Wylie |
རྒྱ་གར་སྐད་དུ།། མཉྫུ་ཤྲཱི་ཏན་ཏྲ་ཙ་ཏ་རི་ཨ་ཏ་ལ་ཏན་ཏྲ་ནཱ་མ།། བོད་སྐད་དུ།། འཕགས་པ་འཇལ་དཔལ་གྱི་རྒྱུད་བཞིའི་དོན་གསལ་བར་བྱེད་པའི་རྒྱུད་ཅེས་བྱ་བ། ། དཔལ་རྡོ་རྗེ་འཆང་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན།། བཅོམ་ལྡན་འདས་པདྨ་བརྩེགས་པའི་གནས་ཡིད་འདྲེས་ཀྱི་འཚལ་ན་བཞུགས་ཏེ།། རྡོ་རྗེ་འཆང་དང་མཁའ་འགྲོ་མ་རྣམས་དང་ཐབས་ཅིག་གོ། དེའི་ཚེ་གསང་བའི་བདག་པོ་སྟན་ལས་བཞེངས་ཏེ་འདི་སྐད་ཅེས་གསོལ་ཏོ།། ཀྱེ་བཅོམ་ལྡན་རྡོ་རྗེ་འཆང།། རྒྱུད་ཀྱི་རྒྱལ་པོ་འཇམ་དཔལ་རྣམ་པ་བཞི། ། དེ་ཡི་དོན་གྱི་དགོངས་པ་ཇི་ལྟར་ལགས།། འཇམ་དཔལ་ཞེས་ཀྱིས་ཅི་ལ་བགྱི།། རྒྱན་ཅེས་བྱ་བ་ཇི་ལྟར་ལགས།། ཞེས་ཞུས་སོ།། དེ་ནས་ཡང་སྟོན་པས་བཀའ་སྩལ་པ། ། འཇམ་དཔལ་སྡེ་བཞི་ངས་བཤད་ཀྱིས།། རྡོ་རྗེ་འཛིན་སོགས་ལེགས་ཟུང་ཞིག། འཇམ་དཔལ་སྡེ་བཞི་དགོངས་པ་ནི།། རང་རང་རེ་རེའི་མཚན་ཉིད་བསྡུས་པ་བཤད། ། དང་པོ་ཞུས་པའི་དོན་བཤད་དེ།། འཇམ་དཔལ་ཞེས་པ་རྣམ་པ་གཉིས།། ཚིག་དང་དེ་བཞིན་དོན་དུ་བཤད།། ཚིག་རྒྱུད་ལེའུ་བཅུ་པའོ།། ཐ་སྙད་སྤྲོས་པ་བསྟན་པ་ནི། ། སྟོན་པས་དགོངས་པ་མ་ནོར་བཤད་པས་ན།། ཚིག་གི་འཇམ་དཔལ་དམ་པ་ཡིན།། དོན་གྱི་འཇམ་དཔལ་རྣམ་པ་གཉིས།། སངས་རྒྱས་དང་ནི་བདེ་གཤེགས་དགོངས།། སངས་རྒྱས་སྐུ་དང་ཡེ་ཤེས་ཏེ། ། འཇམ་དཔལ་ཆོས་སྐུ་གཟུགས་སྐུ་གཉིས།། བདག་གཞན་གདུལ་བྱ་གཉིས་ཀྱི་དཔལ།། འཇམ་དཔལ་ཆོས་ཀྱི་དབྱིངས་ཞེས་བྱ།། མཉམ་པ་ཉིད་ཀྱི་ཡེ་ཤེས་གཉིས། ། ཡེ་ཤེས་རྣམ་གསུམ་དཔལ་ཡིན་ནོ།། འཇམ་དཔལ་ངང་ལ་དཔལ་གྱིས་སོ།། འཇམ་དཔལ་བཅོམ་ལ་དཔལ་གྱིས་ལྡན།། དེ་ཡི་དགོངས་པ་དང་སྦྱར་ན།། འཇལ་དཔལ་ངང་སྟེ་མ་བཅོས་གཡོས་པ་མེད། ། རང་བཞིན་མ་འགགས་སྐུ་དང་ཡེ་ཤེས་དཔལ་མ་འགགས་དོན་ལ་སྦྱོར་བའོ།། འཇམ་དཔལ་ཞེས་ཀྱང་དེ་ལ་བྱ།། དོན་གྱི་འཇམ་དཔལ་ཀུན་མཐུན་ཏེ།། ཚིག་རྒྱུད་ལེའུ་བཅུ་པ་དང།། རྒྱུ་དང་ལྔ་ཡི་བདག་ཉིད་ཅན། ། ཅེས་གསུངས་སོ།། འཇམ་དཔལ་བཤད་པའི་རྒྱུད་ལས།། འཇམ་དཔལ་སྤྱིའི་བསྟན་པ་སྟེ་ལེའུ་དང་པོའོ།།།། དེ་ནས་ཡང་སྟོན་པས་གསུངས་སོ།། རྡོ་རྗེ་འཛིན་པ་ངེས་ཟུང་ཞིག། ཡེ་ཤེས་ལ་ཡང་རྣམ་པ་གཉིས། ། ཚིག་དང་དོན་དུ་བསྟན་པ་ཡིན།། དོན་གྱི་ཡེ་ཤེས་རྒྱུ་ཡང་ལྔ།། ཡང་ན་གཉིས་སུ་བསྡུས་པ་ཡིན།། འཕྲལ་འབྱུང་མེད་དང་ཡེ་ཤེས་དང།། མན་པའི་དོན་ཀྱང་དེ་བཞིན་ནོ།། ཚིག་གི་ཡེ་ཤེས་རྫོགས་ཆེན་ལུང། ། གཞན་གྱི་ཡེ་ཤེས་དོན་མི་ཤེས།། རྫོགས་ཆེན་ཡེ་ཤེས་གཏན་འབེབས་པས།། ཡེ་ཤེས་དོན་གྱི་ངོ་བོ་གསལ།། ཡེ་ཤེས་ཞེས་ཀྱང་དེ་ལ་བྱ།། རྒྱན་ཅེས་བྱ་བ་རྣམ་པ་གཉིས།། བརྗོད་བྱ་དོན་དང་རྗོད་བྱེད་ཚིག། ཚིག་གི་རྒྱན་ནི་རྣམ་པ་གཉིས།། འཇམ་དཔལ་ཚིག་ལ་རྫོགས་ཆེན་ལུང་གིས་བརྒྱན།། རྫོགས་ཆེན་ཚིག་ལ་འཇམ་དཔལ་ལུང་གིས་བརྒྱན།། གཅིག་ལ་གཅིག་མཛེས་གསེར་ལ་གཡུས་སྤྲས་འདྲ།། དོན་གྱི་རྒྱན་ནི་རྣམ་པ་བཞི། ། ཆོས་ཉིད་དག་ལ་ཆོས་ཀྱི་སྐུ་ཡིས་བརྒྱན།། ཆོས་ཀྱི་སྐུ་ལ་ཡེ་ཤེས་ཀྱི་གདངས་དང་ཆས་པས་བརྒྱན།། ཡེ་ཤེས་གདངས་ལ་ཐུགས་རྗེའི་གཟུགས་སྐུས་བརྒྱན།། ཐུགས་རྗེའི་སྐུ་ལ་བསྟན་པའི་སྙིང་པོས་བརྒྱན། ། རྒྱན་ཅེས་བྱ་བ་དེ་ལྟར་རོ།། ཞེས་གསུངས་སོ།། འཇམ་དཔལ་བཤད་པའི་རྒྱུད་ལས།། ཡེ་ཤེས་རྒྱན་གྱིས་བཤད་པ་སྟེ་ལེའུ་གཉིས་པའོ།།།། དེ་ནས་ཡང་ལག་ན་རྡོ་རྗེ་ཞུས་པ། ། དགོངས་པ་ཞེས་ནི་ཅི་ལ་བགྱི།། འདུས་པ་ཞེས་པ་ཇི་ལྟར་ལགས།། ཐུགས་རྗེ་ཆེན་པོས་གསུང་དུ་གསོལ།། ཅེས་ཞུས་སོ།། སྟོན་པས་བཀའ་སྩལ་པ།། རྡོ་རྗེ་འཛིན་པས་ངེས་ཟུང་ཞིག། དགོངས་པ་ཞེས་པའི་བྱ་བ་ནི། ། གདུལ་བྱའི་བསམ་པ་ལ་དགོངས་ནས།། རབ་འབྲིང་བློ་དང་སྦྱར་ནས་སུ།། ཐ་མ་རྣམས་ལ་མཚན་ཉིད་སྡེ་གསུམ་བསྟན།། འབྲིང་ལ་གསང་སྔགས་ཕྱི་ནང་བསྟན།། རབ་ལ་ཨ་ཏི་མ་ནོར་བསྟན།། དགོངས་པ་ཞེས་ཀྱང་དེ་ལ་བྱ། ། འདུས་པ་བྱ་བ་རྣམ་པ་གཉིས།། སྤྱི་ཡི་དགོངས་པ་ཚད་དུ་འདུས།། མཚན་གྱི་དགོངས་པ་ལེའུ་ལྟར་འདུས་པས།། འདུས་པ་ཞེས་ནི་བྱ་བ་འོ།། ཞེས་འཇམ་དཔལ་བཤད་པའི་རྒྱུད་ལས།། དགོངས་པ་འདུས་པའི་དོན་བཤད་པ་སྟེ་ལེའུ་གསུམ་པའོ། །།། དེ་ནས་ཡང་ལག་ན་རྡོ་རྗེ་ཞུས་པ།། མཚན་བརྗོད་ཅེས་ཀྱང་ཅི་ལ་བགྱི།། ཐུགས་རྗེ་ཆེན་པོས་གསུང་དུ་གསོལ།། ཞེས་ཞུས་སོ།། རྡོ་རྗེ་འཆང་གིས་བཀའ་སྩལ་པ། ། ལག་ན་རྡོ་རྗེས་ངེས་ཟུང་ཞིག། མཚན་དང་རྗོད་བྱེད་རྣམ་པ་གཉིས།། མཚན་གྱི་སྐུ་དང་ཡེ་ཤེས་མཚན་ནས་བརྗོད་པས།། རྟོག་པའི་ཡེ་ཤེས་རྒྱུད་ལ་ཤར།། ཚིག་གི་རྒྱུད་ཀྱི་མཚན་བརྗོད་པས།། རབ་ཀྱིས་དོན་གྱི་དགོངས་པ་ལོངས། ། རྗོད་བྱེད་སྤྱི་རྒྱུད་ཆེན་པོ་ཡིན།། མཚན་བརྗོད་ཅེས་ཀྱང་དེ་ལ་བྱ།། ཞེས་གསུངས་སོ།། འཇམ་དཔལ་བཤད་པའི་རྒྱུད་ལས།། མཚན་བརྗོད་ཀྱི་དོན་བཤད་པ་སྟེ་ལེའུ་བཞི་པའོ། །།། དེ་ནས་ཡང་ལག་ན་རྡོ་རྗེ་སྣ་དྲངས་ནས་བསྐོར་བ་བྱ་སྟེ།། འདི་སྐད་ཅེས་གསོལ་ཏོ།། ཨེ་མ་ཧོ་བཅོམ་ལྡན་རྡོ་རྗེ་འཆང།། རྒྱུད་གསུམ་མཚན་གྱི་ངེས་དགོངས་ཀྱིས།། བདག་བཞན་དོན་གྱི་སྣང་བ་གསལ། ། རྒྱུད་ཆེན་མཚན་དོན་དགོངས་པ་བཀྲོལ།། འགྲོ་བའི་མགོན་པོ་རྗེས་ཡི་རང།། ཞེས་གསུངས་སོ།། འཇམ་དཔལ་བཤད་པའི་རྒྱུད་ལས།། རྗེས་སུ་ཡི་རང་བ་སྟེ་ལེའུ་ལྔ་པའོ།།།། འཇམ་དཔལ་བཤད་པའི་རྒྱུད་ལས། ། དོན་གྱི་སྒྲོན་མ་བསྟན་པའི་ལེའུ་སྟེ་ཡང་སྙིང་རྫོགས་སོ།།།། སྔགས་ཀྱི་བསྲུང་མས་བཀའི་བྱར་གྱིས།། རྒྱ་གར་སྐད་དུ། ། རྭ་རྒའཱ་ཏྲདྲཊཱཤཱའནནྱཏྱ།། རྒྱ་སྐད།། བོད་སྐད་དུ་བསྒྱུར་བ།། ཨཱ་ཀཱ་ཤ་སཱུརྱ་ཙན་དྲ་ར་ཙ་མུ་སུ་མ་ཡ་ཏན་ཏྲ།། བོད་སྐད་དུ།། ནམ་མཁའ་ཉི་ཟླའི་རྒྱལ་པོ་མུ་མེད་མཐའ་ཡས་ཀྱི་རྒྱུད། ། བཀའ་སེམས་ཕྱོགས་ཐམས་ཅད་ཀྱི་ཐོད་རྒལ།། ཐེག་པ་དགུའི་གོང་སྒལ།། སྤྱི་ཏིའི་གཉའ་གཅོག་ཡིན། བཀའ་རྒྱུད་སྡེ་མཐའ་དག་གི་ལ་ཕུད་རྩེ་རྒྱལ།། རྒྱུད་ཐམས་ཅད་ཀྱི་རྒྱལ་པོ།། ནམ་མཁའ་ཉི་ཟླའི་རྒྱལ་པོ་མུ་མེད་མཐའཡས། ། དེ་ཁོ་ན་ཉིད་མིང་མེད་མཐའ་ཡས་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་རྟོགས་ལ་བཤད་པའི་དུས་གཅིག་ན།། ཆོས་ཉིད་མུ་མཐའ་གྲོལ་ཞིང་གཏིང་མཐའ་ཡངས་པའི་ཀློང་ནས།། མིང་མེད་མཐའ་སྟོངས་ཀ་དག་འོད་གསལ་བའི་ལྷ་ཁང་ན། ། སྟོན་པའི་རྒྱལ་པོ་མུ་མེད་མཐའ་ཡས་འདི།། འཁོར་གྱི་རྒྱལ་པོ་ཀུན་བྱེད་ང་ལ་བཤད།། དུས་ཀྱི་རྒྱལ་པོ་ཐོག་མཐའ་མེད་པའི་དུས།། སྡུད་པ་པོ་ནི་རྡོ་རྗེ་སེམས་དཔའ་འོ། ། དེ་ཡི་རྗེས་འཇུག་ཕུན་སུམ་ཚོགས་ལྔ་ནི།། སྙིང་པོ་ཆོས་དབྱིངས་གནས་མ་སྐྱེ་མེད་ཆོས་སྐུ་ཡིས།། མཚོན་མེད་སྟོན་པས་རང་བྱུང་འཁོར་ལ་བཤད།། དུས་གསུམ་གཅིག་སྟེ་སྔ་ཕྱི་མེད་པའི་དུས།། དེ་ཡི་གདུང་སོབ་ཕུན་སུམ་ཚོགས་ལྔ་ནི། ། ཀུན་གཞིའི་ཀློང་ནས་འབྱུང་ལྔའི་སྟོན་པ་ཡིས།། འོད་ལྔ་འཁོར་ལ་ཟེར་ལྔའི་བསྟན་པ་བཤད།། རྩལ་ཟེར་འོད་ལྔའི་ཀློང་དུ་དངས་པའི་དུས།། ཐོག་མ་སྙིང་པོའི་ཕུན་སུམ་ཚོགས་པའོ། ། ཡན་ལག་རྩལ་ཟེར་ཕུན་སུམ་ཚོགས་ལྔ་ནི།། རང་བཞིན་འོད་ལྔའི་གནས་ན་རང་བྱུང་སྟོན་པ་ཡིས།། རྩལ་ལྔའི་འཁོར་ལ་ཟེར་མདངས་བསྟན་པ་བཤད།། རྩལ་ཟེར་ངང་དངས་སྙིང་པོའི་ཀློང་གྲོལ་དུས། ། གཞི་རྩལ་དབྱེར་མེད་ཕུན་སུམ་ཚོགས་པ་ནི།། ངང་དངས་སྙིང་པོ་ཆོས་ཉིད་རང་གནས་སུ།། འགག་མེད་འོད་གསལ་སྟོན་པས་འཁོར་ལ་རང་གྲོལ་བསྟན།། རྩལ་ཟེར་ངང་དངས་རང་གྲོལ་འཁོར་ལ་བཤད། ། རང་བྱུང་ངང་དངས་སྙིང་པོའི་ཀློང་གྱུར་དུས།། སྙིང་པོ་རྩལ་ཟེར་དབྱེར་མེད་ཕུན་སུམ་ཚོགས་པའོ།། ཞེས་གསུངས་སོ།། ཕུན་སུམ་ཚོགས་པ་གསལ་པར་བཀོད་པའོ།། ནམ་མཁའ་ཉི་ཟླའི་རྒྱལ་པོ་མུ་མེད་མཐའ་ཡས་རྒྱུད་ལས། ། ཕུན་སུམ་ཚོགས་པ་བསྟན་པའི་ལེའུ་སྟེ་དང་པོའོ།།།། དེ་ནས་ཀུན་བྱེད་རང་གྲོལ་གྱིས།། སྟོན་པའི་རྒྱལ་པོ་མིང་མེད་མཐའ་སྟོངས་ལ།། པུས་བཙུགས་ཐལ་སྦྱར་གུས་པས་འདི་སྐད་ཞུས། ། ཀུན་གྱི་དངོས་གཞི་ཇི་ལྟར་གྲུབ།། དེ་ལས་འཁོར་འདས་ཇི་ལྟར་འཁྲུལ།། སངས་རྒྱས་སེམས་ཅན་སྐྱོན་ཡོན་གང་གིས་བྱས།། དེ་ཉིད་དབྱེར་མེད་ཇི་ལྟར་གྲོལ།། འགྲོ་དྲུག་གཡང་ས་གང་གིས་བཅད།། སྣང་སྲིད་ཆོས་རྣམས་ཇི་ལྟར་གྲོལ། ། མིང་མེད་མཐའ་བྲལ་གང་གིས་རྟོགས།། སྙིང་པོ་ཆོས་སྐུ་རྟོགས་ཐབས་ལ།། རྩོལ་བསྒྲུབས་བྱ་རྩལ་མི་འཚལ་ལམ།། མིང་མེད་མཐའ་ཡས་དོན་རྟོགས་ན།། ཐེག་པའི་བྱེ་བྲག་ཡོད་དམ་མེད། ། གསང་སྔགས་བརྡ་ཡིས་ཇི་བཤད།། མིང་མེད་མཐའ་ཡས་རྟོགས་པ་ལ།། དཀྱིལ་འཁོར་ལྷ་བསྐྱེད་མཆོད་བསྟོད་དགོས་མ་དགོས།། དངོས་པོའི་གནས་ལུངས་རྟོགས་པ་ན།། སྡིག་བཤགས་ཚོགས་སོག་སྨོན་ལམ་མི་དགོས་སམ། ། མུ་མཐའ་ཡས་པའི་དོན་རྟོགས་ན།། དབང་བསྐུར་དངོས་གྲུབ་གཏོར་མ་ཚ་ཆུ་མི་དགོས་སམ།། ལྟ་སྒོམ་སྤྱོད་འབྲས་མ་བསྒྲུབས་པར།། མིང་མེད་མཐའ་ཡས་རྟོགས་ལགས་སམ། ། ཡང་ཏི་ཐོད་རྒལ་ཐེག་པ་རུ།། བརྒྱད་ཁྲི་བཞི་སྟོང་ཇི་ལྟར་རྫོགས།། ཨ་ཏི་མན་ཆད་ཐེག་པ་ལས།། ཡང་ཏི་ཡོ་ག་གང་གིས་སྤགས།། མུ་མེད་མཐའ་ཡས་དོན་རྟོགས་ན།། གོལ་ས་འཁྲུལ་པ་ཡོད་དམ་མེད། ། གོལ་བསྒྲིབ་ལ་ཟླ་ཇི་ལྟར་རྫོགས། གོལ་བསྒྲིབ་ལ་ཟླ་ཇི་ལྟར་ལགས།། ཅི་ཡང་མ་བྱས་གྲོལ་བ་ཐོབ་ལགས་སམ།། དེ་ལྟར་ཞུས་ཚིག་བཅོ་བརྒྱད་པོ།། སྟོན་པས་འཁོར་ལ་བཀའ་སྩོལ་ཅིག། ཤིན་ཏུ་ཟབ་པར་གསུང་དུ་གསོལ། ། ཅེས་ཞུས་སོ།། ནམ་མཁའ་ཉི་ཟླའི་རྒྱལ་པོའི་རྒྱུད་ལས།། འཁོར་གྱིས་གླེང་བསླངས་དྲིས་པའི་ལེའུ་སྟེ་གཉིས་པའོ།།།། དེ་ནས་ཀུན་བྱེད་རང་གྲོལ་གྱིས།། མིང་མེད་སྤྱི་ཕུད་སྟོན་པ་ལ། ། ཀུན་གྱི་དངོས་གཞི་ཇི་ལྟར་ལགས།། ཞེས་ཞུས་པ་དང།། སྟོན་པས་འཁོར་ལ་བཀའ་སྩལ་པ།། དངོས་གཞི་འདི་ཡི་མཚོན་མེད་ཀྱང།། མུན་ཁུང་སྒྲོན་མའི་དཔེས་མཚོན་ནས།། དོན་གྱི་གསེར་དང་སྤྲད་དེ་བཤད། ། འཁོར་འདས་ཀུན་གྱི་དངོས་གཞི་ནི།། ངོ་བོ་ཅི་ཡང་གྲུབ་པ་མེད།། མཚན་ཉིད་ཅིར་ཡང་སྣང་བའོ།། དངོས་གཞི་ཀ་དག་ཆེན་པོ་ཡིན།། དངོས་གཞི་གཏིང་མཐའ་མེད་པ་ཡིན།། དངོས་གཞི་མཚོན་མེད་བརྗོད་མེད་ཡིན། དངོས་གཞི་མིང་མེད་མཐའ་སྟོངས་ཡིན།། དངོས་གཞི་སྐྱེ་བ་མེད་པ་ཡིན།། དངོས་གཞི་ཀ་དག་ཆེན་པོ་ཡིན།། དངོས་གཞི་དངོས་མེད་མཐའ་བྲལ་ཡིན།། དངོས་གཞི་མ་བཅོས་རྣལ་མ་ཡིན། ། དངོས་གཞི་སོ་མ་ཟང་ཀ་ཡིན།། དངོས་གཞི་མ་བྱས་རང་འཁྲུངས་ཡིན།། དངོས་གཞི་མུ་མཐའ་གྲོལ་བ་ཡིན།། དངོས་གཞི་ཁ་གཏིང་མེད་པ་ཡིན།། དངོས་གཞི་རྒྱུ་རྐྱེན་མེད་པ་ཡིན།། དངོས་གཞི་འཕོ་འགྱུར་བྱ་རྩལ་མེད་པ་ཡིན། ། དངོས་གཞི་རྒྱུ་རྐྱེན་གཉེན་པོས་མི་ཤིགས་ཡིན།། དུས་གསུམ་འཕོ་འགྱུར་མེད་པ་ཡིན།། སྐྱེ་འགག་སྐྱེ་འཇིག་མེད་པ་ཡིན།། ཡིན་མིན་དབྱེ་བསལ་དགགས་བསྒྲུབ་མེད་པ་ཡིན།། གཟུང་འཛིན་སྤོང་ལེན་མེད་པ་ཡིན། ། བདག་གཞན་ཡུལ་སེམས་མེད་པ་ཡིན།། མ་རིག་ཡུལ་སེམས་གཉིས་སུ་མེད་པ་ཡིན།། སངས་རྒྱས་སེམས་ཅན་གཉིས་སུ་མེད་པ་ཡིན།། འཁོར་བ་མྱང་འདས་གཉིས་སུ་མེད་པ་ཡིན།། དུག་གསུམ་སྐུ་གསུམ་གཉིས་སུ་མེད་པ་ཡིན། ། དུག་ལྔ་སྐུ་ལྔ་གཉིས་སུ་མེད་པ་ཡིན།། དེ་དག་ཐམས་ཅད་རང་བཞིན་ཀྱང།། དངོས་གཞི་མིང་མེད་གཏིང་མཐའ་ཡས།། སེམས་དང་ཆོས་མེད་ཟད་པར་བསྐྱལ།། རིག་མེད་ཐེག་པ་མེད་པས་ལྟ་བའི་ཕུགས་སུ་བསྐྱོལ། ། ཅེས་གསུངས་སོ།། ནམ་མཁའི་ཉི་ཟླའི་རྒྱལ་པོ་མུ་མེད་མཐའ་ཡས་ཀྱི་རྒྱུད་ལས།། ཀུན་གྱི་དངོས་གཞི་བསྟན་པའི་ལེའུ་སྟེ་གསུམ་པའོ། །།། དེ་ནས་ཀུན་བྱེད་རང་གྲོལ་གྱིས།། མིང་མེད་ཀ་དག་སྟོན་པ་ལ།། དངོས་གཞི་ཅི་ཡང་མེད་པ་ལས།། རྩལ་ཟེར་ཁམས་གསུམ་འཁོར་བ་ཇི་ལྟར་འཁྲུལ།། ཅེས་སྟོན་པ་ལ་ཞུས་པ་དང།། སྟོན་པས་འཁོར་ལ་བཀའ་སྩལ་པ། ། ཨེ་མ་དངོས་གཞི་མིང་མེད་མཐའ་སྟོངས་སྐྱེ་བ་མེད་པ་ལས།། དེ་ལྟར་མ་གོ་བ་ཡི་འགྲོ་དྲུག་སེམས་ཅན་གྱིས།། རིག་མེད་ཡིད་འགྱུས་སེམས་སུ་འཁྲུལ་བ་ལས།། དངོས་གཞི་ཅི་ཡང་མེད་པ་ལ། ། རྩལ་ཟེར་མཚན་ཉིད་ཅིར་ཡང་སྣང།། ཐོག་མར་ཡུན་རིངས་རིག་པ་མགོ་རླུང་ལངས།། ཕྱ་སངས་བན་བུན་ཁྱེར་ཏེ་རིག་པ་ཀུན་ཏུ་འགྱུ།། ཡིན་ནམ་མིན་གྱི་རྣམ་ཤེས་སྐྱེས།། མིང་མེད་མིང་བཏགས་སེམས་ཀྱི་འདོད་པ་སྐྱེས། ། ཀུན་འཚོལ་གཏན་འབེབས་ངེས་འཇོག་འཁོར་ལོ་གསུམ།། ཇི་ཞིག་ལྟར་ལ་རང་ངོ་རང་མ་ཤེས་ཤིང།། མིང་མེད་མ་རྟོགས་གཏིང་མཐའ་མ་གྲོལ་བས།། ཀ་དག་མ་རིག་སྐྱེ་མེད་མ་རྟོགས་པ།། དེ་ཕྱིར་མ་རིག་མུན་པ་ལས། ། མུན་པའི་འཁོར་སྒོ་རྐྱེན་དུ་ཤར།། རིམས་འཁྲུལ་རིག་གཟུགས་བག་ཆགས་གཟུགས།། སེམས་ཀྱི་གསལ་ཆ་ལྔ་རུ་ཤར།། གསལ་དང་མི་གཡོ་རྒྱུ་མཆད།། མི་འགྱུར་གཡོ་ཞིང་འགུལ་བས་ཏེ། ། ཐོག་མ་སེམས་ལ་གསལ་ཆ་ལྔ་ཡོད་པས།། གཞི་ལྔའི་རྩལ་ལས་རླུང་ལྔ་རུ་ཤར།། འབྱུང་ལྔའི་རྩལ་ལས་འོད་ལྔར་ཤར།། འོད་ལྔའི་རྩལ་ལས་ཟེར་ལྔར་འཁྲུལ།། ཟེར་ལྔའི་རྩལ་ལས་ཤེས་པའི་སྣང་ཚུལ་ལྔ། ། ཤེས་པ་ཡང་དག་དོན་ཤེས་དངས་མ་ལྔར་གྲོལ་བས།། མིང་མེད་གཏིང་མཐའ་མེད་པར་ཐོག་མར་ཡེ་སངས་རྒྱས།། གོང་ལྟར་འཁྲུལ་ནས་འཁྲུལ་རྩད་ཆོད།། ཀུན་བཟང་བྱ་རྩལ་མེད་པར་ཡེ་སངས་རྒྱས་སོ། ། འགྲོ་དྲུག་ཁམས་གསུམ་འཁོར་བའོ་སེམས་ཅན་རྣམས།། དཔེར་ན་ནམ་རླང་ཆ་ལས་ལ་ཆུ་ཞུ་བ་བཞིན།། དེ་བཞིན་སེམས་ཅན་འཁྲུལ་པ་ཡང།། བྱེད་མཁན་མེད་པར་རང་བཞིན་ཤུགས་ཀྱིས་འཁྲུལ།། ཐོག་མ་འོད་ལྔ་རྩལ་ལྔ་ཟེར་དང་ལྡན་ཡོད་པས། ། སྟོང་པ་གསལ་བ་འགག་མེད་ཤུགས་འབྱུང་ལྔ།། ངོ་ཤེས་སྐུ་ལྔ་ཡེ་ཤེས་ལྔ།། རང་བཞིན་ངོ་བོ་ཐུགས་རྗེ་ལས།། མ་ཤེས་དུག་ལྔ་ཉོན་མོངས་ལྔ།། དེ་ལྔ་ཡོད་པས་དུག་ལྔར་འཁྲུལ། ། དེ་ལས་འབྱུང་བ་ལྔ་རུ་འཁྲུལ།། དེ་ལས་གཟུགས་སྣང་ལྔ་རུ་འཁྲུལ།། དེ་ལས་འབྱུང་བ་ལྔ་ཡིས་བསྡུས།། དེ་ལས་དོན་སྙིང་ལྔ་རུ་འཁྲུལ།། དེ་ལས་ནང་རོལ་སླད་ལྟར་འཁྲུལ།། དེ་ལས་དབང་པོ་ལྔ་རུ་འཁྲུལ། ། དེ་ལ་དབུགས་དང་རླུང་ལྔས་བརྟེན་པར་བྱས།། དེ་ལྟར་འཁྲུལ་ཏེ་མངལ་སྒོ་འདྲིམས།། དངོས་པོས་ཤ་ཁྲག་གཟུགས་སུ་འཁྲུལ།། ཕ་ཞེ་སྡང་རྒྱུ་ལས་ཤ་དང་རུས་སུ་ཆགས།། མ་འདོད་ཆགས་རྐྱེན་གྱིས་ཁྲག་དང་ཆུ་སེར་བསྡུས། ། གཏི་མུག་དུག་གསུམ་རྒྱུ་ཡི་གོང་བུར་འདྲིལ།། ཤེས་རིག་སེམས་ཀྱི་ངོ་བོ་ཐིག་ལེའི་གོང་བུར་ཚུད།། ཐིག་ལེ་བག་ཙམ་ཅིག་ལས་སྲིད་པའི་ལྟེ་བ་ཆགས།། ཞག་བདུན་ལོན་ནས་ཁད་ཀྱིས་ཇེ་ཆེ་འགྲོ། ། བདུན་གཉིས་ཉི་ཤུ་གཅིག་ནས་ཡན་ལག་ཐོགས།། བདུན་ཚ་གཉིས་ན་སྡོམ་ཙམ་གཅིག། དེ་ལྟར་རིམས་ཀྱིས་ཟླ་དགུ་ངོ་བཅུ་ནས།། རུམ་གནས་སྡུག་བསྔལ་མྱོང་སྟེ་སྐྱེ་བའི་སྡུག་བསྔལ་འབྱུང། ། བྲག་བར་བཙིར་སྙམ་གཡང་དུ་ལྷུང་སྙམ་བྱེད།། ཚེར་མའི་དོང་དུ་བཅུག་སྙམ་སྲིད་པའི་སེམས་ཅན་སྐྱེས།། སྐྱེ་འགག་མེད་ཅིང་རྒྱ་མ་ཆད་པ་ལས།། སེམས་ཅན་གཅིག་ལ་འཕེལ་བ་ལྟར་དུ་འཁྲུལ།། དེ་རྗེས་མངལ་ནས་ཕྱིར་ཐོན་དངོས་པོས་རྐྱེན་དུ་འཁྲུལ། ། དབང་པོ་ལྔ་དང་སྒོ་ལྔ་ཡུལ་ལྔར་འཁྲུལ།། འཛིན་པ་ལྔ་ཡིས་ཉོན་མོངས་ལྔ་རུ་འཁྲུལ།། ཡུལ་སེམས་བདག་གཞན་དགག་བསྒྲུབ་སྤོང་ལེན་ལས།། སྣང་བཏགས་བཟུང་ཞེན་ཆགས་སྡང་འཁྲུལ་བ་ཡིས། ། དགྲ་གཉེན་ཕྱོགས་རིས་ཡིན་མིན་དབྱེ་བསལ་བྱུང།། དེ་ཡིས་ཁམས་གསུམ་འཁོར་བར་འཁྱམས་པའི་གཞི་མ་བྱས།། སྐྱེ་བ་ན་བ་རྒས་ཤིའི་སྡུག་བསྔལ་དང།། སྣང་བ་ཕྱོགས་དང་རིས་ཀྱི་སྡུག་བསྔལ་དང། ། ལུས་ནི་ན་ཚའི་སྡུག་བསྔལ་དང།། སེམས་ནི་ཞེ་འདོད་སྡུག་བསྔལ་ལོ།། དགྲ་དང་ཕྲད་དོགས་གཉེན་དང་བྲལ་གྱིས་དོགས།། སེམས་ཅན་རྣམས་ཀྱི་སྡུག་བསྔལ་བསལ་ལས་འདས། ། ཨེ་མ་ཁམས་གསུམ་འགྲོ་དྲུག་སེམས་ཅན་རྣམས།། རྣམ་རྟོག་འཁོར་བའི་རྫབ་ནས་ཐོན་དུས་མེད།། ཀྱེ་མ་ཡང་དག་དོན་ལས་གྲོལ་བའི་སེམས་ཅན་རྣམས།། མ་རིག་དུག་ལྔའི་དབང་གིས་ནི།། རྣམ་རྟོག་འགོང་པོ་ངར་འཛིན་གྱིས། ། རྨུན་ལོང་མུན་པའི་ཀློང་ན་འཁྱམས།། རང་འབར་སྒྲོན་མ་རང་གིས་གསད།། རང་གི་རང་གཉའ་རང་གིས་བཅིངས།། གཟུང་འཛིན་གཉིས་ཀྱི་སྒྲོག་ཏུ་བཅུག། རྣམ་རྟོག་བདག་ཏུ་འཛིན་པ་ཡིས། ། ནན་གྱིས་ནམ་མཁའི་མདུད་པ་བྱས།། རང་མགོར་རང་གི་རྐང་པ་བཞག། རང་ལས་མེ་འབར་རང་ཆེན་སྐྱེས།། མདུད་པས་བཅིངས་ནས་མཚོ་རུ་ཞུགས།། དྲ་བར་འཐུམས་ནས་རྫ་ཀློང་ལྷུང།། ཨེ་མ་ཁམས་གསུམ་འཁོར་བའི་སེམས་ཅན་རྣམས། ། དངོས་གཞི་ཅང་མེད་མིང་བྲལ་མ་རྟོགས་པས།། རྩལ་སྣང་ཅིང་ཡང་སྣང་བའི་འཁྲུལ་སྣང་ལ།། དོན་དམ་བདེན་པར་བཟུང་བས་འགྲོ་དྲུག་འཁྲུལ།། རླུང་ལ་ཞོན་ནས་སྟོང་ཁམས་རྗེས་ཀྱིས་འགེངས། ། མ་བཅོལ་ལས་བྱེད་རང་སེམས་ཐང་མར་ཡན།། ཁྱིམ་དུ་མི་སྡོད་རྒྱུ་འགྲུལ་དོན་མངས་པས།། འཇིགས་པ་དགྲ་ཡིས་ཁྱེར་བ་མ་ཚོར་རོ།། ཨེ་མ་སྐྱེས་ཚད་འཆི་བའི་ཚུལ་མཐོང་ན།། རྟག་ཏུ་རེ་བ་སྒྱིད་པ་བསྐྱུར། ། འདུས་པ་འབྲལ་བའི་དཔེ་མཐོང་ན།། གྲོགས་སྙིང་སྡུག་འཚོལ་བ་སྒྱིད་པ་བསྐྱུར།། བསགས་ཚད་ལུས་པའི་དཔེ་མཐོང་ན།། ནོར་རྫས་སོགས་པ་སྒྱིད་པ་བསྐྱུར།། སེར་སྣ་ཅན་ལ་སྙིང་རེ་ཚིམ། ། རྫས་པོ་ཆེ་ལ་ཁྱེར་དབང་མེད།། ཨེ་མ་རྟག་ཏུ་རེ་སྟེ་གཅིག་མི་སྡོད།། ཨེ་མ་དེ་བས་ཅིས་ཀྱང་མ་ཕན་བླ་མའི་གདམས་ངག་ཞུས།། སྙན་རྒྱུད་ཞུས་ལ་རི་ཁྲོད་དགོན་པ་འགྲིམས།། བྱ་བ་ཐོང་ལ་གཅིག་པུར་ཉམས་སུ་ལོང། ། ཡུལ་ནོར་གཉེན་འདུན་འབྲེལ་བ་ཀུན་ཆོད་ལ།། ཨེ་མ་ཆོས་དང་སེམས་སུ་བསྲེས་དང་སྐལ་ལྡན་ཀུན།། ཐམས་ཅད་བོར་ནས་གཅིག་པུར་འགྲོ་ཙམ་ན།། སྐྱབས་ཆེ་སྐྱེལ་མ་འགྲོ་བའི་གནས་རྟོག་གམ། ། ཀྱེ་མ་སྐལ་ལྡན་རྣམ་འབྱོར་ཀུན།། བླ་མའི་གདམ་ངག་བཅུད་འཐུང་ལ།། ཅིས་ཀྱང་བྱར་མེད་གཅིག་པུར་རི་ཁྲོད་འགྲིམས།། ཅི་ལའང་མི་ལྟ་མུ་མཐའ་གྲོལ་པར་ལྟོས།། ཅི་ཡང་མ་བསྒོམ་མིང་མེད་གཏིང་མཐའ་ཡས་པར་ཞོག། གང་ལའང་མ་སྤྱོད་སོ་མ་རྣམ་མ་ཟང་ཀ་བཤིས་མ་བཅོས་པའི་ཀློང་དུ་དལ་བར་སྡོད།། དེ་ལྟར་གོ་ན་འབྲས་བུ་གཞན་ན་མེད་དེ་རང་སངས་རྒྱས།། ཞེས་གསུང་སོ།། ནམ་མཁའ་ཉི་ཟླའི་རྒྱལ་པོ་མུ་མེད་མཐའ་ཡས་ཀྱི་རྒྱུད་ལས། ། འཁོར་བའི་སེམས་ཅན་ཇི་ལྟར་འཁྲུལ་པར་བསྟན་པའི་ལེའུ་སྟེ་བཞི་པའོ།།།། དེ་ནས་ཀུན་བྱེད་རང་གྲོལ་གྱིས།། མིང་མེད་སྤྱི་ཕུད་སྟོན་པ་ལ།། སངས་རྒྱས་སེམས་ཅན་སྐྱོན་ཡོན་གང་གིས་བྱས། ། ཞེས་ཞུས་པ་དང།། སྟོན་པས་འཁོར་ལ་བཀའ་སྩལ་པ།། དེ་གཉིས་སྐྱོན་ཡོན་ངས་བཤད་ཀྱིས།། འཁོར་རྣམས་མ་ཡེངས་གུས་པས་ཉོན།། ཀུན་བཟང་སངས་རྒྱས་ཡོན་ཏན་ནི།། ཡོན་ཏན་གྲངས་དང་ཚད་ལས་འདས། ། རེ་ཞིག་ཡོན་ཏན་བགྲང་བ་ནི།། སྣོད་ལ་རང་གི་དེ་ཉིད་ངོ་ཤེས་པས།། མིང་མེད་མཐའ་སྟོངས་ཀ་དག་ཀློང་དུ་གྱུར།། རང་གྲོལ་རང་སངས་ཐོག་མར་ཡེ་སངས་རྒྱས།། བྱ་བརྩལ་རྩོལ་བ་མ་བྱས་པར། ། རྒྱུ་རྐྱེན་མེད་པར་ཀུན་བཟང་སངས་རྒྱས་སོ།། སངས་རྒྱས་དེ་ཡི་ཡོན་ཏན་ཡང།། ཇི་སྙེད་མཁྱེན་པའི་ཡོན་ཏན་དང།། ཇི་ལྟར་མཁྱེན་པའི་ཡོན་ཏན་དང།། མཆོག་མཁྱེན་པ་ཡི་ཡོན་ཏན་དང། ། རྣམ་པ་ཐམས་ཅད་མཁྱེན་པའི་ཡོན་ཏན་ནོ།། བདག་གིས་གཞན་མཁྱེན་མཁྱེན་བྱ་མཁྱེན་བྱེད་མེད།། ཡོན་ཏན་ཕྱོགས་ཆ་མེད་པས་མཁྱེན་པའི་མཆོག་ཏུ་གསུངས་སོ།། སེམས་ཅན་སྐྱོན་གྱི་རྩ་བ་གཅིག་པུ་ལ། ། རྣམ་རྟོག་བདག་ཏུ་འཛིན་པ་རང་ལས་བྱུང།། ང་བདག་མགོ་རླུང་ལངས་པས་སྐྱོན་གྱི་རྩ་བ་བྱས།། མུན་པའི་རྨང་དུ་འཐུམས་པས་སྐྱོན་གྱི་རྩ་བ་བྱས།། གནས་དོན་མ་རྟོགས་སྐྱོན་གྱི་རྩ་བ་བྱས།། མིང་མེད་མ་ཤེས་སྐྱོན་གྱི་རྩ་བ་བྱས། ། ཀ་དག་མ་རྟོགས་སྐྱོན་གྱི་རྩ་བ་ཡིན།། མུ་མཐའ་ཡས་པ་མ་རྟོགས་སྐྱོན་གྱི་རྩ་བ་ཡིན།། རྩལ་ཟེར་རོལ་པར་སྣང་བ་ལ།། རང་གྲོལ་སངས་རྒྱས་མ་ཤེས་སྐྱོན་གྱི་རྩ་བ་ཡིན།། མ་རིག་གཏི་མུག་སྐྱོན་གྱི་རྩ་བ་ཡིན། ། རིག་པ་འགྱུར་བ་སེམས་རྟོག་སྐྱོན་གྱི་རྩ་བ་ཡིན།། ངོ་བོ་རང་བཞིན་ཐུགས་རྗེ་ལས།། མ་རྟོགས་འཁོར་ལོ་རྣམ་གསུམ་སྐྱོན་གྱི་རྩ་བ་ཡིན།། མུན་པའི་འཁོར་སྒོ་སྐྱོན་གྱི་རྩ་བ་ཡིན།། གཉིས་མེད་གཉིས་སུ་བཟུང་བ་སྐྱོན། ། ཡུལ་སེམས་གཉིས་སུ་བཟུང་བ་སྐྱོན། བདག་གཞན་གཉིས་སུ་བཟུང་བ་སྐྱོན།། དགག་བསྒྲུབ་སྤོང་ལེན་གཉིས་སུ་བཟུང་བ་སྐྱོན།། བཟང་ངན་དབྱེ་བསལ་གཉིས་སུ་བཟུང་བ་སྐྱོན། ཡིན་མིན་རྩིས་གདབ་གཉིས་སུ་བཟུང་བ་སྐྱོན།། མེད་ལས་ཡོད་འཛིན་སྐྱོན་ཆེན་ཡིན།། མི་རྟག་རྟག་འཛིན་སྐྱོན་ཆེན་ཡིན།། མི་བདེན་བདེན་འཛིན་སེམས་ཅན་སྐྱོན།། སྡུག་བསྔལ་བདེར་འཛིན་སེམས་ཅན་སྐྱོན། ། འཁྲུལ་པ་ཡང་དག་འཛིན་པ་སྐྱོན།། ཆ་ཡོད་བཞིན་དུ་སྡིག་སྤྱོད་སེམས་ཅན་རྣམས།། བཏགས་སྣང་བཟུང་ཞེན་སྐྱོན་གྱི་རྩ་བ་ཡིན།། སེམས་ཅན་སྐྱོན་གྱི་བྱེ་བྲག་བརྗོད་མི་ལང།། ཞེས་གསུངས་སོ། ། ནམ་མཁའ་ཉི་ཟླ་རྒྱལ་པོ་མུ་མེད་མཐའ་ཡས་ཀྱི་རྒྱུད་ལས།། སྐྱོན་ཡོན་བསྟན་པའི་ལེའུ་སྟེ་ལྔ་པའོ།།།། དེ་ནས་ཀུན་བྱེད་རང་གྲོལ་གྱིས།། མིང་མེད་སྤྱི་ཕུད་སྟོན་པ་ལ།། འཁོར་འདས་དབྱེར་མེད་ཇི་ལྟར་གྲོལ། ། ཅེས་ཞུས་པ་དང།། སྟོན་པས་འཁོར་ལ་བཀའ་སྩལ་པ།། ཡང་ཏི་མིང་མེད་མཐའ་བྲལ་དུ།། གཞི་རླུང་དབྱེར་མེད་གཉིས་སུ་མེད།། འབྱུང་ལྔ་འོད་ལྔ་དབྱེར་མེད་གྲོལ། ཟེར་ལྔ་རྩལ་ལྔ་དབྱེར་མེད་གྲོལ། ། ཤེས་མེད་མཐའ་ཡས་མིང་མེད་གྲོལ།། མ་རིག་ཡེ་ཤེས་གཉིས་མེད་གྲོལ།། རིག་སྐྱེས་རིག་པ་ངང་དངས་ཀློང་དུ་གྲོལ།། ངོ་བོ་རང་བཞིན་ཐུགས་རྗེ་ཡང།། སྐུ་གསུམ་སྐྱེ་མེད་ཀློང་དུ་གྲོལ།། སྟོང་པ་གསལ་བ་འགག་མེད་ཀྱང། ། མུ་མཐའ་བྲལ་བ་གསུམ་དུ་གྲོལ།། ཡིད་འཁོར་རྣམ་གསུམ་འཁྲུལ་པ་ཡང།། དཀྱིལ་འཁོར་གསུམ་གྱི་ཀློང་དུ་གྲོལ།། འགྱུ་བ་རླུང་རྐྱེན་མུན་པའི་འཁོར་སྒོ་ཡང།། འགྱུར་མེད་རིག་མེད་གསལ་དག་ཀློང་དུ་གྲོལ། ། སེམས་ཀྱི་གསལ་ཆ་རྣམ་ལྔ་ཡང།། ཡེ་ཤེས་ལྔ་ཡི་ཀློང་དུ་གྲོལ།། གཟུགས་ལྔ་སྐུ་ལྔའི་ཀློང་དུ་གྲོལ།། དུག་གསུམ་སྐུ་གསུང་ཐུགས་སུ་གྲོལ།། དུག་ལྔ་མ་སྤངས་སྐུ་ལྔར་གྲོལ།། སེམས་ཅན་མ་སྤངས་སངས་རྒྱས་ཉིད་དུ་གྲོལ། ། འཁོར་བ་མ་སྤངས་མྱང་འདས་ཉིད་དུ་གྲོལ།། སྣང་སྲིད་འཁོར་འདས་དབྱེར་མེད་ཉིད་དུ་གྲོལ།། རྣམ་རྟོག་ཆོས་ཉིད་ཆེན་པོར་གྲོལ།། སྣང་བ་སོར་བཞག་ཆེན་པོར་གྲོལ།། སྲིད་པ་རང་བཞིན་མེད་པར་གྲོལ། ། འཁྲུལ་སྣང་རང་སངས་ཆེན་པོར་གྲོལ།། སྣང་བཏགས་བཟུང་ཞེན་མེད་པར་གྲོལ།། རིག་སེམས་ངང་དངས་ཆེན་པོར་གྲོལ།། སེམས་ཉིད་མིང་མེད་གཏིང་མཐའ་ཟད་པར་གྲོལ།། ཡུལ་སེམས་གཟུང་འཛིན་མེད་པར་གྲོལ། ། བཟང་ངན་སྤོང་ལེན་མེད་པར་གྲོལ།། ཡིན་མེད་དབྱེ་བསལ་མེད་པར་གྲོལ།། དགག་བསྒྲུབ་བླང་དོར་མེད་པར་གྲོལ།། དགྲ་གཉེན་ཕྱོགས་རིས་མེད་པར་གྲོལ།། ང་དང་བདག་གཞན་འཛིན་པ་མེད་པར་གྲོལ། ། བློས་བཏགས་ཆོས་རྣམས་བློ་འདས་ཆེན་པོར་གྲོལ།། མིང་ཚིག་བརྗོད་པའི་ཆོས་རྣམས་མིང་མེད་ཆེན་པོར་གྲོལ།། མཚོན་པའི་ཆོས་རྣམས་མཚོན་དུ་མེད་པར་གྲོལ།། དངོས་གཞིའི་ཆོས་རྣམས་དངོས་མེད་ཀློང་དུ་གྲོལ། ། སྣང་བའི་ཆོས་རྣམས་སྟོང་པའི་ཀློང་དུ་གྲོལ།། རིག་པའི་ཆོས་རྣམས་རིག་མེད་ཀློང་དུ་གྲོལ།། སེམས་དྲན་ཆོས་རྣམས་སེམས་ཀྱི་དྲན་པ་མེད་པར་གྲོལ།། མཚོན་བཏགས་བརྣོ་བསམ་བསམ་མེད་ཀློང་དུ་གྲོལ། ། འོད་རྩལ་ཟེར་རྣམས་སྙིང་པོའི་ཀློང་དུ་གྲོལ།། ཡན་ལག་ཆོས་ཉིད་ཀློང་དུ་གྲོལ།། མ་འགག་རོལ་པ་སྐྱེ་མེད་ཀློང་དུ་གྲོལ།། ཅིར་སྣང་ཅིར་སྲིད་སྙིང་པོའི་ཀློང་དུ་གྲོལ། ། ཅང་མེད་ཅིར་སྣང་ཅང་མེད་ཀློང་དུ་གྲོལ།། སྟོང་པའི་ཀློང་བྱུང་སྟོང་ཉིད་ཀློང་དུ་གྲོལ།། མེད་ལས་སྣ་ཚོགས་དངོས་མེད་རང་དུ་གྲོལ།། དངོས་ཀུན་དངོས་གཞི་མེད་པར་གྲོལ།། སྒོ་ལྔ་གསལ་མདངས་ཆེན་པོར་གྲོལ། ། ཡིད་ལྔ་ཟང་ཐལ་ཆེན་པོར་གྲོལ།། ཡུལ་ལྔ་དབྱེ་བསལ་མེད་པར་གྲོལ།། ཚོགས་བརྒྱད་རྩིས་གདབ་མེད་པར་གྲོལ།། སྣང་སྲིད་ཆོས་རྣམས་མུ་མཐའ་ཡས་པར་གྲོལ།། དཔེར་ན་འབྱུང་བ་ནམ་མཁའི་ཀློང་དུ་འབྱུང་ལྔ་གྲོལ། ། ནམ་མཁའ་རྒྱལ་པོའི་ཀློང་དཀྱིལ་དུ།། ཐོག་སེར་ཆར་སྤྲིན་གཟའ་སྐར་སྣ་ཚོགས་པ།། གཞན་དུ་མ་བཀོལ་ནམ་མཁའི་ཀློང་དུ་གྲོལ།། དཔེར་ན་ཕྱི་ཡི་རྒྱ་མཚོ་ཆེན་པོ་རུ།། འགྷ་འགྷ་ན་ར་པགྴུ་སི་ཏི་ཆུ་བྲན་ཇི་སྙེད་རྣམས། ། གཞན་དུ་མ་བཀོལ་རྒྱ་མཚོའི་ཀློང་དུ་གྲོལ།། ཡོད་མེད་རྟག་ཆད་སྣང་སྲིད་འཁོར་ཆོས་མིང་མེད་ཀློང་དུ་གྲོལ།། གནོ་ཚད་བསམ་ཚད་སྙིང་པོའི་ཀློང་དུ་གྲོལ།། ཅེས་གསུངས་སོ།། ནམ་མཁའ་ཉི་ཟླའི་རྒྱལ་པོ་མུ་མེད་མཐའ་ཡས་ཀྱི་རྒྱུད་ལས། ། དེ་གཉིས་དབྱེར་མེད་ཀློང་དུ་གྲོལ་ལུགས་བསྟན་པའི་ལེའུ་སྟེ་དྲུག་པའོ།།།། དེ་ནས་ཀུན་བྱེད་རང་གྲོལ་གྱིས།། མིང་མེད་སྤྱི་ཕུད་སྟོན་པ་ལ།། འགྲོ་དྲུག་གཡང་ས་ཇི་ལྟར་གཅད། ། ཅེས་ཞུས་པ་དང།། སྟོན་པས་འཁོར་ལ་བཀའ་སྩལ་པ།། འགྲོ་དྲུག་གཡང་ས་གཅད་ཐབས་ལ།། བཅད་པས་ཆོད་པ་མ་ཡིན་ཏེ།། མ་བཅད་རབ་གྲོལ་བཞག་པས་ཆོད།། རྩོལ་བ་བྱས་པས་མི་ཆོད་དེ། ། བྱར་མེད་སོ་མ་ཟང་ཀར་གནས་པས་ཆོད།། གཏིང་མཐའ་མེད་ལ་མུ་མཐའ་ཡས་པས་ཆོད།། འོན་ཀྱང་དེ་ལྟར་མ་གོ་བའི་གང་ཟག་ལ།། ཞེ་སྡང་དབང་གིས་དམྱལ་ཁམས་རྒྱུད་བ་ལ།། ཞེ་སྡང་མ་སྤངས་མི་གནས་རང་གྲོལ་བས། ། དམྱལ་བར་སྐྱེ་བའི་གཡང་ས་བཅད།། དམྱལ་བ་མིང་མེད་ལོངས་སྐུར་གྲོལ།། སེར་སྣའི་དབང་གིས་ཡི་དྭགས་གནས་སྐྱེས་པ།། སེར་སྣ་མ་སྤངས་མི་གནས་རང་གྲོལ་བས།། ཡི་དགས་སྐྱེ་བའི་གཡང་ས་བཅད། ། ཡི་དགས་མིང་མེད་མཉམ་ཉིད་ཡེ་ཤེས་ཡིན།། འོད་གསལ་མ་རྟོགས་གཏི་མུག་མུན་པ་ལས།། གཏི་མུག་དབང་གིས་བྱོལ་སོང་གནས་སྐྱེས་པ།། གཏི་མུག་མ་སྤངས་བྱོལ་སོང་གཡང་ས་བཅད། ། གཏི་མུག་རང་སངས་ཆོས་ཀྱི་སྐུ།། ཕྲག་དོག་དབང་གིས་མི་ཡི་གནས་སྐྱེས་པ།། ཕྲག་དོག་མ་སྤངས་མི་གནས་རང་གྲོལ་བས།། ཕྲག་དོག་མིང་མེད་ནན་ཏན་ཡེ་ཤེས།། ང་རྒྱལ་དབང་གིས་ལྷ་མ་ཡིན་སྐྱེས་པ། ། རྟོག་པའི་དབང་གི་ང་རྒྱལ་ལྷ་མིན་གནས་སྐྱེས་པ།། ང་རྒྱལ་མ་སྤངས་གནས་ལྷ་མིན་གཡང་ས་བཅད།། ང་རྒྱལ་མིང་མེད་སྐུ་གསུམ་ཞིང་ཁམས་ཡིན།། མིང་མེད་མ་རྟོགས་ཡན་ལག་རིག་སྐྱེས་པས། ། འདོད་ཆགས་དབང་གིས་ལྷ་ཡི་གནས་སུ་སྐྱེས།། དངོས་ལ་འདོད་ཆགས་མ་གྲུབ་པས།། འདོད་ཆགས་མ་སྤངས་མི་གནས་ལྷར་སྐྱེའི་གཡང་ས་བཅད།། འདོད་ཆགས་མིང་མེད་སྤྲུལ་སྐུ་ཆེན་པོ་ཐོབ།། དེ་ལྟར་མིང་མེད་མཐའ་སྟོང་པ་ཡིས། ། འགྲོ་དྲུག་སྐྱེ་བའི་གཡང་ས་བཅད།། ཅེས་གསུངས་སོ།། ནམ་མཁའ་ཉི་ཟླའི་རྒྱལ་པོ་མུ་མཐའ་ཡས་ཀྱི་རྒྱུད་ལས།། འགྲོ་དྲུག་གཡང་ས་བཅད་པའི་ལེའུ་སྟེ་བདུན་པའོ།།།། དེ་ནས་ཀུན་བྱེད་རང་གྲོལ་གྱིས། ། མིང་མེད་སྤྱི་ཕུད་སྟོན་པ་ལ།། སྣང་སྲིད་ཆོས་རྣམས་ཇི་ལྟར་གྲོལ།། ཅེས་ཞུས་པ་དང།། སྟོན་པས་འཁོར་ལ་བཀའ་སྩལ་པ།། ཆོས་རྣམས་མིང་མེད་མཐའ་བྲལ་ཡང།། འཁོར་གྱི་གོ་བ་བསྐྱེད་ཕྱིར་བསྟན་པར་བྱ། ། དེ་ལ་སྣང་སྲིད་ཆོས་རྣམས་གྲོལ་ལུགས་ཀྱང།། གོང་དུ་འཁོར་འདས་དབྱེར་མེད་སྐབས་སུ་བསྟན་མོད་ཀྱང།། འོན་ཀྱང་འཁོར་ལ་མདོ་ཙམ་བསྟན།། སྣང་བའི་ཆོས་རྣམས་རང་སར་བཞག་པས་གྲོལ། ། སྣང་སྲིད་ཇི་ལྟར་སྣང་ཡང་ཅི་ལའང་སེམས་མ་ཆགས།། སྤོང་ལེན་དགག་བསྒྲུབ་མི་བྱེད་རྩིས་གདབ་མེད་པར་གྲོལ།། སྣང་བ་ཅི་སྟོ་རང་སར་གྲོལ།། སྲིད་པ་ཅི་སྟོ་དངོས་ཀྱི་མེད།། རིག་པ་ཅི་སྟོ་མིང་མེད་གྲོལ། ། སེམས་པ་ཅི་སྟོ་རང་བཞིན་མེད།། འགྱུ་བ་ཅི་སྟོ་འཛིན་པ་མེད།། དྲན་རྟོག་ཅི་སྟོ་བྱུང་སར་གྲོལ།། སེམས་བློ་ཅི་སྟོ་དངོས་མེད་གྲོལ།། རྣམ་རྟོག་ཅི་སྟོ་རྟོག་མེད་གྲོལ།། འཁོར་བ་ཅི་སྟོ་མྱང་འདས་གྲོལ། ། མ་རིག་ཅི་སྟོ་ཀ་དག་ཀློང་དུ་གྲོལ།། བློས་བཏགས་ཆོས་རྣམས་མཚན་བརྗོད་མེད་པར་གྲོལ།། ཐེག་མེད་འཇུག་སྒོ་ལྟ་སྒོམ་མེད་པར་གྲོལ།། གང་ལྟར་སྣང་ཡང་མི་འཛིན་མ་ཆགས་གྲོལ།། ཅི་ལྟར་འདུག་ཀྱང་མི་སྤྱོད་གྲོལ། ། རིག་ཡིད་སེམས་བློ་ངང་དངས་རང་གྲོལ་སངས།། སྐྱིད་པའི་ཚེ་ན་ཞེན་མེད་ཆགས་མེད་གྲོལ།། སྡུག་པའི་ཚེ་ན་མི་འཛིན་མི་བསྐྱོད་གྲོལ།། འགྲོ་ཞིང་འགྲོ་ཞིང་རང་སར་གྲོལ།། འདུག་ཅིང་འདུག་ཅིང་རང་སར་གྲོལ། ། ཉལ་ཞིང་ཉལ་ཞིང་རང་སར་གྲོལ།། ཟ་ཞིང་ཟ་ཞིང་རང་སར་གྲོལ།། སྤྱོད་ལམ་རྣམ་བཞིར་མ་ཆགས་མ་ཞེན་གྲོལ།། དངོས་པོ་རྣམ་པ་སྣ་ཚོགས་ལ།། གང་ལའང་འདོད་པ་མེད་པས་ཅི་ལའང་སེམས་མ་ཆགས། ། མིང་མེད་མཐའ་ཟད་དོན་རྟོགས་ཆོས་རྣམས་མེད།། དེ་ལྟར་གོ་ན་སྣང་ཡང་ཞེན་མེད་དགག་བསྒྲུབ་མེད་པར་གྲོལ།། རིག་ཀྱང་འཛིན་མེད་རང་སར་གྲོལ།། སེམས་ཀྱང་མི་ལྟོ་ངང་དང་རང་སར་གྲོལ། ། རྒོད་ཅིང་རྒོད་ཅིང་རང་སར་གྲོལ།། དགའ་ཞིང་དགའ་ཞིང་རང་སར་གྲོལ།། མི་དགའ་མི་དགའ་རང་སར་གྲོལ།། དེ་དག་ཐམས་ཅད་གཉིས་མེད་ཆེན་པོར་གྲོལ།། བརྟགས་ཆགས་ཆོས་རྣམས་མིང་མེད་ཆེན་པོར་གྲོལ། ། ཅེས་གསུངས་སོ།། ནམ་མཁའ་ཉི་ཟླའི་རྒྱལ་པོ་མུ་མེད་མཐའ་ཡས་ཀྱི་རྒྱུད་ལས།། སྣང་སྲིད་ཆོས་རྣམས་གྲོལ་བར་བསྟན་པའི་ལེའུ་སྟེ་བརྒྱད་པའོ།།།། དེ་ནས་ཀུན་བྱེད་རང་གྲོལ་གྱིས། ། མིང་མེད་རང་གྲོལ་སྟོན་པ་ལ།། མིང་མེད་མཐའ་བྲལ་གང་གིས་རྟོགས།། ཞེས་ཞུས་པ་དང།། སྟོན་པས་འཁོར་ལ་བཀའ་སྩལ་པ།། མིང་མེད་མཐའ་བྲལ་རྟོགས་རྒྱུ་མེད་ན་ཡང།། འཁོར་རྣམས་གོ་བ་བསྐྱེད་ཕྱིར་རྟོགས་ཐབས་བཤད། ། མིང་མེད་མཐའ་བྲལ་རྟོགས་ཐབས་ནི།། བྱ་རྩོལ་བསྒྲུབ་པ་བྱས་པས་མི་རྟོགས་ཏེ།། བྱ་བ་ཐམས་ཅད་བཏང་ལ་ནི།། མ་བཅོས་དལ་བར་སྡད་པས་རྟོགས།། ལྟ་སྒོམ་སྤྱོད་འབྲས་ཆེད་དུ་མི་བསྒྲུབ་སྟེ། ། མུ་མཐའ་ཡས་པས་ལྟ་རྒྱུ་མེད།། གཏིང་མཐའ་གྲོལ་བསེ་བསྒོམ་རྒྱུ་མེད།། བྱ་བ་ཐོངས་པས་སྤྱད་རྒྱུ་མེད།། བློ་ལས་འདས་པས་ཐོབ་རྒྱུ་མེད།། མིང་མེད་རྟོགས་པས་ཐ་སྙད་མེད།། དངོས་མེད་རྟོགས་པས་དངོས་པོ་མེད། ། ཀ་དག་རྟོགས་པས་བསྲུང་དུ་མེད།། བྱར་མེད་རྟོགས་པས་འཕྲིན་ལས་མེད།། བགྲོད་མེད་རྟོགས་པས་ས་ལམ་མེད།། དེ་དག་རྟོགས་པས་སྦྱང་དུ་མེད།། རང་ཉིད་ཡིན་པས་གཞན་མ་རེ། ། ཡེ་ནས་བསྒྲུབས་པས་ད་མི་བསྒྲུབས།། མ་བཙལ་རྙེད་པས་གཞན་མི་འཚོལ།། ཀྱེ་ཧོ་སྐལ་ལྡན་རིགས་ཀྱི་བུ།། མིང་མེད་མཐའ་བྲལ་རྟོགས་འདོད་ན།། བྱ་བའི་ཆོས་རྣམས་བཏང་བ་ནི།། མུ་མཐའ་ཡས་པར་ཞུགས་པའི་མཆོག། སྣང་སྲིད་འཁོར་འདས་དངོས་པོའི་ཆོས་རྣམས་ལ།། རིག་མེད་སེམས་མེད་གང་ལའང་ཡིད་མི་འགྱུ།། ཆོས་རྣམ་ཀུན་གྱི་བྱ་བ་བཏང་བ་ནི།། རྩོལ་བསྒྲུབ་ཐག་བཅད་མུ་མཐའ་གྲོལ་བའི་ཀློང། ། འཇུག་སྒོ་ལྟ་སྒོམ་སྤྱོད་འབྲས་རྩོལ་བཞག་ལ།། གཏད་མེད་བསམ་མེད་བྱར་མེད་བློ་ལས་འདས།། དེ་ལྟར་རྟོགས་པའི་སྐལ་ལྡན་ལ།། མཚོན་མེད་དངོས་མེད་ཆོས་མེད་བཤད་དུ་རྡུལ་ཙམ་མེད།། མུ་མེད་མཐའ་ཡས་ཐེག་པའི་གྲུབ་མཐའ་མེད། ། གཏིང་ཡངས་མཐའ་སྟོང་བློ་ཟད་ཆོས་ཀྱང་མེད།། གཏིང་ཟད་མཐའ་གྲོལ་ཡིད་སྨོན་སངས་རྒྱས་མེད།། ཁ་གཏིང་ཡེ་ནས་མེད་པས་བློ་ཡི་ཡུལ་ལས་འདས།། གདམས་པ་ཚིག་བཞིས་འདི་ལྟར་རང་སངས་རྒྱས། ། འདི་དོན་སུས་རྟོགས་མིང་མེད་མཐའ་བྲལ་རྟོགས།། དེ་ལྟར་སུས་རྟོགས་སངས་རྒྱས་ཀུན་དང་མཉམ།། ཀྱེ།། ཨེ་མ་སྐལ་ལྡན་རིགས་ཀྱི་བུ།། མིང་མེད་མཐའ་བྲལ་རྟོགས་འདོད་ན། ། ཡུལ་རྣམས་དགག་བསྒྲུབ་མ་བྱེད་རང་སར་ཞོག། རིག་པ་རྩིས་གདབ་མ་བྱེད་དབྱེ་བསལ་མེད་པར་ཞོག། སེམས་ལ་རྩིས་གདབ་མ་བྱེད་འདོད་རློམ་མེད་པར་ཞོག། སྣང་བ་ཐམས་ཅད་རང་སྣང་ཞོག། རིག་སེམས་འབྱུང་འཇུག་མེད་པར་ཞོག། གནས་ལུགས་བློ་འདས་མིང་མེད་ཆེན་པོར་ཞོག། བཏགས་སྣང་ཆོས་རྣམས་མིང་མེད་མཐའ་བྲལ་ཞོག། ཅེས་གསུངས་སོ།། ནམ་མཁའ་ཉི་ཟླའི་རྒྱལ་པོ་མུ་མེད་མཐའ་ཡས་ཀྱི་རྒྱུད་ལས། ། མིང་མེད་མཐའ་བྲལ་རྟོགས་ཐབས་ཀྱི་ལེའུ་དགུ་པའོ།།།། དེ་ནས་ཀུན་བྱེད་རང་གྲོལ་གྱིས།། མིང་མེད་སྤྱི་ཕུད་སྟོན་པ་ལ།། སྙིང་པོ་ཆོས་སྐུར་རྟོགས་ཐབས་ལ།། རྩོལ་བསྒྲུབ་བྱ་རྩལ་མི་འཚལ་ལམ། ། ཞེས་ཞུས་པ་དང།། སྟོན་པས་འཁོར་ལ་བཀའ་སྩལ་པ།། སྙིང་པོ་ཆོས་སྐུ་རྟོགས་ཐབས་ལ།། རྩོལ་བསྒྲུབ་བྱ་རྩལ་མི་འཚལ་ཏེ།། རྩོལ་བྲལ་དལ་བར་བསྡད་པས་ཆོག། བྱ་བ་ཐོང།། དལ་བར་སྡོད། ། ལྷུག་པར་ཞོག། འདོད་པ་སྐྱུངས།། ཞེ་འདོད་ཆེ།། ཡིད་ཀྱི་རྒྱུ་འགྲུལ་མ་མང།། སེམས་ཀྱི་བྱ་བ་མ་ཆེ།། ལུས་རྩོལ་བསྒྲུབ་ལ་མ་གཡེང།། རིག་པ་ཐང་རྒྱལ་དུ་མ་བཏང།། ཁ་མུ་ཅོར་དུ་མ་སྨྲ།། སྤྱོད་པ་བབ་བཅོལ་དུ་མ་བྱེད། ། ལྟ་བ་ཞེ་འདོད་ཕྱོགས་རིས་ཀྱི་མཐའ་ལ་མ་བསྐྱུར།། སྒོམ་པ་འགྱུ་བ་རྣམ་རྟོག་བྱིང་རྨུགས་ཀྱི་དགྲལ་མ་བསྐུར།། སྤྱོད་པ་ཞེན་ཆགས་རྩོལ་བའི་དགྲ་ལ་མ་བསྐུར།། འབྲས་བུ་རེ་དོགས་ཀྱི་ཁ་ལ་མ་བསྐུར། ། ཀྱེ་ཧོ་སྐལ་ལྡན་རིགས་ཀྱི་བུ།། སྙིང་པོ་ཆོས་སྐུ་རྟོགས་འདོད་ན།། ནམ་མཁའི་དབྱིངས་སུ་ལྟོས།། རྒྱ་མཚོའི་ཀློང་དུ་ཉོལ།། རི་བོ་རྨང་ནས་དགྱེལ།། ལག་ཏུ་རལ་གྲི་ཐོགས།། གང་ཕྲད་རྩད་ནས་ཆོད།། ཉི་ཟླ་སྒྲོན་མེར་ཐོགས། ། མཆོག་རབ་རྩེ་ལ་སྡོད།། ཀུན་གསལ་འོད་ཁང་ལྟོས།། རྒྱལ་མཚན་རྩེ་མོར་ཕྱོར།། སྐྱོན་སོལ་འཕྲང་ཆོད་ལ།། ཡུལ་གྱི་དབུས་སུ་སྡོད།། བཙན་མཁར་བསྲུངས་ལ་ཟམ་འཕྲང་སྡོམས།། གྲོས་ཀྱི་ཐག་ཆོད་དོན་གྱི་རྩ་པ་ཟུང། ། རིན་ཆེན་སྣང་གསལ་འོད་ཀྱི་ཁང་པར་སྡོད།། རྒྱུ་འགྲུལ་མ་མང་ཁྱིལ་དུ་སྡོད།། འཇིགས་པར་དགྲ་ལ་མ་སྐུར་ཅིག། བདུད་རྩི་བཅུད་འཐུང་ཆོས་ཉིད་དབྱིངས་སུ་ཉོལ།། གསང་བ་བརྡ་ཡི་གནད་གོ་ན། ། གཏིང་མཐའ་ཡས་ལ་མུ་མཐའ་གྲོལ།། ཆོས་ཉིད་མཐའ་སྟོངས་དོན་ཡང་རྟོགས།། མཐའ་བྲལ་ལྟ་བའི་ཕུགས་སུ་བསྐྱོལ།། བསམ་བྲལ་ཆོས་ཉིད་ཀློང་དུ་གྲོལ།། བྱ་བྲལ་རྣལ་མ་སོར་བཞག་རྟོགས། ། ལྷུན་གྲུབ་རེ་དོག་རྩད་ནས་ཆོད།། ཐོབ་མེད་འདི་ལྟར་རང་སངས་རྒྱས།། ཡེ་ཤེས་གཏིང་རྫོགས་མཐའ་རྣམས་གྲོལ།། ཐིག་ལེ་མཐའ་བྲལ་ཆོས་སྐུ་རྟོགས།། ཞེས་གསུངས་སོ།། ནམ་མཁའ་ཉི་ཟླའི་རྒྱལ་པོ་མུ་མེད་མཐའ་ཡས་ཀྱི་རྒྱུད་ལས། ། རྩོལ་བསྒྲུབ་བྱ་བཙལ་མི་དགོས་པར་བསྟན་པའི་ལེའུ་སྟེ་བཅུ་པའོ།།།། དེ་ནས་ཀུན་བྱེད་རང་གྲོལ་གྱིས།། མིང་མེད་སྤྱི་ཕུད་སྟོན་པ་ལ།། མིང་མེད་མཐའ་ཡས་དོན་རྟོགས་ན། ། ཐེག་པའི་བྱེ་བྲག་ཡོད་དམ་མེད།། ཅེས་ཞུས་པ་དང།། སྟོན་པས་འཁོར་ལ་བཀའ་སྩལ་པ།། མོང་མེད་མཐའ་ཡས་དོན་རྟོགས་ན།། ཐེག་པ་བློས་བཏགས་རྩོལ་བསྒྲུབ་ཡིན།། ཞེ་འདོད་བློས་བཏགས་ཆོས་ཀྱིས་སངས་མི་རྒྱ། ། དེ་ཕྱིར་ཐེག་པའི་བྱེ་བྲག་མེད།། འོན་ཀྱང་མིང་མེད་མ་རྟོགས་རྟོག་གེའི་བློ་ཅན་ལ།། བློ་དམན་བྲོད་པ་བསྐྱེད་ཕྱིར་བྱེ་བྲག་དབྱེ།། སེམས་ཅན་དབང་པོའི་ཁྱད་པར་ལས།། བློ་ཁྱད་ཐེག་པ་དགུ་རུ་དབྱེ། ། གདུལ་བྱ་དབང་པོ་རབ་འབྲིང་གསུམ།། ཕྱེ་བས་གསུམ་གསུམ་དགུ་ཡིན་ནོ།། དེ་འདུལ་ཐེག་པ་དགུ་རུ་བཤད།། ཐ་མ་གསུམ་ལ་མཚན་ཉིད་གསུམ།། འབྲིང་པོ་གསུམ་ལ་ཀྲི་ཡོག་གསུམ། ། རབ་ཀྱི་རབ་འབྲིང་གསུམ་ལ་བསྐྱེད་རྫོགས་གསུམ།། ཡང་རབ་སྤྱི་ཏི་ཐོད་རྒལ་ཡང་ཏི་ཡོ་གས་བསྟན།། སེམས་ཅན་བློ་འདི་མ་ཟད་པར།། ཐེག་པ་ཟད་པར་མ་གསུངས་ཏེ།། འཁྲུལ་པ་རྟོགས་འདི་ཟད་པ་ན། ། ཐེག་པ་མེད་ཅིང་འཇུག་པ་མེད།། གྲུབ་པ་མེད་ཅིང་ལྟ་སྒོམ་མེད།། རྩོལ་བསྒྲུབ་མེད་ཅིང་ཐ་སྙད་མེད།། ཆོས་རྣམས་མེད་ཅིང་བཤད་དུ་མེད།། མཚོན་དུ་མེད་ཅིང་ཐ་སྙད་མེད།། བློས་བཏགས་ཆོས་རྣམས་ཡོད་མ་ཡིན། ། ཐེག་པ་མེད་ཅིང་བྱེ་བྲག་མེད།། ཅེས་གསུངས་སོ།། ནམ་མཁའ་ཉི་ཟླ་རྒྱལ་པོའི་རྒྱུད་ལས།། ཐེག་པའི་བྱེ་བྲག་མེད་པར་བསྟན་པའི་ལེའུ་སྟེ་བཅུ་གཅིག་པའོ།།།། དེ་ནས་ཀུན་བྱེད་རང་གྲོལ་གྱིས། ། སྟོན་པའི་རྒྱལ་པོ་མིང་མེད་སྤྱི་ཕུད་ལ།། གསང་སྔགས་བརྡ་ཡིས་ཇི་ལྟར་བཤད།། ཅེས་ཞུས་པ་དང།། སྟོན་པས་གསང་བའི་བརྡ་བསྟན་གྱིས།། འཁོར་རྣམས་མ་ཡེངས་གུས་པས་ཟུང།། རྒཝ་ཝ་ཐ་ཧཱ་ནྱམ།། དེ་ནས་ཨ་ཐ་བྷོ་ཡ་ཧྲི་སྙིང་པོ་དྲ་ཡང་སྙིང་ཡ། ། རང་རིན་ཆེན་འོད་ཁང་ན་པྲ་བ་ར་སརྦ་དྷརྨ་ཐམས་ཅད་དྷ་ཆོས་དབྱིངས་ཏུ།། ཛྙཱ་ཡེ་ཤེས་ན་གར་སི་དངོས་གྲུབ་ས་མ་ཡ་ཀློང་དུ་ཐིམ་པས་སྐྱེ་མེད་ཨ།། ཡུལ་ཀུན་གཞི་ཡངས་པ་ཅན་གྱི་ཕོ་བྲང་བྱ་བ་ན།། རྒྱལ་རིག་པ་པོ་མངར་རང་བྱུང་ཡེ་ཤེས་བདག་ཉོན་མོངས་བརྒྱད་ཁྲི་བཞི་སྟོང་ཁྲི་རྗེ་བ་གཙུག་བསྟན་བྱ་བ་ལ། ། བློན་པོ་ཁ་དྲག་དུག་ལྔ་སྟོང་ཁམས་ཐང་མར་རྒྱུ་བ་ཡིན་པའི་མི་ལྔས་བསོར་རོ།། རིན་པོ་ཆེ་རྣམ་ཆོས་ཉིད་དག་གྲུབ་པའི་མཁའ་ཀློང་རྣམ་དག་གཞལ་ཡས་ཁང་ན། ། སྙིང་པོ་རྒྱལ་པོ་ཀུན་རིག་སྤྱི་ཕུད་བྱ་བ་ལ།། ཡན་ལག་རྩལ་ཟེར་རང་བྱུང་ངང་དངས་འཁོར་ཀུན་རིག་གསལ་བའི་ཁྱེའུ་ཆུང་ལྔས་བསྐོར་རོ།། སྙིང་པོ་རང་བྱུང་གི་ཡེ་ཤེས་དང།། འགོང་པོ་ང་བདག་མཚོན་པའི་བརྡའོ། ། རིན་པོ་ཆེ་ཉི་ཟླ་ཁ་སྦྱོར་གྱི་ལྷ་ཀ་དག་ཆོས་ཉིད་ཁང་ནི།། རིན་པོ་ཆེ་ཤེལ་ཆོས་སྐུ་དྲི་མེད་གྱི་སྐུ་འོད་ལྷམ་མེ་བཞུགས་སོ།། ཆོས་སྐུ་ཀ་དག་ཡེ་ཤེས་མཚོན་པའི་བརྡའོ།། མུན་པ་གཏི་མུག་བག་ཆགས་ཀྱི་སྒྲིབ་གཡོགས་གཡུང་རུང་གི་ལྷ་ཁང་ན། ། མ་རིག་པ་རྒན་མོ་མུན་ནག་གི་མཐོ་ཡོར་བྱ་བ་ཡོད་དོ།། མ་རིག་པ་མཚོན་པའི་བརྡའོ།། ལའོ་ཆེའི་ལ་བཙས་ཀྱི་ཁ་ན་འགྲོན་པོ་མི་གཅིག་འདུག་པས།། ཕར་འགྲོ་ཚུར་འོང་ངོ་མ་ཤེས་ཏེ། ། སངས་རྒྱས་དང་སེམས་ཅན་གྱི་སྤྱི་ས་མཚོན་པའི་བརྡའོ།། ཤུལ་རིངས་ཐང་ཆད་ཀྱི་འགྲོན་པོ་ལ་སྔོན་ན་ཁ་སྟོང་གཉིས་འདུག་པས།། གར་འགྲོའི་བརྟོལ་ནི་མ་རྙེད་དོ།། རིག་པ་འཆར་སྒོ་དང་མ་རིག་པའི་འཁྲུལ་སྒོ་མཚོན་པའི་བརྡའོ། ། ཀྱེ་མ་སྐལ་ལྡན་གྲོལ་བར་འདོད་པ་རྣམས།། ནམ་མཁའི་དབྱིངས་ན་ཅི་འདུག་ལྟོས།། རྒྱ་མཚོའི་ནང་གི་ནོར་བུ་ཆོངས།། གཡས་སུ་མཚོན་ཆའི་འཁོར་ལོ་བསྐོར།། གཡོན་དུ་ཉི་ཟླའི་སྒྲོན་མ་ཐོགས། ། བདུད་རྩི་བཅུད་འདུས་ཁྲོགས་ཆོད་གྱིས།། ནོར་གྱི་སྙིང་པོ་སྙིང་ལ་ཆོངས།། ཟས་ཀྱི་སྙིང་པོ་ཁོང་དུ་ཆུད།། ཡུལ་གྱི་སྙིང་པོ་ཆོས་ཉིད་དབྱིངས་སུ་སྡོད།། བྱ་བ་མ་མང་སྙིང་པོའི་ཀློང་དུ་ཉོལ། ། རྒྱུ་འགྲུལ་མ་མང་གདེང་ཆོས་ས་ལ་སྡོད།། འཇིགས་སར་མ་འགྲོ་བཙན་མཁར་རྩེ་ལ་སྡོད།། རླུང་ལ་མ་ཞོན་འཕྲང་ཆོད་ཟམ་འཕྲང་སྡོམ།། ཀྱེ་མ།། ཨ་ལེ་སྐལ་ལྡན་རིགས་ཀྱི་བུ།། དྲན་ནམ་སྐྱེས་སམ། ། ཨེ་མ་ཡུན་རིངས་ནད་པ་བློ་བུར་རྐྱེན་བྱུང་ནས།། སྐྱེས་ཚད་གཅིག་ཀྱང་མི་སྡོད་ཤུལ་རིང་འགྲོ་ཙ་ན།། རྒྱགས་ཕྱེ་སྐྱེལ་མ་འགྲོ་སའི་གནས་བདོག་གམ།། ཀྱེ་མ་དེ་བས་ད་ལྟ་དབང་ཡོད་ཚེ།། ཟད་མེད་རྒྱགས་ཕྱེར་སེམས་ཉིད་ནོར་བུ་ཆོངས། ། སྐྱེལ་མ་བླ་མ་ཡི་དམ་དམ་ཆོས་ཚོལ།། བསུན་མར་རང་སྣང་གྲོགས་པོ་ཚོལ། དགྲ་ལྔ་བྱུང་དོགས་གཉེན་ལྔ་ཚོལ།། འཇིགས་སར་རྣོ་བའི་མཚོན་ཐོགས་ལ།། ཁྱི་ཕག་བྱ་སྦྲུལ་ཁྲ་སྤྲེ་སོད། ། ནམ་མཁའི་དབྱིངས་སུ་སྤོ་ལ་ཞོག། དགྲ་ལྔ་བྱུང་ན་དབང་ཡོད་སྐྱེལ་མས་ཐུལ།། ལམ་ནི་འོད་ལྔའི་གསང་ལམ་ཞུགས།། གནས་ཁང་མུ་མཐལ་གྲོལ་བར་སོང།། སྡོད་ན་གཏིང་མཐའ་ཡས་པར་སྡོད།། ཉལ་ན་ཁ་གཏིང་མེད་པའི་ཀློང་དུ་ཉོལ། ། ཅེས་གསུངས་སོ།། ནམ་མཁའ་ཉི་ཟླའི་རྒྱལ་པོ་མུ་མེད་མཐའ་ཡས་ཀྱི་རྒྱུད་ལས།། གསང་སྔགས་བརྡས་བསྟན་པའི་ལེའུ་སྟེ་བཅུ་གཉིས་པའོ།།།། དེ་ནས་ཀུན་བྱེད་རང་གྲོལ་གྱིས། ། མིང་མེད་སྤྱི་ཕུད་སྟོན་པ་ལ།། མིང་མེད་མཐའ་ཡས་རྟོགས་པ་ལ།། དཀྱིལ་འཁོར་ལྷ་བསྐྱེད་མཆོད་བསྟོད་དགོས་མི་དགོས། ཞེས་ཞུས་པ་དང།། སྟོན་པས་འཁོར་ལ་བཀའ་སྩལ་པ།། མིང་མེད་མཐའ་ཡས་རྟོགས་པ་ན། ། དཀྱིལ་འཁོར་ལྷ་མཆོད་བསྟོད་མི་དགོས། དཀྱིལ་ནི་གཏིང་མཐའ་ཡས་པའི་དཀྱིལ།། འཁོར་ནི་མུ་མཐའ་གྲོལ་བའི་འཁོར།། དཀྱིལ་འཁོར་མིང་མེད་མཐའ་སྟོངས་ཡིན།། ལྷ་ནི་སྙིང་པཽ་རང་བྱུང་ཡེ་ཤེས་ཆོས་ཀྱི་སྐུ། ། ཀ་ནས་དག་པས་བསྐྱེད་མི་དགོས།། དངོས་མེད་ཡིན་པས་མཆོད་མི་དགོས།། རང་གསལ་འོད་དུ་འབར་བས་བསོད་མི་དགོས།། རང་གི་ལྷར་ནི་རང་མཆོད་པས།། དངོས་གྲུབ་སྐྱེ་མེད་ཀ་དག་རྟོགས། ། སྟོན་པས་རྒྱལ་པོ་མིང་མེད་མཐའ་བྲལ་རྟོགས།། ལྷ་ཡིརྒྱལ་པོ་ཀ་དག་མུ་མཐའ་གྲོལ།། དཀྱིལ་འཁོར་རྒྱལ་པོ་ཕྱོགས་བྲལ་མཐའ་རྣམས་གྲོལ།། དབང་གི་རྒྱལ་པོ་ཀ་དག་སྐྱེ་མེད་ཐོབ།། དངོས་གྲུབ་རྒྱལ་པོ་མིང་མེད་མཐའ་སྟོངས་འགྲུབ། ། སྨོན་ལམ་རྒྱལ་པོ་སྙིང་པོ་ཆོས་སྐུ་ཐོབ།། སྡིག་བཤགས་རྒྱལ་པོར་བག་ཆགས་ཀ་ནས་དག།། ཚོགས་སོག་རྒྱལ་པོར་ཆགས་མེད་མཐའ་རྣམས་སྟོངས།། འགྱོད་ཚངས་རྒྱལ་པོར་རང་སེམས་སྐྱེ་མེད་རྟོགས། ། ཞེས་གསུངས་སོ།། ནམ་མཁའ་ཉི་ཟླའི་རྒྱལ་པོ་མུ་མེད་མཐའ་ཡས་ཀྱི་རྒྱུད་ལས།། དཀྱིལ་འཁོར་ལྷ་བསྐྱེད་མཆོད་བསྟོད་མི་དགོས་པར་བསྟན་པའི་ལེའུ་སྟེ་བཅུ་གསུམ་པའོ།།།། དེ་ནས་ཀུན་བྱེད་རང་གྲོལ་གྱིས། ། མིང་མེད་སྤྱི་ཕུད་སྟོན་པ་ལ།། དངོས་པོའི་གནས་ལུགས་རྟོགས་པ་ན།། སྡིག་གནས་བཤགས་སྨོན་ལམ་དགོས་མི་དགོས།། ཞེས་ཞུས་པ་དང།། སྟོན་པས་འཁོར་ལ་བཀའ་སྩལ་པ། ། དངོས་པོའི་གནས་ལུགས་རྟོགས་པ་ན།། སྡིག་བཤགས་ཚོགས་སོག་སྨོན་ལམ་མི་དགོས་སོ།། རང་སྐྱོན་ཀ་ནས་དག་པས་སྡིག་སྒྲིབ་བཤགས་སུ་མེད།། མི་དགེ་སྡིག་མ་སྤྱད་པས་བཤགས་རྒྱུ་མེད། ། ཚོགས་གཉིས་ཡོངས་སུ་རྫོགས་པས་བསག་ཏུ་མེད།། གཞན་ལ་མི་སྨོན་རང་ལ་རྙེད་པས་སྨོན་ལམ་མེད།། སྨོན་པའི་སངས་རྒྱས་རང་ལས་རྙེད།། དེས་ན་སྨོན་ལམ་ཞེས་སུ་བཤད།། ཅེས་གསུངས་སོ།། ནམ་མཁའ་ཉི་ཟླའི་རྒྱལ་པོ་མུ་མེད་མཐའ་ཡས་ཀྱི་རྒྱུད་ལས། ། སྡིག་བཤགས་ཚོགས་སོག་སྨོན་ལམ་མི་དགོས་པར་བསྟན་པའི་ལེའུ་སྟེ་བཅུ་བཞི་པའོ།།།། དེ་ནས་ཀུན་བྱེད་རང་གྲོལ་གྱིས།། མིང་མེད་སྤྱི་ཕུད་སྟོན་པ་ལ། ། མུ་མཐའ་ཡས་པའི་དོན་རྟོགས་ན།། དབང་བསྐུར་དངོས་གྲུབ་གཏོར་མ་ཚ་ཆུ་དགོས་མི་དགོས།། ཞེས་སྟོན་པ་ལ་ཞུས་པ་དང།། སྟོན་པས་འཁོར་ལ་བཀའ་སྩལ་པ།། མུ་མཐའ་ཡས་པའི་དོན་རྟོགས་ན། ། དབང་བསྐུར་དངོས་གྲུབ་གཏོར་མ་ཚ་ཆུ་མེད།། དབང་བསྐུར་གཏོར་མ་ཚ་ཆུ་བྱེད་པ་ཐེག་པ་འོག་མ་ཡིན།། ང་ཡི་ཡང་ཏི་མུ་མཐའ་ཡས་པའི་དོན་རྟོགས་ན།། རང་དབང་རང་གིས་ཐོབ་པས་དབང་བསྐུར་ཞུ་ས་མེད། ། མིང་པོ་མིང་མེད་མཐའ་བྲལ་དབང་ཐོབ་པས།། དབང་བསྐུར་བྱ་བའི་ཡུལ་དང་བྲལ།། སྐྱེ་མེད་ཀ་དག་ཆོས་སྐུའི་དབང་ཐོབ་པས།། རྫས་དང་བུམ་པས་བསྐུར་བྱ་སྐུར་བྱེད་མེད།། མིང་མེད་མཐའ་སྟོངས་མུ་མེད་མཐའ་ཡས་པས། ། དབང་བསྐུར་རྒྱལ་པོའི་མཆོག་ཏུ་དེ་བཤད་དོ།། ཞེས་གསུངས་སོ།། མིང་མེད་མཐའ་སྟོངས་མུ་མཐའ་གྲོལ་བས་གཏོར་མ་གཏང་ས་མེད།། སྙིང་པོ་ཆོས་སྐུ་ཀ་དག་ལྷ་ཚོགས་ལ།། རྩལ་ཟེར་རོལ་པའི་མ་མོ་མཁའ་འགྲོས་བསྐོར། ། རང་བྱུང་ངང་དངས་ཆོས་སྐྱོང་བསྲུང་མ་ལ།། ཤ་ཁྲག་ཟན་འགྲུལ་གཏོར་མ་མ་གཏོང་སྟེ།། སྣང་སྲིད་མ་འདྲེས་ངང་གྲོལ་གཏོར་མ་གཏོང།། དེ་ལ་གཏོར་མ་སྣོད་དང་རྫས་དང་བྱིན་བརླབས་འབུལ་བ་ནི། ། སྣོད་ནི་སྣོད་ཀྱི་འཇིགས་རྟེན་ཁམས་རྣམས་ཐམས་ཅད་ཡིན།། རྫས་ནི་སྐྱེ་འགྲོ་ནོར་རྫས་དངོས་པོ་ཆོས་རྣམས་ཡིན།། དེ་ལ་གཏོར་མའི་བྱིན་བརླབས་ནི།། མིང་མེད་མཐའ་བྲལ་མུ་མཐའ་ཡས་པ་ན། ། རིག་སྐྱེས་འགག་མེད་སྣང་སྲིད་ཆོས་རྣམས་ཀུན།། རིག་མེད་རྩལ་ཟེར་དངོས་པོ་བཏགས་སྣང་ཆོས།། མུ་མཐའ་ཡས་ཤིང་གཏིང་མཐའ་གྲོལ།། སྙིང་པོ་རྩལ་ཟེར་གཉིས་མེད་བྱིན་གྱིས་བརླབས།། མིང་མེད་ཕྱོགས་བྲལ་མཐའ་རྣམས་གྲོལ་བར་བསྔོ། ། སྐྱེ་མེད་མུ་མཐའ་གྲོལ་བར་བཞེས་སུ་གསོལ།། བརྗོད་མེད་བློ་འདས་ཆེན་པོར་བྱིན་གྱིས་རློབས།། བྱིན་གྱིས་རློབ་མཁན་མེད་དེ་རང་སེམས་ཀ་ནས་དག། ཅེས་གསུངས་སོ། ། མིང་མེདམཐའ་སྟོངས་དོན་རྟོགས་ན།། ཚ་ཚྭ་ཆུ་གཏོར་གཏང་མི་དགོས།། མཆོད་ནི་གཉིས་སུ་མེད་པར་མཆོད།། རང་ནི་རང་བྱུང་ཡེ་ཤེས་རྟེན།། ཚ་ཚྭ་རང་གིས་སེམས་ལ་ཐོབ།། ཚ་ནི་སྐྱེ་མེད་སྙིང་པོ་སྟེ། ། ཚ་ནི་ཀ་དག་འོད་གསལ་ལོ།། བཏབ་མི་གཉིས་སུ་མེད་པར་བཏབ།། མིང་མེད་མཐའ་བྲལ་ཚ་ཚ་ཡིན།། བློ་འདས་ཚ་ཚྭ་ཁྱད་པར་འཕགས།། ཞེས་གསུངས་སོ།། སེམས་ཀྱི་ཆུ་གཏོར་འདི་ལྟ་སྟེ། ཆུ་ནི་སྣང་བའི་ཆོས་ཀྱི་དཔེ།། སྣང་བ་རང་བཞིན་མེད་པའི་དཔེ།། གཏོར་ནི་རྟོགས་པའི་བྱིན་བརླབས་ཏེ།། སྣང་སྲིད་འཁོར་འདས་མུ་མཐའ་གྲོལ་བར་གཏོར།། ཆུ་ནི་སེམས་ཀྱི་མཚན་ཉིད་དེ།། མི་སྣང་རང་བཞིན་ཡོད་པའོ། ། ཆུ་ལ་ཆུ་བུར་ཐིམ་ཞིང་ཉོན་མོངས་རང་གྲོལ་དངས།། སྣང་སྲིད་བཏགས་ཆགས་ཆོས་རྣམས་མ་ལུས་ཀུན།། གཏོར་ནི་དགག་བསྒྲུབ་སྤོང་ལེན་མེད་པར་གཏོར།། ཆུ་ནི་ངོས་བཟུང་མེད་པ་སྟེ།། གཏོར་ནི་རང་སངས་རང་གྲོལ་ཆེན་པོར་གཏོར། ། ཅེས་གསུངས་སོ།། སྐྱེ་མེད་ཀ་དག་གཏོར་མ་ཚ་ཆུ་ཡིན།། སེམས་ཉིད་ཚ་ཚྭ་ཆུ་གཏོར་ཁྱད་པར་འཕགས།། ཞེས་གསུངས་སོ།། ནམ་མཁའ་ཉི་ཟླའི་རྒྱལ་པོ་མུ་མེད་མཐའ་ཡས་ཀྱི་རྒྱུད་ལས། ། གཏོར་མ་ཚ་ཚྭ་ཆུ་གཏོར་མི་དགོས་པར་བསྟན་པའི་ལེའུ་སྟེ་བཅོ་ལྔ་པའོ།།།། དེ་ནས་ཀུན་བྱེད་རང་གྲོལ་གྱིས།། མིང་མེད་སྤྱི་ཕུད་སྟོན་པ་ལ།། ལྟ་སྒོམ་སྤྱོད་པ་མི་དགོས་པར།། མིང་མེད་མཐའ་ཡས་རྟོགས་ལགས་སམ། ། ཞེས་ཞུས་པ་དང།། སྟོན་པས་འཁོར་ལ་བཀའ་སྩལ་པ།། ལྟ་སྒོམ་སྤྱོད་འབྲས་རྩོལ་བསྒྲུབ་ཡིན།། རྩོལ་བསྒྲུབ་ཆོས་ཀྱིས་སངས་མི་རྒྱ།། དེ་བས་མིང་མེད་རྟོགས་འདོད་ན།། ཆེ་ཡང། ། ཤེས་སམ།། དག་གམ།། མེད་དམ།། སྟོངས་སམ།། ཡངས་སམ།། གྲོལ་ལམ།། འདས་ལགས་སམ།། བསྐྱོལ་ལམ།། མ་བལྟས་མུ་མཐའ་གྲོལ་བས་ལྟ་བ་ཡིན།། མ་བསྒོམས་གཏིང་མཐའ་ཡས་པས་སྒོམ་པ་ཡིན། ། མ་སྤྱད་མཐའ་རྣམས་མཆོད་པས་སྤྱོད་པ་ཡིན།། མ་བསྒྲུབས་རང་ལས་རྙེད་པས་འབྲས་བུ་ཡིན།། དེ་ཕྱིར་ལྟ་སྒོམ་མེད་པའི་ལྟ་སྒོམ་མཆོག། གཏད་མེད་གཞུང་མེད་ཕྱོགས་མེད་ཚིག་ལས་འདས།། བློས་བཏགས་ཞེས་འདོད་བལྟ་བྱ་ལྟ་བྱེད་མེད། ། བསམ་མེད་དམིགས་མེད་རྟོག་མེད་འགྱུ་མེད་ལས།། ཡིད་གཟུང་བྱིང་རྨུགས་བསྒོམ་པ་མེད།། བྱར་མེད་བཅོལ་མེད་ཆགས་མེད་ཞེན་མེད་ལས།། ཆེད་བྱས་ཐོ་ཅོ་བྱ་རྩོལ་སྤྱོད་པ་མེད། ། རེ་མེད་རང་གནས་སྐུ་གསུམ་ལྷུན་གྲུབ་པས།། རེ་དོགས་རྩོལ་བསྒྲུབ་ཞེ་འདོད་སངས་རྒྱས་མེད།། ལྟ་སྒོམ་མེད་པའི་ལྟ་སྒོམ་ཆེན་པོ་ཡིན།། ཞེ་འདོད་དམིགས་བཅུག་རྩོལ་བས་མི་རྟོགས་སོ། ། ཞེས་གསུངས་སོ།། ཉི་ཟླ་ནམ་མཁའི་རྒྱལ་པོ་མུ་མེད་མཐའ་ཡས་ཀྱི་རྒྱུད་ལས།། ལྟ་སྒོམ་སྤྱོད་འབྲས་མེད་པར་མིང་མེད་མཐའ་ཡས་རྟོགས་པར་བསྟན་པའི་ལེའུ་སྟེ་བཅུ་དྲུག་པའོ།།།། དེ་ནས་ཀུན་བྱེད་རང་གྲོལ་གྱིས། ། མིང་མེད་སྤྱི་ཕུད་སྟོན་པ་ལ།། མུ་མེད་མཐའ་ཡས་དོན་རྟོགས་ན།། གོལ་ས་འཁྲུལ་པ་ཡོད་དམ་མེད།། ཅེས་སྟོན་པ་ལ་ཞུས་པ་དང།། སྟོན་པས་འཁོར་ལ་བཀའ་སྩལ་པ།། མུ་མཐའ་ཡས་པའི་དོན་རྟོགས་ན། ། གོལ་སྒྲིབ་འཁྲུལ་པ་གང་ཡང་མེད།། ཅེས་གསུངས་སོ།། དེ་ནས་འཁོར་གྱིས་སྟོན་པ་ལ།། རྟོགས་ན་གོལ་སྒྲིབ་འཁྲུལ་མེད་ཀྱང།། དེ་ལྟར་མ་རྟོགས་སེམས་ཅན་ལ།། གོལ་སྒྲིབ་འཁྲུལ་པ་ཡོད་དམ་མེད། ། ཅེས་སྟོན་པ་ལ་ཞུས་པ་དང།། སྟོན་པས་འཁོར་ལ་བཀའ་སྩལ་པ།། མིང་མེད་རྟོགས་ན་གོལ་སྒྲིབ་མེད་མོད་ཀྱང།། དེ་ལྟར་མ་རྟོགས་སེམས་ཅན་ལ།། གོལ་སྒྲིབ་འཁྲུལ་པ་གསུམ་དུ་བཤད། ། སྐྱེ་མེད་མིང་མེད་མ་རྟོགས་གོལ་ས་ཡིན།། ཡེ་དག་ཀ་དག་མ་རྟོགས་སྒྲིབ་པ་ཡིན།། འགྲོ་དྲུག་འཁྱམས་པས་འཁྲུལ་པ་ཡིན།། བསྡུས་ན་དེ་ལས་མེད་མོད་ཀྱང།། དབྱེ་ན་བསམ་ལས་འདས་པར་གསུངས། ། གཞན་དུ་རྒྱས་པར་གསུངས་པའི་ཕྱིར།། འདི་རུ་བྱེ་བྲག་མ་བཤད་དོ།། ཞེས་གསུངས་སོ།། ནམ་མཁའི་རྒྱལ་པོ་མུ་མེད་མཐའ་ཡས་ཀྱི་རྒྱུད་ལས།། རྟོགས་ནས་གོལ་སྒྲིབ་མེད་ཀྱང།། མ་རྟོགས་པ་ལ་གོལ་སྒྲིབ་འཁྲུལ་གསུམ་བསྟན་པའི་ལེའུ་སྟེ་བཅུ་བདུན་པའོ། །།། དེ་ནས་ཀུན་བྱེད་རང་གྲོལ་གྱིས།། མིང་མེད་སྤྱི་ཕུད་སྟོན་པ་ལ།། མིང་མེད་ལ་ཟླ་ཇི་ལྟར་འཕགས།། ཞེས་ཞུས་པ་དང།། སྟོན་པས་འཁོར་ལ་བཀའ་སྩལ་པ། ། རྟོགས་ན་གོལ་སྒྲིབ་མེད་མོད་ཀྱང།། དེ་མ་རྟོགས་ཀྱི་གང་ཟག་ལ།། གོལ་སྒྲིབ་གཉིས་སྟོང་ལྔ་བརྒྱ་ཡང།། ཚིག་འོག་གཅིག་ཏུ་བརྡར་ཤ་ཆོད།། སྐྱེ་མེད་མ་རྟོགས་གོལ་བ་ཡིན།། སྙིང་པོ་མིང་མེད་རྟོགས་པས་གོལ་དུ་མེད། ། ཡེ་དག་མ་རྟོགས་སྒྲིབ་པ་ཡང།། སྐྱེ་མེད་ཀ་དག་རྟོགས་པས་སྒྲིབ་ཏུ་མེད།། འགྲོ་དྲུག་སྐྱེས་འཁྲུལ་པ་ཡང།། མི་སྐྱེ་སྐྱེ་བ་མི་ལེན་འཁྲུལ་དུ་མེད།། མདོར་བསྡུས་གསུམ་དུ་ཤེས་པར་བྱ། ། ལྟ་བ་གོལ་སྒྲིབ་འཁྲུལ་དང་གསུམ།། དམ་ཚིག་གོལ་སྒྲིབ་འཁྲུལ་དང་གསུམ།། འཕྲིན་ལས་གོལ་སྒྲིབ་འཁྲུལ་དང་གསུམ།། ས་ཡི་གོལ་སྒྲིབ་འཁྲུལ་དང་གསུམ།། ཕྲ་བའི་གོལ་སྒྲིབ་འཁྲུལ་དང་གསུམ།། ཡེ་ཤེས་གོལ་སྒྲིབ་འཁྲུལ་དང་གསུམ། ། རྒྱུད་ཀྱི་གོལ་སྒྲིབ་འཁྲུལ་དང་གསུམ།། ལུང་གི་གོལ་སྒྲིབ་འཁྲུལ་དང་གསུམ།། མན་ངག་གོལ་སྒྲིབ་འཁྲུལ་དང་གསུམ།། ལམ་གྱི་གོལ་སྒྲིབ་འཁྲུལ་དང་གསུམ།། ཐེག་པ་རེ་ལ་བཅུ་ཚན་བཅུ། ། དེ་ལས་ཕྱེ་བས་ཉིས་སྟོང་ལྔ་བརྒྱ་ཡོད།། ཅེས་གསུངས་སོ།། གོལ་སྒྲིབ་ཅེས་པའི་ངེས་ཚིག་ཀྱང།། གོང་མ་གོང་མའི་ཐེག་པ་ཡིས།། འོག་མའི་ཐེག་པར་ཞུགས་ན་གོལ།། དེས་ན་ཡས་གོལ་ཞེས་སུ་བཤད། ། འོག་མ་འོག་མའི་ཐེག་པ་ཡིས།། གོང་མའི་ཐེག་པ་སྒྲིབ་པ་ཡིན།། དེས་ན་མས་སྒྲིབ་ཅེས་སུ་བཤད།། དཔེར་ན་ཤ་མོའི་གྲོད་རྫེམས་བཞིན།། དབྱེ་ན་བསམ་ལས་འདས་པ་སྟེ།། བསྡུ་ན་གྲོད་པར་འུབ་ཀྱིས་འདུས། ། དེ་བཞིན་གོལ་སྒྲིབ་ཉིས་སྟོང་ཀྱང།། ཚིག་གཅིག་འོག་ཏུ་གདར་ཤ་ཆོད།། མིང་མེད་བློ་འདས་ཆེན་པོར་རྟོག། ལྟ་བའི་གོལ་སྒྲིབ་འཁྲུལ་པ་ཡང།། མུ་མཐའ་གྲོལ་བར་ལ་འདའ་འོ།། དམ་ཚིག་གོལ་སྒྲིབ་འཁྲུལ་པ་ཡང། ། ཉམས་སྐྱོན་ཀ་དག་ལ་འདའ་བོ།། འཕྲིན་ལས་གོལ་སྒྲིབ་འཁྲུལ་པ་ཡང།། རྩོལ་བསྒྲུབ་མེད་པར་ལ་འདའ་བོ།། ལམ་གྱི་གོལ་སྒྲིབ་འཁྲུལ་པ་ཡང།། བསྒྲོད་དུ་མེད་པར་ལ་འདའ་བོ། ། ས་ཡི་གོལ་སྒྲིབ་འཁྲུལ་པ་ཡང།། སྦྱང་དུ་མེད་པར་ལ་འདའ་བོ།། ཕྲ་བའི་གོལ་སྒྲིབ་འཁྲུལ་པ་ཡང། རང་བཞིན་མེད་པར་ལ་འདའ་བོ།། ཡེ་ཤེས་གོལ་སྒྲིབ་འཁྲུལ་པ་ཡང།། གསལ་འགྲིབ་མེད་པར་ལ་འདའ་བོ། ། རྒྱུད་ཀྱི་གོལ་སྒྲིབ་འཁྲུལ་པ་ཡང།། སེམས་ཆོས་རྒྱུད་འདྲེས་ངང་དུ་ལ་འདའ་བོ།། ལུང་གི་གོལ་སྒྲིབ་འཁྲུལ་པ་ཡང།། མ་ནོར་ཡང་དག་ངེས་པར་ལ་འདའ་བོ།། མན་ངག་གོལ་སྒྲིབ་འཁྲུལ་པ་ཡང།། གཏིང་མཐའ་ཡས་ལ་མུ་མཐའ་གྲོལ་བར་ལ་འདའ་བོ། གོལ་སྒྲིབ་ཉིས་སྟོང་ལྔ་བརྒྱ་བོ།། སྐྱེ་མེད་ཀ་དག་མིང་མེད་མཐའ་སྟོངས་ཆེན་པོར་ལ་འདའ་བོ།། ཞེས་གསུངས་སོ།། ནམ་མཁའ་ཉི་ཟླའི་རྒྱལ་པོ་མུ་མེད་མཐའ་ཡས་ཀྱི་རྒྱུད་ལས། ། གོལ་སྒྲིབ་འཁྲུལ་བ་ལ་འདའ་བའི་ལེའུ་སྟེ་བཅོ་བརྒྱད་པའོ།།།། དེ་ནས་ཀུན་བྱེད་རང་གྲོལ་གྱིས།། མིང་མེད་སྤྱི་ཕུད་སྟོན་པ་ལ།། ཅི་ཡང་མ་བྱས་པར་གྲོལ་བ་ཐོབ་ལགས་སམ།། ཞེས་སྟོན་པ་ལ་ཞུས་པ་དང། ། སྟོན་པས་འཁོར་ལ་བཀའ་སྩལ་པ།། བྱ་བྱེད་རྩོལ་བས་འཁོར་བར་འཁྱམ།། ཅི་ཡང་མ་བྱས་གྲོལ་བ་ཐོབ།། ཅི་ཡང་མ་སྤྱད་རང་སར་གྲོལ།། ཅི་ལའང་མ་ཆགས་ཡིད་མི་འཇུག། གང་ལའང་མ་ཞེན་འཛིན་ཆགས་གྲོལ། ། སྣང་སྲིད་ཡུལ་ལ་དགག་བསྒྲུབ་མེད།། ཇི་ལྟར་རིག་ཀྱང་འདོད་པ་རྩིས་གདབ་མེད།། ཀྱེ་སྐལ་ལྡན་གྲོལ་བར་འདོད་པ་རྣམས། ཅི་ཡང་མ་བྱེད་དལ་བར་སྡོད།། རྩོལ་བསྒྲུབ་མ་བྱེད་ལྷུག་པར་ཞོག། བྱ་བ་མ་མང་ཀློང་དུ་ཉོལ།། ལྟ་བ་སྒོམ་པ་སྤྱོད་པ་མེད།། ཕྱལ་རྩེར་ཐོང་ལ་བདེ་བར་ཞོག། གཏད་མེད་དམིགས་མེད་བྱར་མེད་སྒྲུབ་ཏུ་མེད།། གང་དང་ཅི་ལའང་མི་སེམས་གང་ལ་ཡིད་མི་འཇུག། སྣང་སྲིད་འཁོར་འདས་ཡོད་མེད་རྟག་ཆད་ཀུན། ། མ་བརྟགས་རང་སྣང་རང་སོར་བཞག་པས་གྲོལ།། ཆོས་སྤྱོད་མི་བྱེད་དལ་བའི་ངང་ལ་སྡོད།། དགེ་བཅུ་མི་སྤྱོད་མུ་མཐའ་གྲོལ་བར་འཇོག། བྱས་ཚད་བསྒྲུབས་ཚད་འཁོར་བར་འཁྱམ། ། ཅི་ཡང་མ་བྱས་མ་བལྟས་མ་བསྒོམས་གྲོལ་བ་ཐོབ།། ཅེས་གསུངས་སོ།། ནམ་མཁའ་ཉི་ཟླའི་རྒྱལ་པོ་མུ་མེད་མཐའ་ཡས་ཀྱི་རྒྱུད་ལས།། ཅི་ལ་མ་སྤྱད་པར་གྲོལ་བ་ཐོབ་པར་བསྟན་པའི་ལེའུ་སྟེ་བཅུ་དགུ་པའོ། །།། དེ་ནས་ཀུན་བྱེད་རང་གྲོལ་གྱིས། མིང་མེད་མཐའ་སྟོངས་སྟོན་པ་ལ།། ཡང་ཏི་ཉི་ཟླའི་སྙིང་པོ་རུ།། བརྒྱད་ཁྲི་བཞི་སྟོང་ཇི་ལྟར་རྫོགས།། ཞེས་ཞུས་པ་དང།། སྟོན་པས་འཁོར་ལ་བཀའ་སྩལ་པ། ། རྫོགས་ཆེན་གཉའ་གཅོག་ཡང་ཏི་ཡོ་ག་རུ།། ཐེག་པ་བརྒྱད་ཁྲི་བཞི་སྟོང་དེ་ལ་རྫོགས།། ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་དེ་ལ་རྫོགས།། ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་རྫོགས།། ཐོད་རྒལ་ཡང་ཏི་ཡོ་ག་རུ། ། བདག་མེད་ཉན་ཐོས་ཐེག་པ་རྫོགས།། རྟེན་འབྲེལ་རང་རྒྱལ་ཐེག་པ་རྫོགས།། བདེན་གཉིས་བྱང་སེམས་ཐེག་པ་རྫོགས།། དག་གསུམ་ཀྲི་ཡའི་ཐེག་པ་རྫོགས།། རྩེ་གཉིས་ཨུ་པའི་ཐེག་པ་རྫོགས། སྐྱེ་འགག་ཡོ་གའི་ཐེགས་པ་རྫོགས། ། སྣང་སྟོང་མ་ཧཱའི་ཐེག་པ་རྫོགས།། དབྱིངས་དང་ཡེ་ཤེས་གཉིས་མེད་ཨ་ནུ་རྫོགས།། ཐམས་ཅད་ཆོས་སྐུ་ཨ་ཏིའི་ལྟ་བ་རྫོགས།། སྐྱེ་མེད་ཀ་དག་སྤྱི་ཏིའི་ལྟ་བ་རྫོགས།། མུ་མེད་མཐའ་བྲལ་ཡང་ཏི་ཡོ་ག་རུ། ། བརྒྱད་ཁྲི་བཞི་སྟོང་མ་འདྲེས་ཡོངས་སུ་རྫོགས།། དཔེར་ན་འབྱུང་བ་ནམ་མཁར་འབྱུང་བ་བཞི་ཡང་རྫོགས།། རྒྱ་མཚོ་ཆེན་པོར་ཆུ་བྲན་སྣ་ཚོགས་རྫོགས།། མཆོག་རབ་རི་ལ་རི་བྲན་མ་ལུས་རྫོགས། ། ཟ་འོག་སྣམ་བུར་དར་སྣ་སྣ་ཚོགས་རྫོགས།། དེ་བཞིན་སྣང་སྲིད་འཁོར་འདས་རྟག་ཆད་རྫོགས།། འཁོར་བ་མྱང་འདས་སྐུ་དང་ཡེ་ཤེས་རྫོགས། སྐུ་གསུམ་དུག་ལྔ་ཡེ་ཤེས་རྣམ་ལྔ་རྫོགས།། བཏགས་ཆགས་ཆོས་རྣམས་མ་ལུས་རིམས་ཀྱིས་རྫོགས། ། ཞེས་གསུངས་སོ།། ནམ་མཁའ་ཉི་ཟླ་རྒྱལ་པོ་མུ་མེད་མཐའ་ཡས་ཀྱི་རྒྱུད་ལས།། རྫོགས་ལུགས་བསྟན་པའི་ལེའུ་སྟེ་ཉི་ཤུ་པའོ།།།། དེ་ནས་ཀུན་བྱེད་རང་གྲོལ་གྱིས། ། མིང་མེད་སྤྱི་ཕུད་སྟོན་པ་ལ།། ཨ་ཏི་མན་ཆོད་ཐེག་པ་ལས།། ཡང་ཏི་ཡོ་ག་གང་གིས་འཕགས།། ཞེས་ཞུས་པ་དང།། སྟོན་པས་འཁོར་ལ་བཀའ་སྩལ་པ།། ཡང་ཏི་ཉི་ཟླའི་སྙིང་པོ་ཡིས།། དངོས་པོ་རྣམ་པ་སྣ་ཚོགས་སྣང་བའི་ཡུལ་རྣམས་ལ། ། དགག་བསྒྲུབ་སྤོང་ལེན་རྡུལ་མ་གྲུབ།། ཉན་ཐོས་བདག་མེད་འདོད་ལས་འཕགས།། སྟོང་པ་མི་བསྒྲུབ་རྟེན་འབྲེལ་མི་རྩི་བས།། རྟེན་འབྲེལ་རང་རྒྱལ་ལྟ་ལས་འཕགས། ། གཟུང་ཞེན་བདེན་གཉིས་མི་སྦྱོང་སྒྱུ་མར་མི་འདོད་པས།། དབུ་མ་སེམས་ཙམ་དག་ལས་ཁྱད་པར་འཕགས།། རིགས་གསུམ་སྐྱེ་འགག་ཅན་དུ་མི་འདོད་པས།། ཀྲི་ཡོག་རྣམ་གསུམ་དག་ལས་ཁྱད་པར་འཕགས། ། སྣང་བ་མི་བསྒྱུར་སྣང་སྟོང་གཉིས་མེད་པས།། མ་ཧཱ་ལྟར་འདོད་དག་ལ་འཕགས།། རྒྱུ་འབྲས་དབྱེ་མེད་དབྱིངས་དང་ཡེ་ཤེས་མི་འདོད་པས།། ཨ་ནུ་དག་ལས་ཁྱད་པར་འཕགས།། ཁ་འབྱམས་ཡེ་སངས་རྒྱས་ལ་མི་ལྟོས་པར། ། རྫོགས་ཆེན་ཨ་ཏི་རིག་པ་འགྱུར་བ་ལ།། རང་བྱུང་ཡེ་ཤེས་ཡིན་ཟེར་སྣང་བ་ཆོས་སྐུར་འདོད།། རིག་པ་འགྱུར་ཞིང་སྣང་བ་མི་རྟག་པས།། ཡེ་ཤེས་འགྱུར་ལྡོག་སྣང་བ་སྐྱེ་འཇིག་ཅན།། དེ་ལས་སྤྱི་ཏི་ཡོ་ག་འཕགས། ། ཁྱད་པར་གང་གིས་འཕགས་ཤེ་ན།། སྐྱེ་མེད་ཀ་དག་བྱར་མེད་བློ་འདས་སོ།། ཀ་དག་མ་དག་གཉིས་མེད་པས།། ཡང་ཏི་མུ་མེད་མཐའ་བྲལ་གྱིས།། སྤྱི་ཏི་དག་ལས་ཁྱད་པར་འཕགས། ། ཁྱད་པར་གང་གིས་དཔགས་ཤེ་ན།། གཏིང་མཐའ་ཡས་ལ་མུ་མཐའ་གྲོལ་བས་འཕགས།། ཨ་ཏི་མན་ཆོད་ལྟ་བ་ནི།། ལྟ་བ་བློས་བཏགས་བསྒོམ་པ་ཡིད་སྨོན་བྱེད།། སྤྱོད་པ་ཐོ་ཅོ་དམ་ཚིག་མཆེད་གྲོགས་བསླུ། ། འཕྲིན་ལས་རྩོལ་བསྒྲུབ་འབྲས་བུས་རེ་དོགས་སོ།། ཐེག་པ་དགུ་ལས་ཡང་ཏི་ཁྱད་པར་འཕགས།། དེ་ལས་ཁྱད་པར་གང་གིས་འཕགས་ཤེ་ན།། དོན་ལ་ལྟ་སྒོམ་སྤྱོད་མེད་ཀྱང།། རེ་ཞིག་ཁྱད་པར་འདོན་ཕྱིར་འཕགས། ། གཏད་མེད་མུ་མཐའ་གྲོལ་བ་འདི།། ཐིག་ལེ་མཐའ་བྲལ་ལྟ་བའི་རྒྱལ་པོ་ཡིན།། བློ་བཏགས་ཞེ་འདོད་ཕྱོགས་རིས་ལྟ་ལས་འཕགས།། ཡང་ཏི་མན་ཆོད་ལྟ་བ་ཕྱགས་མས་བསྟབ།། ལྟ་བ་ཞེ་འདོད་མཁན་ལ་སྙིང་རེ་ཆིམ། ། མིང་མེད་མཐའ་ཡས་གཏིང་མཐའ་ཟད་པ་འདི།། ཐིག་ལེ་ཀ་དག་བསྒོམ་པའི་རྒྱལ་པོ་ཡིན།། ཡིད་བཟུང་བསམ་བསྒོམ་བྱིང་རྨུགས་མཁན་ལས་འཕགས།། བསྒོམ་བྱ་སྒོམ་བྱེད་ཕྱགས་མས་བསྟབ། བྱར་མེད་སོ་མ་རང་ཀ་ལྷུག་པ་འདི།། ཐིག་ལེ་ཟང་ཐལ་སྤྱོད་པའི་རྒྱལ་པོ་ཡིན།། བྱ་རྩལ་རྩོལ་བསྒྲུབ་ཅན་ལས་ཁྱད་པར་འཕགས།། ཆགས་ཞེན་ཐེ་ཙོམ་བྱ་རྩལ་ཕྱག་མས་བཏབ།། རེ་མེད་ཡིན་ཀློང་གྱུར་འདི་ཀ་ལྟར་སངས་རྒྱས། ། ཐིག་ལེ་གཏིང་རྫོགས་འབྲས་བུའི་རྒྱལ་པོ་ཡིན།། རེ་དོགས་རྩོལ་བསྒྲུབ་མཁན་ལས་ཁྱད་པར་འཕགས།། རེ་དོགས་སངས་རྒྱས་གཞན་ནས་ཐོབ་འདོད་ཕྱགས་མས་བཏབ།། ལྟ་སྒོམ་སྤྱོད་པའི་རྒྱལ་པོ་བཞིས། ། ཨ་ཏི་མན་ཆད་ཐེག་པ་དགུ་ལས་ཁྱད་པར་འཕགས།། ཞེས་གསུངས་སོ།། ནམ་མཁའ་ཉི་ཟླའི་རྒྱལ་པོ་མུ་མེད་མཐའ་ཡས་ཀྱི་རྒྱུད་ལས།། སྤྱི་ཏི་ཡང་ཏི་ཁྱད་པར་འཕགས་པའི་ལེའུ་སྟེ་ཉི་ཤུ་རྩ་གཅིག་པའོ། །།། དེ་ནས་ཀུན་བྱེད་རང་གྲོལ་གྱིས།། མིང་མེད་སྤྱི་ཕུད་སྟོན་པ་ལ།། ནམ་མཁའ་ཉི་ཟླའི་རྒྱལ་པོ་མུ་མེད་མཐའ་ཡས་རྒྱུད།། བདག་ཅག་འདུས་པའི་འཁོར་རྣམས་ལ།། རྒྱུད་ཀྱི་མཚན་བཤད་ཟབ་པར་གསུང་དུ་གསོལ། ། ཅེས་ཞུས་པ་དང།། ང་ཡིས་རྒྱུད་ཀྱི་དོན་རྣམས་བཤད།། འཁོར་རྣམས་མ་ཡེངས་གུས་པས་ཉོན།། དེ་ལ་རྒྱུད་འདི་གསུམ་དུ་བཤད།། ནམ་མཁའ་རྒྱལ་པོའི་རྒྱུད་དང་གཅིག། ཉི་ཟླ་རྒྱལ་པོའི་རྒྱུད་དང་གཉིས། ། བུད་མེད་མཐའ་ཡས་རྒྱུད་དང་གསུམ་མོ།། དེ་ནས་འཁོར་གྱིས་ཡང་ཞུས་པ།། ནམ་མཁའ་རྒྱལ་པོའི་རྒྱུད་ཀྱིས་ཇི་ལྟར་བཤད།། ཅེས་གསུངས་པ་དང།། སྟོན་པས་འཁོར་ལ་བཀའ་སྩལ་པ། ། ནམ་མཁའ་རྒྱལ་པོའི་རྒྱུད་ཀྱིས་ནི།། དངོས་པོའི་གནས་ལུགས་མཚོན་དཔེར་གསུངས།། མུ་མཐའ་གྲོལ་བའི་དོན་རྣམས་བསྟན།། དེ་ཡང་ཇི་ལྟར་བསྟན་ཞེ་ན།། དཔེར་ན་ནམ་མཁའི་རྒྱལ་པོ་ནི།། ཡོད་མ་མྱོང་ལ་མེད་མ་མྱོང། ། སྣང་མ་མྱོང་ལ་སྟོང་མ་མྱོང།། འདོད་མ་མྱོང་ལ་རྩོལ་མ་མྱོང།། གང་མ་མྱོང་ལ་བྲི་མ་མྱོང།། ཟད་མ་མྱོང་ལ་འཕེལ་མ་མྱོང།། བདེ་མ་མྱོང་ལ་སྡུག་མ་མྱོང།། སྐྱེ་མ་མྱོང་ལ་འགག་མ་མྱོང། ། སྣང་མ་མྱོང་ལ་ཞེན་མ་མྱོང།། དཔེར་ན་ནམ་མཁའ་དེ་ཉིད་ནི།། སྐྱེ་བ་མེད་པ་གཉིས་སུ་མེད་པ།། རང་གྲོལ་བ།། རྒྱུ་མེད་པ།། རྐྱེན་མེད་པ།། གཉེན་པོ་མེད་པ།། བྱེད་པ་པོས་མ་བྱས་པ།། སྐྱེ་འཇིག་གང་གི་ངོ་བོར་ཡང་མི་གནས་པ། ། དུས་དང་རྣམ་པ་ཐམས་ཅད་དུ་འཕོ་འགྱུར་མེད་པ།། བཟང་ངན་མེད་པ།། ཡིན་མིན་མེད་པ།། དབྱེ་བསལ་མེད་པ།། གཉིས་སུ་མེད་པ།། མཐའ་དབུས་མེད་པ།། ཕྱོགས་དང་རིས་མེད་པར་མཐའ་གྲོལ་བ། ། ང་བདག་དང་གཞན་སྣང།། གཉིས་འཛིན་ལས་གྲོལ་བ།། དཔེར་ན་ནམ་མཁའི་ཀློང་ནས་ཆར་སེར་ན་བུན་བུ་ཡུགས་དང།། ཉི་ཟླ་གཟའ་སྐར་ཐོག་གློག་སོགས།། སྤྲིན་དང་ཁུ་རླངས་ནམ་མཁའི་ཆོ་འཕྲུལ་རྣམས། ། དང་པོ་བྱུང་ཡང་ནམ་མཁའི་ཀློང་ནས་བྱུང།། དྭངས་ཀྱང་ནམ་མཁའི་ཀློང་དུ་དྭངས།། སྤྲིན་དང་ཆར་སེར་ཁ་བ་ན་བུན་ལ་སོགས་རྣམས།། རང་བྱུང་རང་ཞི་ནམ་མཁའི་ངང་དུ་དངས། ། ནམ་མཁའ་དེ་ལ་ཐན་པ་སད་སེར་མི་སྡུག་མཚན་མ་བྱུང།། སོ་སོ་སྐྱེ་བོ་ནམ་མཁའ་དག་ལ་སྨོད་ཀྱང་ནམ་མཁའ་ལ་ནི་དེ་ཡི་སྐྱོན་མ་གོས།། ཆར་ཆུ་དུས་ཕེབས་ལོ་ལེགས་བཟང་བསྟོད་ཀྱང།། དེ་ལ་སྐྱེ་བོས་བསྟོད་ཅིང་བཟང་བསྟོད་ཡོན་ཏན་མང་བརྗོད་ཀྱང། ། དགའ་བའི་སེམས་མེད་མི་དགའ་བློ་ལས་གྲོལ།། ནམ་མཁའ་དེ་ལ་བསྟོད་པས་བཟང་བར་འགྱུར་བ་མེད།། དེ་ཅིའི་ཕྱིར་ཞེ་ན།། ནམ་མཁའ་དངོས་མེད་མཐའ་བྲལ་བ། ། སྟོད་ར་སྨད་ར་གཉིས་ལས་གྲོལ།། ཡུལ་སེམས་གཟུང་འཛིན་བདག་གཞན་ཆོས་ལས་གྲོལ།། དཔེ་དེ་བཞིན་སེམས་ཉིད་ཀྱི་རང་བཞིན་ཀྱང།། དང་པོ་རྒྱུ་མེད།། བར་དུ་རྐྱེན་མེད།། ཐ་མ་གཉེན་པོས་མི་ཤིག་པ། ། སྐྱེ་བ་མེད་པ།། འགག་པ་མེད་པ།། གཉིས་སུ་མེད་པ།། རང་གྲོལ་བ།། དངོས་པོ་མེད་པ།། མཚོན་དུ་མེད་པ།། བརྗོད་པ་ལས་འདས་པ།། མིང་མེད་པ།། བློ་ལས་འདས་པ།། ཡུལ་མེད་པ།། སེམས་མེད་པ། ། བདག་མེད་པ།། གཞན་མེད་པ།། གཉིས་སུ་སྣང་ཕྱོགས་རིས་ལས་གྲོལ་བ།། མཐའ་དབུས་ལས་གྲོལ་བ།། ཁ་དོག་ལྔ་མེད་པ།། དགྲ་གཉེན་ཕྱོགས་རིས།། ཆགས་སྡང་སྤོང་ལེན།། དབྱེ་བསལ་དགག་བསྒྲུབ། ། རྩིས་གདབ་བཅས་བཅོས།། བློ་བྱེད་པ་པོ་ལས་ཡོངས་སུ་འདས་སོ།། མུ་མེད་མཐའ་སྟོང་མིང་མེད་མུ་མཐའ་གྲོལ།། ནམ་མཁའ་རྒྱལ་པོ་རྒྱུད་ཆེན་ཡིན།། ཞེས་གསུངས་སོ།། ནམ་མཁའ་ཉི་ཟླའི་རྒྱལ་པོ་མུ་མེད་མཐའ་ཡས་ཀྱི་རྒྱུད་ལས། ། ནམ་མཁའ་རྒྱལ་པོ་རྒྱུད་ཀྱི་དཔེ་དོན་བསྟན་པའི་ལེའུ་སྟེ་ཉི་ཤུ་རྩ་གཉིས་པའོ།།།། དེ་ནས་ཀུན་བྱེད་རང་གྲོལ་གྱིས།། མིང་མེད་སྤྱི་ཕུད་སྟོན་པ་ལ།། ཉི་ཟླ་རྒྱལ་པོའི་རྒྱུད་ཀྱིས་ཇི་ལྟར་བསྟན། ། ཅེས་ཞུས་པ་དང།། སྟོན་པས་འཁོར་ལ་བཀའ་སྩལ་པ།། ཉི་ཟླ་རྒྱལ་པོའི་དཔེ་ཡིས་ནི།། ཀ་དག་འོད་གསལ་སྟོན་པའི་དཔེ་རུ་བསྟན།། དཔེར་ན་ཉི་ཟླའི་སྙིང་པོ་ལ།། སྒྲིབ་གཡོགས་མ་གྲུབ་ཀ་ནས་དག། གཞན་སྐྱོན་དྲི་མ་མེད་པའོ།། སྤྲིན་དང་ན་བུན་ཅིས་བསྒྲིབས་ཀྱང།། དཔེར་ན་ཉི་ཟླའི་སྙིང་པོ་ལ།། སྤྲིན་དང་རྨུགས་པ་སྒྲིབས་གཡོགས་ཀ་ནས་དག། གཏི་མུག་མུན་པའི་སྐྱོན་གྱིས་མ་གོས་སོ། ། དེ་བཞིན་ཡེ་དག་སེམས་ཉིད་ཀྱང།། ཀ་དག་མིང་མེད་མུ་མཐའ་གྲོལ་བའི་རྒྱུ།། མ་རིག་གཏི་མུག་ཀ་ནས་དག། བག་ཆགས་སྒྲིབས་གཡོགས་ཀ་ནས་དག། ཡིད་འཁོར་འཁྲུལ་གསུམ་ཀ་ནས་དག། དུག་ལྔ་དུག་གསུམ་ཀ་ནས་དག། འབྱུང་ལྔ་རླུང་ལྔ་འོད་ལྔ་ཟེར་ལྔ་ཀ་ནས་དག། འཁྲུལ་སྒོ་འཁྲུལ་འབྲས་ཀ་ནས་དག། གཟུགས་ལྔ་མ་གྲུབ་ཀ་ནས་དག། འཁྲུལ་སྣང་འཁོར་བ་མ་གྲུབ་ཀ་ནས་དག། རྣམ་རྟོག་གཟུང་འཛིན་མ་གྲུབ་ཀ་ནས་དག་ཡུལ་སེམས་དགག་བསྒྲུབ་མ་གྲུབ་ཀ་ནས་དག། དངོས་པོའི་ཆོས་རྣམས་ཀ་ནས་དག། དགྲ་གཉེན་ཕྱོགས་རིས་ཀ་ནས་དག། སྤོང་ལེན་ཡིན་མིན་དབྱེ་བསལ་ཀ་ནས་དག། མཐའ་དབུས་ཕྱོགས་རིས་ཀ་ནས་དག། སྣང་སྲིད་འཁོར་འདས་ཀ་ནས་དག། འགྱུས་ཚད་དྲན་ཚད་མནོ་ཚད་ཀ་ནས་དག། བཏགས་སྣང་ཆོས་རྣམས་ཀ་ནས་དག། སྐྱེ་སྣང་གསལ་ཉི་མའི་རྒྱུད་ཀྱིས་ནི།། གཏི་མུག་མ་རིག་སྒྲིབས་གཡོགས་ཀ་ནས་དག། འོད་གསལ་ཉི་མའི་སྙིང་པོའི་རྒྱུད།། སྣང་གསང་ཉི་མའི་རྒྱུད་ཀྱིས་ནི།། བག་ཆགས་སྒྲིབས་གཡོག་ཀ་ནས་དག། འོད་གསལ་ཟླ་བའི་རྒྱུད་ཀྱིས་ནི།། གཏི་མུག་མུན་པའི་དམག་རུམ་གཏན་ནས་སངས། ། ཉི་མ་ཤེས་རབ་རྒྱུད་ལ་ཟླ་བ་ཐབས་ཀྱི་རྒྱུད།། ཐབས་དང་ཤེས་རབ་ཡོངས་རྫོགས་ཉི་ཟླ་རྒྱལ་པོའི་རྒྱུད།། ཉི་མ་སྐྱེ་མེད་ཀ་དག་སྟོན་པའི་རྒྱུད།། ཟླ་བ་ཡེ་ཤེས་གསལ་བ་སྟོན་པའི་རྒྱུད།། ཐེག་དགུ་ཨ་ཏི་ཀུན་ལས་རྒྱལ། ། དེས་ན་ཉི་ཟླ་རྒྱལ་པོའི་རྒྱུད།། ཅེས་གསུངས་སོ།། ཉི་ཟླ་ནམ་མཁའི་རྒྱལ་པོ་མུ་མེད་མཐའ་ཡས་ཀྱི་རྒྱུད་ལས།། ཉི་ཟླའི་རྒྱུད་ཀྱི་རྒྱལ་པོ་བསྟན་པའི་ལེའུ་སྟེ་ཉི་ཤུ་རྩ་གསུམ་པའོ།།།། དེ་ནས་ཀུན་བྱེད་རང་གྲོལ་གྱིས། ། མིང་མེད་སྤྱི་ཕུད་སྟོན་པ་ལ།། མིང་མེད་མཐའ་ཡས་རྒྱུད་ཀྱི་རྒྱལ་པོ་ཇི་ལྟར་ལགས།། ཞེས་ཞུས་པ་དང།། སྟོན་པས་འཁོར་ལ་བཀའ་སྩལ་པ།། མུ་མེད་མཐའ་ཡས་ཟབ་པར་བཤད་ཀྱིས་འཁོར་རྣམས་ཉོན། ། དེ་ཡང་བསྡུས་དོན་གསུམ་དུ་བཤད།། སྣང་སྲིད་བཏག་སྣང་དངོས་པོའི་ཆོས་མུ་མེད་པས་མཐའ་ཡས་ཡིན།། རིག་པ།། འགྱུ་བ།། འཛིན་པ།། སེམས།། བློ།། དྲན་པ་སྟེ།། དེ་རྣམས་རང་བྱུང་ངང་དང་མུ་མེད་མཐའ་ཡས་པ་ཡིན། ། ཀུན་གཞི།། བག་ཆགས།། སྒྲིབ་གཡོགས།། དངོས་མེད།། མིང་མེད་བརྗོད་མེད།། བློ་འདས།། མིང་མེད་མཐའ་ཡས་ཡིན།། འུབ་ཀྱིས་བསྡུས་པས།། སྣང་བ།། རིག་པ།། སེམས་སུ་འདུས། ། སྣང་བ་རང་གྲོལ་མུ་མེད་མཐའ་ཡས་ཡིན།། རིག་པ་ངང་དངས་ཤུགས་གྲོལ་མུ་མེད་མཐའ་ཡས་ཡིན།། སེམས་ཉིད་སྐྱེ་མེད་དངོས་དེ་མིང་མེད་མཐའ་ཡས་ཡིན།། ཅང་མེད་དངོས་མེད་མཚོན་དུ་རྡུལ་ཙམ་མེད་པས་མུ་མེད་མཐའ་ཡས་ཡིན། ། དེ་ལྟར་འུབ་བསྡུས་གསུམ་དུ་ཤེས་པར་གྱིས།། བྱེ་བྲག་བཤད་པ་མི་ལང་ངོ།། དེ་ལྟར་མིང་མེད་མཐའ་ཡས་རྒྱུད་ཀྱི་རྒྱལ་པོ་ཡིན།། ཞེས་གསུངས་སོ།། ནམ་མཁའ་ཉི་ཟླའི་རྒྱལ་པོ་མུ་མེད་མཐའ་ཡས་ཀྱི་རྒྱུད་ལས། ། རྒྱུད་ཀྱི་རྒྱལ་པོའི་དོན་བཤད་པའི་ལེའུ་སྟེ་ཉི་ཤུ་རྩ་བཞི་པའོ།།།། དེ་ནས་ཀུན་བྱེད་རང་གྲོལ་གྱིས།། མིང་མེད་སྤྱི་ཕུད་སྟོན་པ་ལ།། བདག་ཅག་འདུས་པའི་འཁོར་རྣམས་ལ། ། རྒྱུད་ཀྱི་རྒྱལ་པོའི་མཚན་དོན་ཇི་ལྟར་བཟུང།། ཞེས་ཞུས་པ་དང།། སྟོན་པས་འཁོར་ལ་བཀའ་སྩལ་པ།། ནམ་མཁའི་ཆོ་འཕྲུལ་ནམ་མཁར་སངས་པ་ཡིས།། ནམ་མཁའ་རྒྱལ་པོ་བྱ་བར་ཟུང།། ཀ་དག་འོད་གསལ་སྒྲིབས་གཡོགས་སངས་པའི་ཕྱིར། ། ཉི་ཟླ་རྒྱལ་པོ་བྱ་བའི་རྒྱུད་དུ་ཟུང།། ཆོས་རྣམས་མིང་མེད་མུ་མཐའ་གྲོལ་བའི་ཕྱིར།། མིང་མེད་མཐའ་ཡས་རྒྱུད་དུ་ཟུང།། དུས་གསུམ་རྒྱུན་དུ་གནས་པའི་ཕྱིར། ། སྙིང་པོ་རྒྱུན་ཆད་མེད་པའི་རྒྱུད་དུ་ཟུང།། ཐེག་པ་ཀུན་གྱི་རྩ་བ་སྟོན་པའི་ཕྱིར།། ཐེག་པའི་རྒྱུད་ཆེན་བྱ་བར་ཟུང།། ཐེག་པ་ཀུན་གྱི་ལ་འདའི་ཕྱིར། ལ་ཆེན་འདས་བའི་རྒྱུད་དུ་ཟུང།། ཨ་ཏིའི་གོང་རྒལ་སྤྱི་ཏིའི་གཉའ་གཅོག་པས། ། བཅུ་རྩེ་ཐོད་རྒལ་ཆེན་པོའི་རྒྱུད་དུ་ཟུང།། ཞེས་གསུངས་སོ།། ནམ་མཁའ་ཉི་ཟླ་རྒྱལ་པོ་མུ་མེད་མཐའ་ཡས་ཀྱི་རྒྱུད་ལས།། རྒྱུད་ཀྱི་མཚན་བཟུང་བའི་ལེའུ་སྟེ་ཉི་ཤུ་རྩ་ལྔ་པའོ། །།། དེ་ནས་ཀུན་བྱེད་རང་གྲོལ་གྱིས།། མིང་མེད་སྤྱི་ཕུད་སྟོན་པ་ལ།། རྒྱུད་འདི་སྐལ་ལྡན་ཇི་ལྟ་བུ་ལ་གཏད།། ཅེས་ཞུས་པ་དང།། སྟོན་པས་འཁོར་ལ་བཀའ་སྩལ་པ།། གཏད་དང་གདམས་པའི་གནས་བསྟན་གྱིས། ། འཁོར་རྣམས་མ་ཡེངས་གུས་པས་ཉོན།། རྒྱུད་འདི་གཏད་པའི་སྐལ་ལྡན་ནི།། སྔོན་གྱིས་ལས་འཕྲོ་སྐལ་བ་ཅན།། སྦྱངས་པའི་འཕྲོ་སད་ཐེག་ཆེན་སྣོད།། བླ་མ་གཙུག་ཁུར་དམ་ཚིག་སྲོག་བཞིན་བསྲུང། ། གདམ་ངག་གཏེར་འཆང་འདོད་ཡོན་ཁར་མི་གཏོང།། མི་འགྱུར་ཤེས་རབ་ཆེ་ལ་ནོར་རྫས་འཕངས་མེད་འབུལ།། དད་ཅན་སྡིག་ལ་འཛེམ་ལ་རྒྱུད་འདི་དག་ལ་གཏད།། དམ་ཉམས་སྣོད་མེད་ང་རྒྱལ་དྲེགས་པ་ཅན། ། ཆེ་དྲེགས་དགེ་སྨོད་སྡིག་སྤྱོད་གཡོ་སྒྱུ་ཅན།། རིན་ཆེན་མེད་པར་གཡོ་སྒྱུ་ཐབས་ཀྱིས་འབྲེལ།། ཐོབ་ནས་སློབ་དཔོན་རྒྱབ་ཕྱོགས་མན་ངག་ཟོང་དུ་འཚོང།། དེ་ལྟ་བུ་ཡི་སློབ་མ་ལ།། ཡུལ་འཁར་སྟེར་ཡང་མི་སྦྱིན་ནོ། ། དེ་ལ་བྱིན་ན་དམྱལ་བར་འགྲོ།། ཞེས་གསུངས་སོ།། ནམ་མཁའ་ཉི་ཟླ་རྒྱལ་པོ་མུ་མེད་མཐའ་ཡས་ཀྱི་རྒྱུད་ལས།། སྣོད་བཟང་ལ་རྒྱུད་གཏད་པ་དང།། སྣོད་ངན་ལ་མི་སྦྱིན་པའི་གནས་བསྟན་པའི་ལེའུ་སྟེ་ཉི་ཤུ་རྩ་དྲུག་པའོ། །།། དེ་ནས་ཀུན་བྱེད་རང་གྲོལ་གྱིས།། བསྟན་པ་འབྱུང་བའི་དུས་ནི་ཇི་ཙམ་ན་ལགས།། ཞེས་ཞུས་པ་དང།། སྟོན་པས་འཁོར་ལ་བཀའ་སྩལ་པ།། ཡང་སྙིང་ཉི་ཟླའི་སྙིང་པོ་འབྱུང་དུས་སུ། ། སྐུ་དང་གསུང་གི་བསྟན་པ་ནུབ།། ཐུགས་རྗེས་བསྟན་པ་དར་བའི་ཚེ།། ལྔ་བརྒྱ་དུས་ཀྱི་ཐ་མ་ལ།། དུས་ངན་ཟེར་ཞིང་སྤྱོད་པ་ཐོད་རྒྱལ་བྱེད།། རི་ཁྲོད་གནས་པའི་པདྨོ་གྲོང་གསེར་བྱེད།། ཟས་ནོར་བག་ཙམ་ཕྱེད་དུ་ཆོས་འཚོང་རྫུན་གྱིས་འགེངས། ། གཅེར་བུའི་སྤྱོད་པ་གྲོང་གསེབ་ཐོ་ཆོས་འགེངས།། གོས་སུ་ཁྱི་ཐུལ་ཟས་སུ་མི་གཙང་ཟ།། ལག་ཆར་མི་ཐོད་དབྱུག་པ་རྩེ་གསུམ་ཐོགས།། རྣལ་འབྱོར་ཉམས་ཅན་ལད་མོ་ཟས་འདོད་རྣལ་འབྱོར་བྱེད། ། དེ་དུས་ཡང་ཏི་ཡོ་ག་འབྱུང།། མི་ཐུབ་གསུམ་འབྱུང་རྩོད་པ་མེ་ལྟར་འབར།། བཙུན་ཆེན་སྡེ་འཁྲུག་སྔགས་པ་ནང་གྱེས་བྱེད།། བན་སྡེ་རྣལ་འབྱོར་ཆོས་སུ་རྫོགས་ཆེན་དང། ། ཐེག་ཆེན་ཉ་མས་སྤྱོད་ལ་བུད་མེད་ཆོས་ལ་དགའ།། དེ་དུས་ཡང་ཏི་ཡོ་ག་འབྱུང།། གསེར་དང་གཏེར་ཀུན་བརྡོལ་བའི་ཚེ།། དེ་དུས་ཡང་ཏི་ཡོ་ག་འབྱུང།། ཞེས་གསུངས་སོ།། ནམ་མཁའ་ཉི་ཟླའི་རྒྱལ་པོ་མུ་མེད་མཐའ་ཡས་ཀྱི་རྒྱུད་ལས། ། བསྟན་པ་འབྱུང་བའི་དུས་བསྟན་པའི་ལེའུ་སྟེ་ཉི་ཤུ་བདུན་པའོ།།།། ནམ་མཁའ་ཉི་ཟླའི་རྒྱལ་པོ་མུ་མེད་མཐའ་ཡས་ཀྱི་རྒྱུད་རྫོགས་སོ།།།། རྒྱ་གར་ཨུ་རྒྱན་གྱི་སློབ་དཔོན་ཡབ་མེད་ཡུམ་མེད་སྤྲུལ་སྐུ་འགྲོ་བའི་མགོན་པོ། ། པདྨའི་སྡོང་པོ་ལས་སྐུ་འཁྲུངས་པ་པདྨ་སམ་བྷ་བས་བཤད་ཅིང།། བོད་ཀྱི་ལོ་ཙ་བ་ཀ་བ་དཔལ་རྩེགས་ཀྱིས་ཨུ་རྒྱན་སྐད་དུ་བསྒྱུར་ཅིང་གཏད་ལ་ཕབ་པའོ། ། བཀའ་རྒྱ།། གཏེར་རྒྱ།། གཏད་རྒྱ::་རྒྱ་གར་སྐད་དུ།། རཏྣ་ཨ་མྲྀ་ཏ་ཐུ་ལ་ན་ཨ་ཨ་ནི་པི་སུ་སི་པ་ཏི་ཁ་ཚེ་ད་ཏན་ཏྲ།། བོད་སྐད་དུ།། རིན་པོ་ཆེ་བདུད་རྩི་བཅུད་ཐིགས་རིགས་དྲུག་གཡང་ས་གཅོད་པའི་རྒྱུད། ། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་གོ་ཞིང་རྟོགས་བའི་དུས་གཅིག་ན།། འོག་མིན་གྱི་གནས་སེམས་ཉིད་བརྡལ་བ་ཆེན་པོ། ། རིན་པོ་ཆེ་འོད་འབར་བའི་གཞན་ཡས་ཁང་ན།། སྟོན་པའི་རྒྱལ་པོ་སྐུ་གསུམ་དབྱེར་མེད་སྐྱེ་མེད་ཆོས་སྐུ་བཞུགས།། བསྟན་པའི་རྒྱལ་པོ་བདུད་རྩི་བཅུད་ཐིགས་རིགས་དྲུག་ཡང་ས་གཅོད་པ་ཐུགས་ལ་གནས། ། འཁོར་གྱི་དམ་པ་རང་བཞིན་གྱི་འཁོར་དང།། རང་བཞིན་ལ་ལྟ་བའི་འཁོར་དང།། རྒྱུའི་བྱང་ཆུབ་སེམས་དཔའ་དང།། ལམ་གྱི་བྱང་ཆུབ་སེམས་དཔའ་དང།། འབྲས་བུའི་བྱང་ཆུབ་སེམས་དཔའ་དང། ། འདོད་པས་བསྡུས་པའི་འཁོར་དང།། དོན་གྱིས་གཅིག་པའི་འཁོར་དང།། ཉིད་ལས་མི་གཞན་པའི་འཁོར་རྣམས་དང་ཐབས་གཅིག་ཏུ་བཞུགས་སོ།། འདས་པ་དང།། མ་འོངས་པ་དང།། ད་ལྟ་བ་སྟེ།། དུས་གསུམ་དབྱེར་མེད་ཀྱི་དུས་སོ། ། སྡུས་པ་པོ་རྡོ་རྗེ་སེམས་དཔས་བསྡུས་སོ།། དེའི་ཚེ་འཁོར་རྣམས་ཀྱི་ནང་ནས་རང་གསལ་ཁྱེའུ་ཆུང་སྟན་ལས་ལངས་ནས།། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ།། ཐལ་མོ་སྦྱར་ནས་འདི་སྐད་ཅེས་གསོལ་ཏོ། ། དང་པོ་ཇི་ལྟར་གནས་པའི་གནས་ལུགས་དང།། སངས་རྒྱས་རྟོགས་ཏེ་ཆེ་བའི་ཡོན་ཏན་དང།། སེམས་ཅན་མ་རྟོགས་ཁམས་གསུམ་ཇི་ལྟར་འཁོར།། འཁོར་བ་རྩད་ནས་གཅད་པའི་གཅད་ལུགས་དང། ། ཆོད་ནས་འབྲས་བུ་ཐོབ་པའི་ཐོབ་ལུགས་དང།། མི་འགྱུར་གདེང་གིས་ཟིན་ལུགས་ཇི་ལྟར་ལགས།། སྐུ་གསུམ་དབྱེར་མེད་སྟོན་པ་ཡིས།། བདག་ཅག་འདུས་པའི་འཁོར་ལ་གསུང་དུ་གསོལ། ། ཅེས་ཞུས་སོ།། རིན་པོ་ཆེ་བདུད་རྩི་བཅུད་ཐིགས་རིགས་དྲུག་གཡངས་གཅོད་པའི་རྒྱུད་ལས།། གླེང་གཞིའི་ལེའུ་སྟེ་དང་པོའོ།།།། དེ་ནས་རང་གསལ་ཁྱེའུ་ཆུང་གིས།། སྐུ་གསུམ་དབྱེར་མེད་སྟོན་པ་ལ། ། གནས་ལུགས་དོན་ནི་བཤད་དུ་གསོལ།། ཅེས་གསོལ་པ་དང།། སྟོན་པས་འཁོར་ལ་བཀའ་སྩལ་པ།། གནས་ལུགས་མཚན་ཉིད་བརྡ་དང་དཔེས་བསྟན་གྱིས།། དད་པ་དང་ལྡན་ཤིན་ཏུ་གུས་པས་ཉོན། ། དངོས་པོ་གཤིས་ཀྱི་གནས་ལུགས་ནི།། བརྗོད་པའི་ཡུལ་དུ་མ་གྱུར་ཏེ།། འཁོར་གྱི་རྟོག་པ་བསལ་བའི་ཕྱིར།། རིན་ཆེན་ཤེས་པར་འོད་གསལ་བས།། མགུར་གྱི་བུམ་པ་རྒྱ་མདུད་འདི།། ལྗགས་ཀྱི་པདྨས་གསལ་བར་བཤད། ། དང་པོ་གཞི་ཡི་འདུག་ཚུལ་འདི།། བརྡ་དང་དཔེ་ཡིས་བསྟན་པར་བྱ།། མི་ཟད་འབྱུང་བས་ས་ཡི་གཏེར་མཛོད་འདྲ། དགོས་དགུ་ཅི་འདོད་འབྱུང་བས་རིན་ཆེན་འདྲ།། ཟད་མེད་གཏེར་ལ་སྤྱོད་པས་བང་མཛོད་འདྲ། ། ཅི་བཏབ་སྐྱེ་བས་ས་གཉི་འདྲ།། ཀུན་ལ་ཁྱབ་པས་ནམ་མཁའ་འདྲ།། མ་འགགས་འབྱུང་བས་འོད་ཟེར་འདྲ།། འབྲེལ་བ་ཡོད་པས་སྤུ་གྲི་ཤེས་རྒྱུས་འདྲ།། ཤུགས་ལས་འབྱུང་བས་ཙན་དན་གླ་རྩི་འདྲ། ། འཁྲུལ་པས་འབྱུང་པས་ཐག་པ་ཐོ་ཡོར་སྦྲུལ་མི་འདྲ།། སྒྲིབ་གཡོག་མུན་པས་ལིང་ཐོག་འདྲ།། མ་ཤེས་གྱད་ནོར་དབུལ་མོའི་གཏེར་དང་འདྲ།། མཚན་དཔེ་ཟླ་འཛུག་སྒྲོན་མེ་འདྲ།། གཉིས་མེད་ག་པུར་དཔེ་དང་འདྲ། ། སྣང་ཚུལ་ཕུག་རོན་སྐེ་དང་འདྲ།། འགྱུར་མེད་གསེར་གྱི་དཔེ་དང་འདྲ།། དངོས་མེད་སྨིག་སྒྱུའི་དཔེ་དང་འདྲ།། འགྱུ་བ་ཆུ་དང་སྤྲེ་འུ་འདྲ།། མཐའ་མེད་ནམ་མཁའི་དཔེ་དང་འདྲ།། རྟོག་དཔེ་ནམ་ལངས་ཉི་ཤར་འདྲ། ། དངོས་པོ་གཤིས་ཀྱི་གནས་ལུགས་དེ།། བསམ་དབང་ཕྱོགས་ནས་དཔེ་ཡིས་མཚོན།། དངོས་པོའི་ཕྱོགས་ནས་དཔེ་ལས་འདས།། རྩལ་སྣང་ངོས་ནས་ཚིག་གིས་མཚོན།། གཞི་ཡི་ངོས་ནས་ཚིག་ལས་འདས། ། ཡན་ལག་ངོས་ནས་དབྱེ་བསལ་བྱུང།། སྙིང་པོའི་ངོས་ལ་དབྱེ་བསལ་མེད།། མཚན་ཉིད་ངོས་ནས་སྐྱེ་འཇིག་བྱུང།། གནས་ལུགས་ངོ་ལ་སྐྱེ་འཇིག་མེད།། བུ་ཡི་ངོས་ནས་སྐྱེ་འཇིག་བྱུང།། མ་ཡི་ངོས་ནས་འཕོ་འགྱུར་མེད། ། འདྲ་གཞི་གཅིག་ལས་དཔེ་ཡིས་མཚོན།། དངོས་པོའི་ཡོད་པས་དམིགས་སུ་ཡོད།། དངོས་པོའི་མེད་པས་དམིགས་སུ་མེད།། དངོས་པོ་གཤིས་ཀྱི་གནས་ལུགས་ལ།། སྨྲ་བསམ་བརྗོད་པའི་ཡུལ་ལས་འདས། ། ཆོས་མེད་སྟོན་མེད་ཉན་མཁན་མེད།། མཚོན་མེད་ཚིག་མེད་བརྗོད་པ་མེད།། ཕྱེ་མེད་བཟུང་མེད་བརྟགས་ཞེན་མེད།། རྒྱུ་ཡིས་མ་བསྐྱེད་རྐྱེན་གྱིས་མི་འཇིགས་པ།། ངོ་བོ་མི་འགྱུར་རང་བཞིན་མི་དམིགས་པ། ། རྣམ་ཤེས་ཡུལ་དུ་མ་གྱུར་སྙིང་པོ་ཅན།། དེས་ན་དངོས་པོའི་གནས་ལུགས་ཡིན།། ཞེས་གསུངས་སོ།། རིན་པོ་ཆེ་བདུད་རྩི་བཅུད་ཐིགས་རིགས་དྲུག་གཡང་ས་གཅོད་པའི་རྒྱུད་ལས།། གཞིའི་གནས་ལུགས་བསྟན་པའི་ལེའུ་སྟེ་གཉིས་པའོ། །།། དེ་ནས་ངང་དངས་ཁྱེའུ་ཆུང་གིས།། སྐུ་གསུམ་དབྱེར་མེད་སྟོན་པ་ལ།། སངས་རྒྱས་ཆེ་བའི་ཡོན་ཏན་ཇི་ལྟར་ལགས།། ཞེས་ཞུས་པ་དང།། སྟོན་པས་འཁོར་ལ་བཀའ་སྩལ་པ། ། སངས་རྒྱས་ཆེ་བའི་ཡོན་ཏན་ནི།། རང་བཞིན་རླུང་གིས་འགྱུ་མ་ནུས།། ཡིད་ཀྱི་རྟོག་པ་འཕྱོ་མ་ནུས།། རིན་པ་སེམས་ཀྱིས་འཛིན་མ་ནུས།། སྒོ་ལྔ་ཡུལ་སྣང་ཐམས་ཅད་ལ།། རིག་ཡིད་སེམས་ཀྱི་རྟོག་པ་ཇི་སྙེད་རྣམས། ། གར་ཡང་འཕྱོ་ས་མ་རྙེད་པས།། མ་ཆགས་མ་ཞེན་ཆོས་དབྱིངས་ཐིམ།། འབྱུང་བ་མ་ལ་ཞ་བས་ཆོས་ཉིད་མ་དང་ཕྲད།། ཡེ་ཤེས་དབྱིངས་སུ་ཐིམ་པས་སྐྱེ་མེད་རང་ས་ཟིན།། ཤེས་རབ་མཁའ་ལ་འཁྱིལ་བས་འཁྲུལ་པ་རང་སར་གྲོལ། ། འགྱུར་མེད་རྒྱ་ཡིས་ཐེབས་པས་སྙིང་པོ་ཀློང་ནས་ཤར།། ངོ་བོ་རང་ས་ཟིན་པས་ཆོས་སྐུ་འོ།། རང་བཞིན་རང་ས་ཟིན་པས་ལོངས་སྐུ་འོ།། ཐུགས་རྗེ་རང་ས་ཟིན་པས་སྤྲུལ་སྐུའོ། ། སེམས་ཅན་འཁོར་བ་སངས་པས་སྐུ་གསུམ་ཞིང་ཁམས་རྒྱས།། མ་རིག་འཁྲུལ་སྒོ་སངས་པས་ཡེ་ཤེས་འཆར་སྒོ་རྒྱས།། གཟུང་འཛིན་ཆགས་ཞེན་སངས་གཟུང་འཛིན་གཉིས་མེད་རྒྱས།། སངས་རྒྱས་ཆེ་བའི་ཡོན་ཏན་དེ་ལྟར་རོ། ། ཞེས་གསུངས་སོ།། རིན་པོ་ཆེ་བདུད་རྩི་བཅུད་ཐིགས་རིགས་དྲུག་གཡང་ས་གཅོད་བའི་རྒྱུད་ལས།། སངས་རྒྱས་ཆེ་བའི་ཡོན་ཏན་བསྟན་པའི་ལེའུ་སྟེ་གསུམ་པའོ།།།། དེ་ནས་རང་ཀས་ལ་ཁྱེའུ་ཆུང་གིས་སྐུ་གསུམ་དབྱེར་མེད་སྟོན་པ་ལ། ། མ་རྟོགས་སེམས་ཅན་ཁམས་གསུམ་ཇི་ལྟར་འཁོར།། ཅེས་གསོལ་པ་དང།། སྟོན་པས་འཁོར་ལ་བཀའ་སྩལ་པ།། སྙིང་པོའི་རང་བཞིན་འགྱུར་བ་མེད། ། རྩལ་སྣང་ཡན་ལག་དབང་གིས་མ་རྟོགས་ཏེ།། ཡེ་གནས་གཞི་ལས་ཁྱབ་གཞི་འགྱུ།། ཁྱབ་པའི་གཞི་ལས་གཡོ་གཞི་འགྱུ།། གཡོ་བའི་གཞི་ལས་འབྱུང་གཞི་འགྱུ།། དེ་ལས་ཤུགས་འབྱུང་འབྱུང་བ་འགྱུ།། དེ་ལ་ཀུན་གཞི་སྤྱི་ཁྱབ་གནས། ། དེ་ལས་མ་རྟོགས་འཁོར་བའི་སེམས།། འཁོར་བའི་གཞི་དང་རྒྱུ་དང་ནི།། དུས་དང་རྐྱེན་དང་ངོ་བོ་དང།། ཚུལ་དང་འབྲས་བུ་བདུན་གྱིས་འཁོར།། འཁོར་བའི་གཞི་ནི་ཀུན་གཞི་ཡིན། ། འཁོར་བའི་རྒྱུ་ནི་རིག་པ་ཡིན།། འཁོར་བའི་དུས་ནི་རྩལ་གཅོད་ཡིན།། འཁོར་བའི་རྐྱེན་ནི་རླུང་གཡོས་ཡིན།། འཁོར་ཚུལ་རིམ་རྒྱུད་སྣོད་བཅུག་གཉིས།། འཁོར་བའི་འབྲས་བུ་འགྲོ་དྲུག་ཡིན།། ངོ་བོ་ང་བདག་གཟུང་འཛིན་ཡིན། ། དེ་བདུན་སྟོབས་ཀྱི་འཁྲུལ་བ་བྱུང།། ཀུན་གྱི་གཞི་ལས་འོད་དུ་འཁྲུལ།། འོད་ལས་རྩལ་སྣང་ཟེར་དུ་འཁྲུལ།། ཟེར་ལས་ཤེས་པ་རིག་པར་འཁྲུལ།། རིག་པས་གནས་པའི་དོན་མ་རིག། ཡེ་དོན་མ་རིག་ཡིན་མ་རིག། དེ་ཕྱིར་མ་རིག་འཁྲུལ་པའི་རྒྱུ།། འགྱུ་བ་རླུང་གིས་རྐྱེན་བྱས་ནས།། སྒྲིབ་གཡོག་མུན་པས་དུས་བྱས་ཏེ།། ངོ་བོ་རྟེན་མེད་ཕྱ་སངས་ཁྱེར།། ཚུལ་ནི་རང་ས་མ་ཟིན་རྣམ་གསུམ་འགྱུ། ། རིག་པས་རང་ས་མ་ཟིན་གཅོད་པའི་རླུང་དང་བཅས།། ཀུན་ཏུ་ཚོལ་བའི་ཡིད་དུ་འཁྲུལ།། ཡིད་ཀྱིས་རང་ས་མ་ཟིན་འགྱུ་བའི་རླུང་དང་བཅས།། གཏན་ལ་འབེབས་པའི་ཡིད་དུ་འཁྲུལ། སེམས་ཀྱིས་རང་ས་མ་ཟིན་མིང་འདོགས་ཞེན་དང་བཅས། ། ངེས་པར་འཇོག་པའི་ཡིད་དུ་འཁྲུལ།། འཁྲུལ་ཚུལ་ཡིད་ཀྱི་འཁོར་ལོ་གསུམ་དུ་འཁྲུས།། འབྲས་བུ་རིག་གཟུགས་འོད་གཟུགས་ཤ་གཟུགས་སྨིན།། འཁོར་བདུན་འཁྲུལ་བདུན་བཅུ་བཞི་ལས། ། དངོས་པོ་རྐྱེན་སྣང་འཁྲུལ་བ་དང།། མེད་པ་བློ་བུར་འཁྲུལ་བ་འབྱུང།། ཞེ་སྡང་སྔར་མེད་ལངས་པ་ལས།། དམྱལ་བའི་གནས་སུ་ཤུགས་ཀྱིས་འཁྲུལ།། ཚ་གྲང་བཙོ་བསྲེག་སྡུག་བསྔལ་འཁྲུལ་བར་སྨིན། ། སེར་སྣ་སྔར་མེད་ལངས་པ་ལས།། ཡི་དྭགས་གནས་སུ་ཤུགས་ཀྱིས་འཁྲུལ།། བཀྲེས་སྐོམ་སྡུག་བསྔལ་འཁྲུལ་བར་སྨིན།། གཏི་མུག་སྔར་མེད་རྨོངས་པ་ལས།། བྱོལ་སོང་གནས་སུ་ཤུགས་ཀྱིས་འཁྲུལ། ། གླེན་ལྐུགས་སྡུག་བསྔལ་འཁྲུལབར་སྨིན།། ཕྲག་དོག་སྔར་མེད་སྐྱེས་པ་ལས།། མི་རྣམས་གནས་སུ་ཤུགས་ཀྱིས་འཁྲུལ།། བརྒྱད་དང་བཅུ་དྲུག་འཁྲུལ་བར་སྨིན།། ང་རྒྱལ་སྔར་མེད་ལངས་པ་ལས།། ལྷ་མིན་གནས་སུ་ཤུགས་ཀྱིས་འཁྲུལ། ། འཐབ་རྩོད་སྡུག་བསྔལ་འཁྲུལ་བར་སྨིན།། འདོད་ཆགས་སྔར་མེད་སྐྱེས་པ་ལས།། ལྷ་ཡི་གནས་སུ་ཤུགས་ཀྱིས་འཁྲུལ།། མི་ཁོམ་བརྒྱད་དུ་འཁྲུལ་བར་སྨིན།། དངོས་པོ་རྐྱེན་སྣང་འཁྲུལ་བར་སྨིན། ། འབྱུང་བ་དྭངས་སྙིགས་འབྱེད་དུས་སུ།། སངས་རྒྱས་སེམས་ཅན་ཕྱེ་བ་ལས།། ཕྱི་སྣོད་གླིང་བཞི་རི་རབ་དང།། ནང་བཅུད་སྐྱེ་འགུལ་གཟུགས་བསྡུས་རྣམས།། ཕ་མར་བཏགས་པས་ཕ་མར་སྣང། ། ཕ་མར་བཟུང་བས་ཕ་མར་ཞེན།། བུ་ཚར་བཟུང་བས་བུ་ཚར་བཏགས།། བུ་ཚར་སྣང་བས་བུ་ཚར་ཞེན།། བཟའ་མི་ཁྱོ་ཆུང་བཏགས་པས་བཟའ་མིར་སྣང།། བཟའ་མིར་བཏགས་པས་བཟའ་མིར་ཞེན། ། ཡུལ་ཁྱིམ་བཏགས་པས་ཡུལ་ཁྱིམ་སྣང།། ཡུལ་ཁྱིམ་བཟུང་པས་ཡུལ་ཁྱིམ་ཞེན།། བཏགས་སྣང་ཞེན་བཟུང་དངོས་པོར་འཁྲུལ།། དཔེར་མ་རྨི་ལམ་ནོར་རྫས་བཞིན།། མེད་བཞིན་སྣང་གིན་མེད་པར་བཟུང། ། དེ་བཞིན་འཁྲུལ་པའི་སྣང་བ་ཡང།། མེད་པའི་ཆོས་ལ་ཡོད་པར་བཟུང།། མི་བདེན་པ་ལ་བདེན་པར་བཟུང།། མི་རྟག་པ་རྟགས་པར་བཟུང།། མིན་ལ་ཡིན་པར་བཟུང་བའི་འཁྲུལ་པ་ཡིས།། སྣང་སྲིད་སྐྱེ་འགུལ་དེ་ལས་བྱུང། ། ཁམས་གསུམ་སེམས་ཅན་འཁྲུལ་བར་སྨིན།། སྡུག་བསྔལ་བརྒྱད་ཁྲི་བཞི་སྟོང་སྨིན།། འགྲོ་དྲུག་གནས་ནས་ཐོན་དུས་མེད།། ཅེས་གསུངས་སོ།། རིན་པོ་ཆེ་བདུད་རྩི་བཅུད་ཐིགས་རིགས་དྲུག་གཡང་ས་གཅོད་པའི་རྒྱུད་ལས། ། མ་རྟོགས་སེམས་ཅན་འཁྲུལ་ལུགས་བསྟན་པའི་ལེའུ་སྟེ་བཞི་པའོ།།།། དེ་ནས་རང་གསལ་ཁྱེའུ་ཆུང་གིས།། སྐུ་གསུམ་དབྱེར་མེད་སྟོན་པ་ལ། ། སེམས་ཅན་མ་རྟོགས་ཁམས་གསུམ་འཁོར་བ་དེ།། འགྲོ་དྲུག་གཡང་ས་བཅད་པ་དང།། འཁོར་བརྩད་ནས་ཇི་ལྟར་གཅད།། ཅེས་གསོལ་པ་དང།། སྟོན་པས་འཁོར་ལ་བཀའ་སྩལ་པ།། ང་ཡིས་འཁོར་ལ་རྩད་གཅོད་བཤད། ། འཁོར་རྣམས་མ་ཡེངས་གུས་པར་ཉོན།། ཅིག་ཅར་བ་ཡི་གཅད་ལུགས་དང།། རིམས་ཀྱིས་པ་ཡི་གཅད་ལུགས་སོ། ཅིག་ཅར་བ་ཡི་གཅད་ལུགས་ནི།། དབང་པོ་ཐོད་རྒལ་སྐྱེས་བུ་ཡིས།། རྩད་ནས་གཅད་པ་མི་དགོས་ཏེ། ། འཁོར་བར་ངོ་ཤེས་མྱ་ངན་འདས།། དེ་དུས་ཉིད་དུ་མྱ་ངན་འདས།། དཔེར་ན་ཧ་ལ་ནག་པོའི་དུག། སྔགས་ལྡན་མི་འཆི་སྨན་དུ་འགྱུར།། དུག་ཏུ་ངོ་ཤེས་དུག་རྩད་ཆོད།། དབང་པོ་ཡ་རབ་གཅད་ལུགས་སོ། ། རིམས་ཀྱི་འཇུག་པའི་གཅད་ལུགས་ནི།། རྣམ་པ་བདུན་དུ་ཤེས་པར་བྱ།། གཅོད་པའི་གཞི་དང་རྒྱུ་དང་ནི།། དུས་དང་རྐྱེན་དང་ངོ་བོ་དང།། ཚུལ་དང་འབྲས་བུ་བདུན་ཡིན་ནོ།། འཕོ་འགྱུར་སྐྱེ་འགག་མེད་པར་རྟོགས། ། འཁོར་བའི་ཀུན་གཞི་རྩད་ནས་བཅད།། འོད་ལ་རྩལ་སྣང་ཟེར་ཐིམ་པས།། འོད་ལ་ཟེར་ཐ་མི་རངས་ཟིན།། གཞི་མོའི་འཁྲུལ་པ་རྩད་ནས་བཅད།། ཤེས་པས་མུན་པ་བསལ་བྱས་པས། ། འཁོར་བའི་རྒྱུ་ནི་རྩད་ནས་གཅོད།། རིག་པ་གནས་པའི་དོན་རིག་པས།། འཁྲུལ་རྒྱུ་མ་རིག་རྩད་ནས་བཅད།། དུས་གསུམ་དབྱེར་མེད་གཅིག་རྟོགས་པས།། འཁོར་བའི་དུས་ནི་རྩད་ནས་བཅད། གང་སྐྱེས་དུས་སུ་རང་ས་ཉིན། ། འཁྲུལ་བའི་དུས་ནི་རྩད་ནས་བཅད།། གཡོ་འགུལ་མེད་པའི་དོན་རྟོགས་པས།། འཁྲུལ་པའི་རྐྱོན་ནི་རྩད་ནས་བཅད།། ང་བདག་གཟུང་འཛིན་རང་སངས་པས། འཁོར་བའི་ངོ་བོ་རྩད་ནས་བཅད། ། ཆོས་ཉིད་མ་བུ་ངོ་སྤྲོད་པས།། འཁྲུལ་བའི་ངོ་བོ་རྩད་ནས་བཅད།། ངོ་བོ་རང་བཞིན་ཐུགས་རྗེ་ལས།། སྐུ་གསུམ་རྒྱལ་བའི་ཞིང་ཁམས་ཤར།། ཁམས་གསུམ་འཁོར་བ་རྩད་ནས་བཅད།། རིག་པའི་རྩ་བ་ཆོད་པས་ནི། ། ཀུན་ཚོལ་འཁྲུལ་བ་རྩད་ནས་བཅད།། ཡིད་རྩད་འགྱུ་བ་རྩད་ཆོད་པས།། གཏན་ལ་འབེབས་པའི་འཁྲུལ་རྩད་བཅད།། སེམས་ཀྱི་མིང་བཏགས་ཞེན་ཆོད་པས།། ངེས་པར་འཇོག་པའི་ཡིད་འཁྲུལ་རྩད་ནས་བཅད། ། གཅོད་པའི་འབྲས་བུ་འཁྲུལ་བ་བཅད།། མྱ་ངན་འདས་པའི་བདུན་གཅོད་དང།། འཁྲུལ་པ་གཅོད་པའི་བདུན་པོ་ཡིས།། ཟུང་བདུན་ཡ་ནི་བཅུ་བཞི་ཡིས།། རྒྱུད་པ་རིམས་ཀྱིས་འཁྲུལ་པ་དང།། དངོས་པོ་རྐྱེན་སྣང་འཁྲུལ་པ་དང། ། མེད་པ་བློ་བུར་འཁྲུལ་པ་གསུམ།། བཏགས་སྣང་བཟུང་ཞེན་འཁྲུལ་པ་གསུམ།། འཁྲུལ་སྣང་ཐམས་ཅད་རྩད་ནས་བཅད།། མེ་ལོང་ལྟ་བུའི་ཡེ་ཤེས་ཀྱིས།། ཞེ་སྡང་ཀུན་གྱི་རྩད་ཆོད་པས། ། དམྱལ་བར་སྐྱེ་བའི་གཡང་ས་ཆོད།། མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱིས།། ང་རྒྱལ་རང་བཞིན་རྩད་ཆོད་པས།། ལྷ་མིན་སྐྱེ་བའི་གཡང་ས་ཆོད།། སོ་སོར་རྟོགས་པའི་ཡེ་ཤེས་ཀྱིས།། འདོད་ཆགས་ངོ་བོ་རྩད་ཆོད་པས། ། ལྷ་རུ་སྐྱེ་བའི་གཡང་ས་ཆོད།། བྱ་བ་ནན་ཏན་ཡེ་ཤེས་ཀྱིས།། ཕྲག་དོག་ངོ་བོ་རྩད་ཆོད་པས།། མི་རུ་སྐྱེ་བའི་གཡང་ས་ཆོད།། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱིས།། གཏི་མུག་མ་རིག་རྩད་ཆོད་པས། ། བྱོལ་སོང་སྐྱེ་བའི་གཡང་ས་ཆོད།། ཆགས་མེད་ཡེ་ཤེས་ཀུན་ཁྱབ་ཀྱིས།། སེར་སྣའི་ངོ་བོ་རྩད་ཆོད་པས།། ཡི་དྭགས་སྐྱེ་བའི་གཡག་ས་ཆོད།། དེ་ལྟར་ཡེ་ཤེས་རྣམ་ལྔ་ཡིས།། འགྲོ་དྲུག་གཡང་ས་རྩད་ནས་བཅད། ། ཞེ་སྡང་ལོངས་སྤྱོད་རྫོགས་པའི་སྐུ།། དམྱལ་བའི་ཚ་གྲང་མིང་ཡང་མེད།། སེར་སྣ་ཆེན་པོ་བྱང་ཆུབ་སེམས།། ཡི་དགས་བཀྲེས་སྐོམ་མིང་ཡང་མེད།། གཏི་མུག་ཆེན་པོ་ཆོས་ཀྱི་སྐུ།། བྱོལ་སོང་གླེན་ལྐུག་མིང་ཡང་མེད། ། ཕྲག་དོག་ཆེན་པོ་བྱང་ཆུབ་སེམས།། མིར་སྐྱེ་བ་ཡི་སྡུག་བསྔལ་མིང་ཡང་མེད།། འདོད་ཆགས་ཆེན་པོ་སྤྲུལ་པའི་སྐུ།། ལྷར་སྐྱེ་མི་ཁོམ་སྡུག་བསྔལ་མིང་ཡང་མེད།། ང་རྒྱལ་ཆེན་པོ་དབྱེར་མེད་སྐུ།། ལྷ་མིན་འཐབ་རྩོད་སྡུག་བསྔལ་ཡང་མེད། ། སྣང་བ་ཡིད་ལ་མ་བྱས་གཟུགས་ཁམས་ལྷར་མི་སྐྱེ།། སྟོང་པ་ཡིད་ལ་མ་བྱས་འདོད་ཁམས་ལྷར་མི་སྐྱེ།། སྐྱེ་མེད་ཡིད་ལ་མ་བྱས་གཟུགས་མེད་ལྷར་མི་སྐྱེ།། ཡིད་ཀྱི་འཁྲུལ་རྩད་ཆོད་པས་གཡོ་མེད་སྐྱེ་འགག་མེད། ། སེམས་ཀྱི་འདོད་ཞེན་མེད་པས་བདེ་བའི་མཆོག། རིག་མེད་གསལ་གདངས་རྟོགས་པས་ཆོས་སྐུ་གཅེར་མཐོང་འགྱུར།། མཐོང་བ་དེ་ལ་ངོས་བཟུང་མེད།། མེད་པ་དེ་ཀ་མཐོང་བ་ཡིན། ། གཅད་བྱ་གཅོད་བྱེད་གཉིས་མེད་པར།། འཁྲུལ་སྣང་འཁོར་བ་ཐམས་ཅད་རྩད་ནས་བཅད།། ཅེས་གསུངས་སོ།། རིན་པོ་ཆེ་བདུད་རྩི་བཅུད་ཐིགས་རིག་དྲུག་གཡང་ས་གཅོད་པའི་རྒྱུད་ལས།། འཁོར་བ་རྩད་ནས་གཅོད་པའི་ལེའུ་སྟེ་ལྔ་པའོ། །།། དེ་ནས་རང་གསལ་ཁྱེའུ་ཆུང་གིས།། སྐུ་གསུམ་དབྱེར་མེད་སྟོན་པ་ལ།། འབྲས་བུ་ཐོབ་ལུགས་ཇི་ལྟར་ལགས།། ཞེས་གསོལ་པ་དང།། སྟོན་པས་འཁོར་ལ་བཀའ་སྩལ་པ། ། བརྒྱད་ཁྲི་བཞི་སྟོང་ཐེག་པ་དེ།། དེ་ཡི་འབྲས་བུ་ངས་མ་བཤད།། སྤངས་ནས་ཐོབ་པའི་འབྲས་བུ་ངས་མ་བཤད།། བསྒྲུབས་ནས་གྲུབ་པའི་འབྲས་བུ་ངས་མ་བཤད།། འདོད་པས་བསྒྲུབས་པའི་འབྲས་བུ་ངས་མ་བཤད། ། རེ་དོགས་འབྲས་བུ་ངས་མ་བཤད།། ཐོག་མ་མེད་པའི་དུས་མཐའ་ནས།། རང་ལ་རང་ནས་ཡོད་པ་ཡིན།། རང་ངོ་ཤེས་ཤིང་རྟོགས་པས་མཆོག། སྐུ་གསུམ་རང་ལ་ཡོད་རྟོགས་ནས།། འདུ་འབྲལ་མེད་ན་འབྲས་བུ་ཡིན། ། བསམ་དུ་མེད་ཅིང་བློ་ལས་འདས།། སྐྱེ་མེད་ཆོས་སྐུ་རང་སེམས་རྟོགས།། སྐྱེ་བ་མེད་ཅིང་འགག་པ་མེད།། ལོངས་སྤྱོད་རྫོགས་སྐུ་རང་སེམས་རྟོགས།། དྲན་མེད་ཡིད་ལ་བྱ་བ་མེད། ། ཐུགས་རྗེ་སྤྲུལ་སྐུ་རང་སེམས་རྟོགས།། འབྲས་བུ་ངོ་བོ་སངས་རྒྱས་སོ།། མ་རིག་སངས་པས་ཡེ་ཤེས་རྒྱས།། རྣམ་རྟོགས་སངས་པས་ཆོས་ཉིད་རྒྱས།། འཁྲུལ་པ་སངས་པས་འཆར་སྒོ་རྒྱས།། སེམས་ཅན་ཨངས་པས་བུདྡྷ་རྒྱས། ། འཁོར་བ་སངས་པས་མྱང་འདས་རྒྱས།། འཕོ་འགྱུར་སངས་པས་འགྱུར་མེད་རྒྱས།། བྱ་རྩལ་སངས་པས་བྱར་མེད་རྒྱས།། རེ་ཞིག་སངས་རྒྱས་འབྲས་བུ་རྟགས།། ཞེས་གསུངས་སོ།། རིན་པོ་ཆེ་བདུད་རྩི་བཅུད་ཐིགས་རིགས་དྲུག་གཡང་ས་གཅོད་པའི་རྒྱུད་ལས། ། འབྲས་བུ་ཐོབ་ཚུལ་བསྟན་པའི་ལེའུ་སྟེ་དྲུག་པའོ།།།། དེ་ནས་རང་གསལ་ཁྱེའུ་ཆུང་གིས།། སྐུ་གསུམ་དབྱེར་མེད་སྟོན་པ་ལ།། དེ་ལྟར་འབྲས་བུ་ཐོབ་ནས་ཀྱང། ། མི་འགྱུར་གདེང་གིས་ཅི་ལྟར་ཟིན།། ཅེས་གསོལ་པ་དང།། སྟོན་པས་འཁོར་ལ་བཀའ་སྩལ་པ།། འགྱུར་མེད་སྐྱེ་མེད་ཆོས་སྐུའི་ཀློང་དཀྱིལ་དུ།། རྩལ་སྣང་རིག་པ་ཡིད་ཀྱི་བུ་ཐིམ་པས། ། མ་བུ་ངོ་ཕྲད་དབྱེར་མི་ཕྱེད།། ཆོས་ཉིད་མ་དང་ཕྲད་པས་དབྱེར་མེད་གདེང་གིས་ཟིན།། ཡེཤེས་རང་ས་ཟིན་པས་འཁྲུལ་མེད་གདེང་གིས་ཟིན།། རྣམ་རྟོག་རང་སར་གྲོལ་བས་རྟོག་མེད་གདེང་གིས་ཟིན།། སྙིང་པོ་ཀློང་ནས་ཤར་བས་འགྱུར་མེད་གདེང་གིས་ཟིན། ། འབྱུང་བ་མ་ལ་ཞ་བས་སྐྱེ་མེད་གདེང་གིས་ཟིན།། ཆོས་སྐུ་བློ་ལས་འདས་པས་དངོས་མེད་གདེང་གིས་ཟིན།། ལོངས་སྐུ་བསལ་དུ་མེད་པས་འགྱུར་མེད་གདེང་གིས་ཟིན། ། སྤྲུལ་སྐུ་ཡིད་ལ་བྱར་མེད་གཉིས་མེད་གདེང་གིས་ཟིན།། ཆོས་རྣམས་རང་བཞིན་མེད་པས་སྟོང་པའི་གདེང་གིས་ཟིན།། ཐམས་ཅད་གཉིས་སུ་མེད་པས་དབྱེར་མེད་གདེང་གིས་ཟིན།། བྱ་རྩལ་རྩོལ་བསྒྲུབ་འདས་པས་བྱར་མེད་གདེང་གིས་ཟིན། ། ཅེས་གསུངས་སོ།། རིན་པོ་ཆེ་བདུད་རྩི་བཅུད་ཐིག་རིགས་དྲུག་གཡང་ས་གཅོད་པའི་རྒྱུད་ལས།། འབྲས་བུ་གདེང་ཟིན་བསྟན་པའི་ལེའུ་སྟེ་བདུན་པའོ།།།། དེ་ནས་རང་གསལ་ཁྱེའུ་ཆུང་གིས། ། སྐུ་གསུམ་དབྱེར་མེད་སྟོན་པ་ལ།། མཚན་དང་གཏད་རྒྱ་ཇི་ལྟ་བུ།། ཞེས་གསོལ་པ་དང།། སྟོན་པས་འཁོར་ལ་བཀའ་སྩལ་པ།། དགོས་འདོད་མ་ལུས་འབྱུང་བའི་ཕྱིར།། རིན་ཆེན་བཅུད་ཀྱི་རྒྱུད་ཡིན་ནོ། ། སེམས་ཉིད་བདུད་རྩི་བཅུད་འཐིགས་པས།། བདུད་རྩི་བཅུད་འཐིགས་རྒྱུད་ཡིན་ནོ།། ཁམས་གསུམ་འགྲོ་དྲུག་རྩད་གཅོད་ཕྱིར།། གཡང་ས་གཅོད་པའི་རྒྱུད་དུ་ཟུང།། རིགས་དྲུག་གཡང་ས་གཅོད་པའི་རྒྱུད་ཆེན་འདི། ། རང་རྒྱུད་བཟང་ཞིང་དད་པ་ཆེ།། དམ་ཚིག་གཞུང་བསྲུང་རྣམ་སྨིན་འཛེམ།། མན་ངག་གསང་ཚིག་ཐུབ་པ་དང།། རིན་ལ་སོགས་འདོད་པའི་ཡོན།། མ་ཆགས་སེར་སྣ་མེད་པ་དང།། རིན་ཆེན་སྣོད་ལྡན་དེ་ལ་བཤད། ། ཅེས་གསུངས་སོ།། རིན་ཆེན་བདུད་རྩི་བཅུད་ཐིགས་རིགས་དྲུག་གཡང་ས་གཅོད་པའི་རྒྱུད་ལས།། མཚན་དང་གཏད་རྒྱ་བསྟན་པའི་ལེའུ་སྟེ་བརྒྱད་པའོ།།།། རིན་པོ་ཆེ་བདུད་རྩི་ཐིགས་རིགས་དྲུག་གཡང་ས་བཅོད་པའི་རྒྱུད་རྫོགས་སོ། །།། བཀའ་རྒྱ།། ཟབ་རྒྱ།། གཏེར་རྒྱ།། སཛཱམཧྭགུཛྲཡ།། རྒྱ་གར་གྱི་གུ་རུ་པདྨ་སམ་བྷ་ལ།། བོད་ཀྱི་ལོ་ཙ་བ་ཀ་བ་དཔལ་བརྩེགས་ཀྱིས་ཞུས་ཤིང་བསྒྱུར་ཏེ་གཏན་ལ་ཕབ་པའོ། ། ཚིག་ལ་དོན་མེད་བོད་བན་རྣམས།། སྤེལ་བའི་གནས་མེད་གཏེར་དུ་སྤོས།། ལས་ཅན་ཅིག་གིས་འདི་རྙེད་པར་ཤོག། @##།། རྒྱ་གར་སྐད་དུ།། བོད་སྐད་དུ།། རིན་པོ་ཆེ་གསེར་གྱི་ཉིམས་མ་རིག་གཏི་མུག་ཀ་དག་ཡེ་ནས་སངས་རྒྱས་རྒྱུད།། དམ་པ་དང་པོའི་སངས་རྒྱས་དེ་ཁོ་ན་ཉིད་ཀྱི་སངས་རྒྱས་ལ་ཕྱག་འཚལ་ལོ། ། འདི་སྐད་བདག་གིས་དུས་རྒྱུའི་ཚིག་བྲལ་དུས་མཐའ་མེད་པ་ནས།། ཆོས་ཉིད་གཏིང་འཐམ་ཡས་པ་ནས།། སྐྱེ་མེད་དོན་གྱི་སྟོན་པ་ཡིས།། མུ་མཐའ་ཡོངས་གྲོལ་བསྟན་པ་འདི།། རང་བྱུང་ངང་དངས་འཁོར་ལ་བཤད། ། དུས་གསུམ་དབྱེར་མེད་རྩིས་ལས་འདས།། སྡུད་པོ་ནི་རང་བྱུང་སྤྲོས་གཅོད་དོ།། ཞེས་གསུངས་སོ།། དེ་ནས་སྐྱེ་མེད་སྟོན་པ་ཡིས།། རང་བྱུང་ངང་དངས་འཁོར་རྣམས་ལ།། ཡོངས་རྫོགས་གོང་ན་མེད་པའི་ཐེག་པ་བཤད། ། ཅེས་གསུངས་སོ།། དེ་ནས་རང་བྱུང་ངང་དངས་ཀྱིས།། སྐྱེ་མེད་དོན་གྱི་སྟོན་པ་ལ།། པུས་བཙུགས་ཐལ་སྦྱར་འདི་སྐད་ཞུས།། ཀྱེ།། གོང་ན་མེད་པའི་ཐེག་པ་དེ།། དེ་དོན་འཁོར་ལ་བཤད་དུ་གསོལ། ། ཆོས་ཉིད་དོན་གྱི་གནས་ལུགས་དང།། རིག་པ་རྩལ་གྱི་ཤར་ལུགས་དང།། ཆོས་ཅན་མཚན་མ་གྲོས་ལུགས་དང།། དགེ་བ་མ་སྤྱད་གྲོལ་བ་དང།། སྡིག་པ་མ་སྤངས་དག་པ་དང།། དུག་ལྔ་ཀ་ནས་དག་པ་དང། ། མ་རིག་ཀ་ནས་དག་ལུགས་དང།། གཏི་མུག་མུན་པ་སངས་ལུགས་དང།། ཉོན་མོངས་བག་ཆགས་སངས་ལུགས་དང།། ཡེ་ནས་སངས་རྒྱས་ཡིན་པ་དང།། རིགས་དྲུག་སྐྱེ་བ་རྩད་བཅད་དང།། སེམས་ཅན་སངས་རྒྱས་ཡིན་ལུགས་དང། ། དེ་རྟོགས་ཆོས་རྣམས་ཤེས་པ་དང།། ཐེག་པའི་ལྟ་སྒོམ་མེད་པ་དང།། མ་བསྒྲུབས་པ་རུ་གྲུབ་པ་དང།། མ་བཙལ་རང་ལས་རྙེད་པ་དང།། མ་བསྒོམས་མཐར་རུ་ཕྱིན་པ་དང།། མ་བསྲུངས་ཀ་ནས་དག་ལུགས་དང། ། མ་སྦྱངས་སྒྲིབ་རྣམས་དག་ལུགས་དང།། དེ་རྣམས་ལ་འདའ་ཆེན་པོའི་དོན།། བདག་ཅག་རྣམས་ལ་བཤད་དུ་གསོལ།། ཅེས་ཞུས་སོ།། རིན་པོ་ཆེ་གསེར་གྱི་ཉི་མས་མ་རིག་གཏི་མུག་ཀ་དག་གི་རྒྱུད་ལས། ། གླེང་གཞིའི་ལེའུ་སྟེ་དང་པོའོ།།།། དེ་ནས་རང་བྱུང་ངང་དངས་ཀྱིས།། སྐྱེ་མེད་དོན་གྱི་སྟོན་པ་ལ།། གོང་ན་མེད་པའི་ཐེག་པ་དེ།། དེ་ཡི་བཤད་ལུགས་ཇི་ལྟར་ལགས།། ཞེས་ཞུས་པ་དང། ། སྟོན་པས་འཁོར་ལ་བཀའ་སྩལ་པ།། ཡོངས་རྫོགས་གོང་ན་མེད་པའི་ཐེག་པ་བཤད་པར་བྱ།། འཁོར་རྣམས་མ་ཡེངས་གུས་པར་ཉོན།། ཨེ་ཧོ་ངོ་མཚར་རྨད་བྱུང་ཆོས།། ཀུན་རྫོགས་གོང་ན་མེད་པའི་ཐེག་པ་འདི། ། བྱ་རྩལ་ཆོས་དང་མི་མཐུན་ཏེ།། ཡོངས་རྫོགས་ཆེན་པོའི་ཆོས་ཅིག་བཤད།། གོང་ན་མེད་པའི་ཆོས་ཅིག་བཤད།། རྒྱུ་འབྲས་འདས་པའི་ཆོས་ཅིག་བཤད།། རྩོལ་བསྒྲུབ་འདས་པའི་ཆོས་ཅིག་བཤད། ། བྱ་རྩལ་འདས་པའ་ཆོས་ཅིབ་བཤད།། ཡེ་སངས་རྒྱས་པའི་ཆོས་ཅིག་བཤད།། སྒྲིབ་གཡོགས་མེད་པའི་ཆོས་ཅིག་བཤད།། འོད་གསལ་ཆེན་པོའི་ཆཽས་ཅིག་བཤད།། གསལ་བ་ཟང་ཐལ་ཆོས་ཅིག་བཤད། ། རང་སྣང་རང་གྲོལ་ཆོས་ཅིག་བཤད།། དུག་ལྔ་མེད་པའི་ཆོས་ཅིག་བཤད།། ཉོན་མོངས་གཏན་རླག་ཆོས་ཅིག་བཤད།། འགྲོ་དྲུག་སེམས་ཅན་མེད་པའི་ཆོས་ཅིག་བཤད།། ངན་སོང་གསུམ་པོ་མེད་པའི་ཆོས་ཅིག་བཤད། ། མཐོ་རིས་འགྲོ་ས་མེད་པའི་ཆོས་ཅིག་བཤད།། དགེ་སྡིག་མེད་པའི་ཆོས་ཅིག་བཤད།། རྣམ་རྟོག་ཐོག་རྫིས་ཆོས་ཅིག་བཤད།། སྡུག་བསྔལ་གཏད་སངས་ཆོས་ཅིག་བཤད།། འཁོར་བ་གཏན་བརླག་ཆོས་ཅིག་བཤད། ། ཐེག་མེད་འཇུག་པའི་སྒོ་མེད་ཆོས་ཅིག་བཤད།། འཁྲུལ་བ་སྤངས་པས་གྲུབ་མཐའ་མེད་པའི་ཆོས་ཅིག་བཤད།། ང་བདག་ཉོན་མོངས་ཡོ་ཟད་ཆོས་ཅིག་བཤད།། རིག་མེད་འགྱུ་མེད་སེམས་ལས་འདས་པའི་ཆོས་ཅིག་བཤད། ། སྙིང་པོ་ཆིག་ཚུགས་ཆོས་ཅིག་བཤད།། ཡང་སྙིང་གསང་བའི་བཅུད་འདུས་བཤད།། འདི་ཤེས་ཀུན་ཤེས་ཆོས་ཅིག་བཤད།། འདི་གོ་ཆོས་རྣམས་ཀུན་ཤེས་བཤད།། འདིར་ཞུགས་ཐེག་པ་ཀུན་གྱི་སྒོ་ཕྱེད་ཆོས་ཅིག་བཤད། ། འདི་ཁྲོལ་ཐེག་པ་ཀུན་གྱི་མཁྱུད་ཁྲོབ་བཤད།། སྙིང་པོ་བཅུད་འདུས་ཆོས་ཅིག་བཤད།། འདི་ཡོད་ཀུན་འཆང་ཆོས་ཅིག་བཤད།། འདི་ལྟས་ཀུན་མཐོང་ཆོས་རྣམས་ཀུན་གྱི་ཉི་ཟླར་བཤད། ། གཅིག་ཤེས་ཀུན་གྲོལ་ཆོས་ཅིག་བཤད།། ཅེས་གསུངས་སོ།། རིན་པོ་ཆེ་གསེར་གྱི་ཉི་མས་མ་རིག་ཀ་དག་གི་རྒྱུད་ལས།། ཡོངས་རྫོགས་རིན་པོ་ཆེ་བཤད་ཐབས་ཀྱི་ལེའུ་སྟེ་གཉིས་པའོ།།།། དེ་ནས་རང་བྱུང་ངང་དངས་ཀྱིས། ། སྙིང་པོ་སྐྱེ་མེད་སྟོན་པ་ལ།། ཆོས་ཉིད་དོན་གྱི་གནས་ལུགས་ཇི་ལྟར་ལགས།། ཞེས་ཞུས་པ་དང།། སྟོན་པས་འཁོར་ལ་བཀའ་སྩལ་པ།། ཆོས་ཉིད་དོན་གྱི་གནས་ལུགས་ནི།། མཚོན་པའི་མི་བྲལ་གཏིང་མཐའ་ཡས། ། མི་སྣང་ངོ་བོ་གསལ་བའི་བདག། སྐྱེ་མེད་དམིགས་ལས་འདས་པ་ཡི།། ཀུན་ལྡན་གང་དུའང་གྲུབ་པ་མེད།། དཔེ་མེད་ཟླ་མེད་ནམ་མཁའི་དབྱིངས།། དངོས་མེད་རྣམ་ཤེས་སྤྱོད་ཡུལ་མིན། ། ཡེ་མེད་གཏིང་མེད་བློ་ལས་འདས།། ཆོས་ཉིད་རང་བཞིན་མཚོན་དུ་མེད།། སྙིང་པོ་རང་བཞིན་རྒྱུ་རྐྱེན་མེད།། གནས་ལུགས་རང་བཞིན་ཐོག་མཐའ་མེད།། ཀུན་གཞིའི་རང་བཞིན་སྐྱེ་འགག་མེད།། ཆོས་ཉིད་རང་བཞིན་བསམ་བརྗོད་བློ་ཡི་ཡུལ་ལས་གྲོལ་མི་སྣང་ཀུན་གྱི་དངོས་གཞི་ཅན། ། དངོས་པོ་སྣ་ཚོགས་གཞི་མ་གྲུབ།། ཚོགས་བརྒྱད་སྤྱོད་ཡུལ་མ་ཡིན་གཏིང་མཐའ་ཡས།། ཞེས་གསུངས་སོ།། རིན་པོ་ཆེ་གསེར་གྱི་ཉི་མས་མ་རིགས་གཏི་མུག་ཀ་དག་ཡེ་སངས་རྒྱས་པའི་རྒྱུད་ལས། ། ཆོས་ཉིད་དོན་གྱི་གནས་ལུགས་བསྟན་པའི་ལེའུ་སྟེ་གསུམ་པའོ།།།། དེ་ནས་རང་བྱུང་ངང་དངས་ཀྱིས།། སྐྱེ་མེད་དོན་གྱི་སྟོན་པ་ལ། རིག་པ་རྩལ་གྱི་ཤར་ལུགས་ཇི་ལྟར་ཤར།། ཅེས་ཞུས་པ་དང།། སྟོན་པས་འཁོར་ལ་བཀའ་སྩལ་པ།། སྙིང་པོ་ཆོས་ཉིད་མཁའ་དབྱིངས་ནས།། རིག་པ་རྩལ་གྱི་ཤར་ལུགས་ནི།། གཞི་ཡིས་ངང་ལས་རླུང་གི་རྩལ། ། རླུང་ལས་འབྱུང་ལྔ་རྩལ་དུ་ཤར།། འབྱུག་ལྔའི་རྩལ་ལས་འོད་ལྔ་ཤར།། འོད་ལས་རྩལ་དང་ཟེར་དུ་ཤར།། དེ་ལས་ཤེས་པ་རིག་པའི་རྩལ།། དེ་ལ་རང་བཞིན་ངོ་བོ་ཐུགས་རྗེ་རྩལ་དུ་ཤར།། རིག་པ་ཡེ་གནས་དེ་དོན་རིག། མ་རིག་པ་ཡི་མུན་པ་བཅོམ།། ཡིད་འཁྲུལ་རྣམ་གསུམ་རྩད་ནས་བཅད།། སྙིང་པོ་རྩལ་རིག་ངང་ཐིམ་པས།། འགྱུ་བའི་རླུང་མེད་འཁྲུལ་པ་སངས།། རྐྱེན་རྣམས་རང་གྲོལ་མངོན་སངས་རྒྱས།། སྐུ་གསུམ་རྒྱལ་བའི་ཕོ་བྲང་སྟེ། ། ཀུན་བཟང་བྱ་རྩལ་མེད་པར་ཡེ་སངས་རྒྱས།། བྱས་པ་མ་ཡིན་ཀློང་དུ་གྱུར།། དེ་ཕྱིར་སངས་རྒྱས་སྐུ་དང་ཡེ་ཤེས་ལྔ་ཡི་རྩལ།། ཅེས་གསུངས་སོ།། རིན་པོ་ཆེ་གསེར་གྱི་ཉི་མས་མ་རིག་ཀ་དག་གི་རྒྱུད་ལས། ། ཀུན་ཏུ་བཟང་པོ་ཡང་ངའི་རོལ་པའི་རྩལ་དུ་ཤར་ཏེ་ཀློང་དུ་ཐིམ་པས།། བྱ་རྩལ་མེད་པར་སངས་རྒྱས་པར་བསྟན་པའི་ལེའུ་སྟེ་བཞི་པའོ།།།། དེ་ནས་ངང་དངས་ཁྱེའུ་ཆུང་གིས།། སྐྱེ་མེད་དོན་གྱི་སྟོན་པ་ལ། ། དེ་དོན་མ་རྟོགས་འགྲོ་དྲུག་སེམས་ཅན་རིགས་དྲུག་རོལ་པའི་རྩལ་དུ་ཇི་ལྟར་ཤར།། ཅེས་ཞུས་པས།། སྟོན་པས་འཁོར་ལ་བཀའ་སྩལ་པ།། ཡེ་དོན་མ་རྟོགས་སེམས་ཅན་ནི།། རང་བཞིན་ངོ་བོ་ཐུགས་རྗེ་མཉམ་མོད་ཀྱང། ། རིག་པས་སྐྱེ་མེད་མ་རྟོགས་ཡང་དག་དོན་མ་རིག། དེ་ཕྱིར་མ་རིག་ང་བདག་གིས།། ཡིད་འགྱུས་རིག་སྐྱེས་སེམས་འཁྲུལ་བས།། འཁོར་ལོ་གསུམ་ཚུད་མུན་པའི་འཁོར་སྒོར་འཁྱམས།། དུག་ལྔ་དུག་གསུམ་ལ་སོགས་ཉོན་མོངས་རྣམས། ། རང་གི་རྒྱུད་ལས་བྱུང་ནས་རང་ཉིད་མནར།། དེ་ཡི་སྟོབས་ལས་འོད་ཀྱི་གཟུགས་སུ་ཤར།། དེ་ཡི་རྩལ་ལས་རིག་གཟུགས་ཤ་གཟུགས་ཤར།། གསལ་དང་མི་གཡོ་མི་འགྱུར་མ་འགགས་ལས། ། དེ་ཡི་རྩལ་ལས་དོན་སྙིང་རྣམ་ལྔར་ཤར།། དེ་ལས་ལུས་རྟེན་གཞི་མ་ལྔ་རུ་ཤར།། དེ་ལས་ཆུ་སེར་ཁྲག་དང་ཤ་དང་རུས་པར་ཤར།། དེ་ལས་སྲོག་རྩ་ལ་སོགས་རྩ་ཡི་ཏྲ་བར་ཤར།། དེ་ལས་ནང་རོལ་སྨད་ལྔར་ཤར། ། དེ་ལས་ཡན་ལག་ལྔ་རུ་ཤར།། དེ་ལས་དབང་པོ་ལྔ་རུ་ཤར།། དེ་ལས་ཡུལ་འཛིན་ལྔ་རུ་ཤར།། དེ་ལས་ཁ་དོག་ལྔ་རུ་ཤར།། དེ་ལས་ཕྱོགས་མཚམས་བྱེ་བྲག་དང།། སྣོད་བཅུད་འདུལ་གཞི་བཞི་རྣམས་ཤར། ། སངས་རྒྱས་སེམས་ཅན་འཁོར་འདས་རྩལ་དུ་ཤར།། བདེ་སྡུག་ཆགས་སྡང་རྩལ་དུ་ཤར།། དེ་ལ་སོགས་པའི་སྣང་བཏགས་བློས་བཏགས་རིལ་པོར་ང་ལས་ཤར།། ཅེས་གསུངས་སོ། ། རིན་པོ་ཆེ་གསེར་གྱི་ཉི་མས་མ་རིག་གཏི་མུག་ཀ་དག་གི་རྒྱུད་ལས།། རིག་རྩལ་གྱི་ཤར་ལུགས་བསྟན་པའི་ལེའུ་སྟེ་ལྔ་པའོ།།།། དེ་ནས་རང་བྱུང་ངང་དངས་ཀྱིས།། སྐྱེ་མེད་དོན་གྱི་སྟོན་པ་ལ། ། ཆོས་ཅན་མཚན་མའི་གྲོལ་ལུགས་ནི།། བདག་ཅག་རྣམས་ལ་བཤད་དུ་གསོལ།། ཅེས་ཞུས་པ་དང།། སྟོན་པས་འཁོར་ལ་གྲོལ་ལུགས་བཤད།། འཁོར་རྣམས་མ་ཡེངས་གུས་པས་ཉོན།། དེ་ལ་ཆོས་ཅན་མཚན་མར་སྣང་བ་རྣམས། ། ཆོས་ཉིད་སྙིང་པོའི་ཀློང་དུ་གྲོལ།། རིག་པ་རྩལ་གྱི་ཤར་ལུགས་རྣམས།། རིག་མེད་སྐྱེ་བ་མེད་པར་གྲོལ།། འགྱུ་བ་ཡིད་ཀྱི་དྲན་རྟོགས་རྣམས།། ཐོལ་དབྱུང་ངང་དངས་དབྱངས་སུ་གྲོལ།། གསལ་བ་སེམས་ཀྱི་ཆགས་སྡང་རྣམས། ། རང་སངས་གསལ་དག་ཀློང་དུ་གྲོལ།། ཤེས་རིག་བློ་ཡི་འཁྲུལ་བ་རྣམས།། ཐག་ཆོད་འཁྲུལ་སངས་དབྱིངས་སུ་གྲོལ།། སྒོ་ལྔ་ཡུལ་སེམས་གཟུང་འཛིན་རྣམས།། འཛིན་མེད་ཟང་ཐལ་གསལ་དག་ཀློང་དུ་གྲོལ། ། སྣང་སྲིད་སྣོད་བཅུད་ཆོས་རྣམས་ཀུན།། རང་སྣང་རང་གྲོལ་དབྱེ་བསལ་མེད་པར་གྲོལ།། ཕྱི་ནང་གཉིས་བཟུང་དགྲ་གཉེན་ཕྱོགས་རིས་རྣམས།། གཟུང་འཛིན་དགག་བསྒྲུབ་ཆགས་སྡང་མེད་པས་གྲོལ། ། སྣ་ཚོགས་ཆོས་རྣམས་སྣང་བ་རྣམས།། ཐ་སྙད་མཚོན་བརྗོད་མེད་པར་གྲོལ།། གྲུབ་མཐའ་བློ་ལ་སྣང་བ་རྣམས།། བློ་འདས་གྲུབ་མཐའ་མེད་པར་གྲོལ།། བལྟ་བྱ་བསྒོམ་བྱ་སྤྱོད་བྱ་རྣམས། ། ལྟ་སྒོམ་སྤྱོད་པ་མེད་པར་གྲོལ།། བློ་ལ་སྣང་བའི་འཁྲུལ་པ་རྣམས།། འཁྲུལ་སངས་བློ་ཟད་རྣམ་རྟོག་ཉོན་མོངས་ཟད།། ཆོས་ཉིད་རྩིས་བརྡབ་བཅས་བཅོས་མེད་པར་གྲོལ།། ཅེས་གསུངས་སོ།། རིན་པོ་ཆེ་གསེར་གྱི་ཉི་མས་མ་རིག་ཀ་དག་གི་རྒྱུད་ལས། ། ཆོས་ཅན་མཚན་མའི་གྲོལ་ལུགས་བསྟན་པའི་ལེའུ་སྟེ་དྲུག་པའོ།།།། དེ་ནས་རང་བྱུང་ངང་དངས་ཀྱིས།། སྐྱེ་མེད་དོན་གྱི་སྟོན་པ་ལ།། དགེ་བ་མ་སྤྱད་ཇི་ལྟར་གྲོལ། ། ཅེས་ཞུས་པ་དང།། སྟོན་པས་འཁོར་ལ་བཀའ་སྩལ་པ།། ཡོངས་རྫོགས་ཆེན་པོའི་ཐེགཔ་རྟོགས་ན་དགེ་བ་མ་སྤྱད་གྲོལ་བར་བཤད་དོ།། བྱར་མེད་དལ་བར་བསྡད་པས་ཆོག། དགེ་བཅུ་ཕྱེད་དུ་མི་བྱེད་དེ། ། རྩོལ་བ་མེད་པར་བཞག་པས་ཆོག། ལུས་ཀྱི་རྒྱལ་པོ་བྱ་རྩལ་མེད།། ཕྱག་འཚལ་བསྐོར་བ་བྱ་མི་དགོས།། ངག་གི་རྒྱལ་པོ་བརྗོད་མེད་ཡིན།། མདོ་དང་བཟླས་བརྗོད་བྱ་མི་དགོས།། ཡིད་ཀྱི་རྒྱལ་པོ་གཡོ་མེད་ཡིན། ། བསམ་རྟོག་ཕུར་མ་བྱ་མི་དགོས།། བྱར་མེད་གཡོ་བ་མེད་པ་ལ།། བྱས་པའི་སྤྱོད་པ་བྱ་མི་དགོས།། ངང་རྒྱུད་བཟང་ལ་མ་བཅོས་གནས།། ཐ་མལ་དལ་བ་གོ་བདེ་བ།། ཐུགས་རྗེས་ཕྱོགས་རིས་མེད་པར་ཁྱབ། ། ཡོངས་ལ་ཁྱབ་པའི་སྙིང་རྗེས་མཛད།། དགོངས་པའི་ཀློང་ནས་དལ་བར་བཞུགས།། གཡོ་འགུལ་མེད་པའི་དགོངས་པར་གནས།། དེ་ལ་རྟོགས་པའི་ཆོས་སྤྱོད་རྩོལ་བའི་ནད།། ཅེས་གསུངས་སོ། ། རིན་པོ་གསེར་གྱི་ཉི་མས་མ་རིག་ཀ་དག་གི།། རྒྱུད་ལས།། དགེ་བ་མ་སྤྱད་གྲོལ་བར་བསྟན་པའི་ལེའུ་སྟེ་བདུན་པའོ།།།། དེ་ནས་རང་བྱུང་ངང་དངས་ཀྱིས།། སྐྱེ་མེད་དོན་གྱི་སྟོན་པ་ལ།། སྡིག་པ་མ་སྤྱད་ཇི་ལྟར་དག། ཅེས་ཞུས་པ་དང།། སྟོན་པས་འཁོར་ལ་བཀའ་སྩལ་པ།། ཀུན་རྫོགས་གོང་ན་མེད་པའི་ཐེག་པ་འདི།། གཏིང་མཐའ་ཡས་པའི་ཀློང་གནས་པས།། སྡིག་ལ་ཕྱེད་དུ་མི་སྤྱོད་ལ།། དགེ་བ་བློ་ཡིས་མི་སྤོང་སྟེ། ། དགེ་བ་མི་བྱེད་སྡིག་མི་སྤྱོད།། དགེ་སྡིག་གཉིས་ཀ་ངང་གིས་དག། དེ་ལ་སྡིག་པའི་དག་ལུགས་ནི།། རིག་པ་མུ་མཐའ་གྲོལ་བའི་ཀློང་ཆེན་དུ།། སྔོན་ཐོག་དུས་ནས་ད་ལྟ་ཡན་ཆོད་དུ།། ཀ་དག་འོག་གསལ་མུ་མཐའ་ཡོངས་གྲོལ་དུ། ། སྡིག་པ་ཅིག་སྤྱད་ཡོངས་སུ་དག་པར་བཤད།། དེ་ཡང་ཅི་ལྟར་དག་ཅི་ན།། སྙིང་པོ་གཡོ་མེད་ཀ་དག་ཀློང་གནས་པས།། ལུས་ཀྱི་སྲོག་གཅོད་རྐུ་འཕྲོག་སྡིག་པ་དག། ངག་གི་རྫུན་དང་ཕྲ་མ་ཚིག་རྩབ་ངག་འཁྱལ་བ། ། ཡིད་ཀྱི་གནོད་སེམས་ལོག་པར་ལྟ་བ་ཡན་ཆད་ཀྱིས།། ལུས་ངག་ཡིད་གསུམ་སྡིག་པ་ཅི་སྤྱད་རྣམས།། སྙིང་པོ་སྐུ་གསུང་ཐུགས་ཀྱི་ཀློང་དུ་དག། སྐུ་ལྔ་ཡེ་ཤེས་ལྔ་ཡི་དོན་རྟོགས་པས། ། མཚམས་མེད་ལྔ་པོ་ངང་གིས་དག། མི་སྤྱོད་ཆོས་ཉིད་དགེ་བའི་ཀློང་གནས་པས།། སྡིག་པ་བཅུ་པོ་ངང་གིས་དག། སྐུ་ལྔ་ཡེ་ཤེས་ལྔ་ཡི་དོན་རྟོགས་པས།། མཚམས་མེད་ལྔ་པོ་ངང་གིས་དག། མི་སྤྱོད་ཆོས་ཉིད་དགེ་བའི་ཀློང་གནས་པས། ། སྡིག་པ་བཅུ་པོ་ངང་གིས་དག། སྡིག་སྤྱད་བསྐལ་ལ་ཐེར་འབུལ་རྣམས།། གཏིང་ཡངས་མུ་མཐའ་ཡོངས་སུ་གྲོལ།། ཅེས་གསུངས་སོ།། རིན་པོ་ཆེ་གསེར་གྱི་ཉི་མས་མ་རིག་ཀ་དག་གི་རྒྱུད་ལས། ། སྡིག་པ་མ་སྤངས་ངང་གིས་དག་པའི་ལེའུ་སྟེ་བརྒྱད་པའོ།།།། དེ་ནས་རང་བྱུང་ངང་དངས་ཀྱིས།། སྐྱེ་མེད་དོན་གྱི་སྟོན་པ་ལ།། དུག་ལྔ་མ་སྤངས་ཀ་དག་ཇི་ལྟར་དག། ཅེས་ཞུས་པ་དང།། སྟོན་པས་དུག་ལྔ་ཀ་ནས་དག་ལུགས་བཤད། ། འཁོར་རྣམས་མ་ཡེངས་གུས་པས་ཉོན།། དེ་ལ་དུག་ལྔའི་དག་ལུགས་ནི།། ཆོས་ཉིད་ཀ་དག་ཀློང་ཆེན་དུ།། གཏི་མུག་མ་སྤངས་ཀ་ནས་དག། ཞེ་སྡང་མ་སྤངས་ཀ་དག་ཀློང་དུ་དག། འདོད་ཆགས་མ་སྤངས་ཀ་དག་ཀློང་དུ་དག། ང་རྒྱལ་མ་སྤངས་ཀ་དག་ཀློང་དུ་དག། ཕྲག་དོག་མ་སྤངས་ཀ་དག་ཀློང་དུ་དག། དེ་ཡང་ཇི་ལྟར་དག་ཅེ་ན།། གཏི་མུག་ཆོས་ཉིད་དབྱིངས་སུ་དག། དཔེར་ན་ཤེལ་སྒོང་ནང་དུ་སྨན་དུག་གཉིས་དག་ལྟར། ། དཀར་ནག་བཟང་ངན་ཅི་སྣང་ཤེལ་སྒོང་ནང་དུ་དག། དུག་གིས་མ་གོས་སྨན་གྱིས་ཕན་མ་བཏགས།། བཟང་པོ་མ་བསྒྲུབས་ངན་པས་མ་གནོད་དོ།། སྨན་དུག་བཟང་ངན་ཤེལ་སྒོང་ནང་དག་བཞིན། ། དེ་བཞིན་དུག་ལྔའི་དག་ལུགས་ནི།། ང་ནི་དངོས་མེད་ཆོས་དབྱིངས་ཀློང་དུ་དག། ཞེ་སྡང་གསལ་དག་ཀློང་དུ་དག། ང་རྒྱལ་ངང་དངས་གཞི་ལ་དག། འདོད་ཆགས་བདེ་ཆེན་ཀློང་དུ་དག། ཕྲག་དོག་རང་གྲོལ་དབྱིངས་སུ་དག། གཏི་མུག་ཆོས་དབྱིངས་ཀློང་དུ་དག། དུག་ལྔ་མ་སྤངས་སྐུ་ལྔར་དག། ཅེས་གསུངས་སོ།། རིན་པོ་ཆེ་གསེར་ཉི་མས་མ་རིག་ཀ་དག་གི་རྒྱུད་ལས།། དུག་ལྔ་ཀ་ནས་དག་ལུགས་བསྟན་པའི་ལེའུ་སྟེ་དགུ་པའོ། །།། དེ་ནས་རང་བྱུང་ངང་དངས་ཀྱིས།། སྐྱེ་མེད་དོན་གྱི་སྟོན་པ་ལ།། མ་རིག་ཀ་དག་ཇི་ལྟར་དག། ཅེས་ཞུས་པ་དང།། སྟོན་པས་འཁོར་ལ་བཀའ་སྩལ་པ། ། མ་རིག་ཀ་ནས་དག་ལུགས་ནི།། ཐོག་མའི་དུས་ནས་འཐིབས་པའི་མ་རིག་མུན་པ་ལ།། ཀ་དག་གསལ་བའི་ཉི་ཤར་བས།། མི་ཤེས་མ་རིག་མུན་པ་དག། རིན་ཆེན་གསེར་གྱི་ཉི་ཤར་བས།། མ་རིག་མུན་པའི་དམག་རུ་དག། ཤེས་རབ་གསལ་བའི་འོད་གསལ་བས།། ཡེ་ནས་མ་རིག་ཡོངས་སུ་དག། ཡེ་ཤེས་འོད་གསལ་དོན་རྟོགས་པས།། མ་རིག་ཀ་དག་མུན་པ་སངས།། ཞེས་གསུངས་སོ།། རིན་པོ་ཆེ་གསེར་གྱི་ཉི་མའི་རྒྱུད་ལས། ། མ་རིག་ཀ་ནས་དག་པའི་ལེའུ་སྟེ་བཅུ་པའོ།།།། དེ་ནས་རང་བྱུང་ངང་དངས་ཀྱིས།། སྐྱེ་མེད་དོན་གྱི་སྟོན་པ་ལ།། གཏི་མུག་བག་ཆགས་ཇི་ལྟར་སངས།། ཞེས་ཞུས་པ་དང།། སྟོན་པས་འཁོར་ལ་བཀའ་སྩལ་པ། ། བསྐལ་པ་ཐོག་མ་མེད་པ་ནས།། འཐིགས་པའི་གཏི་མུག་མུན་པ་ལ།། རིན་ཆེན་གསེར་གྱི་ཉི་མའི་འོད་ཤར་བས།། གཏི་མུག་མུན་སངས་ཀ་དག་ཀློང་དུ་དག། བག་ཆགས་སྒྲིབ་པ་ཐེར་འབུམ་རྣམས། ། ཡེ་ཤེས་སྣང་གསལ་ཉི་ཤར་བས།། བག་ཆགས་སྒྲིབ་ཀ་ནས་དག། གཏི་མུག་བག་ཆགས་སྒྲིབ་པ་རྣམས།། ཀ་དག་འོད་གསལ་ཀློང་དུ་དག། འོད་གསལ་མ་རྟོགས་གཏི་མུག་ཀྱང།།། ཡེ་དག་དོན་རྟོགས་གཏི་མུག་མེད། ། རྒྱུད་ལ་ཞེན་པའི་བག་ཆགས་ཀྱང།། སྐྱེ་མེད་ཀ་ནས་དག་པས་བག་ཆགས་མེད།། སྙིང་པོ་མ་མཐོང་སྒྲིབ་པ་ཡང།། གསལ་དག་རང་གསལ་སྒྲིབ་པ་མེད།། ཅེས་གསུངས་སོ།། རིན་པོ་ཆེ་གསེར་གྱི་ཉི་མས་མ་རིག་ཀ་ནས་པའི་རྒྱུད་ལས། ། གཏི་མུག་བག་ཆགས་ཉོན་མོངས་ཐམས་ཅད་ཀ་ནས་དག་པའི་ལེའུ་སྟེ་བཅུ་གཅིག་པའོ།།།། དེ་ནས་ངང་དངས་ཁྱེའུ་ཆུང་གིས།། སྐྱེ་མེད་དོན་གྱི་སྟོན་པ་ལ།། ཡེ་ནས་སངས་རྒྱས་ཇི་ལྟར་རྒྱས། ། ཞེས་ཞུས་པ་དང།། སྟོན་པས་འཁོར་ལ་བཀའ་སྩལ་པ།། ཡེ་ནས་སངས་རྒྱས་ཡིན་ལགས་ནི།། ཡེ་ནས་སྐྱེ་མེད་སངས་རྒྱས་ཡིན།། ཡེ་ནས་འགག་མེད་སངས་རྒྱས་ཡིན།། ཡེ་ནས་གཉིས་མེད་སངས་རྒྱས་ཡིན། ། རྒྱུ་རྐྱེན་མེད་པའི་སངས་རྒྱས་ཡིན།། འཕེལ་འགྲིབ་མེད་པའི་སངས་རྒྱས་ཡིན།། ཕྱོགས་ཆ་བྲལ་བའི་སངས་རྒྱས་ཡིན།། ཡེ་ནས་སྙིང་པོ་སངས་རྒྱས་ཡིན།། ཡེ་ནས་ཆོས་ཉིད་སངས་རྒྱས་ཡིན། ། ཡེ་ནས་ཀ་དག་སངས་རྒྱས་ཡིན།། ཡེ་ནས་འོད་གསལ་སངས་རྒྱས་ཡིན།། ཡེ་ནས་ངང་དངས་སངས་རྒྱས་ཡིན།། ཡེ་ནས་གསལ་དག་སངས་རྒྱས་ཡིན།། ཡེ་ནས་སེམས་ཉིད་སངས་རྒྱས་ཡིན། ། དངོས་མེད་དངོས་ཀུན་ཤེས་བས་ཡེ་སངས་རྒྱས།། ཞེས་གསུངས་སོ།། རིན་པོ་ཆེ་གསེར་གྱི་ཉི་མས་མ་རིག་ཀ་ནས་དག་པའི་རྒྱུད་ལས།། ཡེ་ནས་སངས་རྒྱས་པར་བསྟན་པའི་ལེའུ་སྟེ་བཅུ་གཉིས་པའོ། །།། དེ་ནས་ངང་དངས་ཁྱེའུ་ཆུང་གིས།། སྐྱེ་མེད་དོན་གྱི་སྟོན་པ་ལ།། རིགས་དྲུག་སྐྱེ་བའི་གཡང་ས་ཇི་ལྟར་བཅད།། ཅེས་ཞུས་པ་དང།། སྟོན་པས་འཁོར་ལ་བཀའ་སྩལ་པ།། ཨེ་མ་ཐམས་ཅད་ཡེ་ནས་སངས་རྒྱས་ཀྱང། ། དེ་དོན་མ་རྟོགས་འགྲོ་དྲུག་གནས་སུ་སྐྱེས།། ང་བདག་དུག་ལྔ་ཉོན་མོངས་མ་རིག་པས།། ཁམས་གསུམ་འཁོར་བའི་སྡུག་བསྔལ་ཉམས་སུ་མྱོང།། སྙིང་པོ་རང་ངོ་མ་ཤེས་མུན་པའི་འཁོར་སྐོར་ཆུད། ། དེ་ཡི་དབང་གི་འགྲོ་དྲུག་གནས་སྐྱེས་པ།། ཀྱེ་མ་རྣམ་རྟོག་བདག་ཏུ་མ་བཟུང་སེམས་ཅན་རྣམས།། ང་ཡིས་རིགས་དྲུག་སྐྱེ་བའི་སྡུག་བསྔལ་བཤད།། རང་རྒྱུད་ཐུལ་ལ་མ་ཡེངས་གུས་པས་ཉོན།། ཅེས་གསུངས་སོ། ། སྐྱེ་ཤི་རྩད་གཅོད་གཉིས་སུ་བཤད།། རིམས་ཀྱིས་པ་དང་གཅིག་ཆར་བ།། ཅིག་ཆར་བ་ཡི་གཅོད་ལུགས་ནི།། དབང་པོ་ཐོད་རྒལ་སྐལ་ལྡན་གྱིས།། གཅིག་ཆོད་རལ་གྲིའི་གདམས་ངག་གིས།། འཁྲུལ་རྟོག་གང་སྐྱེས་དུས་སུ་དངས། ། རང་བྱུང་རིག་སེམས་ངང་དངས་པས།། སྣང་བ་སྣ་ཚོགས་རང་གྲོལ་སངས།། དེ་ཉིད་ངོ་ཤེས་ཀློང་གྱུར་མངོན་སངས་རྒྱས།། སྐྱེ་བ་མི་ལེན་འགྲོ་དྲུག་གཡང་ས་བཅད།། ཅེས་གསུངས་སོ།། རིམ་འཇུག་པ་ཡི་སྐྱེ་བ་རྩད་གཅོད་ནི། ། ཆོས་ཉིད་གཏིང་མཐའ་ཡས་པའི་ཀློང་ཡངས་ན།། རིག་པའི་ཆོས་ཅན་འགག་མེད་ལས།། རིག་པ་རྩལ་ལ་ཞེ་སྡང་སྐྱེས།། དམྱལ་བའི་གནས་སྐྱེས་བཙོ་བསྲེག་སྡུག་བསྔལ་མྱོང། ། རིག་པ་རྩལ་ལ་སེར་སྣས་བཅིངས།། ཡི་དྭགས་བཀྲེས་སྐོམ་སྡུག་བསྔལ་མྱོང།། རིག་པས་ཡང་དག་དོན་མ་རིག། བྱོལ་སོང་གནས་སྐྱེས་གླེན་ལྐུགས་སྡུག་བསྔལ་མྱོང།། རིག་པའི་རྩལ་ལས་ཕྲག་དོག་སྐྱེས། ། མིར་སྐྱེས་བརྒྱད་དང་བཅུ་དྲུག་སྡུག་བསྔལ་མྱོང།། རིག་པའི་རྩལ་ལས་ང་རྒྱལ་སྐྱེས།། ལྷ་མིན་གནས་སྐྱེས་འཐབ་རྩོད་སྡུག་བསྔལ་མྱོང།། རིག་པའི་རྩལ་ལས་འདོད་ཆགས་སྐྱེས།། ལྷ་ཡི་གནས་སྐྱེས་གཡེང་བའི་སྡུག་བསྔལ་མྱོང། ། དེ་རྣམས་སྐྱེ་གནས་རྩད་བཅད་པ།། རིག་པ་མུ་མཐའ་ཡོངས་གྲོལ་བས།། ཞེ་སྡང་རྩད་ཆོད་འོད་གསལ་བས།། དམྱལ་བར་སྐྱེ་བའི་གཡང་ས་ཆོད།། རིག་མེད་བཅིངས་གྲོལ་སེར་སྣ་མེད། ། ཡི་དྭགས་སྐྱེ་བའི་གཡང་ས་བཅད།། རིག་མེད་ཀ་དག་གཏི་མུག་མེད།། བྱོལ་སོང་སྐྱེ་བ་རྩད་ནས་བཅད།། རིག་མེད་རང་དངས་ཕྲག་དོག་མེད།། མིར་སྐྱེ་བའི་སྡུག་བསྔལ་རྩད་ནས་བཅད།། མིང་མེད་སྐྱེ་བའི་རང་དངས་ང་རྒྱལ་མེད། ། ལྷ་མིན་སྐྱེ་བ་རྩད་ནས་བཅད།། འཐབ་རྩོད་སྡུག་བསྔལ་གང་ཡང་མེད།། འདོད་ཆགས་ངང་དངས་བདེ་ཆེན་ངང།། ལྷ་ཡི་གནས་སྐྱེས་རྩད་ནས་བཅད།། གཡེང་བའི་སྡུག་བསྔལ་མིང་ཡང་མེད། ། ང་མེད་རིས་མེད་ཡང་དག་དོན་རྟོགས་པས།། རིགས་དྲུག་སྐྱེ་བ་རྩད་ནས་བཅད།། ཅེས་གསུངས་སོ།། རིན་པོ་ཆེ་གསེར་གྱི་ཉི་མའི་རྒྱུད་ལས།། རིགས་དྲུག་སྐྱེ་བ་རྩད་ནས་བཅད་པའི་ལེའུ་སྟེ་བཅུ་གསུམ་པའོ། །།། དེ་ནས་རང་བྱུང་ངང་དངས་ཁྱེའུ་ཆུང་གིས།། སྐྱེ་མེད་དོན་གྱི་སྟོན་པ་ལ།། སེམས་ཅན་སངས་རྒྱས་ཇི་ལྟར་ཡིན།། སྟོན་པས་འཁོར་ལ་བཀའ་སྩལ་པ།། གོང་ལྟར་སྐྱེ་ཤི་རྩད་ཆོད་ཀློང་གྱུར་ནས། ། སེམས་ཅན་སངས་རྒྱས་ཡིན་པར་བཤད།། དེ་ཡང་ཡིན་པའི་ཡིན་ལུགས་ནི།། རང་བཞིན་མི་འགྱུར་བ་ཡི་སངས་རྒྱས་ཡིན།། ངོ་བོ་མ་འགག་གསལ་གདངས་སངས་རྒྱས་ཡིན།། ཐུགས་རྗེ་མ་དམིགས་རང་གྲོལ་སངས་རྒྱས་ཡིན། ། ཡོན་ཏན་མངོན་པར་གྲུབ་པའི་སངས་རྒྱས་ཡིན།། འཕྲིན་ལས་