བཞིན།། བྱང་ཆུབ་སེམས་གཅིག་འོད་ཟེར་གྱིས། ། དགེ་བས་ལྷ་མིའི་བདེ་བ་བསྒྲུབ།། དེ་སྤངས་ཉན་ཐོས་རང་སངས་རྒྱས།། སྤངས་ཐོབ་ས་བཅུ་ལ་གནས་པའི།། ཐེག་གསུམ་སྐུ་གསུམ་ཞིང་ཁམས་སུ།། དགའ་མགུ་རངས་པའི་བསམ་པ་ཅན། ། བྱང་ཆུབ་སེམས་ནི་གཅིག་ཏུ་བསྟན།། སེམས་ཅན་ནམ་མཁའི་མཐའ་མཉམ་ལ།། ཉོན་མོངས་ཁམས་རྣམས་རེ་རེ་ཞིང།། དེ་དག་བཅོམ་གྱིས་གང་ལ་ལང།། བྱང་ཆུབ་སེམས་ནི་གཅིག་བཅོམ་ན།། དེ་རྣམས་ཐམས་ཅད་བཅོམ་པ་ཡིན། ། བཅོམ་ལྡན་བྱང་ཆུབ་རྡོ་རྗེ་ནི།། ཤེས་རབ་སྙིང་རྗེ་ཆེན་པོ་ཡིས།། ཐེག་པ་མ་ལུས་ཀུན་འདུས་པས།། ཐེག་པ་ཆེན་པོ་ཞེས་སུ་བརྗོད།། ཐམས་ཅད་མ་ལུས་བསྐྱཻད་པའི་ཕྱིར།། ཐེག་པ་ཆེན་པོ་ས་གཞི་འདྲ། ། ཐམས་ཅད་མ་ལུས་ཤོང་བའི་ཕྱིར།། ཐེག་པ་ཆེན་པོ་བར་སྣང་འདྲ།། ཐམས་ཅད་མ་ལུས་ཁྱབ་པའི་ཕྱིར།། ཐེག་པ་ཆེན་པོ་ནམ་མཁའ་འདྲ།། ཐམས་ཅད་མ་ལུས་དབང་བྱེད་ཕྱིར།། ཐེག་པ་ཆེན་པོ་རྒྱལ་པོ་འདྲ། ། ཐམས་ཅད་མ་ལུས་གཅིག་ཡིན་ཕྱིར།། ཐེག་ཆེན་བྱང་ཆུབ་སེམས་ཡིན་ནོ།། ཐེག་པ་ཆེན་པོའི་མངོན་པར་རྟོགས་པའི་བྱང་ཆུབ་ལམ་གྱི་རྒྱུད་ཆེན་ནམ་མཁའ་དང་མཉམ་པ་ལས།། གླེང་བསླངས་ཐེག་པ་ཆེན་པོ་ངོས་གཟུང་བའི་ལེའུ་སྟེ་གཉིས་པའོ། །།། ཀུན་ལ་ཁྱབ་པའི་ཆོས་ཉིད་དབྱངས།། རྒྱལ་བའི་གསུང་དབྱངས་གཅིག་ལས་སུ།། སེམས་ཅན་མོས་པ་ཐ་དད་པའི།། ཆོས་ཚུལ་མཐའ་ཡས་དཔག་མེད་ལས། ། མདོར་བསྡུས་སྦྱོང་བྱེད་གཉེན་པོའི་ཆོས།། བརྒྱད་ཁྲི་བཞི་སྟོང་གྲངས་བརྗོད་པ།། དུག་གསུམ་ལྷན་སྐྱེས་འདུལ་བའི་ཕྱིར།། འདུལ་བ་འཛིན་པའི་སྡེ་སྣོད་དུ།། སེམས་ཅན་རྣམས་ལ་གནོད་པ་སྤང། ། སྡིག་པ་ཅི་ཡང་མི་བྱ་བར།། སྡོམ་པ་གསུམ་པོ་ཚུལ་བཞིན་བསྲུངས།། མདོ་སྡེ་འཛིན་པའི་སྡེ་སྣོད་ལ།། འགྲོ་བ་ཀུན་ལ་ཕན་དོན་དུ།། དགེ་བ་ཕུན་སུམ་ཚོགས་པ་ཡི།། ཏིང་འཛིན་ལྷག་པའི་བསམ་པ་བསྟན། ། མ་མོ་འཛིན་པའི་སྡེ་སྣོད་ཀྱིས།། རང་གི་སེམས་ནི་གདུལ་བའི་ཕྱིར།། སྣ་ཚོགས་ཚུལ་གཅིག་དོན་སྟོན་པའི།། ཤེས་རབ་གསུམ་ལ་ནན་ཏན་བསྐྱེད།། རིགས་པ་གཉིས་ལ་ལེགས་གནས་པའི།། རང་རིག་ཡེ་ཤེས་མངོན་དུ་བྱས། ། འདི་ནི་སངས་རྒྱས་བསྟན་པ་ལས།། གཉེན་པོ་ཀུན་འདུས་སྡེ་སྣོད་ཡིན།། དོན་གཅིག་ཉིད་ལས་མ་རྨོངས་པའི།། འབྲས་བུ་གཅིག་ཏུ་རྒྱལ་བར་གསུངས།། ཐོག་མེད་དུས་ན་མ་རིག་པས།། བག་ཆགས་ཉོན་མོངས་དབང་གིས་སུ། ། ལས་ཀྱིས་སྐྱེ་བ་དཔག་མེད་བླངས།། སྐྱེ་ཤི་གཉིས་ཀྱི་སྡུག་བསྔལ་ལ།། བསྒྲང་གིས་མི་ལངས་མཐའ་ལས་འདས།། སེམས་ཅན་གཅིག་གིས་ལུས་བླངས་པའི།། ཤ་རུས་བསགས་ན་རི་རབ་ཙམ། ། ཁྲག་དང་ཆུ་སེར་རྒྱ་མཚོ་ཙམ།། སྡུག་བསྔལ་ནམ་མཁའི་མཐར་མི་ཤོང།། དོན་མེད་སྲིད་པའི་གློང་དུ་འཁྱམས།། ཤས་ཆེར་ངན་སོང་རྦ་ལ་གཡེངས།། ད་ལྟར་དྲན་ཡང་སྐྱི་ཤ་གཡའ།། དོན་མེད་འབའ་ཞིག་ཡིན་པར་ཟད། ། མི་ཤེས་སྲིད་པའི་གློང་འདི་ན།། གཟུགས་མེད་སྟོང་པའི་ཆགས་ཞེན་ཅན།། སེམས་ཅན་མཐའ་ཡས་བསམ་མི་ཁྱབ།། གཟུགས་ཅན་དབང་པོ་ཕྱོགས་གཅིག་ཏུ།། ཡུལ་ལྔར་ཞེན་པ་དཔག་ཏུ་མེད། ། འདོད་ཁམས་ཡུལ་དྲུག་ཕྱི་ནང་དུ།། ཆགས་སྡང་ཟུག་རྔུའི་ལས་ཀྱིས་མནར།། ཁམས་གསུམ་བག་ཆགས་བར་དོ་ན།། སེམས་ཅན་མཁའ་ཡིས་ཁམས་མཉམ་ལས།། ལས་ཀྱིས་འཁོར་བའི་འདོད་གཟུགས་རྣམས། ། ཕལ་ཆེར་ངན་སོང་གནས་ན་འཁོར།། མི་ལུས་ཐོབ་པ་ཤིན་ཏུ་ཉུང།། དེ་ལས་དལ་འབྱོར་ཐོབ་པ་ནི།། ཉིན་མོའི་སྐར་མ་མཐོང་བས་དཀོན།། ལན་ཅིག་སྲིད་པའི་མི་ལུས་ཀྱང།། དོན་མེད་ཁ་རྗེ་དབང་ཐོབ་མིན། ། བླ་མ་དཀོན་མཆོག་ཐུགས་རྗེ་དང།། རང་གི་བསོད་ནམས་ཚོགས་བསགས་པའི།། དགེ་བའི་འབྲས་བུ་ཚེ་འདིར་སྨིན།། གནས་སྐབས་སྤྲིན་བར་ཉི་མ་ཙམ།། རྟག་མི་ཐུབ་སྟེ་འགག་པའི་ཆོས། ། དེ་བས་དམ་པའི་ཆོས་དཀོན་ཏེ།། བསྐལ་པ་སྟོང་ཕྲག་མང་པོ་རུ།། དམ་ཆོས་ཉི་མ་འཆར་བ་ཉུང།། ཆོས་མེད་མུན་པའི་འཇིག་རྟེན་མང།། རང་སེམས་སངས་རྒྱས་མཇལ་བ་དེ།། ཡིད་བཞིན་ནོར་བུ་བས་ཀྱང་དཀོན། ། སྟོན་པའི་དམ་ཆོས་སྤྱོད་པ་ནི།། འཁོར་ལོ་སྒྱུར་རྒྱལ་ཉིད་ལས་ཉུང།། དགེ་འདུན་རྗེས་སུ་བསྒྲུབ་པའི་དུས།། མེ་ཏོག་ཨུ་དུམ་བར་བས་དཀོན།། སྔར་འདས་མ་བྱོན་ད་ལྟར་གྱི།། སངས་རྒྱས་བསྟན་པ་དཔག་མེད་ཀྱང། ། ཐེག་མཆོག་བྱང་ཆུབ་ལམ་ལྡན་གྱི།། འབྲས་བུ་མྱུར་དུ་ཐོབ་པ་འདི།། ཀུན་ལས་ལྷག་པའི་སྨོན་ལམ་གྱིས།། མ་རུངས་གདུལ་དཀའ་འདུལ་བ་ཡི།། མི་མཇེད་ཤཱཀྱ་ཐུབ་པའི་ཞིང།། ཉོན་མོངས་ཡེ་ཤེས་སྤངས་ཐོབ་བྲལ། ། དེ་ཡི་རང་བཞིན་དེས་གྲོལ་ཕྱིར།། ཐེག་པ་ཆེན་པོའི་ལམ་ཞུགས་རྣམས།། རྒྱལ་བའི་ཆོས་སྐུ་ཉི་མ་ལ།། མཁའ་ལ་གསལ་འགྲིབ་མེད་གྱུར་ཀྱང།། བྱིས་པ་བློ་དམན་རིགས་རྣམས་ལ།། ས་ཡི་སྡེ་རིས་ཉི་མ་རྒས། ། སྟོན་པ་མྱ་ངན་འདས་ཚུལ་སྟོན།། ལྔ་བརྒྱ་ཕྲག་བཅུར་བསྟན་པ་འགྲིབ།། ཆོས་མིན་མུན་པའི་དབྱུག་སྐོར་བྱེད།། མི་ལུས་ཐོབ་ཀྱང་དོན་རེ་ཆུང།། བསོད་ནམས་མ་ཡིན་མཐུ་ལས་བྱུང།། མུ་གེ་ནད་དང་མཚོན་གྱིས་འཇིགས། ། བཅུ་པའི་བར་ལ་དམ་ཆོས་ནུབ།། བྱམས་པའི་ཐུགས་རྗེས་དགེ་ལ་འཇུག། གནས་སྐབས་བསོད་ནམས་ཡར་ལ་འཕེལ།། རྡོ་རྗེའི་སྐུ་ལ་འགྱུར་མེད་ཀྱང།། སེམས་ཅན་རྣམ་རྟོག་ལས་ཀྱི་ས། ། བསྟན་པ་རེ་ལ་སྟོན་པ་རེ།། ཆེ་ཆུང་རིང་ཐུང་དུ་མ་འབྱུང།། རྨི་ལམ་སྒྱུ་མའི་ཆོ་འཕྲུལ་ཡིན།། ཡང་དག་དོན་ལ་བསྟན་པ་གཅིག། ཀུན་མཁྱེན་ཡེ་ཤེས་གཅིག་ལ་འདུས།། མ་རིག་པ་ལ་བསྟན་པ་མང།། མངས་པས་དེ་བཞིན་ཉིད་མ་རྟོགས། ། ནམ་མཁའ་གཅིག་ལས་མང་མི་ཡོད།། མངས་ན་བུག་གསར་མཐོང་བས་ཞན།། ནམ་མཁའ་མ་རྟོགས་ཇི་བཞིན་ནོ།། བདེ་གཤེགས་སྙིང་པོས་ཀུན་ལ་ཁྱབ།། རྒྱུ་མེད་སེམས་ཅན་གང་ཡང་མེད། ། རྐྱེན་ཐོབ་མི་ཡི་ལུས་སེམས་ལ།། རྒྱལ་བའི་སྐུ་གསུང་ཐུགས་གནས་པའི།། ནམ་མཁའ་ལྟ་བུའི་ཆོས་ཉིད་དེ།། ཕྱོགས་རིས་མེད་པར་ཀུན་གྱི་ཡུལ།། ཉི་མ་ལྟ་བུའི་རིག་པའི་འོད།། མཐོངས་ཉི་བཞིན་དུ་ཉམས་སུ་ལོང། ། ཕྱི་ནང་མེད་པར་མཉམ་པ་ཉིད།། ཐེག་པ་ཆེན་པོ་འདི་དོན་ལ།། མི་ལུས་སངས་རྒྱས་དགོངས་པ་ཅན།། ལྷུན་གྲུབ་ཉིད་དུ་ཡོངས་གྲུབ་ཀྱང།། གཞན་དབང་རྐྱེན་གྱིས་གཉིས་སུ་སྣང། ། ཀུན་བརྟགས་བློ་བུར་འཁྲུལ་པ་འདོད།། གསེར་འགྱུར་རྩི་ཡི་རྣམ་པ་ཡིས།། ལྕགས་ནི་གསེར་དུ་བྱས་པ་བཞིན།། མི་གཙང་སྒྲིབ་པའི་ལུས་སྤངས་ནས།། དྲི་མེད་རྒྱལ་བའི་སྐུ་རུ་འགྱུར།། ཐུགས་རྗེའི་ཉི་འོད་ཕྱོགས་བཅུར་བརྡལ། ། མ་རིག་མུན་པའི་ཚོགས་རྣམས་སེལ།། ཡེ་ཤེས་སྣང་བ་ཀུན་ཏུ་གསལ།། ཡང་དག་ཆོས་ལ་སྤྱོད་པས་ཐོབ།། དོན་གྲུབ་ཐོབ་པར་འགྱུར་ནས་ནི།། འདི་ལ་འབད་པ་མ་བསྒྲུབས་ན།། བྱས་པ་དོན་མེད་སྡུག་བསྔལ་རྒྱུ། ། འདུས་བྱས་མི་རྟག་འཇིག་ཆོས་ཅན།། ལོ་ཟླ་ཚེས་གྲངས་མི་རྟག་སྟེ།། དུས་ཀྱིས་བདས་པས་ཕར་ཕར་འགྲོ།། སྐད་ཅིག་མི་སྡོད་མྱུར་དུ་འཆི།། དུས་ཀྱིས་འཕོ་བསྐྱས་བྱུང་ཙམ་ན། ། མཛའ་བ་རྣམས་ཀྱང་མེད་པར་འགྱུར།། མི་མཛའ་རྣམས་ཀྱང་མེད་པར་འགྱུར།། ཕྱི་ཡི་གནས་ཀྱང་མེད་འགྱུར་ལ།། ནང་གི་རྫས་ཀྱང་མེད་པར་འགྱུར།། དེ་བཞིན་བདག་ཀྱང་མེད་འགྱུར་བས།། མི་རྟག་ཤི་བའི་དུས་ཀྱི་ཚེ། ། ཡུན་རིངས་དུས་སུ་དཀའ་སྤྱད་པའི།། འཇིག་རྟེན་ཆོས་ཀྱིས་ཅི་ལ་ཕན།། དེ་བས་ཆོས་ཚོལ་འབད་པ་སྐྱེད།། ཆོས་མེད་གསོན་པ་ཅི་ཞིག་རུང།། དེ་བས་འཇིགས་པ་ཀུན་སེལ་བའི།། འགྲོ་བའི་མགོན་ལ་སྐྱབས་སུ་མཆི། ། དེ་ཡི་ཐུགས་སུ་ཆུད་པའི་ཆོས།། བྱང་ཆུབ་སེམས་ལ་བདག་ཉིད་འཇུག། མི་ལུས་ཐོབ་ནས་ཆོས་མེད་པ།། གསེར་གླིང་སྟོང་ལོག་བྱས་པ་འདྲ།། མི་ལུས་འདབས་ནས་མི་ལེན་པས།། ཤི་བས་བྱང་ཆུབ་ཐོབ་མི་སྲིད། ། དེ་འདྲའི་མི་ལུས་སྟོང་ལོག་མཁན།། སྙིང་པོ་མེད་ལས་སྙིང་པོར་གཟུང།། གཟོ་དང་གསོབ་ཀྱིས་མ་བསླུས་སམ།། འཇིག་རྟེན་མི་རྟག་སྒྱུ་མ་འདྲ།། རང་གི་རང་བསླུས་ངན་སོང་གཟུགས།། རྫུན་ལ་བདེན་འཛིན་གཏི་མུག་ཅན། ། མི་ཤེས་བླུན་པོ་དུད་འགྲོར་འཕོ།། རྟོག་པ་རགས་ལ་ཆགས་སྡང་ཆེ།། གསོད་ལ་དགའ་ཞིང་དམར་ལ་རྔམ།། ལས་ཀྱི་གཤིན་ཆེན་དམར་པོ་དེ།། དམྱལ་བའི་ལས་མཁན་བསླེབ་པ་ཡིན། ། ཡོད་པས་མི་ཆོག་མེད་ལ་བརྣབ།། གཡུང་པོ་སེར་སྣས་སྲེད་པ་དེ།། ཡི་དྭགས་གནས་ན་སྔ་ཕྱི་མེད།། སྡུག་བསྔལ་གནས་ལ་རྒྱུན་དུ་འཁོར།། ཆུ་བོ་འཐུར་སོང་གྱེན་མི་ལྡོག། དེ་བཞིན་ངན་སོང་སྡུག་བསྔལ་ལས། ། ཐར་པ་ཐོབ་པ་ག་ལ་སྲིད།། གནས་སྐབས་ཚུལ་མིན་མ་གཏོགས་སོ།། འཁོར་བ་པ་ལ་བདེ་བ་མེད།། འཁོར་བའི་བདེ་བ་སྡུག་བསྔལ་ཡིན།། གླེན་པ་དུག་ཅན་ཟས་ལ་ཞིམ།། འཁོར་བའི་སྡུག་བསྔལ་བསྒྲུབ་ལ་དགའ། ། འདོད་པ་བདེ་བ་ཐོབ་འདོད་ཀྱང།། བསྒྲུབ་པ་སྡུག་བསྔལ་འབའ་ཞིག་བསྒྲུབ།། སྡུག་བསྔལ་རྦ་ལ་གཡེང་ཙམ་ན།། འཁོར་བའི་འབྲས་བུ་དུས་དེར་གྲུབ།། མི་གཙང་ཁྲོད་ཀྱི་སྲིན་བུ་བཞིན། ། བདེ་བ་ལ་ཆགས་སྡུག་བསྔལ་གྲུབ།། ཐུན་མོང་རྒྱུད་ལྔའི་སྡུག་བསྔལ་ལས།། བྱེ་བྲག་ལས་ཀྱིས་སྡུག་བསྔལ་ནི།། ལྷ་ལ་འཆི་འཕོ་སྡུག་བསྔལ་བ།། མནར་མེད་དམྱལ་བའི་དུཿཁ་ཆེ།། ལྷ་མིན་ཆགས་སྡང་བརྩད་པ་ཡིས། ། རང་སྙིང་གས་ནས་འཆི་བ་དང།། མི་ལ་རྐྱེན་དབང་འདུ་བྱེད་ཀྱིས།། ཟད་པ་མེད་པའི་ཟུག་རྔུ་དང།། དུད་འགྲོ་མི་ཤེས་མུན་པ་ལ།། གཅིག་གིས་གཅིག་ཟ་འཇིགས་པ་དང།། ཡི་དྭགས་ཟས་མཐོང་ཚེ་ན་དགྲ། ། གཤེད་པོས་གཙེ་བའི་དུཿཁ་དང།། དམྱལ་བ་དུས་མིན་རྒྱུན་དུ་ནི།། སྡུག་བསྔལ་ཐམས་ཅད་བསྲན་ཐབས་མེད།། ལས་ཀྱི་རྣམ་སྨིན་མ་ཟད་ན།། དམྱལ་བའི་ཚེ་ལ་འཛད་པ་མེད།། ལས་ནི་ཉོན་མོངས་དབང་གིས་བྱས། ། ཉོན་མོངས་མ་རིག་འཁྲུལ་པ་ལ།། བྱང་ཆུབ་སེམས་གཅིག་མ་གཏོགས་པ།། ཟད་པ་མེད་པར་རྒྱུན་དུ་འཁོར།། མུ་མཐའ་ཡོད་པར་ངས་མ་མཐོང།། ལོག་འཁྲུལ་སེམས་ཅན་སྙིང་བསྲན་ཅན།། མི་ལུས་སོ་མཚམས་མཁར་ན་ཡོད། ། ད་རེས་ཡོད་ན་གཏན་དུ་ཡོད།། དེ་བས་བསྒྲིམས་ཏེ་གུས་འབད་ན།། ཐོས་པ་མང་པོའི་མི་ཕྱིར་འབྲོངས།། དགེ་བའི་བཤེས་གཉེན་ཐོད་བཞིན་བསྐུར།། འགྲོ་ལ་སྙིང་རྗེའི་སེམས་ཀྱིས་སུ། ། ལུས་དང་སྲོག་ལ་མ་ལྟ་བར།། ཐེག་ཆེན་དམ་ཆོས་མྱུར་དུ་ཚོལ།། སྔོན་གྱི་རྒྱལ་བ་སྲས་བཅས་ཀྱིས།། དམ་པའི་ཆོས་ནི་ཚོལ་བའི་ཕྱིར།། སློབ་དཔོན་བཀའ་ལས་མི་འདའི་དོན།། སྲོག་ལས་འཕངས་པའི་བློ་བུར་ནས། ། ཉམ་ང་མེད་པའི་བསམ་པ་ཡིས།། ལུས་ལ་ལྕགས་གཟེར་སྟོང་བཏབ་ཅིང།། ཤ་ལ་མར་མེ་སྟོང་བཙུགས་ཏེ།། ཤ་བཞར་རུས་པ་གཅོག་པ་དང།། ཁྲག་གིས་ཆག་ཆག་བཏབ་ནས་སུ།། ཆོས་འདོད་མཆོད་སྦྱིན་བྱ་དཀའ་རྣམས། ། སྡུག་བསྔལ་བྱུང་ཡང་བཟོད་པ་ཡིན།། འགྱོད་མེད་སྙིང་ནས་གཏོང་བ་ལ།། ལོངས་སྤྱོད་གཡོ་བ་སྨོས་ཅི་དགོས།། དེ་བས་ལམ་མཆོག་འདིར་ཞུགས་གང།། འཁོར་བའི་དགྲ་བོ་སྙིང་སོམས་ལ། ། རྒྱལ་བའི་རྗེས་སུ་ཅིས་མི་ཞུགས།། ཕ་རབས་བུ་ཡིས་མི་གཅད་པར།། རྒྱལ་སྲས་རྣམས་ཀྱི་ཐུགས་རྗེ་ཡིས།། བདག་ཉིད་འདི་ལྟར་འཁོད་པ་ལ།། བཀའ་དྲིན་རྗེས་སུ་དྲན་པ་ཡིས།། བྱས་པ་ཆུད་ཟོད་མི་གཏང་བར། ། ད་ནི་དད་པ་རབ་ཏུ་སྐྱེད།། བྱང་ཆུབ་སེམས་ཀྱི་ཆོས་རྣམས་ལ།། ཉིན་མཚན་རྟག་ཏུ་བསམ་པར་གྱིས།། སེམས་ཅན་སངས་རྒྱས་སྙིང་པོ་ཅན།། དུས་འདིར་རྒྱལ་བའི་སྲས་སུ་འགྱུར།། དེ་བཞིན་ཉིད་དུ་བདག་ལུང་བསྟན། ། འཁོར་འདས་གཉིས་ཀྱི་ཡོན་ཏན་ནི།། ཉོན་མོངས་དབང་གིས་འཁོར་བར་འཁྱམས།། དཀར་ནག་ལས་ཀྱིས་བདེ་སྡུག་བྱུང།། དཀར་པོའི་ལས་ཀྱི་ཡོན་ཏན་གྱིས།། འདོད་རིགས་དྲུག་ལ་མི་གཅིག་པའི། ། ཡོན་ཏན་ཕྲ་མོ་སྣ་རེ་ཡོད།། དམྱལ་བས་ཚེ་ནི་སྔ་ཕྱི་དྲན།། ཡི་དྭགས་སྔོས་པས་ཟས་ཐོབ་འགྱུར།། དུད་འགྲོ་རྣམས་ལ་ཟས་སྐོམ་ཡོད།། ལྷ་མིན་རྣམས་ལ་རྫུ་འཕྲུལ་དང།། མི་ཡི་ལུས་ལ་སྡོམ་པ་ཆགས། ། ལྷ་རྣམས་མངོན་པར་ཤེས་པ་ཡོད།། གཟུགས་ཀྱི་ཁམས་ན་བསམ་གཏན་གནས།། གཟུགས་མེད་དེ་ལས་ཁྱད་འཕགས་ཐོབ།། ལས་ཟད་ཉོན་མོངས་འགོག་པ་ཡིས།། འཕགས་པ་ཉན་རང་དགྲ་བཅོམ་ཐོབ། ། ལམ་ཞུགས་འཁོར་བའི་ཉམས་མྱོང་གྲོལ།། རང་དོན་ས་གནས་བདེ་བ་ཐོབ།། གཞན་དོན་སྒྱུ་མའི་སྙིང་རྗེ་འབྱོངས།། དེ་དོན་གོང་དུ་མཐར་ཕྱིན་པས།། སངས་རྒྱས་ཞིང་ཁམས་བདེ་བ་ཅན།། ཆོས་ཀྱི་དབྱིངས་ལ་ཡངས་དོག་མེད། ། མཉམ་ཡངས་ཐང་ནི་ལག་མཐིལ་ལྟར།། སྣ་ཚོགས་མེ་ཏོག་པདྨའི་ལྗོངས།། ཁ་དོག་དྲི་བསྲུང་ཕུན་སུམ་ཚོགས།། རིན་ཆེན་གཞལ་ཡས་ཁང་ཆེན་པོ།། རྣམ་པ་གཟུགས་ལ་རང་བཞིན་དབྱིངས། ། ཀུན་ཏུ་སྣང་གི་ཕོ་བྲང་ན།། ནམ་མཁའི་སྐུ་ལ་མཚན་དཔེས་སྤྲས།། རྟོག་པ་མེད་པའི་ཡེ་ཤེས་ཅན།། ཕྱོགས་རིས་མེད་པའི་དཀྱིལ་འཁོར་ལ།། ཕུན་སུམ་ཚོགས་པ་ལྔ་དང་ལྡན།། འགྱུར་མེད་འོད་གསལ་རྡོ་རྗེ་གདན། ། མི་གཡོ་བདག་གཞན་དོན་གྲུབ་ལ།། བསམ་གྱིས་མི་ཁྱབ་དཔག་པར་དཀའ།། དེ་དོན་བྱང་ཆུབ་སེམས་ལས་བྱུང།། སངས་རྒྱས་བྱང་ཆུབ་སེམས་དཔའི་ཁྱད།། རྒྱ་མཚོ་བ་གླང་རྨིག་རྗེས་ཆུ།། སར་གནས་ཡོན་ཏན་མཐོང་ཙམ་ན། ། ཉན་རང་ཡོན་ཏན་རྡུལ་གྱི་ཆུ།། དེ་ཙམ་ཉིད་ཀྱིས་དོན་ཐོབ་ཀྱང།། ལྷ་ཡི་བདེ་བ་སྡུག་བསྔལ་དངོས།། འགྲོ་བ་གཞན་རྣམས་ལྟ་ཅི་སྨོས།། དེ་ལ་སོགས་པའི་ཡོན་ཏན་རྣམས།། ཅེས་རེ་དབང་པོ་མ་འགགས་ན། ། མཐོང་དང་ཐོས་དང་དྲན་པ་ཤེས།། གནས་སྐབས་ཙམ་གྱི་འདོད་པ་ལ།། ལུས་སྲོག་སྡུག་པ་བཀོལ་ནུས་ན།། གནས་སྐབས་མཐར་ཐུག་ཐམས་ཅད་དུ།། རང་གཞན་དོན་གཉིས་བསྒྲུབ་པ་ཡི།། ཅི་སྟེ་དམ་པའི་ཆོས་མི་ནུས། ། སྔོན་གྱི་བསོད་ནམས་མ་ཡིན་པའི།། དབང་མེད་ལས་ལ་བྱ་ཐབས་མེད།། རང་དབང་ཡོད་པའི་ལྷ་མི་རྣམས།། རིན་ཆེན་གཏེར་ཁ་འབྱེད་དུས་སུ།། ལོངས་སྤྱོད་བྱེད་པའི་དུས་ལ་བབ། ། རྫོགས་སངས་རྒྱས་ཀྱིས་རབ་བསྔགས་པའི།། སངས་རྒྱས་ཆེ་བའི་ཡོན་ཏན་རྣམས།། ཐོས་པ་ཙམ་གྱིས་མོས་པ་སྐྱེ།། དྲན་པ་ཙམ་གྱིས་སྡིག་པ་འདག། མཐོང་བ་ཙམ་གྱིས་ཡོན་ཏན་ཐོབ།། ཉམས་སུ་བླངས་ན་སྨོས་ཅི་དགོས། ། ས་བོན་རུལ་བ་མྱུ་གུ་མེད།། དད་མེད་རྣམས་ལ་ཆོས་མི་འོང།། དེ་ཕྱིར་འདོད་པའི་དད་པ་ནི།། སྐོམ་པ་ཆུ་ཡིས་གདུངས་པ་བཞིན།། སངས་རྒྱས་ཆོས་ལ་རྩོལ་བ་སྐྱེད།། མོས་གུས་བུ་ཡིས་མ་མཐོང་བཞིན། ། ངེས་ཤེས་གཏིང་ནས་ཐོབ་པར་བྱ།། ཡིད་ཆེས་ཟས་ཀྱི་རོ་མྱང་བཞིན།། འགྱུར་མེད་དད་པ་ཁུངས་སུ་ཚུད།། དད་པའི་ས་གཞི་བཟང་པོ་ལ།། བྱང་ཆུབ་ལྗོན་ཤིང་བསྐྲུན་པ་ཡིན།། རྒྱལ་བའི་བསྟན་ལ་རབ་ཏུ་ཞུགས། ། བྱང་ཆུབ་དམ་པ་ཐོབ་པར་གྱིས།། འདི་ཉིད་མ་རྟོགས་དོན་མེད་དོ།། བྱང་ཆུབ་སྙིང་པོ་ཀུན་ཁྱབ་ཀྱང།། སྔོན་ཚེ་བསོད་ནམས་ཆེན་མར་བསགས།། བསགས་པ་ཚེ་འདིར་ཟད་པའི་རིགས། ། མི་ཁོམ་བརྒྱད་དང་ཆ་མཐུན་པའི།། མི་ལུས་ཐོབ་ཀྱང་སྐལ་ཆད་རིགས།། འགྱུ་བྱེད་དབང་པོ་ལྔ་གསལ་ཡང།། དམ་པའི་དོན་ལ་མི་ཤེས་རྨོངས།། ཚེ་འདིར་སྲེད་པའི་སེར་སྣས་འཇུངས།། ཞེ་སྡང་ཁོང་ཁྲོ་རྒྱུན་མི་འཆད། ། འཇིག་རྟེན་ཁེ་གྲགས་བློས་མི་སྤོངས།། ཕྱིན་ཅི་ལོག་ལས་བློ་མི་འཁྱུར།། རྒྱུན་དུ་ནད་དང་སྡུག་བསྔལ་མནར།། འགལ་རྐྱེན་ཟད་མེད་རྟག་ཏུ་འོང།། ཞུམ་ཞིང་སྒྱིད་ལུག་དབང་མེད་རྣམས།། ཆོས་ཀྱི་སྣོད་མེད་རིགས་ཆད་ཡིན། ། བློ་དམན་ཡུལ་ཆུང་ཐོས་དགུམ་སྒྲུག། ཆོས་ལ་ཆོག་ཤེས་ངོམས་པ་སྐྱེན།། སྐྱིད་འདོད་དཀའ་སྤྱོད་མི་ནུས་དང།། སྙིང་རྗེ་ཆུང་ལ་རྐྱེན་མི་ཁྱག། ཕྱོགས་རིས་ལྟ་བའི་མུ་ལ་ཞེན།། ཆོས་དང་ཆོས་མིན་ཤན་མི་ཕྱེ། ། མཐའ་དྲུག་ཚིག་གིས་དོན་མི་རྟོགས།། ངེས་ཤེས་ཆུང་ལ་ལོག་ལྟ་ཆེ།། བདག་བསྟོད་གཞན་སྨོད་ཤེས་རབ་ཅན།། རྒྱུ་འབྲས་ཁྱད་གསོད་ཕན་སེམས་བྲལ།། ཐེག་པ་ཆེན་པོའི་རིགས་མ་ཡིན། ། སྟོབས་ཆུང་ཉན་ཐོས་བྱིས་པའི་ཆོས།། ཐེག་ཆེན་ནམ་མཁའ་ལྟ་བུ་ལ།། ཐེག་ཆུང་ཁུ་ཚུར་བཞིན་དུ་བསྡུས།། ས་བོན་མ་རུངས་མི་འཁྲུང་ལྟར།། རིགས་ཆད་རྣམས་ཀྱིས་དོན་མི་འགྲུབ།། བསོད་ནམས་དམན་པའི་རྣམ་སྨིན་ཡིན། ། ཐེག་པ་ཆེན་པོའི་མངོན་པར་རྟོགས་པ་བྱང་ཆུབ་ལམ་གྱི་རྒྱུད་ཆེན་ནམ་མཁའ་དང་མཉམ་པ་ལས། དམ་པའི་ཆོས་ཡོངས་སུ་ཚོལ་བའི་ལེའུ་སྟེ་གསུམ་པའོ།།།། གཟུང་འཛིན་རྣམ་ཤེས་འཁྱམ་པོ་དེ། ། སྲིད་པའི་རྩེ་མོ་མན་ཆད་ནས།། དམྱལ་བའི་སྲིན་བུ་ཡན་ཆད་དུ།། སྐྱེས་པའི་མཐའ་ལ་ཐུག་མེད་པས།། ནམ་མཁས་གར་ཁྱབ་ཀུན་ཁྱབ་པའི།། ཁམས་གསུམ་བར་དོའི་སེམས་ཅན་གྱིས།། ཕ་མ་མ་བྱས་གཅིག་ཀྱང་མེད། ། ཁྱད་པར་དུ་ཡང་མ་ཉིད་དོ།། དུས་གསུམ་རྒྱུ་རྐྱེན་ལས་བྱུང་ལུགས།། མི་གཙང་འདམ་རྫབ་བུ་ག་ནས།། སྐྱབས་མེད་སྲིན་བུ་ལྟ་བུ་ལ།། བརྩེ་བའི་མིག་ལྟ་སྙན་པའི་ངག། འཛུམ་པའི་སྔོན་བསུ་བྱམས་པའི་སེམས། ། གཅེས་པའི་ལུས་བླངས་ཞིམ་པའི་ཟས།། འཁོར་བའི་རྫས་དང་རྒྱལ་སྲིད་བྱིན།། འཇིགས་པའི་སྐྱབས་བྱས་ལུས་སེམས་བསྐྱེད།། དེ་ཡི་དྲིན་ནི་དཔག་པར་དཀའ།། དཔེ་ནི་དེས་མཚོན་འགྲོ་ཀུན་བྱས། ། ཕ་མ་ཕྲག་པར་བཀལ་ནས་སུ།། སྟོང་གསུམ་ལན་གསུམ་བསྐོར་གྱུར་ཀྱང།། ཕ་མའི་དྲིན་ནི་འཁོར་བ་མིན།། ཅི་ཕྱིར་མ་ཡིས་བུ་ཡི་དོན།། ལུས་དང་སྲོག་ལ་མ་བལྟོས་པར།། དམྱལ་བ་ལྟ་བུའི་སྡུག་བསྔལ་མྱོང། ། ལོངས་སྤྱོད་རྣམས་ནི་སྨོས་ཅི་དགོས།། སྟོང་གསུམ་ཉུངས་འབྲུ་ཙམ་དུ་ནི།། བསིལ་ནས་བསྒྲང་བར་ནུས་མོད་ཀྱིས།། སེམས་ཅན་གཅིག་གིས་མ་གཏོགས་པའི།། ལན་གྲངས་བསྒྲང་བར་ག་ལ་ནུས། ། དེ་བཞིན་དྲིན་ནི་བརྗོད་ལས་འདས།། དྲིན་ཅན་སེམས་ཅན་ཕ་མ་རྣམས།། འཁོར་བའི་སྡུག་བསྔལ་འཁྱམ་པ་ལ།། མིར་གྱུར་སྙིང་རྗེ་མི་སྐྱེ་ན།། རང་ཉིད་སྨོན་པ་བ་གླང་ཡིན།། ཉིན་ཤ་ཟ་བའི་བུ་དང་འདྲ། ། བུ་སྐྱེས་མ་ཡི་གཤེད་མར་ཆེ།། ཉིན་གཅིག་དགྲ་ལ་བསྐྱབས་པ་ལ།། ཕན་པ་དྲིན་དུ་གཟོ་བ་དང།། མཚན་གཙིག་གཉེན་དུ་འགྲོགས་པ་ལ།། གནོད་སྤངས་ཕན་པ་བྱེད་ཚོད་ལ།། ཐོག་མེད་གྱུར་ནས་ད་ལ་ཐུག། བྱམས་པས་བསྐྱབས་པའི་ཕ་མ་ལ།། གནོད་སྤངས་ཕན་པ་ཅིས་མི་འདོགས།། མ་རིག་འཁྲུལ་པའི་དུས་ཀུན་ན།། སེམས་ཅན་ཐམས་ཅད་ཕ་མ་ཡིན།། དེ་ལ་གནོད་པ་བྱར་མི་རུང།། རིག་པ་ལམ་དུ་ཁྱེར་དུས་སུ། ། སེམས་ཅན་ཐམས་ཅད་ཡི་དམ་ལྷ།། ལྷ་ལ་གནོད་པར་བྱར་མི་རུང།། དོན་ལ་སེམས་ཅན་སེམས་ཉིད་གཅིག། ལོག་ལྟ་གནོད་པ་བྱར་མི་རུང།། བྱས་ན་འདི་ཕྱི་མཚམས་གསུམ་དུ།། ལན་ཆགས་རྣམ་སྨིན་རྒྱུན་མི་འཆད། ། སེམས་ཅན་གཅིག་གིས་སྲོག་བཅད་པས།། ལན་ཆགས་སྡིག་པ་སྟོང་དུ་འགྱུར།། མ་ཡི་དྲིན་ལས་བྱུང་བ་དེ།། ཚེ་འདིའི་མ་བསད་མཚམས་མེད་པའི།། དམྱལ་བར་འགྲོ་སྟེ་ཤིན་ཏུ་ལྕི།། དེ་ཡི་ཉེས་པ་སུ་ཡིས་བཟློག། མ་ལ་ངན་སེམས་འགྱུས་པ་ཙམ།། ཁམས་གསུམ་སེམས་ཅན་བསད་དང་མཚུངས།། དེ་བཞིན་སེམས་ཅན་ཐམས་ཅད་ལ།། སྔ་ཕྱི་མ་གཏོགས་ཁྱད་པར་མེད།། སེམས་ཅན་གནོད་པ་ཙམ་གྱིས་ཀྱང། ། དེ་དང་དེ་ཡི་བར་ཆད་འབྱུང།། དངོས་གྲུབ་རྣམ་གཉིས་ཐོབ་མི་འགྱུར།། འགྲོ་བ་ཀུན་ལ་སེམས་སྙོམས་པས།། བྱམས་པའི་སེམས་ཀྱིས་ཕན་འདོགས་ཀྱང།། ཕན་འདོད་ཕྱིན་ཅི་ལོག་པ་ནི།། མྱ་ངན་གསང་བའི་ལྕེབས་པ་དང། ། ཚུལ་ཁྲིམས་འཆལ་བའི་ཕན་སེམས་དང།། རྩོད་པའི་ཕྱོགས་སུ་ནོར་སྟེར་དང།། བསྟན་པ་བཤིག་པའི་འགྲོ་དོན་དང།། སྙིང་རྗེ་བསྒོམས་པས་དགྲར་ལངས་དང།། མགུ་མཁན་མེད་པའི་དཀའ་སྤྱད་རྣམས། ། གཞན་ལ་ཕན་བཏགས་རང་ལ་གནོད།། བདེན་པར་འདོད་པ་ལོག་པར་སོང།། དགེ་བ་བྱས་པས་སྡིག་ཏུ་གྱུར།། ཆོས་ལ་བཙུད་པས་འཁོར་བར་འཆིང།། སྦྱིན་པ་བཏང་བས་དུག་ཏུ་འགྱུར། ། གཅིག་སྐྱབས་བྱས་པས་ཀུན་དགྲར་སོང།། བསྟོད་པ་བྱས་པས་སྨད་པར་འགྱུར།། ཚུལ་ཁྲིམས་བསྲུངས་པས་སྡིག་ལ་འབགས།། ཟུག་རྔུ་སེལ་བས་ནད་དུ་ལྡང།། མི་ནུས་པ་ཡི་ཁས་ཆེ་དང།། སྡུག་ལ་རྟག་ཏུ་བྱམས་བྱེད་དང། ། དཔེར་ན་སྦྲུལ་ལ་འོ་མ་བཞིན།། བྱང་ཆུབ་ལམ་དུ་འདི་མི་འགྲོ།། དེ་བས་མཁས་པ་འདི་སྤང་ངོ།། དམིགས་སུ་འགྲོ་ན་གང་ཕན་བྱ།། སྡུག་བསྔལ་མགོན་མེད་གྱུར་པ་ཡི།། དབུལ་ཞིང་འཕོངས་པའི་འགྲོ་བ་ནི། ། རིགས་ནི་རྣམ་པ་སྣ་ཚོགས་པ།། གང་ལ་གང་ཕན་དེ་ཉིད་དུ།། མི་མཐུན་གནས་ནས་མཐུན་པར་བསྐྱལ།། སྡུག་བསྔལ་སེལ་བར་གང་གྱུར་དང། བདེ་བར་ཐོབ་པར་ཅི་ཡོད་གྱིས།། ལུས་ཀྱི་བྱ་བ་ངག་གིས་ཚིག། ཡིད་ཀྱིས་འཕེན་པ་ཐམས་དང་རྫས།། སྦྱོར་བ་དངོས་དང་རྒྱུད་པ་རུ།། སེམས་ཅན་གཅིག་ནས་མང་པོའི་བར།། མངོན་སུམ་རྗེས་དཔག་མེད་པ་རུ།། རང་གི་ཅི་ནུས་སྨོན་ལམ་གདབ། ། གཞན་ལ་བསྐུལ་གདབ་ཡི་རང་བྱ།། སེམས་ཅན་གཅིག་ལ་ཕན་བྱས་པས།། དེ་ཡི་ཡོན་ཏན་དཔག་ཏུ་མེད།། མང་པོ་རྣམས་ལ་སྨོས་ཅི་དགོས།། ཐབས་ལ་མཁས་པའི་ཕན་པ་ཡིས།། སེམས་ཅན་དགེ་བའི་ལས་ལ་འཁོད། ། འདི་རུ་ཕན་པའི་བྱ་བ་དང།། ཕྱི་མར་ཕན་པའི་སྨོན་ལམ་གདབ།། བྱང་ཆུབ་ལམ་དུ་འགྲོ་བ་ཡིས།། དོན་དང་ལྡན་པའི་འབྲས་བུ་ཐོབ།། སྒོ་གསུམ་བག་ལྡན་སྡོམ་པ་ཡིས།། ལུས་ནི་མཛེས་ཤིང་འཛུམ་དང་ལྡན། ། འཇིག་རྟེན་འཆལ་ཚིག་མི་བརྗོད་ཅིང།། འཇམ་ཞིང་སྙན་པའི་ཚིག་སྨྲ་བ།། ཞི་ཞིང་དུལ་བའི་སྤྱོད་པ་ཅན།། ཁྲོ་བ་མེད་པའི་ཕན་སེམས་ལ།། དྲན་པ་བཞི་དང་ལྡན་པ་ཡི།། རྟག་ཏུ་དུར་ཁྲོད་དགོན་པར་འདུག། ཀུན་ཀྱང་ཡིད་དུ་འོང་བར་འགྱུར།། པདྨའི་འབྱུང་གནས་བཟང་པོ་ལ།། ངང་པའི་ཚོགས་འདུ་དེ་བཞིན་ནོ།། རང་འདོད་མེད་པའི་གཞན་ཕན་ནི།། སྐྱོན་ལ་ཡོན་ཏན་སྟོབས་ཆེ་བའི།། ཕན་པར་འགྱུར་ན་སྡིག་ཀྱང་བྱ། ། གནོད་པར་གྱུར་ན་དགེ་ཡང་བཞག། སེམས་དགེ་བ་ལ་ཉེས་པ་མེད།། བརྒྱ་སྲོག་ཐོན་ན་གཅིག་སྲོག་གཅད།། འཇུངས་པའི་ནོར་བླངས་ཚོགས་སུ་སྤྱད།། ངན་སོང་ཁེགས་ན་མི་ཚངས་སྤྱད།། ཕན་སྟོབས་ཆེ་ན་རྫུན་ཡང་སྨྲ། ། ངན་བྱེད་པ་ལ་དབྱེན་ཡང་འཛུད།། མ་རུངས་པ་ལ་སུན་ཡང་དབྱུང།། གྲོགས་པོར་བྱས་ཤིང་བློ་སྣ་བསྒྱུར།། གཤེད་པོར་བྱས་ཤིང་དགེ་ལ་བསྐུལ།། མ་ཚོར་བཏང་སྙོམས་རྐུན་བུའི་ཚུལ། ། བདེ་ཐོབ་སྡུག་བསྔལ་བྲལ་བ་ཡི།། གཉེན་པོར་གང་འགྲོ་བྱ་བ་ལ།། ཞི་དང་དྲག་པོ་དགུག་དང་བསྐྲད།། བསྟོད་སྨད་མཚང་འབྲུ་འབྲིད་པ་དང།། ཚར་བཅད་རྗེས་བཟུང་རྫུ་འཕྲུལ་དང།། རྒྱལ་བའི་མཆོད་རྟེན་བསོད་ནམས་དང། ། མཆོད་སྦྱིན་ལས་སྦྱོར་ཐབས་མཁས་པས།། ཐར་པའི་ལམ་ལ་ཅི་ཚུད་པའི།། རྟེན་འབྲེལ་འགྲོ་ལ་ཅི་ཕན་བྱ།། རང་སྟོབས་ནུས་པ་ཅི་ཡོད་དང།། སྟོབས་ཅན་གཞན་ལ་གྲོགས་བཅོལ་ཞིང། ། ཕྱོགས་རིས་མེད་པར་འགྲོ་རྣམས་ལ།། འཇིགས་པ་རྣམས་ཀྱི་མགོན་དང་སྐྱབས།། དབུལ་བ་རྣམས་ཀྱི་ཟས་དང་ནོར།། འཕྱེ་བོ་རྣམས་ལ་གནས་དང་ཡུལ།། དམང་པོ་རྣམས་ལ་སྲིད་དང་སྡེ།། རྨོངས་པ་རྣམས་ལ་སློབ་དང་སྟོན། ། ཕན་བདེའི་གནས་སུ་གང་འགྱུར་ལ།། སྐད་ཅིག་ཙམ་གྱིས་ཡི་དགའ་བ།། དོན་དུ་འགྲོ་བ་གཞན་ལ་ནི།། གང་དག་ཕན་པར་བྱ་བ་ཉིད།། ཕན་ལ་དྲིན་དུ་རྩོད་པ་དང།། ལན་མ་གཞལ་དུ་འདོད་པ་དང། ། རྣམ་པར་སྨིན་ལ་རེ་མི་བྱ།། འདོད་པས་ཕན་སེམས་སེམས་ཁྲལ་འབྱུང།། སྡུག་བསྔལ་ཉིད་དུ་དེ་འགྱུར་ཏོ།། གང་གི་སྡུག་བསྔལ་མཐོང་བའི་ཚེ།། བདག་ལ་ནུས་པ་ཡོད་བཞིན་དུ།། དེ་ཉིད་དོན་ནི་མ་བྱས་ན། ། སྲོག་འདི་གསོན་པས་ཅི་མི་རུང།། བྱས་པ་བརྗེད་པ་དུད་འགྲོའི་བུ།། ཕ་མ་བསླུས་པས་སྐྱབས་དང་བྲལ།། དེ་བས་སྡུག་བསྔལ་ཁུར་ལེན་པའི།། མ་ཡི་རྗེས་སུ་རང་ཉིད་འཇུག། བཀའ་དྲིན་ལན་བཟློག་བཟོད་པར་བྱ། ། ཐར་པར་འདོད་པའི་ཡིད་ལྡན་རྣམས།། ཐར་པའི་ལམ་དུ་མི་འགྲོ་ན།། སེམས་ཅན་ལས་ཀྱིས་སྡུག་པ་ལ།། ལས་མ་ཟད་པར་དེ་མི་འཛད།། གནས་སྐབས་ཕན་ཡང་མཐར་ཐུག་ཏུ། ། སླར་ཞིང་འཁོར་བའི་འཆིང་བྱེད་འགྱུར།། འབར་བའི་མེ་ལ་ཤིང་མནན་བཞིན།། ལས་ཀྱི་འཁྲུལ་འཁོར་སྐྱེད་པར་བྱེད།། འཇིག་རྟེན་འདོད་པ་ཆུང་ངུ་དེ།། སྨན་ཆུང་ཙམ་གྱིས་དུག་ཆེན་བསླང།། དུག་གསུམ་རྟོག་པ་སྟོབས་བསྐྱེད་ནས། ། བདེ་བ་མཆོག་ལ་རྒྱབ་ཕྱོགས་འགྱུར།། འགྲོ་བ་སྨིན་པར་མ་གྱུར་ན།། ས་བོན་ཚིག་པའི་མྱུ་གུ་བཞིན།། ཕན་བཏགས་པ་ལ་དོན་མི་འབྱུང།། སྡུག་བསྔལ་བ་ལ་རྒྱུན་པར་གནས།། འཁོར་བ་འདི་ནས་འདའ་མི་འགྱུར། ། ཀུན་ལ་ཁྱབ་པའི་བྱང་ཆུབ་སེམས།། གཞི་ལ་གནས་པའི་ས་བོན་དེ།། ལམ་གྱི་རྐྱེན་གྱིས་བསྐྱེད་བྱས་ནས།། འབྲས་བུ་བྱང་ཆུབ་ཐོབ་པའི་དོན།། བདག་པས་གཞན་གཅེས་ལྷག་པའི་སེམས། ། གང་མཆིས་སངས་རྒྱས་ཆོས་ཀུན་མཆིས།། སེམས་ཅན་ཐམས་ཅད་སྨིན་པར་ནུས།། དམིགས་པ་མེད་ལས་དམིགས་པ་ནི།། རང་གིས་བརྩེ་བ་དེས་མཚོན་ནས།། གང་དག་འགྲོ་ཀུན་སྡུག་བསྔལ་བའི། ། ལས་ཀྱིས་ཉེས་པའི་ཆད་པ་རྣམས།། བདག་ནི་འཁོར་བའི་མཐར་གནས་པར།། དམྱལ་བར་སོང་ཡང་བཟོད་བྱས་ནས།། གཞན་གྱིས་དཀའ་བ་དང་དུ་བླངས།། མགོ་དང་རྐང་ལག་ལུས་གཏོང་བའི།། སྲོག་ལ་བབ་ཀྱང་འགྱོད་མེད་པའི། ། རྒྱལ་སྲིད་ལ་སོགས་ལྟ་ཅི་སྨོས།། དྲན་དང་ཤེས་བཞིན་ལྡན་པ་ཡི།། སྙིང་རྗེས་སྡུག་བསྔལ་ཆེན་པོ་ནི།། སེམས་ཅན་དོན་དུ་བཟོད་བྱ་བ།། འདི་ནི་བྱང་ཆུབ་ཆེན་པོའི་ལམ།། ཕྱིན་ཅི་མ་ལོག་ཡང་དག་དེ། ། ལས་ཀྱིས་སྙིང་རྗེ་དེ་མིན་འགྱུར།། སྙིང་རྗེ་ཆེན་པོ་ཁྱད་པར་ཆེ།། ལས་ཀྱི་སྙིང་རྗེ་འཁོར་བ་སྟེ།། ལྷག་པའི་སྙིང་རྗེ་དོན་གཉིས་ལྡན།། བཟོད་པ་དཀའ་ཐུབ་དམ་པ་ནི།། མྱ་ངན་འདས་པ་མཆོག་ཅེས་བསྟན། ། ཕ་མས་བུ་ཚ་བདེ་འཁོད་ནས།། རང་ཉིད་སྡུག་ཀྱང་ཚིམ་པ་བཞིན།། བདག་གིས་བདེ་བ་ཇི་སྙེད་པ།། ཆགས་པ་མེད་པར་ཀུན་ལ་གཏོང།། རང་ཉིད་སྡུག་ཀྱང་སྐྲག་པ་མེད།། སླར་ཞིང་བདེ་བ་ཆེན་པོ་འཕེལ། ། མ་རུངས་གནོད་ཆེན་སྐྱེལ་བ་ལ།། ཕན་པ་ཆེ་རུ་བྱ་བ་ཉིད།། བདེ་བའི་འབྱུང་གནས་སེམས་ཆེན་པོ།། བྱང་ཆུབ་སེམས་དཔའ་མཆོག་ཆེན་པོ།། འགྲོ་བ་རྣམས་ཀྱི་སྡུག་བསྔལ་ལས།། སྐྱོབ་པ་སྙིང་རྗེ་ཆེན་པོ་སྟེ། ། བདེ་ལ་འཁོད་པ་བྱམས་པ་ཡིན།། དོན་གཉིས་སྤྲོ་བ་དགའ་བ་ལ།། ཀུན་ལ་ཕྱོགས་མེད་བཏང་སྙོམས་ཏེ།། ཚད་མེད་བཞི་ལྡན་བྱང་ཆུབ་སེམས།། སེམས་ཅན་ཡོངས་སུ་སྨིན་བྱེད་པ།། འདི་ནི་སྐྱེས་བུ་ཆེན་པོའོ། ། དམ་པ་རྣམས་ཀྱི་རྗེས་འཇུག་པ།། གཉིས་མེད་རྟོགས་ཕྱིར་འདི་ཉིད་དགོས།། འདི་དང་མི་ལྡན་སྟག་ཚང་དུ།། ཝ་སྐྱེས་མི་རུང་ལྟས་ངན་བཞིན།། སེམས་ཅན་རྣམས་ནི་བསླུས་པ་ཡིན།། རྒྱལ་བའི་སྲས་སུ་མི་རུང་ངོ། ། བྱང་ཆུབ་སེམས་དང་རབ་ལྡན་པའི།། དུས་མཐའི་མེ་བཞིན་སྡིག་ཅན་རྣམས།། རེ་རེ་ཞིང་དུ་འཇོམས་པར་བྱེད།། བསྐལ་པར་བསགས་པའི་མུན་པ་ཡང།། སྒྲོན་མེས་སྐད་ཅིག་སེལ་བ་ལྟར། ། ཐོག་མེད་དུས་ནས་བསགས་པ་ཡི།། ལས་ཀྱི་སྒྲིབ་པ་འཐུག་པོ་ཡང།། བྱང་ཆུབ་སེམས་ནི་སྐད་ཅིག་གིས།། དགའ་འགྱུར་གཞན་གྱིས་དེ་ལྟར་མིན།། གལ་ཏེ་ཚུལ་ཁྲིམས་སྐྱོན་བྱུང་བ།། གང་གི་སེལ་བར་མི་ནུས་པ། ། བྱང་ཆུབ་སེམས་ཀྱིས་སོས་པར་འགྱུར།། དགེ་གཞན་འབྲས་བུ་ཆུ་ཤིང་གི། སྙིང་པོ་འབྱིན་པས་ཟད་འགྱུར་བཞིན།། བྱང་ཆུབ་སེམས་ཀྱིས་དགེ་བ་ནི།། རྟག་ཏུ་དཔག་བསམ་ལྗོན་པ་བཞིན།། འབྲས་བུ་འབྱིན་པས་མི་འཛད་འཕོས། ། ཡོན་ཏན་མཐའ་ཡས་དཔག་མེད་དོ།། སེམས་ཅན་རྣམས་ཀྱིས་མགོན་བཅས་པའི།། དགེ་བའི་རྩ་བ་གང་བྱས་ལ།། བུ་ལ་ཕན་བྱས་མ་དགའ་བཞིན།། རྒྱལ་བ་སྲས་བཅས་མགུ་བར་འགྱུར། ། སེམས་ཅན་དོན་བྱེད་མ་གཏོགས་པ།། རྒྱལ་བ་མཉེས་པའི་ཐབས་གཞན་མེད།། འདི་ནི་མཆོད་པ་ཆེན་པོ་སྟེ།། བག་ཆགས་རྣམས་ཀྱིས་ཅི་མི་འགྲུབ།། སེམས་ཅན་རྣམས་ལ་བརྩེ་བ་ཡི།། ཆོས་ལ་སེམས་པ་གང་ཡིན་ལ། ། ཕྱོགས་བཅུར་བཞུགས་པའི་རྒྱལ་དབང་པོ།། བུ་སྡུག་འདྲ་བར་དགོངས་ནས་སུ།། གཟིགས་ཤིང་བྱིན་གྱིས་རློབས་པར་འགྱུར།། འོད་ཀྱིས་བསྐུལ་ནས་དབང་བསྐུར་བྱེད།། དེ་ཡི་མཐོང་ཐོས་དྲན་པ་ཙམ། ། གླ་རྩི་དང་ནི་ཙན་དན་དྲི།། གང་ལ་རེག་པ་དྲི་འགོས་ལྟར།། སེམས་ཅན་སྡུག་བསྔལ་ཉོན་མོངས་སེལ།། བདེ་ལ་ཤུགས་ཀྱིས་འཁོད་པ་ཡི།། བྱང་ཆུབ་སེམས་དང་ལྡན་པར་འགྱུར།། བྱང་ཆུབ་སེམས་དང་གང་ལྡན་པ། ། སྡིག་བྲལ་བདེ་བ་ངང་གིས་འཕེལ།། གཟུགས་དང་ཁ་དོག་ཡིད་འོང་ཞིང།། ངག་སྙན་སེམས་ལ་ཡི་རང་དད།། ཅི་བྱས་མཛེས་ཤིང་སྡུག་པ་ཡི།། ཀུན་གྱིས་བསྐུར་ཞིང་རབ་ཏུ་བསྔགས།། འགྲན་ཟླ་བྲལ་བའི་རྒྱལ་སྲས་ཞེས། ། འཇིག་རྟེན་ལྷ་མིའི་ཕྱག་བྱར་འགྱུར།། སེམས་སྐྱེད་པས་ནི་གཞན་དོན་འགྲུབ།། ཡང་དག་བྱང་ཆུབ་རང་གིས་ཐོབ།། གཉིས་སུ་མེད་པའི་དེ་བཞིན་ཉིད།། སངས་རྒྱས་ས་ལ་རབ་ཏུ་གནས། ། ཡང་དག་མཐའ་བྲལ་བརྗོད་ལས་འདས།། ཐེག་པ་གསར་དུ་ཞུགས་པ་ཡི།། ལས་ཅན་དང་པོའི་སེམས་ཅན་ལ།། རྗེས་སུ་ཡི་རང་དང་བྱེད་ཙམ།། དེ་དང་དེ་ཡི་ཡོན་ཏན་ནི།། སྟོང་གསུམ་རི་རབ་སྲང་ལ་གཞལ། ། ཚད་བཟུང་རུང་གི་དེ་ལྟ་མིན།། དེ་བཞིན་ས་རྣམས་འབྲས་བུ་ནི།། སྐྱེམས་སྐྱེད་བཞིན་དུ་རྩོལ་མེད་ཐོབ།། རང་ཉིད་ལོག་ལྟ་མ་སྐྱེས་ན།། བྱང་ཆུབ་སེམས་ལ་གང་གིས་ཀྱང།། གཞིག་ཅིང་གཞོམ་དུ་མེད་པ་སྟེ། ། དཔེར་ན་རྡོ་རྗེ་ཕ་ལམ་ཉིད།། རྡོ་རྗེ་ཉིད་ཀྱིས་མ་བཅག་ན།། གཞན་གྱིས་གཅོག་པར་མི་ནུས་བཞིན།། བྱང་ཆུབ་སེམས་དཔའ་སེམས་མ་ལ།། ལོག་པར་ལྟ་བ་མ་གཏོགས་པ།། གཞན་གྱིས་འཇོམས་པར་མི་ནུས་ལ། ། གཅིག་གིས་གཅིག་ལ་གནོད་བྱས་ན།། དེ་ལ་མཆོད་སྦྱིན་ཚུལ་ཁྲིམས་དང།། བསམ་གཏན་ཐོབ་པས་སྐྱོབ་མི་ནུས།། ལོག་ལྟ་སྐད་ཅིག་སྐྱེས་པས་ཀྱང།། ཡོན་ཏན་ཐམས་ཅད་བརླག་པར་འགྱུར། ། བྱང་ཆུབ་སེམས་ནི་གོང་སྐྱེས་ལ།། སུ་ཞིག་ལོག་པར་ལྟ་བྱེད་ན།། བསྐལ་པར་བསགས་པའི་དགེ་བ་ཡང།། སྐད་ཅིག་ཉིད་ཀྱིས་མེད་པར་བྱེད།། དེ་ལས་བྱང་ཆུབ་སེམས་ལྡན་ཡང།། སྡིག་པའི་ནང་ནས་ཤིན་ཏུ་ལྕི། ། ངན་སེམས་སྐྱེས་པའི་དྲངས་བཞིན་དུ།། སྡུག་བསྔལ་མི་འཛད་མནར་མེད་ལྟུང།། བྱང་ཆུབ་སེམས་མེད་འཇིག་རྟེན་གྱི།། འབྲས་བུ་བརྒྱ་བྱིན་ཉིད་དང་ནི།། ཚངས་པའི་གནས་ཀྱང་མི་ཐོབ་ལ། ། ཉན་ཐོས་རང་རྒྱལ་ག་ལ་འབྱུང།། སངས་རྒྱས་ཉིད་ནི་ཅི་ཕྱིར་ཐོབ།། ས་བོན་མེད་པའི་མྱུ་གུ་དེ།། ཇི་ལྟར་འབད་ཀྱང་མི་འབྱུང་ངོ།། ཐེག་པ་ཆེན་པོའི་མངོན་པར་རྟོགས་པ་བྱང་ཆུབ་ལམ་གྱི་རྒྱུད་ཆེན་ནམ་མཁའ་དང་མཉམ་པ་ལས། ། སེམས་ཅན་ཡོངས་སུ་སྨིན་པའི་ལེའུ་སྟེ་བཞི་པའོ།།།། གང་དག་བྱིས་པའི་སྐྱེ་བོ་རྣམས།། མྱ་ངན་འདའ་བར་གང་བཞེད་པ།། སངས་རྒྱས་བསྟན་པ་རིན་ཆེན་ལ།། ཚུལ་བཞིན་འཇུག་པ་འདི་ལྟ་སྟེ། ། ངན་སོང་གནས་ལ་འཇིགས་པ་ཡིས།། འཁོར་བའི་ཆོས་ལ་ཞེན་ལོག་ནས།། སོ་སོ་ཐར་པའི་སྡོམ་པ་ནི།། སྙིང་རྗེས་སེམས་ཅན་ཐམས་ཅད་ལ།། མི་དགེ་འདོད་པ་སྤང་བ་ནི།། ཡུལ་ནི་མཁན་པོ་སློབ་དཔོན་དང། ། དད་པའི་དགེ་འདུན་ཚོགས་པ་ལ།། གསོལ་བ་གདབ་ལ་བསླང་བར་བྱ།། དལ་འབྱོར་ལྡན་པའི་རྟེན་ལ་ནི།། ཐུན་མོང་སྐྱབས་འགྲོ་ཚུལ་ཁྲིམས་སྐྱེ།། ཁྱིམ་པ་དགེ་བསྙེན་ཉིད་དང་ནི། ། ཚངས་སྤྱོད་རབ་བྱུང་ཚུལ་ཁྲིམས་བཅུ།། དགེ་སློང་ཕ་མ་རིགས་བདུན་པོ།། སོ་སོའི་བསླབ་པ་ཚུལ་བཞིན་བསྲུང།། རྟེན་ནི་ལུས་ཀྱིས་སྡོམ་པ་གཙོ།། ལུས་ཀྱི་སྤྱོད་ལམ་རབ་བསྡམས་ན།། རྒྱལ་མཚན་འཛིན་པའི་ཚུལ་ཁྲིམས་གནས། ། དུས་ནི་ལུས་དེ་འཚོ་ཡི་བར།། བསྲུངས་པའི་ཕན་ཡོན་འདི་ཕྱིར་འབྱུང།། རང་ཉིད་འཁོར་བ་ལས་ཐར་འདོད།། འབྲས་བུ་གནས་སྐབས་ལྷ་མི་ལ།། ཏིང་འཛིན་ཟིན་པས་འཕགས་པ་ཐོབ། ། ཕུལ་ལམ་ཤི་འམ་ཉམས་པས་སྟོང།། ཆོ་ག་བརྗོད་པའི་ཐ་མར་ཐོབ།། དང་པོ་འཁོར་བའི་ཞེན་པ་ལས།། བློ་དམན་ཤེས་རབ་ཆུང་བ་རྣམས།། བཟློག་ཕྱིར་སོ་སོ་ཐར་པ་བསྟན།། འཁོར་བའི་སྡུག་བསྔལ་མཐའ་དག་གི། རྩ་བ་ཁྱིམ་ན་གནས་པ་དེ།། ཁྱིམ་མེད་སྡུག་བསྔལ་ཀུན་སྤངས་པས།། བདེ་བའི་འབྱུང་གནས་ཀུན་གྱི་གཞི།། མངོན་པར་རབ་ཏུ་བྱུང་བ་ཙམ།། ང་ཡི་བསྟན་པ་རྒྱས་པར་བྱེད།། བསྐལ་བཟང་འདི་ལ་བྱང་ཆུབ་འགྱུར། ། ལྷ་དང་མི་རྣམས་དགའ་མགུ་སྟེ།། དེ་ལ་མཆོད་པ་ཙམ་གྱིས་ཀྱང།། སངས་རྒྱས་རྣམས་ཀྱིས་རྗེས་སུ་འཛིན།། མཉམ་ནས་སངས་རྒྱས་ཀུན་སྨད་ནས།། དེ་ཡི་ཉེས་པ་བསམ་མི་ཁྱབ། ། ཚུལ་ཁྲིམས་སྡོམ་པ་ཙམ་གྱིས་ཀྱང།། ཉི་མ་མཁའ་ལ་ཤར་བའི་འོད།། མུན་པའི་ཚོགས་རྣམས་ཟིལ་གནོན་བཞིན།། ང་ཡི་རྒྱལ་མཚན་འཆང་བ་ཙམ།། སྐྱེ་བོ་མུ་སྟེགས་ཟིལ་གྱིས་གནོན།། སྡུག་བསྔལ་འཁོར་བའི་མུན་པ་སངས། ། སྣང་བྱེད་སངས་རྒྱས་བསྟན་པ་ལ།། དམིགས་ལྡན་རྣམས་ནི་འཁོད་ཕྱིར་རོ།། དམུས་ལོང་མི་ཁོམ་གནས་ན་རྨོངས།། ཁྱིམ་ཐབ་སྡུག་བསྔལ་བཙོན་རར་འཁྱམས།། འདི་ལ་རྨོངས་པ་སུ་ཞིག་ཐར། ། དང་པོའི་ལས་ཅན་ཕོ་མོ་རྣམས།། ཡར་ལ་བློ་སེམས་ཆེར་བསྐྱེད་ནས།། ཤེས་རབ་སྙིང་རྗེར་ལྡན་པ་ཡི།། ཐེག་པ་མཆོག་ལ་འབྱུང་འདོད་གང།། སེམས་ཅན་སྡུག་བསྔལ་ཀུན་མཐོང་ནས།། རང་འདོད་ཞི་བདེ་བློ་ལས་ལོག། བྱང་ཆུབ་སེམས་དཔའི་སྡོམ་པ་ལ།། བཏང་སྙོམས་སྐད་ཅིག་མི་སྡོད་པར།། བདག་པས་གཞན་གཅེས་བསམ་པ་ཡིས།། སེམས་ཅན་ཀུན་གྱི་དོན་གྱི་ཕྱིར།། མཁས་ཤིང་དོན་དང་ལྡན་པ་ཡི།། བྱང་ཆུབ་སེམས་དཔའི་སློབ་དཔོན་ལ། ། ལུས་དང་བདོག་པ་ཀུན་ཕུལ་ལ།། སྤྱན་སྔར་འདུག་སྟེ་སེམས་སྐྱེད་བླང།། རྒྱུ་ནི་སྡིག་པ་མེད་པའི་སེམས།། ཁྱད་པར་སྐྱབས་འགྲོ་སྐྱེ་བ་ཡིན།། བྱང་ཆུབ་སེམས་ནི་རྣམ་པ་གཉིས། ། ཀུན་རྫོབ་དང་ནི་དོན་དམ་མོ།། ཀུན་རྫོབ་ཐབས་ལ་མཁས་པ་ཡིས།། སེམས་ཅན་ཀུན་གྱི་དོན་བྱེད་པ།། སྨོན་པ་དང་ནི་འཇུག་པའོ།། དོན་དམ་གཟོད་ནས་མ་སྐྱེས་པ།། དེ་རྣམས་རང་བཞིན་ཤེས་པའོ། ། སེམས་དགེ་བ་ནི་ཀུན་དགེ་བས།། བྱང་ཆུབ་སེམས་དཔའི་འདུ་ཤེས་གཙོ།། བྱང་ཆུབ་སྙིང་པོ་མ་མཆིས་པར།། ཚོགས་གཉིས་དགེ་བས་སྒྲིབ་པ་སྦྱང།། སེམས་ཅན་རྣམས་ཀྱི་དོན་གྱི་ཕྱིར།། འབྲས་བུ་ས་ལམ་ཡོན་ཏན་ཐོབ། ། ལོག་ལྟ་སྐྱེས་ན་སེམས་བསྐྱེད་ཉམས།། སྟོང་ལ་སེམས་བསྐྱེད་སྒོར་ཞུགས་ན།། བྱང་ཆུབ་སེམས་དཔའི་བསླབ་པ་རྣམས།། ཐོབ་པར་ང་ཡིས་ལེགས་པར་བསྟན།། རང་འདོད་ཆགས་སྡང་མ་སྤོངས་ན། ། འཁོར་བ་འདི་ལ་མི་འཕགས་སྟེ།། ཞི་བདེ་ཙམ་དུ་གནས་པས་ཀྱང།། རང་གཞན་དོན་གཉིས་མི་འགྲུབ་པས།། ཀུན་མཁྱེན་ཡོན་ཏན་རྟོགས་པ་ཡི།། བདེ་བ་ཆེན་པོ་འཐོབ་པ་ལ།། ཀུན་ལ་ཕན་སེམས་འབྱོངས་པ་ཡི། ། མཉམ་པ་ཉིད་དུ་འཆར་བ་ལ།། བྱང་ཆུབ་སེམས་ནི་རབ་ཏུ་སྐྱེད།། རང་སེམས་དགེ་ན་གང་བྱས་དགེ།། བསམ་པ་བཟང་ལས་སངས་རྒྱས་འབྱུང།། སེམས་བཟངས་པོ་ལ་བདུད་མི་ཚུགས།། རྒྱ་ཆེན་ཡངས་པའི་སེམས་ལ་སློབས། ། དཔེར་ན་རྒྱལ་པོའི་བུ་སྐྱེས་པ།། ཆུང་ཡང་འབངས་རྣམས་ཟིལ་གནོན་བཞིན།། བྱང་ཆུབ་སེམས་ནི་སྐྱེད་མ་ཐག། ཉན་རང་ཐེག་དམན་ཟིལ་གྱིས་གནོན།། ཤིང་རྟ་ཆེན་པོའི་སྲོལ་བཞིན་དུ། ། ཡོད་པའི་ལམ་དུ་མི་འགྲོ་བའི།། ཐབས་དང་ཤེས་རབ་ཆེན་པོ་ཡིས།། བདག་གཞན་དོན་གཉིས་མཉམ་དུ་འགྲུབ།། བྱང་ཆུབ་སེམས་གཉིས་དབྱེར་མེད་པའི།། ལམ་འདི་སེམས་ཅན་ཀུན་གྱི་དོན། ། བྱང་ཆུབ་སྤྱོད་མཆོག་བདག་གིས་སྤྱད།། སྣང་སྲིད་རྒྱལ་བའི་དཀྱིལ་འཁོར་ལ།། དངོས་པོའི་མཚན་མ་གྲོལ་འདོད་པའི།། སྟོང་པ་ཉིད་ཀྱི་སྒྲིབ་པ་དེ།། དག་ཕྱིར་རང་རིག་ཡེ་ཤེས་སུ།། དངོས་སུ་རྟོགས་ཕྱིར་རིགས་འཛིན་གྱི། ། སྡོམ་པ་གཉིས་མེད་ཡེ་ཤེས་ཡིན།། བླ་མ་སངས་རྒྱས་མཐོང་བ་ཡི།། གུས་པ་གསུམ་གྱིས་རྟེན་བྱས་ནས།། སྐུ་གསུང་ཐུགས་ཀྱི་དམ་ཚིག་བླང།། བྱང་ཆུབ་སེམས་གཉིས་སྔོན་སོང་བའོ།། བླ་མའི་མོས་གུས་དབང་ཐོབ་སྐྱེ། ། ཐུན་མོང་སྤྱི་དང་ཁྱད་པར་གྱི།། རྩ་བ་ཡན་ལག་དམ་ཚིག་རྣམས།། རྟེན་ལུས་རྟེན་བྱེད་སེམས་གཉིས་པོ།། དབྱེར་མེད་ལྷན་སྐྱེས་གཙོ་བོ་ཡིན།། དུས་ནི་འཁོར་བ་མ་གྲོལ་བར།། རང་བཞིན་གཉིས་མེད་དོན་རྟོགས་པའི། ། འབྲས་བུ་རང་གྲོལ་དེ་ཉིད་ནི།། མྱུར་དུ་ཐོབ་པ་ཐབས་ཀྱིས་ཁྱད།། རང་སྣང་ལོག་ན་འཁོར་བ་དངོས།། རང་བཞིན་ཤེས་ན་སངས་རྒྱས་ཀྱི།། ཡོན་ཏན་ཡེ་ཤེས་དེ་རུ་འཐོབ། ། རང་གཞན་གཉིས་ཀྱི་འབྲས་བུ་དེ།། གྲངས་མེད་ལ་སོགས་བསྟན་པ་རྣམས།། དམ་པའི་དོན་དུ་མ་ཡིན་ཏེ།། ཀུན་རྫོབ་འགྲོ་ལ་ཐུགས་བརྩེ་བའི།། རྒྱུ་མཐུན་དེ་དག་བསྟན་པ་ཡིས།། བྱང་ཆུབ་ལམ་ལ་འགྱངས་པའི་ཕྱིར། ། རང་རིག་ཡེ་ཤེས་མངོན་སུམ་དུ།། ཐབས་ལ་མཁས་པའི་རྟེན་འབྲེལ་གྱིས།། མྱུར་དུ་གཏན་ལ་དབབ་པའི་དོན།། རིགས་འཛིན་ནང་གི་སྡོམ་པ་བསྟན།། ས་དགུ་རྩེ་ཡིས་བསྐལ་པའི་བར། ། བགྲོད་པའི་ལམ་དེ་མཁའ་ལྡིང་གིས།། ཡུད་ཙམ་ཞིག་གིས་བགྲོད་པ་བཞིན།། གྲངས་མེད་གསུམ་གྱི་འབྲས་བུ་དེ།། ཚེ་འདི་ཉིད་ལ་ཐོབ་བྱེད་པའི།། འབྲས་བུ་ཅན་གྱི་མིང་ནས་འབོད།། སེམས་ཅན་ཐམས་ཅད་སེམས་གཅིག་སྟེ། ། རྟོག་པ་སྣ་ཚོགས་ཐ་དད་ཀྱང།། ཀུན་རྫོབ་ཐ་དད་ངེས་འབྱུང་བ།། སྡོམ་པ་གསུམ་ཡང་འབྲས་བུ་ནི།། དོན་དམ་ཐེག་གཅིག་འབྲས་བུ་དེ།། བླ་ན་མེད་པའི་དོན་ཐོབ་ཕྱིར།། བུ་ཚ་གཞོན་ནུ་རྒན་པོའི་ཚུལ། ། རིམ་པ་བཞིན་དུ་ཡར་ལྡན་དུ།། གོང་མས་གོང་མ་ཁྱད་འཕགས་ཤིང།། ཀུན་དོན་ཡོན་ཏན་གཅིག་ལ་རྫོགས།། སངས་རྒྱས་རྣམས་ཀྱི་སྡོམ་པའི་མཆོག། ཨེ་བཾ་རྣམ་པའི་བདེ་ཆེན་པོ།། དབང་གིས་ཡང་དག་ཡེ་ཤེས་ཀྱིས། ། རྡོ་རྗེ་འཛིན་པ་ཐོབ་པར་འགྱུར།། ཐེག་པ་ཆེན་པོའི་མངོན་པར་རྟོགས་པ་བྱང་ཆུབ་ལམ་གྱི་རྒྱུད་ཆེན་ནམ་མཁའ་དང་མཉམ་པ་ལས། ཚུལ་ཁྲིམས་སྡོམ་པའི་དབྱེ་བའི་ལེའུ་སྟེ་ལྔ་པའོ། །།། ཚུལ་མིན་ལས་དང་ཉོན་མོངས་པ།། རང་ཁར་སྤྱོད་པའི་འགྲོ་བ་རྣམས།། རྣམ་པར་སྨིན་པའི་རང་གཟུགས་ཀྱིས།། ལུས་ཀྱིས་སོ་སོའི་ལས་སྤྱད་པས།། འབྲས་བུ་འཁོར་བའི་གནས་ངན་གྱིས།། ངན་སོང་སྡུག་བསྔལ་བསགས་པ་ལས། ། འོན་ཏེ་ལྷག་པའི་དད་པ་ཡིས།། སྡིག་པ་མི་དགེའི་ལས་སྤངས་པས།། སྡོམ་པ་ཡིས་ནི་ཚུལ་ཁྲིམས་དང།། དགེ་བ་ཆོས་སྡུད་ཚུལ་ཁྲིམས་དང།། སེམས་ཅན་དོན་བྱེད་ཚུལ་ཁྲིམས་ཀྱིས། ། མི་ཁོམ་བརྒྱད་སྤངས་དལ་བ་ཡི།། ལྷ་མིའི་ནང་ནས་བདེ་ཐོབ་པས།། བདེ་གནས་ལུས་ཀྱི་གནས་ལུགས་དེ།། མ་ཉམས་སེམས་ཀྱིས་བདེ་བ་ཐོབ།། གཉིས་མེད་བྱང་ཆུབ་སེམས་ཀྱི་བཅུད། ། ཚུལ་ཁྲིམས་བསྲུངས་ལས་བྱུང་བའི་ཕྱིར།། ལྷག་པ་ཚུལ་ཁྲིམས་བསླབ་པར་བརྗོད།། འདོད་ཡོན་ལྔ་ལ་མ་ཆགས་པར།། ཞེན་ལོག་ལྷག་པའི་བསམ་པ་ཡིས།། སོ་སོར་རྟོག་མིན་ཏིང་འཛིན་གྱིས།། བསམ་གཏན་ཆག་ནས་ཡོན་ཏན་ཐོབ། ། འཁོར་བའི་ཆོས་ལ་ཞེན་ལོག་ནས།། སོ་སོར་རྟོག་པའི་འགོག་པ་ཡི།། ཏིང་འཛིན་ཉན་རང་ཡོན་ཏན་འཐོབ།། བདག་པས་གཞན་གཅེས་བསམ་པ་ཡིས།། སོ་སོར་རྟོག་པའི་ཤེས་རབ་ཀྱིས། ། རྣམ་པར་མི་རྟོག་ཏིང་འཛིན་ལ།། སྤྱད་པས་བྱང་ཆུབ་ཡོན་ཏན་ཐོབ།། གཉིས་མེད་ཡེ་ཤེས་རྟོག་པའི་ཕྱིར།། ཚུལ་ཁྲིམས་དོན་ལ་ཁྱད་འཕགས་པས།། ལྷག་པ་ཏིང་ངེ་འཛིན་སློབ་ཅེས།། ཤེས་རབ་ཆེན་པོ་གཅིག་ཉིད་ཀྱིས། ། འཁོར་བའི་རང་བཞིན་མ་རིག་པས།། འཁོར་བའི་མཚན་ཉིད་མི་རྟག་པའི།། འཁོར་བའི་འབྲས་བུ་སྡུག་བསྔལ་བར།། ཀུན་རྫོབ་ཤེས་པའི་ཤེས་རབ་དང།། འཁོར་བའི་རང་བཞིན་ཤེས་པ་ཡི། ། མྱང་འདས་རང་བཞིན་རིག་པ་དེ།། མྱང་འདས་མཚན་ཉིད་འགྱུར་བ་མེད།། སྐུ་དང་ཞིང་ཁམས་བསྐྱེད་རྫོགས་ཀྱིས།། ཏིང་འཛིན་ཡོན་ཏན་མཐར་ཕྱིན་པའི།། མྱང་འདས་འབྲས་བུ་བདེ་བ་དེ།། གཉིས་མེད་ཡེ་ཤེས་ཚུལ་འཆང་བའི། ། ཤེས་བྱའི་དཀྱིལ་འཁོར་མ་ལུས་པ།། རྣམ་པར་རྟོག་མེད་ལྷུན་གྲུབ་ཏུ།། ཕྱོགས་བཅུའི་སངས་རྒྱས་ཞིང་ཁམས་ལ།། ཕྱིར་མི་ལྡོག་པར་ཤེས་རབ་སྟེ།། གཟུང་འཛིན་གཉིས་ལས་གྲོལ་བའི་ཕྱིར། ། ལྷན་ཅིག་སྐྱེས་པའི་རིག་པ་དེ།། ལྷག་པ་ཤེས་རབ་བསླབ་པར་མཛོད།། བསླབ་གསུམ་དབང་དུ་མཛད་ནས་ནི།། ལྷག་པའི་ཡེ་ཤེས་རོལ་པ་སྟོན།། ཐེག་པ་ཆེན་པོའི་མངོན་པར་རྟོགས་པ་བྱང་ཆུབ་ལམ་གྱི་རྒྱུད་ཆེན་ནམ་མཁའ་དང་མཉམ་པ་ལས། ལྷག་པ་གསུམ་གྱི་ངེས་ཚིག་བསྟན་པའི་ལེའུ་སྟེ་དྲུག་པའོ།།།། བྱང་ཆུབ་སེམས་ཀྱི་ཆོས་ཉིད་དེ།། ཡ་ཐ་རྒྱལ་བའི་དཀྱིལ་འཁོར་ནས།། འཇིགས་ཚོགས་སྲིན་དུ་ཡན་ཆད་ལ། ། ཏིལ་ལ་མར་གྱིས་ཁྱབ་པ་བཞིན།། ཆེ་ཆུང་མེད་པར་ཁྱབ་གྱུར་ཀྱང།། མ་རིག་འཁྲུལ་པས་དོན་མ་རྟོགས།། དམུས་ལོང་ལྟ་བུའི་འཁོར་བར་འཁྱམས།། མ་རིག་རང་རྐྱེན་ངན་རྟོག་གིས།། ཀུན་ནས་ཉོན་མོངས་སྐྱེས་པ་ན། ། དེ་དང་དེ་ཡི་སྣང་བར་བཤད།། དེ་ལ་ཞེན་པས་འཁོར་བར་སྡུག། དུས་གསུམ་སེམས་ལས་འདུན་པས་ན།། དེ་ཡི་སྣང་བ་ངན་སོང་གྲུབ།། དུག་གསུམ་གྲོལ་ན་ངན་སོང་གྲོལ།། དེ་ཕྱིར་འདུན་པའི་རྩེ་ལ་གནས། ། རང་སེམས་བཟང་རྟོག་ཕན་སེམས་ཀྱིས།། ཕྱི་རོལ་དེ་ཡི་སྣང་བར་འཆར།། ནང་དུ་སེམས་ལ་བདེ་བ་འབྱུང།། ཕྱི་ནང་གཉིས་མེད་ལྷན་ཅིག་ལ།། ལེགས་པའི་ཚོགས་ལ་རྟེན་འབྲེལ་བསྒྲིག། ཕུན་ཚོགས་རང་གིས་བྱས་པ་མཆོག། སེམས་དགེ་བ་དེ་རྟག་ཏུ་བདེ།། མི་དགེའི་སྡུག་བསྔལ་མཐའ་མེད་དོ།། དཔེར་ན་རྡོ་ཡི་སྙིང་པོ་དེ།། གང་ཕྲད་ཚོན་གྱིས་ཁ་དོག་བསྒྱུར།། དེ་བཞིན་ཀུན་གཞིའི་རྣམ་ཤེས་འདི། ། དང་པོ་གསར་བུའི་རྟོག་པ་དེ།། བཤེས་གཉེན་གྲོགས་ངན་གནས་ངན་དང།། བྱ་བྱེད་སྤྱོད་ལམ་ངན་པ་ཡིས།། རམས་དང་བཙོད་ཀྱི་གྲོགས་བཞིན་དུ།། དེ་དང་དེ་ཡི་སྣང་བར་འགྱུར།། རྐྱེན་རྣམས་འཐུན་པའི་རྟེན་འབྲེལ་གྱིས། ། སྡུག་བསྔལ་ཐམས་ཅད་སྐྱེད་པར་བྱེད།། ཕྱིན་ཅི་ལོག་ཏུ་འགྲོ་བས་སྤང།། རྡུལ་མེད་པ་ལ་དྲི་མ་བྲལ།། ཆུ་ཤེལ་སྙིང་པོ་རྐྱེན་བྲལ་བཞིན།། དཔེར་ན་མེ་མར་སྙིང་པོ་ཡིས།། མུན་པ་ཟིལ་གྱིས་གནོན་པ་བཞིན། ། བཟང་པོའི་རྐྱེན་རྣམས་འཛོམ་པ་ནས།། ངན་པ་ཐམས་ཅད་ཟིལ་གནོན་ཅིང།། སྡུག་བསྔལ་ཐམས་ཅད་བདེ་བར་འཆར།། འཁོར་བ་མྱ་ངན་འདས་སུ་གྲོལ།། མ་དག་དག་པའི་སེམས་ཉིད་འདི། ། སྟོང་ཉིད་སྙིང་རྗེ་དབྱེར་མེད་པ།། ཁམས་གསུམ་པ་ཡི་ངོ་བོ་ཉིད།། བདེ་དང་བདེ་བས་ཁྱབ་པ་འདི།། སེམས་སྐྱེད་པ་ནི་རྒྱ་ཆེ་བར།། གཞན་དོན་རྫོགས་པའི་བྱང་ཆུབ་ཏུ།། འཁོར་བ་མྱང་འདས་བདེ་ཐོབ་ཕྱིར། ། བྱང་ཆུབ་སེམས་སྐྱེད་རབ་ཏུ་བརྗོད།། ཀུན་གཞི་སྣམ་བུ་དཀར་པོ་ལ།། ཁ་དོག་བཟོ་ཚོས་རྐྱེན་གྱིས་བསྒྱུར།། ཆོས་རྣམས་ཐམས་ཅད་རྐྱེན་གྱིས་བསྒྱུར།། ཆོས་རྣམས་ཐམས་ཅད་རྐྱེན་ཡིན་ཏེ།། འདུན་པའི་སྟོབས་ལ་རབ་ཏུ་གནས། ། གང་གིས་སྨོན་ལམ་ཅི་བཏབ་པ།། དེ་འདྲའི་འབྲས་བུ་འབྱུང་བའི་ཕྱིར།། འགྲོ་རྣམས་ཕ་མར་འདུ་ཤེས་ན།། སྣང་བ་དེ་ཡི་ཞིང་དུ་འཆར།། སེམས་ཅན་ལྷ་རུ་འདུ་ཤེས་ན།། ཡོངས་གྲུབ་སེམས་ཉིད་ཆོས་སྐུ་ལ། ། གཞན་དབང་རྐྱེན་གྱིས་དེ་ལྟར་བསྒྱུར།། ཀུན་རྟགས་སྤྲོས་བྲལ་རང་རིག་ཉིད།། གང་ལྟར་བྱས་པ་དེ་ལྟར་བས།། འདུན་སྨོན་སྟོང་པ་རྒྱ་མ་ཆུང།། ཐེག་པའི་ཁྱད་པར་འདི་ཡི་ཕྱེ།། བདག་དོན་སེམས་ཅན་ཀུན་ཡང་བསྒྲུབ། ། སྡིག་པ་ཉན་རང་རྣམས་ཀྱང་སྤོང།། དགེ་བ་ལྷ་མིའི་གནས་ན་བྱེད།། དེ་ཡི་འཁོར་བར་ཉམ་ཐག་པའི།། རང་གཞན་ཅི་བྱེད་གྲོལ་བ་མིན།། ཀུན་གྲོལ་དོན་གཉིས་གྲུབ་པ་ལ།། བྱང་ཆུབ་སེམས་ནི་རབ་ཏུ་སྐྱེད། ། བདག་གིས་ལུས་ངག་ཡིད་གསུམ་གྱིས།། སྡིག་སྤང་དུས་གསུམ་དགེ་བའི་མཐུས།། བཏང་སྙོམས་སྐད་ཅིག་མི་བསྡད་པར།། རྨི་ལམ་དུ་ཡང་མི་བརྗེད་པའི།། འདུན་པ་རྩེ་གཅིག་མ་བྲལ་བར། ། མཁའ་དང་མཉམ་པའི་འགྲོ་བ་ཀུན།། ཕ་མ་བུ་ཡིས་མཚོན་བྱས་ཀྱང།། ཕྱོགས་རིས་མེད་པའི་མཉམ་པ་ཉིད།། འཁོར་བའི་སྡུག་བསྔལ་ཆེན་པོ་ལས།། བརྩེ་བའི་སྙིང་རྗེས་བསྒྲལ་ནས་སུ།། ཐར་པའི་ལམ་ལ་ཚུད་པ་ཡི། ། བྱམས་ཤིང་དྲང་བའི་སེམས་ཀྱིས་སུ།། རྫོགས་པའི་སངས་རྒྱས་ཐོབ་པར་བྱ།། སྙམ་དུ་བདག་གཞན་དབྱེར་མེད་ཀྱི།། བྱང་ཆུབ་སེམས་སྐྱེད་སྨོན་ལམ་བཏབ།། དེ་ཡི་སྨོན་ལམ་མཐར་ཕྱིན་པས། ། འབྲས་བུ་རང་གཞན་དོན་གཉིས་ཀྱི།། སྐུ་གསུམ་དབྱེར་མེད་དུས་གཅིག་འབྱུང།། རང་གཞན་སྔ་ཕྱི་བཟང་ངན་ཅན།། དམན་པའི་སེམས་སྐྱེད་ཉན་རང་རྒྱུ།། རྒྱལ་པོ་སྔོན་ལ་ཆུ་སྒྲོལ་བཞིན།། རང་ཉིད་སྔོན་ལ་བྱང་ཆུབ་ནས། ། སེམས་ཅན་ཕྱི་ལ་འདྲེན་འདོད་པ།། བྱང་ཆུབ་སེམས་ནི་འཁྲུལ་པར་འགྱུར།། ལུག་རྫི་ཀུན་གྱིས་མཇུག་སྡུད་བཞིན།། སེམས་ཅན་ཐམས་ཅད་མ་གྲོལ་བར།། བདག་ཉིད་འཁོར་བ་གནས་འདོད་པ། ། བྱང་ཆུབ་སེམས་ནི་སྟོབས་མེད་འགྱུར།། དེ་བས་མཐའ་གཉིས་བྲལ་བ་ཡི།། ཐམས་ཅད་མཁྱེན་པའི་སྨོན་ལམ་གདབ།། བདག་ཉིད་ཅི་འདྲ་དེ་འདྲ་བ།། སེམས་ཅན་ཀུན་ལ་ཕན་པར་འགྱུར།། བྱང་ཆུབ་སེམས་སྐྱེད་ནམ་མཁའ་བཞིན། ། རྒྱུན་ཆད་མེད་ཅིང་ཕྱོགས་མཐའ་བྲལ།། བྱང་ཆུབ་སྨོན་པའི་སེམས་སྐྱེད་དེ།། བུ་ཚའི་དུས་ཀྱི་འདུན་པ་ཡང།། མི་ཆེན་གྱུར་ནས་རྫོགས་པ་བཞིན།། འདུན་པའི་རྩོལ་བ་ཆེར་ཡོད་དེ།། ཕལ་པ་རྣམས་ཀྱིས་འགྲུབ་པ་ལ། ། བྱང་ཆུབ་སེམས་དཔའ་སྨོས་ཅི་དགོས།། གང་ལ་ཞུགས་པའི་སྔོན་རོལ་དུ།། བྱང་ཆུབ་སེམས་ནི་རབ་བསྐྱེད་ཅིང།། དོན་དེ་ཉིད་ལ་འཇུག་པ་དང།། རྗེས་སུ་སེམས་ཀྱིས་བསྔོས་པ་ན། ། སྟོབས་དང་ནུས་པ་ཆེར་འཕེལ་ནས།། གང་ལ་ཞུགས་པའི་དོན་ཀུན་ལ།། མི་ནུས་མི་ཤེས་མི་འགྲུབ་པ།། མེད་པར་བྱང་ཆུབ་སེམས་ཀྱིས་འགྲུབ།། དུས་གསུམ་སངས་རྒྱས་འཕྲིན་ལས་ཀུན།། འཇུག་པ་ཉིད་དུ་སྨིན་པས་བྱུང། ། བྱང་ཆུབ་སེམས་ལ་ཕྱོགས་མེད་པས།། སངས་རྒྱས་ཉིད་ལ་མཐའ་མེད་དོ།། བྱང་ཆུབ་སེམས་ལ་དམིགས་མེད་པས།། གདུལ་བྱ་ཉིད་ལ་རིགས་མེད་དོ།། བྱང་ཆུབ་སེམས་ལ་དུས་མེད་པས།། དོན་གཅིག་ཉིད་ལ་འགྱུར་མེད་དོ། ། བྱང་ཆུབ་སེམས་ལ་འཛད་མེད་པས།། འཕྲིན་ལས་ཉིད་ལ་ཐོགས་མེད་དོ།། བྱང་ཆུབ་སེམས་ལ་གཉིས་མེད་པས།། བདུད་ཀྱིས་བརྫི་བར་མི་ནུས་སོ།། སྨོན་པ་ཡིད་བཞིན་འཇུག་པ་ལ། ། ལག་ལེན་མེད་པའི་སེམས་བསྐྱེད་ནི།། ལག་ན་ཡོད་ཀྱང་མི་ཕན་པ།། དབུལ་མོའི་གཏེར་བཞིན་དོན་མི་འབྱུང།། ནུས་པ་ཡོད་བཞིན་རང་དོན་སྒྲུབ།། གཞན་དོན་མི་བྱེད་དུད་འགྲོར་སྐྱེ།། ལོངས་སྤྱོད་ཡིད་བཞིན་ཚོགས་མི་སོགས། ། སེར་སྣས་བཅིངས་པས་ཡི་དྭགས་སྐྱེ།། ཆོས་རྒྱུས་ཡོད་བཞིན་ཆོས་མི་སྤྱོད།། ཕྱིན་ཅི་ལོག་པས་དམྱལ་བར་སྐྱེ།། བྱང་ཆུབ་སེམས་བྲལ་བདེ་བ་མེད།། དེ་བས་བྱང་ཆུབ་འཇུག་པ་གཙོ། ། འཇུག་པའི་འབྲས་བུ་རྒྱུན་ཆགས་ལ།། སྨོན་པ་བཟང་ཡང་གནས་སྐབས་ཙམ།། བློ་གྲོས་དམན་པའི་ལེ་ལོ་ཅན།། ཐུན་མོང་སྐྱབས་འགྲོ་ནས་བཟུང་ནས།། སྔགས་ཀྱི་དེ་ཉིད་མན་ཆད་ཀྱི།། ས་བཅུའི་མཐར་ཕྱིན་ལམ་རྣམས་ལ། ། བློ་དང་འཚམ་པའི་ནུས་པ་ཡི།། བསམ་པའི་ཁྱད་པར་ཇི་བཞིན་དུ།། སེམས་ཅན་ཀུན་གྱི་སྐྱབས་ཁས་བླང།། སློ་དཔོན་ཆེ་ལ་སེམས་སྐྱེད་བླང།། ཐམས་ཅད་མཁྱེན་ཉིད་དབང་པོར་བཞུགས། ། འདི་ནས་བར་མེད་ཕྱི་མའི་མཐར།། སྨོན་ལམ་གདབ་ཅིང་ལས་འཕྲོ་འཐུད།། གཞན་གྱིས་བར་དུ་མ་ཆོད་པའི།། སྐས་ཀྱི་གདང་བུ་ལྟ་བུ་རུ།། རིམ་པ་ཉིད་ལ་འཇུག་པར་བྱ།། བླ་ན་མེད་པའི་བྱང་ཆུབ་དེ། ། མྱུར་དུ་རྟོགས་པར་བྱ་བའི་ཕྱིར།། དཔེར་ན་རྒྱལ་རིགས་བུ་ཚ་ནི།། དབང་བསྐུར་ཐག་ཏུ་རྒྱལ་འགྱུར་བཞིན།། བྱང་ཆུབ་ལམ་རྣམས་སྐད་ཅིག་གིས།། ཤེས་རབ་ཆེན་པོ་ཅིག་ཅར་དུ།། འཇུག་པ་ཐུན་མོང་མ་ཡིན་པ། ། བླ་ན་མེད་པའི་རྒྱུན་དུ་གསུངས།། རིང་བར་འདོད་ལམ་རིང་རྟགས་འབྱུང།། ཐུང་བར་འདོད་ལམ་དེ་དོན་རྫོགས།། འཇུག་པ་རང་ཉིད་སྤྱོད་པ་དང།། གཞན་ལ་སྟོན་ཅིང་འཁོད་པ་ནི།། གནས་སྐབས་ལམ་གྱི་འཇུག་པ་ཡིན། ། མཐར་ཐུག་སྐུ་གཉིས་དོན་གཉིས་འགྲུབ།། གཉིས་སུ་མེད་པ་བྱང་ཆུབ་སེམས།། ཀུན་ལ་ཁྱབ་པ་ཆོས་ཀྱི་སྐུ།། ཉག་གཅིག་སྤྲོས་བྲལ་འདུས་མ་བྱས།། ཐམས་ཅད་མཁྱེན་པའི་ཡོན་ཏན་མཚོ།། བྱང་ཆུབ་སེམས་ལ་རང་བྱུང་བ། ། ལྷུན་གྲུབ་མི་རྟོག་རྟོག་པ་ཅན།། བྱང་ཆུབ་ལམ་ལ་གང་ཞུགས་པས།། དད་དང་ཐོས་དང་ཚུལ་ཁྲིམས་དང།། ཁྲེལ་ཡོད་ངོ་ཚ་ཤེས་པ་དང།། སྟོང་དང་ཤེས་རབ་རྣམ་པ་བདུན།། འདི་དག་འཕགས་པའི་ནོར་བདུན་ཏེ། ། མི་འཛད་གཏེར་དུ་སྤྱི་ལ་དགོས།། སྣོད་མ་ཡིན་ལ་དེ་མི་འབྱུང།། བྱང་ཆུབ་སེམས་ཀྱི་ཡོན་ཏན་གང།། སྡིག་སྒྲིབ་བདུད་དཔུང་ཐམས་ཅད་འཇོམས།། ཚོགས་གཉིས་དགེ་བ་ཟླ་ལྟར་འཕེལ། ། བུམ་པ་བཟང་པོ་དཔག་བསམ་ཤིང།། འདོད་འཇོའི་བ་དང་རིན་ཆེན་བཞིན།། རང་བཞིན་ཀུན་གྱི་དོན་གྲུབ་པས།། གཟུགས་མཆིས་ནམ་མཁའི་མཐར་མི་ཤོག། རྗེས་སུ་དྲན་ཅིང་རྒྱ་ཆེན་སྤེལ།། སྤེལ་བའི་ཚོགས་གཉིས་སོགས་པ་དེ། ། བསོད་ནམས་ཟང་ཟིང་མཚན་བཅས་ཀྱི།། དགེ་བ་ཟག་བཅས་ལ་བརྟེན་པ།། རང་གཞན་དོན་གཉིས་བསྒྲུབ་པའོ།། ཡེ་ཤེས་མཚན་མེད་དམིགས་མེད་ཀྱིས།། ཟག་མེད་དགེ་ལ་བརྟེན་ནས་སུ། ། རང་གཞན་དོན་དུ་ཚོགས་སོག་པ།། ཐུན་མོང་ཕ་རོལ་ཕྱིན་པ་དང།། སྤྱི་དང་མཐུན་པའི་སྦྱིན་སོགས་ཀྱི།། ཞིང་བསམ་དངོས་གསུམ་དག་པ་ཡི།། དགེ་བ་འཁོར་གསུམ་ཡོངས་དག་ཏུ།། སྔོ་བར་བྱེད་པའི་ཚོགས་རྣམས་སོ། ། ཐུན་མོང་མ་ཡིན་ཁྱད་པར་བ།། སྔགས་ཀྱི་སྨིན་བྱེད་སྒོར་ཞུགས་ནས།། བསྐྱེད་རིམ་བསྒོམ་པ་བསོད་ནམས་ཚོགས།། རྫོགས་རིམ་དོན་ནི་ཡེ་ཤེས་ཚོགས།། ཚོགས་གཉིས་སྤེལ་བས་སྒྲིབ་གཉིས་བྱང། ། བྱང་ཆུབ་རྫོགས་པའི་སངས་རྒྱས་དོན།། གཞན་ཡང་སྨོན་པའི་དུས་ཉིད་དུ།། རང་ཉིད་དམན་པས་ཞུམ་པ་དང།། སེམས་ཅན་མངས་པས་དཀའ་བ་དང།། དམུ་རྒོད་རྣམས་ནི་འདུལ་དཀའ་དང།། ཕན་ལན་གནོད་བྱེད་རིགས་རྣམས་ལ། ། སྲོག་ལ་བབ་ཀྱང་བློས་མི་གཏང།། སེམས་ཅན་གཅིག་གི་བདེ་ཉམས་ཀྱང།། རང་གི་བྱང་ཆུབ་སེམས་ཉམས་ནི།། མང་པོ་བློས་བཏང་ཉེས་པ་ནི།། བསྐལ་པའི་མཐར་ཡང་དག་མི་འགྱུར། ། སླར་ཞིང་བྱང་ཆུབ་ནན་ཏན་སྐྱེད།། མཆོད་པར་འོས་པ་བསླུས་པ་དང།། དགེ་ལ་འགྱོད་པ་སྐྱེས་པ་དང།། སེམས་ཅན་གཡོ་སྒྱུས་བྲིད་པ་དང།། སེམས་བསྐྱེད་པ་དང་སྨད་པ་དང།། ཚུལ་མ་ཡིན་པ་སྤང་བར་བྱ། ། མཆོད་འོས་རྣམས་ལ་བསྙེན་བསྐུར་བསྟོད།། སེམས་ཅན་ཐབས་ཀྱིས་དགེ་ལ་བཀོད།། ཐེག་མཆོག་དགེ་ལ་ཡི་རང་བྱ།། སེམས་བསྐྱེད་པ་ལ་བསྔགས་པ་བརྗོད།། མི་དགེ་སྤོང་ཞིང་དགེ་བ་ལ། ། ཕྲ་ཞིབ་རྡུལ་གྱི་ཆ་ནས་སྤྱད།། མ་དད་པ་ཡི་ཆོས་ཉན་དང།། མ་གུས་པ་ཡི་ཕྱག་འཚལ་དང།། མི་སྤྲོ་བ་ཡི་མཆོད་པ་དང།། མི་མོས་པ་ཡི་བསྟོད་པ་དང།། དགེ་བ་ཉེས་པ་ཅན་ཡིན་ཡང།། མ་ནུས་པ་ལ་ཉེས་པ་མེད། ། ཡང་དག་ལམ་ལ་གང་ཞུགས་པ།། སྤྱོད་པ་ཕ་རོལ་ཕྱིན་མཆོག་ཉིད།། སྦྱིན་པའི་ངོ་བོ་ཆགས་མེད་དགེ།། མཚན་ཉིད་ཡོངས་སུ་གཏོང་བ་སྟེ།། དབྱེ་བ་ཟང་ཟིང་མི་འཇིགས་ཆོས། ཁྱད་པར་ཆོས་ཀྱི་སྦྱིན་པ་འཕགས། ། མི་མཐུན་སར་སྣ་རྣམ་པར་སྤངས།། ཚུལ་ཁྲིམས་ངོ་བོ་དྲི་མེད་དགེ།། མཚན་ཉིད་གཡོ་སྒྱུ་མེད་པ་དེ།། དབྱེ་བ་ཚུལ་ཁྲིམས་རྣམ་གསུམ་ལ།། སྡོམ་པ་དགེ་བ་དོན་བྱེད་དོ། ཁྱད་པར་ཟག་མེད་ཚུལ་ཁྲིམས་མཆོག། མི་མཐུན་ཕྱོགས་སུ་བག་མེད་ཡང།། བཟོད་པའི་ངོ་བོ་སྡང་མེད་དགེ།། མཚན་ཉིད་འཁྲུལ་པ་མེད་པར་བསྟན།། དབྱེ་བ་སྡུག་བསྔལ་དང་དུ་ལེན།། ཇི་མི་མཉམ་ཞིང་ཆོས་ལ་སེམས།། ཐེག་ཆེན་མི་སྐྲག་བཟོད་པ་འཕགས། ། མི་མཐུན་ཁོང་ཁྲོ་སྤང་བར་བྱ།། བརྩོན་འགྲུས་དགེ་ལ་སྤྲོ་བ་ལ།། མཚན་ཉིད་ལེ་ལོ་མེད་པ་སྟེ།། དབྱེ་བ་ཆ་སྦྱིན་མཐར་ཕྱིན་པའི།། ལམ་མཆོག་ཆོས་ལ་བརྩོན་པ་འཕགས།། མི་མཐུན་སྙོམ་ལས་རྣམ་པར་སྤང། ། བསམ་གཏན་ངོ་བོ་དགེ་ལ་གནས།། མཚན་ཉིད་གཡེང་བའི་རྟོག་ཚོགས་བྲལ།། བདེ་གནས་དོན་རབ་འབྱེད་པ་དང།། དེ་བཞིན་ཉིད་ལ་དམིགས་པའོ།། ཟུང་འཇུག་རྣམ་པར་མི་རྟོག་བཟང།། མི་མཐུན་རྟོག་པས་གཡེང་བ་སྤང། ། ཤེས་རབ་ངོ་བོ་བདག་མེད་རྟོགས།། མཚན་ཉིད་དོན་རྣམས་རབ་འབྱེད་པ།། དབྱེ་བ་ཀུན་རྫོགས་དོན་དམ་ཤེས།། ཟུང་འཇུག་ཐོས་བསམ་སྒོམ་པ་གསུམ།། ཐབས་ལ་མཁས་པས་བླ་ན་མེད། ། ཐབས་ཀྱི་ནང་ན་སྨིན་གྲོལ་མཆོག། མི་མཐུན་ཕྱོགས་སུ་ལྷུང་བ་ཡིན།། སྟོབས་ཀྱི་ངོ་བོ་སྤང་བྱ་འཇོམས།། མཚན་ཉིད་སྤངས་ཐོབ་ཡོན་ཏན་འཛིན།། སྤོངས་དང་ཐོབ་པ་ཡོན་ཏན་ཏེ།། ཟག་མེད་བདེ་ཐོབ་ཁྱད་དུ་འཕགས། ། དམན་པའི་བློ་ནི་མི་མཐུན་ཕྱོགས།། སྨོན་ལམ་དོན་ལྡན་དགེ་བའོ།། མཚན་ཉིད་དགེ་བ་ཆུད་མི་ཟ།། དག་དང་མ་དག་ཐེ་ཚོམ་གསུམ།། དག་པའི་སྨོན་ལ་མཆོག་ཏུ་བཟང།། ཕྱིན་ཅི་ལོག་པ་མི་མཐུན་དོན། ། ཡེ་ཤེས་ངོ་བོ་ཐམས་ཅད་མཁྱེན།། མཚན་ཉིད་གང་ཡང་མ་བསྒྲིབ་པའོ།། དབྱེ་ན་གཞི་ཡི་ཡེ་ཤེས་དང།། ཆ་མཐུན་ལམ་གྱི་ཡེ་ཤེས་དང།། ཡོན་ཏན་རབ་རྫོགས་ཡེ་ཤེས་དང། ། ཐམས་ཅད་མཁྱེན་པ་ཁྱད་པར་འཕགས།། མི་མཐུན་སྒྲིབ་པ་གཉིས་ཡིན་ནོ།། བདག་ཉིད་སྤྱོད་ཅིང་གཞན་ལ་སྦྱོར།། སྤྱོད་པ་ཀུན་ལ་ལེགས་པ་བརྗོད།། ཉམས་སུ་བླངས་པའི་དོན་ཆེ་ནི།། ཚོགས་གཉིས་རྫོགས་པའི་བྱ་བ་རུ། ། ཕ་རོལ་ཕྱིན་བཅུའི་གྲངས་བསྟན་པ།། སྦྱིན་དང་ཚུལ་ཁྲིམས་བཟོད་བརྩོན་བཞི།། བསོད་ནམས་ཚོགས་རྫོགས་བྱ་བར་དགོས།། བསམ་གཏན་ཤེས་རབ་ཡེ་ཤེས་ཚོགས།། ཐབས་སྟོབས་སྨོན་ལམ་ཡེ་ཤེས་བཞི། ། ཐེག་ཆེན་འཇུག་པའི་ཁྱད་ལ་དགོས།། གཞན་དྲུག་ཐེག་པ་ཆུང་ལ་ཡོད།། ཐུན་མོང་ཕ་རོལ་ཕྱིན་དྲུག་ཡིན།། ཕ་རོལ་ཕྱིན་པ་བཅུ་ཡིས་སུ།། གོ་རིམ་ངེས་པར་མ་ནོར་བས།། ས་བཅུ་རྫོགས་པའི་ཡོན་ཏན་ཐོབ། ། ཐབས་མཁས་ནང་གིས་ཕར་ཕྱིན་བཅུ།། ལུས་ལ་མ་ཞེན་སྦྱིན་པའི་མཆོག། ཏི་ལ་མ་ཉམས་ཚུལ་ཁྲིམས་ཏེ།། སྡུག་བསྔལ་མི་བརྫི་བཟོད་པ་མཆོག། ཡེངས་པ་མེད་པ་བརྩོན་འགྲུས་ལ།། གཡོ་བ་མེད་པ་བསམ་གཏན་གནས། ། འཁྲུལ་པ་མེད་པའི་ཤེས་རབ་ཀྱིས།། བདེ་བ་ཆེན་པོ་ཐབས་ཀྱི་མཆོག། ཐབས་ཆེན་ཕ་རོལ་གཉིས་མེད་སྟོབས།། སྨོན་ལམ་དབྱེར་མེད་ལྷན་ཅིག་སྐྱེས།། རབ་བྱུང་ཡེ་ཤེས་འོད་པོ་ཆེ།། སྲིད་པའི་མུན་པ་མ་ལུས་བསལ། ། དཔལ་ལྡན་དང་པོའི་སངས་རྒྱས་སོ།། རྒྱལ་བའི་ཐུགས་རྗེའི་གཟུགས་སྐུ་ནི།། སྐྱེ་བ་མེད་པའི་ཡིག་འབྲུ་མཆོག། ཨ་ཡི་དབྱིངས་ནས་རང་བྱུང་བ།། ཀ་སོགས་ནམ་མཁའི་ཡི་གེ་དང། ། ཙ་ལ་སོགས་པ་རླུང་གི་སྒྲ།། ཏ་སོགས་མེ་ལ་ས་སོགས་ཆུ།། ལ་སོགས་ས་ཡི་རང་སྒྲ་ལས། ཁམས་དྲུག་ཡི་གེའི་གཟུགས་སུ་ནི།། སེམས་ཀྱི་རི་མོ་བྲིས་པ་ཡིས།། ཚིག་དང་དོན་དང་གླེགས་བམ་དུ།། འགྲོ་བ་ཀུན་གྱི་དོན་ཕྱིར་དུ། ། རྒྱལ་བའི་ཕ་རོལ་ཕྱིན་བཅུ་ཚོགས།། ཡི་གེ་འབྲི་དང་མཆོག་སྦྱིན་དང།། འཆང་དང་ཀློག་དང་ཁ་ཏོན་བྱ།། དོན་སེམས་འཆད་ཅི་ཡིད་ལ་བྱ།། ཚུལ་བཞིན་དུ་ནི་བསྒོམ་པ་བཅུ།། བདག་གཞན་འདི་ཕྱིའི་དོན་གྲུབ་བར། ། བྱང་ཆུབ་ལམ་གྱི་སྤྱོད་པ་མཆོག། ཤེས་རབ་རྒྱལ་བ་ཀུན་གྱིས་གསུངས།། ཆོས་སྤྱོད་བཅུ་ལ་གང་བརྩོན་པ།། ལྷ་དང་འཁོར་ལོ་སྒྱུར་བ་དང།། མི་ཡི་གནས་ནས་བྱང་ཆུབ་ཐོབ།། ལོག་པས་ངན་སོང་དབུལ་པོར་འགྱུར། ། སྒྱུར་བྱེད་བསམ་པ་གཙོ་ཆེའོ།། བྱང་ཆུབ་སེམས་དཔའ་མཁས་ཆེན་པོ།། གཞན་དོན་འཕོངས་པ་སྦྱིན་པས་བསྡུ།། སྙན་པར་སྨྲ་བའི་ཐབས་ཀྱིས་བསྡུ།། རིགས་པར་མཐུན་པའི་སྤྱོད་པས་བསྡུ། ། འདོད་པ་གྲུབ་པའི་དོན་གྱིས་བསྡུ།། སེམས་ཅན་རྣམས་ཀྱི་བསམ་པ་བཞིན།། ཇི་ལྟར་འདོད་མཐུན་སྤྱོད་པ་ཡི།། བྱང་ཆུབ་སེམས་ལ་རབ་ཏུ་དགོད།། བྱང་ཆུབ་སེམས་དཔའི་བསླབ་པ་རྣམས།། ཕ་རོལ་ཕྱིན་པ་བཅུ་ཡི་ཚུལ། ། བསླབ་པ་གསུམ་དུ་འདུས་པར་ནི།། རྒྱལ་བས་ཆོས་ཀུན་ནང་དུ་བསྟན།། ལྷག་པ་ཚུལ་ཁྲིམས་བསླབ་པ་རྣམས།། ཟག་བཅས་ལྷ་མིའི་ཚུལ་ཁྲིམས་ལ།། ཟག་མེད་བདེ་བའི་དོན་མཐོང་བས། ། འཕགས་པ་དགྱེས་པའི་ཚུལ་ཁྲིམས་ཡིན།། ལྷག་པ་ཏིང་འཛིན་བསླབ་པ་ཀུན།། ཞི་གནས་ཏིང་འཛིན་རྩེ་གཅིག་པ།། འཁོར་བ་མ་དག་ཏིང་འཛིན་ལ།། ལྷག་མཐོང་ཡེ་ཤེས་རྟོག་པ་ནི།། མྱ་ངན་འདས་པའི་ཏིང་འཛིན་ཡིན། ། ལྷག་པ་ཤེས་རབ་བསླབ་པ་ཀུན།། རྒྱུ་འབྲས་རྟེན་འབྲེལ་ཤེས་པ་འབྱུང།། ཀུན་རྫོབ་འཁོར་བའི་ཤེས་རབ་ལ།། རང་བཞིན་གནས་ལུགས་ཤེས་པ་ནི།། ཆོས་ཀུན་ཁོང་དུ་ཆུད་པ་ཡི།། ཤེས་རབ་ཡེ་ཤེས་ཆེན་པོ་ཡིན། ། ཡེ་ཤེས་ཡེ་ཤེས་ཁྱད་པར་ཆེ།། ཡེ་ཤེས་ལྡན་པས་ཀུན་དོན་ཤེས།། ཀུན་དོན་ཡོན་ཏན་གསུམ་གྱི་བདག། མཁས་པ་སྒྱུ་འཕྲུལ་སྣ་ཚོགས་འཆང།། འགྲོ་བའི་མར་མེ་ཡེ་ཤེས་སྒྲོན།། བྱང་ཆུབ་སེམས་ལ་ཕྱག་འཚལ་བསྟོད། ། བདེ་དང་སྡུག་བསྔལ་ལས་སྐྱེས་པའི།། ཀུན་རྫོབ་ལུས་ལ་བདེ་བས་ཁྱབ།། བདེ་བ་ཉིད་ནི་སྡུག་བསྔལ་བས།། བདེ་བ་མ་ཉམས་ཚུལ་ཁྲིམས་མཆོག། ཉམས་པས་སྡུག་བསྔལ་སྐྱེད་པའི་གཞི། ། བྱང་ཆུབ་སེམས་སྤངས་ཡོན་ཏན་བསྐམས།། བདེ་ཆེན་འཁོར་ལོའི་ཐབས་ཀྱིས་ནི།། བདེ་བ་ལས་ནི་བདེ་བ་སྐྱེ།། ཀུན་རྫོབ་ཀུན་ད་ལྟ་བུ་སྟེ།། དོན་དམ་བདེ་བའི་གཟུགས་ཅན་དུ།། སྣང་སྲིད་ཀུན་ལ་ཁྱབ་པ་ཡི། ། བྱང་ཆུབ་སེམས་ནི་རབ་ཏུ་སྐྱེད།། ཐམས་ཅད་རོ་སྙོམས་ལྷན་ཅིག་སྐྱེས།། རྣམ་པར་མི་རྟོག་ཡང་དག་དོན།། སེམས་ཅན་ཀུན་གྱི་དོན་གྱི་ཕྱིར།། ཆོས་དབྱིངས་དམ་པའི་བྱང་ཆུབ་སེམས།། སྤྲོས་བྲལ་ཐིག་ལེ་ཉག་གཅིག་དབྱིངས། ། ཐེག་པ་ཆེན་པོའི་མངོན་པར་རྟོགས་པ་བྱང་ཆུབ་ལམ་གྱི་རྒྱུད་ཆེན་ནམ་མཁའ་དང་མཉམ་པ་ལས།། བྱང་ཆུབ་སེམས་དཔའ་སྨོན་ལམ་གྱི་མཐུས་འབྲས་བུ་འགྲུབ་པར་བསྟན་པའི་ལེའུ་སྟེ་བདུན་པའོ། །།། གནས་ལུགས་ཆོས་ཉིད་ཅིག་གིས་ངང།། མ་རིག་ཀུན་རྟོགས་རིག་པ་འདི།། ཐ་དད་སྣང་བ་སོ་སོར་སྤྱོད།། སྐྱེ་བོ་རྣམས་ནི་རང་ཁ་མ།། ཕྱི་རོལ་པ་རྣམས་ལོག་པར་རྟོགས།། ནང་པ་ཕྱོགས་རྟོགས་ཡང་དག་རྟོགས། ། རྒྱལ་བས་གསུངས་པའི་དོན་གཅིག་ལ།། དབང་པོའི་རིམ་པས་སོ་སོར་གོ། ཐེག་པའི་ཁྱད་པར་འབྲས་བུ་དང།། དུས་ནི་ལྟ་སྤྱོད་ཁྱད་པར་ཡིན།། ཁམས་གསུམ་གནས་ན་འདོད་པ་ཡི། ། ལྷ་མིར་བཅས་པའི་ཐེག་པ་འདི།། མ་རྟོགས་འཇིག་རྟེན་འདུས་བྱས་ལ།། རྫུན་པར་མ་ཤེས་བདེ་འབྲས་འདོད།། ཚེ་འདིར་ཞེན་པའི་ལྟ་བ་ལ།། འཁྲུལ་པའི་སྣང་བ་ཡེངས་མེད་བསྒོམ།། སྤྱོད་པ་དགེ་སྡིག་ལུང་མ་བསྟན། ། འབྲས་བུ་འདི་དང་ཕྱི་མ་རུ།། བདེ་འགྲོ་ངན་སོང་འཁོར་བ་ཡི།། སྣ་ཚོགས་ངེས་མེད་སྡུག་བསྔལ་གྲུབ།། བློ་མ་ལོག་ན་ཐར་མི་འགྱུར།། ནམ་ཞིག་བློ་བསྒྱུར་ད་འབྲས་འབྱུང།། སེམས་ཅན་མཁའ་ལས་གྲོལ་འདོད་ཕྱིར། ། ཕྱིན་ཅི་ལོག་གི་ལམ་ལ་ཞུགས།། བདག་ཏུ་འཛིན་པའི་ཕུང་པོ་ལྔ།། འདི་ཕྱི་བར་དོ་ཐམས་ཅད་དུ།། གཅིག་པུ་ཉིད་ཀྱིས་བྱས་པ་ཡིན།། ཐམས་ཅད་རྟག་པ་ཉིད་དུ་འདོད།། མི་རྟག་འབྱུང་བ་བཞི་པོ་ཡིན། ། རྟག་པའི་སྐྱེས་བུ་མཁའ་ལ་སྡོད།། འཇིག་རྟེན་འདི་ནས་ཕ་རོལ་དུ།། ཕུང་པོ་ཉིད་མཚམས་སྦྱོར་བ་འཁྲུལ།། རྟག་པའི་སྐྱེས་བུ་དཀར་ལ་འདྲིལ།། སེམས་ཅན་ཀུན་གྱི་སྙིང་དཀྱིལ་ན།། བུངས་དང་སྦྱར་བའི་རེ་རེ་ཡོད། ། དེ་ཡིས་ཐམས་ཅད་བྱེད་པ་ཡིན།། རྟག་པ་ཆེན་པོ་གཅིག་ཉིད་ལ།། དཔེར་ན་ནམ་མཁའ་གཅིག་ཉིད་ལ།། སྣོད་མངས་ནང་དུ་དུམ་བུར་ཆད།། དེ་བཞིན་སེམས་ཅན་ངར་འཛིན་གྱིས། ། རྟགས་པ་དུམ་བུར་མི་རྟག་ཆད།། ངར་འཛིན་སྤངས་ན་གཅིག་ཏུ་འགྲོ།། བདག་ཉིད་རྟག་པའི་གྲངས་ཅན་འདོད།། ཆད་པར་ལྟ་བར་རྒྱང་འཕེན་པ།། ཚེ་ལ་སྔ་དང་ཕྱི་མ་མེད།། ད་ལྟ་བློ་བུར་བྱུང་བ་ཡིན། ། དགེ་སྡིག་ལས་དང་རྣམ་སྨིན་མེད།། སེམས་ཅན་སངས་རྒྱས་བདེ་སྡུག་མེད།། མེ་ཤི་ཐལ་བ་རླུང་ཁྱེར་བཞིན།། ཤི་ནས་ཅི་ཡང་མེད་པར་ལྟ།། གཉིས་མཐུན་སྤྱད་དང་དབང་ཕྱུག་བསྒོམ།། མཆོད་ལེགས་སེམས་ཅན་བདེ་ལེགས་འབྱུང། ། མ་ལེགས་སྡུག་བསྔལ་འབྱུང་བར་འདོད།། གཅེར་བུ་ཐལ་བས་ལུས་བྱུགས་ཤིང།། རལ་པའི་ཁུར་བུ་འཕྲེང་བས་བརྒྱན།། མདུང་ཐུང་མི་མགོའི་ལག་ཆ་ཐོགས།། སྤྱོད་པ་དབྱུག་གུ་གསུམ་པ་དང། ། དུད་འགྲོ་མ་ཡི་དཀའ་ཐུབ་སྤྱོད།། འབྲས་བུ་འདི་ནས་འཕོས་མ་ཐག། རྣམ་སྨིན་རྒྱུ་འབྲས་མི་འདོད་པས།། ཆད་ལྟ་མནར་མེད་དམྱལ་བར་སྐྱེ།། གཞན་ཡང་ངན་སོང་གནས་སུ་ལྷུང།། བློ་ལོག་ཐར་པ་ཐོབ་བམ་ཅི། ། འཁོར་བ་འདི་ལས་བློ་ལོག་ནས།། དགེ་བའི་བཤེས་གཉེན་ཆོས་ཉན་པས།། ང་དང་བདག་ཏུ་འཛིན་པ་ཡི།། ཉེ་བར་ལེན་པའི་ཕུང་པོ་ལྔ།། མི་རྟག་སྡུག་བསྔལ་སྟོང་བདག་མེད།། གང་ཟག་བདག་ཏུ་འཛིན་པ་དེ། ། བདག་མེད་ཙམ་ཞིག་མ་རྟོགས་པ།། ཆོས་ཀྱིས་བདག་མེད་མ་རྟོགས་པས།། ཕྱི་རོལ་གཟུང་བའི་ཡུལ་ལ་ནི།། རགས་པ་རྫས་ནི་དངོས་པོ་འདོད།། ཕྲ་བ་རྡུལ་ཕྲན་སི་ལུ་མ།། རྡུལ་རྣམས་བསྐོར་བའི་བར་བར་ན། ། ཆ་མེད་རྡུལ་རྣམས་ཤོང་བར་འདོད།། མདོ་སྡེ་པ་ཡི་ལྟ་བ་དེ།། བྱེ་བྲག་སྨྲ་བ་ཕྲ་རག་རྡུལ།། རྡུལ་ཕྲན་ཆ་མེད་གཅིག་ཏུ་འདོད།། གཉིས་ཀ་འཛིན་སེམས་དེ་མི་སྤོང།། སྐད་ཅིག་ཆ་མེད་ཕག་ན་མོ། ། བདེན་པ་བཞི་ལ་འཁོར་འདས་གཉིས།། རྒྱུ་འབྲས་སྤང་སྒྲུབ་བྱེད་པ་ཡི།། ཤེས་པ་སྐད་ཅིག་མི་རྟག་པར།། རྒྱུན་བཅས་འགོག་པའི་ཏིང་འཛིན་བསྒོམ།། སྤྱོད་པ་རང་དོན་ཚུལ་ཁྲིམས་བསྲུང།། གཞན་གྱི་དོན་ནི་མི་ནུས་ཤིང། ། དུར་ཁྲོད་དགོན་པ་ཤིང་དྲུང་དང།། བླ་གབ་མེད་པར་ཇི་བཞིན་གནས།། ཕྱག་དར་ཁྲོད་དང་ཕྱིས་པ།། ཆོས་གོས་གསུམ་པའི་གོས་གྱོན་ཞིང།། སྟན་གཅིག་བསོད་སྙོམས་ཐར་ཆགས་པའི།། ཕྱིས་མི་ལེན་པའི་ཟས་སྤྱོད་ཅིང། ། ཅོག་པུའི་སྤྱོད་པ་ལ་སོགས་པ།། སྦྱངས་པའི་ཡོན་ཏན་བརྟན་པ་ཡི།། རྒྱུན་དུ་ཞུགས་ནས་དགྲ་བཅོམ་པར།། བརྩོན་འགྲུས་རབ་ཀྱིས་ཚེ་གཅིག་འགྲུབ།། འབྲིང་གིས་ལན་ཅིག་ཕྱིར་འོང་བ། ། ལུས་གཅིག་བླངས་ནས་ཕྱི་མ་ནི།། ཕྱིར་མི་འོང་བའི་འབྲས་བུ་དང།། ཐ་མས་སྐྱེ་བ་གསུམ་བླངས་ནས།། དགྲ་བཅོམ་པ་ཡི་འབྲས་བུ་ཐོབ།། རང་རྒྱལ་བསྐལ་པ་མང་པོ་ནས།། སྡུག་བསྔལ་ཆོས་ལ་བློ་ལོག་ཀྱང། ། བྱང་ཆུབ་སེམས་དཔའི་གཡེང་བས་འཇིག། རང་ལུས་ཏིང་འཛིན་མེས་སྦྱངས་ནས།། སངས་རྒྱས་མི་འབྱོན་ས་ཕྱོགས་སུ།། སྨོན་ལམ་བཏབ་ནས་སྐྱེས་པ་ཡིས།། སློབ་དཔོན་མེད་པར་དུར་ཁྲོད་དུ། ། ཤི་བ་རུས་ལ་བརྟག་པ་ཡིས།། འཁོར་བ་རྟེན་འབྲེལ་ལུས་ལ་བྱུང།། ཤེས་ན་ལུགས་བཟློག་མ་རིག་པ།། བཀག་ནས་བསྒོམ་པ་ཚེ་སྔོན་གྱི།། ཏིང་འཛིན་ལྡན་པ་རང་སངས་རྒྱས།། གང་ཟག་བདག་མེད་ཆེར་རྟོགས་སྟེང། ། གཟུང་ཡུལ་སེམས་ཀྱི་ཆོ་འཕྲུལ་དུ།། ཤེས་ཀྱང་སེམས་སུ་མ་རིག་པས།། ཆོས་ཀྱིས་བདག་མེད་ཕྱེད་རྟོགས་ཏེ།། གཟུང་ཡུལ་བཅོམ་པའི་འཛིན་སེམས་ནི།། ཐུན་མོང་ཕག་ན་ཙམ་དུ་འདོད།། དོན་དམ་སྟོང་པ་ཉིད་དུ་ནི། ། འགོག་པའི་ཏིང་འཛིན་བསྒོམས་པ་ཡིས།། བསྒོམ་པར་མི་སད་མྱོས་པ་འབྱུང།། སྤྱོད་པ་ཉན་ཐོས་རྣམས་དང་མཐུན།། མང་པོ་ནེ་ཙོའི་ཁྱུ་ཙམ་ལྡིང།། རང་སངས་རྒྱས་ཀྱི་ཡོན་ཏན་ནི།། རབ་ཀྱིས་མི་ཚེ་ཉི་ཤུ་དང། ། འབྲིང་གིས་དྲུག་ཅུ་ཐམ་པ་ནི།། བསེ་རུ་ལྟ་བུར་རང་སངས་རྒྱས།། འགྲོ་དོན་ལུས་ཀྱིས་རྟ་ཡིན་བྱེད།། ཞི་བདེ་ཆོས་ལ་བློ་ལོག་པ།། རྣལ་འབྱོར་སྤྱོད་པའི་སེམས་ཙམ་ནི།། ཕྱོགས་མེད་བདག་མེད་སེམས་རྟོགས་པས། ཁམས་གསུམ་འདི་དག་སེམས་སུ་ཤེས།། རྣམ་པར་ཤེས་པའི་ཚོགས་བརྒྱད་པོ།། རང་རིག་རང་གསལ་ཉིད་དུ་ནི།། མཚན་ཉིད་གསུམ་དུ་འདུས་པ་སྟེ།། ཆོས་ཀུན་སྤྱི་དང་བྱེ་བྲག་ཏུ།། སྣ་ཚོགས་མིང་བཏགས་མཚན་མར་ལྟར། ། ཐ་སྙད་འདོགས་པ་ཀུན་རྟགས་ཞེས།། མ་རིག་འདུ་བྱེད་རྐྱེན་གྱིས་སྐྱེས།། རང་བཞིན་སྐྱེ་མེད་གཞན་དབང་སྟེ།། དེ་རྣམས་རང་བཞིན་འོད་གསལ་བ།། དབྱེར་མེད་ཅི་ཡང་འགྲུབ་མེད་དོན། ། ཡོངས་གྲུབ་ཅེས་སུ་བཤད་པ་ལ།། ཕྱི་རོལ་སྣང་བ་དཀར་དམར་རྣམས།། རྣམ་པ་སྒྱུ་མ་ཙམ་དུ་ནི།། རྣམ་བདེན་སོ་སོར་བདེན་པར་འདོད།། དོན་དམ་ཤེས་པའི་ཡུལ་ལས་འདས།། དེ་ཡང་དྲི་བཅས་དྲི་མེད་པ། ། སེམས་ལ་མ་དག་དག་པར་འདོད།། རྣམ་རྫུན་སྣང་བ་དཀར་དམར་ཀུན།། ཕྱི་རོལ་རྫུན་ལ་ནང་དུ་རྫུན།། དངོས་མེད་འཁྲུལ་པའི་སྣང་བ་ལ།། སྣ་ཚོགས་དུ་མར་སྣང་བ་ཡང།། ཡང་དག་བདེ་ཤེས་གཅིག་ལས་མེད། ། དཔེར་ན་ཆུ་ནང་ཟླ་བ་བཞིན།། གཅིག་ལས་ཆོ་འཕྲུལ་སྣ་ཚོགས་པ།། གསལ་བྱེད་གཞན་ལས་མ་བལྟོས་པར།། མཚན་ཉིད་གསུམ་ག་རང་ལ་ཚང།། བསྒོམ་པ་བྱང་ཆུབ་སེམས་ཉིད་ལ།། སྤྱོད་པ་གཞན་དོན་མི་དགེ་སྤོངས། ། ཕ་རོལ་ཕྱིན་པ་བཅུ་ལ་སྤྱོད།། འབྲས་བུ་རང་རིག་རང་གསལ་དུ།། གཞན་ལས་མ་བྱུང་བྱང་ཆུབ་འདོད།། སངས་རྒྱས་རྣམས་ཀྱིས་ཆོས་གསུངས་གང།། བདེན་པ་གཉིས་ལ་ཡང་དག་བརྟེན། ། ཆོས་ཅན་ཀུན་རྫོབ་བདེན་པ་དང།། ཆོས་ཉིད་དོན་དམ་བདེན་པ་ལ།། མཐའ་བྲལ་གཤིས་ཀྱིས་དབུ་མ་འོ།། ཀུན་རྫོབ་ཡང་དག་སངས་རྒྱས་དེ།། མ་རྟོགས་སྒྲིབ་ཕྱིར་ཀུན་རྫོབ་སྟེ།། ཐོག་མ་བར་དང་མཐར་བསྒྲངས་པའི། ། འཁྲུལ་པའི་སྣང་ངོར་བདེན་པ་ལ།། ཡང་དག་ལོག་པའི་ཀུན་རྫོབ་གཉིས།། ཀུན་རྫོབ་རྟེན་འབྲེལ་ཆོས་རྣམས་ཀུན།། རྒྱུ་འབྲས་མི་བསླུ་ཐད་ཀར་བདེན།། མཐུན་པར་སྣང་ཞིང་དོན་བྱེད་ནུས། ། རང་བཞིན་བརྟགས་ན་བདེན་པ་དེ།། རང་གི་སེམས་སུ་ཤེས་པ་ཡི།། བདེན་རྫུན་གྲོལ་བ་ཡང་དག་ཡིན།། སྒྱུ་མ་སྨིག་སྒྱུ་ཆུ་ཟླ་ལ།། རྫུན་ལ་བདེན་པར་གཟུང་བ་ཡིས།། བསླུས་པ་ལོག་པའི་ཀུན་རྫོབ་སྟེ། ། འཁོར་བར་དེ་ཡིས་འཆིང་བར་འགྱུར།། ཐོག་མཐའ་འགྲོ་འོང་མེད་པ་ཡང།། ཆོས་རྣམས་ཀུན་གྱི་ཆོས་ཉིད་དོན།། དམ་པའི་རང་བཞིན་འགྱུར་མེད་དེ།། བསླུས་པ་མེད་པ་ཡང་དག་པ།། དོན་དམ་པ་ཡི་བདེན་པ་ཞེས། ། རྣམ་གྲངས་སྟོང་ཉིད་དུ་མ་རྣམས།། རང་བཞིན་དག་པའི་ཆོས་ཉིད་ཀྱི།། བྱེ་བྲག་ཕྱེ་བའི་བདེན་པ་ཡིན།། རྣམ་གྲངས་མ་ཡིན་སྤྲོས་དང་བྲལ།། དུས་གསུམ་འགྱུར་མེད་མཉམ་ཉིད་ཡིན།། དེ་རྣམས་རང་རྒྱུད་འདོད་པ་ལ། ། སྣང་བ་ཀུན་རྫོབ་ཙམ་དུ་ནི།། སྒྱུ་མ་ཙམ་གྱིས་བདེན་པར་འདོད།། དོན་དམ་དུ་ནི་སྣང་བ་འདི།། སྒྱུ་མ་ཙམ་ཡང་མེད་པ་ཡི།། ནམ་མཁའ་ལྟ་བུར་མི་དམིགས་ཀྱིས།། འབྲས་བུ་དེ་བཞིན་ཉིད་ཐོབ་འདོད། ། འཐབ་བྲལ་གཤིས་ཀྱི་དབུ་མ་ནི།། ཡོད་དང་མེད་པའི་མཐའ་བྲལ་ཞིང།། མཐའ་གཉིས་མི་གཉིས་མཉམ་ཉིད་འདོད།། ཕྱི་མའི་དུས་ན་འདི་ཉིད་ལ།། གཅིག་དང་བྲལ་བ་ལ་སོགས་པའི།། རང་གིས་ཁ་ནི་མི་ཆེས་ཤིང། ། གཞན་གཞན་གྲུབ་མཐའ་སུན་འབྱིན་པའི།། ཐལ་འགྱུར་བ་ཡི་དབུ་མ་ནི། ཁས་ལེན་བྲལ་བའི་ལྟ་བ་འབྱུང།། སྟོང་ཉིད་སྙིང་རྗེའི་བསྒོམ་ལོ་ཅན།། སྤྱོད་པ་ཕ་རོལ་ཕྱིན་སོགས་ལ།། འབྲས་བུ་མྱུར་ན་གྲངས་མེད་གསུམ། ། ཞེན་པའི་ཆོས་ལ་དུས་མེད་དོ།། སྔོན་བསྒྱུར་དབང་ཐོབ་སྔོན་བྱུང་དུ།། ས་བཅུའི་ལམ་ལ་རབ་གནས་པ།། ཐུབ་པ་ཆེན་པོས་ཟབ་པའི་གཟུང།། དངོས་དང་སྟོང་པའི་ཞེན་པ་ལས།། ལྡོག་ཕྱིར་རིག་པ་འཛིན་པ་ནི། ། བདག་མེད་ཆོས་རྣམས་ཐམས་ཅད་ཀུན།། ཀུན་རྫོབ་བདག་མེད་དམ་ཚིག་ལ།། བྲན་བཞིན་དམིགས་པའི་འོག་མིན་ནས།། ཡེ་ཤེས་སེམས་དཔའ་རྒྱལ་བའི་ཚུལ།། བྲིས་ཤིང་ཡིད་ཀྱིས་དམིགས་པ་ལ། ། སྤྱན་དྲངས་དབང་བསྐུར་བཞུགས་གསོལ་ཞུ།། དེ་ལ་གཙང་མའི་མཆོད་པ་ཕུལ།། དངོས་གྲུབ་དེ་ཡིས་ཐོབ་པ་ནི།། ཀྲི་ཡ་བ་ཡི་ལྟ་བའི་ཡིན།། སྒོམ་པ་དོན་གྱི་ལྷ་དྲུག་ལ།། སྤྱོད་པ་ཁྲུས་དང་གཙང་སྦྲ་བྱེད། ། འབྲས་བུ་མི་ཚེ་བདུན་ཙམ་ན།། རིགས་གསུམ་གོ་འཕང་ཐོབ་པར་འདོད།། ཡོ་ག་དམ་ཚིག་སེམས་དཔའ་ནི།། རང་ལུས་བསྒོམ་པ་གཡོག་པོར་ལྟ།། ཡེ་ཤེས་སེམས་དཔའ་དཔོན་གྱི་ཚུལ། ། སྤྱན་དྲངས་རང་ལ་བསྟིམ་ནས་སུ།། སྔགས་དང་ཕྱག་རྒྱ་བསྒྲུབ་བྱས་པས།། ཕྱག་རྒྱ་མ་བཀྲོལ་བར་དུ་ནི།། ཡེ་ཤེས་སེམས་དཔའི་ཏིང་འཛིན་གྱིས།། རང་ཉིད་དེ་བཞིན་གནས་འགྱུར་ལྟ།། བྱང་ཆུབ་ལྔ་ཡི་ལྷ་བསྒོམ་ཞིང། ། མཆོད་ཡོན་སྔགས་དང་ཕྱག་རྒྱ་ཡིས།། སྤྱོད་པས་ཚོགས་རྫོགས་དངོས་གྲུབ་ལེན།། འབྲས་བུ་རྣམ་སྣང་གོ་འཕང་ནི།། མི་ཚེ་གསུམ་གྱིས་ཐོབ་པར་འདོད།། ཨུ་པ་ལྟ་བ་ཡོ་ག་ལ།། སྤྱོད་པ་ཀྲི་ཡ་དག་དང་མཚུངས། ། འབྲས་བུ་རིགས་ལྔའི་གོ་འཕང་ནི།། མི་ཚེ་སྐྱེ་བ་ལྔ་ཡིས་ཐོབ།། ཀུན་བརྟགས་ཕྱི་ནས་རེ་བའི་ཕྱིར།། སྔགས་ནི་ཕྱི་པ་ཞེས་སུ་བརྗོད།། སྣང་སྲིད་ཆོས་ཀུན་བསྐྱེད་པ་ཡི།། རིག་པ་རང་གསལ་རྡོ་རྗེ་འདི། ། དངོས་འཛིན་ཐབས་ཀྱིས་དགྲོལ་བའི་ཕྱིར།། ཀུན་རྫོབ་ལྟ་བའི་སྐུ་རུ་བསྐྱེད།། དངོས་མེད་སྟོང་པ་དག་པའི་དོན།། ལྷ་ཀུན་དོན་དམ་སྤྲོས་མེད་བདག། ཤེས་རབ་རིག་པས་རྟོགས་པ་ཡིས།། སྣང་བ་ལྷ་ཡི་དཀྱིལ་འཁོར་དུ། ། ཐབས་དང་ཤེས་རབ་སྒོམ་པ་ནི།། མ་ཧཱ་ཡོ་གའི་ལྟ་བ་ལ།། དམ་ཚིག་ཡེ་ཤེས་གཉིས་མེད་དུ།། སྒོམ་པ་ལྷ་དང་མ་བྲལ་བ།། དཀྱིལ་འཁོར་ཆེན་པོར་མཆོད་པ་ལ།། སྤྱོད་པ་འཕྲིན་ལས་རྣམ་བཞི་བསྒྲུབ། ། འབྲས་བུ་སྐྱེ་བ་གཅིག་ལ་ནི།། མི་སྐྱེའི་ཆོས་ལ་སྤྱོད་པ་ཡིད།། རྡོ་རྗེ་དབྱིངས་ཀྱི་ཡོན་ཏན་ཐོབ།། ཐབས་མང་དཀའ་མེད་བསླབས་པ་སྟེ།། དངོས་དང་དངོས་མེད་ཐམས་ཅད་ཀུན།། སྐྱེ་མེད་དབྱིངས་ཀྱི་དཀྱིལ་འཁོར་ན། ། རིག་པ་རང་འབྱུང་འོད་གསལ་ལ།། ལྷ་སྐུ་མ་བསྐྱེད་རྫོགས་པ་ཡི།། དྲན་པ་ཙམ་གྱིས་སྣང་བ་འདི།། སྐུ་དང་ཡེ་ཤེས་ཞིང་དུ་གསལ།། དབྱིངས་དང་རིག་པ་གཉིས་སུ་མེད།། སྟོང་པ་དེ་ཉིད་འབྲས་བུ་ཡིན། ། བསྒོམ་པའི་ཏིང་འཛིན་རྣམ་གསུམ་ལས།། བསྙེན་བསྒྲུབ་རྣམ་བཞི་སྒོར་ཞུགས་ན།། སྤྱོད་པ་ཏ་ན་གྷ་ན་ཡིས།། ཚེ་འདི་ཉིད་ལ་མཆོད་ཐོབ་པ།། ཨ་ནུ་ཡོ་གའི་རྣལ་འབྱོར་ཡིན།། ཡེ་ནས་སྣང་སྲིད་སྣོད་བཅུད་ཀུན། ། མ་སྐྱེས་རང་བྱུང་ཆོས་ཉིད་མཁའ།། ཀུན་ཏུ་བཟང་པོའི་རང་བཞིན་ལ།། སངས་རྒྱས་ཆོས་ཀུན་མ་ལུས་རྫོགས།། ལྷུན་གྲུབ་འགྱུར་མེད་རྡོ་རྗེ་གདན།། དོན་གྱི་དམ་པ་རྣམ་དག་དཔལ།། ཡང་དག་རྫོགས་པ་དེར་སངས་རྒྱས། ། སྤྲུལ་པ་པོ་རྣམས་འདིར་སངས་རྒྱས།། རྒྱལ་པོ་སྒྱུ་འཕྲུལ་སྣ་ཚོགས་འཆང།། ཐམས་ཅད་གཅིག་གྱུར་ནན་ཏན་ཉིད།། རྫོགས་པ་ཆོས་ཉིད་དག་པ་སྟེ།། བསམ་བརྗོད་བྲལ་བའི་ཡེ་ཤེས་ལ། ། འབྲས་བུ་གདོད་ནས་ལྷུན་གྱིས་གྲུབ།། མི་རྟག་ཆོས་རྣམས་རྟག་པར་ཟད།། ཀུན་ཏུ་བཟང་པོ་ཀུན་བདག་ཉིད།། རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ།། དོན་གཉིས་ལྡན་ལ་ཕྱག་འཚལ་བསྟོད།། འཁོར་བ་འདི་ནས་ཐར་པའི་དོན། ། སངས་རྒྱས་ཆོས་ཀུན་མཉམ་ཉིད་ལས།། དམུས་ལོང་གཡང་ལ་བསྐྱུར་བ་བཞིན།། ཕྱིན་ཅི་ལོག་ཏུ་ཁྲིད་པ་རྣམས།། ལོག་པའི་སྟེང་དུ་ཡང་ལོག་བསྣན།། ལོག་ལྟ་སྡེ་དྲུག་རྗེས་འབྲང་བ། ། ལས་ཀྱི་སྒྲིབ་པ་འཐུག་པོ་བསགས།། མི་ཤེས་ལོང་བའི་རྫུ་འཕྲུལ་གྱིས།། བསྐལ་པར་མུན་པའི་གནས་སུ་འཁྱམས།། སངས་རྒྱས་ཆེ་བའི་དོན་འདོད་ཕྱིར།། འགའ་ཞིག་འཁོར་བའི་མཐར་མི་གནས། ། འཕགས་པ་མ་ཡིན་དེ་ལྟར་མིན།། བདག་བསྟོད་གཞན་ལ་སྨོད་པ་ཡིན།། ཕྱིན་ཅི་ལོག་སྟེ་སེམས་དཔའ་ཡང།། སྤངས་པས་ཐོབ་པའི་ཡོན་ཏན་ཏེ།། ཐབས་ལ་མཁས་པའི་སྐྱེས་བུ་ཡིན།། དམན་དང་བྱིས་པས་དེ་མི་ཤེས། ། མ་ཤེས་གཟུང་འཛིན་མཐའ་ལ་ཞེན།། འཁོར་བ་འདི་ནས་ཐར་པར་དཀའ།། དེ་བཞིན་ཉིད་རྟོགས་ཀུན་འདོད་ཀྱང།། མ་རྟོགས་འབྲས་བུ་སོ་སོར་ཐོབ།། ཐེག་པའི་མཐའ་ལ་ཐུག་མེད་པས།། ཐེག་ཆེན་ལམ་ལ་མ་ཞུགས་ན། ། ཉན་ཐོས་རང་རྒྱལ་ཐེག་པ་ཡང།། བློ་དམན་སོ་སོའི་སྐྱེ་བོ་རྣམས།། ལམ་ལ་དྲང་བའི་ཐབས་ཙམ་ལ།། ཡང་དག་ལམ་གྱི་གེགས་ཡིན་ཏེ།། འགོག་པས་མྱོང་བའི་ཏིང་འཛིན་གྱི།། བསྐལ་པའི་བར་དུ་ལམ་ལ་བསྒྲིབས། ། ཕལ་ཆེར་མུ་མཐའ་མེད་པར་སྒྲིམ།། དམྱལ་བ་གཏན་གྱི་གེགས་མ་ཡིན།། ཉན་ཐོས་ཐེག་པ་གཏན་གྱི་གེགས།། འགའ་ཞིག་རང་གནས་བྱང་ཆུབ་དེ།། སངས་རྒྱས་བྱིན་རླབས་འོད་ཀྱིས་བསྐུལ། ། ཐེག་ཆེན་ཆོས་ལ་འཇུག་སྲིད་ཀྱང།། དཔེར་ན་ཆུ་རྒལ་ལན་ཅིག་ལ།། རྗེ་བཅངས་གཉིས་སུ་མི་བྱེད་བཞིན།། བྱང་ཆུབ་སེམས་གཉིས་ལམ་ལ་ནི།། ད་ལྟ་སྔོན་དུ་འཇུག་པར་བྱ།། ཕྱི་མའི་ཡིད་སྨོན་ལག་རྡུམ་མདའ། ཁ་ཙམ་ཚིག་ལས་དོན་ལ་དཀའ།། དེ་བས་ད་ལྟ་དོན་འདི་བསྒྲུབས།། ལས་ཀྱིས་འཕྲོ་འཐུད་སོ་ནམ་བཞིན།། འབྲས་བུ་དུས་གསུམ་སྨིན་པར་འགྱུར།། གོལ་འཆུག་མེད་པའི་ལམ་ཆེན་ལ།། གསང་སྔགས་ཕ་རོལ་ཕྱིན་པ་གཉིས། ། བསྒྲུབ་བྱའི་དོན་དུ་གཅིག་པ་ན།། གཉིས་སུ་བསྟན་པ་དོན་ཅི་ཡོད།། མི་གཅིག་སོ་སོར་སོང་བ་ནི།། གཅིག་ལ་དགོས་པ་མེད་པར་འགྱུར།། དེ་དོན་གཅིག་པར་མགོན་པོར་གསུངས། ། དོན་ཆེན་ལྷུན་དུ་འགྲུབ་འདོད་པར།། འགའ་ཞིག་ལམ་རྟགས་སོས་དལ་བར།། ཐག་རིངས་ལམ་ལ་བསྐོར་ནས་འགྲོ།། འགའ་ཞིག་མྱུར་དུ་བསླེབ་འདོད་པས།། ཉེ་བའི་གསང་ལམ་གཅད་ནས་འགྲོ།། དེ་གཉིས་ལམ་གྱི་ཁྱད་ལས་སུ། ། བསླེབ་དུས་དོན་འགོ་གཅིག་པ་བཞིན།། རིམ་གྱིས་ཅིག་ཅར་དོན་ཡང་དེའོ།། མོས་པའི་འདུན་པ་སོ་སོ་ཡིན།། ལམ་གྱིས་མི་མཐུན་ཁྱད་པར་ཆེ།། ཕར་ཕྱིན་དང་པོའི་ཚོགས་ལམ་ནས། ། སེམས་ཅན་དོན་དུ་སེམས་བསྐྱེད་ནས།། སྦྱོར་ལམ་དྲོད་རྩེ་བཟོད་པ་དང།། ཆོས་མཆོག་ནས་ནི་མཐོང་ལམ་བར།། གྲངས་མེད་གཅིག་གིས་ལམ་སྦྱངས་པས།། མཐོང་ལམ་སློབ་པའི་ཟུང་འཇུག་གིས།། ཆོས་ཉིད་བདེན་པའི་དོན་མཐོང་བས། ། རབ་ཏུ་དགའ་བའི་ས་ནོན་ཏེ།། ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་འཆར།། དེ་ནས་སྒོམ་ལམ་ས་བརྒྱད་པར།། གོང་ནས་གོང་དུ་འཕེལ་བ་ཡི།། གྲངས་མེད་གཅིག་ལ་མི་སློབ་པའི། ། སྒོམ་ལམ་ཡོན་ཏན་ཕྱིར་མི་ལྡོག། གྲངས་མེད་གཅིག་ཏུ་བསྒོམས་པ་ལས།། ཡོན་ཏན་བཅུ་འགྱུར་རིམ་པས་འཕེལ།། ས་བཅུ་མཐར་ཕྱིན་ཡོན་ཏན་རྫོགས།། མི་འགྱུར་རྡོ་རྗེའི་དཀྱིལ་འཁོར་དུ།། བཅུ་གཅིག་ཀུན་ཏུ་འོད་ཆེན་པོ། ། བླ་མ་སྔགས་ཀྱི་ལམ་དུ་ནི།། སློབ་མ་ཡོངས་སུ་སྨིན་བྱེད་པའི།། སློབ་མ་རང་རིག་བདག་ཉིད་ཆེ།། ཕྱོགས་བཅུའི་སངས་རྒྱས་ཀུན་ལྷགས་ནས།། རང་རིག་ཡེ་ཤེས་མངོན་སུམ་དུ།། ས་བཅུའི་བྱང་ཆུབ་སེམས་དཔའ་ལ། ། སྟོན་པ་ཡོངས་སུ་གྲོལ་བྱེད་པའི།། དབང་བསྐུར་དགོས་པས་གསང་སྔགས་མཆོག། དེ་མེད་སངས་རྒྱས་མི་འགྱུར་བར།། མཁྱེན་པའི་ཡེ་ཤེས་དབང་བསྐུར་ནི།། དེ་ལྟར་ས་ཡི་ཡོན་ཏན་བརྟགས། ། ཚོན་རྩི་རི་མོ་སྣ་ཚོགས་པ།། རི་མོ་མཁན་གྱིས་བྱས་པ་ལས།། གཞན་ནས་འབྱུང་བ་མ་ཡིན་བཞིན།། རང་གི་སེམས་ཀྱིས་བྱས་པ་ཡིས།། ཏིང་ངེ་འཛིན་གྱི་རང་སྣང་ལ།། གཞན་གྱི་སྣང་བར་འབྱུང་བ་དཀའ། ། བྱུང་ཡང་དཔེར་ན་རྨི་ལམ་དུ།། ངོ་མཚར་ཅན་གྱི་མཆོད་རྟེན་ལ།། མས་གྱིས་རིམ་པས་འཛེགས་པ་ཡིས།། གདུགས་ཀྱི་སྟེང་དུ་བསླེབས་ཙ་ན།། གཉིད་སད་བདེན་མེད་འགྱུར་བ་བཞིན།། གནས་སྐབས་ལམ་གྱི་རྟགས་ཙམ་ཡིན། ། མཐར་ཐུག་དོན་ལ་ཡོད་མེད་འདྲ།། ལམ་དེར་སྔགས་ཀྱིས་མ་ཞུགས་པས།། དེ་ཡི་ཏིང་འཛིན་མ་སྦྱངས་དོན།། ས་བཅུའི་རྟགས་རྣམས་མ་བྱུང་ཡང།། ལམ་གྱི་བགྲོད་པ་ཁྱད་པར་མེད། ། བྱུང་ཡང་སྔགས་ཀྱི་ལམ་སྟེགས་ཙམ།། རིམ་སྐྱེད་པ་ཡི་ཆོས་ལུགས་ཡིན།། སྔགས་ཀྱི་ལམ་ནི་བླ་མ་ལ།། བརྟེན་ཅིང་མོས་པ་ཚོགས་ཀྱི་ལམ།། བཀའ་བཞིན་བསྒྲུབ་པས་བྱིན་རླབས་ཞུགས།། ཉམས་ལེན་ཤེས་པ་སྦྱོར་བ་ལམ། ། སྣང་སྲིད་སྤྲོས་བྲལ་ལྷ་ཡི་སྐུ།། བསྐྱེད་རིམ་བསྒོམ་པ་མཐོང་བའི་ལམ།། བ་སྤུ་གཅིག་གི་སྟེང་དུ་ཡང།། ལྷ་སྐུ་འབུམ་ཕྲག་བསྐྱེད་ནུས་པ།། ཡོན་ཏན་བརྒྱ་ཕྲག་མང་པོའི་མཆོག། རང་གི་སེམས་ཀྱི་རྣམ་འཕྲུལ་ཡིན། ། ཕ་རོལ་ཕྱིན་ལ་དེ་མེད་དེ།། སྔགས་ཀྱི་ལམ་ལ་འབྱུང་བ་ཡིན།། རྫོགས་རིམ་ཤེས་པ་བསྒོམ་པ་ལམ།། དབང་རྫོགས་མཐར་ཐུག་ཕྱག་རྒྱ་ཆེ།། ཚེ་གཅིག་འདི་ལ་མངོན་སུམ་དུ།། ཅིག་ཅར་རྟོགས་པ་སྔགས་ཀྱི་ལམ། ། དོན་གཅིག་ལམ་ལ་མི་མཐུན་པ།། ཤེལ་སྒོང་དག་པ་གཞི་མ་ཡིན། ཁ་དོག་གང་བསྟན་དེར་འགྱུར་ཡང།། ཤེལ་གྱི་དོན་ལ་འགྱུར་མེད་བཞིན།། གནས་སྐབས་ལམ་སྣང་མི་མཐུན་ཡང། ། མཐར་ཐུག་གདོད་ནས་མ་སྐྱེས་པ།། ཆོས་དབྱིངས་ཡེ་ཤེས་སྙིང་པོ་ནི།། ལྷུན་གྲུབ་དོན་དུ་དབྱེར་མེད་གཅིག། ཐེག་པ་གཅིག་གི་འབྲས་བུར་གནས།། གསང་སྔགས་བླ་ན་མེད་པའི་ཆོས།། སངས་རྒྱས་ཐོག་མ་ཐ་མ་མེད། ། དང་པོའི་སངས་རྒྱས་རྒྱུ་མེད་པ།། ཡེ་ཤེས་མིག་གཅིག་དྲི་མ་མེད།། མཁྱེན་པའི་ཡེ་ཤེས་ཞིང་ཁམས་མཐོང།། མ་བཙལ་ལྷུན་གྲུབ་ཨེ་མ་ཧོ།། ཐེག་པ་ཆེན་པོའི་མངོན་པར་རྟོགས་པ་བྱང་ཆུབ་ལམ་གྱི་རྒྱུད་ཆེན་པོ་ནམ་མཁའ་དང་མཉམ་པ་ལས། ། འཇུག་པའི་ལམ་ཐེག་པའི་བྱེ་བྲག་བསྟན་པའི་ལེའུ་སྟེ་བརྒྱད་པའོ།།།། བྱང་ཆུབ་སེམས་ཀྱི་ཆོས་ཉིད་དེ།། ལུས་ཀྱི་ཚུལ་གྱིས་རྣམ་པར་དག། ལུས་ནི་རྩ་ཡི་དྲ་བས་ཏེ། ། གཟུགས་དང་ཁ་དོག་རྣམ་པ་ཅན།། རྩ་སྐྱེད་ལུས་ཀྱང་བསྐྱེད་པར་བྱེད།། རྩ་གུད་ལུས་ཀྱང་ཉམས་པར་བྱེད།། རྩ་ལ་རླུང་སྐྱེད་འཕྲོ་འདུ་དང།། དྲན་པ་གཡོ་ཞིང་ལྡེག་པར་བྱེད།། རླུང་ལས་ཁམས་སྐྱེད་བདེ་སྡུག་དང། ། རྟག་དང་མི་རྟག་དེ་ཡིས་བྱས།། དོན་དམ་ཀུན་རྫོབ་གཟུགས་ཅན་གྱི།། བྱང་ཆུབ་སེམས་ནི་སྐྱེད་པར་བྱེད།། ནོར་བུ་བཻ་ཌཱུར་ཁ་དོག་དེ།། དཀར་སེར་ཁྲ་བོ་ལ་སོགས་པ།། ཤུན་པའི་རྐྱེན་གྱིས་བསྒྱུར་བ་བཞིན། ། བྱང་ཆུབ་སེམས་ཀྱི་ཆོས་ཉིད་དེ།། རིགས་དྲུག་སོ་སོའི་ལུས་ཀྱིས་སུ།། དེ་དང་དེ་ཡི་སྣང་བར་འགྱུར།། བྱང་ཆུབ་སེམས་ནི་གཅིག་ཉིད་ལ།། འགྲོ་བ་སོ་སོ་ལས་ལ་སྤྱོད།། ཁྱད་པར་རྡོ་རྗེའི་ལུས་འདི་ལ། ། ལུས་བདེ་བས་ནི་སེམས་ཀྱང་བདེ།། ལུས་སྡུག་པ་ལ་སེམས་སྡུག་ཅིང།། མོ་ཡི་ལུས་ལ་སེམས་ཀྱང་མོ།། དེ་བཞིན་ཕོ་དང་མ་ནིང་དང།། རྒན་དང་གཞོན་དང་དར་མ་དང།། སྤྱོད་ལམ་ལེགས་ཉེས་ལུས་ཀྱིས་བསྒྱུར། ། ལུས་ཀྱི་རྣམ་པ་འགྱུར་ཙམ་ན།། སེམས་ནི་དེ་ཡི་སྣང་བར་འགྱུར།། མི་ཡི་ལུས་ལ་བརྟེན་ནས་སུ།། དགེ་སྡིག་དམ་ཆོས་ལས་སྤྱོད་པས།། འདི་ཕྱི་གཉིས་ཀྱི་བདེ་སྡུག་དང།། འཁོར་བ་མྱ་ངན་འདས་པ་འབྱུང། ། མཐར་ཕྱིན་པ་ཡི་འབྲས་བུ་ཡང།། གནས་སྐབས་ལུས་ཀྱི་བྱེད་པས་བསྒྱུར།། ལུས་ཀྱང་སེམས་ལས་བྱུང་བ་སྟེ།། ངན་འགྲོའི་གནས་ན་བདེ་མེད་འགྱུར།། ལུས་གནས་ལུས་ཀྱི་བྱེད་པའོ།། ལུས་ནི་མེ་ལྟར་རྐྱེན་ཁ་ལ། ཁ་ཟས་སྨན་དང་འདྲ་བར་རིགས།། ཆགས་སྡང་སྡིག་དང་འདྲེས་པ་ཡི།། རྒྱགས་དང་སྲེད་འཕོངས་ཕྱི་མ་ལེགས།། ལུས་མ་གྲུ་ཡི་བློ་བཞག་མ།། བཅུད་ལེན་གྱིས་ནི་ལུས་བཟུངས་བསྐྱེད།། འཚོལ་བའི་ཐབས་ཀྱིས་སྲོག་བསྟན་པའི། ། དབང་པོ་གསལ་ཕྱིར་ལུས་རྩ་དགོས།། ཉེས་པའི་རྩ་བ་ཁྱིམ་པའི་ལས།། ལུས་ཀྱིས་བག་མེད་སྤྱོད་པ་དང།། དེ་ཡི་ངག་གི་འབྲེལ་མེད་གཏམ།། དོན་མེད་ཡིད་ཀྱི་བསམ་མནོ་ཡི། ། སྒོ་གསུམ་སྤྱོད་པ་རབ་ཏུ་གདམ།། བག་ཆགས་དྲི་མས་མ་གོས་པ།། འདམ་སྐྱེས་མེ་ཏོག་ལྟ་བུའོ།། བག་མེད་སྤྱོད་པའི་ཚུལ་སྤངས་ཤིང།། གནས་གྲོགས་གོས་དང་སྤྱོད་པ་ཡི།། བཟང་པོའི་རྐྱེན་གྱིས་ལུས་བསྒྱུར་ཞིང། ། སྤྱོད་ལམ་རྣམ་བཞི་མཛེས་པ་དང།། ངག་ནས་ཆོས་ཀྱི་གཏམ་བརྗོད་པས།། ཡིད་ལ་དེ་ཉིད་མ་ཡེངས་འཆར།། ལྷ་ལྟར་བསྐུར་བའི་ཡོན་ཏན་དེ།། ཙན་དན་དྲིའམ་ཚོས་བཞིན་དུ།། བག་ཆགས་གོམས་པ་ལུས་སྤྱོད་ཀྱིས། ། སེམས་ཀྱི་སྣང་བ་དེ་བཞིན་བསྟན།། བུ་ཆུ་རིགས་བྱེ་ལྟ་བུའོ།། ལུས་ཀྱི་སྤྱོད་པ་སེམས་བསྐྱེད་པ།། ཕྱི་ཡི་ཕྱག་འཚལ་སྐོར་བ་བསོགས།། སེམས་ཀྱི་སྒྲིབ་པ་འདག་པར་བྱེད།། ནང་དུ་མཉམ་པ་གསུམ་གཅུན་པས། ། སེམས་ཀྱི་རྟོག་པ་དབང་དུ་སྡུད།། གསང་བ་ལུས་ལ་བདེ་སྤར་བ།། སེམས་ལ་རྟོགས་པའི་ཡེ་ཤེས་འཆར།། ཐམས་ཅད་ལུས་གནས་འབའ་ཞིག་སྟེ།། དོན་དམ་སེམས་ཀྱི་བདེ་བ་དེ། ། ལུས་ལ་བརྟེན་པ་རྟོགས་པའི་ཕྱིར།། དོན་དམ་ཀུན་རྫོབ་གཟུགས་ཅན་བརྗོད།། བྱང་ཆུབ་སེམས་ནི་ལུས་ལ་གནས།། ལུས་གནས་ལུས་ལས་མ་སྐྱེས་པས།། སེམས་ནི་སོ་དང་རུས་པ་མིན།། དེ་བཞིན་རྩ་དང་ཆུ་རྒྱུས་དང། ། པགས་པ་ཤ་དང་ནང་ཁྲོལ་དང།། ཁྲག་དང་ཆུ་སེར་ཞག་དང་ཚིལ།། སྣབས་དང་ངར་སྣབས་དྲི་མ་གཅིན།། ཀླད་པ་སྐྲ་དང་བ་སྤུ་དང།། གཟུགས་དང་ཁ་དོག་སེམས་མིན་པས།། ལུས་ནི་སེམས་མིན་གསོབ་དང་ཟོག། ཆང་ཁུ་སྟོན་པའི་སྦང་མ་བཞིན།། མི་རྟག་འཇིག་པས་སེམས་མིན་པ།། ལུས་ནི་ཀུན་རྫོབ་གཞན་སྣང་ཙམ།། རང་སྣང་སེམས་ལ་ལུས་མ་མཆིས།། མདངས་སུམ་རྨིས་པའི་རྨི་ལམ་བཞིན།། ལུས་ནི་གར་ཡང་མ་དམིགས་སོ། ། ལུས་དེ་སེམས་ཀྱི་རང་ལུས་དེ།། གལ་ཏེ་ལུས་དེ་སེམས་མིན་ན།། སེམས་དེ་ལུས་ཀྱི་ཕྱིར་གནས་སམ།། གནས་ན་ཕྱི་ནང་ཕྱོགས་རིགས་གང།། ཡང་དག་པར་ནི་མ་མཐོང་ན།། སེམས་དེ་ལུས་ཀྱི་ནང་གནས་སམ། ། ཆེ་ཆུང་རིང་ཐུང་དབྱིབས་ནི་གང།། དེར་ནི་ཡང་དག་མ་མཐོང་ན།། སེམས་དེ་ཕྱི་ནང་གང་ན་གནས།། གང་དུ་ཡང་ནི་མ་མཐོང་ན།། གཉིས་ཀ་མེད་པར་མི་དམིགས་པས།། དཔེར་ན་སྒྲ་དང་པི་ཝང་བཞིན། ། ལུས་ལས་ལོགས་ན་སེམས་མེད་དེ།། སེམས་དང་ལུས་གཉིས་ཟུང་འཇུག་ཡིན།། ཤི་བའི་རོ་ལ་སེམས་མ་མཆིས།། སེམས་ལ་ཤི་བའི་རོ་མ་མཆིས།། སྐྱེ་ཤི་སེམས་ཀྱི་འཕེལ་འགྲིབ་ཡིན། ། སེམས་ལས་བྱུང་བའི་རྣམ་ཤེས་དྲུག། མིག་དང་རྣ་བ་སྣ་ལྕེ་ལུས།། ཡིད་གཟུགས་སྒྲ་དྲི་རོ་རེག་ཆོས།། གཉིས་སུ་མ་ཡིན་གཉིས་སུ་མེད།། སོ་སོ་མ་ཡིན་ཐ་མི་དད།། དབྱེར་མེད་དོན་ལ་ལྷན་ཅིག་སྐྱེས། ། གཅིག་པུ་དྲན་པས་ཀུན་དྲན་ཞིང།། གཅིག་པུ་འགགས་པས་ཀུན་འགགས་པས།། སྐྱེ་འགག་གཉིས་མེད་གཅིག་པ་ཉིད།། དེ་བཞིན་ཉིད་དུ་ངས་བསྟན་ཏོ།། དེ་བཞིན་ཉིད་ཀྱི་སེམས་ཉིད་དེ།། གཅིག་དང་མི་གཅིག་སྤྲོས་དང་བྲལ། ། དངོས་པོ་མ་ཡིན་མཚན་མ་མེད།། སྟོང་པ་མ་ཡིན་ཅིར་ཡང་གསལ།། འགག་པ་མ་ཡིན་རྒྱུན་དུ་ཡོད།། སྐྱེས་པ་མ་ཡིན་འཕེལ་བ་མེད།། གང་དུ་མི་གནས་མཉམ་པ་ཉིད།། དོན་དམ་པ་ཡི་བྱང་ཆུབ་སེམས། ། ནམ་མཁའ་བཞིན་དུ་ཀུན་ལ་ཁྱབ།། བརྟན་དང་གཡོ་བའི་དངོས་པོ་ཀུན།། འཇིག་རྟེན་འཇིག་རྟེན་འདས་པ་ཀུན།། ཀུན་བྱེད་རྒྱལ་པོ་སེམས་ཡིན་ནོ།། སེམས་ཀྱི་རང་བཞིན་བྱང་ཆུབ་སེམས།། མི་འགྱུར་གཡུང་དྲུང་ཆོས་ཀྱི་སྐུ། ། མ་གཡོས་པར་ནི་ཀུན་སྟོན་པ།། ཐོག་མའི་སྟོན་པའི་བཅོམ་ལྡན་འདས།། ཀུན་གྱི་ཡབ་མེས་ཁྱེད་ལ་བསྟོད།། ཐེག་པ་ཆེན་པོའི་མངོན་པར་རྟོགས་པ་བྱང་ཆུབ་ལམ་གྱི་རྒྱུད་ཆེན་ནམ་མཁའ་དང་མཉམ་པ་ལས། ། དོན་དམ་བྱང་ཆུབ་ཀྱི་གནས་ལུགས་ལུས་སེམས་ཀྱི་བརྡ་ལ་བརྟེན་པ་བསྟན་པའི་ལེའུ་སྟེ་དགུ་པའོ།།།། ཐ་མལ་གནས་པའི་འགྲོ་བ་རྣམས།། སྲིད་པའི་བདེ་སྡུག་ཤེས་པ་ལ། ། ལས་ཀྱི་དགག་སྒྲུབ་མ་ཤེས་པས།། དུག་གསུམ་མི་དགེ་ཤུགས་ཀྱིས་འཕེལ།། ངན་སོང་གནས་ན་མུ་མཐའ་མེད།། དགེ་བ་ཕྲ་མོ་ཙམ་གྱིས་ཀྱང།། བདེ་འགྲོ་ཐོབ་པའི་རྒྱུར་འགྱུར་ན།། བྱང་ཆུབ་ཐོབ་པའི་དོན་ཆེད་དུ། ། བསོད་ནམས་ཚོགས་ཆེན་ཅིས་མི་སོག། དེ་བས་རྒྱུ་རྐྱེན་གཉིས་འཛོམ་དུས།། བསོད་ནམས་དགེ་བའི་ཚོགས་མཆོག་སྤེལ།། དེ་ཡི་ཡོན་ཏན་ཆེས་མང་ངོ།། སངས་རྒྱས་འགྲོ་ལ་ཐུགས་བརྩེའི་ཕྱིར། ། དངོས་དང་གཟུགས་བརྙན་སྐུ་གདུང་དང།། རིང་བསྲེལ་མཆོད་རྟེན་མཆོད་པས་མཉེས།། སངས་རྒྱས་ཆོས་དང་འཕགས་པའི་ཚོགས།། རྒྱལ་སྲས་རྣམས་ནི་བྱོན་གྱུར་ནས།། གང་གི་མཆོད་པའི་བསོད་ནམས་ལ། ། དགེ་བའི་ཚུལ་གྱིས་བཞེས་པར་འགྱུར།། དེ་ཚེ་ཆུ་ཐིགས་ཙམ་མཆོད་པས།། དེ་ཡི་བསོད་ནམས་དཔག་ཏུ་མེད།། མང་དུ་བཏང་བ་སྨོས་ཅི་དགོས།། མི་འཛད་པ་ཡི་གཏེར་ཆེན་དེ།། ཞིང་གི་དམ་པ་ཡོན་ཏན་ཞིང། ། རྒྱལ་བའི་རྟེན་ལ་མཆོད་པ་ཡིན།། དཀོན་མཆོག་གསུམ་གྱི་གདུང་འཛིན་པའི།། མཁན་པོ་སློབ་དཔོན་དགེ་འདུན་ཚོགས།། སྐུ་གསུང་ཐུགས་ཀྱི་རྟེན་མཆོག་དང།། སྐུ་གདུང་རིང་བསྲེལ་མཆོད་རྟེན་སོགས། ། བདག་ཉིད་ཆེན་པོའི་བླ་མ་དང།། མཆོད་པའི་ཞིང་དུ་གྱུར་པ་རྣམས།། ཕོ་བྲང་གདན་དང་བཅས་པར་བསྐྱེད།། འཇིག་རྟེན་མགོན་པོའི་སྤྱན་སྔ་ནི།། རྩེ་གཅིག་ཡིད་ཀྱིས་དམིགས་ནས་ནི།། བདག་ཉིད་སྒོ་གསུམ་གུས་པ་ཡིས། ། ཐལ་མོ་སྦྱར་ཞིང་འདི་སྐད་གསོལ།། ཆོས་ཀྱི་དབྱིངས་རྣམས་མ་ལུས་གང།། ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ལ།། བདག་གི་ལུས་ནི་དེ་སྙེད་སྤྲུལ།། སྒོ་གསུམ་གུས་པས་ཕྱག་འཚལ་ལོ། ། སངས་རྒྱས་ཆོས་དང་འཕགས་པའི་ཚོགས།། བྱང་ཆུབ་སེམས་ཀྱི་གཞིར་གྱུར་པའི།། མཆོད་རྟེན་ཀུན་ལ་ཕྱག་འཚལ་ལོ།། མཁན་པོ་དེ་བཞིན་སློབ་དཔོན་དང།། བརྟུལ་ཞུགས་བཟང་དང་མཆོག་གྱུར་པ།། བླ་མ་ལ་ཡང་བདག་ཕྱག་འཚལ། ། ཞེས་བརྗོད་ཡན་ལག་སྨད་ལྔ་ཡིས།། བཏུད་ཕྱག་འཚལ་ཞིང་སངས་རྒྱས་རྣམས།། རེ་རེའི་ཞབས་རྡུལ་སྤྱི་བོ་ཡིས།། གཏུགས་པར་བསམ་ཞིང་མགོས་ཕྱག་འཚལ།། གང་དག་གུས་པས་ཕྱག་འཚལ་ལོ། ། ལུས་ཀྱི་སྒྲིབ་སྦྱང་ཟུག་རྔུ་སེལ།། མི་ཁོམ་བརྒྱད་སྤོང་དལ་བ་རྙེད། ཁ་དོག་གཟུགས་ནི་ཕུན་སུམ་ཚོགས།། མཚན་གྱིས་ལེགས་པར་བརྒྱན་པ་ཐོབ།། སངས་རྒྱས་མཇལ་ཞིང་དགྱེས་པ་དང། ། ཕྱུག་ཅིང་ནོར་ནི་ཆེ་བ་དང།། རིགས་འཁོར་ཕུན་སུམ་ཚོགས་པ་དང།། རིན་ཆེན་བདུན་དང་བཅས་པ་ཡི།། འཁོར་ལོ་སྒྱུར་བའི་རྒྱལ་པོ་ཐོབ།། རྒྱལ་སྲིད་གནས་ནས་སངས་རྒྱས་ལ།། ཡང་དང་ཡང་དུ་བསྟི་སྟང་བྱེད། ། འདི་ནས་འཕོས་ཏེ་ལྷུན་པོའི་རྩེ།། ལྷ་ཡི་དབང་པོ་བརྒྱ་བྱིན་འགྱུར།། བདུད་ཀྱིས་བརྫི་བར་མི་ནུས་པའི།། བསོད་ནམས་ལྡན་ཞིང་དཔལ་དང་ལྡན།། རྒྱལ་བའི་སྲས་སུ་དེ་འགྱུར་རོ།། སུ་ཞིག་བྱང་ཆུབ་སེམས་བསྐྱེད་ནས། ། འཇིག་རྟེན་མགོན་གྱི་མཆོད་རྟེན་ལ།། གུས་པས་སྐོར་བ་བྱེད་པ་ན།། བསྔགས་པས་བསྐལ་བ་བྱེ་བ་ཡང།། ཕན་ཡོན་བརྗོད་པས་ཟད་མི་ནུས།། རྒྱལ་བས་དབྱིངས་ནས་བྱིན་གྱིས་རློབ། ། དངོས་གྲུབ་དེ་ཡི་མཚན་མ་ཐོག། རྫོགས་སངས་རྒྱས་དང་དེ་ཡི་སྲས།། ཐུགས་རྗེ་མངའ་བ་ཁྱེད་རྣམས་ཀྱི།། བདག་ནི་གུས་པས་འབངས་སུ་མཆི།། ཐུགས་རྗེ་ཆེན་པོས་གཟུང་དུ་གསོལ།། ཅེས་པས་མཆོད་རྟེན་གང་ཡིན་པ། ། དངོས་སུ་ཞབས་རྡུལ་སྤྱི་བོས་བླངས།། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི།། སྐུ་གསུང་ཐུགས་ཡོན་འཕྲིན་ལས་ཀྱི།། བྱིན་རླབས་བདག་ལ་འཇུག་པར་བསམ།། ལན་ཅིག་ཐོབ་པའི་ཡོན་ཏན་ཀྱང། ། རྒྱལ་བས་བུ་སྡུག་འདྲ་བར་དགོངས།། བསྐལ་པ་མང་པོའི་སྡིག་པ་བསྙིལ།། དངོས་གྲུབ་ཡོན་ཏན་དཔག་ཏུ་མེད།། སུ་གང་དགོན་པའི་ས་ཕྱོགས་སུ།། སེམས་བསྐྱེད་དམ་པའི་དོན་བསམས་ནས།། གོམ་བདུན་པོར་ནས་དུས་བྱས་ཀྱང། ། ངན་སོང་མི་ལྟུང་བདེ་འགྲོ་ཐོབ།། ལུས་ཀྱི་དགེ་བ་ལུས་ལ་ཐོབ།། སེམས་ཀྱི་ཡོན་ཏན་བསམ་མི་ཁྱབ།། དཀོན་མཆོག་རིན་ཆེན་མཆོད་རྟེན་ལ།། མེ་ཏོག་འཕྲེང་བ་ཕུལ་བ་དང། ཁང་བཟངས་ཡིད་འོངས་བྱས་པ་ན། ཁ་དོག་མཛེས་ཤིང་བལྟ་ན་སྡུག་ཁང་བཟངས་མཛེས་པའི་ནང་དུ་ནི།། ལྷ་ཡི་བུ་མོའི་ཚོགས་བསྐོར་ཞིང།། སུམ་ཅུ་རྩ་གསུམ་དབང་པོ་འཐོབ།། ལྷ་ཡི་དགའ་བ་སྣ་ཚོགས་སྤྱོད། ། ལྷ་ཡི་འཇིག་རྟེན་ཤི་འཕོས་ནས།། མི་སྣང་ལོངས་སྤྱོད་ལྡན་པར་འགྱུར།། དེ་རུ་བསྟི་སྟང་མཆོད་བྱས་ནས།། ཐར་པའི་ལམ་ལ་མགོན་བཅས་མཉེས།། ས་ཕྱོགས་གཙང་ཞིང་ཆག་ཆག་དང།། དྲི་ཞིམ་སྤོས་བྱུགས་སུས་ཕུལ་བ། ། ནད་མེད་བསོད་ནམས་ལྡན་པ་ཡི།། སྐྱེ་བོ་མང་དགའ་ཡིད་དུ་འོང།། རྒྱལ་པོ་ཐོབ་ནས་རྒྱལ་མཆོག་བསྐུར།། གསེར་གྱི་མདོག་ཅན་དྲི་ཞིམ་ལྡན།། གསེར་གྱི་བྱེ་མ་བཀྲམ་པ་དང། ། བཻཌཱུརྻ་ཡི་རྫིང་བུ་དང།། རིན་ཆེན་གཞལ་བྱས་གོས་དང་རྒྱན།། ལྷ་མིན་ཕུན་སུམ་ཚོགས་པ་དང།། ཟག་མེད་ཚུལ་ཁྲིམས་མཆོག་ཏུ་འགྱུར།། མར་མེ་སྣང་གསལ་སྒྲོན་མེ་ཕུལ།། རབ་རིབ་དྲི་མ་བསལ་བ་ན། ། སྡིག་བྲལ་དགེ་བས་ལྷ་རྣམས་དང།། ཀླུ་དང་མིའམ་ཅི་ལ་སོགས།། འཇིག་རྟེན་དག་ན་གང་མཁས་པ།། དགེ་ཞིང་མགུ་ནས་མཆོད་པ་དང།། ལྷ་དང་མི་ཡི་རིགས་མཆོག་དང།། གང་སྐྱེས་བསོད་ནམས་གཟི་བརྗིད་ཆེ། ། གཡོག་འཁོར་མི་ཕྱེད་རྒྱལ་པོ་ཐོབ།། རྫོགས་སངས་རྒྱས་ལ་མཆོད་པར་འགྱུར།། ཆུ་གཙང་ཡིད་འོང་ཕུལ་བ་ན། ཁྲུས་བྱས་དྲི་མ་ཕྱིས་པ་ཡིས།། ལུས་ངན་མི་འགྱུར་གཙང་མའི་གནས།། སྐྱེ་བོ་ཀུན་གྱིས་མཆོད་འོས་པའི། ། འདི་ནས་སྲིད་པའི་རྩེ་མོའི་བར།། དེ་ཡི་དཔལ་དེ་ཟད་མི་ནུས།། དུག་དང་མེ་དང་མཚོན་དང་ནི།། དགྲ་བོའི་འཇིགས་པས་དེ་མི་ཚུགས།། རིང་པོར་མི་ཐོགས་དོན་ལྡན་འགྱུར། ཁ་ཟས་ཡིད་འོང་བཤོས་གཙང་དང། ། བཏུང་བའི་རྣམ་པ་ཇི་སྙེད་པ།། རྒྱལ་དབང་དག་ལ་མཆོད་བྱས་པས།། དེས་ནི་བཀྲེས་ཤིང་དབུལ་བ་སྤང།། འཇིག་རྟེན་བླ་མ་བཀུར་སྟི་བྱད།། རྒྱལ་སྲིད་ཐོབ་ནས་སྟོང་གསུམ་རྒྱས། ། དེ་ཡི་ཡུལ་གནས་སེམས་ཅན་གང།། ལོངས་སྤྱོད་ལྡན་ཞིང་ཡིད་འོང་ལྡན།། དེ་ཀུན་སངས་རྒྱས་ཆོས་ལ་འཁོད།། ཆོས་ཀྱི་འཁོར་ལོ་ཡང་ཡང་བསྐུལ།། མཆོད་རྟེན་སེལ་སྙན་རོལ་མོ་དང།། དབྱངས་དང་བསྟོད་པས་མཉེས་བྱེད་པ། ། ཀུན་ཏུ་སྒྲ་སྙན་དཔོན་དུ་འགྱུར།། བསོད་ནམས་བློ་གྲོས་མཆོད་འོས་པ།། དེས་ནི་ཀུན་གྱི་དབུགས་འབྱིན་བྱེད།། གཡོག་འཁོར་ཡིད་འོང་དབྱངས་དང་ལྡན།། བསམ་པ་ཇི་བཞིན་ཀུན་དགའ་སྐྱེད། ། སྐྱེ་བོའི་ཚོགས་ཀྱིས་བལྟ་འོས་འགྱུར།། མཐོ་རིས་འཇིག་རྟེན་ལྷ་དབང་དང།། མི་འགྱུར་ནའང་རྒྱལ་པོ་ཐོབ།། དེ་ལ་སེམས་ཅན་ཡོངས་དགའ་བྱེད།། ན་བཟའ་དྲི་ཞིམ་ཡིད་འོང་དང།། གོས་མཆོག་སྲབ་འཇམ་མཆོད་རྟེན་དཀྲིས། ། བཙས་མ་ཐག་ཏུ་གོས་འཐོབ་ཅིང།། ལྷ་ཡི་གོས་ཀྱིས་རབ་ཏུ་མཛེས།། གཟུགས་མཛེས་ཁ་དོག་སྟོབས་དང་ལྡན།། དེ་ཡི་ལུས་ནི་ཤིན་ཏུ་བདེ།། སྐྱབས་མེད་རྣམས་ཀྱི་མགོན་དུ་འགྱུར། ། མཚུངས་པ་མེད་པའི་ལུས་ཐོབ་ནས།། ལྟ་བས་མི་ངོམ་རྒྱལ་པོར་འགྱུར།། བྱང་ཆུབ་དམ་པ་སྤྱོད་པར་བྱེད།། གདུགས་དང་རྒྱལ་མཚན་བ་དན་དང།། བླ་བྲེ་འཕྲེང་བ་ཕུལ་བ་ཡིས། ཁྱད་འཕགས་གཟུགས་ནི་གསེར་དང་འདྲ། ། སུམ་ཅུ་རྩ་གཉིས་མཚན་གྱིས་སྤྲས།། འཇིག་རྟེན་ལྷ་མིར་བཅས་པ་ཡིས།། བསྟི་སྟང་མཆོད་པའི་འོས་སུ་འགྱུར།། ལོངས་སྤྱོད་ལྡན་ཞིང་གྲགས་མི་ཉམས།། ཚུལ་ཁྲིམས་ལྡན་ཞིང་ནགས་འདབ་འོང། ། མངོན་ཤེས་འཐོབ་ཅིང་འགྲོ་རྣམས་སྐྱོབ།། མྱ་ངན་འདས་ལ་ཡོངས་མི་རིང།། བྱང་ཆུབ་སྤྱོད་པས་རྒྱལ་བ་མཆོད།། གསེར་དངུལ་རིན་ཆེན་བཻ་ཌཱུརྻ།། བུམ་པ་བཟང་ལྡན་ནོར་གྱི་མཆོག། རྟ་དང་གླང་པོ་ཁྱུ་མཆོག་དང། ། རྩི་བཅུད་སྨན་དང་ཡོ་བྱད་ཀྱི།། རྒྱལ་བའི་མཆོད་རྟེན་མཉེས་བྱེད་པ།། བཅོམ་ལྡན་ཆོས་ལ་མཆོད་བྱེད་པའི།། ཕུན་སུམ་ཚོགས་ལ་ཀུན་དང་ལྡན།། དོན་ནི་མཐོ་རིགས་བདག་པོར་འགྱུར།། ཚུལ་ཁྲིམས་སྦྱིན་གནས་ཀུན་གྱིས་བཀུར། ། ནད་མེད་ཚེ་ཡི་དབང་ཕྱུག་དང།། མཛེས་ཤིང་ལུས་རྣམས་སྡུག་པར་འགྱུར།། ས་ཕྱོགས་ཡིད་འོང་ཁང་བཟང་དང།། ནགས་ཚལ་ལྗོན་ཤིང་སྐྱེད་ཚལ་དང།། རྫིང་བུ་ཡིད་འོང་རི་བོ་མཛེས། ། མགོན་པོ་རིགས་མཆོག་མཆོད་བྱས་པས།། ཀུན་ཏུ་དགའ་བའི་ས་ཕྱོགས་སུ།། ས་ལ་དབང་བསྐུར་རྒྱལ་པོ་དང།། ཚངས་པའི་གཞལ་མེད་ཁང་དང་ནི།། ཚུལ་ཁྲིམས་སྐྱོན་མེད་ཐོབ་པར་འགྱུར། ། འགྲོ་རྣམས་སྡུག་ཅིང་བྱམས་པ་དང།། མང་པོས་མཆོད་འོས་བལྟ་འོས་ལ།། དེ་ལ་གནོད་སེམས་མེད་པར་འགྱུར།། ཆུང་མ་བྲན་དང་གཡོག་འཁོར་དང།། རང་གིས་ལུས་ཀྱི་དབང་ཐང་རྣམས།། རྐང་གཉིས་གཙོ་ལ་མཆོད་བྱས་དང། ། ལྷ་མོ་རྣམས་ཀྱིས་མཆོད་པ་དང།། རྒྱལ་པོ་རྣམས་ཀྱི་བཀུར་བ་ཡི།། ལྷ་དང་མི་ཡི་དབང་པོར་འགྱུར།། ལུས་ཀྱང་རྫུ་འཕྲུལ་སྟོབས་དང་ལྡན།། སྟོབས་བཅུ་མངའ་བའི་དེད་དཔོན་འགྱུར། ། ཀུན་གྱིས་ཕྱག་དང་མཆོད་པའི་གནས།། མཚུངས་མེད་གསེར་མདོག་འདྲ་བ་འཐོབ།། རྒྱལ་བའི་མཆོད་རྟེན་རིགས་རྣམས་ལ།། མེ་ཏོག་བརྙིངས་པ་ཕྱགས་པ་དང།། དྲི་མ་བསལ་ཞིང་ཉམས་པ་བཅོས། ། གང་དག་མཛེས་པར་སུས་བྱས་པ།། ངན་སོང་ལམ་ངན་ཐམས་ཅད་གཅོད།། བར་ཆད་བདུད་ཀྱིས་གླགས་མི་ལྟ།། ཚུལ་ཁྲིམས་ཡོན་ཏན་གཙང་གནས་ཐོབ།། ནད་རྣམས་མ་ལུས་རྣམ་པར་སྤོང།། མཛེས་ཤིང་རྣམ་དག་ལས་སུ་འགྱུར། ། ཤེས་རབ་རྒྱ་ཆེན་སྤྱོད་ལམ་མཁས།། དེ་བཞིན་གཤེགས་དང་ཉེ་བ་ཐོབ།། ཇི་སྙེད་དགེ་བའི་རྩ་བ་རྣམས།། འགྲོ་མགོན་ཐུགས་རྗེའི་སྤྱན་གྱིས་གཟིགས།། དེ་ཡི་མཐུ་ཡིས་འགྲོ་བ་ཀུན། ། བྱང་ཆུབ་ཐོབ་པར་གྱུར་ཅིག་པའི།། སྨོན་ལམ་བཙན་པ་དེ་བཞིན་ཐོབ།། གང་དག་མ་འོངས་དུས་ཀྱི་ཚེ།། ཁམས་གསུམ་སེམས་ཅན་སྲོག་སྟོན་ཞིང།། ཕྱོགས་བཅུའི་རྒྱལ་བ་ཀུན་མཆོད་པས།། ང་ཡི་མཆོད་རྟེན་རྒུད་པ་ལས། ། དམིགས་ཏེ་མཁའ་ལ་མེ་ཏོག་གཅིག། དོར་ན་དེ་ཡི་བསོད་ནམས་ནི།། དཔག་པར་མི་ནུས་དེ་ཡི་རྒྱུས།། མྱ་ངན་འདས་ལ་རེག་པར་འགྱུར།། དངོས་སུ་འབྱོར་བ་ལྟ་ཅི་སྨོས།། ཕྱོགས་བཅུ་ནམ་མཁའ་མཐའ་ཀླས་ནས། ། མེ་ཏོག་བདུག་སྤོས་མར་མེ་དང། ཆུ་གཙང་ཡིད་འོང་བྱུག་པ་དང།། སྨན་དང་རྩི་བཅུད་རིན་ཆེན་འབྲུ།། རིན་ཆེན་རི་བོ་ཉམས་དགའ་བ།། ལྗོངས་དང་ཡུལ་འཁོར་གྲོང་ཁྱེར་དང།། གྲོང་རྡལ་ཕོ་བྲང་གཞལ་མེད་ཁང། ། ནགས་ཚལ་ལྗོན་ཤིང་ལོ་འབྲས་དང།། མེ་ཏོག་དྲི་ངད་མར་མེ་ལོ།། དབྱངས་སྙན་སིལ་སྙན་རོལ་མོ་དང།། བཟའ་བཅའ་བཏུང་བ་རོ་མཆོག་ལྡན།། གཟུགས་དང་སྒྲ་དང་རེག་བྱའི་ཚོགས། ། རིན་ཆེན་སྣ་བདུན་གཏེར་གྱི་རྫས།། ལྷ་ཡི་བུ་དང་འཁོར་རྣམས་དང།། རྒྱལ་པོ་དག་དང་དེ་ཡི་འཁོར།། མཆོད་པར་འོས་པས་རྒྱན་རྣམས་དང།། མཚོ་དང་རྫིང་བུ་པདྨས་བརྒྱན།། འདབ་ཆགས་སྐད་སྙན་ཡིད་འོང་དང། ། ཕུན་ཚོགས་ལོངས་སྤྱོད་ཇི་སྙེད་ཀུན།། ཡོངས་སུ་བཟུང་དང་གཟུང་མེད་པས།། བདག་གི་བློ་ཡིས་བླངས་ནས་སུ།། མཛེས་གཙང་ཡིད་འོང་མཆོད་པའི་སྤྲིན།། ནམ་མཁའ་མཉམ་པར་ཁྱབ་པ་ཡི། ། ཐུབ་པ་སྲས་དང་བཅས་ལ་འབུལ།། མཆོད་གནས་ཐུགས་རྗེ་ཅན་རྣམས་ཀྱིས།། འགྲོ་ལ་བརྩེར་དགོངས་དེ་དག་བཞེས།། དེ་ཡིས་འགྲོ་ཀུན་དོན་འགྱུར་ཞིང།། བདག་ཉིད་འགྲོ་བའི་དེད་དཔོན་འགྱུར། ། རྒྱལ་སྲས་ས་ལམ་རྫོགས་འདོད་པས།། མཆོད་པའི་ལས་ནི་ཅི་ནུས་བརྩམ།། མཆོད་པ་ཀུན་གྱི་གཙོ་བོར་ནི།། བླ་མའི་མཆོད་པ་ཡང་དག་བྱ།། དེ་མཉེས་རྒྱལ་བ་ཀུན་མཉེས་པས།། ཀུན་མཁྱེན་ཡོན་ཏན་མྱུར་དུ་ཐོབ། ། སྙིང་རྗེ་སེམས་ཅན་དོན་གྱི་ཕྱིར།། མཆོད་པའི་ཞིང་དུ་བསྔོ་བྱས་ལ།། སྡུག་འཕོངས་རྣམས་ནི་ཕ་མར་དམིགས།། འཆི་བའི་སྲོག་བཏོན་ཚེ་རིང་ཐོབ།། ནད་ལ་སྨན་བྱིན་ནད་མེད་དང།། དབུལ་ལ་སྦྱིན་པ་ལོངས་སྤྱོད་དང། ། འཇིགས་པ་སྐྱབས་པས་སྟོབས་དང་ནི།། བཟོད་པ་བཀའ་བླངས་གཟུགས་བཟང་དང།། སྡུག་ལ་བྱམས་པས་རིགས་མཐོ་དང།། བདེ་བ་དགའ་བས་གཟི་བརྗིད་ཆེ།། ཆོས་ལ་བཙུད་པས་ཤེས་རབ་ཐོབ། ། ཀུན་ལ་གནོད་མེད་ཕན་བཏགས་པས།། ཀུན་བདག་ཡིད་དུ་འོང་བ་ནི།། བདེ་འགྲོ་ཡོན་ཏན་བརྒྱད་ལྡན་ཐོབ།། བྱང་ཆུབ་སེམས་ཀྱི་འབྲེལ་གཞག་ན།། གང་ལ་ཕན་བཏགས་དོན་ལྡན་འགྱུར།། འཇིགས་པའི་ལམ་སྒྲོལ་གྲུ་ཟམ་དང། ། རྒྱ་ལམ་འཆོས་པའི་འགྲོན་གཉེར་གྱིས།། ཐེག་ཆེན་དོན་ལ་སྟོབས་ལྡན་འགྱུར།། ས་ཡི་ལམ་ལ་མཆོད་རྟེན་བྱ།། ཡི་དྭགས་རྣམས་ལ་ཆུ་སྦྱིན་གཏང།། འབྱུང་པོ་རྣམས་ལ་གཏོར་མ་སྦྱིན། ། ཐོ་རངས་ལངས་ཏེ་ཁྲུས་ཀྱང་བྱ།། སེམས་ཅན་དོན་དུ་ཁ་ཏོན་བཀླག། འགྲོ་ལ་ཕན་ཞིང་རང་སྒྲིབ་འདག། རྐྱེན་དབང་ལས་ཀྱི་སྟོབས་ཀྱིས་སུ།། སྡིག་པའི་ལས་ནི་གང་ཡོད་པ།། དཔེར་ན་རླན་ཅན་ཤིང་ལ་ནི། ། མེ་ནི་འབར་བར་མི་ནུས་བཞིན།། སྡིག་པས་སྡུག་བསྔལ་ཐམས་ཅད་སྐྱེད།། བདེ་བ་ཐམས་ཅད་འཕྲོག་པར་བྱེད།། དགེ་བའི་ཡོན་ཏན་གང་ཡོད་པ།། རྒྱུད་ལ་སྡིག་ལྡན་བསྐྱེད་མི་ནུས།། དེ་ཕྱིར་སྡིག་པས་མི་གོས་པར། ། རྒྱུད་ལ་དྲི་མ་རབ་ཏུ་སྦྱང།། ཚོར་དང་མ་ཚོར་དབང་གིས་སུ།། བཅས་དང་རང་བཞིན་མ་ཐོ་བ།། རང་གཞན་ཀུན་ལ་མི་གཙང་བའི།། དྲི་མས་སྦགས་པའི་ཟས་བཞིན་དུ།། སྡིག་པའི་ལས་ངན་ཅི་བྱས་པ། ། མཁས་པ་དུག་ཟོས་པས་ཀྱང་འགྱོད།། སླར་ཞིང་ཉེས་པ་སྦྱངས་པ་ནི།། ཕྱོགས་བཅུ་ཀུན་ན་བཞུགས་པ་ཡི།། ཐམས་ཅད་མཁྱེན་གཟིགས་འཁོར་བཅས་ལ།། ཐལ་མོ་སྦྱར་ཏེ་གསོལ་བ་ནི།། ཐོག་མེད་གྱུར་ནས་ད་ལྟའི་བར། ། གང་གི་ཚེ་རབས་ཐམས་ཅད་དུ།། བདག་གིས་མ་འཚལ་སྡིག་བགྱིས་པ།། བགྱིད་དུ་བརྩལ་དང་ཡི་རང་སྦྱར།། གཏི་མུག་འཁྲུལ་པའི་དབང་གིས་སུ།། ནོངས་པའི་ལས་རྣམས་ཅི་བགྱིས་པ།། བསམ་པ་ཐག་པས་མགོན་ལ་བཤགས། ། ཁྱད་པར་བདག་གི་ཉེས་ཆེན་པོ།། དཀོན་མཆོག་གསུམ་དང་ཕ་མ་དང།། བླ་མའམ་ནི་གཞན་གྱུར་ལ།། ལུས་ངག་ཡིད་གསུམ་སྒོ་ནས་སུ།། ཉོན་མོངས་སྟོབས་ཀྱིས་མི་བཟད་པའི། ། ཉེས་པ་དུ་མ་བྱུང་བ་རྣམས།། མགོན་པའི་སྤྱན་སྔར་མཐོལ་ལོ་བཤགས།། ཕྱིན་ཆད་སྡིག་པ་མི་བགྱི་འཚལ།། ཐུགས་རྗེ་ཆེན་པོས་གཟུང་དུ་གསོལ།། བདག་གི་སྡིག་པ་མ་བྱང་བར།། སྲོག་གི་བར་ཆད་གྱུར་པ་ན། ། བཀའ་ཆད་མི་མཛད་རྣམ་སྨིན་ལམ།། མྱུར་བའི་ཚུལ་གྱིས་སྐྱབ་ཏུ་གསོལ།། སྡིག་བྱང་སེམས་ལ་དྲི་མེད་པའི།། འདམ་གྱི་ཤེལ་བཞིན་དག་པར་འགྱུར།། དྲི་མ་མེད་པའི་སེམས་རྟོགས་ནས། ། འདི་ནི་འགྱོད་ཚངས་མཆོག་ཡིན་ནོ།། གང་ཕྱིར་བདག་གི་སྡིག་སྤྱད་པ།། རྣམ་པར་སྨིན་པ་བདག་མྱོང་བའི།། གཤེད་མའི་རལ་གྲི་གདེང་འདྲ་བའི།། གཤིན་རྗེའི་ཕོ་ཉས་འཇིགས་པ་ཡིས།། བཟུང་ནས་རབ་ཏུ་ཉམ་ཐག་ལ། ། གང་གིས་སྐྱོབ་པར་མི་ནུས་པའི།། འཇིགས་ཆེན་སྡིག་པའི་ལམ་འཕྲང་ལ།། ཀུན་ཀྱང་ཡི་མུག་སྡུག་བསྔལ་སྐྱེ།། འཇིག་རྟེན་མགོན་པོ་མ་གཏོགས་པ།། འདི་ཡི་དུས་ན་སུས་མི་ཕན།། དེ་བས་རྒྱལ་སྲས་བླ་མ་མགོན། ། གང་གིས་རེག་པ་དོན་ལྡན་པའི།། སྟོབས་ཆེན་འཇིགས་པ་ཀུན་སེལ་བ།། དེ་རིང་ཉིད་ནས་སྐྱབས་སུ་མཆི།། ཁྱེད་ཀྱི་ཐུགས་རྗེའི་འོད་ཟེར་གྱིས།། ནམ་དུ་ཡང་ནི་མི་གཏང་འཚལ།། བདག་གི་ལུས་འདི་ཁྱེད་འབུལ་གྱིས། ། བཞེས་ཏེ་སྡིག་ཅན་བདག་ལ་སྐྱོབས།། བདག་ལ་རེ་ས་གཞན་མ་མཆིས།། ཐུགས་རྗེ་ཆེ་མགོན་ཁྱོད་མཁྱེན་ནོ།། ཞེས་གསོལ་ཡིད་ཀྱིས་བསྟོད་བྱས་པས།། འཇིགས་པ་མ་ལུས་ཀུན་ལས་ཐར། ། ཐར་པའི་ཞིང་དུ་བདེ་བར་འཁྲིད།། སྐྱབས་ཀྱི་དམ་པ་སྐྱབས་སུ་འགྲོ།། ཕྱག་བྱར་འོས་པ་བླ་མའི་མཆོག། འཇིག་རྟེན་གསུམ་ན་དཀོན་པས་ཏེ།། བདེ་འགྲོ་ཐར་པའི་རྟེན་དང་གླིང།། དཔེར་ན་འཇིགས་པའི་གཡང་ས་རུ། ། ཤེས་བཞིན་དྲན་པས་མི་འགྲོ་བཞིན།། སྡིག་པའི་ལས་ནི་ནམ་དུ་ཡང།། གཉེན་པོའི་བརྟེན་ལ་མི་བྱ་སྟེ།། རང་གི་སྲོག་དང་བསྡོས་བྱས་ལ།། ཐུགས་རྗེ་ཅན་རྣམས་དཔང་པོར་གསོལ།། ཁྱེད་ཀྱི་བཀའ་ལས་མི་འདའ་སྟེ། ། འདས་ན་རང་ཉིད་འཚིག་པར་འགྱུར།། མི་གང་ནད་ཀྱིས་འཇིགས་པ་དག། སྨན་པའི་ངག་བཞིན་བྱ་དགོས་ན།། སྡིག་པའི་རྣམ་སྨིན་འཇིགས་པ་ལ།། བླ་མའི་བཀའ་བཞིན་ཅི་མ་དགོས། ། འདི་ནས་བཟུང་སྟེ་ནམ་དུ་ཡང།། སྲོག་ལ་བབ་ཀྱང་མི་བགྱིད་དོ།། བདག་གི་ངག་དང་ལུས་སེམས་ཀྱི།། བཤགས་བསྡམ་ཡང་དང་ཡང་དུ་བྱ།། ཁྲུས་དང་ལྡན་པའི་སྣོད་དག་ལ།། དྲི་མའི་གནོད་པས་མི་གོས་བཞིན། ། གཙང་མའི་རྒྱུད་ལ་སྡིག་མི་འགོ།། སྡིག་མེད་ཡོན་ཏན་འཕྲལ་ལ་སྐྱེ།། སྤྲིན་མེད་ཉི་མའི་དཀྱིལ་འཁོར་བཞིན།། དགེ་བའི་དོན་ཀུན་གསལ་བར་འགྱུར།། སྡིག་པ་མྱུར་དུ་མ་བཤགས་ན།། བདག་གི་འདུ་བྱེད་རྐྱེན་དབང་གིས། ། ཚེ་ཡི་འདུ་བྱེད་གྱུར་པ་ན།། ཕྱི་མ་གཤེད་དུ་འགྲོ་དགོས་པས།། སྡིག་པའི་རྣམ་སྨིན་མི་བྱང་སྟེ།། རྡུལ་ཕྲན་བསགས་པ་རི་རབ་བཞིན།། སླར་ཞིང་ཇེ་ཆེ་ཇེ་འཕེལ་སོང།། སྡིག་པའི་ཕུང་པོ་རི་རབ་ཙམ། ། ཆུང་ངུ་གཅིག་ལ་བརྟེན་ནས་འབྱུང།། དེ་བས་མྱུར་དུ་འཕྲལ་ལ་སྦྱོང།། ཕྱིན་ཆད་རྣམ་སྨིན་མི་འགོས་བྱ།། དག་པའི་བྱང་ཆུབ་སེམས་སྐྱེས་ན།། སྡིག་པ་ཀུན་ལས་ངེས་པ་གྲོལ།། རང་སྣང་མ་དག་རྣམ་སྨིན་ལ། ། གྲོལ་བར་མི་འགྱུར་གཉེན་པོ་བརྟེན།། སྨན་ལ་དུག་གིས་མི་ཚུགས་སོ།། སྡིག་མེད་སྡིག་པ་དག་པའི་རྟགས།། ཉམས་དགའ་ལུས་སེམས་བདེ་བ་དང།། མ་རྨོངས་གདངས་གསལ་རིག་པ་ཐོན། ། གང་གནས་ས་རུ་མེ་ཏོག་འཁྲུང། ཁྲུས་བྱས་རྒྱན་བཏགས་མཁའ་ལ་འཕུར།། བཤལ་སྐྱུགས་གཅེར་བུ་གྱེན་ལ་འཛེགས།། དཀོན་མཆོག་མཆོད་རྟེན་གཙང་གནས་མཐོང།། ཉི་མ་ཟླ་བ་ཤར་བ་རྨིས།། དད་པ་དགེ་བའི་ཕྱོགས་ལ་སྐྱེ། ། དམ་པ་མཐོང་ན་ཡིད་དུ་འོང།། བག་དང་ལྡན་པར་འགྱུར་བ་ཡིན།། བདག་གི་སྔོན་ཆད་དགེ་བ་ཡིས།། ངན་འགྲོ་ལས་གྲོལ་བདེ་འགྲོ་ཐོབ།། རྒྱལ་བའི་སྲས་དང་དུས་འདིར་མཇལ། ། བྱང་ཆུབ་སྙིང་པོ་རང་ལ་རྙེད།། འགྲོ་ལ་ཕན་པ་བྱ་རུ་གྱུར།། འདི་ཉིད་དགེ་བའི་མཐུ་སྟོབས་ལ།། སྔོན་གྱི་དགེ་བ་ཆུད་མ་གསན།། ད་ཡང་མི་བཟད་འཕེལ་ཕྱིར་དུ།། དགེ་བ་ཅི་ནུས་བདག་གིས་བསགས། ། སྔོན་ཆད་སངས་རྒྱས་སྐུ་དྲིན་ཡིན།། ད་ནི་འགྲོ་ལ་ཅི་ཕན་བྱ།། བདག་གི་ལུས་དང་སྲོག་ཀྱང་བཏང།། སོང་བ་དོན་ཅན་ཉིད་དུ་འགྱུར།། ལོངས་སྤྱོད་རྫས་རྣམས་སྨོས་ཅི་འཚལ།། སང་ཙམ་འཆིའམ་སུས་ཤེས་ན། ། དེ་རིང་ཉིད་ལ་བརྟུན་ཏེ་བྱ།། དགེ་ལ་ཕྱི་བཤོལ་བྱེད་པ་ན།། སྡིག་ལ་མངོན་པར་དགའ་བ་ཡིན།། དེ་བས་མྱུར་དུ་འབད་པ་ཡིན།། སྤྲོ་བའི་སེམས་ཀྱི་ཉམས་སུ་བླངས།། སེམས་ཅན་ངན་སོང་སྡུག་བསྔལ་ལས། ། གྲོལ་ནས་གནས་སྐབས་བདེ་བ་ཡིས།། དགེ་བ་ཆུང་ངུ་ཙམ་ལ་ཡང།། བདག་ནི་རྗེས་སུ་ཡི་རང་ཞིང།། དངོས་པོའི་རྫས་དང་ཡོ་བྱད་དང།། བྱང་ཆུབ་སེམས་དང་ཏིང་འཛིན་དང།། ལག་ལེན་སྟོབས་དང་འདུན་པ་ཡི། ། བྱང་ཆུབ་རྒྱུར་གྱུར་དགེ་བ་ནི།། འཇིག་རྟེན་ཁམས་ན་གང་ཡོད་ལ།། བདག་ནི་དཔག་མེད་རྗེས་ཡི་རང།། ལུས་ཅན་འཁོར་བའི་སྡུག་བསྔལ་ལས།། བློ་ལོག་ངེས་པར་ཐར་པ་ཡི།། དགྲ་བཅོམ་རང་རྒྱལ་ཡོན་ཏན་ལ། ། བདག་ནི་རྗེས་སུ་ཡི་རང་ངོ།། དེ་བཞིན་གཤེགས་པ་ཚད་མེད་དང།། རྒྱལ་སྲས་བར་གནས་ཡོན་ཏན་གྱིས།། འགྲོ་ཀུན་བྱང་ཆུབ་དགོངས་མཛད་པའི།། དམ་པ་རྒྱུན་མི་འཆད་པ་ལ།། རྗེས་སུ་ཡི་རང་མངོན་པར་བསྟོད། ། དེ་དང་དེ་འདྲ་ཇི་སྲིད་ལ།། ཀུན་ནས་རྗེས་སུ་ཡི་རང་ངོ།། བྱང་ཆུབ་སེམས་དཔའ་རབ་ལྡན་ལ།། ཁྱིམ་ན་གནས་ཀྱང་ཡོན་ཏན་འཕེལ།། སོ་སོའི་སྐྱེ་བོའི་དགེ་བ་ལ།། ཡི་རང་ཐར་པ་ཆ་མཐུན་ཐོབ། ། ཉན་ཐོས་རང་རྒྱལ་དགེ་བ་ཐོབ།། བྱང་ཆུབ་སེམས་དཔའི་དགེ་བ་ལ།། ཡི་རང་སངས་རྒྱས་ཡོན་ཏན་ཐོབ།། དེ་ཡང་སེམས་དགེའི་སྟོབས་ལས་བྱུང།། སྟོབས་མེད་ཐད་ཀའི་ཆ་མཐུན་ཐོབ།། སྟོང་གསུམ་ཉུངས་འབྲུས་བཀང་ནས་སུ། ། གཟུང་བར་ནུས་པའི་ཚད་གཟུང་རུང།། རྗེས་སུ་ཡི་རང་དགེ་བ་ནི།། ཚད་གཟུངས་བསྒྲང་བར་ནུས་མ་ཡིན།། སེམས་ཅན་ཀུན་གྱི་དགེ་བ་རྣམས།། རྗེས་སུ་ཡི་རང་སྐད་ཅིག་གིས། ། རེ་རེ་ཞིང་དུ་ཐོབ་པ་ལ།། རྒྱལ་བའི་ཡོན་ཏན་བརྗོད་མི་ལང།། རྗེས་སུ་ཡི་རང་དགེ་བ་ལས།། ཉན་ཐོས་རང་རྒྱལ་བྱང་ཆུབ་སེམས།། སངས་རྒྱས་སེམས་ཅན་ཀུན་མཉེས་པས།། དེ་ཡི་བསོད་ནམས་ཆེས་མང་ངོ། ། ཡི་རང་བ་ཡི་དགེ་བ་ལ།། བདུད་དང་བདུད་ཀྱི་རིགས་རྣམས་ཀྱིས།། གླགས་སྐབས་རྙེད་པར་མི་འགྱུར་རོ།། གང་དག་ཡི་རང་མི་བྱེད་པ།། ད་ནི་བདུད་ཀྱིས་ཟིན་པར་ངེས།། དགེ་བ་མི་འཕེལ་ལོག་པར་མཛད། ། སེམས་ཅན་དེ་ནི་བདེ་མེད་འགྱུར།། ང་ཡི་ཆོས་ལ་ཕྲག་དོག་མེད།། རྗེས་སུ་ཡི་རང་དག་པས་ཐོབ།། གང་གིས་ཡོན་ཏན་རྒྱ་མཚོ་མཐའ་ཡས་ལ།། བདུད་དང་མི་མཐུན་སྐྱོན་རྣམས་འཇོམས་མཛད་པའི། ། མཐོང་ཐོས་དྲན་རེག་འགྲོ་རྣམས་བདེ་ལ་འགོད།། ཕྱོགས་བཅུའི་མགོན་རྣམས་དབྱངས་ཀྱི་ཡན་ལག་བསྟོད།། བསྟོད་དབྱངས་སྙན་པའི་མཆོད་སྤྲིན་དེས།། ངེས་པར་ཀུན་ལས་འབྱུང་འགྱུར་ནས།། རྒྱལ་བ་ཐམས་ཅད་མཉེས་འགྱུར་ཏེ། ། སེམས་ཅན་ཀུན་ལ་ཕན་པར་ཤོག། ཕྱོགས་རྣམས་ཀུན་ན་བཞུགས་པ་ཡི།། རྫོགས་སངས་རྒྱས་དང་བྱང་ཆུབ་སེམས།། ཐུགས་རྗེ་ཆེ་མངའ་ཁྱེད་རྣམས་ལ།། ཐལ་མོ་སྦྱར་ཏེ་གསོལ་བ་འདེབས། ། བདག་ལ་ནུས་པ་མ་མཆིས་ཀྱང།། ཐུགས་རྗེ་བརྩེ་བར་དགོངས་སུ་གསོལ།། རྒྱལ་དང་གང་དག་དེ་ཡི་སྲས།། ཆོས་འཁོར་བསྐོར་བར་མི་མཛད་པ།། དེ་ནས་བཟུང་སྟེ་ཇི་སྲིད་བར།། སེམས་ཅན་སྡུག་བསྔལ་མུན་འཐོམས་ལ། ། ཆོས་ཀྱི་སྒྲོན་མེ་སྤར་དུ་གསོལ།། ཉོན་མོངས་གཅོང་ནད་ཟིན་པ་ལ།། ཆོས་ཀྱི་བདུད་རྩི་དབབ་ཏུ་གསོལ།། སྡུག་བསྔལ་བདེ་བས་འཕོངས་པ་ལ།། ཆོས་ཀྱི་དགོས་འདོད་སྩལ་དུ་གསོལ། ། སྡུག་བསྔལ་མགོན་མེད་གྱུར་པ་ལ།། སྐྱོབ་པ་ཆོས་འཁོར་སྐོར་དུ་གསོལ།། ཆོས་ཀྱི་དོན་དུ་གང་བསྐུར་བ།། ཚངས་པ་ཆེན་པོ་ཇི་བཞིན་དུ།། རྒྱལ་བ་ཐམས་ཅད་མཉེས་པ་ཡི།། འགྲོ་བ་ཀུན་གྱི་དེད་དཔོན་འགྱུར། ། ཐམས་ཅད་མཁྱེན་པ་སྟོན་པ་པོ།། ཐ་དད་འགྲོ་བ་དྲང་དོན་དུ།། དེ་ཉིད་སློབ་དཔོན་གཟུགས་དུ་བྱོན།། སྐུ་གསུང་ཐུགས་ཀྱི་ཡོན་ཏན་ལ།། བདེ་གཤེགས་སྙིང་པོ་ཀུན་ཁྱབ་པའི།། གང་གི་ལུས་ངག་ཡིད་གསུམ་གྱིས། ། དངོས་ཀྱི་འདུ་ཤེས་བསྐྱེད་བྱས་ནས།། གསོལ་བ་ཅི་བཏབ་འབྲས་བུ་དང།། ཐུགས་ཡིད་གཅིག་ཏུ་འདྲེས་པ་དང།། དོན་གྱིས་གཅིག་རྒྱུད་འཕོས་པ་ཡིས།། རྒྱལ་བའི་གདུང་ནི་རྒྱུན་མི་འཆད།། དངོས་དང་དངོས་མེད་འགྲོ་བ་འདྲེན། ། འཕྲིན་ལས་མི་ཟད་རྒྱུན་མི་འཆད།། འཇམ་དཔལ་ཇི་ལྟར་མཁྱེན་པ་དང།། ཀུན་ཏུ་བཟང་པོ་དེ་རང་བཞིན།། མོས་གུས་གང་ཡོད་རྒྱལ་བ་མཉེས།། གསོལ་བ་གང་བཏབ་དེ་དོན་ཐོབ། ། ང་ཡི་རང་བཞིན་ཆོས་ཀྱི་སྐུ།། མ་གཡོས་ཐབས་ཀྱི་དྲང་དོན་དུ།། གཟུགས་སྐུ་དངོས་དང་གཟུགས་བརྙན་ཚུལ།། རི་མོ་ཙམ་གཅིག་མཐོང་བས་ཀྱང།། སངས་རྒྱས་ཞལ་མཐོང་མཚུངས་པ་སྟེ། ། གང་ལ་བར་ཆད་མི་ཚུགས་ཤིང།། ས་ཕྱོགས་དེར་ནི་བདེ་ལེགས་འགྱུར།། ང་ཡི་སྐུ་གསུང་ཐུགས་ཀྱི་རྟེན།། རིང་བསྲེལ་མཆོད་རྟེན་སུ་བཞེངས་པ།། དངོས་གྲུབ་དམ་པ་གཅིག་དང་ལྡན།། ཉམས་པ་གསོས་ཤིང་དགེ་འདུན་ལ། ། རིམ་གྲོ་གང་བྱས་རྒྱལ་པོ་ཐོབ།། སངས་རྒྱས་རྣམས་ལ་བཀུར་སྟི་བྱེད།། དགེ་བའི་བཤེས་གཉེན་མགོན་བཅས་འགྱུར།། མེ་དང་ཆུ་དང་རླུང་དག་གིས།། བསྐལ་པ་འཇིག་པར་རྟེན་འདི་རྣམས། ། བསོད་ནམས་སྤེལ་ཕྱིར་བཞུགས་སུ་གསོལ།། འགྲོ་ཀུན་ཡིད་མོས་གང་ཡིན་བདེ།། སེམས་ཅན་ཉོན་མོངས་ལེ་ལོ་དབང།། མ་དད་ལོག་པར་མཐོང་བས་བསྒྲིབས།། རྒྱལ་བ་མྱ་ངན་འདའ་བཞེད་ལ།། ཐལ་མོ་སྦྱར་ཏེ་གསོལ་བ་ནི། ། མ་རིག་མདོངས་པའི་འགྲོ་རྣམས་དོན།། རྟག་ཏུ་མི་འདའ་བཞུགས་སུ་གསོལ།། སེམས་ཅན་ཀུན་གྱི་དོན་དུ་ནི།། མཆོད་པའི་ལས་ནི་ཅི་ནུས་བགྱི།། དེ་ཡིས་བདག་ཀྱང་འགྲོ་བའི་དོན། ། རྒྱལ་བ་མཉེས་པའི་དཔལ་དུ་ཤོག། དེ་ལྟར་དགེ་བ་སྟོབས་ཆེ་བ།། སྨོན་ལམ་མཐུ་ཡིས་དོན་འགྲུབ་ཕྱིར།། དགེ་བ་འདི་དང་དགེ་གཞན་གྱིས།། བདག་གི་རྫུ་འཕྲུལ་སྟོབས་ཐོབ་ནས།། མཁའ་དང་མཉམ་པའི་འགྲོ་བ་ཀུན། ། སོ་སོའི་སྡུག་བསྔལ་མ་ལུས་པ།། འཇོམས་བྱེད་ཡན་པ་ཉིད་དུ་ཤོག། བདག་ནི་མཐོང་ཐོས་དྲན་རེག་ཀུན།། ཡིད་ལ་གང་དང་གང་འདོད་པ།། མི་བཟད་ཕུན་སུམ་ཚོགས་པ་ཡི།། བསམ་པ་ཡིད་བཞིན་གྲུབ་གྱུར་ཅིག། བདག་ལ་མི་དད་གནོད་གྱུར་པའི།། ཕྱིན་ཅི་ལོག་གི་འགྲོ་བ་ཡང།། རང་གི་འདོད་པའི་དོན་ཚིམ་ནས།། བྱང་ཆུབ་ལམ་ལ་འཁོད་གྱུར་ཅིག། བདག་ཉིད་མ་མཐོང་མ་དྲན་པའི།། འགྲོ་བ་རང་རང་སོ་སོ་ཡི། ། གང་ལག་གང་འདོད་དེར་སྟོན་པའི།། ཐམས་ཅད་བདེ་ལ་འགོད་བྱེད་ཤོག། བདག་གི་བསམ་པ་སྐད་ཅིག་རེས།། འཁོར་བའི་སྡུག་བསྔལ་ཀུན་གྲོལ་ནས།། ཆོས་ཀྱི་དབྱིངས་ཀྱི་བདེ་བ་ལ།། སེམས་ཅན་མ་ལུས་སངས་རྒྱས་ཤོག། བདག་གི་སྨོན་ལམ་མཐུ་བཙན་པས།། འཁོར་བ་མི་གནས་མྱ་ངན་འདས།། ཐམས་ཅད་ཆོས་ཀྱི་དབྱིངས་སུ་སྒྲོལ།། དེ་ཡིས་སྨོན་པ་ཉིད་དུ་འགྲུབ།། བདེ་ལེགས་ཀུན་གྱི་རྒྱུར་གྱུར་པ།། དགེ་བ་འདིས་མཚོན་དུས་གཅིག་གི། ། རང་བཞིན་ཀུན་གྱི་དགེ་བ་ནི།། ཆུང་ངུ་འབྲིང་དང་མཆོག་གྱུར་པའི།། བསོད་ནམས་མཐུ་དེ་བསྔོ་བ་ལ།། ཞིང་གི་དམ་པ་མཆོག་གྱུར་ཅིང།། གང་གི་ཕུལ་བ་དོན་ཆེ་བ།། དཀོན་མཆོག་གཅིག་ལ་མཆོད་པ་བསྔོ། ། ཆེད་དུ་ནམ་མཁའི་མཐས་ཀླས་པའི།། མ་རྒན་འགྲོ་བ་ཀུན་གྱི་དོན།། རང་གི་དོན་ཕྱིར་ཆགས་ཞེན་མེད།། གཞན་རྣམས་ཀུན་ལ་ཡོངས་ཁྱབ་པའི།། ཐེ་ཙོམ་བྲལ་བའི་སྤྲོ་སེམས་ཀྱིས། ། སེར་སྣ་མེད་པའི་ཆེད་དུ་བསྔོ།། ཆོས་ཀྱི་དབྱིངས་དང་མཉམ་པ་ཡི།། མི་འཛད་འབྲས་བུ་བླ་ན་མེད།། ཀུན་གྱི་མཐོང་ཕྱིར་རབ་ཏུ་བསྔོ།། གང་གི་དགེ་བའི་རྒྱུ་བསགས་པ།། མ་དྲན་པའམ་མ་ཤེས་ན། ། སེམས་ཀྱི་དགེ་བ་མ་མཆིས་པས།། ཟད་དང་ལོག་པ་ཆུད་ཟོས་འགྱུར།། རྒྱུ་ལ་བརྟེན་པ་འབྲས་བུ་ནི།། སེམས་ཀྱི་དགེ་བ་སྟོབས་ཆེ་བས།། ཇི་ལྟར་དངོས་པོ་དེ་འབྲས་འབྱུང།། བསྔོ་བ་དམིགས་མེད་ཡོངས་ལ་བསྔོ། ། འཁོར་གསུམ་ཡོངས་དག་འཛིན་པ་མེད།། མ་བཅོས་ཤེས་པ་བསྔོ་བ་ཡིན།། དམིགས་གཏན་མཚན་མར་སྔོ་བྱེད་པ།། བྱང་ཆུབ་དམ་པ་དེས་མི་ཐོབ།། དམིགས་མེད་ཡོངས་ཁྱབ་བསྔོ་བའི་དོན།། ཐོག་མ་བར་དང་མཐར་དགེ་བ། ། བྱང་ཆུབ་ཐོབ་ཕྱིར་བསྔོ་བར་བརྗོད།། ངན་རྟོག་དྲི་མ་མེད་པ་ཡི།། གུས་པའི་སེམས་དང་རབ་ལྡན་པས།། དཀོན་མཆོག་རིན་ཆེན་བླ་མེད་གསུམ།། མཆོག་ཏུ་གྱུར་པའི་བླ་མ་ལ།། སྐད་ཅིག་སངས་རྒྱས་ཡིད་བྱེད་པ། ། དེ་ཡི་དྲུང་ན་ཐུབ་པ་བཞུགས།། རྒྱལ་བའི་སྲས་སུ་དེ་འགྱུར་བས།། བསོད་ནམས་ཆེ་མང་དཔག་ཏུ་མེད།། འཁོར་བ་འདི་ནས་ཐར་པ་ལ།། བསྐལ་པ་མང་པོའི་སྒྲིབ་པ་བསྙིལ།། ཡོན་ཏན་ཡེ་ཤེས་མཆོག་ལ་མྱུར། ། རང་འདོད་དྲི་མ་བྲལ་བ་ཡི།། ལྟུང་བའི་སེམས་དང་རབ་ལྡན་པའི།། སྙིང་རྗེའི་མཆི་མ་ཐིགས་གཅིག་གིས།། ནམ་མཁའི་མཐའ་ཀླས་གྱུར་པ་ཡི།། སེམས་ཅན་ཀུན་ལ་སེམས་བསྒོམ་པའི། ། ཀུན་གྱི་སྙིང་ལ་ས་བོན་ཐེབས།། དེ་ཡི་བསོད་ནམས་ཚད་དུ་མེད།། གཟུགས་སྐུ་འགྲོ་དོན་ཀུན་ལ་ཁྱབ།། སྣང་བ་སྒྱུ་མའི་རང་བཞིན་ལ།། སྣང་གྲགས་གཟུགས་ཀྱི་དངོས་པོ་རྣམས།། ལྷ་ཡི་སྐུ་རུ་སུ་ཤེས་པ། ། ཆོས་སྐུ་གཟུགས་སྐུ་དེར་ཤར་བས།། སེམས་ཅན་སངས་རྒྱས་ཞལ་དེར་མཇལ།། གཉིས་མེད་རྟོགས་ན་དེ་བཞིན་གཤེགས།། ཕྱག་རྒྱ་ཆེན་པོའི་ལྷ་སྐུ་ནི།། མང་པོར་བསྒོམས་དང་གཅིག་ཏུ་འདྲ།། བསོད་ནམས་ཚོགས་རྫོགས་ཡེ་ཤེས་འཐོབ། ཁ་ཟས་ཀུན་ལ་མཆོད་སྦྱིན་བྱ།། བསྐལ་པ་བྱེ་བ་ཕྲག་བརྒྱར་ཡང།། བསོད་ནམས་ཡོན་ཏན་བརྗོད་མི་ནུས།། ཐེ་ཚོམ་ཐམས་ཅད་རྣམ་པར་སེལ།། སྒྲིབ་པ་ཀུན་ལས་ངེས་པར་གྲོལ། ། ཆུ་བོ་རྒྱ་མཚོ་ཀུན་ལས་བརྒལ།། ཆོས་ཀུན་རྣམ་པར་ཁོང་དུ་ཆུད།། བསོད་ནམས་ཕུང་པོ་རྣམ་པར་འཕེལ།། ཡེ་ཤེས་ཕུང་པོ་རྣམ་པར་ཐོབ།། སེམས་ཅན་རྣམས་ནི་རྣམ་སྦྱོང་བའི།། མགོན་པོ་སེམས་ཅན་ཀུན་དོན་དུ། ། དེ་ཡི་ཡོན་ཏན་དཔག་པར་དཀའ།། ཚོགས་བསགས་པས་ཀྱང་ཚོགས་མི་ཐོབ།། ཚོགས་མ་བསགས་པས་ཚོགས་མི་ཐོབ།། དེ་བས་ཚོགས་ཀུན་གོང་དུ་སྤེལ།། འཕེལ་བས་མི་བཟོད་རྒྱུད་མི་འཆད།། ཐེག་པ་ཆེན་པོའི་མངོན་པར་རྟོག་པ་བྱང་ཆུབ་ལམ་གྱི་རྒྱུད་མཆོག་ནམ་མཁའ་དང་མཉམ་པ་ལས། ། བསོད་ནམས་ཚོགས་བསགས་པའི་ལེའུ་སྟེ་བཅུ་པའོ།།།། བསོད་ནམས་ཚོགས་ནི་བསགས་བྱས་ཏེ།། དམིགས་པས་མཚན་མ་བཅས་པ་ལ། ། ཡེ་ཤེས་ཚོགས་ནི་ཐོབ་བྱས་ཏེ།། དམིགས་མེད་མཚན་མ་གྲོལ་བའོ།། དགེ་སྡིག་གཉིས་ཀྱིས་སྤང་བླང་ལ།། རྒྱུ་འབྲས་འདོད་པ་ཐ་མལ་ཏེ།། རྒྱུ་འབྲས་གཉིས་ལ་ཞེན་པ་ཡིས། ། སྟོང་པར་ཤེས་པ་ཡེ་ཤེས་ཡིན།། གཟུང་བའི་ཡུལ་ནི་མི་འདོད་ལ།། འཛིན་སེམས་མི་དམིགས་ཐེག་དམན་ཡིན།། གཟུང་འཛིན་གཉིས་སུ་མི་རྟོགས་པའི།། སྣང་བར་ཤེས་པ་ཡེ་ཤེས་ཡིན།། སྣང་བ་སེམས་སུ་འདོད་པ་ནི། ། ཆོས་ཀྱིས་བདག་འཛིན་ཤེས་བྱ་སྟེ།། ཤེས་དང་ཤེས་བྱའི་ཡུལ་འདས་པས།། རང་བཞིན་རྟོགས་པ་ཡེ་ཤེས་ཚོགས།། རྣམ་པར་མི་རྟོག་བདག་མེད་ཆོས།། ཡང་དག་ཉིད་ལ་ཡང་དག་ལྟའོ།། ཡང་དག་མཐོང་ན་རྣམ་གྲོལ་ཡིན། ། སེམས་ཅན་ཀུན་གྱི་བདེ་སྡུག་དེ།། དགེ་སྡིག་གཉིས་ཀྱི་རྒྱུ་འབྲས་ལ།། རྒྱུ་འབྲས་གཉིས་ལ་མ་ཆོག་པའི།། བདེན་མེད་རྟོགས་པའི་ཏིང་འཛིན་གྱིས།། ལས་ཀྱི་སྒྲིབ་པ་དག་པ་ནི།། ཉན་ཐོས་རང་རྒྱལ་ཡེ་ཤེས་ཚོགས། ། འཁོར་བར་མི་ལྡོག་ཡོན་ཏན་ཐོབ།། དུག་གསུམ་འཁོར་བའི་རྩ་ལག་དེ།། གདོད་ནས་མ་སྐྱེས་སྟོང་པ་ཉིད།། མ་འགགས་ངོ་བོ་རྣམ་པ་ནི།། རྟེན་འབྲེལ་ཤར་བའི་རང་བཞིན་ལ།། གཟུང་འཛིན་གཉིས་དང་བྲལ་བ་ཡི། ། སེམས་སུ་རྟོགས་པའི་ཆོས་ཉིད་ལ།། ཉོན་མོངས་སྒྲིབ་པ་མེད་པ་དེ།། བྱང་ཆུབ་སེམས་དཔའི་ཡེ་ཤེས་ཚོགས།། ཕུང་པོ་ལྔ་ནི་རིགས་ལྔ་ལ།། འབྱུང་བ་ལྔ་ནི་བསྐྱེད་པའི་ཡུམ།། ཉོན་མོངས་ལྔ་ནི་ཡེ་ཤེས་ལྔ། ། སྣང་ཚད་བྱང་ཆུབ་སེམས་སུ་རྟོགས།། ཐེག་གླན་ཕྱིར་མི་ལྡོག་པའི་ཆོས།། བདེན་པའི་ཡོན་ཏན་གོང་དུ་ཐོབ།། སེམས་དང་སེམས་བྱུང་སྐྱེད་བྱེད་པའི།། ཀུན་གཞི་མ་བཅོས་རང་གྲོལ་ལ། ། འཁོར་བ་མེད་པའི་མྱང་འདས་ནི།། སྟོང་པ་མི་དམིགས་མངོན་སུམ་དུ།། བསོད་ནམས་ཚོགས་ལས་བྱུང་བ་ཡི།། རྒྱུ་འབྲས་མ་འགགས་བདེན་པར་འགྲུབ།། མ་ཤེས་བློའི་ཡུལ་དུ་ནི།། ཀུན་རྫོབ་བདེན་པ་མངོན་སུམ་པ། ། སེམས་ཅན་རྣམས་ཀྱི་རྒྱུད་ལ་གསལ།། རིག་ཅིང་རྟོགས་པའི་དུས་ཉིད་ན།། དོན་དམ་བློའི་ཡུལ་ལས་འདས།། མྱ་ངན་འདས་པ་མངོན་སུམ་དུ།། བཅོས་མ་མ་ཡིན་གནས་ལུགས་ལ།། རང་རིག་ཡེ་ཤེས་དངོས་སུ་གསལ། ། འདི་ལ་གསལ་ཆ་ཅི་ཡང་མེད།། གཞག་པར་བྱ་བ་ཅུང་ཟད་མེད།། གཉིས་སུ་མེད་པའི་ཆོས་ཉིད་དེ།། རང་འབྱུང་ཡེ་ཤེས་སངས་རྒྱས་ཀྱི།། ཡོན་ཏན་ཚོགས་ནི་རྫོགས་པར་འགྱུར།། ཡེ་ཤེས་ཡེ་ཤེས་ཁྱད་པར་ལས། ། ཡེ་ཤེས་ལྡན་པ་ཡོད་མིན་ཤེས།། ཚོགས་གཉིས་བསོད་ནམས་བསགས་པ་ལས།། འབྲས་བུ་ཀུན་རྫོབ་བདེན་པ་རུ།། ཐབས་མཁས་གཟུགས་ཀྱི་སྐུ་རུ་བྱུང།། འགྲོ་རྣམས་བདེན་པའི་དོན་ལ་འཁོད། ། དེ་ཡི་ཡེ་ཤེས་ཚོགས་གཉིས་ལ།། འབྲས་བུ་དོན་དམ་བདེན་པ་རུ།། ཤེས་རབ་ཡེ་ཤེས་ཆོས་ཀྱི་སྐུ།། ཐམས་ཅད་མ་བཅོས་ལྷུན་གྲུབ་ཏུ།། རང་གྲོལ་ངོ་བོ་ཉིད་ཀྱིས་དག། དག་པ་གཞན་གྱིས་རྣམ་གྲོལ་མིན། ། རང་གིས་རང་ཉིད་ཤེས་ཏེ་བྱོས།། འདི་ནི་བྱིན་བརླབས་རིམ་པ་ཡིས།། གཞི་ནས་ལམ་དུ་མཐར་ཐུག་པ།། བྱས་པ་མེད་པར་རང་ཤར་དུ།། སོ་སོར་རང་རིག་སྤྱོད་ཡུལ་དུ།། ཀུན་མཁྱེན་ཡེ་ཤེས་དེ་ལྟ་བུ། ། གདོད་ནས་ལྷུན་གྲུབ་འགྱུར་མེད་ཀྱང།། སྤྲིན་བྲལ་ཉི་མའི་དཀྱིལ་འཁོར་བཞིན།། ཚོགས་གཉིས་ལས་བྱུང་རྫོགས་སངས་རྒྱས།། གཞན་ནས་མ་འཚོལ་རང་ལ་ལྟོས།། རང་བྱུང་ཡེ་ཤེས་ཚོགས་ཀྱི་མཆོག། མི་འགྱུར་ཀུན་འགྲོ་ཁྱབ་པ་པོ།། ཁྱབ་བདག་ཡེ་ཤེས་ལྔ་དང་ལྡན།། དབྱེར་མེད་ཐིག་ལེ་གཅིག་ཏུ་ཤེས།། སྡོང་པོ་གཅིག་ཤེས་ཡལ་ག་ནི།། སྣ་ཚོགས་ཚུལ་གཅིག་ཤེས་པ་བཞིན།། ཆོས་ཀྱི་དབྱིངས་ལ་རྟོགས་པ་ཡི། ། ཚོགས་དང་ཚོགས་མིན་འཁོར་འདས་ཀྱི།། རྣམ་པ་སྣ་ཚོགས་དུ་མ་རྣམས།། མཚན་ཉིད་མ་འགགས་སོ་སོ་ཡང།། གདོད་ནས་གནས་ལུགས་སྤྲོས་དང་བྲལ།། རང་བཞིན་གཅིག་ཏུ་ཤེས་པ་ནི།། ཡེ་ཤེས་ཚོགས་ཞེས་ཚིག་ཏུ་བསྟན། ། དོན་གྱིས་གནས་ལུགས་རྣམ་དག་དཔལ།། དཔལ་ལྡན་འབྱོར་པ་ཀུན་བྱེད་དོ།། འཇིག་རྟེན་པ་ཡི་འབྱོར་པ་ཡིས།། ཆུང་ཡང་སྡིག་པ་ཟིལ་གྱིས་གནོན།། ཉན་ཐོས་རང་རྒྱལ་འབྱོར་པ་ཡིས། ། དམན་ཡང་འཇིག་རྟེན་ཟིལ་གྱིས་གནོན།། བྱང་ཆུབ་སེམས་ཀྱི་འབྱོར་བ་ཡིས།། ཐེག་དམན་ཞི་བདེ་ཟིལ་གྱིས་གནོན།། སངས་རྒྱས་རྣམས་ཀྱི་འབྱོར་བ་ཡིས།། སྲིན་བུ་མེ་ཁྱེར་སྒྲོན་མེ་དང།། སྐར་མ་ཟླ་བའི་འོད་ཟེར་ཀུན། ། ཉི་མའི་འོད་ཀྱིས་མནན་པ་བཞིན།། ཐེག་པ་ཐམས་ཅད་ཟིལ་གནོན་ཅིང།། རང་གི་འོད་ཀྱིས་ཁྱབ་པར་བྱེད།། འཕེལ་བ་མེད་ཅིང་འགྲིབ་པ་མེད།། ཐེག་ཆེན་ཡེ་ཤེས་གཅིག་གི་ངང།། འགྱུར་བ་མེད་པ་རྡོ་རྗེའི་གདན། ། ཐམས་ཅད་མཁྱེན་པ་དེར་སངས་རྒྱས།། ཐེག་པ་ཆེན་པོ་མངོན་པར་རྟོགས་པ་བྱང་ཆུབ་ལམ་གྱི་རྒྱུད་ཆེན་ནམ་མཁའ་དང་མཉམ་པ་ལས།། ཡེ་ཤེས་ཀྱི་ཚོགས་སྐྱེད་པའི་ལེའུ་སྟེ་བཅུ་གཅིག་པའོ། །།། སྲིད་དང་ཞི་བར་གནས་པའི་ཆོས།། ཐམས་ཅད་སེམས་ཀྱི་གཟུགས་བརྙན་ཏེ།། ཤེས་དང་ཤེས་བྱའི་དཀྱིལ་འཁོར་ལ།། དག་དང་མ་དག་གཉིས་སུ་བསྟན།། བདག་སྲིད་པ་ཡི་གནས་འདི་ན།། རྣམ་ཤེས་སྣ་ཚོགས་གཟུགས་དོན་ཅན། ། མི་ཤེས་ཤེས་པ་སྣ་ཚོགས་ནི།། དཔེར་ན་སྤྲེའུ་མདུད་པ་བཞིན།། འཁོར་བ་ཡིན་ཏེ་གྲོལ་མི་འགྱུར།། དག་པ་ཤེས་རབ་ཐབས་ལྡན་རྣམས།། སྔགས་ཤེས་བཙོན་ལས་ཐར་པ་བཞིན། ། ཤེས་བྱའི་ཆོས་ཀྱི་རང་བཞིན་རྣམས།། ཤེས་པའི་འཁོར་བ་ལས་གྲོལ་ཏེ།། མྱ་ངན་འདས་པ་ཤེས་རབ་ཡིན།། ཐབས་མེད་ཤེས་རབ་བྲལ་བས་ན།། ཐེག་པ་དམན་དང་འཁོར་བར་ལྟུང།། གྲོལ་དང་མ་གྲོལ་ལམ་ཞུགས་པའི། ། ཐེག་པའི་ཁྱད་པར་ཤེས་རབ་བསྟན།། སྲིད་གཅིག་སེམས་ཀྱི་གློང་འདི་ན།། གནས་ལུགས་ཤེས་བྱའི་བབས་ལས་སུ།། ཕྱི་ནང་སྣོད་བཅུད་ཁ་དོག་དབྱིབས།། ཆེ་ཆུང་རིང་ཐུང་གཟུགས་ཅན་རྣམས། ། དང་པོ་རྒྱུད་ལས་ལྷུན་གྲུབ་པའི།། མ་བཅོས་པ་ཡི་བཟོ་རུ་ཤེས།། དེ་ཉིད་བཅོས་ན་འཇིག་པར་རིག། ཡོད་ལ་ཡོད་དུ་སྤེལ་བ་དང།། མེད་ལ་མེད་དུ་སྟོང་པ་དང།། སྟོང་པ་ཉིད་ལ་དངོས་པོར་སྐྱེད། ། དངོས་པོ་ཉིད་ལས་སྟོང་པར་སྟོང།། བདེ་ལ་སྡུག་དང་སྡུག་ལ་བདེ།། ཡིན་ལ་མིན་དང་མིན་ལ་ཡིན།། གཅིག་ལས་མ་སྐྱེས་མང་འདུས་གཅིག། བདག་དང་གཞན་དུ་རྟོག་པ་དང།། ཤེས་དང་མ་ཤེས་རྣམ་འགྱུར་སོགས། ། དུས་དེའི་རྐྱེན་དེས་བྱས་པ་ཡིས།། རྒྱུ་མེད་སེམས་ཀྱི་བཟོ་རུ་ཤེས།། རྐྱེན་དེ་དག་ནི་འཇིག་པར་རིག། རྒྱུ་དང་རྐྱེན་གཉིས་འཛོམ་པ་ལས།། དབྱིབས་དང་ཁ་དོག་གཟུགས་བརྙན་ཀུན།། རྒྱུའི་དཔེ་ཡིས་མཚོན་ནས་སུ། ། ལེགས་ཉེས་ལག་གིས་བྱས་པའི་བཟོ།། མཁས་པས་ནན་ཆགས་ཡིན་པར་ཤེས།། གཟུགས་དང་བྲལ་ན་འཇིག་པར་རིག། དེས་ལྟར་བཟོའི་གནས་རྣམས་ལ།། རྒྱུའི་རྒྱུ་ལས་དཔེ་བྱས་ཤིང། ། རྐྱེན་གྱིས་བཟོའི་རྣམ་པ་བསྒྱུར།། ལག་གིས་བཟོ་ལ་མཁས་པར་སྦྱངས།། གང་ཡིན་དོན་ལ་མ་རྨོངས་པའི།། བཟོའི་རིག་པ་གཏན་ལ་དབབ།། གནས་ལུགས་གཤིས་ཀྱི་རང་སྒྲ་དེ།། བྱེ་བྲག་འབྱུང་བའི་རང་བརྩལ་དུ། ། ས་ལ་ལྕི་བ་བརྗིད་ཀྱི་སྒྲ།། ཆུ་ལས་འདར་བ་རླན་གྱི་སྒྲ།། མེ་ལས་འཆོག་པ་དྲོད་ཀྱི་སྒྲ།། རླུང་ལ་གཡོ་བ་ཤུགས་ཀྱི་སྒྲ།། ནམ་མཁའ་དབུགས་ཀྱི་སྟོང་པའི་སྒྲ།། རང་བཞིན་ཉིད་དུ་གནས་པ་ལ།། འབྱུང་བ་ཆེན་པོ་སྒྲ་ཆེ་བ། ། རྐྱེན་གྱིས་སྟོབས་ཀྱིས་སྣ་ཚོགས་སྒྲོག། དེའང་འབྱུང་བ་གཞན་རྐྱེན་དང།། རང་གི་སྒྲ་སྐད་ཐུན་མོང་འབྱུང།། སྒྲ་དོན་གཉིས་པོ་གཅིག་ཏུ་ཤེས།། སྒྲ་དོན་ལོག་པ་འབྱུང་མི་སྲིད།། སྲིད་པར་གནས་པའི་འགྲོ་བ་རྣམས། ཁམས་དྲུག་འདུས་པའི་རང་གཟུགས་ནི།། ལས་དང་ཉོན་མོངས་ཉེར་ལེན་གྱིས།། རིགས་དྲུག་སོ་སོའི་ལུས་ལ་ནི།། དེ་དང་དེའི་སྒྲ་སྐད་རྣམས།། འབྱུང་བའི་ཆ་དང་སྦྱར་བས་འབྱུང།། སྒྲ་དེས་དོན་རྣམས་ཐད་ཀར་གོ། རང་སྒྲ་མི་ཤེས་སེམས་ཅན་མེད།། སྒྲ་དོན་རྟོགས་ན་འཕགས་པ་ཡིན།། མ་རིག་པ་ཡིས་དེ་མི་རྟོགས།། ཤེས་རིག་ཆ་དང་ལྡན་པ་ཡིས།། དོན་རྣམས་ཚིག་གིས་རྟོགས་པའི་ཕྱིར།། རིགས་དྲུག་སོ་སོའི་སྒྲ་སྐད་རྣམས། ། ཚིག་གིས་དོན་ཀུན་རིག་པ་ལ།། བསྒྱུར་བྱེད་ཚིག་གི་སྒྲ་བརྗོད་པས།། སོ་དང་མཆུ་དང་གྲེ་བ་རྐན།། ལྕེའི་བསྒྱུར་བྱེད་ཚོགས་པ་ལས།། སྒྲ་དང་ཚིག་ཏུ་གསལ་བ་ཡིན།། དེ་ཡིས་དོན་ཀུན་རིག་པས་ན། ། སྒྲ་ཚད་རིག་པའི་ཤེས་རབ་ཀྱིས།། སྒྲ་དང་ལྡན་པ་རྣམས་ཀྱི་མཆོག། ཤེས་བྱ་གཅིག་ལ་ཀུན་སྤྱོད་ཀྱང།། སྒྲ་མི་ཤེས་པས་དོན་མི་རྟོགས།། དེ་ཕྱིར་སྒྲ་ལ་བརྟེན་པའི་ཚིག། ཚིག་ལ་བརྟེན་ནས་དོན་འབྱུང་བས། ། སྒྲ་ཚིག་དོན་ལ་མཁས་པར་བསླབ།། གནས་རྣམས་ཀུན་གྱི་རྩ་བ་ཡིན།། སྒྲ་མེད་ཚིག་ལ་སྤྲོ་བ་ཀུན།། དོན་མེད་མུན་པའི་དབྱུག་བསྐོར་དེ།། ཐོག་ཏུ་ཕེབས་པ་ཤིན་ཏུ་དཀའ།། འདོད་པ་ཁམས་ཀྱི་ལུས་ཅན་རྣམས། ། ཉོན་མོངས་ལས་ཀྱི་རྐྱེན་དབང་གིས།། ནད་རིགས་གསོ་བྱ་མང་ཡོད་རྣམས།། མདོར་བསྡུས་རྣམ་པ་གསུམ་ཡིན་ཏེ།། བརྒྱད་ཁྲི་བཞི་སྟོང་ཉོན་མོངས་རྣམས།། རྩ་བ་དུག་གསུམ་ལས་གྱུར་པའི། ། སེམས་ཀྱིས་ནད་ཀུན་རྣམ་པར་སྐྱེད།། ཁམས་གསུམ་གནས་པའི་ཟུག་རྔུ་ལ།། རང་གི་གཉེན་པོར་རང་ཉིད་ཆེ།། འདོད་ཆགས་འདོད་ཆགས་ཉིད་ཀྱིས་སེལ།། དེ་བཞིན་ཞེ་སྡང་ཞེ་སྡང་འཇོམས།། གཏི་མུག་མང་པོ་ཚོགས་པ་ཡིས། ། རྟེན་འབྲེལ་ཐབས་ལ་མཁས་པས་སེལ།། ནད་དོ་ཅོག་གི་སྒྲ་ཆེ་རྣམས།། བདག་མེད་རྟོགས་པའི་སྨན་མཆོག་གིས།། ཟུག་རྔུ་འབྱིན་ཅིང་བླ་ན་མེད།། བདེ་བ་ཆེན་པོར་འཚེ་བའི་གནས། ། ཆགས་སྡང་ལས་སྐྱེས་འབྱུང་ལུས་ལ།། ཉོན་མོངས་རྒྱུ་སྐྱེད་འབྲས་བུ་ནད།། བཞི་བརྒྱ་རྩ་བཞིའི་ནད་སྐྱེད་པས།། རླུང་མཁྲིས་བད་ཀན་འདུས་པས་ཏེ།། འཇུག་པ་འདང་བ་གསོ་བའི་ཐབས།། འཇུགས་པ་ཤ་རྒྱས་ལྤགས་ལ་གྲམ། ། རྩ་ལ་འཁྱུག་དང་རུས་པ་ཞེན།། དོན་ལ་བབས་དང་སྣོད་དུ་ལྟུང།། སྨིན་རྟགས་ཟེར་ཟུག་འགྱིང་ཅན་དང།། ལྡང་ལུགས་རྣམ་པ་གསུམ་ལ་ནི།། རླུང་གི་གྱེན་ལ་བད་ཀན་འཐུར།། མཁྲིས་པ་ཐད་ཀར་ལྡང་བ་ལ། ། གསོ་ཐབས་བསིལ་དྲོད་སྨན་དང་སྤྱད།། མཁས་པ་ནད་མེད་ལུས་ཟུངས་སྐྱེད།། རྣམ་རྟོག་རྐྱེན་ལས་གྱུར་པའི་ནད།། སྒྲ་ཡི་ནད་དང་གདོན་གྱི་ནད།། རྣམ་པར་རྟོག་པ་ཡིད་ཀྱི་ནད།། རྣམ་རྟོག་ནད་ལ་རྣམ་རྟོག་གི། ལོག་ནོན་ཟློག་པ་གདམ་ངག་ཡིན།། གསོ་ཐབས་དེ་ཡི་དམིགས་པ་པོ།། རྣམ་པར་རྟོག་མེད་ངང་གིས་གྲོལ།། སྨན་པ་ཆེ་མཆོག་གཙོ་བོ་ནི།། གསོ་བའི་གནས་རྣམས་ཀུན་གྱི་མཆོག། དྲང་སྲོང་ཆེ་དགུས་མཆོད་ཅིང་བསྟོད།། གསོ་དཔྱད་ཡན་ལག་ཀུན་ཏུ་འཕྲོས།། འགྲོ་ཀུན་ནད་ལ་ཐར་པར་འགྱུར།། ཐོག་མར་སྲིད་པ་སེམས་ཀྱི་མཁའ།། དམྱལ་བ་སྲིད་པའི་བར་འདི་རུ།། མཐིང་དཀར་སེར་དམར་ལྗང་འོད་ལས། ། འབྱུང་བ་ཆེན་པོ་ལྔ་བྱུང་སྟེ།། འདུས་བྱས་ལས་གྲུབ་འཇིག་རྟེན་འདི།། འབྱུང་བ་རང་གདངས་སྟོབས་ཆེའི་དུས།། བསྐལ་པ་དང་པོ་རླུང་གིས་སྐྱེད།། དངོས་མེད་དབྱིབས་སུ་ཆུ་ཡིས་འཆགས།། བར་དུ་ས་ཡིས་དངོས་པོར་གནས།། ཐ་མར་མེ་ཡིས་དངོས་པོ་འཇིག། སྐབས་སུ་རླུང་གིས་སྟོངས་པར་བྱེད།། དེ་བཞིན་ཕྱི་ནང་གཞན་གསུམ་ཅིག། འབྱུང་བ་གཅིག་གིས་གཅིག་སྐྱེན་བའི།། སྙོམས་དང་མ་སྙོམས་འཕེལ་ཟད་ལས། ། ཡར་དང་མར་གྱིས་འཕེལ་འགྲིབ་རྣམས།། བར་གྱི་བསྐལ་ཆུང་ཉི་ཤུ་བཞི།། འབྱུང་ཆུང་རྟོག་པའི་འཕེལ་འགྲིབ་ཡིན།། འབྱུང་བ་ཆེན་པོ་བཞི་ལས་མེད།། བཞི་པོ་ནམ་མཁའི་ངང་དུ་གཅིག། ནམ་མཁའ་སེམས་ཀྱི་རྟོག་པ་ཡིན། ། བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ལ།། འཇིག་རྟེན་ཁམས་ཀྱི་ཕྱོགས་བརྩི་བ།། དང་པོ་ཆུ་ལ་ཆགས་པའི་རྟགས།། ཤར་ཕྱོགས་ཆུ་ལ་ལྷོ་ཕྱོགས་ས།། ནུབ་ཕྱོགས་མེ་ལ་བྱང་ཕྱོགས་རླུང། ། ཕྱོགས་མཚམས་གོ་འབྱེད་ནམ་མཁའ་སྟེ།། དབྱེར་མེད་འདྲེས་ནས་རྩི་མི་དགོས།། སོ་སོའི་ཕྱོགས་དང་ཁ་དོག་དང།། དབྱིབས་དང་སྒྲ་ཟིན་ལ་རྟག་པ།། སྣོད་བཅུད་ཕྱི་ནང་ལེགས་ཉེས་བསྟན། ། དཀར་པོ་ཆུ་ལ་དབྱིབས་ནི་ཟླུམ།། སེར་པོ་ས་ལ་གྲུ་བཞི་སྟེ།། དམར་པོ་གྲུ་གསུམ་མེའི་རིགས།། རླུང་ནི་ལྗང་ཁུ་ཟླ་ཁམ་པ།། ནམ་མཁའ་མཐིང་གསལ་དབྱིབས་དང་བྲལ།། འདྲེས་དང་མ་འདྲེས་དུས་ཀྱི་སྐྱེན། ། ཆུ་སྒྲ་ས་བྱེད་ས་སྒྲ་རླུང།། རླུང་སྒྲ་མཁའ་ལ་མེ་ཡིས་ཚིག། མེ་སྒྲ་ཆུ་ལ་ས་ཡིས་གནོད།། གྲོགས་པོ་དེ་ལས་བཟློག་པ་སྟེ།། གཅིག་གིས་གཅིག་སྨད་སྒྲ་ཟིན་ལ།། གཅིག་གིས་གཅིག་བསྐྱེད་གྲོགས་ཡིན་ཏེ།། ཆ་སྙོམས་ཟོ་ལ་བཏང་སྙོམས་གནས། ། དེའི་མཚན་ཉིད་བསྟན་པ་ནི།། འཇིག་རྟེན་བསྟན་བཞག་རིག་པའི་གནས།། ལོ་གཅིག་ཟླ་བ་བཅུ་གཉིས་ལ།། དུས་ཀྱི་བྱེ་བྲག་བསྟན་པ་ནི།། དབྱར་གསུམ་ཟླ་བ་ཆུའི་དུས།། རྩི་བཅུད་ཐམས་ཅད་སྐྱེད་པར་བྱེད། ། སྟོན་གསུམ་ཟླ་བ་སའི་དུས།། རྩི་བཅུད་ཐམས་ཅད་སྐྱེད་པར་བྱེད།། དགུན་གསུམ་ཟླ་བ་མེའི་དུས།། རྩི་བཅུད་ཐམས་ཅད་སྐེམས་པར་བྱེད།། དཔྱིད་གསུམ་ཟླ་བ་རླུང་གི་དུས།། རྩི་བཅུད་ཐམས་ཅད་སྟོང་པར་བྱེད། ། དེ་བཞིན་ནང་གི་སེམས་ཅན་གྱི།། ལུས་དང་ལོངས་སྤྱོད་དེ་ཡིས་ཤེས།། དེ་ལྟར་འབྱུང་བ་མ་སྙོམས་ན།། སྒྲ་ཡིས་རྐྱེན་པས་ཉེས་པ་ལ།། གྲོགས་ཀྱི་ཡོན་ཏན་རང་ལ་མཉམ།། ཕྱི་རོལ་པ་དང་ནང་དག་གི། འཇིག་རྟེན་བསྟན་ཆོས་རིག་པ་དང།། དེ་ཡིས་བརྟག་ཐབས་ཀུན་ཤེས་འགྱུར།། ཁྱད་པར་འབྱུང་བཞིའི་ལུས་འདི་ལ།། དང་པོར་ཆུས་སྐྱེད་ས་བསྟན་པའི།། ལུས་སྐྱེད་རྫོགས་པར་དར་བ་ཡིན། ། དེ་ནས་མེ་ཉམས་རྒས་པ་དང།། ཐ་མ་རླུང་གིས་ནད་སྐྱེད་ནས།། འཆི་བ་ཚེ་འདིར་སྟོངས་པར་བྱེད།། དེ་ནི་ནང་གི་འབྱུང་ཆེན་གྱི།། བསྐལ་པ་ཆགས་འཇིག་སྟོངས་གནས་ཡིན།། སྐབས་སུ་འབྱུང་བ་སྒྲ་ཟིན་གྱིས། ། བདེ་སྡུག་མཐོ་དམན་ལེགས་ཉེས་ཀུན།། ལེགས་པར་བརྩིས་ལ་བསྟན་ཆོས་བྱ།། མཁས་པ་སྐྱོན་མེད་ཡོན་ཏན་ལ།། བསྟན་པ་ཐོབ་ཕྱིར་བསྟན་བཅོས་ཞེས།། འཇིག་རྟེན་མཁྱེན་པ་རིག་པའི་གནས།། ཤེས་བྱ་སྣ་ཚོགས་རིག་པ་ལ། ། ཆོས་དང་ཆོས་མིན་ངོ་བོ་གཉིས།། ཤན་འབྱེད་དངུལ་གྱི་མེ་ལོང་ལ།། མ་རིག་མ་རིག་བསྐྱེད་པ་དང།། ཕྱིན་ཅི་ལོག་གི་ཤེས་རབ་ཀྱིས།། ཡང་དག་ལོག་པར་ཁྲིད་པ་རྣམས།། ཆོས་མིན་འཁོར་བའི་བྱ་བ་ཡིན། ། ཤེས་རབ་ཤེས་རབ་བསྐྱེད་ནས་སུ།། ཡང་དག་ལམ་ལ་འཇུག་པ་རྣམས།། ཆོས་ཉིད་དོན་གྱི་བྱ་བ་ཡིན།། མཁས་པ་འདི་ཉིད་ཤེས་པར་བྱ།། ཤེས་བྱའི་བུད་ཤིང་སྐམ་པོ་ལ།། ཡང་དག་ཤེས་རབ་མེ་འབར་བས། ། ཉོན་མོངས་བསྲེག་པའི་ཡེ་ཤེས་ཀྱིས།། དོན་ལ་རྣལ་འབྱོར་འཇུག་པར་བྱ།། འཇུག་པ་ཕ་རོལ་ཕྱིན་མཆོག་ལྡན།། ས་བཅུའི་ལམ་གནས་མཐར་ཕྱིན་པའི།། ཀུན་དོན་ཡོན་ཏན་གསུམ་ཐོབ་བྱའི།། ཐེག་པ་ཆེན་པོའི་མངོན་པར་རྟོགས་པ་བྱང་ཆུབ་ལམ་གྱི་རྒྱུད་ཆེན་ནམ་མཁའ་དང་མཉམ་པ་ལས། ཤེས་བྱའི་ཆོས་ཐམས་ཅད་གཏན་ལ་དབབ་པའི་ལེའུ་སྟེ་བཅུ་གཉིས་པའོ།།།། གནས་ལུགས་བདེན་པ་དབྱེར་མེད་ལ། ། སྟོང་པའི་རང་བཞིན་མ་འགགས་པས།། སྣང་བ་སྣ་ཚོགས་ཅི་ཤར་ཡང།། རང་ཤར་མ་གཏོགས་ཀུན་རྫོབ་ལ།། གནང་བའི་མཚན་ཉིད་མ་ངེས་པ།། སྟོང་པ་ཉིད་དུ་རང་གྲོལ་ལ།། སྤྲོས་བྲལ་རིག་པའི་དོན་དམ་ལ། ། སྣང་དང་སྟོང་པ་གཉིས་སུ་བསྟན།། གཉིས་མེད་ཟུང་འཇུག་དབུ་མའི་དོན།། མཐའ་དང་བྲལ་བའི་ཡེ་ཤེས་ཡིན།། གནས་ལུགས་རང་རྩལ་མ་འགགས་པས།། ས་ཆུ་མེ་རླུང་ནམ་མཁའི་ངང། ། འབྱུང་བ་ཆེན་པོ་ལྔ་པོ་ཡང།། ཕྱི་རོལ་བྱེད་ལོ་གཞན་ན་མེད།། དྲན་རྟོག་ཉིད་ལ་སྣང་བ་སྟེ།། སྣང་ཙམ་ཉིད་ལ་དངོས་པོ་མེད།། དྲན་རྟོག་དབེན་པར་གྱུར་ཙམ་ན།། མཚན་མ་ཅིར་ཡང་དམིགས་པ་མེད། ། གཉིད་ལོག་དུས་ཀྱི་འབྱུང་བ་ལྔ།། གཉིད་སད་དུས་ན་མཚན་མས་སྟོང།། རྡུལ་གྱི་ཆ་ཙམ་གྲུབ་པ་མེད།། མེད་བཞིན་རྨི་ལམ་སྣང་བ་ཙམ།། གཉིད་སད་དུས་ཀྱི་འབྱུང་བ་ལྔ།། རྨི་ལམ་དུ་ན་རང་བཞིན་སྟོང། ། བདེན་པར་མ་གྲུབ་རྨི་ལམ་ཙམ།། སྣང་དང་སྟོང་པ་མི་རྟག་ཙམ།། སོ་སོ་མ་ཡིན་དབྱེར་མེད་གཅིག། གཉིད་ལོག་གཉིད་སད་གཉིས་སུ་མེད།། གནས་ལུགས་གཅིག་ལ་རྟོག་པ་ཡིན།། རྟོག་པས་དབེན་ན་སྟོང་པ་སྟེ། ། སྟོང་པ་ཉིད་དེ་སྣང་བའོ།། སྣང་བ་སེམས་ལ་འབྱུང་བའི་ཕྱིར།། མིག་གི་ཡུལ་ན་གཟུགས་སྣ་ཚོགས།། སྣང་ཡང་ངོ་བོ་ཉིད་ཀྱིས་སྟོང།། ངོ་བོ་མིག་གི་རྣམ་ཤེས་ནི།། རྣམ་པ་གཟུགས་ལ་ཤེས་པས་སྟོང།། སྣང་སྟོང་ཟུང་འཇུག་གདོད་མ་ནས། ། མེ་ལོང་གཟུགས་བརྙན་བཞིན་དུ་གནས།། གཟུགས་མེད་མཐོང་བ་པོ་ཡང་མེད།། གཟུགས་མཐོང་བས་ནི་ངོ་བོ་ཉིད།། དབྱེར་མེད་གཅིག་ཏུ་སྤྲོས་དང་བྲལ།། དེ་བཞིན་རྣ་བའི་སྒྲ་རྣམས་ནི། ། སྒྲ་སྙན་བཞིན་དུ་ཐོས་པས་སྟོང།། སྣའི་དྲི་ནི་དུ་བ་བཞིན།། ཚོར་བའི་སྣང་བ་ངོ་བོས་སྟོང།། ལྕེའི་རོ་ནི་སྒྱུ་མ་ཡིན།། ཟས་བཞིན་མྱོང་བ་ཙམ་གྱིས་སྟོང།། ལུས་ཀྱིས་རེག་བྱ་ནམ་མཁའ་བཞིན།། རེག་པ་ཙམ་གྱིས་དེ་སྣང་སྟོང། ། ཡིད་ཀྱིས་ཆོས་རྣམས་ཐམས་ཅད་ཀུན།། བདེ་སྡུག་ལེགས་ཉེས་སྣ་ཚོགས་ཀྱང།། རྨི་ལམ་བཞིན་དུ་དྲན་པས་སྟོང།། ངོ་བོ་དྲན་སྟོང་དུས་མཉམ་ན།། སྟོང་པ་ཉིད་དུ་བསྒོམ་མི་དགོས།། ངོ་བོ་ཉིད་ཀྱིས་སྟོང་པ་སྟེ། ། གཟུགས་ནི་གཟུགས་ཀྱི་ངོ་བོས་སྟོང།། སྒྲ་དང་དྲི་རོ་རེག་བྱ་ཆོས།། རང་རང་ངོ་བོས་སྟོང་པ་ཡིན།། དེ་བཞིན་དེར་འཛིན་སྒོ་དང་ཡུལ།། རྣམ་པར་ཤེས་པ་དྲུག་པོ་རྣམས།། དེ་དང་གཉིས་མེད་ངོ་བོས་སྟོང། ། རྣམ་པར་ཤེས་པའི་གཟུང་འཛིན་གཅིག། གཉིས་མེད་ངོ་བོ་ཉིད་སྟོང་ལ།། སྣང་བའི་རྟོགས་པ་འགོག་མི་དགོས།། དངོས་པོར་མ་གྲུབ་སྒྱུ་མ་བཞིན།། སྒྱུ་མ་དངོས་མེད་སྟོང་པའི་གཟུགས།། དེ་ལ་སྐྲག་པ་འཁྲུལ་པ་ཡིན། ། སྣང་བ་མེད་པའི་སྟོང་པ་ཉིད།། ཆད་པར་ལྟ་བའི་འཁྲུལ་ཁམ་ཅན།། སྟོང་པ་མེད་པའི་སྣང་བ་ཅན།། རྟག་པར་ལྟ་བའི་གཟུང་འཛིན་ཅན།། ལོག་པའི་ལམ་དུ་ཤོར་བ་ཡིན།། སྣང་དུས་སྟོང་ལ་སྟོང་དུས་སྣང། ། སྣང་སྟོང་ཆུ་ཟླ་ལྟ་བུ་རུ།། སྐད་ཅིག་ཙམ་ཡང་དབྱེར་མེད་ལ།། གསལ་དང་སྟོང་པར་འདོད་པ་ཀུན།། གཉིས་མེད་གཉིས་འཛིན་འཁྲུལ་པའི་བློ།། ཡོན་པོའི་ལམ་དུ་ཤོར་བ་ཡིས།། ཡང་དག་ས་ལ་དེས་མི་བགྲོད། ། ཟུང་འཇུག་རབ་ཏུ་མི་གནས་ལ།། སྟོང་པ་ཉིད་ཅེས་བཏགས་པ་ལ།། དམུས་ལོང་རྣམས་ཀྱིས་ནམ་མཁའ་ལ།། སྟོང་པ་ཉིད་དུ་སྦར་ཚོད་བྱེད།། དེ་བཞིན་སྟོང་ཉིད་མཐའ་བྲལ་ལ།། རྨོངས་པ་རྣམས་ནི་ཕྱོགས་འཛིན་བྱེད། ། སྣང་བ་སྟོང་པའི་རང་འོད་ལ།། བླུན་པོ་རྣམས་ནི་མཚན་མར་འཛིན།། སྣང་སྟོང་གཉིས་མེད་ཟུང་འཇུག་ལ།། བྱང་ཆུབ་སེམས་ཞེས་རབ་ཏུ་བརྗོད།། ངོ་བོ་སྤྲོས་བྲལ་མཐའ་ལས་འདས། ། བློ་འདས་ཡིད་བྱེད་བྲལ་བའི་དོན།། གནས་ལུགས་བྱང་ཆུབ་སེམས་འདི་ལ།། མ་རིག་རང་གི་ཀུན་རྟོག་གིས།། སྣང་སྟོང་ཆོས་རྣམས་མིང་བཏགས་ཙམ།། མིང་བཏགས་རྟོགས་ཚོགས་རང་རང་གིས།། ལྟོས་པའི་ཆོས་ཀྱི་སྣང་སྟོང་གཉིས། ། སྣང་བ་དངོས་པོ་མཚན་མར་འཛིན།། སྟོང་པ་དམིགས་མེད་མཚན་མེད་དུ།། སོ་སོར་གཟུང་བ་འཁྲུལ་པའི་བློས།། གཟུང་འཛིན་བྲལ་བའི་སེམས་ཉིད་ལ།། བརྟགས་པ་ཙམ་ལས་དོན་ལ་གཅིག། འཁོར་བའི་སྣང་བས་མྱང་འདས་སྟོང།། མྱང་འདས་སྣང་བས་འཁོར་བ་སྟོང།། གཉིས་མེད་སྣང་བས་གཉིས་འཛིན་སྟོང།། གཉིས་འཛིན་སྣང་བས་གཉིས་མེད་སྟོང།། དེ་བཞིན་བདེ་བས་སྡུག་བསྔལ་སྟོང། ། སྡུག་བསྔལ་སྣང་བས་བདེ་བ་སྟོང།། ཉོན་མོངས་སྣང་བས་ཡེ་ཤེས་སྟོང།། ཡེ་ཤེས་སྣང་བས་ཉོན་མོངས་སྟོང།། ཀུན་རྫོབ་སྣང་བས་དོན་དམ་སྟོང།། དོན་དམ་སྣང་བས་ཀུན་རྫོབ་སྟོང།། དངོས་པོའི་སྣང་བས་དངོས་མེད་སྟོང། ། དངོས་མེད་སྣང་བས་དངོས་པོ་སྟོང།། མི་དགེའི་སྣང་བས་དགེ་བ་སྟོང།། བསྒྲུབ་བྱའི་སྣང་བས་སྤང་བྱ་སྟོང།། སྤང་བྱའི་སྣང་བས་བསྒྲུབ་བྱ་སྟོང།། མཚན་མའི་སྣང་བས་མཚན་མེད་སྟོང། ། མི་དམིགས་སྣང་བས་མཚན་མེད་སྟོང།། མིན་པའི་སྣང་བས་ཡིན་པ་སྟོང།། ཡིན་པའི་སྣང་བས་མིན་པ་སྟོང།། བདག་འཛིན་སྣང་བས་གཞན་ཉིད་སྟོང།། གཞན་གྱི་སྣང་བས་རང་ཉིད་སྟོང།། ཡོད་པའི་སྣང་བས་མེད་པ་སྟོང། ། མེད་པའི་སྣང་བས་ཡོད་པ་སྟོང།། བདེན་པའི་སྣང་བས་བདེན་མེད་སྟོང།། བདེན་མེད་སྣང་བས་བདེན་པ་སྟོང།། སེམས་ཅན་སྣང་བས་སངས་རྒྱས་སྟོང།། སངས་རྒྱས་སྣང་བས་སེམས་ཅན་སྟོང། ། དེ་ལྟར་སྐྱོན་ཡོན་ལེགས་ཉེས་ཚོགས།། ལྟོས་པས་སོ་སོར་རྣམ་པར་དབྱེ།། གཉེན་པོས་བརྟགས་ཀྱང་སྣང་སྟོང་གཉིས།། སྐད་ཅིག་ཙམ་ཡང་དབྱེར་མེད་གཅིག། ཐམས་ཅད་སྤྲོས་བྲལ་ལྷན་ཅིག་ལ།། གཉིས་སུ་འཇིག་པ་འཁྲུལ་པའི་ཆོས། ། མང་པོ་དག་གིས་སྡུག་བསྔལ་བས།། ཟད་མེད་འཕེལ་མེད་འཁོར་བར་འཁྱམས།། ཟུང་འཇུག་ཆོས་རྣམས་མངོན་འགྱུར་ན།། འཁོར་བ་མྱ་ངན་འདས་སུ་གྲོལ།། གཉིས་སུ་མེད་པའི་ལོངས་སྤྱོད་ཡིན། ། གདོད་ནས་ཡིན་ཏེ་བློ་བུར་མིན།། རང་བྱུང་དོན་ལ་བཅོས་མ་བྲལ།། སྣང་དང་སྟོང་པར་མི་རྟག་པའི།། མཚན་བཅས་མཚན་མེད་རྟོག་པ་ཀུན།། ལུས་ངག་ཡིད་ཀྱི་སྣང་བ་སྟེ།། ལུས་ཀྱི་རྟོགས་པ་དངོས་སྣང་གསལ། ། ཡིད་ཀྱི་རྟོག་པ་དྲན་སྣང་ཤར།། ངག་གིས་སྣང་བས་བརྗོད་པའི་ཚིག། ཕྱི་ནང་ཐམས་ཅད་དེ་ལས་བསྐྱེད།། དེ་དང་དེའི་སྣང་བ་ཀུན།། རྩ་བ་སེམས་ཉིད་གཅིག་ལ་ཐུག། སེམས་ལ་དངོས་པོ་མ་མཆིས་པས། ། ལུས་ངག་ཡིད་གསུམ་རང་བཞིན་སྟོང།། སེམས་སྟོང་ཙམ་ན་ལུས་ཀྱང་སྟོང།། སྟོང་པ་བྱང་ན་མ་ཡིན་པས།། སེམས་དེ་ལུས་ངག་ཡིད་དུ་སྣང།། སྣང་བའི་དེར་འཛིན་ཞི་བ་ལ།། སྟོང་པ་ཞེས་སུ་བརྗོད་པ་མིན། ། སེམས་ཀྱི་རང་བཞིན་འོད་གསལ་བ།། སྣང་བར་མིང་དུ་བརྟགས་པ་ལ།། སངས་རྒྱས་རྣམས་ཀྱིས་མཁྱེན་པ་འབྱུང།། འཁོར་བ་པའི་ཉོན་མོངས་ཏེ།། རང་བཞིན་ཤེས་ན་ཡེ་ཤེས་དངོས།། མ་རིག་པ་ལ་སེམས་སུ་གཟུང། ། རིག་པའི་དུས་ན་ཆོས་ཉིད་དོན།། སྐྱེ་འགག་མེད་པའི་ཆོས་སྐུ་ལ།། སྟོང་པ་ཉིད་ནི་བླ་དགས་སོ།། མ་དག་སེམས་ཉིད་འཁོར་བ་ལ།། དག་པའི་སེམས་ཉིད་མྱ་ངན་འདས།། གཉིས་སུ་མེད་པའི་གནས་ལུགས་ལ། ། སྣང་དང་སྟོང་པ་ལ་སོགས་པའི།། མང་དུ་བཤད་ཀྱང་སྤྲོས་པ་ཙམ།། ཡང་དག་དོན་ལག་གཅིག་ལས་མེད།། གཅིག་པོ་དེ་ཡང་སྤྲོས་དང་བྲལ།། དེ་བཞིན་དེ་ཉིད་མ་རྟོགས་པ།། གཞན་གྱིས་བཅོས་རྒྱུ་ཅི་ཡང་མེད། ། འོད་གསལ་ལྷུན་གྲུབ་འགྱུར་མེད་ཡིན།། དཔེར་ན་ཉི་མའི་དཀྱིལ་འཁོར་ལ།། སྤྲིན་གྱིས་ཆོད་དང་མ་ཆོད་པའི།། གསལ་དང་མི་གསལ་འབྱུང་བ་བཞིན།། མ་རྟོགས་ས་པའི་ཁྱད་ཙམ་ལས། ། དོན་ལ་གསལ་འགྲིབ་རྒྱུན་ཆད་མེད།། རིག་པ་རང་གསལ་རྡོ་རྗེ་འཆང།། སྲ་ཞིང་སྙིང་པོ་ཁོང་སྟོང་མེད།། ཀུན་ལ་ཁྱབ་པས་མཐའ་དང་བྲལ།། དབུ་མ་ལ་ཡང་མི་གནས་སོ།། ཐམས་ཅད་མཁྱེན་པའི་རིག་པ་ཡིན། ། འདུས་མ་བྱས་ལ་ཆོས་སྐུར་བརྟགས།། མཁྱེན་པའི་བརྩེ་བས་གཟུགས་སྐུ་བྱུང།། བསམ་གྱིས་མི་ཁྱབ་བརྗོད་ལས་འདས།། གནས་ལུགས་ངང་དུ་རང་སར་ཞོག། ཐེག་པ་ཆེན་པོའི་མངོན་པར་རྟོག་པ་བྱང་ཆུབ་ལམ་གྱི་རྒྱུད་ཆེན་ནམ་མཁའ་དང་མཉམ་པ་ལས་བདེན་པ་གཉིས་མེད་སྣང་སྟོང་ཟུང་འཇུག་ཏུ་བསྟན་པའི་ལེའུ་སྟེ་བཅུ་གསུམ་པའོ། །།། རྒྱུ་ནི་སོ་སོའི་སྐྱེ་བོ་ནས།། འབྲས་བུ་སངས་རྒྱས་ས་ལ་ནི།། བགྲོད་པར་བྱེད་པའི་བྱང་ཆུབ་ལམ། ། ངོ་བོ་ཏིང་འཛིན་ཡེ་ཤེས་ཡིན། ཁྱད་པར་ཅན་གྱི་ཡོན་ཏན་རྣམས།། རྒྱུད་ལ་ཐོབ་པའི་རྟེན་བྱེད་པ།། ས་ཞེས་གོང་ནས་གོང་དུ་ནི།། བགྲོད་པའི་སྤྱིར་ན་ལམ་ཡིན་ནོ།། ལམ་མཆོག་འདི་ལས་སུ་ཞུགས་པ། ། དང་པོའི་ལས་ཅན་སྐྱེ་བོ་རྣམས།། དཀོན་མཆོག་གསུམ་གྱི་རང་བཞིན་ལ།། གུས་པས་བརྟེན་ཅིང་ཚོགས་གཉིས་བསགས།། དཀའ་ཐུབ་ཆོས་ལ་རྟེན་ཅིང་སྤྱད།། འཁོར་བའི་རང་བཞིན་སྡུག་བསྔལ་གྱིས། ། ལུས་ནི་མི་གཙང་ཕུང་པོ་ལ།། མི་རྟག་དྲན་པ་ཉེ་བར་བཞག། ཚོར་བ་ཕྱི་ནང་བདེ་སྡུག་རྣམས།། མི་རྟག་བཏང་སྙོམས་སྟོང་པར་བསྒོམ།། གཟུང་བའི་ཡུལ་དང་འཛིན་པའི་སེམས།། གཉིས་ཀ་གཅིག་རྐྱེན་གཅིག་ལ་སྐྱེས། ། སེམས་དེ་རང་བཞིན་མེད་པར་བསྒོམ།། ཆོས་རྣམས་སྔར་ཡང་མ་སྐྱེས་ཤིང།། ཕྱིས་ཀྱང་སྐྱེ་བར་མི་འགྱུར་བའོ།། སྐྱེ་མེད་སྟོང་པར་ཤེས་པར་བྱ།། ཡང་དག་སྤོང་བ་བཞི་པོ་ནི།། སྡིག་པ་སྔར་སྐྱེས་ལས་སྤོང་ཞིང། ། ཕྱིས་ནི་སྡིག་པ་བསྐྱེད་མི་བྱ།། དགེ་བ་སྔར་སྐྱེས་སྤེལ་བྱ་ཞིང།། མ་སྐྱེས་དགེ་བ་བསྐྱེད་པར་བྱ།། མོས་འདུན་བརྩོལ་བའི་བརྩོན་འགྲུས་ཀྱིས།། མི་དགེ་ཆོས་ཀྱིས་དབེན་པས་ན།། མཉམ་གཞག་འདོད་ཆགས་བྲལ་བས་ན། ། དགའ་བདེ་ཏིང་འཛིན་ལ་གནས་པ།། འདུན་པའི་རྫུ་འཕྲུལ་རྐང་པས་ཏེ།། དེ་ལ་རབ་ཏུ་སྤྲོས་བྱེད་པ།། དང་བའི་རྫུ་འཕྲུལ་རྐང་པ་ཡིན།། དེ་ལ་རྟོག་ཅིང་སྤྱོད་བྱེད་པ།། སྤྱོད་པའི་རྫུ་འཕྲུལ་རྐང་པ་ལ། ། དེའི་དོན་རྣམས་ཡིད་ལ་སེམས།། སེམས་ཀྱི་རྫུ་འཕྲུལ་རྐང་པས་ཏེ།། འགྲོ་འོང་མེད་པའི་རྒྱུན་དེ་ལ།། སེམས་ནི་རྩེ་གཅིག་གནས་པ་ཡིས།། བསམ་གཏན་བཞིའི་འདུ་ཤེས་ལ།། རབ་ཏུ་སྦྱངས་པའི་རྫུ་འཕྲུལ་དང། ། མངོན་ཤེས་ཕྲ་མོ་ཐོབ་པར་འགྱུར།། ལས་ཀྱིས་མངོན་ཤེས་རིགས་དྲུག་གིས།། སེམས་ཅན་རྣམ་པ་ཕྲ་མོ་ཡོད།། ལྷའི་མིག་ལ་སོགས་པ་ལྔ།། ཆ་མཐུན་ཙམ་རེ་མཉམ་བཞག་དུས།། འཕགས་པ་དགྲ་བཅོམ་རྣམས་ལ་འཆར། ། རྒྱུན་ཆད་མེད་པར་སངས་རྒྱས་ལའོ།། ཚོགས་ལམ་བཞི་གསུམ་བཅུ་གཉིས་སོ།། ཐ་མ་འབྲིང་མཆོག་ཆེན་པོ་ལ།། རིམ་པ་བཞིན་དུ་འདུ་འཛི་སྤངས།། དབེན་པའི་སྟོབས་ལས་སྐྱེ་བ་ཡིན། ། མོས་སྤྱོད་ཚོགས་གཉིས་བསགས་པ་དེ།། ཆོས་ཉིད་དོན་ལ་སྦྱོར་བའི་ལམ།། ངེས་འབྱེད་ཡན་ལག་རྣམ་བཞི་སྟེ།། དྲོད་ནི་མེའི་སྔ་ལྟས་བཞིན།། ཆོས་ཉིད་རྟོགས་པའི་སྔ་ལྟས་སུ།། བཟུང་ཡུལ་རང་བཞིན་མེད་པ་ཡི། ། སྒྱུ་མ་རྨི་ལམ་ལྟ་བུར་རྟོགས།། དེ་ཉིད་རང་བཞིན་མེད་པ་ཡི།། ཆོས་ཀུན་དགག་སྒྲུབ་བླངས་དོར་བྲལ། ཡོནཏན་འཕེལ་བ་རྩེ་མོ་སྟེ།། འདི་དུས་དབང་པོས་གང་སྣང་བ།། སྐྱེ་བ་མེད་པར་མངོན་དུ་ཤེས།། དེ་ལ་གཞན་གྱིས་མི་ཕྱེད་པའི། ། བསྟན་པའི་ངེས་ཤེས་ཆེན་པོ་སྐྱེ།། དེ་ནི་དད་པའི་དབང་པོ་ཡིན།། དེ་ལ་རབ་ཏུ་སྤྲོ་སེམས་ཀྱིས།། སྲོག་གི་ཕྱིར་ཡང་མ་ཆགས་པར།། དཀའ་བ་སྣ་ཚོགས་སྤྱོད་པའི་མཐུས།། བརྩོན་འགྲུས་དབང་པོ་དུབ་པར་མེད། ། སྤྱོད་ལམ་རྣམ་བཞི་དྲན་ཤེས་ཀྱིས།། ཚུལ་མ་ཡིན་པ་ཀུན་སྤངས་ཤིང།། སེམས་ལ་ལྟ་བ་དྲན་པའི་དབང།། གང་ལ་དམིགས་པའི་ཆོས་དེ་ལ།། ལུས་སེམས་རྩེ་གཅིག་གནས་བྱེད་པ། ། དག་བྱེད་ཏིང་འཛིན་དབང་པོ་ཡིན།། རྩེ་གཅིག་སྤྱོད་པའི་ཆོས་དེ་ལ།། སོ་སོར་རྟོགས་པའི་ཤེས་རབ་ཀྱིས།། བརྟགས་པས་གཞི་རྩ་མེད་མཐོང་བ།། ཤེས་རབ་དབང་པོ་ཐོབ་པ་སྟེ།། ཆོས་རྣམས་སྐྱེ་འགག་མེད་པ་ཡི། ། མཚན་མ་བྲལ་བའི་དོན་ལ་ནི།། བློ་ལ་མི་སྐྲག་མི་སྡང་བར།། མོས་པ་ཐོབ་པ་བཟོད་པ་ཡིན།། འདི་ནས་ངན་སོང་མི་ལྟུང་ཞིང།། དགེ་བའི་རྩ་བ་རྒྱུན་མི་འཆད།། ཉི་མ་འཆར་བའི་སྔ་ལྟས་སུ། ། ནམ་མཁའ་མཐའ་ནས་སངས་པ་བཞིན།། རྣམ་པར་རྟོག་མེད་ཏིང་འཛིན་ལ།། ཆོས་རྣམས་ཐམས་ཅད་གཅིག་ཏུ་འགྱུར།། རྣམ་རྟོག་མ་ལུས་ཐམས་ཅད་འགགས།། རྟོགས་པ་མེད་པའི་ཏིང་འཛིན་དེ།། འཇིག་རྟེན་ཆོས་ལས་མཆོག་གྱུར་པས། ། དེ་ཉིད་དོན་ལ་རྟགས་སྤྱད་ན།། འཇིག་རྟེན་འཇིག་རྟེན་འདས་པའི་ཆོས།། སྐད་ཅིག་གིས་ནི་བྱེ་བྲག་ཕྱེད།། མཐོང་ལམ་དོན་ལ་དེས་སྦྱོར་བས།། སྦྱོར་ལམ་དོན་ཞེས་ཐེག་ཆེན་དང། ། ཉན་རང་གཉིས་དང་ཐུན་མོང་སྟེ།། ཉན་ཐོས་ས་བརྒྱད་རང་རྒྱལ་དགུ།། འགའ་ཞིག་ཐེག་ཆེན་ཆ་མཐུན་ཡང།། འདི་ཉིད་ལ་ནི་ཐོབ་པ་སྟེ།། ཞི་གནས་དང་ནི་ལྷག་མཐོང་ཡང།། འདི་ནས་གཅིག་ཏུ་འདྲེས་པར་འགྱུར། ། ཉན་རང་བྱང་སེམས་དེ་བཞིན་གཤེགས།། ཏིང་འཛིན་ཐམས་ཅད་འདི་གཉིས་འདུས།། ཞི་ལྷག་གཉིས་པོ་ཀུན་གྱི་དོན།། ལས་རྣམས་བགྲོད་པའི་སྲོག་ཤིང་ཡིན།། ཕུང་པོ་ཁམས་དང་སྐྱེ་མཆེད་སོགས། ། གཟུང་དང་འཛིན་པའི་ཆོས་རྣམས་ཀུན།། མ་ལུས་ཆོས་ཉིད་སྤྲོས་དང་བྲལ།། དེ་བཞིན་ཉིད་ཀྱི་དོན་ལ་ནི།། རང་གིས་རིག་པས་མངོན་སུམ་དུ།། མཐོང་ཕྱིར་མཐོང་བའི་ལམ་ཞེས་བྱ།། མཉམ་བཞག་ཆོས་ཉིད་དོན་ལས་སུ། ། རྗེས་ཐོབ་སྒྱུ་མ་ལྟ་བུ་ཡི།། འཁོར་བའི་ཆོས་ལ་མི་སྐྲག་ཅིང།། རང་རིག་ཆོས་ཉིད་དོན་མཐོང་བས།། དགའ་བ་སྐྱེ་ཕྱིར་དང་པོའི་ས།། དོན་ལ་ཉོན་མོངས་མ་གོས་པས།། གཉིས་པ་དྲི་མ་མེད་པའི་ས། ། ཆོས་རྣམས་རང་ཤར་ཡོན་ཏན་གྱིས།། ཤེས་རབ་རྒྱས་པ་འོད་བྱེད་པ།། ཕྱོགས་མེད་ཡོན་ཏན་ཆེར་རྒྱས་པས།། ས་ནི་བཞི་པ་འོད་འཕྲོས་པ།། ཐོག་མེད་དུ་ནས་བག་ཆགས་རྣམས།། སྦྱང་ཀ་སྦྱོང་བས་ས་ལྔ་པ། ། ཆོས་རྣམས་ཐམས་ཅད་རང་གི་སེམས།། མངོན་དུ་གྱུར་པ་དྲུག་པ་སྟེ།། འཁོར་བའི་བག་ཆགས་སྤངས་པས་སུ།། བདུན་པ་རིང་དུ་སོང་བའོ།། འདི་རྣམས་འཁོར་བའི་ཉོན་མོངས་ཀྱི།། ཆ་ནི་ཕྲ་མེད་མ་དག་ས། ། འཁོར་བའི་སྐྱོན་གྱིས་མ་གོས་ཤིང།། སེམས་ཅན་དོན་ཀུན་བསྒྲུབ་པའི་ཕྱིར།། བྱང་ཆུབ་སེམས་དཔའ་ཞེས་བྱའོ།། གོང་ནས་གོང་དུ་བསྐྱེད་པ་ཡིས།། སྤྱོད་པ་ལ་ཞུགས་སེམས་དཔའ་ཡིན།། ཆོས་ཉིད་དོན་མཐོང་སྐྱེས་མཆོག་གིས། ། ཟག་བཅས་ཟག་མེད་ལ་སོགས་པ།། མཉམ་པ་ཉིད་ཤེས་བསྒོམ་པའི་ལམ།། ཤེས་བཞིན་བག་ཆགས་སྦྱངས་པ་ཡིས།། དང་པོ་ནས་ནི་བཅུ་པའི་བར།། ནམ་ཟླ་དྲོས་པའི་ཆབ་རོམ་བཞིན། ། ཉོན་མོངས་རིམས་ཀྱིས་ཇེ་ཕྲ་སོང།། བསྒོམ་ལམ་རྣམ་པར་མི་རྟོག་པའི།། ཆོས་ཉིད་རང་སར་བཞག་པ་ཡིས།། མཉམ་རྗེས་གཉིས་མེད་གཅིག་ཏུ་འགྱུར།། བག་ཆགས་གཉིས་སྣང་དབྱིངས་སུ་ཡལ། ། ཕྱིར་མི་ལྡོག་པའི་སེམས་དཔའ་སྟེ།། ཆོས་ཉིད་དོན་ལ་སྐད་ཅིག་ཀྱང།། རྐྱེན་གྱིས་མི་གཡོ་ས་བརྒྱད་པ།། ཤེས་བྱ་ཀུན་ལ་མ་རྨོངས་པས།། དགུ་པ་ལེགས་པའི་བློ་གྲོས་ས།། ཟླ་བ་ཡར་གྱི་ངོ་བཞིན་དུ། ། སངས་རྒྱས་ཀུན་གྱི་ཡོན་ཏན་རྣམས།། རྒྱུད་ལ་སྤྲིན་བཞིན་འཁྲིགས་པ་ཡིས།། ས་བཅུ་ཆོས་ཀྱི་སྤྲིན་ཞེས་པ།། སངས་རྒྱས་རྣམས་ཀྱི་དབང་ཐོབ་སྟེ།། སྐྱེ་བ་གཅིག་གིས་ཐོགས་པ་ཡི།། བྱང་ཆུབ་སེམས་ཞེས་མིང་དུ་བཏགས། ། ས་བཅུའི་ཡོན་ཏན་མཐར་ཕྱིན་ལམ།། མི་མཐུན་ཕྱོགས་ཀུན་རྣམ་པར་དག། དག་པའི་ཡེ་ཤེས་དབང་བཅུའི་དོན།། ཐུབ་དབང་སྟོབས་བཅུ་སངས་རྒྱས་ས།། མཁྱེན་པའི་ཐུགས་རྗེའི་འོད་ཟེར་གྱིས། ། ཀུན་གྱི་དོན་བྱེད་བཅུ་གཅིག་པ།། ཀུན་ཏུ་འོད་ཀྱི་ས་ཆེན་པོ།། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དུ།། གཟུགས་སྐུ་འཁོར་བའི་སྐྱོན་གྱིས་སུ།། མ་གོས་བཅུ་གཉིས་པདྨ་ཅན།། ཆོས་སྐུ་མྱ་ངན་འདས་པའི་སྐྱོན། ། ཞི་བས་མ་གོས་ཚོགས་ཆེན་པོ།། གཉིས་མེད་ཐམས་ཅད་མཁྱེན་པ་ལ།། སྡུག་བསྔལ་སྒྲིབ་པ་ཀུན་མེད་པས།། བཅུ་བཞི་བདེ་བ་ཆེན་པོའི་ས།། ཡང་དག་དོན་ལ་འགྱུར་མེད་པས།། རྡོ་རྗེ་འཛིན་པ་སངས་རྒྱས་པའོ། ། ལམ་གྱི་ཆོས་རྣམས་ཐམས་ཅད་ཀུན།། བླང་བྱའི་དོན་ནི་ཏིང་ངེ་འཛིན།། ཞི་གནས་སེམས་ནི་རྩེ་གཅིག་པ།། ལྷག་མཐོང་སོ་སོར་རྟོག་པ་ཡིས།། ཤེས་རབ་ཆོས་ཀུན་རྟོགས་པ་ལ།། ཉན་རང་རྣམ་རྟོག་མགོ་ནོན་ཙམ། ། མི་རྟོག་རྩེ་གཅིག་ཞི་གནས་ལ།། མི་རྟག་སྟོང་པ་བདག་མེད་དུ།། སོ་སོར་རྟོག་ཤེས་ལྷག་མཐོང་ཡིན།། བྱང་ཆུབ་སེམས་དཔའི་ཆོས་རྣམས་ཀུན།། རྣམ་པར་མི་རྟོག་ཞི་གནས་ལ།། རྟོག་ཚོགས་གནས་ལུགས་གཅིག་ཏུ་ནི། ། ཤེས་པ་ལྷག་མཐོང་ཡེ་ཤེས་ཏེ།། རྣམ་པར་རྟོག་དང་མི་རྟོག་པ།། མཉམ་རྗེས་མེད་པ་ཞི་གནས་ལ།། མ་འགག་གསལ་བ་ལྷག་མཐོང་ནི།། མཐར་ཕྱིན་ལམ་གྱི་ཏིང་འཛིན་ཡིན།། ཏིང་ངེ་འཛིན་ནི་གཅིག་ཉིད་ལ། ། ཤེས་རབ་སྟོབས་ཀྱི་ཁྱད་པར་གྱིས།། བུ་ག་ཁང་པ་ཕྱི་རོལ་གྱི།། ནམ་མཁའ་མཐོང་དང་མཚུངས་པ་སྟེ།། དེ་ཉིད་གྲོལ་ན་གཉིས་སུ་མེད།། མཉམ་པ་ཉིད་ལ་འཁོར་འདས་མེད།། མ་རྟོགས་དུས་ན་ཀུན་གཞི་ཞེས། ། རྟོགས་པའི་དུས་ན་ཆོས་ཀྱི་སྐུ།། ཐོབ་པར་བྱེད་པའི་དོན་ལ་ནི།། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན།། མིང་དུ་བརྟགས་པའི་ཆོས་སུ་ཟད།། དང་པོའི་ལས་ཅན་ཚོགས་ལམ་ནས།། མཐོང་ལམ་བར་ནི་ཆོས་ཉིད་ཀྱི། ། དོན་མ་རྟོགས་པས་མོས་སྤྱོད་པ།། མཐོང་ལམ་ནས་ནི་བདུན་པའི་བར།། ཆོས་ཉིད་དོན་ལ་སྤྱོད་པའི་ས།། སྤྱོད་པ་ལ་ནི་ཞུགས་པའི་ས།། བརྒྱད་པ་ནས་ནི་ཉོན་མོངས་དག། འཁོར་བར་མི་ལྡོག་པ་ཡིས། ། བཅུ་པ་སྤངས་ཐོབ་ཡོན་ཏན་ཀུན།། མཐར་ཕྱིན་མི་སློབ་སངས་རྒྱས་ས།། ཏིང་ངེ་འཛིན་གྱི་རང་སྣང་ལ།། དུས་ཀྱི་སྐབས་དང་སྦྱར་བ་ཡིན།། ཚོགས་སྦྱོར་གཉིས་པའི་ལམ་ཙམ་ལས།། སའི་ཡོན་ཏན་མི་རྫོགས་ཏེ། ། མཐོང་ལམ་ཐོབ་ནས་ས་བཅུ་བར།། ཕ་རོལ་ཕྱིན་བཅུ་རྫོགས་པར་བྱེད།། དང་པོ་སྦྱིན་པ་གཙོ་བས་ཏེ།། ཆོས་ལ་དམིགས་པའི་སྙིང་རྗེ་ཡིས།། དགེ་བས་བསྡུ་ཕྱིར་བརྩོན་པར་བྱེད།། གཉིས་པ་ཚུལ་ཁྲིམས་མི་མཐུན་པའི། ། མི་དགེ་སྤང་ཞིང་དགེ་བ་ལ།། སྟོབས་ཆེན་ཚུལ་བཞིན་སྤྱད་པར་བྱ།། གསུམ་པ་བཟོད་པ་ཆོས་ཀྱི་ཕྱིར།། དོན་གཉེར་སངས་རྒྱས་རིམ་འགྲོ་བྱེད།། བརྩོན་འགྲུས་ཟག་བཅས་ཟག་མེད་ཀྱི། ། གནས་འགྱུར་ཤེས་པས་བླང་དོར་བྱེད།། བསམ་གཏན་རིག་པའི་གནས་རྣམས་ལ།། སྒྲིབ་སྦྱངས་ལོག་འདྲེན་ཚར་ཡང་བཅད།། ཤེས་རབ་ཆོས་ཀུན་ཐམས་ཅད་ཀྱིས།། དོན་རྣམས་ཁོང་དུ་ཆུད་པར་བྱེད། ། ཐབས་ཀྱིས་སྐུ་དང་ཞིང་ཁམས་ལ།། ཀུན་རྫོབ་དོན་དམ་འཇུག་པར་བྱེད།། སྟོབས་ཀྱིས་ཕུན་སུམ་ཚོགས་པ་ཡིས།། ཡོན་ཏན་ཀུན་ལ་གོ་བར་བྱེད།། སྨོན་ལམ་སེམས་ཅན་ཡིད་རྣམས་ཀུན།། གང་ལྟར་བདུན་པ་དེ་བཞིན་ཐོབ། ། ས་བཅུ་ཡེ་ཤེས་ཆེན་པོ་ཡིས།། དབང་བསྐུར་ཐམས་ཅད་མཁྱེན་པ་རུ།། ཡོན་ཏན་ཐམས་ཅད་རྫོགས་པར་འགྱུར།། ཚོགས་སྦྱོར་ལམ་གྱི་དུས་འདི་རུ།། སྤང་བྱ་ཉོན་མོངས་གཉེན་པོ་སྤོང།། ས་ཐོབ་ནས་ནི་ཉོན་མོངས་དང། ། ཉེ་བའི་ཉོན་མོངས་ཉི་ཤུ་སོགས།། རྩ་བ་བསྲུང་ནས་འབྱིན་པར་བྱེད།། བརྒྱད་པ་ནས་སུ་ཉོན་མོངས་དག། ཆོས་ཀྱི་བདག་འཛིན་ཤེས་བྱ་ཡི།། འཛིན་པ་འཕྲ་མོའི་ཞེན་པ་དེ།། ས་བཅུ་པ་ལ་མ་ལུས་དག། སྤྲིན་བྲལ་ཉི་མའི་དཀྱིལ་འཁོར་བཞིན།། སྒྲིབ་པ་མདུད་ལ་ངེས་པར་གྲོལ།། ས་ཐོབ་གྱུར་མ་ཐག་དེ་རུ།། ཉོན་མོངས་དུག་དང་མཚོན་མི་ཚུགས།། སྲིད་པའི་ཆུ་དང་མེས་མི་ཚིག། བག་ཚ་ངན་འགྲོའི་འཇིགས་པ་བྲལ། ། སྐད་ཅིག་འདུན་པ་བཏང་བ་ཙམ།། ཏིང་འཛིན་བརྒྱ་ལ་སྙོམས་འཇུག་དང།། སངས་རྒྱས་བརྒྱ་མཐོང་བྱིན་བརླབས་ཐོབ།། འཇིག་རྟེན་ཞིང་ཁམས་བརྒྱ་གཡོ་དང།། སངས་རྒྱས་ཞིང་ཁམས་བརྒྱར་འགྲོ་དང། ། སེམས་ཅན་བརྒྱ་ལ་ཚོས་སྟོན་དང།། འཇིག་རྟེན་ཁམས་བརྒྱ་སྣང་བྱེད་དང།། བསྐལ་པ་བརྒྱ་གནས་སྐྱེ་བ་དྲན།། ཕྱི་མའི་བསྐལ་བརྒྱར་འཇུག་པ་དང།། ལུང་བརྒྱ་ཡོངས་སུ་སྟོན་བྱེད་དང།། ཆོས་ཀྱི་སྒོ་མོ་བརྒྱ་འབྱེད་དང། ། སྤྲུལ་པ་བརྒྱ་ཕྲག་སྟོན་པའོ།། ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་པོ།། བྱང་ཆུབ་སེམས་ཀྱི་འདོད་འདུན་ལ།། ཏིང་ངེ་འཛིན་གྱིས་བྱས་པ་ཡིན།། རྩོལ་བ་མེད་པའི་བརྩོན་འགྲུས་ཀྱིས།། དེ་འདྲའི་རྣམ་སྤྲུལ་བསམ་ལས་འདས། ། རིག་པ་སེམས་ཀྱི་ཆོ་འཕྲུལ་ཡིན།། དེ་བཞིན་ས་བཅུའི་བར་དུ་ནི།། ཏིང་འཛིན་ཡོན་ཏན་གོང་ནས་གོང།། སྟོབས་ཆེར་གྱུར་པའི་གཉིས་པ་ལ།། སྟོང་ཕྲག་བཅུ་གཉིས་གསུམ་པ་ལ། ། ཁྲི་ཕྲག་འབུམ་དང་བྱེ་བ་དང།། ས་ཡ་ཕྲག་བཅུ་ཕྲག་བརྒྱ་དང།། སྟོང་ཕྲག་ཁྲི་ཕྲག་འབུམ་ལ་སོགས།། བཅུ་གཅིག་གྲངས་མེད་བརྗོད་ལས་འདས།། སྔོན་གྱི་སྨོན་ལམ་མཐུ་ཡིས་སུ།། སེམས་དཔའ་དེ་དག་རེ་རེ་ལ། ། ལུས་དང་རྫུ་འཕྲུལ་སྟོབས་དང་ནི།། འོད་དང་མངོན་ཤེས་སྦྱངས་ལ་སོགས།། བསྐལ་པར་བརྗོད་ཀྱང་བསྒྲངས་མི་ནུས།། ལྷག་བསམ་རྣམ་པར་དག་པ་ནི།། དེ་དག་ཐམས་ཅད་ཤུགས་ལ་འབྱུང། ། ཚོགས་ལམ་ཡོན་ཏན་མཐར་ཕྱིན་པས།། མཉམ་པར་གཞག་པའི་དུས་ཉིད་དུ།། བདེ་གསལ་མི་རྟོག་ཏིང་འཛིན་ལ།། གཡོ་བ་མེད་ཅིང་དངས་པ་ནི།། གསལ་བ་མེ་ལོང་ལྟ་བུར་འགྱུར།། གནས་ལུགས་དོན་ནི་མ་མཐོང་བས། ། ད་རུང་བཅོས་མའི་ཏིང་འཛིན་ཏེ།། མ་ཡེངས་གནས་པའི་ཡོན་ཏན་དུ།། སྤྱན་མངའ་ཆགས་པ་མེད་པ་ཡི།། ཡང་དག་དོན་མཐུན་མངོན་ཤེས་ལྔ།། གནས་སྐབས་ལམ་དང་མཐར་ཐུག་ཏུ།། དཔག་ཚད་གཅིག་ནས་སྟོང་གསུམ་བར། ། ཞིང་ཁམས་མཐོང་བ་ཤ་ཡི་སྤྱན།། མཉམ་བཞག་དང་ནི་རྨི་ལམ་དུ།། ཞིང་ཁམས་མཐོང་དང་ལུང་སྟོན་དང།། རྣམ་པ་སྣ་ཚོགས་རྟགས་རྣམས་འབྱུང།། བྱུང་ཡང་མི་རྟག་འགྱུར་བ་ཡིན། ། སྦྱོར་ལམ་དུས་སུ་ཏིང་འཛིན་གྱིས།། སྒོ་ནི་བརྒྱ་སྟོང་དུ་མ་མཐོང།། སྣང་བ་རྨི་ལམ་སྒྱུ་མར་རྟོགས།། ཟག་བཅས་ཟག་མེད་ལ་སོགས་པའི།། ཆ་མཐུན་མངོན་ཤེས་འཕྲ་མོ་དང།། ཕྱོགས་བཅུའི་འཇིག་རྟེན་ཇི་སྙེད་པའི། ། འཆི་འཕོ་ཤེས་པ་ལྷའི་སྤྱན།། ཉན་ཐོས་རང་རྒྱལ་ཏིང་འཛིན་ལ།། གོམས་པས་དེའི་ཡོན་ཏན་ཐོབ།། ཆོས་རྣམས་ཀུན་གྱི་དོན་མཐོང་བས།། ཤེས་རབ་སྤྱན་ཏེ་མཐོང་ལམ་ཡིན།། ས་བཅུའི་ཡོན་ཏན་མཐར་ཕྱིན་པ། ། གང་ཟག་འཕགས་པའི་ཏིང་འཛིན་ལ།། སྤངས་ཐོབ་ཤེས་པ་ཆོས་ཉིད་སྤྱན།། བསྒོམ་ལམ་དུས་ན་ཐོབ་པ་ཡིན།། ཉོན་མོངས་སྤངས་པས་ཟག་པ་མེད།། ཏིང་ངེ་འཛིན་ལ་རང་དབང་བསྒྱུར།། ཤེས་བྱའི་སྒྲིབ་བྱང་གཟུང་འཛིན་དག། རང་རིག་དོན་ལ་གསལ་འགྲིབ་མེད།། སྤངས་ཐོབ་ཡོན་ཏན་ཕུན་སུམ་ཚོགས།། རྩལ་སྦྱོང་རྒྱུ་མཐུན་རྒྱལ་རིགས་ཐོབ།། ཐམས་ཅད་མཁྱེན་པ་སངས་རྒྱས་སྤྱན།། མཐར་ཕྱིན་ལམ་ལ་རྫོགས་ནས་ཐོབ། ། ཤེས་བཅུ་རྣམ་དག་འབྲས་བུ་དོན། ཁམས་གསུམ་ཉོན་མོངས་སྤངས་པ་ཡི།། རང་དང་སྤྱི་ཡི་མཚན་ཉིད་ཀྱིས།། ཆོས་ཉིད་དོན་ཤེས་ཆོས་ཤེས་ལ།། ཉོན་མོངས་མ་སྤངས་རང་གྲོལ་དུ།། རྗེས་སུ་ཤེས་པ་མཐོང་བའི་ལམ། ། ཕ་རོལ་གཞན་གྱིས་སེམས་ཤེས་པ།། སྒྲིབ་པ་མེད་པའི་ཡེ་ཤེས་ཐུགས།། སེམས་ཅན་བསམ་པ་ཤེས་པ་ཡིན།། ཀུན་རྫོབ་ཤེས་པ་རྗེས་ཐོབ་ཀྱིས།། ཟག་བཅས་ཤེས་པའི་རྟོག་པ་རྣམས། ། ཟག་མེད་མཉམ་ཉིད་ཤེས་པའོ།། སྡུག་བསྔལ་ཤེས་པར་འཁོར་བ་ཡི།། སྡུག་བསྔལ་རྒྱུ་མཚན་ཤེས་པའོ།། ཀུན་འབྱུང་ཤེས་པས་ལས་དང་ནི།། ཉོན་མོངས་རང་བཞིན་ཤེས་པའོ།། འགོག་པ་ཤེས་པས་མི་སྐྱེ་བའི། ། ཆོས་ལ་གང་ཡང་སྤངས་སུ་མེད།། མི་མཐུན་ཕྱོགས་དང་སྡུག་བསྔལ་བྲལ།། ལམ་ཤེས་ལམ་ལྔའི་མཚན་ཉིད་རྣམས།། བྱེ་བྲག་ཤེས་པ་བསྒོམས་པའི་ལམ།། ཟད་པ་ཤེས་པ་བག་ཉལ་གྱི། ། སྒྲིབ་པ་ཟད་པར་ཤེས་པའོ།། མི་སྐྱོ་ཤེས་པ་ལྷུན་གྲུབ་ཀྱི།། དོན་ལ་འགྱུར་མེད་ཤེས་པའོ།། དེ་རྣམས་མཐར་ཕྱིན་ལམ་ཡིན་ཏེ།། ལམ་གྱི་ཡེ་ཤེས་འབྲས་བུས་བསྟན།། དོན་གྱི་ཡེ་ཤེས་ཐམས་ཅད་མཁྱེན། ། འབྲས་བུ་སྐུ་ལྔ་ཡེ་ཤེས་ལྔ།། གསུམ་མམ་ཅིག་དང་གཅིག་ཏུ་ནི།། ལྷུན་གྲུབ་ས་ལ་རྫོགས་པར་འགྱུར།། ཐེག་པ་ཆེན་པོའི་མངོན་པར་རྟོག་པ་བྱང་ཆུབ་ལམ་གྱི་རྒྱུད་ཆེན་ནམ་མཁའ་དང་མཉམ་པ་ལས། ། བྱང་ཆུབ་སེམས་དཔའི་ལམ་བསྟན་པའི་ལེའུ་སྟེ་བཅུ་བཞི་པའོ།།།། ཆོས་ཉིད་བདག་མེད་རང་རིག་པ།། ཕྱོགས་སུ་མ་ལྷུང་ཀུན་ཁྱབ་པ།། བདག་ཏུ་འཛིན་པའི་རྟག་པ་དེ།། སེམས་ནི་ཡིན་ནམ་མ་ཡིན་ཞེས། ། ཡིན་ན་རྟག་པ་མ་ཡིན་ཏེ།། སེམས་ནི་མ་དམིགས་པ་ཡི་ཕྱིར།། དམིགས་པ་མེད་ཀྱང་བརྟགས་ནས་ནི།། རྟག་པར་གྲུབ་པའི་དམ་བཅས་ཉམས།། གལ་ཏེ་བདག་སྟེ་དབང་ཕྱུག་གིས།། བྱེད་པ་གཞན་དུ་འདོད་པ་ན། ། དབང་ཕྱུག་མཆོད་དང་མི་མཆོད་འགྲུབ།། མཆོད་འདོད་གཙང་དང་མི་གཙང་དང།། གཙང་ལ་འདོད་ན་རང་ཉིད་ནི།། མི་གཙང་རྫས་ཀྱི་ཕུང་པོ་ཡིས།། དབང་ཕྱུག་ཉམས་པའི་སྐྱོན་དུ་འགྱུར།། དེ་ཡིས་མ་བསྐྱེད་མཆོད་པ་མེད། ། མི་གཙང་མཆོད་ཀྱང་འགྲུབ་བྱེད་ན།། སེམས་ཅན་ཀུན་ལ་དབང་ཕྱུག་འགྲུབ།། ཁྱོད་ཀྱིས་གྲུབ་མཐའི་དགོས་པ་གཏོར།། དབང་ཕྱུག་མི་གཙང་ཕུང་པོར་འགྱུར།། ཅི་ཕྱིར་མི་གཙང་མཆོད་པའི་དོན། ། མཆོད་པ་མེད་ཀྱང་གཞན་བྱེད་ན།། དམྱལ་བར་གནས་པས་དབང་ཕྱུག་གྲུབ།། ཅི་སྟེ་མཆོད་པ་མི་དགོས་ཕྱིར།། དེ་ནི་ཁྱོད་ཀྱི་འདོད་པ་ནི།། དབང་ཕྱུག་འགྲུབ་པ་དོན་མེད་འགྱུར།། དམྱལ་བ་དམྱལ་བར་གནས་གྱུར་པས། ། དགོས་ན་སྔ་མའི་དམ་བཅའ་འགལ།། སེམས་ཅན་ཀུན་ལ་བདག་ཡོད་ན།། སེམས་ཅན་སྐྱེ་ཤི་མེད་པར་འགྱུར།། བདག་ནི་རྟག་པ་ཉིད་ཀྱི་ཕྱིར།། སེམས་ཅན་འཆི་ཡང་བདག་རྟག་ན།། བདག་དེ་སེམས་ཅན་མིན་པའི་སྐྱོན། ། སེམས་ཅན་སྐྱེ་ཤི་ཡིད་རང་བཞིན།། བདག་ལ་ཤི་མི་མེད་པ་ཡིས།། གཅིག་པ་ཉིད་ཀྱིས་དམ་བཅའ་སོགས།། དེ་ཕྱིར་ཁྱོད་ཀྱིས་བདག་རྟག་པ།། བརྟག་པ་མ་ཡིན་ཉམས་པ་ལ།། གྲུབ་པར་ཁས་ལེན་འཁྲུལ་པའི་བློ། ། བདག་མེད་དོན་ལ་འཇུག་པར་རིག། བདག་ལ་མིང་ལ་དོན་ལ་མེད།། མོ་གཤམ་བུའི་མཚན་ཉིད་བཞིན།། མི་རྟག་ཆོས་དེ་བརྡའི་སྟོང།། གཞི་རྩ་བྲལ་བའི་ཆོས་ཉིད་དེ།། སྟོང་པ་ཉིད་ལ་བདག་མ་གྲུབ། ། མ་གྲུབ་བཞིན་དུ་སྣང་བ་ནི།། དཔེར་ན་སྣ་ཚོགས་སྒྱུ་མ་བཞིན།། རྐྱེན་རྣམས་ཚོགས་པའི་རྟེན་འབྲེལ་གྱིས།། ཀུན་རྫོབ་འཁྲུལ་པའི་སྣང་བ་ཙམ།། ཡང་དག་དོན་ལ་འཁྲུལ་པ་མེད།། ཅིར་ཡང་མ་གྲུབ་ཅིར་ཡང་གསལ། ། གསལ་སྟོང་ངོ་བོ་ཉིད་ཀྱིས་བདག། བདག་མེད་སེང་གེའི་སྒྲ་དང་ལྡན།། མུ་སྟེགས་རིགས་ངན་འཇོམ་པར་བྱེད།། ཆད་པར་ལྟ་བའི་རྒྱང་འཕེན་པ།། རྒྱུ་ཡོད་འབྲས་བུ་མེད་པ་དང། ། རྒྱུ་འབྲས་གཉིས་ཀ་མི་འདོད་དང།། རྒྱུ་ཡོད་འབྲས་བུ་མི་འདོད་ན།། ཁྱོད་ཀྱིས་བྱས་པ་དོན་མེད་འགྱུར།། རྒྱུ་ཡོད་འབྲས་བུ་མེད་པའི་ཕྱིར།། འདོད་ན་ཁྱོད་ཀྱི་སྲོག་འདི་ཉིད།། སྐྱེས་ནས་འཆི་བདག་མེད་དམ་ཅི། ། མེད་ན་སྔོན་དུ་མ་ཤི་བས།། ད་ཡང་མི་འཆི་སྡོད་པ་གང།། ཡོད་ན་སྔར་གྱི་དོན་དང་འགལ།། རྒྱུ་ཡོད་འབྲས་བུ་མ་གྲུབ་ཉམས།། ས་བོན་མྱུ་གུ་འབྲས་བུ་བཞིན།། རྒྱུ་འབྲས་རྟེན་ཅིང་འབྲེལ་འབྱུང་གི། གནས་ལུགས་དོན་གཅིག་མ་རྟོགས་ན། ། སྲིད་པའི་སྐྱེ་སྒོ་སུ་ཡིས་ཁེགས།། ལས་ཀྱི་རྣམ་སྨིན་གང་གིས་བཟློག། ལས་ལ་རྣམ་སྨིན་མེད་གྱུར་ན།། ལུས་ལ་མཚོན་ཕུག་ནད་མི་འབྱུང།། ལས་ལ་འབྲས་བུ་མེད་ཕྱིར་རོ།། དེ་ཉིད་ལས་སུ་མི་འདོད་ན། ། ན་ཚ་ཉིད་ཀྱང་མ་གྲུབ་སྟེ།། ལུས་ལ་ལས་ནི་མེད་པའི་དོན།། གལ་ཏེ་ནད་ནི་གྲུབ་པ་ན།། འབྲས་བུ་མེད་པའི་དམ་བཅའ་ཉམས།། མཚོན་གྱི་ཟུག་རྔུ་བྱུང་བས་གསལ།། མཚོན་ལ་སྡིག་པ་མེད་པས་ན། ། སྡིག་བྱེད་མཁན་པོ་གང་ནས་གྲུབ།། མ་གྲུབ་འདོད་པས་དོན་གྲུབ་ན།། ལུས་ལ་ན་ཚ་མ་མཆིས་སོ།། ཡང་ན་རོ་ཡང་ན་བར་རིགས།། རོ་དང་ཁྱོད་ཀྱང་མཚུངས་པས་སོ།། རོའི་ཁས་ལེན་བྲལ་བ་ན། ། མཁན་པོ་མ་གྲུབ་ཁྱོད་ཀྱི་སྐྱོན།། རྣམ་སྨིན་མཁན་པོ་སེམས་ལས་བྱུང།། སེམས་དགེ་ན་ནི་ཆོས་ཀྱང་དགེ། སེམས་མི་དགེ་ན་ཆོས་མི་དགེ། རྣམ་སྨིན་རྒྱུ་འབྲས་དངོས་སུ་གསལ།། རྒྱུ་འབྲས་སྔ་ཕྱི་མ་གྲུབ་ན། ། ཕྱི་མ་མེད་པ་འདིར་ཡང་མེད།། འདི་ཡོད་གྱུར་ན་སླད་མ་ཡོད།། མེད་ན་མེད་པར་སུ་ཡིས་ཤེས།། གནས་སྐབས་འདི་ཡི་ཤེས་པ་ཙམ།། འདི་ཤེས་གཞན་ཡང་ཤེས་གྱུར་ཏེ།། མི་ཤེས་གནས་སྐབས་སུའི་བྱེད། ། མུན་པའི་ཀློང་ན་གནས་སྐབས་མེད།། ཡོད་ན་མུན་པའི་ཀློང་མ་ཡིན།། སེམས་ལ་སྔ་དང་ཕྱི་མ་མེད།། ཡོད་ན་མེད་པའི་དམ་བཅའ་ཉམས།། མེད་ན་སྔ་མའི་བསྒྲུབ་བྱ་འགལ།། མེད་ན་མེད་པར་སུས་མི་ཤེས། ། ཡོད་པ་མེད་པར་གང་གིས་བསྒྲུབ།། སྒྲུབ་བྱེད་མཁན་པོ་མ་གྲུབ་ན།། བདག་གི་བ་དང་ལོག་པར་འགྱུར།། གྲུབ་ན་ཕྱི་མ་མེད་དང་འགལ།། བྱེད་པ་གཞན་ནས་བྱུང་བ་ན།། ཁྱོད་ཀྱིས་ཤེས་པའི་དོན་དང་འགལ། ། གཞན་བྱུང་རང་གིས་གོ་བ་ན།། བདག་མིན་ཟེར་བ་ཉེས་པར་འགྱུར།། གཉིས་ཀ་མ་ཡིན་གཉིས་འདོད་ན།། མངོན་སུམ་ཁྱོད་ཀྱིས་དོན་རྣམས་ཀླག། ཡོད་བཞིན་མེད་པར་ལས་སྤྱད་པས།། གླེན་པ་དུག་ལ་ཟ་བ་བཞིན། ། རྒྱུ་འབྲས་རྣམ་སྨིན་མི་བསླུ་བའི།། སྡུག་བསྔལ་འབྲས་བུ་མྱོང་བར་འཆི།། ཡོད་ལ་མེད་མཐོང་ལོག་པའི་ཆོས།། ལོང་བས་མེ་ཐབ་འཕྱོང་བ་འདྲ།། རྒྱུ་འབྲས་མི་འདོད་གྱོང་རེ་ཆེ།། རྣམ་པར་སྨིན་ལ་བྲོས་ས་མེད། ། མེད་ལ་ཡོད་འཛིན་ལོག་པའི་ཆོས།། སྒྱུ་མའི་ལྟད་མོས་བསླུས་པར་མཆིས།། མི་རྟག་སྡུག་བསྔལ་ཡ་རེ་ཆེ།། ཡོད་མེད་རྟོག་སྤྱོད་རྟོག་གེ་བ།། མུན་པའི་ལམ་ལ་འོལ་ཚོད་བྱེད།། སྡུག་བསྔལ་གཡང་ལ་ལྷུང་བར་མཆི། ། བདག་མེད་དོན་ཅིག་མ་རྟོགས་ན།། བདག་འཛིན་འདི་ཀས་ཕུང་དུ་བཅུག། རྒྱ་མཚོའི་དཀྱིལ་དུ་རྫིངས་ཀྱིས་བསྒྱུར།། སྲོག་དང་བྲལ་བའི་ནད་པ་ལ།། སྨན་པའི་དགོས་ཆེད་སྟོར་བ་བཞིན། ། ལྟ་བ་ལོག་པའི་རྣམ་སྨིན་ལ།། ཐབས་གཞན་དག་གིས་མི་ཕན་པས།། ལྟ་ལོག་གང་ཟག་སུན་ཕྱུང་ལ།། ཡང་དག་ལམ་ལ་གཞུག་པར་བྱ།། ཡང་དག་མ་ནོར་བདེན་པའི་ལམ།། བྱང་ཆུབ་སེམས་ཀྱི་རིག་པ་འདི། ། རྟག་པ་མ་ཡིན་མཚན་མ་བྲལ།། ཆད་པ་མ་ཡིན་རིག་ཅིང་གསལ།། རྟག་ཆད་མཐའ་བྲལ་གཞི་མེད་འདི།། ཀུན་རྫོབ་སྒྱུ་མ་བཞིན་དུ་འཆར།། སྣ་ཚོགས་རྒྱུ་འབྲས་རྟེན་འབྲེལ་བདེན།། དོན་དམ་སྒྱུ་མཁན་བཞིན་དུ་གནས། ། གཟུང་འཛིན་བྲལ་བས་གནས་ལུགས་བདེན།། གཉིས་སུ་མེད་པའི་བརྟན་པ་འདི།། ཕྱོགས་སུ་མ་ལྷུང་ཀུན་ཏུ་གསལ།། མ་ནོར་ལམ་འདི་སུས་ཤེས་པ།། འཁོར་བ་འདི་ནི་མྱ་ངན་འདས།། ནམ་ཡང་ལངས་པའི་མུན་པ་བཞིན། ། འཁྲུལ་པ་མི་གནས་སྡུག་བསྔལ་གྲོལ།། བདེ་ཆེན་འོད་གསལ་རིག་པ་འདི།། རྒྱལ་སྲས་དེ་བཞིན་གཤེགས་རྣམས་ཀྱིས།། དགོངས་པ་བླ་ན་མེད་པའི་དོན།། རྟོགས་པར་འདོད་ན་ཇི་བཞིན་ཞོག། མ་ཡེངས་བྱས་ན་མངོན་དུ་འགྱུར།། རང་གིས་ལྟ་བའི་ཚུལ་འཛིན་པས།། ཤེས་རབ་དམན་པའི་གྲུབ་མཐའ་ནི།། ཉན་ཐོས་སྡེ་པ་རྣམ་གཉིས་ཀྱིས།། ཕྱི་རོལ་བཟུང་བའི་ཡུལ་འདི་ཉིད།། རྡུལ་ཕྲན་ཆ་གཉིས་འབྱར་བ་ཡི། ། རྡུལ་གཅིག་བསྒྲངས་པའི་ཕུང་པོ་ལ།། སྣོད་བཅུད་ཐམས་ཅད་སྐྱེད་པ་ཡི།། འཁོར་བ་འདི་ནི་སྤང་འདོད་ཅིང།། ཐར་པ་སྒྲུབ་པར་འདོད་པ་གང།། དེ་ནི་རང་ཉིད་ཡིན་དང་མིན།། འཁོར་བ་རང་ཉིད་ཡིན་པ་ནི། ། ལུས་ཡོད་གྲིབ་མ་མི་སྤོང་བཞིན།། འཁོར་བ་སྤངས་པས་ཡོངས་མི་འགྱུར།། རང་ཉིད་མིན་ན་སྤང་མི་དགོས།། འོད་དང་མུན་པ་མཉམ་མི་གནས།། འཁོར་བ་ཀུན་རྫོབ་བློ་ཡིན་ན།། ཀུན་རྫོབ་དོན་དམ་གཅིག་མི་གཅིག། གཅིག་ན་དོན་དམ་འཁྲུལ་པ་ཡིས།། འཁོར་བས་འཁོར་བ་གང་ལ་ཡོད།། མུན་པས་མུན་པ་མི་སེལ་བཞིན།། གལ་ཏེ་ཐ་དད་གྱུར་པ་ན།། ཀུན་རྫོབ་གང་དུ་གྲོལ་བར་འགྱུར།། དོན་དམ་ཉིད་དང་འབྲེལ་མེད་ན། ། སེམས་ཅན་ཐར་པ་ཅི་ལ་ཐོབ།། ཀུན་རྫོབ་སེམས་ཅན་མིན་ན་ནི།། འཕགས་པ་ཀུན་རྫོབ་མིན་མ་སྲིད།། གལ་ཏེ་ཡིན་ན་ཐར་ལམ་གྱི།། དགོས་པ་དོར་བས་དོན་མེད་འགྱུར།། དོན་དམ་ཉིད་ནི་གཅིག་མི་གཅིག། གཅིག་ན་དོན་དམ་འགྱུར་མི་འགྱུར།། འགྱུར་ན་དོན་དམ་བདེན་པ་མིན།། འཁོར་བ་མྱ་ངན་འདས་མི་འགྱུར།། མི་འགྱུར་དོན་དམ་འཕགས་པ་ཡི།། ཆོས་ཉིད་བདེན་པ་ཡིན་པ་ན།། སེམས་ཅན་འབད་པ་མེད་པར་གྲོལ། ། མིན་ན་དོན་དམ་དགོས་མེད་ཐལ།། ཡང་དག་མ་ཡིན་ཀུན་རྟོག་ཕྱིར།། ཁྱོད་ཀྱིས་སྤང་བྱ་ཉོན་མོངས་ཆོས།། ཉོན་མོངས་ཉོན་མོངས་སེམས་དཀྲུགས་པས།། མི་ཤེས་འཁོར་བའི་འདམ་དུ་བྱིང། ། བྱས་པ་དོན་མེད་སྡུག་བསྔལ་རྒྱུ།། འགོག་པའི་ཆོས་ཀྱིས་སངས་མི་རྒྱ།། འོ་ན་གང་ལྟར་ཡིན་ཞེ་ན།། འཁོར་བ་རང་སྣང་ཡིན་གྱུར་ཀྱང།། མ་རིག་འཁྲུལ་པས་ཀུན་རྫོབ་བྱུང།། ལས་ཀྱི་རྐྱེན་གྱིས་ངན་རྟོགས་ཤར། ། ཞེན་ན་སྡུག་བསྔལ་རང་བཞིན་ལ།། རང་སྣང་ཡིན་པས་མི་ཐར་ཕྱིན།། དྲི་མས་དྲི་མ་འཁྲུད་པ་བཞིན།། རང་སྣང་རང་སྣང་སྒྱུར་བ་ལ།། འཁོར་བའི་ཆོས་ལ་ཞེན་ལོག་བསྒོམ།། མི་དགེ་སྤང་ཞིང་ཚུལ་ཁྲིམས་སྲུངས། ། གོམས་པར་གྱུར་ན་ཆགས་པ་མེད།། ཞེན་ཆགས་བྲལ་ན་སྡུག་བསྔལ་གྲོལ།། རང་སྣང་མི་རྟག་སྡུག་བསྔལ་ལ།། སྟོང་པ་བདག་མེད་བདེ་བསྒོམས་པ།། བདག་ཏུ་འཛིན་པའི་ཉོན་མོངས་གྲོལ། ། འཛིན་པའི་སེམས་ཡིན་མ་ཤེས་ཀྱང།། བཟུང་བའི་ཡུལ་དེ་འགོག་པ་ཡིན།། བསམ་གཏན་ལ་ནི་གནས་པ་ཡིན།། འཁོར་བའི་རང་སྣང་མེད་པ་ན།། དེ་ཉིད་སྤང་ཡང་མི་དགོས་ན།། སྤངས་ཀྱང་འཁོར་བ་འགོག་མི་འགྱུར། ། མ་འགོག་འཁོར་བ་རང་ཁ་ཡིན།། རང་དང་འཁོར་བ་ཕན་ཚུན་དུ།། ཕ་རི་ཚུ་རི་གནས་མི་འགྱུར།། འཁོར་ཚེ་འཁོར་བའི་ཡུལ་དང་ནི།། རང་སྣང་གཉིས་པོ་གཉིས་སུ་མེད།། འགོག་ཚེ་འགོག་པའི་སྣང་བ་དང། ། རང་སྣང་གཉིས་སུ་ངས་མ་མཐོང།། སྣང་བ་བདག་མེད་ཀུན་ཁྱབ་ལ།། བདག་ཏུ་འཛིན་པའི་འཁོར་བ་སྟེ།། བདག་མེད་ཕྱོགས་ཆ་ཐེག་དམན་ལ།། ཕྱོགས་མེད་རྟོག་པ་ཐེག་ཆེན་ནོ།། འཁོར་བ་སྤངས་པའི་བདེ་འབྲས་ནི། ། རང་ལས་ཐོབ་བམ་གཞན་ལས་བྱུང།། རང་ལས་བྱུང་ན་བདག་མེད་དོན།། འཕགས་པའི་དོན་དམ་བདེན་པ་དེ།། ཁྱོད་ཀྱི་ཏིང་འཛིན་གང་ཡིན་པ།། གཞི་ནས་ཡོད་དམ་ལམ་དུ་བསྐྱེད།། འབྲས་བུ་གང་གིས་ཐོབ་པར་འགྱུར། ། གཞི་ནས་ཡོད་ན་སེམས་ཅན་རྣམས།། ཐམས་ཅད་འཕགས་པའི་རང་བཞིན་ལ།། བསྒྲུབ་པར་བྱ་བ་ཅི་ལ་དགོས།། ལམ་དུ་སྐྱེད་ན་རྒྱུ་མེད་པའི།། འབྲས་བུ་གང་ནས་འབྱུང་བར་འགྱུར། ། བྱུང་ན་ཀུན་རྫོབ་དོན་དམ་གང།། ཀུན་རྫོབ་འཁོར་བའི་རང་སྣང་ལ།། དོན་དམ་བསྐྱེད་བྱ་བྲལ་བ་སྟེ།། དམིགས་མེད་གཟུགས་དེ་སུ་ཡིས་མཐོང།། ཀུན་རྫོབ་ལམ་དུ་བསྐྱེད་པ་ན།། མི་ཁོམ་བརྒྱད་ཀྱང་ཡོན་ཏན་སྐྱེ། ། ཀུན་རྫོབ་སྣང་བ་ཡོད་པའི་ཕྱིར།། སྡུག་བསྔལ་སྡུག་བསྔལ་སྤྱོད་མི་དགོས།། རྒྱུ་མེད་ལམ་ལས་བྱུང་བའི་ཕྱིར།། གཞི་ལ་མ་རྟེན་རྒྱུ་མེད་པའི།། འབྲས་བུ་ཐོབ་བྱེད་གང་འདོད་པ།། རྒྱུ་མེད་འཁོར་བ་ཅི་ལ་སྤང། ། ལམ་མེད་བྱང་ཆུབ་གང་གིས་སྒྲུབ།། འབྲས་བུ་ལམ་གྱིས་མི་སྐྱེད་ཕྱིར།། སེམས་ཅན་འབད་པ་མེད་པར་གྲོལ།། ཡང་ན་འབད་པ་དོན་མེད་འགྱུར།། ཏིང་འཛིན་བསྒོམ་པ་དོན་མེད་ཐལ།། ཡོད་ན་བསྒོམ་པ་ཅི་ལ་དགོས། ། མེད་ན་བསྒོམ་རྒྱུ་གང་ནས་བྱུང།། ཡོད་མེད་གཉིས་ལ་རྟོག་སྤྱོད་ན།། རྟོག་གེ་འཁོར་བའི་རྩོད་གཞི་ཡིན།། བྱང་ཆུབ་ས་ལ་རྩོད་གཞི་བྲལ།། གཞན་བྱུང་སེམས་ཅན་ལས་དང་ནི། ། འཕགས་པའི་ཐུགས་རྗེ་གང་ལ་བསྐྱེད།། ལས་ལ་བྱུང་ན་ལམ་ཅི་དགོས།། འཕགས་པའི་ཐུགས་རྗེས་སྐྱེད་པ་ན།། དེ་ཙམ་སེམས་ཅན་གཅིག་ཀྱང་མེད།། རང་ལ་བྱུང་ན་གཞན་བྱུང་འགགས།། གསུམ་ཀ་དགོས་ན་རྒྱུ་རྐྱེན་དེ། ། འདུས་བྱས་འཇིག་རྟེན་ཆོས་སུ་འགྲོ།། འཕགས་པའི་ཆོས་ཉིད་འདུས་མ་བྱས།། རྟོགས་པར་འདོད་པའི་ལམ་ཆེན་པོ།། ཀུན་ལ་ཁྱབ་པའི་ཆོས་ཉིད་དེ།། རང་ལ་གནས་པའི་དོན་ཕྱི་རུ།། རྒྱུ་རྐྱེན་ལྡན་པའི་དལ་འབྱོར་ཏེ། ། ལོག་འཁྲུལ་ཞེན་པའི་ཡུལ་རྣམས་སྤང།། ཞེན་མེད་ལམ་གྱི་དགེ་བ་ལ།། གཞན་རྐྱེན་འཕགས་པའི་རྗེས་འཇུག་ཅིང།། རང་རྐྱེན་མ་ཡེངས་ཏིང་འཛིན་གྱི།། རྟེན་འབྲེལ་ཚོགས་པའི་རང་སྣང་སྟེ། ། རང་སེམས་ཡིན་པའི་རྟགས་ཉིད་དུ།། ཏིང་འཛིན་བསྟན་པ་གང་ཐོབ་པ།། དེ་དང་དེའི་འབྲས་བུ་ནི།། རང་ལས་འབྱུང་སྟེ་གཞན་ལས་མིན།། ཡིན་ཀྱང་བུ་གའི་ནམ་མཁའ་བཞིན།། རང་གི་ཏིང་ངེ་འཛིན་ཙམ་ལ། ། གཞན་གྱི་དོན་དེ་མ་རྟོགས་པས།། ད་རུང་འཁོར་བའི་འདམ་ན་གནས།། བདེ་ཆེན་སྐམ་སར་ཐོན་འདོད་ན།། བྱམས་དང་སྙིང་རྗེའི་དཀྱིལ་འཁོར་དུ།། བདག་མེད་ཆོས་ལ་ཡང་དག་སྤྱོད།། ཐེག་པ་མཆོག་ལ་བློ་གྲོས་སྐྱེད། ། མ་རིག་ལས་བྱུང་རྟེན་འབྲེལ་གྱིས།། འཁོར་བ་ཟོ་ཆུའི་ཁྱུད་མོ་ལ།། ཟློག་སྟེ་རང་རྒྱལ་དོན་འདོད་པ།། མ་རིག་འགོག་པའི་ཏིང་འཛིན་དེ།། སྦྱང་གཞི་གཉེན་པོ་གཅིག་མི་གཅིག། སྔ་མ་ལྟར་ན་མ་རིག་པས། ། མ་རིག་པས་ནི་སེམས་མི་འགྱུར།། སེམས་ནི་སེམས་ཅན་གདོད་མ་ནས།། འཁྲུལ་པ་ཅི་ཡི་ཕྱི་རུ་བྱུང།། གཉེན་པོ་ལྷན་ཅིག་གནས་པ་ལས།། ཕྱི་མ་ལྟར་ན་མ་རིག་པའི།། འཇོམས་བྱེད་ལོགས་ན་འདོད་པ་དེ། ། འགྲོ་ལ་སེམས་རྒྱུད་གཉིས་མེད་པས།། མ་རིག་སྤངས་པས་རིགས་པ་ཅིག། བྱེད་པ་གཞན་ན་མ་མཆིས་སོ།། བྱུང་ན་ཐུགས་མེད་སྐྱོན་དུ་འགྱུར།། མ་རིག་པ་དང་གཉེན་པོ་གཉིས།། ཐ་དད་གཉིས་མེད་དོན་ལ་སྒྲིབས། ། མུན་པའི་ནང་དུ་མིག་འགགས་བཞིན།། སྒྲིབ་པའི་སྟེང་དུ་སྒྲིབ་པ་བསྣན།། སྒྲིབ་གཉིས་ཐར་པའི་གེགས་ཡིན་པས།། དེའི་མུན་པ་གང་གིས་སེལ།། ཐུགས་རྗེ་ལྡན་པའི་འོད་ཟེར་གྱིས།། སེལ་ལམ་གཞན་གྱིས་སྣང་མི་ནུས། ། སྒྲོན་མེ་མུན་པ་ཆུང་སེལ་ཡང།། ཉི་མའི་འོད་ལ་སྒྲོན་མེ་མུན།། ཉན་ཐོས་རང་རྒྱལ་ཡེ་ཤེས་ཀྱང།། བྱང་ཆུབ་སེམས་དཔའི་སྒྲིབ་པ་ཡིན།། དེ་ཕྱིར་ཐེག་ཆེན་ནམ་མཁའི་དོན།། ཤེས་རབ་བློ་ཡིས་སྤྱད་པར་བྱ། ། མ་རིག་རང་སྣང་འཁྲུལ་པ་སྟེ།། འཁྲུལ་པ་སྣ་ཚོགས་རང་རིག་ཏུ།། བླ་མའི་དྲིན་གྱིས་རྟོགས་པ་ཡིས།། དཔེར་ན་དམུས་ལོང་མིག་ཕྱེ་བཞིན།། སྐྱེ་མེད་སེམས་ཀྱིས་དོན་རྟོགས་པས།། འགགས་མེད་རིག་པ་ཀུན་ཏུ་གསལ། ། མ་རིག་སྒྲིབ་པ་རང་སར་དག། གཟུང་འཛིན་བྲལ་བས་བྱང་ཆུབ་སེམས།། བདེ་བ་ཆེན་པོའི་ས་ལ་སྤྱོད།། དང་པོའི་བྱང་ཆུབ་སེམས་དེ་ནི།། བདག་གཞན་སེམས་ཅན་ཐམས་ཅད་ལ། ། ཡོད་དམ་ཕྱོགས་རིས་གནས་ཤེ་ན།། འོ་མ་ལ་ནི་མར་ཁྱབ་བཞིན།། ཕྱོགས་རིས་མེད་པར་ཀུན་ལ་ཁྱབ།། གལ་ཏེ་ཕྱོགས་ཆ་གྱུར་པ་ན།། རྒྱུ་མེད་འབྲས་བུ་མི་འབྱུང་བ།། ཀུན་ལ་སེམས་སྐྱེད་དོན་མེད་འགྱུར། ། འོ་ན་མི་ཁོམ་གནས་རྣམས་ན།། རྒྱུར་གྱུར་མ་ཡིན་གང་གིས་རྐྱེན།། དཔེར་ན་འོ་མ་མར་གྱི་རྒྱུ།། སྣོད་དང་སྲུབས་ཤིང་བསྐྱེད་ནས་འབྱུང།། མ་བསྐྱེད་མར་མི་འབྱུང་བ་བཞིན།། དལ་འབྱོར་མ་ཐོབ་མི་ཁོམ་གནས། ། ནམ་ཞིག་ཐོབ་ཚེ་སེམས་བསྐྱེད་འགྱུར།། སེམས་ཅན་སངས་རྒྱས་སྙིང་པོ་ཅན།། ཀུན་ལ་ཁྱབ་པས་གཞི་རུ་བརྟགས།། བསྐྱེད་དུ་ཡོད་པས་ས་བོན་ལ།། མ་རིག་པས་ནི་འཕྲ་མོས་ཏེ།། བསྒྲང་དུ་ཡོད་པས་ལམ་ཞེས་བྱ། ། འབྲས་བུ་འབྱུང་ཕྱིར་རྒྱུ་ཡིན་ནོ།། གང་ཞིག་བྱང་ཆུབ་སེམས་བསྐྱེད་པ།། ནུས་པ་ཡོད་དམ་མེད་ནས་བསྐྱེད།། ཡོད་ན་སེམས་བསྐྱེད་མི་དགོས་ཏེ།། མེ་ལ་མེ་བསྐྱེད་མི་དགོས་བཞིན།། མེད་ན་བསྐྱེད་ཀྱང་དོན་མི་འབྱུང། ། སྤྲང་པོས་རྒྱལ་པོར་བསྐྱེད་བྱས་ཀྱང།། དེའི་བྱ་བ་མི་འགྲུབ་བོ།། དཔེར་ན་གཞོན་ནུ་མི་ཆེན་གྱིས།། ནུས་པ་མེད་ཀྱང་འདུན་ཡོད་པས།། ནམ་ཞིག་ཆེར་གྱུར་གྲུབ་པ་བཞིན།། དང་པོའི་ལས་ཅན་གང་ཟག་ལ། ། ནུས་པ་མེད་ཀྱང་སྨོན་པ་ཡིས།། དུས་ཚོད་སེམས་བསྐྱེད་ཀུན་དོན་འགྲུབ།། ནུས་པ་ཡོད་ནས་མ་བསྐྱེད་ན།། གཏེར་གྱི་ནོར་བཞིན་མི་ཕན་པས།། སྟོབས་དང་ནུས་པ་གང་ཡོད་ཀྱིས།། འཇུག་པ་སེམས་བསྐྱེད་གང་བྱས་ལ། ། དེའི་དོན་རྣམས་འགྲུབ་པར་འགྱུར།། སེམས་བསྐྱེད་གཞན་གྱིས་དོན་འགྲུབ་པ།། འབྲེལ་པ་མེད་དམ་ཡོད་ནས་འགྲུབ།། མེད་ན་ཆུའི་མེའི་དོན།། མི་འགྲུབ་བཞིན་དུ་འབྲེལ་མེད་པས། ། སེམས་གཉིས་གཅིག་ཏུ་མི་འདྲེས་པས།། སེམས་བསྐྱེད་གཞན་གྱིས་དོན་མི་འགྲུབ།། ཡོད་ན་དེ་དང་དེ་བྱུང་ངམ།། བདག་ཉིད་གཅིག་པའི་འབྲེལ་བ་ཡོད།། སྔ་མ་ལྟར་ན་ཁྱོད་གཞན་ནམ།། གཞན་ནི་ཁྱོད་ལ་བྱུང་བ་ཡིན། ། ཀུན་རྫོབ་དེ་དང་དེར་འབྱུང་གིས།། རང་གཞན་གཉིས་ཀ་རྟེན་འབྲེལ་ཡིན།། དོན་དམ་བདག་མེད་གཅིག་པ་ཡི།། རྟོག་པ་སྣ་ཚོགས་མཐའ་ཡས་ཀྱང།། སེམས་ཅན་ཐམས་ཅད་སེམས་གཅིག་པས། ། སེམས་བསྐྱེད་མཁན་དང་སེམས་བསྐྱེད་ཡུལ།། གཉིས་མེད་བྱང་ཆུབ་སེམས་བསྐྱེད་པས།། སེམས་བསྐྱེད་བཞིན་དུ་ཀུན་དོན་འགྲུབ།། བདག་གྲོལ་ཙམ་ན་གཞན་ཡང་གྲོལ།། བདག་ཉིད་ཇི་འདྲ་སེམས་ཅན་ཀུན། ། དེ་འདྲ་ཆོས་ཀུན་གནས་ལུགས་གཅིག། ཐ་དད་སོ་སོར་འགྲོ་གྱུར་ན།། བྱང་ཆུབ་སེམས་ཀྱི་དགོས་པ་སྟོར།། གནས་སྐབས་ཙམ་གྱིས་ཕན་བྱེད་པ།། ལས་ཀྱིས་བསྡས་པའི་འགྲོ་བ་ལ།། ཕ་མ་བུ་ཚ་སེམས་གཅིག་པས། ། འབྲེལ་པ་ཡོད་ཀྱང་སོ་སོར་འགྲོ།། བྱང་ཆུབ་སེམས་ལ་འདུ་འབྲལ་མེད།། ཐམས་ཅད་རང་རིག་བྱང་ཆུབ་ཉིད།། རང་ཉིད་བཅིངས་ན་ཀུན་ཡང་བཅིངས།། རང་དང་གཞན་ཉིད་གཅིག་པའི་ཕྱིར། ། གཞན་ཉིད་བཅིངས་ན་རང་ཡང་བཅིངས།། གཞན་དང་རང་ཉིད་གཅིག་པའི་ཕྱིར།། གཅིག་ལ་འཆར་ལུགས་ཐ་དད་པ།། སྒོ་ལྔ་དབང་པོ་སོ་སོར་གསལ།། དེར་བྱུང་སྣང་བ་སྣ་ཚོགས་ཏེ།། དོན་ནི་སེམས་ལ་འདས་པ་མེད། ། ཡལ་འདབ་མང་ཡང་སྡོང་པོའི་ངོས།། གཞན་དུ་འགྱུར་བ་མེད་བཞིན་དུ།། བདག་གཞན་དོན་གཉིས་འགྲུབ་པའི་ས།། བྱང་ཆུབ་སེམས་ཀྱི་འབྲས་བུ་དེ།། བདག་ཉིད་མངོན་པར་སངས་རྒྱས་ཚེ། ། འཁྲུལ་པའི་སེམས་ཅན་སྣང་འགྱུར་ན།། སངས་རྒྱས་གཉིས་སྣང་རྟོགས་ཅན་འགྱུར།། སེམས་ཅན་འཁྲུལ་སྣང་མ་མཆིས་ན།། ཐམས་ཅད་མཁྱེན་པའི་དགོས་པ་སྟོར།། རང་ལ་སྐུ་གཉིས་སྣང་གྱུར་ནི།། གཉིས་མེད་ཆོས་སྐུ་དོན་ལ་བསྒྲིབས། ། ཆོས་སྐུས་ཀུན་ལ་མ་ཁྱབ་ན།། སངས་རྒྱས་ཡོན་ཏན་མ་མཆིས་ཏེ།། ཡེ་ཤེས་མེད་ན་ཉོན་མོངས་དངོས།། བག་ལ་ཉལ་བ་ཡོད་མ་སྲིད།། ཡོད་ན་དེའི་རྒྱུ་མཚན་ཤོད།། བྱང་ཆུབ་སེམས་ཀྱི་གནས་ལུགས་ནི། ། ཐོག་མེད་དུས་ནས་མ་རིག་པས།། ཉོན་མོངས་རང་གསལ་སྣ་ཚོགས་འདི།། འཁོར་བ་ཀུན་རྫོབ་བདེན་པར་ཤར།། རང་གིས་གཉེན་པོར་རང་ཉིད་ཀྱི།། ལྟ་སྒོམ་སྤྱོད་པའི་སེམས་བསྐྱེད་ཀྱི། ། འཁོར་བ་རང་སྣང་སེམས་སུ་རྟོགས།། རྗེས་ཤེས་རྨི་ལམ་སྒྱུ་མ་ཙམ།། མཉམ་པར་བཞག་པ་འོད་གསལ་དང།། བྱང་ཆུབ་སེམས་དཔའ་མཉམ་རྗེས་ལ།། འཁོར་འདས་གཉིས་སྣང་སྒྱུ་མ་ཙམ།། ནམ་ཡིན་ལངས་པའི་མུན་པ་འདྲ། ། མཉམ་རྗེས་མེད་པ་ཆོས་ཀྱི་སྐུ།། མུན་སངས་ཉི་མའི་དཀྱིལ་འཁོར་འདྲ།། བུ་ཙའི་དུས་ཀྱི་སྣང་བ་དེ།། ཆེ་མིར་གྱུར་ནས་མེད་གྱུར་ཀྱང།། བུ་ཙའི་བྱེད་སྤྱོད་མཚན་ཉིད་ཤེས།། ཤེས་ཀྱང་བུ་ཙར་མི་ལྡོག་བཞིན། ། སངས་རྒྱས་འཁོར་བར་མི་སྣང་ཡང།། འཁོར་བའི་དུས་ཀྱི་མཚན་ཉིད་ཤེས།། ཤེས་ཀྱང་ཤེས་བྱའི་སྒྲིབ་པ་མེད།། སངས་རྒྱས་འཁོར་བར་མི་ལྡོག་སྟེ།། འཁོར་བའི་རང་བཞིན་མྱ་ངན་འདས། ། སངས་རྒྱས་མིན་པའི་སེམས་ཅན་མེད།། སེམས་ཅན་ཐམས་ཅད་སངས་རྒྱས་པས།། གཉིས་མེད་ཆོས་སྐུ་ཁྱབ་བརྡལ་ལ།། ཉོན་མོངས་རང་བཞིན་ཡེ་ཤེས་སུ།། བག་ལ་མ་ཉམས་མངོན་སུམ་དུ།། འགག་མེད་ཡེ་ཤེས་ཕྱོགས་མེད་གསལ། ། རིག་པ་རང་གསལ་རྡོ་རྗེ་འདི།། འཁོར་བ་མྱ་ངན་འདས་པ་ཡི།། ཐམས་ཅད་མཁྱེན་པ་རྣམས་གཉིས་པོ།། དབྱེར་མེད་གཅིག་པ་སྐུ་གཅིག་སྟེ།། དེ་ལས་སྤྲོས་ན་ཐམས་ཅད་མཁྱེན། ། སེམས་ཅན་མོས་པ་ཇི་ལྟ་བ།། སངས་རྒྱས་སྐུ་ཡང་དེ་དང་མཉམ།། སངས་རྒྱས་འགྲོ་དོན་གང་མཛད་པ།། གདུལ་བྱ་དེ་དང་མཚུངས་པ་འབྱུང།། ཆུ་ཟླ་མཁའ་ཟླ་དེ་བཞིན་ནོ།། བྱང་ཆུབ་སེམས་ཀྱི་འབྲས་བུ་ཡིན། ། གཞི་ལམ་འབྲས་གསུམ་རང་ཡིན་པས།། རང་འབྱུང་ཡེ་ཤེས་མིང་དུ་འབོད།། སེམས་ཅན་ཐམས་ཅད་རང་ཡིན་པས།། བྱང་ཆུབ་སེམས་དཔའ་ཆེན་པོ་ཞེས།། ཐམས་ཅད་མཁྱེན་པའི་སངས་རྒྱས་ཡིན། ། སེམས་ཅན་རང་སྣང་མ་ཡིན་ན།། སངས་རྒྱས་གཅིག་གི་ཐུགས་རྗེས་ཀྱང།། གདོད་ནས་སེམས་ཅན་གཅིག་ཀྱང་མེད།། ཐམས་ཅད་ཐད་ཀའི་རང་སྣང་ཡིན།། སངས་རྒྱས་རེ་ལ་གདུལ་བྱ་རེ།། གདུལ་བྱ་རེ་ལ་སངས་རྒྱས་རེ། ། གཉིས་སུ་མེད་པར་མཉམ་པ་ཉིད།། འཁོར་བ་དོང་སྤྲུགས་མ་ཡིན་པ།། ལྷག་མ་གཅིག་ཀྱང་མི་འོང་ངོ།། ཇི་སྲིད་སེམས་དེ་ཡོད་ཀྱི་བར།། སངས་རྒྱས་སེམས་ཅན་གཉིས་ཀ་ཡོད།། སེམས་ཀྱི་གཟུང་འཛིན་གྲོལ་ཙམ་ན། ། སངས་རྒྱས་སེམས་ཅན་གཉིས་མེད་དོ།། གཉིས་མེད་ཆོས་སྐུ་ཀུན་ཏུ་བཟང།། ངན་པ་བྱ་བ་རྡུལ་ཙམ་མེད།། བཟང་པོ་ཇི་བཞིན་ས་དག་ལ།། ཀུན་ནས་ཀུན་ཏུ་བཟང་ཐོབ་ཤོག། ཐེག་ཆེན་པོ་ཡིས་མངོན་པར་རྟོགས། ། བྱང་ཆུབ་ལམ་གྱི་རྒྱུད་ཆེན་ནམ་མཁའ་དང་མཉམ་པ་ལས།། རྩོད་པ་གཞི་མེད་དུ་གྲོལ་བར་བསྟན་པའི་ལེའུ་སྟེ་བཅོ་ལྔ་པའོ།།།། འཁོར་བ་དང་ནི་མྱ་ངན་འདས།། སྣང་ཞིང་སྲིད་པའི་ཆོས་རྣམས་ཀུན། ། སེམས་ལ་མ་འདུས་ཆོས་གཞན་མེད།། སེམས་ཉིད་ཀུན་གྱི་རྩ་བ་སྟེ།། མ་རིག་པ་དེ་འཁོར་བའི་གཞི།། རིག་པའི་སེམས་དེ་མྱང་འདས་གཞི།། འབྲས་བུ་ཐམས་ཅད་སྐྱེད་པར་བྱེད།། ཀུན་ལ་ཁྱབ་པས་མཁའ་ལྟ་བུ། ། དཔེར་ན་དཔག་བསམ་སྡོང་པོ་ལ།། ཡལ་ག་ལོ་འདབ་མེ་ཏོག་དང།། འབྲས་བུ་ཤུན་པ་དྲི་བསུང་ནི།། ལོ་རེ་ཟླ་རེ་ཞག་རེ་ཞིང།། འབྱུང་སྟེ་འགྲོ་བའི་འདོད་བསྒྲུབས་ཀྱང།། ཤིང་ནི་སླར་ཞིང་ཆེར་འཕེལ་ནས། ། རྩལ་རྫོགས་མྱུ་གུར་མི་བཟློག་པར།། སྡོང་པོས་འདོད་དགུ་འབྱུང་བ་བཞིན།། བྱང་ཆུབ་སེམས་ཀྱི་ཆོས་ཉིད་འདི།། མ་རྟོགས་འགྲོ་བ་སེམས་ཅན་གྱིས།། རང་སྣང་རྟོག་པ་ཇི་བཞིན་སྒྲུབ། ། རྟོག་འདོད་སེམས་ཀྱི་ཏིང་འཛིན་གྱིས།། རང་རང་བློ་དང་གང་འཚམས་པའི།། ཐེག་པ་རིམ་པ་སྣ་ཚོགས་པའི།། དེར་འདོད་དེའི་དོན་རྣམས་གྲུབ།། ཐེག་པ་རྣམ་པ་སྣ་ཚོགས་ཀྱང།། གང་ཟག་འདོད་པ་ཐ་དད་ལ། ། ཐབས་ཀྱིས་དྲང་ཕྱིར་བསྟན་པ་ལས།། བློ་ཆེན་ཤེས་རབ་ལྡན་པ་ལས།། དེ་རྣམས་ཐམས་ཅད་དོན་གཅིག་པར།། བྱང་ཆུབ་སེམས་ཀྱི་ཡོན་ཏན་གྱི།། གནས་སྐབས་དུས་ཀྱི་འབྲས་བུ་ཡིན།། སེམས་ལས་མ་བྱུང་ཡོན་ཏན་མེད། ། ཐམས་ཅད་སེམས་ཀྱི་ཆོ་འཕྲུལ་ལ།། ཐད་ཀའི་སྤྱོད་ཡུལ་འབྲས་བུ་ནི།། ཕྱོགས་མེད་རྒྱུན་དུ་རང་སར་འབྱུང།། བློ་ཆུང་ཐེག་དམན་ཕྱོགས་རིགས་ཅན།། རང་སྣང་མེད་པ་གཞན་མི་རྟོགས།། རྟོགས་ན་ཐེག་པ་གཅིག་ཏུ་འགྱུར། ། བྱང་ཆུབ་སེམས་དཔའ་ཆེན་པོའོ།། རང་རང་འདོད་པའི་བློ་བཞིན་དུ།། དགོས་འདོད་རྒྱུན་མི་འཆད་སྤྱད་ཀྱང།། འཛད་པ་མེད་པའི་བྱང་ཆུབ་སེམས།། ཐམས་ཅད་དབྱེར་མེད་ཆོས་དབྱིངས་ངང། ། སྟོབས་དང་ཡོན་ཏན་ཆེར་སྐྱེས་ནས།། བདག་གཞན་དོན་གཉིས་འགྲུབ་པ་ཡིན།། རིག་པ་ཀུན་མཁྱེན་ཡེ་ཤེས་སུ།། རྩལ་རྫོགས་བདེ་བ་ཆེན་པོ་དེ།། ཕྱིར་མི་ལྡོག་པ་རྡོ་རྗེའི་སྐུ། ། ཐམས་ཅད་ཀུན་མཁྱེན་ཀུན་དོན་གྲུབ།། སངས་རྒྱས་སེམས་ཅན་དོན་བྱེད་ཀྱང།། སངས་རྒྱས་འཁོར་བར་ལྡོག་པ་མིན།། ཐུགས་རྗེའི་འོད་ཀྱི་ཉི་མ་བཞིན།། སེམས་ཅན་སྣང་ངོར་སངས་རྒྱས་བྱོན།། སངས་རྒྱས་གཤེགས་བཞུད་མི་མངའ་འོ། ། ཆོས་ཀྱི་དབྱིངས་ལས་མ་གཡོས་པར།། ཀུན་དང་སྐད་ཅིག་འདུ་འབྲལ་མེད།། དམུས་ལོང་རང་ལུས་མི་མཐོང་བཞིན།། མ་རིག་པ་ལ་རིག་པ་དཀའ།། རིགས་པ་རང་བྱུང་སྒྲོན་མེ་འདི། ། མུན་པ་ཀུན་སེལ་འོད་ཆེན་པོ།། འོད་གསལ་ཐམས་ཅད་མཁྱེན་པ་ཡིན།། ཞེས་བཀའ་སྩལ་ཏོ།། ཐེག་པ་ཆེན་པོའི་མངོན་པར་རྟོགས་པ་བྱང་ཆུབ་ལམ་གྱི་རྒྱུད་ཆེན་ནམ་མཁའ་དང་མཉམ་པ་ལས།། བྱང་ཆུབ་སེམས་ཀྱི་འབྲས་བུ་དཔེ་དང་བཅས་པ་བསྟན་པའི་ལེའུ་སྟེ་བཅུ་དྲུག་པའོ། །།། རྒྱ་མཚོ་ལྟ་བུའི་སྡེ་སྣོད་ཀྱི།། སྙིང་པོ་ཡིད་བཞིན་ནོར་འདྲ་བའི།། བྱང་ཆུབ་སེམས་ཀྱི་རྒྱུད་ཆེན་འདི།། སྤྱན་རས་གཟིགས་དབང་འགྲོ་འདུལ་བའི། ། བྱམས་པ་མགོན་པོ་ཁྱོད་ལ་གཏད།། ཁྱོད་ཀྱིས་རྒྱུད་ཆེན་འགྲོ་བའི་དོན།། དཔག་བསམ་ཤིང་ཆེན་རྒྱས་བཞིན་སྤྱོད།། མ་འོངས་དུས་ན་ཁྱོད་ཀྱི་རིགས།། བྱང་ཆུབ་སེམས་ཀྱི་རྒྱུད་འཛིན་ཅིང།། སུ་གང་ངའི་དགོངས་པ་འགྲོལ། ། རྒྱལ་བས་བྱིན་བརླབས་ཐུགས་དབང་སྲས།། བདེ་ཆེན་ལམ་ལས་ཕྱིར་མི་ལྡོག། བྱང་ཆུབ་དམ་པ་མངོན་དུ་བྱེད།། བློ་གྲོས་ལྡན་པ་གང་ཞིག་གིས།། ཤེས་རབ་སྤྱན་གྱིས་རྟོགས་པར་འགྱུར། ། མོས་སམ་འཛིན་པས་ཚིག་རེ་ཡི།། དོན་ལ་འཇུག་པའི་རིགས་ཀྱི་བུ།། འཁོར་བ་བསྙིལ་བས་དོན་ཆེན་འདི།། ལེགས་པར་ཟུང་ལ་ཡིད་ལ་ཆོངས།། ངའི་བསྟན་པ་གནས་ཀྱི་བར།། རྒྱུད་མཆོག་འགྲོ་བའི་དོན་བྱེད་འགྱུར། ། དེ་ནས་དགའ་ལྡན་གནས་སུ་འགྲོ།། ལྷ་དང་མི་རྣམས་གྲོལ་བར་བྱེད།། གང་ཞིག་ང་མིན་ངའི་ཆོས།། ཚུལ་འདྲ་སྤྱོད་པས་རྩོད་པར་འགྱུར།། བདུད་ཀྱིས་བྱིན་རླབས་གླགས་ལྟས་ཏེ།། བྱང་ཆུབ་སེམས་རྒྱུད་བརྫི་མི་ནུས། ། སླར་ཞིང་རྒྱུད་འཛིན་དོན་ཆེར་འགྱུར།། འདི་ཉིད་བཅང་བའི་རིགས་ཀྱི་བུ།། ས་ཕྱོགས་གང་གནས་རྒྱལ་བ་རྣམས།། བྱིན་བརློབས་སེམས་ཅན་གང་འབྲེལ་བ།། ཐེག་ཆེན་ས་ལ་རིམ་གྱིས་འགྲོ། ། མི་དང་མི་མིན་རིགས་ཚོགས་རྣམས།། འདི་ཉིད་ཐོས་པས་དོན་ལྡན་ཏེ།། བདུད་ཀྱིས་གླགས་སྐབས་མི་རྙེད་ཅིང།། ངན་སོང་གནས་གྲོལ་ཐར་པ་ཐོབ།། གང་གིས་གཙུག་ཏུ་བཅངས་པ་དེ།། བླ་མེད་བྱང་ཆུབ་ཕྱིར་མི་རིང། ། འདི་དོན་རྟོགས་པའི་རིགས་ཀྱི་བུ།། འཁོར་བར་གནས་ཀྱང་མྱ་ངན་འདས།། ཡོན་ཏན་ཀུན་གྱི་མཛོད་འཛིན་པའི།། རྒྱལ་བར་འགྱུར་གྱིས་ཨེ་མ་ཧོ།། ཞེས་བཀའ་སྩལ་པ་དང།། དེ་འཁོར་ཐམས་ཅད་ཡི་རངས་ཏེ། ། སྟོན་པའི་གསུང་ལ་མངོན་པར་བསྟོད།། བྱང་ཆུབ་སེམས་ཀྱི་སྙིང་པོ་དོན།། རྒྱལ་བའི་དགོངས་པ་བླ་མེད་འདི།། གང་གིས་བཅངས་པའི་རིགས་ཀྱི་བུ།། རྒྱལ་བ་རྣམས་དང་དབྱེར་མེད་པའི། ། ཡོན་ཏན་དམ་པ་ཐོབ་པར་ཤོག། དེ་ཉིད་མཐོང་ངམ་ཐོས་པས་ཀྱང།། ལོག་རྟོག་བདུད་ཀྱི་ཚོགས་ཞི་ནས།། མོས་པས་ལམ་ལ་འཁོད་པར་ཤོག། དེའི་མིང་ངམ་ཁ་དོག་གམ།། རུས་པ་དག་གིས་རྗེས་ཀྱི་ཡང། ། འགྲོ་བའི་འདོད་པ་ཚིམ་པར་ཤོག། དེ་ཉིད་གནས་པའི་ས་ཕྱོགས་སུ།། ཐེག་པ་ཆེན་པོའི་ཆོས་སྤྱོད་ཅིང།། སྣ་ཚོགས་དགའ་བ་ཉིད་དུ་ཤོག། འདི་སྤྱོད་མྱུར་དུ་སངས་རྒྱས་ཤིང།། དེ་དང་མཉམ་པར་གདུལ་བྱ་ཀུན། ། མྱུར་དུ་འཁོར་བ་དོང་སྤྲུགས་ཤོག། བདག་ཅག་རྣམས་ཀྱང་དེའི་དུས།། འཕྲིན་ལས་འགྲུབ་པའི་གྲོགས་བྱེད་ཅིང།། གཉིས་སུ་མེད་པའི་དཔལ་དུ་ཤོག། གཉིས་མེད་འབྱོར་པ་དམ་པ་ཡིས།། མགོན་པོའི་ཞིང་ཁམས་བདེ་ཆེན་དུ། ། སྐུ་གསུམ་ས་ལ་འཁོད་པར་ཤོག། ཐེག་པ་ཆེན་པོའམ་མངོན་པར་རྟོགས་པ་བྱང་ཆུབ་ལམ་གྱི་རྒྱུད་ཆེན་ནམ་མཁའ་དང་མཉམ་པ་ལས། རྗེས་སུ་གཏད་ཅིང་ཡི་རང་བའི་ལེའུ་སྟེ་བཅུ་བདུན་པའོ། །།། ཐེག་པ་ཆེན་པོའི་མངོན་པར་རྟོག་པ་བྱང་ཆུབ་ལམ་གྱི་རྒྱུད་ཆེན་ནམ་མཁའ་དང་མཉམ་པའི་རྒྱུད་ཅེས་བྱ་བ་རྫོགས་སོ།།།། ཨོ་རྒྱན་གྱི་མཁན་པོ་པདྨ་འབྱུང་གནས་དང།། ལོ་ཙཱ་བ་ལྕོག་རོ་ཀླུའི་རྒྱལ་མཚན་གྱིས། ། རྡོ་རྗེ་གདན་གྱི་གཙུག་ལག་ཁང་ཆེན་པོར་བསྒྱུར་བའོ།། ཕྱིས་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱིས།། བསམ་ཡས་དབུ་རྩེ་རིགས་གསུམ་གྱི་ཡང་སྟེངས་སུ་ཞུས་ནས།། ཨུ་རྒྱན་གྱིས་རང་འགྱུར་དུ་མཛད་ནས་གསུངས་པའོ། ། ས་མ་ཡ་རྒྱ་རྒྱ་རྒྱ།།།། ཨེ་མ་སངས་རྒྱས་བསྟན་པ་རིན་ཆེན་གྱི།། སྡེ་སྣོད་ནམ་མཁའ་ལྟ་བའི་བཅུད།། བྱང་ཆུབ་ལམ་གྱི་རྒྱུད་ཆེན་འདི།། སྟོང་གསུམ་གཞན་ན་མ་མཆིས་པའི། ། རྒྱལ་བའི་བཀའ་ལུང་བདག་ལ་གཏད།། བདག་ཉིད་པདྨ་འབྱུང་གནས་ཀྱིས།། འཛམ་གླིང་གཞན་དུ་མ་སྤེལ་བར།། ཕྱི་རབ་ལྔ་བརྒྱའི་ཐ་མ་ལ།། ཆོས་རྣམས་ཚིག་ཏུ་ཐ་སྙད་དུས།། རྒྱུད་མཆོག་འདི་ཡིས་ཕན་གདགས་ཕྱིར། ། ཡི་གེར་བཀོད་ནས་གཏེར་དུ་སྦས།། ཨོ་རྒྱན་རིགས་འཛིན་ཐུགས་ཀྱི་སྲས།། ལས་ཅན་ཅིག་དང་ཕྲད་པར་ཤོག། གཏེར་སྲུངས་མཁའ་འགྲོ་དམ་ཅན་གྱིས།། ཐུབ་པར་སྲུངས་ཅིག་ས་མ་ཡཱ། སྦས་རྒྱ། གཏེར་རྒྱ། ཨེ་མ་ཧོ། བདག་འདྲ་རིན་ཆེན་གླིང་པ་ལ།། ཨོ་རྒྱན་པདྨའི་ཐུགས་རྗེ་ཡིས།། བཀའ་ལུང་རྗེའི་ཕྱག་ནས་བྱུང།། ཟབ་མོ་ཐུགས་ཀྱི་དགོངས་གཏེར་བཏོན།། ཉམས་ལེན་རྒྱ་གར་ཡུལ་དུ་བྱས།། སྒྲུབ་རྟགས་ཨོ་རྒྱན་ཡུལ་དུ་བསྟན། ། འགྲོ་དོན་བོད་ཀྱི་ཡུལ་དུ་བྱས།། དགའ་ལྡན་གནས་སུ་དགོངས་པ་རྫོགས།། བདེ་བ་ཅན་དུ་དོན་གཉིས་རྫོགས།། གཏེར་ཆོས་ཟབ་མོ་རྒྱ་མཚོ་ནས།། ཁྱད་མཆོག་བྱང་ཆུབ་ལམ་རྒྱུད་འདི། ། ཨོ་རྒྱན་ཐུགས་ཀྱི་དགོངས་གཏེར་ནས།། ལྕག་པོ་འབྲུག་ལ་གདན་དྲངས་ནས།། བླ་མའི་བཀའ་བཞིན་ཤོག་སེར་ནས།། ཞལ་བཤུས་བཀའ་ཤོག་དག་ལ་ནི།། མེ་ཕོ་ཁྱིའི་ལོ་ལ་མནན།། འདི་དུས་ངོ་མཚར་ཅན་གྱི་རྟགས། ། བསམ་གྱིས་མི་ཁྱབ་བརྗོད་ལས་འདས།། ཡིན་ཀྱང་ཌ་ཀིའི་བཀའ་རྒྱས་བཏབ།། གཏེར་ནས་གདན་དྲངས་ཞལ་བཤུས་པའི།། ཡི་གེ་འདི་ཉིད་མཐོང་ཐོས་དྲན།། ཡིད་ལ་མོས་བྱེད་དཔེ་མཚོན་ནས། ། མཁའ་མཉམ་འགྲོ་ཀུན་མ་ལུས་པ།། རྒྱུད་འདི་དགོངས་པ་ལོན་ནས་སུ།། མྱུར་དུ་སངས་རྒྱས་ཐོབ་པར་ཤོག། མཾ་གྷ་ལ་ཝ་ཏུ། རྒྱ་རྒྱ་རྒྱ།།།།

CLOSE WINDOW