སངས་རྒྱས་མེད་པའི་ཐེག་པ་ཡིན།། སེམས་ཅན་ངང་དངས་སངས་རྒྱས་ཡིན།། དུག་གསུམ་རང་བརླག་སྐུ་གསུམ་ཡིན། ། དུག་ལྔ་རང་སངས་སྐུ་ལྔ་ཡིན།། ཉོན་མོངས་རང་སངས་ཆོས་ཉིད་ཡིན།། རྣམ་རྟོག་རང་སངས་ཡེ་ཤེས་ཡིན།། མ་རིག་ཀ་དག་འོད་གསལ་ཡིན།། རྣམ་རྟོག་བློ་ཟད་ཡེ་ཤེས་ཡིན།། དེ་ཕྱིར་སེམས་ཅན་སངས་རྒྱས་ཡིན། ། དེ་ལྟར་རྟོགས་ན་ཆོས་རྣམས་རྟོགས་པར་བསྟན།། ཅི་ཕྱིར་ཞེ་ན།། ཆོས་ཀུན་རྩ་བ་གཅིག་རྟོགས་པས།། དེ་ཉིད་དབང་དུ་ཐམས་ཅད་འདུས།། ཆོས་ལ་དབང་སྒྱུར་ཆོས་རྣམས་ཤེས།། ཡེ་དབང་ཆེན་པོ་ཡོངས་སུ་རྫོགས། ། ཞེས་གསུངས་སོ།། རིན་པོ་ཆེ་གསེར་གྱི་ཉི་མས་མ་རིག་ཀ་དག་གི་རྒྱུད་ལས།། སེམས་ཅན་སངས་རྒྱས་ཡིན་པ་དང།། དེ་རྟོགས་ཆོས་རྣམས་རྟོགས་པར་བསྟན་པའི་ལེའུ་སྟེ་བཅུ་བཞི་པའོ། །།། དེ་ནས་ངང་དངས་ཁྱེའུ་ཆུང་གིས།། སྐྱེ་མེད་དོན་གྱི་སྟོན་པ་ལ།། ཐེག་པའི་ལྟ་སྒོམ་ཇི་ལྟར་མེད།། ཅེས་ཞུས་པ་དང།། སྟོན་པས་འཁོར་ལ་བཀའ་སྩལ་པ།། ཡོངས་རྫོགས་གོང་ན་མེད་པའི་དོན་རྟོགས་ན། ། གཏིང་ཡངས་མུ་མཐའ་ཡོངས་གྲོལ་བས།། དེ་ལས་ཕྱོགས་མེད་གཏད་འཛིན་མེད།། དེ་ཕྱིར་ཐེག་པའི་ལྟ་སྒོམ་མེད།། དེ་ཡང་ཇི་ལྟར་མེད་ཅེ་ན།། མཐའ་ཆོད་ཕྱོགས་བྲལ་ལྟ་བ་རྟོགས།། བློ་འདས་ལྟ་སྒོམ་ངང་གིས་མེད། ། འོད་གསལ་ཆོས་ཉིད་ཀློང་འཕྱོ་བས།། འཛིན་རྟོག་བསམ་བསྒོམ་ངང་གིས་མེད།། བྱ་བྲལ་རྩོལ་མེད་ངང་གནས་པས།། བྱ་རྩལ་རྩོལ་བསྒྲུབ་སྤྱོད་པ་མེད།། ཡེ་གནས་དོན་རྟོགས་འདུ་འབྲལ་མེད།། རེ་དོགས་ཡིད་སྨོན་འབྲས་བུ་མེད། ། མུ་མཐའ་ཡོངས་གྲོལ་ཀློང་གནས་ན།། ཐེག་པའི་ཞེ་འདོད་ལྟ་སྒོམ་མེད་པར་བཤད།། ཅེས་གསུངས་སོ།། རིན་པོ་ཆེ་གསེར་གྱི་ཉི་མའི་རྒྱུད་ལས།། ཐེག་པའི་ལྟ་སྒོམ་མེད་པར་བསྟན་པའི་ལེའུ་སྟེ་བཅོ་ལྔ་པའོ། །།། དེ་ནས་ངང་དངས་ཁྱེའུ་ཆུང་གིས།། སྐྱེ་མེད་དོན་གྱི་སྟོན་པ་ལ།། མ་བསྒྲུབས་པ་རུ་གྲུབ་པ་ན།། མ་བཙལ་རང་ལས་ཇི་ལྟར་རྙེད།། ཅེས་ཞུས་པ་དང།། སྟོན་པས་འཁོར་ལ་བཀའ་སྩལ་པ། ། ཡོངས་རྫོགས་བླ་མེད་ཐེག་པ་འདིར།། བསྒྲུབས་པའི་འབྲས་བུ་མི་འདོད་དེ།། མ་བསྒྲུབས་པ་ཡི་འབྲས་བུ་ཡིན།། ཐེག་པ་རིམ་དགུའི་རྩོལ་བསྒྲུབ་འབྲས་བུ་ཞེ་འདོད་ཡིན།། རྩོལ་བས་བསྒྲུབས་པས་དོན་མི་གྲུབ། ། ཞེ་འདོད་འབྲས་བུ་བློ་བཏགས་ཡིན།། བློ་བཏགས་ཆོས་ཀྱིས་སངས་མི་རྒྱ།། དེ་ཕྱིར་བློ་འདས་ཐེག་པ་འདི།། གཏིང་མཐའ་ཡས་པའི་ཀློང་དཀྱིལ་ནས།། མུ་མཐའ་ཡོངས་གྲོལ་གདམས་ངག་གིས། ། མ་བསྒྲུབས་རང་ལ་ལྷུན་གྱིས་གྲུབ།། གྲུབ་ཟིན་དོན་ལས་མ་འདས་ན།། ད་གདོད་རྩོལ་བས་བསྒྲུབ་ཏུ་མེད།། མེད་པ་དེ་ཀ་གྲུབ་པ་ཡིན།། ཞེས་གསུངས་སོ།། མ་བཙལ་རང་ལས་རྙེད་པ་ནི།། ཐོག་མེད་དུས་ནས་རང་ཆས་ལྡན། ། རང་ལས་ཡེ་ནས་གཞན་མི་འཚོལ།། སྐྱེ་མེད་སྙིང་པོ་ཆོས་སྐུ་དེ།། རང་ལས་རྙེད་པས་གཞན་ན་མེད།། མཐའ་ཡས་ཆོས་ཉིད་དབྱིངས་ཆེན་ནས།། སྙིང་པོ་སྐྱེ་མེད་ཀ་ནས་དག། དོན་དམ་ཆོས་སྐུ་ངང་ལས་རྙེད། ། བློ་འདས་འབྲས་བུ་རང་ཆས་ལྡན།། གཞན་ལས་མ་བཙལ་ལྷུན་གྲུབ་པས།། མ་བཙལ་ཆོས་སྐུ་རང་ལས་རྙེད།། ཅེས་གསུངས་སོ།། རིན་པོ་ཆེ་གསེར་གྱི་ཉི་མའི་རྒྱུད་ལས།། མ་བསྒྲུབས་པ་རུ་གྲུབ་པ་དང། ། མ་བཙལ་རང་ལས་རྙེད་པའི་ལེའུ་སྟེ་བཅུ་དྲུག་པའོ།།།། དེ་ནས་ངང་དངས་ཁྱེའུ་ཆུང་གིས།། སྐྱེ་མེད་དོན་གྱི་སྟོན་པ་ལ།། མ་བསྒོམས་མཐའ་རུ་ཇི་ལྟར་ཕྱིན།། ཅེས་ཞུས་པ་དང།། སྟོན་པས་འཁོར་ལ་བཀའ་སྩལ་པ། ། མ་བསྒྲུབས་མཐའ་རུ་གྱིན་པ་ནི།། ཡོངས་རྫོགས་བླ་མེད་ཐེག་པ་ཡིན།། དེ་ཡང་ཇི་ལྟར་ཡིན་ཞེ་ན།། ཆོས་ཉིད་གཏིང་ཡངས་དོན་རྟོགས་པས།། མ་བསྒོམས་པ་རུ་མཐའ་རུ་ཕྱིན། ། ཡིད་བཟུང་དྲན་རྟོག་མི་བསྒོམ་སྟེ།། ཆོས་ཉིད་དོན་གྱི་ཀློང་གནས་པས།། མ་བསྒོམས་མཐའ་རུ་ཕྱིན་པ་ཡིན།། ཉོན་མོངས་མ་རྟོགས་ཇི་སྙེད་ཀུན།། རང་བྱུང་ངང་དངས་མུ་མཐའ་གྲོལ།། གཏིང་མཐའ་ཡས་པའི་ཀློང་གནས་པས། ། མ་བསྒོམས་མཐའ་རུ་ཕྱིན་པ་ཡིན།། རྩ་རླུང་ལྷ་སྐུ་མི་བསྒོམ་སྟེ།། སྙིང་པོ་དོན་གྱི་ཀློང་གནས་པས།། མ་བསྒོམས་པ་རུ་མཐའ་རུ་ཕྱིན།། བསམ་གཏན་བསྒོམ་པ་དམིགས་མེད་པས།། མ་བསྒོམས་པ་རུ་མཐའ་རུ་ཕྱིན། ། ཐེག་དགུའི་བསྒོམ་བཞིན་མི་བསྒོམ་པས།། མ་བསྒོམས་པ་རུ་མཐའ་རུ་ཕྱིན།། མུ་མེད་མཐའ་སྟོང་དོན་རྟོགས་པས།། གང་ཡང་བློ་ཡི་མི་བསྒོམ་པས།། མ་བསྒོམས་མཐའ་རུ་ཕྱིན་པ་ཡིན། ། ཞེས་གསུངས་སོ།། རིན་པོ་ཆེ་གསེར་གྱི་ཉི་མས་མ་རིག་ཀ་དག་གི་རྒྱུད་ལས་མ་བསྒོམས་མཐའ་རུ་ཕྱིན་པའི་ལེའུ་སྟེ་བཅུ་བདུན་པའོ།།།། དེ་ནས་ངང་དངས་ཁྱེའུ་ཆུང་གིས།། སྐྱེ་མེད་དོན་གྱི་སྟོན་པ་ལ། ། མ་བསྲུངས་ཀ་ནས་ཇི་ལྟར་དག། ཅེས་ཞུས་པ་དང།། འཁོར་ལ་བཀའ་སྩལ་པ།། མ་བསྲུངས་ཀ་ནས་དག་པ་ནི།། ཀུན་རྫོགས་ཆེན་པོའི་ཐེག་པ་ཡིན།། ཆོས་ཉིད་གཏིང་ཡངས་དོན་རྟོགས་པས། ། མ་བསྲུངས་པ་རུ་ཀ་ནས་དག། སྐྱེ་མེད་ཀ་དག་ཀློང་གནས་པས།། དམ་ཚིག་མ་བསྲུངས་ཀ་ནས་དག། སྙིང་པོའི་དོན་ལས་མི་འདའ་བས།། དམ་ཚིག་མ་བསྲུངས་ཀ་ནས་དག། སྙིང་པོ་ཆོས་ཉིད་ཀ་དག་ལ། ། གཡོ་སྒྱུ་ཉམས་འགྲིབ་སྐྱོན་མེད་པས།། མ་བསྲུངས་དམ་ཚིག་ཀ་ནས་དག། ཅེས་གསུངས་སོ།། རིན་པོ་ཆེ་གསེར་གྱི་ཉི་མས་མ་རིག་ཀ་དག་གི་རྒྱུད་ལས།། མ་བསྲུངས་ཀ་ནས་དག་པའི་ལེའུ་སྟེ་བཅོ་བརྒྱད་པའོ། །།། དེ་ནས་ངང་དངས་ཁྱེའུ་ཆུང་གིས།། སྐྱེ་མེད་དོན་གྱི་སྟོན་པ་ལ།། མ་སྦྱངས་སྒྲིབ་རྣམས་ཇི་ལྟར་དག། ཅེས་ཞུས་པ་དང།། སྟོན་པས་འཁོར་ལ་བཀའ་སྩལ་པ།། ཀུན་རྫོགས་ཐོད་རྒལ་ཐེག་པ་ལ།། སྒྲིབ་པ་སྦྱང་དང་མི་འཚལ་ཏེ། ། སྐྱེ་མེད་ཀ་དག་དོན་རྟོགས་པས།། མ་སྦྱངས་སྒྲིབ་རྣམས་ཀ་ནས་དག། ཆོས་ཉིད་ཀ་དག་སྒྲིབ་དག་པས།། སྒྲིབ་གཉིས་མ་སྦྱངས་ཀ་ནས་དག། བློ་འདས་མུ་མཐའ་ཡོང་གྲོལ་བས།། སྒྲིབ་གཉིས་མ་སྦྱངས་ཀ་ནས་དག། གཏིང་ཡངས་སྙིང་པོའི་ཀློང་གནས་པས།། སྒྲིབ་པ་མ་སྦྱངས་ཀ་ནས་དག། ཐེག་གཞན་ཆོས་ཚུགས་སྒྲིབ་པ་མ་སྦྱངས་པར།། སྐྱེ་མེད་ཀ་དག་དོན་རྟོགས་སྒྲིབ་པ་རྣམ་པར་དག། ཅེས་གསུངས་སོ། ། རིན་པོ་ཆེ་གསེར་གྱི་ཉི་མའི་རྒྱུད་ལས།། མ་སྦྱངས་པར་སྒྲིབ་པ་ཀ་ནས་དག་པར་བསྟན་པའི་ལེའུ་སྟེ་བཅུ་དགུ་པའོ།།།། དེ་ནས་ངང་དངས་ཁྱེའུ་ཆུང་གིས།། སྐྱེ་མེད་དོན་གྱི་སྟོན་པ་ལ།། དེ་རྣམས་ལ་འདའ་ཇི་ལྟར་ལགས། ། ཞེས་ཞུས་པ་དང།། སྟོན་པས་འཁོར་ལ་བཀའ་སྩལ་པ།། ལ་འདའ་ཆེན་པོ་ང་ཡིས་བཤད།། འཁོར་རྣམས་མ་ཡེངས་གུས་པས་ཉོན།། ཡོངས་རྫོགས་ཐོད་རྒལ་ཐེག་པ་ཡི།། ལ་འདའ་ཆེན་པོ་འདི་ལྟར་བཤད། ། འཇུག་མེད་བསྒོམ་མེད་བསྲུང་མེད་པའི་བྱ་རྩལ་རྩོལ་བསྒྲུབ་མེད་པར་ལ་འདའ་བོ།། ལྟ་མེད་སྒོམ་མེད་སྤྱོད་མེད་པའི་ཐེག་མེད་བློ་འདས་ཀློང་དུ་ལ་འདའ་བོ།། སྦྱང་བསྒྲོད་ས་ལམ་མེད་པ་ཡིས། ། སྦྱང་ཞིང་བསྒྲོད་དུ་མེད་པར་ལ་འདའ་བོ།། གཞི་མེད་འཁྲུལ་མེད་རྐྱེན་མེད་པའི།། གཞི་འཁྲུལ་རྒྱུ་རྐྱེན་མེད་པར་ལ་འདའ་བོ།། མ་རིག་སྒྲིབ་མེད་ཀ་དག་པའི།། བག་ཆགས་སྒྲིབ་མེད་པར་ལ་འདའ་བོ། ། དངོས་མེད་མཚན་མེད་བསམ་འདས་པའི།། བློ་འདས་བརྗོད་དུ་མེད་པར་ལ་འདའ་བོ།། ཞེས་གསུངས་སོ།། རིན་པོ་ཆེ་གསེར་གྱི་ཉི་མའི་རྒྱུད་ལས།། ལ་འདའ་བསྟན་པའི་ལེའུ་སྟེ་ཉི་ཤུ་པའོ།།།། དེ་ནས་ངང་དངས་ཁྱེའུ་ཆུང་གིས། ། སྐྱེ་མེད་དོན་གྱི་སྟོན་པ་ལ།། རྒྱུད་ཀྱི་མཚན་མིང་ཇི་ལྟར་གཟུང།། ཞེས་ཞུས་པ་དང།། སྟོན་པས་འཁོར་ལ་བཀའ་སྩལ་པ།། དགོས་འདོད་མ་ལུས་ཀུན་འབྱུང་བས།། རིན་ཆེན་ལྟ་བུའི་རྒྱུད་ཡིན་ནོ། ། སྙིང་པོ་འགྱུར་བ་མེད་པའི་ཕྱིར།། རིན་ཆེན་གསེར་གྱི་རྒྱུད་ཡིན་ནོ།། ཡེ་ཤེས་ཉི་མས་མ་རིག་ཀ་དག་པས།། ཉི་གསལ་གཏི་མུག་ཀ་དག་རྒྱུད་ཡིན་ནོ།། སེམས་ཉིད་ཡེ་ནས་སངས་རྒྱས་པས། ། ཡེ་སངས་རྒྱས་པའི་རྒྱུད་དུ་ཟུང།། ཆོས་སྐུ་ལ་འདའ་གཏན་འབེབས་ཕྱིར།། ལ་འདའ་གཏན་འབེབས་རྒྱུད་དུ་ཟུང།། ཞེས་གསུངས་སོ།། རིན་ཆེན་གསེར་གྱི་ཉི་མའི་རྒྱུད་ལས།། རྒྱུད་ཀྱི་མཚན་བསྟན་པའི་ལེའུ་སྟེ་ཉེར་གཅིག་པའོ། །།། སྣོད་མེད་སྡིག་ཅན་དམ་མེད་པའི།། ཆོས་འཚོང་ལག་ཏུ་ཤོར་ར་རེ།། ཞེས་གསུངས་སོ།། རིན་ཆེན་གསེར་གྱི་ཉི་མས་མ་རིག་གཏི་མུག་ཀ་དག་ཡེ་སངས་རྒྱས་པའི་རྒྱུད་ཅེས་བྱ་བ་རྫོགས་སོ། །།། རྒྱ་གར་སྐད་དུ།། རཏྣ་ཨ་ས་པ་ཏ་བྷི་ར་པྲ་ར་ཚེ་ད་ནཱ་མ།། བོད་སྐད་དུ།། རིན་པོ་ཆེ་བྱེ་མ་རིག་གཅོད་ཀྱིས་ཀློང་སྡེའི་སྤྲོས་པ་གཅོད་པ་ཞེས་བྱ་བ། ། དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ།། རྡོ་རྗེ་སེམས་དཔའ་ལ་སོགས་པ།། ཀློང་སྡེ་སྤྲོས་གཅོད་བསྟན་པར་བྱ།། འཁོར་རྣམས་མ་ཡེངས་གུས་པས་ཉོན།། རིན་ཆེན་ལྟ་བུའི་གདམས་ངག་འདི།། མ་ཆགས་སེར་སྣ་ཆུང་བ་དང། ། དད་ལྡན་བླ་མ་སྙིང་ལ་སེམས།། ང་རྒྱལ་དྲེགས་པ་ཆུང་བ་དང།། སྔོན་གྱི་ལས་འཕྲོ་སྐལ་ལྡན་ལ།། ཀློང་སྡེ་སྤྲོས་གཅོད་བཤད་པར་བྱ།། རྫ་ཤིང་སྣོད་ངན་མ་ཡིན་པའི།། གུ་ལང་གསེར་གཟོའི་སྣོད་དུ་བླུག། སྙིང་པོའི་རང་བཞིན་མཚོན་མེད་བརྗོད་མེད་ཀྱང།། མ་མཚོན་བརྗོད་མེད་མི་རྟོགས་པས།། བརྗོད་བྲལ་བརྡལ་བརྟེན་ནས་བཤད།། རྩལ་གྱི་ཀློང་སྡེ་རིམ་པར་ཕྱེ་བ་ལ།། དབྱེ་ན་བསམ་ལས་འདས་མོད་ཀྱང། ། བསྡ་ན་གཅིག་ཏུ་འདུས་པར་སྣང།། གཅིག་བུ་རྟོག་པར་བྱ་བའི་ཕྱིར།། ཀློང་སྡེ་མདོ་ཙམ་བསྟན་པར་བྱ།། ཡེ་གནས་བཞི་ཡི་ཀློང་སྡེ་དང།། ཐོག་མར་གནས་པའི་ཀློང་སྡེ་དང།། སྔོན་ནས་གནས་པའི་ཀློང་སྡེ་དང། ། ཀུན་ཁྱབ་ཡོངས་བརྡལ་ཀློང་སྡེ་དང།། མཁའ་དབྱིངས་ཆོས་དབྱིངས་ཀློང་དུ་འདུས།། ཀུན་གཞི་སྤྱི་ཁྱབ་ཀློང་སྡེ་དང།། གཡོ་བ་ཁྱབ་བྱེད་ཀློང་སྡེ་དང།། འབྱུང་ལྔའི་རྩལ་གྱི་ཀློང་སྡེ་དང།། འོད་ལྔ་ཟེར་གྱི་ཀློང་སྡེ་བཞི། ། མ་འགགས་འགག་མེད་ལྷབ་ལྷུབ་བཞི་རུ་འདུས།། གསལ་ལ་མི་གཡོའི་ཀློང་སྡེ་དང།། ཤེས་པ་སྣང་ཚུལ་ཀློང་སྡེ་དང།། འཆར་སྒོ་འཁྲུལ་སྒོའི་ཀློང་སྡེ་དང།། གཞི་ཤེས་འཁྲུལ་ཆོད་ཀློང་དུ་འདུས། ། ཡིད་འཁོར་ལོ་གསུམ་བསྟན་པ་ལས། ཁམས་གསུམ་འཁོར་བར་འདུས་པ་ཡང།། སྙིང་པོ་མ་བུ་ཕྲད་པ་ཡིས།། དབྱེ་མེད་འགྱུར་མེད་ཀློང་དུ་འདུས།། འགྱུར་བ་མེད་པའི་ཀློང་སྡེ་དང།། སྐྱེ་བ་མེད་པའི་ཀློང་སྡེ་དང། ། རྒྱུ་རྐྱེན་མེད་པའི་ཀློང་སྡེ་དང།། བརྗོད་དུ་ནེད་པའི་ཀློང་སྡེ་དང།། སྐྱེ་འགག་མེད་པའི་ཀློང་སྡེ་དང།། འཕོ་འགྱུར་མེད་པའི་ཀློང་སྡེ་དང།། དབྱེ་བསལ་མེད་པའི་ཀློང་སྡེ་དང།། དགག་བསྒྲུབ་མེད་པའི་ཀློང་སྡེ་དང། ། སྤང་བླང་མེད་པའི་ཀློང་སྡེ་དང།། ཕྱི་ནང་མེད་པའི་ཀློང་སྡེ་དང།། གཟུང་འཛིན་མེད་པའི་ཀློང་སྡེ་དང།། ཕྱོགས་མཚམས་མེད་པའི་ཀློང་སྡེ་དང།། མཐའ་དབུས་མེད་པའི་ཀློང་སྡེ་དང། ། ཤར་ནུབ་མེད་པའི་ཀློང་སྡེ་དང།། ཁ་དོག་མེད་པའི་ཀློང་སྡེ་དང།། བྱེ་བྲག་མེད་པའི་ཀློང་སྡེ་དང།། ཆགས་པ་མེད་པའི་ཀློང་སྡེ་དང།། ཞེན་པ་མེད་པའི་ཀློང་སྡེ་དང།། བཏགས་པ་མེད་པའི་ཀློང་སྡེ་དང། ། མཚོན་དུ་མེད་པའི་ཀློང་སྡེ་དང།། མཚོན་ལས་འདས་པའི་ཀློང་སྡེ་དང།། བསམ་དུ་མེད་པའི་ཀློང་སྡེ་དང།། དམིགས་སུ་མེད་པའི་ཀློང་སྡེ་དང།། དཔེ་མེད་པ་ཡི་ཀློང་སྡེ་དང།། ཚིག་དང་བཏགས་མེད་ཀློང་སྡེ་དང། ། ཡི་གེས་མཚོན་མེད་ཀློང་སྡེ་དང།། ཆོས་མེད་སྟོན་མེད་ཀློང་སྡེ་དང།། བཤད་མེད་ཉན་མེད་ཀློང་སྡེ་དང།། མང་མེད་ཉུང་མེད་ཀློང་སྡེ་དང། དེ་ལ་སོགས་པའི་ཀློང་སྟེ་རྣམས།། བྱང་སེམས་ཆོས་ཉིད་ལྟ་བའི་ཀློང། ། ཞེ་འདོད་མེད་པར་སྤྲོས་པ་ཆོད།། འགྱུར་བ་མེད་པར་སྤྲོས་པ་ཆོད།། ཚིག་ལས་འདས་པར་སྤྲོས་པ་ཆོད།། ཕྱོགས་རིས་མེད་པར་སྤྲོས་པ་ཆོད།། བྱང་སེམས་མཁའ་དབྱིངས་མཁའ་ཀློང་དུ།། སངས་རྒྱས་རང་སེམས་ངང་དངས་ཏེ། ། འུབ་ཆུབ་ཚིག་གི་ཀློང་ཆེན་དུ།། མ་བཅོས་དབྱེ་བསལ་མེད་པར་ཞོག། ཁ་གཏིང་མེད་པའི་ཀློང་ཆེན་དུ།། སངས་རྒྱས་རང་སེམས་ངང་དངས་ཏེ།། གཞི་ནས་མ་བཅོས་ལྷུན་གྱིས་གྲུབ། ། བསམ་མེད་ངང་བཞག་བསྒོམ་མེད་ངང།། བསམ་བསྒོམ་ཅི་ཡང་མི་བྱ་སྟེ།། ཡིད་ཀྱིས་མ་བྱས་བློ་ཡིས་མ་བཅོས་ཏེ།། སེམས་ཀྱིས་མ་བཞག་རྟོག་པས་མ་གཡེངས་པར།། རྟོག་འགྱུར་མེད་པའི་ཀློང་ཆེན་དུ། ། བསམ་དུ་མེད་པས་སྤྲོད་བ་ཆོད།། རྩིས་གདབ་མེད་པར་སྤྲོས་པ་ཆོད།། བསྒོམ་རྒྱུ་མེད་པར་སྤྲོས་པ་ཆོད།། དམིགས་པ་མེད་པར་སྤྲོས་པ་ཆོད།། སེམས་ལ་བཞག་མེད་སྤྲོས་པ་ཆོད།། བྱར་མེད་སྤྲོས་བྲལ་ཀློང་ཆེན་དུ། ། རྩོལ་བསྒྲུབ་སྤངས་པའི་རང་བཞིན་ལ།། གང་ཡང་བྱ་བ་བཏང་བ་ལ།། བྱ་རྒྱུ་ཅི་ཡང་མི་བདོག་སྟེ།། ལུས་ཀྱང་རྩོལ་བསྒྲུབ་མེད་པར་ཞོག། ངག་ཀྱང་བརྗོད་དུ་མེད་པར་ཞོག་ཡིད་ཀྱ་ང་གཡོ་འགུལ་མེད་པར་ཞོག། སེམས་ཀྱང་དྲན་རྟོག་མེད་པར་ཞོག། འཁོར་བའི་ལམ་ལ་མ་ཆགས་པར།། ལུས་ངག་ཡིད་གསུམ་རྩོལ་བསྒྲུབ་མེད་པར་ཞོག། ཆགས་བ་མེད་པར་སྤྲོས་པ་ཆོད།། ཞེན་པ་མེད་པར་སྤྲོས་པ་ཆོད།། དགག་བསྒྲུབ་མེད་པར་སྤྲོས་པ་ཆོད། ། བླང་དོར་མེད་པར་སྤྲོས་པ་ཆོད།། གཟུང་འཛིན་མེད་པར་སྤྲོས་པ་ཆོད།། མི་འགྱུར་སྤྲོས་བྲལ་ཀློང་ཆེན་དུ།། ཐོག་མཐའ་མེད་པའི་དུས་མཐའ་ནས།། རང་ལ་རང་ཆས་ཡོད་པ་ཡི། ། རང་སངས་ངང་རྒྱས་ཆོས་སྐུའི་ཀློང།། ངང་སངས་འགྱུར་མེད་སངས་རྒྱས་ཏེ།། རེ་བའི་ས་མེད་སྤྲོས་པ་ཆོད།། དོགས་པའི་རྒྱུ་མེད་སྤྲོད་པ་ཆོད།། གསལ་གདངས་ཆེན་པོར་སྤྲོས་པ་ཆོད།། རང་སྤངས་ཡིན་གྱིས་སྤྲོས་པ་ཆོད། ། རེ་དོག་རྩད་ཆོད་སྤྲོས་པ་ཆོད།། བསྲུང་མཚམས་འདས་པའི་ཀློང་ཆེན་དུ།། ངང་ལས་མི་འདའ་སྤྲོས་པ་ཆོད།། རྩོལ་བསྒྲུབ་འདས་པའི་ཀློང་ཆེན་དུ།། རྩོལ་བསྒྲུབ་མེད་ཀྱིས་སྤྲོས་པ་ཆོད། ། བཙལ་བས་མི་རྙེད་ཀློང་ཆེན་དུ།། བཙལ་དུ་མེད་ཀྱིས་སྤྲོས་པ་ཆོད།། སྦྱང་དུ་མེད་པའི་ཀློང་ཆེན་དུ།། སྒྲིབ་པ་སྦྱང་མེད་སྤྲོས་པ་ཆོད།། བགྲོད་དུ་མེད་པའི་ཀློང་ཆེན་དུ།། ལམ་ལ་བགྲོད་མེད་སྤྲོས་པ་ཆོད།། རྒྱུ་རྐྱེན་མེད་པའི་ཀློང་ཆེན་དུ། ། ཡེ་ཤེས་རང་ཡིན་སྤྲོས་པ་ཆོད།། ཕྲ་བའི་རང་བཞིན་གཟུང་འཛིན་བྲལ།། གཉིས་འཛིན་མེད་ཀྱིས་སྤྲོས་པ་ཆོད།། ལུང་གི་རང་བཞིན་གཏན་ལ་འབེབས།། མ་ནོར་རང་བཞིན་སྤྲོས་པ་ཆོད། ། རྒྱུད་ཀྱི་རང་བཞིན་གཉིས་མེད་འབྲེལ།། སེམས་ཆོས་གཉིས་མེད་ཀློང་ཆེན་དུ།། གཉིས་སུ་མེ་པར་སྤྲོས་པ་ཆོད།། འཛིན་སེམས་མེད་པའི་ཀློང་ཆེན་དུ།། མན་ངག་དག་གིས་རང་བཞིན་ཏེ།། ཞེར་འཛིན་མེད་པར་སྤྲོས་པ་ཆོད། ། གཞི་མོ་མའི་འགྱུར་ཀློང་ཆེན་དུ།། མ་བཅོས་གཞག་པས་ལས་རྣམས་ཟིན།། མ་བཙལ་བྱར་མེད་སྤྲོས་བྲལ་སྤྲོས་པ་ཆོད།། དངོས་མེད་བསམ་འདས་སེམས་ཉིད་དེ།། ངོས་བཟུང་མེད་པར་སྣ་ཚོགས་སྣང། ། དངོས་པོ་མེད་པར་ཀུན་ལ་ཁྱབ།། གཤོག་པ་མེད་པར་ནམ་འཕངས་གཅོད།། འདེགས་པ་མེད་པར་ནམ་མཁར་སྙེག། འདེད་པ་མེད་པར་ཀུན་ཏུ་འཆོར།། བཅོལ་བ་མེད་པར་ལས་རྣམས་བྱེད། ། འགུགས་པ་མེད་པར་སླར་ལ་ལྡོག། དགོས་པ་མེད་པར་བག་ཆགས་སོག། ཅི་མ་གྲུབ་པར་སྣ་ཚོགས་སྣང།། རྟེན་པ་མེད་པར་ཐམས་ཅད་རྟེན།། ཅི་ཡང་མེད་པར་སྡུག་བསྔལ་མྱོང།། སྐྱེ་ཤི་ཀུན་དང་བྲལ་བ་ལ། ། སྐྱེ་རྒས་ན་འཆིའི་གཞི་མ་ཅན།། སྡུག་བསྔལ་ངོ་བོ་མ་གྲུབ་པས།། སྐྱིད་སྡུག་སྣ་ཚོགས་འབྱུང་བའི་རྒྱུ།། སེམས་ཉིད་རིན་ཆེན་འོད་གསལ་དེ།། ངོ་བོ་ཅིར་ཡང་མ་གྲུབ་པས།། མཚན་ཉིད་ཅིར་ཡང་འཆར་བ་སྟེ། ། མཉམ་པ་ཉིད་ཀྱི་ཀློང་ཆེན་དུ།། དབྱེ་བསལ་མེད་པར་སྤྲོས་པ་ཆོད།། ཕྱོགས་མཚམས་འདས་པའི་ཀློང་ཆེན་དུ།། རྩིས་གདབ་མེད་པར་སྤྲོས་པ་ཆོད།། ཕྱི་ནང་གཉིས་སུ་སྣང་ཚད་ཀུན།། གཉིས་མེད་ཀློང་དུ་སྤྲོས་པ་ཆོད། ། མང་བར་ཕྱེ་ཡང་གཅིག་ལས་མེད།། གཅིག་པུ་སྐྱེ་མེད་བྱང་ཆུབ་སེམས།། ངང་དངས་ཆེན་པོར་རང་སེམས་རྫོགས།། ངང་སངས་ཆེན་པོར་གསལ་གདངས་ཡིན།། འགྱུར་མེད་མ་བཅོས་ཀློང་དུ་ཞོག། རིན་ཆེན་བྱེ་མ་རེག་གཅོད་ཀྱིས། ། ཕྱེ་ཚད་དབྱེ་མེད་སྤྲོད་པ་ཆོད།། བརྗོད་ཚད་བརྗོད་མེད་སྤྲོས་པ་ཆོད།། བསྟན་ཚད་བཏགས་མེད་སྤྲོས་པ་ཆོད།། ཡིད་ལ་འགྱུས་ཚད་སྤྲོས་པ་ཆོད།། རིག་པས་མྱོང་ཚད་སྤྲོས་པ་ཆོད། ། སེམས་ཀྱིས་བརྟགས་ཚད་སྤྲོས་པ་ཆོད།། བློ་ཡིས་ཕྱེ་ཚད་སྤྲོས་པ་ཆོད།། སྨྲ་བསམ་བརྗོད་འདས།། རིན་ཆེན་འོད་འབར་ཀློང་ཆེན་དུ།། ཅིར་ཡང་བཟུང་དུ་མེད་པ་ལ།། གང་ཡང་བསམ་དུ་མེད་པར་བཞག། དབྱེ་གསལ་ཞེ་འདོད་ཚིག་འདས་པའི།། འགྱུར་བ་མེད་པའི་ཀློང་དུ་བཞག། བསམ་མེད་རང་བཞག་བསྒོམ་མེད་ཀློང།། རྟོགས་ཞེན་མེད་པའི་ཀློང་དུ་བཞག། བྱར་མེད་སྤྲོས་བྲལ་ཆགས་མེད་ཀློང། ། དགག་བསྒྲུབ་བྱ་རྩལ་མེད་པ་ཡི།། མ་ཆགས་མ་ཞེན་ཀློང་དུ་བཞག། ཡེ་ནས་འདུ་འབྲལ་མེད་པའི་ཀློང།། ངང་དངས་རང་སངས་ཆོས་སྐུ་བཞག། བཞག་པ་མ་ཡིན་བཞག་རྒྱུ་ཅི་ཡང་མེད།། རེ་ཞིག་བློ་ལ་མཚོན་པ་ཙམ། ། ཞེས་གསུངས་སོ།། རིན་ཆེན་བྱེ་མ་རེག་ཆོད་འདི།། དད་པ་བརྟན་ལ་ཤེས་རབ་ཆེ།། བློ་ཆེ་བློ་འདས་བློ་རྣོ་བ།། ཀློང་སྡེའི་སྤྲོས་པ་གཅོད་ལ་བསྟན།། ང་རྒྱལ་དྲེགས་པས་ཁེངས་པ་དང།། དོན་དུ་མི་བསྒོམ་ཚིག་ཏུ་སྨྲ། ། ལྟ་བ་ཁར་ཟག་དམ་ཚིག་མེད།། ལག་ཏུ་ཐོབ་ནས་ཟོང་དུ་ཆེ།། དེ་ལྟ་བུ་ཡི་གང་ཟག་ལ།། ཡུལ་མཁར་སྟེར་ཡང་མི་སྦྱིན་ནོ། རིན་ཆེན་བྱེ་མ་རེག་ཆོད་ཀྱི་ཀློང་སྡེ་སྤྲོས་པ་གཅོད་པ་བསྟན་པ་ཞེས་བྱ་བ་རྫོགས་སོ། །།། རྒྱ་གར་གྱི་གུ་རུ་པདྨ་སམ་བྷ་བ་དང།། བོད་ཀྱི་ལོ་ཙ་བ་ཀ་བ་དཔལ་བརྩེགས་ཀྱིས་བསྒྲུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། ལས་འཕྲོ་ཅན་དང་འཕྲད་པར་ཤོག། རྒྱ་རྒྱ་རྒྱ།།།། རྒྱ་གར་སྐད་དུ། ། བོད་སྐད་དུ།། རིན་ཆེན་སྤུ་གྲི་འབར་བ་སེམས་སྡེ་སྤྲོས་པ་གཅོད་པ་ཞེས་བྱ་བ།། བཅོམ་ལྡན་འདས་མཚོན་མེད་བརྗོད་ལས་འདས་པའི་ཆོས་སྐུ་ལ་ཕྱག་འཚལ་ལོ།། གང་ཞིག་མཚོན་མེད་དོན་ལ་མོས་པ་ལ། ། སེམས་སྡེ་སྤྲོས་གཅོད་བསྟན་པར་བྱ།། གླང་པོ་སེང་གེ་ཁྱུང་གིས་བློས།། གུང་ལང་གསེར་བཟོའི་སྣོད་དུ་བླུག། རྫ་ཤིང་སྣོད་ལ་ཡོངས་མ་བསྟན།། སྙིང་པོའི་རང་བཞིན་བརྗོད་མེད་ཀྱང། ། བརྗོད་མེད་ཚིག་ལ་བརྟེན་ནས་ཀྱང།། རྡོ་རྗེ་སེམས་དཔའ་ལ་སོགས་པ།། སེམས་སྡེ་རེ་ཞིག་ཕྱེ་ནས་བསྟན།། སེམས་ཀྱི་རང་བཞིན་གང་ཞེ་ན།། མ་བྱས་མ་བཅོས་སྣ་ཚོགས་འབྱུང་བའོ།། བློ་ཡིས་མ་བཅོས་སེམས་ཀྱིས་མ་བཅོས་སོ། ། སྣ་ཚོགས་ཇི་ལྟར་འབྱུང་ཞེ་ན།། སེམས་ནི་ཇི་སྙེད་ཇི་ལྟར་འབྱུང།། གནོད་སྦྱིན་གྱིས་སེམས་དང།། དྲི་ཟའི་སེམས་སེམས་དང།། ལྷ་མ་ཡིན་གྱི་སེམས་དང།། ནམ་མཁའ་ལྡིང་གི་སེམས་དང། ། མི་འམ་ཅིའི་སེམས་དང།། ལྷོ་འཕྱེ་ཆེན་པོའི་སེམས་དང།། མི་དང་མི་མ་ཡིན་པའི་སེམས་དང། བྱོལ་སོང་གི་སེམས་དང།། ཡི་དྭགས་ཀྱི་སེམས་དང།། དམྱལ་བ་ལ་སོགས་པའི་འགྲོ་བ་རིགས་དྲུག་ཐ་དད་པའི་སེམས་དང། ། རྟོགས་པའི་སེམས་དང།། ཆགས་པའི་སེམས་དང།། གང་ལ་ཆགས་པ་མེད་པའི་སེམས་དང།། ཞེ་སྡང་ནང་གི་སེམས་དང།། བྱམས་པའི་སེམས་དང།། གཏི་མུག་གི་སེམས་དང།། ཤེས་རབ་གསལ་བའི་སེམས་དང། ། ཐེ་ཙོམ་གྱི་སེམས་དང།། གང་ལ་ཐེ་ཙོམ་མེད་པའི་སེམས་དང།། ངེས་པའི་སེམས་དང།། མ་ངེས་པའི་སེམས་དང།། དཔེའི་སེམས་དང།། དཔེ་ལས་འདས་པའི་སེམས་དང། ། མུན་པའི་སེམས་དང།། མུན་པ་མེད་པའི་སེམས་དང།། སྣང་བའི་སེམས་དང།། ང་རྒྱལ་གྱི་སེམས་དང།། ང་རྒྱལ་མེད་པའི་སེམས་དང།། ཕྲག་དོག་གི་སེམས་དང།། ཕྲག་དོག་མེད་པའི་སེམས་དང། ། བསྡུ་བའི་སེམས་དང།། འཕྲོ་བའི་སེམས་དང།། འབྱེད་པའི་སེམས་དང།། འབྱེད་པ་མེད་པའི་སེམས་དང།། འཁྲུལ་པའི་སེམས་དང།། ཞི་བའི་སེམས་དང།། འཐབ་པའི་སེམས་དང།། འབྱར་བའི་སེམས་དང། ། རྩོད་པའི་སེམས་དང།། མཐུན་པའི་སེམས་དང།། བརྗོད་པའི་སེམས་དང།། བརྗོད་པ་མེད་པའི་སེམས་དང།། ལྷའི་སེམས་དང།། ཀླུའི་སེམས་དང།། བདུད་ཀྱི་སེམས་སྡེ་དང།། ལྷ་མ་ཡིན་གྱི་སེམས་སྡེ་དང། ། གནོད་སྦྱིན་གྱི་སེམས་སྡེ་དང།། མིའི་སེམས་སྡེ་དང།། ལྟོ་འཕྱིའི་སེམས་སྡེ་དང།། འབྱུང་པོའི་སེམས་སྡེ་དང།། ནམ་མཁའ་ལྡིང་གི་སེམས་སྡེ་དང།། དྲི་ཟའི་སེམས་སྡེ་དང།། གྲུབ་བུམ་གྱི་སེམས་སྡེ་དང། ། སྐྱེས་པའི་སེམས་སྡེ་དང།། བུད་མེད་ཀྱི་སེམས་སྡེ་དང།། མ་ནིང་གི་སེམས་སྡེ་དང།། ཡུལ་གྱི་སེམས་སྡེ་དང།། རིགས་ཀྱི་སེམས་སྡེ་དང།། ཤའི་སེམས་སྡེ་དང།། ཁྲག་གི་སེམས་སྡེ་དང།། རུས་པའི་སེམས་སྡེ་དང། ། ཆུ་སེར་གྱི་སེམས་སྡེ་དང།། ནང་ཁྲོལ་གྱི་སེམས་སྡེ་དང།། མགོའི་སེམས་སྡེ་དང།། ཡན་ལག་གི་སེམས་སྡེ་དང།། ལུས་སོ་སོའི་སེམས་དང།། འབའ་ཏའི་སེམས་དང།། སུ་རའི་སེམས་དང།། ཕྲུ་བའི་སེམས་དང། ། བཟའ་རུའི་སེམས་དང།། ཕོ་ཚོར་གྱི་སེམས་དང།། ཚོད་མའི་སེམས་དང།། གྲང་བའི་སེམས་དང།། ལྟོ་ཕོར་གྱི་སེམས་དང།། སྒྲོམ་གྱི་སེམས་དང།། གཡིས་ཀྱི་སེམས་དང།། རྫ་མའི་སེམས་དང། ། བདག་གི་སེམས་དང།། གཞན་གྱི་སེམས་དང།། ཕའི་སེམས་སྡེ་དང།། མའི་སེམས་སྡེ་དང།། བུའི་སེམས་སྡེ་དང།། ཕུ་ནུའི་སེམས་སྡེ་དང།། དགྲ་བོའི་སེམས་སྡེ་དང།། དབང་ཕྱུག་གི་སེམས་སྡེ་དང། དེ་ནས་རྡོ་རྗེ་འཆང་གིས་ནི།། ཐུགས་ཀྱི་དཀྱིལ་འཁོར་སྒོ་ཕྱེ་ནས།། ཚིག་གི་རྒྱལ་པོ་འདི་དག་ཀུན།། རྡོ་རྗེ་མགུར་དུ་རབ་དྲིལ་ཏེ།། ལྗགས་ཀྱི་དབང་པོ་ལ་བཀྲམ་ནས། ། ཚེམས་ནི་བཞི་བཅུའི་བར་ནས་ནི།། གསང་ཆེན་དམ་པའི་ཚིག་འདི་ཀུན།། མ་གསུངས་འཕྲོས་པའི་ཚུལ་གྱིས་བྱ།། ཀྱེ་སྣང་བའི་བདག་པོ་ཨ་ལས།། སངས་རྒྱས་རྣམས་ཀྱི་སྲས་གཅིག་པོ། ། བསྟན་པའི་ཡ་ཞུན་ས་བོན་གདུང།། སྙིང་པོ་སྤྲུལ་པའི་སྐུ་འདི་ནི།། བཀླག་དང་འཛིན་ཅིང་བཅང་བའི་ཐབས།། འདི་ཉིད་རིམ་པ་ཇི་ལྟ་བར།། སྙིང་པོ་གསང་བ་ང་ཡིས་ཡང། ། སྤྲོ་བར་བྱའོ་སྣང་བའི་བདག། རྣལ་འབྱོར་སྐལ་དང་སུ་ལྡན་པ།། འདི་ནྀ་སྣང་བར་ཡང་དག་གོ། འདི་ཡིས་སངས་རྒྱས་སྲས་པོ་འདི།། སངས་རྒྱས་བདེན་པ་མཐོང་བ་དེས། ། སྤྲུལ་པའི་སྐུ་ནི་འདི་ལྟར་བཅང།། གང་གི་སྤྱི་བོའི་གཙུག་གམ་ནི།། མཆན་ཁུང་ངམ་ནི་མགུལ་དུ་ཡང།། རང་བྱུང་ཆེན་པོའི་ཡི་གེ་ལས།། དཔེ་འདི་རིན་པོ་ཆེ་ལས་བྲི། ། གླེགས་བམ་སོར་ནི་བཞི་ཡི་ཚད།། སྣ་ཚོགས་དར་གྱྀས་དྲིལ་ནས་ནི།། གང་གི་སྤྱི་བོར་གཟུང་ན་ཡང།། འདི་ལ་སྤྲུལ་སྐུའི་ཡོན་ཏན་ཐོབ།། རང་བྱུང་ཡི་གེ་འདི་དག་ལ། ། མཆན་ཁུང་གཡོན་དུ་བཅངས་པ་ཡིས།། འདི་ཡང་དེ་དང་མཉམ་པ་ཡིན།། མགུལ་དུ་འདི་ཉིད་བཏགས་ནས་ནི།། རྒྱུན་དུ་གུས་པར་བྱེད་པ་ལ།། འདི་ཡང་སྤྲུལ་སྐུའི་ཡོན་ཏན་ཐོབ། ། རང་བྱུང་ཡི་གེ་འདི་དག་ལ།། གླེགས་བམ་གློ་ལྟར་གཟུང་ནས་ནི།། འདི་ལྟར་མཆོད་པ་ཡང་དག་བྱ།། གལ་ཏེ་ས་གཡོས་བྱུང་ཚེ་ན།། འདི་ཉིད་ལན་དྲུག་ལན་བདུན་ནམ། ། ཡང་ན་ལན་ནི་ལྔ་འམ་གསུམ།། རྡོ་རྗེ་ལྕེ་ཡི་བཀླག་པར་བྱ།། ཚོགས་ནི་རྣལ་འབྱོར་ལོ་ཡི་གྲངས།། འདི་ཡི་དུས་སུ་རབ་ཏུ་བཏང།། དམ་ཚིག་མཆོག་ལྡན་རྣལ་འབྱོར་ལ།། ཚོགས་ཀྱི་སྟོན་མོ་དེ་བཞིན་བྱ། ། བཀླག་པ་འབྱུང་བ་བྱེར་དུས་སུ།། ཚོགས་ནི་སྙོམས་པའི་དུས་ན་བྱ།། སྟོན་མོ་དེ་བཞིན་འཁྲུག་པའི་དུས།། རྣལ་འབྱོར་པ་ནི་ཟུག་པ་ཡི།། དུས་གནས་སོ་སོའི་གནས་ནས་འབོད།། འདི་ལྟར་འབྱུང་བའི་ཁྱད་པར་ལས། ། རྣལ་འབྱོར་དེ་བཞིན་ཐར་ལམ་དུ།། ཡང་དག་ངེས་པར་འཇུག་པ་ཡིན།། རྡོ་རྗེ་འཆང་བ་རྣམས་དང་ནི།། སྐལ་བ་ཡང་དག་མཉམ་པའོ།། སྒྲ་ནི་བྱུང་བའི་དུས་ན་ཡང།། ཡང་ནི་དྲུག་དང་བདུན་དང་ལྔར།། པདྨ་ཡི་ནི་ལྕེ་ཡི་ནི། ། སྐལ་བར་ལྡན་པས་བཀླག་པར་བྱ།། འདི་དུས་ལྷ་ལ་མཆོད་པ་དབུལ།། དགེ་སློང་ཚུལ་ཁྲིམས་ལྡན་པ་ལ།། ཆོས་དང་ལྡན་པའི་སྟོན་མོ་བྱ། ཀླག་པ་བྱེད་པའི་དུས་ན་ཡིན།། མཆོད་པ་དེ་བཞིན་སྙོམས་པ་ལ། ། དགེ་སློང་ཟུག་པའི་དུས་ན་བདེ།། སྟོན་མོ་འཁྲུག་པ་ལ་ནི་བྱ།། འདི་ལྟར་སུ་ཡིས་བྱས་པ་དེ།། འདི་ཡང་སྤྲུལ་པའི་སྐུ་དང་མཉམ།། འོད་ཀྱི་སྣང་བ་འབྱུང་བའི་ཚེ།། ལན་ལྔ་གསུམ་མ་མ་ལན་གཅིག་ཏུ། ། དུང་གི་ལྕེ་ཡིས་བཀླག་པར་བྱ།། འདི་དུས་རླུང་ནི་བསྒོམ་པར་བྱ།། རྣལ་འབྱོར་མ་ནི་དམ་ཚིག་ཅན།། དགུ་ནས་བཅུ་གཅིག་མན་ཆད་ལ།། བཟའ་བཏུང་རྩུབ་པའི་སྟོན་མོ་བྱ།། ཀླག་པ་སྙོམས་པའི་དུས་ན་ཡིན། ། རླུང་ནི་བྱེར་བའི་དུས་ན་ཡིན།། རྣལ་འབྱོར་མ་ནི་སྙོམས་པ་ལ།། སྟོན་མོ་འཁྲུགས་པའི་དུས་ནའོ།། འདི་ལྟར་བྱས་པའི་རྣལ་འབྱོར་པ།། སྤྲུལ་པའི་སྐུ་དང་ཡང་མཉམ་མོ།། སད་ཀྱིས་རྒྱལ་ཁམས་ཁྱབ་པའི་ཚེ། ། རལ་གྲིའི་ལྕེ་ཡིས་འདི་འབྱེད་ན།། སངས་རྒྱས་ཡོན་ཏན་འདི་ཡིས་ཐོབ།། འདི་དུས་སྒྲ་ཡི་མཆོད་པ་བྱ།། རྣལ་འབྱོར་ལྔ་འམ་བཅོ་ལྔ་ལ།། བྱིན་རླབས་གཏོར་མ་ལན་བདུན་བཏང།། ཀླག་པ་ཟུག་པའི་དུས་ན་ཡིན། ། མཆོད་པ་སྙོམས་པའི་དུས་ནའོ།། བྱེར་བ་ལ་ནི་རྣལ་འབྱོར་བོད།། འཁྲུག་པའི་ཚེ་ན་གཏོར་མ་བཏང།། འདི་ལྟར་སུ་ཡིས་བྱས་པ་ལ།། སྤྲུལ་པའི་སྐུ་ཡི་ཡོན་ཏན་ཐོབ།། རིམས་དང་ཡམས་ནད་བྱུང་བའི་ཚེ། ། དགུ་དང་བཅུ་གཅིག་བཅུ་དགུར་ནི།། ལྕགས་ཀྱུའི་རྩེ་ཡིས་བརྗོད་པར་བྱ།། འདི་དུས་མེ་རྟོག་བསྒོམ་པར་བྱ།། བྱིས་པ་དགུ་འམ་བཅོ་བརྒྱད་ལ།། སྟོན་མོ་བྱ་བར་རབ་ཏུ་བསྔགས།། ཀླག་པ་འཁྲུག་པའི་དུས་ན་ཡིན། ། སྒོམ་པ་སྙོམས་པའི་དུས་ནའོ།། བྱིས་པ་བྱེར་པའི་དུས་ན་བོད།། སྟོན་མོ་ཟུག་པ་ཉིད་ལ་བྱ།། དེ་ལྟར་བྱས་པའི་སྐྱེས་མཆོག་ནི།། འདི་ལ་སྤྲུལ་སྐུའི་ཡོན་ཏན་ཐོབ།། ཉི་མ་གཟའ་ཡིས་ཟིན་པའི་དུས། ། འདི་ནི་ལན་དྲུག་དགུ་འམ་ནི།། འཁོར་ལོ་ལྕེ་ཡིས་ཡང་བརྗོད་ན།། འདི་ཡང་སྤྲུལ་པའི་སྐུ་དང་མཉམ།། འདི་དུས་སྲོག་འདོན་དགེ་བ་བྱ།། དུད་འགྲོའི་རིགས་ལ་སྟོན་མོ་བྱ།། བཀླག་པར་བྱ་བའི་དུས་ན་ཡིན། ། སྲོག་འདོན་སྙོམས་པ་ཉིད་ལའོ།། དུད་འགྲོ་ཟུག་པའི་དུས་ན་ཡིན།། སྟོན་མོ་འཁྲུག་པའི་དུས་ན་བྱ།། དེ་ལྟར་སྟོན་མོ་སུས་བྱས་པ།། སྤྲུལ་སྐུའི་ཡོན་ཏན་ཐོབ་པའོ།། མུ་གེ་དག་ནི་བྱུང་བའི་ཚེ།། ཁ་སྟོང་ལྕེ་ཡིས་འདི་བརྗོད་ན། ། འདིས་ཀྱང་སྤྲུལ་སྐུ་འཛིན་པ་ཡིན།། ལན་ནི་ལྔ་དང་བདུ་ན་ཉིད་ཡིན།། འདི་དུས་དྲི་ཡིས་མཆོད་པ་བྱ།། ཤན་པ་འམ་ནི་མུ་སྟེགས་ལ།། སྟོན་མོ་བྱ་བ་རབ་ཏུ་བསྔགས།། ཀླག་པ་བྱེར་བའི་དུས་ན་བྱ། ། མཆོད་པ་སྙོམས་པ་ཉིད་ལ་ཡིན།། སྡིག་ཅན་འཁྲུག་པ་ཉིད་ལ་སྟེ།། སྟོན་མོ་དེ་བཞིན་ཟུག་པའོ།། འདི་ཡང་སྤྲུལ་སྐུའི་ས་བོན་འཇོག། རྒྱལ་ཁམས་ཕྱུགས་ནད་བྱུང་ཚེ་ན།། རབ་བྱུང་ཆེན་པོ་ཡི་གེ་ནི།། ལན་བརྒྱད་དང་ནི་བཅུ་དྲུག་ཏུ། ། རྩེ་གསུམ་ལྕེ་ཡས་འདི་བརྗོད་ན།། འདི་དུས་ཨཱ་ལོ་ཀ་མཆོད་པ་བྱ།། དགྲ་བཅོམ་པ་ནི་བདུན་ལ་ཡང།། སྟོན་མོ་བྱ་བར་རབ་ཏུ་བསྔགས།། ཀླག་པ་ཟུག་པ་ཉིད་ལ་ཡིན།། མཆོད་པ་བྱེར་བ་ཉིད་ལ་བྱ། ། དགྲ་བཅོམ་སྙོམས་པའི་དུས་ན་ཡིན།། འཁྲུག་པ་ལ་ནི་སྟོན་མོ་བྱ།། འདི་ལྟར་བྱས་པའི་སྐྱེས་བུ་ནི།། སྤྲུལ་པའི་ས་བོན་ངེས་པར་འཇོག། འདི་ལ་ཐེ་ཚོམ་བྱར་མི་རུང།། ངེས་པའི་འབྲས་བུ་དམ་པའོ། ། ཨོཾ་དང་ཡང་དག་སུ་ལྡན་པ།། སངས་རྒྱས་རྣམས་ཀྱི་སྐུ་ལ་སྦྱོར།། ཧཱུ~ཾ་དང་ཡང་དག་སུ་ལྡན་པ།། དེས་ནི་ཐུགས་ལ་དེ་བཞིན་ནོ།། ཨཱཿ་དང་གང་སུ་ལྡན་པ་ནི།། གསུང་ལ་ཡང་དག་འདི་ཡིས་རེག། དེ་ཕྱིར་ངག་གི་སྦྱོར་བ་གཅེས། ། གང་གིས་སེང་གེ་བྱས་པ་ལ།། འདི་ལ་ནད་དང་འཇིགས་པ་བྲལ།། གླང་པོ་སུ་ཡིས་བྱས་པ་ལ།། འདི་ལ་རྫོགས་མེད་དབུགས་ཀྱང་མེད།། དྲང་སྲོང་གང་གིས་བྱས་པ་ལ།། མི་རྟོག་ལས་བྱུང་བྱེར་ཟུག་སྙོམས། ། འདི་ལྟར་ལུས་ཀྱི་བྱ་བྱེད་ཅེས།། མི་རྒྱུ་རང་ཡལ་སུས་ཤེས་པ།། འདི་ལ་རྟག་མེད་ཆད་པ་མེད།། རང་བསམ་བྲལ་བ་སུས་ཤེས་པ།། འདི་ལ་འགྲོ་མེད་འོང་བ་མེད།། གཅེར་མཐོང་རང་ངོ་སུས་ཤེས་པ། ། འདི་ལ་འཁོར་དང་མྱང་འདས་མེད།། འདི་ལྟར་སེམས་ཀྱི་དངོས་པོ་གཅེས།། ཨེ་མ་རང་བྱུང་ཡི་གེ་ཆེན་པོ་འདི།། རབ་ཏུ་ངོ་མཚར་ཆེ་བས་ན།། ཧ་ཧ་འདི་ལྟར་སུས་ཀྱང་མ་བྱས་པར།། རང་བྱུང་ཀུན་གྱིས་ཐོག་མར་བྱུང། ། ཨ་ལ་ལ་ཧོ་སྤྲུལ་པའི་སྐུ།། འདི་ལ་བྱེད་པའི་རྐྱེན་མེད་པས།། ཐ་མ་འཇིག་པ་ཀུན་དང་བྲལ།། འབྱུང་བས་ཅུང་ཟད་གནོད་པ་མེད།། འདི་ནི་ནམ་མཁར་འཕར་བར་ངེས།། སངས་རྒྱས་སྤྲུལ་པ་ཡིན་བས་ན། ། འདི་ལ་བཤད་ཅིང་སྒོམ་པ་མེད།། ཡིད་བྲལ་བེམས་པོའི་སྟོན་པར་སྣང།། དེ་ཕྱིར་འདི་དང་འཕྲད་པར་ཡང།། རབ་ཏུ་དཀའ་ཞིག་སྣང་བ་མེད།། དེས་ན་འདི་དང་གང་འཕྲད་པ།། སངས་རྒྱས་འབྲས་བུ་ཐོབ་པ་ལ། ། ཐེ་ཚོམ་དགོས་པ་མ་ཡིན་ནོ།། ཨེ་མ་འཇིག་རྟེན་གང་གཞན་ན།། སངས་རྒྱས་འབྲས་བུ་སུའི་ཐོབ་ཚེ།། དེ་ཚེ་རང་བྱུང་ཆེན་པོ་འདི།། འཕར་ཞིང་རང་འོད་ལྔ་པོ་འདི།། དེ་ཚེ་ལན་གསུམ་བཀླག་པར་བྱ། ། དེ་ཡང་དེ་དང་མཉམ་པར་འགྱུར།། འདི་ཉིད་བཅངས་པ་ཙམ་གྱིས་ཀྱང།། སངས་རྒྱས་ཉིད་དུ་འགྱུར་བ་ལ།། ཐེ་ཙོམ་བྱ་བར་ཅི་ཞིག་དགོངས།། གལ་ཏེ་བྱོལ་སོང་ཞིག་གི་མགུལ་དུ་འདི།། བཏགས་ན་དེ་ཉིད་ཀྱང་གྲོལ་ན། ། འགྲོ་བ་མི་རྣམས་སྨོས་ཅི་དགོས།། ཨེ་མ་རང་བྱུང་ཡི་གེ་འདི།། སེམས་ཅན་གཞན་གྱི་དོན་བྱེད་ན།། ཚེ་འདས་དེ་ཡི་སྤྱི་བོ་འམ།། འདི་བཏགས་ཡི་གེ་བསྲེགས་ན་ནི།། དེ་ཉིད་གྲོལ་བར་སྨོས་ཅི་འཚལ། ། མཚམས་མེད་ལྔ་པོ་སྤྱད་པ་ཡང།། ཉན་ཐོས་རྣམས་དང་སྐལ་པ་མཉམ།། ལུང་དུ་མ་བསྟན་སྐྱེ་བོ་རྣམས།། བྱང་ཆུབ་སེམས་དཔའི་ས་དང་མཉམ།། ཡིད་སྤྱོད་འཛིན་པའི་གྲུབ་མཐའ་ཡང།། རྡོ་རྗེ་འཆང་དག་མཉམ་པར་ངེས། ། འདི་དང་འཕྲད་པའི་སྐལ་བ་ཅན།། སྙིང་འདྲ་སེམས་ཀྱི་བུ་གཅིག་ལ།། རིག་པ་དངོས་ཀྱི་རྟགས་ཡོད་པས།། བཀླག་ཅིང་བསྲེག་པ་བྱ་མི་དགོས།། འཕྲད་པ་ཙམ་གྱིས་འགྲུབ་པ་ཡིན།། བྱེར་ཟུག་ལ་སོགས་བཤད་མི་དགོས། ། དེ་ཡིས་རྟགས་རྣམས་འབྱུང་བ་ནི།། བྱོལ་སོང་མེ་འོད་དཀར་གསལ་ལ།། དུད་པ་སྔོན་པོ་ཤར་ཕྱོགས་སུ།། རུས་པའི་མདོག་ཀྱང་དམར་གསལ་ཡིན།། གསེར་གྱི་ཡིག་འབྲུ་མ་ཞིག་པར། ། དེ་ཡི་རུས་པ་ཉིད་ལ་འབྱར།། འདི་ནས་ཟླ་བ་བཅུ་གསུམ་ན།། ས་རྣམས་ངེས་པར་གཡོ་བ་ཡིན།། དེས་དུས་འོན་ཀྱང་མོག་མོག་བྱ།། སྣང་བར་ངེས་པར་འགྱུར་བ་ཡིན།། སྡིག་ཅན་མེ་མདོག་སེར་ལ་གསལ། ། དུད་པ་ནུབ་ཕྱོགས་ཁ་དོག་དཀར།། རུས་པའི་མདོག་ནི་སྔོ་ནག་ལ།། ཡི་གེ་ཞིག་སྡེ་ཐིག་ལེར་སྣང།། འདི་ནི་ཟླ་བ་དགུན་ཡང།། སྒྲ་ནི་ཤར་གྱི་ཕྱོགས་སུ་འབྱུང།། འདི་ལ་འོད་ནི་མེར་མེར་པོ། ། འདི་དོན་ངེས་པར་ཡང་དག་གོ། ཡིད་སྤྱོད་གྲུབ་པའི་མཐའ་འཛིན་པའི།། མེ་ཏོག་དཀར་གསལ་གཡོས་པ་མེད།། དུད་པ་སྔོན་པོ་གྱེན་འགྲེང་གསལ།། རུས་མདོག་དཀར་པོ་ཐིག་ལེ་ཅན།། ཡི་གེ་དེ་ཉིད་མ་ཞིག་པར། ། ཁ་དོག་དཀར་པོ་འོད་དག་ལྡན།། སྐབས་ན་རུལ་བའི་དཀྱིལ་ན་སྣང།། འདི་ལ་སྐུ་དང་གདུང་ཡང་འབྱུང།། འདི0་ནས་ཞག་ནི་གསུམ་ན་ཡང།། སྒྲ་ནི་ཤར་གྱི་ཕྱོགས་ནའོ།། འོད་ནི་ནུབ་ཀྱི་ཕྱོགས་སུ་སྣང། ། འདི་ནི་ངེས་པར་སྤྲུལ་པ་ཡི།། སྐུ་ཡི་འབྲས་བུ་རྙེད་པ་ཡིན།། ཀྱེ་མ་སྣང་དག་རང་བཞིན་སྤྲུལ་པའི་སྐུ།། དེ་ཡི་ཕྱིར་ན་གསང་ཚིག་འདི།། ཐུན་མོང་ཉིད་དུ་ཕྲད་པ་མིན།། རིགས་ལྡན་སྐྱེས་བུ་སྐལ་ཆེ་བས། ། འགའ་ལ་འདི་ཉིད་སྣང་བ་ལས།། ཀུན་གྱིས་འདི་ཉིད་མཐོང་བ་མ་ཡིན་ནོ།། དེས་ན་རང་བྱུང་ཡི་གེ་འདི་མེད་པར།། སྐྱེས་བུ་ཉིད་ནི་གང་སུ་རུང།། སེམས་ཅན་དོན་ཉིད་བྱེད་འདོད་ཀྱང།། སེམས་ཅན་དོན་ནི་ནུས་པ་མིན། ། ཡང་དག་ལམ་ནི་མཐོང་སྲིད་ཀྱང།། ཉན་ཐོས་རྣམས་དང་ཁྱད་ཅི་ཡོད།། ཀུན་གྱི་སྤྱོ་ཡུལ་མ་ཡིན་ཏེ།། གལ་ཏེ་འདི་ཉིད་འཕྲད་ན་ཡང།། འདི་ནི་ངེས་པའི་སྤྲུལ་པས་ན།། སྒྲིབ་བྱེད་ཉིད་དང་མ་བྲལ་བས། ། འདི་ལ་ཐེ་ཚོམ་སྐྱེ་བར་འགྱུར།། དེས་ནི་འདི་ཉིད་རྣམ་སྤངས་པས།། འབྲས་བུ་རྟག་ཏུ་བརླག་པ་ཡིན།། བསྐལ་པ་མཆོག་རབ་ལྡན་པ་ལ།། ཐེ་ཚོམ་སྐྱེ་བར་ག་ལ་སྲིད།། དེ་ཡིས་འདི་ཉིད་གསང་ཆེན་དུ། ཡང་དག་པར་ནི་འགྱུར་བའོ། ། གལ་ཏེ་འདི་ཉིད་སྣང་བའི་མིས།། འདི་ཉིད་ཡོད་པར་སུ་གཞན་ལ།། སྨྲ་བར་བྱེད་པའི་མི་དེ་ཡིས།། རང་གི་འབྲས་བུ་རང་བརླག་ཏུ།། འདི་ཡིས་བྱེད་པ་ཁོ་ན་ཡིན།། དེ་ཡི་ཕྱིར་ན་རང་བྱུང་གི། ཡི་གེ་འདི་ནི་ཡོད་པ་ཡི།། ཚིག་གི་ཟུར་ཙམ་སྨྲ་བར་ནི།། རྣལ་འབྱོར་པ་ཡིས་མི་བྱའོ།། གསང་བ་ལས་ནི་དངོས་གྲུབ་རྒྱུ།། མ་གསང་མཆོག་དང་ཐུན་མོང་གི།། དངོས་གྲུབ་འདི་ཡིས་སྤངས་པ་ཡིན།། གསང་ཏེ་ལུས་ལ་ཡང་དག་བཅངས། ། འདི་དང་བྲལ་བར་མ་བྱས་པར།། ནམ་ཞིག་འཆི་བའི་དུས་ཀྱི་ཚེ།། འདི་ཉིད་ལུས་ལ་གནས་པ་ལ།། རིགས་དྲུག་སྐྱེ་བ་རྣམ་བཞི་ཡི།། གྲོང་ཁྱེར་དུ་ནི་འཇུག་མི་སྲིད།། དེ་ཡི་ཕྱིར་ན་འདི་ཉིད་དང། ། འགྲོ་དང་ཉལ་དང་འདུག་པ་དང།། འགྲེང་དང་བཟའ་དང་འཆག་པ་དང།། ཕྱག་དང་སྐོར་བ་ལ་སོགས་བྱེད།། འཐུང་དང་ལག་པའི་གར་ཉིད་དང།། རྒྱུག་དང་ཁྲུས་བྱེད་ཕྱི་ས་དོར།། དེ་བཞི་སྨྲ་དང་སྔགས་ཟློས་དང། ཡི་གེ་ཀློག་དང་མཆོད་བཤགས་དང།། ཇི་ལྟར་སྨྲ་བ་ལ་སོགས་དང།། བསམ་པ་ཇི་སྙེད་གཡོ་བ་དང།། ཇི་ལྟར་སྣ་ཚོགས་སྤྱོད་བྱེད་ཀྱང།། འདི་དང་བྲལ་བར་མི་བྱའོ།། འདི་ཉིད་རིག་མེད་སྤྲུལ་པའི་སྐུས། ། རང་གཞན་དོན་རྣམས་རྫོགས་པར་བྱེད།། བྱོལ་སོང་གཟུགས་སམ་བུད་མེད་དམ།། སྐྱེ་བ་དམན་པའི་སེམས་ཅན་ཀྱང།། འདི་དང་བྲལ་བར་མ་བྱས་ན།། ངེས་པར་འབྲས་བུ་ཐོབ་པ་ཡིན། བྲལ་བའི་འབར་འཚམས་མ་ཞུགས་པར།། འདི་ལ་རབ་ཏུ་གཅེས་པ་ཡིན།། དེ་ཡི་ཕྱིར་ན་བཅང་བར་བྱ།། གལ་ཏེ་དུས་ཚོད་བྱུང་བའི་ཚེ།། འདི་ཉིད་ཀླག་པར་ཡང་དག་གོ། འདི་ཉིད་བཅངས་པས་ངེས་པར་འགྲུབ། ། ཅེས་རྡོ་རྗེ་འཆང་གིས་གསུངས་པ་ལ་མངོན་པར་བསྟོད་དེ་རྗེས་སུ་ཡི་རང་ངོ།། མཆོད་འོས་རང་བཞིན་གྱིས་ཚིག་ཆེན་པོ་རྫོགས་སོ།།།། འདི་ནི་བསམ་པའི་ཚིག་ཡིན་ནོ།།།། རྒྱ་གར་སྐད་དུ། སརྦ་ཏ་ཐཱ་ག་ད་སཾ་གྲ་ཧ་མཱུ་ལ་ཏ་ནྟྲ་ཨ། བོད་སྐད་དུ། དེ་བཞིན་གཤེགས་པ་ཐམས་ཅད་སྡུས་པ་ཁུ་བྱུག་རྩ་བའི་ཏན་ཏྲ། སྐྱེ་བ་མེད་པ། དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ།། དེ་བཞིན་གཤོགས་པ་ཐམས་ཅད་ཀྱི་ཐུགས་མི་གནས་པའི་ཡེ་ཤེས་བདེ་བར་གེགས་པའི་སྙིང་པོ། རྣམ་པར་དག་པའི་ལམ། མྱ་ངན་ལས་འདས་པའི་ཡང་དག་པའི་འཇིངས། ཡུམ་གྱི་མཁའ་ཀློང་རྣམ་པར་དག་པའི་ཐིག་ལེའོ། ། སྣ་ཚོགས་མི་གཉིས་མྱ་ངན་འདས།། འཁོར་བ་མྱ་ངན་འདས་སྙིང་པོ།། བླ་མེད་ཐེག་པ་ཆེན་པོ་ནི།། པདྨོ་གེ་སར་ཡུམ་གྱི་མཁར།། ཟླ་བ་བཅུ་གཉིས་དུས་ཀྱི་ཚོར་རིག་པ།། བྱ་རྒྱལ་ཁུ་བྱུག་དབྱར་ཟླ་འབྲིང་པོ་ལ། ། སྙན་པའི་སྒྲ་སྒྲོག་དབྱར་གྱི་ཆ་འཛིན་པ།། དཔལ་ལ་བསླབ་པ་མ་ཡིན་དེ་ཉིད་ལའོ།། མི་གནས་ཐེག་ཆེན་ཐེག་པའི་སྙིང་པོ་ནི། ཐེག་པ་མ་ལུས་ཀུན་གྱི་བགྲོད་སྟེ།། རྒྱུ་ནས་མི་སྩོལ་འབྲས་བུའི་ངོ་བོ་ཡིན། ། ཐེག་པ་ཀུན་གྱི་ལྟ་མིག་ཆ་འཛིན་པ།། དཔྲལ་ལ་འབྲས་བུར་མ་བྱས་ཡེ་ནས་སོ།། ཁུ་བྱུག་དུས་ཚིགས་མི་འདའ་དེ་ཉིད་ལས།། རང་དབང་མེད་པར་དུས་ལ་གནས་པ་སྟེ།། དུས་དེ་མི་འགྱུར་དེ་ན་གནས་པ་ལྟར། ། ཆོས་ཀྱི་སྙིང་པོ་མཆོག་ཏུ་གྱུར་པ་ཉིད།། ཡོན་ཏན་ཕུན་སུམ་ཚོགས་ཏེ་རྒྱུ་དང་བྲལ།། རྐྱེན་གྱིས་མི་སྐྱེད་རང་གིས་རང་བཞིན་གནས།། གཞན་ཏུ་མི་འགྱུར་དུས་མེད་རྣམ་ཐར་གནས།། ཡོན་ཏན་མཆོག་ལྡན་ངལ་བ་ཉིད་ཀྱང་ཡིན། ། ཁུ་བྱུང་བྱ་རྒྱལ་གསུང་གི་གདངས་དང་ལྡན། རྗེ་བཙན་དུས་བཞིའི་དུས་ལ་དབང་བྱེད་པས།། སྒྲ་སྙན་སྒྲགས་པས་ཀུན་རྒྱུད་ཡིད་ཚིམ་ནས།། དུས་ཀྱི་བྱ་བ་ཐམས་ཅད་བྱེད་པར་ལྟར།། རྫོགས་པ་མི་འགྱུར་བླ་ན་མེད་པ་ལ། ། སྐུ་གསུང་ཐུགས་ལྡན་ཐེག་པ་ཀུན་གྱི་རྗེ།། དུས་བཞིའི་ལྷུན་རྫོགས་དུས་གསུམ་འགྱུར་བ་མེད།། འོད་ཟེར་ཕྱུང་བས་ཐེག་པ་ཀུན་བསྡུས་ནས།། དུས་མེ་དུས་གསུམ་རང་གི་རང་བཞིན་གནས། དེ་སྐད་ཅེས་བཅོམ་ལྡན་འདས་བདེ་བའི་དབང་ཕྱུག་གིས། འཁོར་རྣམས་གསོལ་པས།། ཀློག་འོད་བརྟན་པ་རྒྱལ་པོ་ཛ་དང། རྒྱལ་པོ་ལྔ་སྒྲ་གཅན་འཛིན་དང། གནོད་སྦྱིན་བྱང་ཆུབ་དང། འཁོར་རྣམས་ཀྱིས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ཞེས་མགྲིན་གཅིག་ཏུ་སྡེབས་ནས། ཕུང་པོ་ལྔ་སོ་སོར་འཆད་པའོ།། དེ་བཞིན་དུ་རྣམ་པར་ཤེས་པ་ལ་སོགས་པ་རྣམས་ཀྱང་དེ་བཞིན་ནོ། ཞེས་ཞུས་པས། བཅོམ་ལྡན་འདས་བདེ་བའི་དབང་ཕྱུག་གིས། ཟག་པ་མེད་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། བཅོམ་ལྡན་འདས་གཟུགས་ཀྱི་ཕུང་པོ་དང། བཅོམ་ལྡན་འདས་ཚོར་བའི་ཕུང་པོ་དང། བཅོམ་ལྡན་འདས་འདུ་ཤེས་ཀྱི་ཕུང་པོ་དང། བཅོམ་ལྡན་འདས་འདུ་བྱེད་ཀྱི་ཕུང་པོ་དང། བཅོམ་ལྡན་འདས་རྣམ་པར་ཤེས་པའི་ཕུང་པོ་ལ་སོགས་པ་ནི་བྱང་ཆུབ་བོ།། དེ་བཞིན་གཤེགས་མ་སྣང་མ་དང། དེ་བཞིན་གཤེགས་མ་སྲམ་དང་དེ་བཞིན་གཤེགས་མ་སྡུད་མ་དང། དེ་བཞིན་གཤེགས་མ་དྲོ་མ་ལ་སོགས་པ་ལྔ་ནི་དེ་དག་འཁྲིལ་བའོ།། དབང་པོ་ལྔ་ནི་ཡུམ་ལྔ་དང་འཁྲིལ་ཏེ། ཡུམ་སྦས་པའི་ཚུལ་དུ་གནས་སོ། སྐྱེས་བུ་བཅུ་གཉིས་ནི་རྟེན་ཁང་བཅོ་བརྒྱད་ལ་ཞའོ། ། དབང་ཕྱུག་ལྷ་ལ་སོགས་པ་དང། ཐག་བཟངས་རིས་དང་བུམ་རྣ་དང། ཧ་ནུ་མ་ཏ་ལ་སོགས་པ།། སྐྱེས་བུ་རྟེན་གྱི་ཚོད་ལྡན་ཞིང།། བཅུ་སྦས་འཁྲིལ་མའི་ཚོགས་ལྡན་ཏེ།། སོ་སོར་ཕྱེ་བ་མ་ཡིན་ཏེ། ། སྦས་མ་ཡུམ་གྱི་ཚོགས་སུ་གཅིག། དཔེར་ན་ཁུ་བྱུག་མང་པོ་ཉིད།། སྒྲ་སྐད་སྙན་པ་ཀུན་སྒྲོགས་ཤིང།། དུས་ཀྱི་ཚོད་སྡུད་བསྟན་གྱིས་ཀྱང།། ཁུ་བྱུག་གཅིག་པུ་འདུས་བཞིན་ནོ།། རོལ་མོ་སྒྲ་ལ་སོགས་པ་ཀུན། ། ལྷ་མོ་ཡུམ་གྱི་ལྷུམས་སུ་ཡལ།། ཨེ་ཨེ་ཨེ། ཨ་ཨ་ཨ། ར་ར་ར་རི་ལ་སོགས།། དེ་ལས་བྱུང་ནས་དེ་ལའང་རྫོགས།། ཨ་ཡང་ཨའི་ཨ་ལ་རྫོགས།། ཐུབ་དྲུག་བསྟན་པ་བསམ་ཡས་པའང།། དེ་བཞིན་དེ་ཡི་གནས་སུ་སོན། ། རྣམ་ཐར་སྒོ་མཐའ་ཡས་པའང།། གསང་བའི་ལྷ་མོ་མཁའ་ལས་བྱུང།། རིགས་དྲུག་སོ་སོར་སྣང་བ་ཡང།། གོང་མ་རྣམས་བཞིན་བྱུང་ནས་རྫོགས།། མཁའ་ལ་དེ་བཞིན་གཤེགས་ཞེས་བྱ། ། བྱང་ཆུབ་སེམས་དཔའ་བཅོམ་ལྡན་འདས།། གསང་བ་སྦས་པའི་ལྷ་མོ་ཡིས།། མཁའ་ལ་དེ་བཞིན་དུས་མེད་གནས།། དཔེར་ན་ཁུ་བྱུག་དུས་ཚིགས་ལས།། མི་འདའ་དེ་བཞིན་དུས་དེ་ལས།། བརྟན་བར་བྱེད་པ་ཇི་བཞིན་ནོ། ། ཨེ་མའོ་སངས་རྒྱས་བཅོམ་ལྡན་འདས།། བཙལ་བས་རྙེད་པའི་ཡུལ་མེད་དེ།། ཕ་རོལ་ཕྱིན་པ་བཅུ་ལས་བྱུང།། མྱ་ངན་འདས་དང་རྒྱ་ལ་བའི་ཡུམ།། བཅུ་པོ་དེ་ཉིད་ཡིན་པའི་ཕྱིར།། རྒྱལ་བསྲས་དང་ཡབ་ཡུམ་ནི། ། ཡི་གེ་ཡིན་ཏེ་ཨ་ཉིད་དོ།། ངོ་མཚར་རྨད་ཀྱི་ཆོས་ཉིད་ནི།། རྫོགས་པའི་སངས་རྒྱས་རྣམས་ཀྱིས་ཀྱང།། བཙལ་བས་མི་རྙེད་དངོས་པོ་མེད།། དངོས་པོ་མེད་པའི་དངོས་ཉིད་ལས།། མི་འགྱུར་གནས་པ་དྲང་སྲོང་ཡིན། ། དཔེར་ན་ཁུ་བྱུག་དུས་ཚིགས་ལས།། དུས་མི་འདའ་བར་འོངས་ནས་ནི། སྒྲ་སྐད་སྙན་པ་ཀུན་བསྒྲགས་པ་ཡི་ངག། སྙན་པའི་སྒྲ་ཉིད་སྒྲ་མཐར་སྟོང།། ཨ་ཉིད་ཡིན་པར་དེ་བཞིན་ནོ།། ཏིང་ངེ་འཛིན་དང་བསམ་གཏན་དང། ། རྣམ་ཐར་མང་པོའི་སྒོ་མཐའ་ཡས།། དེ་བཞིན་གཙུག་ལག་བསམ་མི་ཁྱབ།། ཉེ་བར་གཞག་པ་མང་པོ་ཡང།། དུས་ཚོད་འཛིན་པའི་ཁུ་བྱུག་གིས།། སྐད་སྙན་ཁུ་བྱུག་ཉིད་ལ་ནི། ། བྱུང་ནས་དེ་ལ་རྫོགས་པ་ལྟར།། སྤས་པ་ལྷ་མོ་ཉིད་ཡུམ་ཉིད་ལས།། བསམ་མི་ཁྱབ་པའི་སྒོ་བྱུང་ནས།། དེ་ལ་འདུས་ཕྱིར་ཡུམ་ཞེས་བྱ།། ཚོགས་ཀྱི་སྒོ་དང་སེམས་དཔའ་དང།། ལྷ་མོ་མང་པོ་ཁྲོ་བོ་དང།། ཁྲོ་མོའི་ཕྱག་རྒྱའི་ཚོགས་བཅས་དང། ། འཁོར་ལོ་པདྨ་རལ་གྲི་དང།། དཀྱིལ་འཁོར་ཇི་སྙེད་ཡོད་པ་ཀུན། གསང་བའི་ལྷ་མོ་ལས་བྱུང་ནས།། དེ་ལ་འདུས་ཕྱིར་ཡུམ་ཞེས་བྱ།། ཚོགས་ཀྱི་སྒོ་དང་སེམས་དཔའ་དང།། མི་གསུངས་མཉམ་བཞག་སྔགས་ཆིག་གོ། མཆོད་སྟོད་དབུལ་དང་བསྐུལ་བ་དང།། རྒྱན་དང་བྱུག་པ་གདུགས་ལ་སོགས།། དེ་བཞིན་ཁྲུས་དང་སྐུ་བསྐྱེད་པ།། གཤེགས་སུ་གསོལ་དང་སྤྱན་དྲངས་དང།། སྤྱན་མིག་དབྱེ་བ་ལ་སོགས་པ། ། གསང་བའི་ལྷ་མོའི་མཁའ་དཀྱིལ་དུ།། བརྟན་པར་བྱས་ནས་ཡན་ལག་རྫོགས། ཁུ་བྱུག་གཅིག་གི་སྐད་གཅིག་ལ།། མང་པོ་ཀུན་གྱི་སྒྲ་བསྒྲགས་ཀྱང།། ཁུག་སྐད་གཅིག་ལ་རྫོགས་པ་ལྟར།། སོ་སོའི་ཡན་ལག་བསམ་ཡས་ཀྱང། ། དེ་བཞིན་གསང་བའི་གནས་སུ་རྫོགས།། སྔོན་འདས་པ་ཡི་སངས་རྒྱས་ཀྱང།། དེ་ལས་དེ་བཞིན་བྱུང་བས་ནི།། བདུད་བཞི་མ་ལུས་བསད་པའི་ཕྱིར།། རྒྱལ་བ་སངས་རྒྱས་ཞེས་བྱ་ཞིང། ། ད་ལྟར་ཕྱིས་བྱུང་དྲང་སྲོང་རྣམས།། གསང་བའི་ཡུམ་ལ་ལྟ་བ་ལ།། དེ་བཞིན་གསང་བའི་ཡུམ་དེ་སྣང།། དཔེར་ན་ཁུ་བྱུག་ཇི་སྙེད་པ་དང།། སྔ་ཕྱི་གསུམ་དུ་འབྱུང་བདེ།། ལུས་ངག་ཡིད་གསུམ་དུས་ཚོད་རྣམས། ། འགྱུར་བ་མེད་གནས་པ་ལྟར།། དུས་གསུམ་སངས་རྒྱས་མ་ལུས་པ། གསང་བ་སྦས་པའི་ལྷ་མོ་ལ།། སྔ་ཕྱི་དུས་གསུམ་དུས་མེད་དེ།། སྐུ་གསུང་ཐུགས་ལྡན་དུས་མེད་པར།། མི་འགྱུར་གནས་པས་རྒྱལ་བ་ཡིན། ། རིགས་བརྒྱ་རིགས་གསུམ་རིགས་ལྔ་ནི།། གསང་བ་བྱང་ཆུབ་ལས་ཕྱུང་བ།། རིགས་མཆོག་ཆེན་པོ་གཅིག་ཏུའོ།། རིགས་དེ་མཁའ་དེ་ཡུམ་ཡང་ཡིན།། དཔེར་ན་བྱ་རྒྱལ་ཁུ་བྱུག་དག། བར་སྣང་མཁའ་ལ་འཕྱོ་བ་ཡང། ། ཕྱིན་པའི་ལམ་ལ་རྗེས་མེད་བཞིན།། དྲང་སྲོང་སྒོམ་མཁའ་རྣལ་འབྱོར་པ།། རྒྱལ་བ་ཡུམ་ལ་ལྟས་ནས་ནི།། རྣམ་པར་མི་རྟོག་སྒོམ་པ་དང།། ཡུམ་གྱི་མཁའ་ལ་སྦྱོར་བའང།། ལྟ་སྒོམ་སྦྱོར་བ་རྗེས་མེད་ན། ། བྱང་ཆུབ་སེམས་དཔའ་ཀུན་གྱི་ཡབ།། གཅིག་ལས་ཡོན་ཏན་གྱི་ཚོགས་མང་པོ་བྱུང་བའི་སྐབས་རྫོགས་སོ། ཁུ་བྱུག་ཡུན་རིངས་ལམ་བགྲོད་ནས།། དུས་ཀྱི་ཚད་ལ་ཉམ་ཐག་པ།། དོན་མེད་དལ་བ་ཆུད་གསན་ཏེ། དུས་ཀྱི་བྱ་བ་བྱེད་པ་བཞིན། བདེན་བཞིའི་སྒོར་ཞུགས་ཉན་ཐོས་ཀྱིས།། བརྒྱ་ཕྲག་ཕྱེད་དང་གསུམ་བསྲུང་ཞིང།། རྒྱུན་ཞུགས་འབྲས་ཐོབ་བརྒྱད་བགྲོད་ཀྱང།། དགྲ་བཅོམ་ས་ཐོབ་ངལ་བའི་ས།། དཔེར་ན་ཁུ་བྱུག་དེ་ཉིད་ཀྱིས། ཟླ་བ་བཅུ་གཉིས་ཁ་རྒྱུད་དེ། དབྱར་ཟླ་འབྲིང་ལ་དུས་བསྲུངས་པ།། ཟླ་བ་བཅུ་གཉིས་ཐ་མལ་ཏེ།། སྡུག་བསྔལ་ཁ་རྒྱུད་དོན་མེད་ལྟར།། རང་སངས་རྒྱས་པས་ལམ་བགྲོད་ལ།། རྟེན་འབྲེལ་བཅུ་གཉིས་ལུགས་བཟློག་སྟེ། ། ཟབ་མོའི་ཆ་ཤས་རྟོགས་པ་དེ།། བཞི་རྩ་བརྒྱད་པས་ངལ་དོན་ཆུང།། དཔེར་ན་ཁུ་བྱུག་དེ་ཉིད་ཀྱིས།། འགྲོ་འོང་གཉིས་སུ་དུས་བཟུང་སྟེ།། ཟླ་བ་བཅུ་བགྲངས་བཅུ་གཅིག་ལ། ། འབྲས་བུ་འགྲོ་འོང་ཚོད་འཛིན་པ།། བགྲངས་པས་ངལ་བ་དོན་མེད་ལྟར།། གཉིས་ཞུགས་གསུམ་དུར་ཤེས་རབ་ཐབས།། ཕྱིན་པ་བཅུ་བགྲོད་བསྐལ་པར་ཡང།། ཡུན་རིངས་བགྲོད་པས་བགྲོད་པའི་ས། ། བགྲོད་མི་དགོས་པར་བགྲོད་པ་མཐོང།། བགྲོད་པའི་ལམ་ལ་ཕྱིན་མཐའ་མེད།། སྒོ་ཕུགས་ཕྱེ་བ་ངལ་བའི་རྒྱུ།། ས་བགྲངས་འབྲས་བུ་འདོད་པ་གོལ།། དཔེར་ན་ཁུ་བྱུག་དེ་ཉིད་ཀྱིས།། འབད་དེ་འདུག་པ་ཚང་བསགས་ནས། ། བུ་རྒྱུད་སྒོ་ང་དེར་བཞག་ཀྱང།། མ་རྣོངས་ཁུ་བྱུག་མི་འོང་ལྟར།། དག་པའི་སྒོར་ཞུགས་གསུམ་འདོད་དོ།། བཅུ་གཅིག་གི་ནི་སྐུར་བསྐྱེད་པ།། བཟླས་པའི་ཁང་པ་གཙང་ཁང་བྱས།། འབད་དེ་ཁྲུས་བྱས་ཡན་ལག་གི། བདག་ཉིད་སྐུར་བསྐྱེད་ཡེ་ཤེས་སེམས།། དཔོན་གཡོག་ཚུལ་དུ་ལྟ་བྱས་ཏེ།། འབྲས་བུ་རྡོ་རྗེའི་རིགས་འདོད་ཀྱང།། ཞི་བ་མ་མཐོང་འདོད་པ་གོལ། ཁུ་བྱུག་དུས་ཀྱི་དུས་ཚིགས་ལས།། འདའ་བར་བྱེད་པ་མེད་པ་དེ། ། ཁུར་བར་བྱེད་པ་བྱ་ཡི་རྗེ། རྗེ་དང་འབངས་ཀྱི་ཁྱད་པར་དུ།། བྱ་དེ་གཉིས་དང་ལྡན་པ་ལ།། དོན་མེད་དུས་ཚིགས་བསྲུང་བ་ལྟར། ཕྱག་རྒྱ་བཞི་ལྡན་སྤྱི་དང་ཁྱད་པར་གཉིས།། བྱིན་རླབས་ལས་བྱུང་རྩ་བའི་ཡན་ལག་བཞི། ། བྱང་ཆུབ་ལྔ་ཡི་སྒོ་ནས་ཐོབ་འདོད་པ།། དག་པ་ཉིད་ལ་ལྟ་བར་སྤྱོད་བྱེད་ཅིང།། ལྷ་སྤྱོད་གཉིས་ལྡན་ཨུ་པ་ཡ་ཉིད་ནི།། གཉིས་ལ་བཟུང་བས་དོན་མེད་བྱང་ཆུབ་གོལ།། དཔེར་ན་ཁུ་བྱུག་དོན་གྱི་མཆོག། རང་གི་ལས་སུ་དུས་ཚིགས་བསྲུང།། ང་ལ་ཞིང་ཆད་དེ་དམན་པ་ལྟར།། ཡོ་ག་རྣམ་གཉིས་དམ་ཚིག་གི། བསྲུང་བ་འབད་རྩོལ་ཉམས་སུ་ལེན།། སྦྱོར་སྒྲོལ་སྡོམ་བསྲུང་ཉི་ཤུ་བརྒྱད། ཉམས་སུ་ལེན་པ་དམན་པའི་རྒྱུ། ། བཅུ་དྲུག་དོན་རྫོགས་ངལ་བ་སྟེ།། བསྒོམ་པར་བྱ་བ་ལྟ་མིག་བྲལ།། རྫོགས་ཆེན་ཐེག་པ་ཀུན་གྱི་མཁར།། མཁར་འགྲམ་ཞབས་ནས་མ་འགྲམས་ན།། ཡོན་ཏན་ལུས་ལྷུན་གྱིས་རྫོགས།། དཔེར་ན་ཁུ་བྱུག་བྱ་རྒྱལ་དེ། ། བྱ་གཞན་ཟིལ་གནོན་འདབ་གཤོག་རྫོགས།། བྱ་བྲན་ཀུན་གྱིས་འཁུར་བ་ལྟར།། རྫོགས་པ་ཨ་ཏི་ཡོ་ག་ནི།། ཐེག་པ་ཀུན་གྱི་རྒྱལ་པོ་སྟེ།། རི་ཡི་རྒྱལ་པོར་རབ་བཞིན།། རི་རྒྱལ་ཟིལ་གནོན་བྱ་རྗེ་འདྲ། ། ཐེག་པ་གཞན་གྱི་ཁུར་དུ་ཁུར།། ལྟ་བའི་ངོ་བོ་དོན་གྱི་མཆོག། དྲང་སྲོང་བསྒོམ་འདོད་སྒོམ་པ་ལ།། འདུ་འཛི་སྤངས་ནས་དགོན་དབེན་བཟུང།། བསྟོད་པས་རྒྱལ་བ་འདོད་པ་ནི།། དཔེར་ན་ཁུ་བྱུག་ས་མཚམས་ལས། ། གྲོང་ལས་དབེན་པར་གནས་བཅས་ཀྱང།། གཅིག་པུ་མི་འདུག་དེ་བཞིན་ཁུ།། འདུ་ཤེས་བཟན་ཆུ་སྒོམ་པ་འདྲ།། དཔེར་ན་བསྒོམས་པའི་སྒོམ་ཆེན་རྣམས།། རུས་སྦལ་ཁོག་གོར་ནང་ནས་ནི། ། བརྐྱང་བསྐུམ་འགྲོ་འདུག་བྱེད་པ་དེ།། སུས་ཀྱང་མི་མཐོང་དེ་ཉིད་ན།། འདུག་འགྲོ་གཞན་གྱིས་མི་མཐོང་ལྟར།། ལུས་དབེན་སེམས་དབེན་གནས་དབེན་པར།། མི་མཐོང་འདུག་པ་རྒྱལ་བ་ཡིན།། དཔེར་ན་བྱ་རྒྱལ་ཁུ་བྱུག་གིས། ། དུས་བཞིའི་འབྲེལ་པ་བྱེད་པ་དེ། གཞན་གྱིས་བྱེད་དུ་བཅུག་མིན་ཏེ།། དུས་བཞིའི་འབྲེལ་པ་ལྡན་པ་བཞིན།། རྫོགས་པ་ཆེན་པོ་བླ་ན་མེད།། ཡོན་ཏན་ཀུན་གྱི་འབྱུང་གནས་གཏེར།། ཐེག་པ་ཀུན་གྱི་འབྱུང་ཁུངས་པ། ། འབྱུང་ཁུང་བྱེད་དུ་བཅུག་མིན་ཏེ།། ཐམས་ཅད་མ་ལུས་ལྷུན་གྱིས་རྫོགས།། ཆོས་རྣམས་མ་ལུས་བླ་ན་མེད།། གསང་སྔགས་རིག་སྔགས་བྱང་ཆུབ་དང།། ཕྱག་རྒྱ་ལ་སོགས་མ་ལུས་རྣམས། ། བསོད་ནམས་ནོར་བུ་རིན་པོ་ཆེ།། སེམས་ཀྱི་ཁུ་བྱུག་འདི་ལ་རྫོགས།། བསྒོམ་འདོད་དྲང་སྲོང་མཁན་པོ་པ།། རྣམ་པར་དག་པའི་ལམ་འདི་ལ།། བླ་མེད་བྱང་ཆུབ་གཏེར་འགྲུབ་ན།། སེམས་ཀྱི་ཁུ་བྱུག་འདི་ཉིད་ལ། ། བལྟས་ན་བླ་མེད་གནས་སུ་སོན།། དོན་དམ་བདེ་བ་ཆེན་པོའི་ལམ།། ཡང་དག་འབའ་ཞིག་འདི་ལ་ལྟ།། བྱང་ཆུབ་སེམས་རྒྱུད་ཀྱི་རྒྱལ་པོ་ཁུ་བྱུག་ཡུལ་ལང་ཀ་སྤུ་རིར་འཁོར་ཕལ་པོ་ཆེ་བརྒྱ་ལ།། བཅོམ་ལྡན་འདས་བདེ་བའི་དབང་ཕྱུག་གིས་བཀའ་སྩལ་པ་རྫོགས་སོ། །།། སློབ་དཔོན་རྒྱ་གར་གྱི་མཁས་པ་ཆེན་པོ་གཙུག་ན་མེ་འབར་གྱིས་འགྲེལ་པ་མདོ་བཀྲོལ་བ་ཞིགས་བཞུགས་ཏེ། དགུན་ཟླ་འབྲིང་པོའི་ཉ་གསུམ་ལ་བཏོན་ཏེ། སྣོད་དང་ལྡན་པའི་མི། བྱང་ཆུབ་སེམས་དཔའི་མི་དག་རྙེད་ན། རྩ་བ་སྔོན་ལ་ཀུན་གྱི་དེ་བཞིན་བྱིན་ལ།། མདོ་འགྲེལ་ཕྱིས་སྦྱིན་ནོ།། དེ་ལྟར་མ་བྱས་ན་བཀའ་དམ་པ་ཁྱད་དུ་བསད་དེ། མོད་ལ་སྟེར་མཁན་ཁྲག་ཏུ་སྐྱུགས་ལ་དམྱལ་བར་ལྟུང་ངོ། །།། རྒྱ་གར་སྐད་དུ། གུ་ཧྱེ་ད་པ་ཏི་ཏནྟྲ་ནཱ་མ། བོད་སྐད་དུ། གསང་བ་ཡང་ཁོལ་གྱི་རྒྱུད་ཅེས་བྱ་བ། དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། ། མ་བྱུང་མ་སྐྱེས་སྔོན་རོལ་ན།། ཐོག་མའི་སངས་རྒྱས་འོད་མི་འགྱུར།། ཀུན་གྱི་འབྱུང་གནས་ཆེན་པོར་བཞུགས།། གསང་བ་ཡང་ཁོལ་ལས།། སངས་རྒྱས་སེམས་ཅན་གྱི་སྣང་བཞི་བསྟན་པའི་ལེའུ་སྟེ་དང་པོའོ། །།། བར་དུ་འཁྲུལ་པའི་རྐྱེན་བཞིས་འཁྲུལ།། ཐ་མ་སངས་རྒྱས་སེམས་ཅན་གཉིས།། ངོ་བོ་གཅིག་ལས་གཉིས་སུ་སྣང།། གསང་བ་ཡང་ཁོལ་ལས། སངས་རྒྱས་སེམས་ཅན་རྒྱབ་གྱེས་ཚུལ་བསྟན་པའི་ལེའུ་སྟེ་གཉིས་པའོ། །།། དེ་ཡང་གྲོལ་བའི་ཐབས་གསུངས་པ།། སྦུབས་གསུམ་དག་ཏུ་བསྡུས་ཏེ་བསྟན།། བག་ཆགས་སྦུབས་དང་ཡེ་ཤེས་སྤུབས།། རིན་ཆེན་སྤུབས་དང་རྣམ་པ་གསུམ།། སྤུབས་གསུམ་དག་ལ་སྤྱན་ཀྱང་གསུམ། ། ཡུལ་གསུམ་དགྲོལ་བའི་དགོངས་པ་གསུམ།། གསང་བ་ཡང་ཁོལ་ལས།། སྤུབས་གསུམ་མདོར་བསྟན་པའི་ལེའུ་སྟེ་གསུམ་པའོ།།།། ད་ལྟ་བག་ཆགས་སྤུབས་གནས་ཏེ། ། ཙིཏྟ་རིན་ཆེན་གཞལ་ཡས་ན།། རིག་པ་རྟོག་མེད་ཆོས་ཀྱི་སྐུ།། དེ་ཡི་འོད་ལས་ལོངས་སྐུ་སྟེ།། སྐུ་ནི་མཚན་དང་དཔེ་བྱད་དུ།། འོད་ལྔའི་ཀློང་ན་རྫོགས་པར་བཞུགས།། རྟགས་ཀྱི་ཡེ་ཤེས་སྤྲུལ་སྐུ་སྟེ།། དེ་ཡི་ཐུགས་རྗེའི་རྩལ་སྣང་བའོ། ། དོན་གྱི་ཡེ་ཤེས་ལྔ་རུ་གནས།། དཔེ་དོན་རྟགས་ཀྱིས་གཏན་ལ་དབབ།། ཆོས་ལ་དབང་སྒྱུར་ཤེས་རབ་སྤྱན།། འཁྲུལ་སྣང་དུ་མ་ཡུལ་དུ་སྣང།། བློ་ལས་གྲོལ་བའི་དགོངས་པ་སྟེ།། སྒྲོ་འདོགས་གཅོད་པའི་དུས་ཡིན་ནོ། ། མ་འདྲེས་ཡོངས་སུ་རྫོགས་པ་དང།། གསལ་ལ་རྟོགས་པ་མེད་པ་དང།། མཚན་མ་ཟིལ་གྱིས་ནོན་པའོ།། གསང་བ་ཡང་ཁོལ་ལས།། བག་ཆགས་ཀྱི་སྦུབས་གཏན་ལ་དབབ་པ་དང་བཅས་པའི་ལེའི་སྟེ་བཞི་པའོ། །།། བར་དུ་ཡེ་ཤེས་སྐུ་ཡིན་ཏེ།། འཇུག་དང་སྣང་དང་གྲོལ་རབ་འབྲིང།། ཐ་མ་མཐར་ཕྱིན་གསུམ་ཞེས་བྱ།། ལྔ་ལྡན་རྫོགས་ལྡན་དགོངས་པ་སྟེ།། བཞི་བཅུ་རྩ་གཉིས་ལྷུན་རྫོགས་པས། ། བྱ་བ་གྲུབ་པའི་ཡེ་ཤེས་ལྡན།། སངས་རྒྱས་ཆེ་བ་མཐར་རྫོགས་ནས།། མཚན་དཔེ་མངོན་ཤེས་དྲུག་དང་ལྡན།། རྣམ་རྟོག་མི་མངའ་ཅིར་ཡང་སལ་ལེ་མཁྱེན།། ཞལ་སྦྱོར་བར་ནས་འོད་འཕྲོ་བ།། ཡི་གེ་དྲུག་པ་རྡོ་རྗེའི་སྒྲ། ། འོད་ཟེར་དཀར་དམར་འཁྱིལ་བ་ནི།། རིན་པོ་ཆེ་ཡི་སྲད་བུ་འམ།། གཞའ་ཚོན་ལྟ་བུ་འཁྲིལ་ཏེ་འཕྲོ།། ལས་དག་ལྷུམས་བཞུགས་སྤྲུལ་སྐུར་འགྱུར།། སྒྲ་འགྱུར་ཆོས་ཀྱི་འཁོར་ལོ་ཡིས།། ངན་སོང་ཞིང་དུ་ཡང་དག་སྒྲོལ། ། ཡུལ་དུ་བཞི་བཅུ་རྩ་གཉིས་འགྲུབ།། སྤྱན་ནི་གོང་གི་མངོན་ཤེས་དྲུག། ལས་ལ་དབང་སྒྱུར་རྫུ་འཕྲུལ་ཅན།། འཁོར་བའི་མཐའ་ལ་གྲོལ་ཏེ་གནས།། གཉིས་སྣང་མ་འགགས་གཟུང་འཛིན་བྲལ། ། གསང་བ་ཡང་ཁོལ་ལས། ཡེ་ཤེས་སྒྱུ་མའི་སྦུབས་བསྟན་པའི་ལེའུ་སྟེ་ལྔ་པའོ།།།། ཐ་མ་རིན་ཆེན་སྦུབས་བསྟན་ཏེ།། དང་པོ་ཡེ་ཤེས་རླུང་སྟོབས་ཀྱིས།། གཙོ་བོ་མཉམ་ཉིད་དོན་ལ་སྦྱོར།། རིན་ཆེན་སྦུབས་སུ་ཤུགས་ཀྱིས་སྐྱོད། ། འདེགས་བྱེད་སྟོབས་ཀྱི་མཁའ་ལ་དཀྱིལ།། བསྟན་མ་སྟོབས་ཀྱི་མི་གཡོ་སྟེ།། འཁོར་རྣམས་གཙོ་བོ་དག་ལ་ཐིམ།། གཙོ་བོ་ལྔ་ནི་རིག་པའི་ཀློང།། རིན་ཆེན་སྦུབས་ན་བསྟན་པར་གནས།། འོད་འབར་སྐུ་ལྔ་སྤྲུལ་སྐུ་སྟེ། ། སྤྱན་གསུམ་འོད་འབར་ལོངས་སྤྱོད་རྫོགས།། ཆོས་སྐུ་རང་གསལ་རྡོ་རྗེའི་ལུས།། རིག་པ་རང་ས་ཟིན་པའོ།། འབྱེད་མེད་གསལ་ཡེ་ཤེས་སྤྱ།། རང་སྣང་དག་པ་གནས་པའི་ཡུལ།། མཐའ་གྲོལ་ཆོས་ལས་འདས་པས་ནི། ། རིན་ཆེན་སྦུབས་ཀྱི་མཚན་ཉིད་དོ།། དུམ་བུ་བཅུ་གཉིས་ཞེས་སུ་གྲགས།། གསང་བ་ཡང་ཁོལ་ལས།། རིན་པོ་ཆེ་གསང་བའི་སྦུབས་བསྟན་པའི་ལེའུ་སྟེ་དྲུག་པའོ།།།། དེ་དག་མཚོན་པའི་བླ་དགས་ཏེ། ། སྦུབས་གསུམ་སྐུ་གསུམ་རང་ལ་གནས།། སྲིད་པ་གསུམ་ནི་བདེ་བའི་གཞལ་ཡས་ཁང།། ཡུམ་གྱི་བྷ་ག་བདེ་ཀློང་གཅིག་ཏུ་འཁྱིལ།། སྣ་ཚོགས་ངོ་བོས་སྟོང་སྟེ་རང་བཞིན་རྣམ་པར་དག། བྱ་རྩོལ་མི་མངའ་སྐུ་གསུམ་རང་ལ་རྫོགས།། རྫོགས་པའི་དོན་ལ་བཙལ་དུ་ཡེ་ནས་མེད།། རྟོགས་པའི་དོན་ལ་སྒོམ་དུ་ཡེ་ནས་མེད།། གསང་བ་ཡང་ཁོལ་ལས། སྦུབས་གསུམ་གྱི་ལ་བཟླ་བ་བསྟན་པའི་ལེའུ་སྟེ་བདུན་པའོ། །།། ཀུན་ཏུ་བཟང་པོའི་ཐུགས་ནས་བརྒྱུད་པ་འདི།། སྐལ་བ་བཟང་པོ་རྣམས་ཀྱི་ཐུགས་ལ་ཞོག། སྐལ་མེད་སྣོད་ངན་རྣམས་ལ་འདི་མི་བསྟན།། བསྐལ་པ་དུམ་བུའི་རྒྱུད་གསང་བ་ཡང་ཁོ་ལ་རྫོགས་སོ། །།། @#། རྒྱ་གར་སྐད་དུ།། གྷུ་ཡ་སྤྲུ་རྩ་ཏནྟྲ་ཨ་ཏ་ཡོ་ག་ཡོ་ག་གྷུ་ཡ་སརྦ་རི་ཀ་ཏན་ཏྲ་རཱ་ཙ་ན་མ།། བོད་སྐད་དུ། གསང་བ་རྒྱ་མཚོའི་རྒྱུད་དམ་པའི་དམ་པ། རྣལ་འབྱོར་གྱི་རྣལ་འབྱོར།། གསང་བ་ཐམས་ཅད་ཀྱི་ཏིག་ཀ་རྒྱུད་ཀྱི་རྒྱལ་པོ།། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང། གསུང་དང། ཐུགས་རྡོ་རྗེ་དཔའ་བོ་ཆེན་པོ་དང།། དཔའ་མོའི་དབང་ཕྱུག་མས་རྣམ་པར་བསྐོར་ནས་ཤེས་རབ་ཀྱི་བྷ་ག་ལ་བཞུགས་སོ།། དེར་བཅོམ་ལྡན་འདས་མ་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་ལེགས་དགེས་ཆེན་པོའི་རོལ་བའི་སྒེགས་པར་ཉེ་བར་ལོངས་སྤྱོད་པ་དང། ། མ་མཆུའི་བདུད་རྩིའི་བཏུང་བས་བཅོམ་ལྡན་འདས་དགེས་པར་བྱས་ཏེ། ཁ་སྦྱར་གྱི་སྦྱོར་ཐབས་ལས་འདས་ནས། རི་རབ་ཀྱི་ཉི་རྡུལ་གྱི་གྲངས་ཀྱི་རྣལ་འབྱོར་མ་དང་ལྷན་ཅིག་པར་བསྐོར་བ་ལན་གསུམ་བྱས་ནས། ། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་ཡེ་ཤེས་ཟླ་བ་གྲགས།། ལྟེ་བའི་ཀུ་མུད་ཁ་འབྱེད་བ། ། གང་ཞིག་ཅི་ཞིག་བདག་གིས་ཞུས།། མངའ་བདག་ཆེན་པོ་དེ་དག་གསུངས།། དཔལ་ལྡན་བླ་ན་མེད་པའི་རྒྱུད།། རྣལ་འབྱོར་མ་ཞེས་རབ་གྲགས་ལ།། ཨེ་ཝཾ་མ་ཡ་སོགས་པའི་སྒྲ།། དོན་ནི་ཇི་ལྟ་བུར་མི་བརྗོད། ། བཅོམ་ལྡན་འདས་ཀྱི་བཀའ་སྩ་ལ་པ།། ཉོན་ཅིག་ལྷ་མོ་སྤྱན་བཟང་རིང།། ཁྱོད་ཀྱིས་བདག་ལ་གང་ཞིག་ཞུས།། ཨེ་བམ་མ་ཡ་སོགས་སྒྲ་ཡིས།། ཁམས་གསུམ་འགྲོ་དང་འགྲོར་བཅས།། ཤེས་རབ་ཐབས་ཀྱི་རང་བཞིན་ཡིན། ། གཞན་གྱིས་མ་ཡིན་ཀུན་རྒྱས་བཏབ།། དེ་ཁོ་ན་ཉིད་སྒྲོན་མར་གྲགས།། དྲི་མེད་རྫོགས་པའི་འབྲས་བུའི་གཟུགས།། འདི་སྐད་བདག་གིས་དེ་བཞིན་གསུམ།། བདག་ཉིད་ཀྱིས་ནི་དང་བཅས་པ། ། རང་བཞིན་བཞི་ཡི་བྱེ་བྲག་ཏུ།། དོན་དམ་པར་ནི་ཤེས་པར་བྱ།། ཐོས་པའི་དོན་ནི་ཟླ་བ་བདེ།། དེ་ནི་ནམ་མཁའ་བཞིན་དུ་མཆོག། གཅིག་ཅེས་བྱ་བ་གཞན་མཆོག་མཆོད། སྲིད་དང་མྱ་ངན་འདས་པ་སྤངས། ། དུས་ནི་ཕྱག་རྒྱ་ཆེན་པོ་སྟེ།། བསྐྱེད་པ་དང་ནི་རྫོགས་དང་བྲལ།། བཅོམ་ལྡན་འདས་ནི་མཐའ་ཐུག་བྱ།། རང་དགའ་ཉམས་སུ་མྱོང་བའི་དངོས།། ཐམས་ཅད་ཡེ་ཤེས་གསུམ་སྟོང་ཉིད།། དེ་ཉིད་དེ་ཉིད་ཀྱིས་ནི་སྤངས། ། དེ་བཞིན་གཤེགས་པ་རྣམ་བྱེད་གྲགས།། དང་པོའི་གནས་ནི་རབ་གྲུབ་བྱེད།། སྐུ་ནི་དགའ་བའི་གཟུགས་སུ་གྲགས།། དབང་པོ་གཉིས་བྱུང་དང་བྲལ་བ། གསུང་ནི་མངོན་པར་དགའ་ཞེས་བྱ། ། དམ་ཚིག་ལས་བྱུང་གིས་ནི་སྤངས།། སེམས་ནི་ཆད་དགའ་ཞེས་བྱ་སྟེ།། ཡེ་ཤེས་ལས་བྱུང་བདེ་དང་བྲལ།། རྡོ་རྗེ་རང་བཞིན་ཞེས་སུ་བསྟན།། རང་བཞིན་གྱིས་ནི་སྤངས་པའོ།། ལྷ་མོ་དཔལ་ཆེན་ཉི་མ་སྐྱེས། ། ཁུ་བ་ཐམས་ཅད་དང་བྲལ་མ།། དཔའ་མོའི་དབང་ཕྱུག་མ་བདེའི་རྟེན།། དང་པོ་བདུད་རྩིའི་ལས་སྐྱེས་སོ།། རྣམ་བསྐོར་ཡན་ལག་ཐམས་ཅད་ཀྱིས།། ཁྱད་པར་སྲོག་གི་པདྨ་བཞིན།། ཤེས་རབ་ཚངས་པའི་སྒོ་ལྔའི་ཁབ། ། ཚངས་པའི་ཡེ་ཤེས་འཛིན་པའི་ཕྱིར།། བྷ་གའི་དངོས་པོ་འཇིག་པའི་ཕྱིར།། སྤང་ན་ལོངས་སྤྱོད་མྱོང་བས་སོ།། བཞུར་པ་རང་གི་ངོ་བོ་ལ།། གནས་པ་ཡང་ན་གཤེགས་པ་ཡི།། དེ་ལྟ་བུ་ནི་དོན་དམ་པར། ། འདི་སྐད་བདག་ལ་སོགས་པར་བཤད།། ཐམས་ཅད་རྣལ་འབྱོར་རྒྱུད་དུ་སྩལ།། དེ་བཞིན་རྣལ་འབྱོར་བླ་མར་ཡང།། ངེས་དང་དྲང་དོན་བྱེ་བྲག་ཏུ།། ཨེ་བམ་མ་ཡ་ལ་སོགས་གནས།། རྒྱུད་ཤེས་པ་ཡི་དོན་ཕྱིར་ཏེ། ། གཉིས་སུ་དབྱེ་བའི་རྒྱུ་རབ་བསྟན།། འབྲས་བུ་ཡེ་ཤེས་ཆེན་པོའི་རོ།། རང་ཉམས་མྱོང་བའི་ངོ་བོ་ཉིད།། རང་གི་ངག་གིས་མི་རྙེད་པ།། རྟོག་པ་ཐམས་ཅད་རྣམ་པར་སངས་སྦྲིས་བཞིའི་མན་ངག་གི་སྐབས། །།། ལྷ་མོས་གསོལ་བ། བཅོམ་ལྡན་འདས་ཡེ་ཤེས་རྒྱལ་བ་ཉིད།། ལོག་པའི་ཡེ་ཤེས་མུན་འཇོམས་པ།། དེ་ཉིད་ཉི་ཤུ་གཉིས་བདག་ཉིད།། གང་ཞིག་ཡེ་ཤེས་ཐིག་ལེར་གསུངས།། དེ་ལ་ཡང་ནི་ངེས་པའི་དོན། ། མཆོག་གི་དབང་ཕྱུག་བདག་ལ་གསུངས།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། གང་ཞིག་དེ་ནི་ངེས་དོན་དུ།། ཞལ་བ་དེ་ནི་གསང་བའོ།། ཁྱོད་ཀྱིས་ངོར་མཛད་བདག་གིས་བཤད།། དེ་ལྟ་མིན་ན་སྦས་པའོ། ། ཨེ་བཾ་རྣམ་པའི་དབུས་སུ་གང་ཞིག་རྡུལ་བཅུ་རྩ་བཞིའི་འདབ་མའི་དབྱིངས་ཀྱི་རྩེ་འཁོར་ལོ་དེ་ནི་རྣམ་པར་དང་བཅས་པར་ཤེས་པའོ།། དེའི་ནང་དུ་གང་རྩ་སུམ་ཅུ་རྩ་གཉིས་ཀྱིས་བདག་ཉིད་ཨུད་པ་ལའི་འཁོར་ལོ་དེ་ནི་མཐའ་ཡས་ཏེ། དེ་ལ་གང་ཞིག་ཟུར་བརྒྱད་པའི་རྣམ་པའི་ལྟེ་བ་ནི་དེ་སྣང་བ་གང་ཞིག་ལྟེ་བའི་དབུས་ཡངས་པ་དེ་ནི་ནམ་མཁའ་འོ།། དེ་རུ་ལྔ་གཉིས་བཅུ་གཅིག་བཅུ་གཉིས་བཅུ་གསུམ་བཅུ་བཞི་བཅོ་ལྔའི་སའི་དབང་ཕྱུག་གི་མངའ་བདག་བཞུགས་སོ། ། དེར་གང་ཞིག་དེ་ཁོ་ན་ཉིད་གསུམ་རྟོན་པའི་བདག་ཉིད་དེ་ན་ལན་གསུམ་འབབ་པའི་ཕུང་པོ་རྣམ་པར་ཤེས་པ་སེམས་དང་སེམས་ལས་བྱུང་བ་དང། མ་རིག་པའི་གཟུགས་ཀྱི་ས་གསུམ་དུ་དབྱེ་བ་ཟུར་དང་པོ་ལ་ཐུན་ཚོད་གཅིག་གི་བར་དུ་འབར་བའོ། གང་ཞིག་སྲོག་གི་དབྱེ་བ་པ་དེ་ནི་སུམ་ཅུ་རྩ་གཉིས་སྦོམ་འཕྲའི་ཐིག་ལེར་རོ་གཅིག་པའོ།། གཟུར་ལུ་གུ་རྒྱུད་ཀྱི་རྣམ་པ་མདུད་པའི་དབྱུག་པ་བདུད་རྩིའི་ཟུར་གཉིས་པ་ལ་ཐུན་ཆོད་བར་དུ་ཞུ་བའོ། ། གང་ཞིག་སྦྱོར་བ་དྲུག་པའི་དེ་ནི་བསྐྱེད་པ་དང་རྫོགས་པའི་གྲགས་པ་དགའ་བ་དྲུག་ཟུར་གསུམ་ལ་ཐུན་ཚོད་གསུམ་གྱི་བར་དུ་འཛག་པའོ། ། གང་ཞིག་ཐིག་ལེ་ཤར་བ་དང་ནུབ་པ་དེ་ནི་རླག་པ་དང་ལོངས་སྤྱོད་ཀྱི་གྲགས་པའི་སྲོག་ཟུར་བཞི་པ་ལ་ཐུན་ཚོད་བཞི་ཡི་བར་དུ་འབར་བའོ།། གང་ཞིག་འཕོ་བ་བདེ་བ་ནི་སྟེང་འོག་མདའ་མར་ཡོད་པ་བྱང་ཆུབ་ཀྱི་སེམས་འདུས་པས་དབང་ནི་ཟུར་ལྔ་པ་ལ་ཐུན་ཚོད་ལྔ་ཡི་བར་དུ་ཞུ་བའོ། ། གང་ཞིག་རྩའི་འཁོར་ལོ་འབྱུང་བ་དེ་ནི་ཡན་ལག་ཐམས་ཅད་ལ་བདུད་རྩི་རྒྱས་པ་ཟུར་དྲུག་པ་ལ་ཐུན་ཚོད་དྲུག་གི་བར་དུ་འཛག་པའོ། ། གང་ཞིག་དབང་གི་རིམ་པ་དེ་རེ་རེ་སྲོག་གི་ཁ་རུ་སྲོག་ལ་འབབ་པ་དང།། འཕུར་བ་དང་ཁྱད་པར་དེ་ཡང་ཟུར་བདུན་པ་ལ་ཐུན་ཚོད་བདུན་གྱི་བར་དུ་འབབ་བ་དེའོ།། གང་ཞིག་བསྲུང་བའི་འཁོར་ལོ་དེ་ནི་མཐེའུ་ཆུང་གི་མདུན་གྱི་ནང་དུ་བདུད་རྩིས་བསྐོར་བཟུར་བརྒྱད་པ་ལ་ཐུན་ཚོད་བརྒྱད་ཀྱི་བར་དུ་ཞུ་བའོ། ། དེ་དག་ནི་གཡོན་དུང་བསྐོར་བའི་སྲོག་གི་རླུང་ལ་ཞོན་པ་ཉི་མ་སྐྱེ་བ་མཚན་མོའི་བར་དུ་སུམ་ཅུ་རྩ་གཉིས་ཀྱི་ཆ་རྒྱས་པར་འགྱུར་རོ། ། སུམ་ཅུ་རྩ་གཉིས་ཀྱི་ནང་ན་བཅུ་དྲུག་ཚད་པའི་མཚན་ཉིད་མི་གསལ་བ་དགའ་བའི་མཚན་ཉིད་བཅུ་དྲུག་གསལ་བ།། དེའི་དོན་གྱི་ཕྱིར་ཆད་པའི་དགཔའི་མཚན་ཉིད་ཨ་ལི་རང་གི་ངོ་བོ་ཟླ་བའོ། ། ཕྱི་ཕྱི་ཡི་དོན་གྱི་ནང་ནང་གི་གནས་པར་བྱའོམ།། ཕྱི་ཚེས་ཀྱི་གྲངས་ཀྱི་ནང་སྲོག་གི་གྲངས་ཀྱིས་སོ།། དེ་ཁོ་ན་ཉིད་ཉི་ཤུའི་སྐབས་སོ།།།། ལྷ་མོས་གསོལ་བ། སུམ་ཅུ་རྩ་གཉིས་ཆུ་སྐྱེས་ཨུ་ཏཱ་ལའི་རྣམ་པ་ལས་བདེ་བ་ཆེན་པོའི་ཀུན་སྤྱོད་འཕྲོ་བ་ངེས་པའི་དོན་གྱིས་མཆོག་གི་དབང་ཕྱུག་བཀའ་དྲིན་སྩོལ་ཅིག། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཉོན་ཅིག་ལྷ་མོ་སྐལ་ལྡན་མོ།། གསང་བ་ཡི་ནི་ཡེ་ཤེས་མཆོག། གང་ཞིག་ཤེས་པ་ཙམ་གྱིས་ནི། ། ཐམས་ཅད་ས་ཡི་དབང་ཕྱུག་འགྱུར། གང་ཞིག་སྙིང་པོའི་སྔར་འདི་ཉིད།། དེ་ནི་བདག་ཉིད་བཅུ་དྲུག་བདེ།། ཀུན་རྫོབ་རི་མོ་ཅན་གྱི་འོད།། དོན་དམ་པ་ནི་ནམ་མཁའ་བཞིན།། གང་ཞིག་སྐུ་བརྒྱད་མཆོད་སྦྱིན་ནི། ། དེ་ནི་མཚན་མ་བརྒྱད་མཆོག་གོ། ལྷ་མོ་ཡང་ན་ཡེ་ཤེས་བརྒྱད།། མཚན་མོ་ཉིན་མོ་གཉིས་ལས་བྱུང།། གང་ཞིག་རླག་དང་ལོངས་སྤྱོད་དབང།། དེ་ནི་ངེས་པར་བསྐྱེད་རིམ་མོ།། ལྷ་མོ་བསྐྱེད་རིམ་གསལ་བ་སྟེ། ། རིམ་ལས་བདེ་བ་ཆེན་པོ་ཤར།། སྐལ་ལྡན་མོ་གང་ཡེ་ཤེས་སྐུ།། དེ་ནི་རིམ་སོགས་ཡན་ལག་སྤངས།། ཡན་ལག་བཞིར་དབྱེ་དྲུག་དབྱེ་འམ།། བསྐྱེད་པ་རྫོགས་པ་དེ་རིམ་མོ།། ལྷ་མོ་གང་ཞིག་གསུང་བའི་སྒྲ། ། དེ་ནི་ཡེ་ཤེས་གསུམ་དང་བྲལ།། ཡང་ན་གཞན་མིན་བདག་ཉིད་གསུམ།། མཚམས་ཀྱི་ཡེ་ཤེས་ཡོད་པའི་ཕྱིར།། ལྷ་མོ་གང་ཞིག་དམ་ཚིག་ནི།། བསྲུང་བ་ལ་སོགས་ངེས་པར་རོ། ། དེ་ནི་བདེ་བ་དབུས་གནས་སོ།། གཟུང་བྱ་ཡང་ན་གང་ནང་དུ། གང་ཞིག་སྦྱིན་སྲེག་དོན་དམ་པར།། དེ་ནི་ཧེ་ཞེས་བློ་བྲུ་ཏེ།། ཆར་ཡང་དབུས་ཡོད་ཐིག་ལེ་ནི།། གསུང་སྐད་ཅིག་གིས་ཐིམ་མོ།། གང་ཞིག་བསྲུང་དང་བསྲུང་ཐབས་ནི། དེ་ནི་ཐོག་མའི་བཀའ་བ་སྤངས།། ལྷ་མོ་དེ་བཞིན་ཐ་མའང་མིན།། ཐོག་མ་ཐ་མ་གཉིས་དང་བྲལ། སྐལ་ལྡན་མོ་གང་སྔགས་ཀྱིས་བཟླས།། དེ་ནི་སྲིད་པ་འདས་པའི་ཡིད།། མྱ་ངན་འདས་པའི་གནས་ཀྱང་མ་ནི། གཉིས་ཀྱི་ངོ་བོ་གཉིས་དང་བྲལ། གང་ཞིག་གནས་ནི་བརྒྱད་དུ་བསྟན།། དེ་ནི་ཉི་སྐྱེས་མ་རྒྱས་པ།། གནས་ཀྱི་དབང་གིས་ཤར་བ་ལ།། ཉེ་བར་མྱུར་དུ་རྒྱས་པའོ།། གང་ཞིག་དགའ་བ་ལ་སོགས་རིམ། ། དེ་ནི་རིམ་པ་གཉིས་སུ་དབྱེ། རྣམ་བཅས་ལས་ནི་དང་པོ་པ། རྣམ་བྲལ་བཅུ་པའི་དབང་ཕྱུག་གོ། གང་ཞིག་དུར་ཁྲོད་རྣམ་རྟོག་བྲལ།། དབུས་འབྱུང་ལ་སོགས་རྣམ་པར་སྤངས།། བྱང་ཆུབ་ཀྱིས་ནི་སེམས་རོ་ལ། རྣམ་པར་ཞུ་བ་རྣམ་ཚིག་ཕྱིར།། ལྷ་མོ་གང་ཞིག་ཆུ་ཡི་ངོགས།། དེ་ནི་རྟོགས་མེད་མ་ཡི་མཐར། ཡང་ན་དེ་རུ་སྲོག་གི་རྩར། བདེ་བའི་ཆུ་བོ་འབབ་པའི་ཕྱིར། གང་ཞིག་སྣང་བ་ལ་སོགས་ཡེ་ཤེས་ཆེ། ། དེ་ནི་དགའ་བ་དང་ལྡན་ཡིན།། ས་དག་ཆུ་དང་འོད་ཀྱི་གཟུགས།། དེ་བཞིན་རླུང་གི་རང་ངོ་བོ།། གང་ཞིག་དངོས་སུ་རྟེན་ལ་སོགས།། དེ་ནི་བདེ་བའི་དང་པོར་རིག། རང་གི་རྣམ་པའི་བྱེ་བྲག་གམ།། རྣམ་པར་སྤྱོད་པས་ངེས་པར་སྤྱོད།། ལྷ་མོ་གང་ཞིག་དུར་ཁྲོད་བརྒྱད།། དེ་ནི་བདེ་བ་ཐིམ་ཞེས་བྱ། རྣམ་པར་རྟོག་པ་འཛིན་པའི་སྐུ།། དེ་ལ་རླག་པ་ཐིམ་པའོ།། གང་ཞིག་ཤིང་ལ་སོགས་པའི་དོན།། དེ་ནི་དང་པོ་བདུད་རྩིའི་རྒྱུ། ། རྩད་དེ་རྟེན་པའི་གཟུགས་སུ་གྲགས།། ཐམས་ཅད་དམ་པའི་བདེ་སྦྱིན་མ།། གང་རླུང་དེ་ཁོ་སྙིང་པོ་དོན།། དེ་ནི་རིན་ཆེན་གདུ་བུའི་བདེ།། འཛུམ་པ་ཡི་ནི་ཡང་དག་པར།། པདྨའི་ཞལ་དེ་མྱོང་བའོ། ། ལྷ་མོ་གང་ཞིག་འཇུག་ལ་སོགས།། དེ་ནི་གྱེན་དུ་བཟུང་བའི་རླུང།། ཡང་ན་རྩ་ཡི་ཀུན་སྤྱོད་ལས།། འགྲོ་བའི་བདུད་རྩི་འཛིན་པའོ།། གང་ཞིག་ཉེར་འགྲོའི་བསམ་གཏན་སྦྱོར། དེ་ནི་ཟླ་བ་གྱེན་དུ་བྱེད། ། ཡང་ན་ཚངས་བཞིན་རྣམ་དབྱེ་བྱས།། རྣམ་པར་ཤེས་པ་གཤེགས་སུ་གསོལ།། གང་ཉིད་ཡེ་ཤེས་ཐིག་ལེ་ནི།། དེ་ནི་དྲུག་ཕྱེད་གསུམ་དང་བྲལ།། བཅུ་དང་ལྔ་ཡི་ས་རྣམས་ནི།། དེ་ནི་དབང་ཕྱུག་འཕོ་མེད་དོ། ། གང་ཞིག་བདག་གི་རང་ངོ་མཆོག། དེ་ནི་ངེས་པར་བཞི་ཡི་འབྲས།། ཡང་ན་གཏོར་ཡང་ཉམས་སུ་མྱོང།། འབྲས་བུའི་སྒྲས་ནི་བརྗོད་པའོ།། གང་ཞིག་ས་ཡི་དབང་བྱེད་པ། དེ་ནི་དེ་ཉིད་དྲུག་རང་བཞིན།། དེ་ཉིད་དྲུག་ལས་དེ་ཉིད་གསུམ།། དེ་ཉིད་གསུམ་ལས་རང་བཞིན་གཅིག། གང་ཞིག་དེ་བཞིན་གཤེགས་པའི་སྐུ།། དེ་ནི་མྱ་ངན་འདས་མཚན་ཉིད།། ཡང་ན་དགའ་བ་དང་ནི་བྲལ། ། ཆད་དགའ་མ་ཡིན་རང་ངོ་བོ།། ལྷ་མོ་གང་ཞིག་རྒྱུད་བསྟན་པ།། དེ་ནི་བདེ་བ་ཤིན་ཏུ་འཕེལ།། བདེ་དང་བྲལ་བའི་བདེ་བ་ནི།། ཡང་དག་དེ་ནི་རྙེད་པའོ།། གང་ཞིག་ཕྱག་རྒྱ་ཆེ་རང་བཞིན། ། དེ་ནི་རླུག་པ་རྩོགས་ཡིད་འདས།། རང་ཉམས་མྱོང་བའི་རང་ངོ་བོ།། བསམ་གཏན་འཛིན་པ་སྤངས་པའོ།། གང་ཞིག་བསམ་པ་དོན་དམ་པར།། དེ་ནི་དགའ་བ་དགའ་དང་བྲལ།། ཡང་ན་ནང་གི་གེར་བྱ་སྟེ། ། རེག་བྱ་དང་བྲལ་རྟོག་པ་མེད།། གང་ཞིག་བསྐུལ་བའི་མཆོད་པའི་དོན།། དེ་ནི་དྲི་མེད་བདེ་འབྱུང་ངོ།། འདས་པ་ལ་ནི་ཡང་སྐྱེ་བ།། སྐྱེ་བ་དེ་ལ་འཕེལ་བའོ།། ལྷ་མོ་ཤེས་རབ་ཡེ་ཤེས་གང།། དེ་ནི་ཁ་ཁ་སྙིང་ཁར་བདེ། ། ཁ་ནི་རྟག་ཏུ་ཤེས་རབ་ཡིན།། གང་ཞིག་གསང་བའི་དཀྱིལ་འཁོར་རོ།། དེ་ནི་ཞུ་བ་འཕོ་མེད་དགེ། ཡང་ན་བདེ་ཆེན་རང་ངོ་བོ།། བདེ་བའི་རྣམ་པར་རྟོག་དང་བྲལ།། ལྷ་མོ་ཚིགས་རྒྱས་གང་ཞིག་ནི།། བྱ་དགོང་མ་དེ་ཁོང་དུ་ཆུང། ། ཡང་ན་ཚོགས་ནི་ཞུ་མེད་ཞུ།། དགའ་མོ་རྒྱས་པ་མཆོག་ཡིན་ནོ།། འབྱུང་བ་བསྲུང་དོན་གཏོར་མ་གང། དེ་ནི་སྲོག་ཆགས་བསད་པའོ།། སྲོག་བཅད་པ་ནི་མཆོག་གི་གནས།། འགྲོ་བ་འགོག་པར་བྱེད་པའོ། ། དེ་དག་ནི་མཆོག་གི་གསང་བ་ཆེན་པོའི་གསང་ཆེན་བཅོམ་ལྡན་འདས་མོ་བཞི་བཅུའི་བདག་ཉིད་ཀྱི་དེ་ཁོ་ན་ཉིད་བདེ་བ་ཆེན་པོའི་རྒྱལ་པོ་བདུད་རྩིའི་གཏེར་ལ་ངེས་པའི་དོན་ནོ།། རྩ་ལ་སོགས་པ་མན་ངག་གི་སྐབས། །།། ལྷ་མོས་གསོལ་བ། བཞི་བཅུ་བདག་ཉིད་དེ་ཁོ་ཉིད།། ཤིན་ཏུ་རེག་བྱེད་གཟུང་བར་དཀའ།། དུས་ཙམ་ས་ཡི་དབང་ཕྱུག་དེ།། མཆོག་གི་དབང་ཕྱུག་ཤེས་པའོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ། རྣམ་སྣ་ཚོགས་སྙེད་སུམ་ཅུ་དྲུག། བཅུ་གཅིག་ས་ཡི་བདག་པོའོ། དགའ་བ་རྙེད་པ་སུམ་ཅུ་བདུན།། བཅུ་གཉིས་པ་ཡི་བདག་པོར་བརྗོད།། མཆོག་དགའ་རྙེད་པ་སུམ་ཅུ་བརྒྱད།། དེ་ནི་བཅུ་གསུམ་པ་ཡི་ས། ། སུམ་ཅུ་དགུ་ལྷག་མཐར་ཐུག་པ།། ས་ནི་བཅུ་བཞི་རྙེད་པའོ།། བཞི་བཅུ་དེ་ནི་རང་བཞིན་དགའ།། བཅོ་ལྔ་རྙེད་པའི་མངའ་བདག་གོ། གང་ཞིག་བཅུ་དྲུག་པ་ཡི་ས།། བརྗོད་དུ་མེད་པའི་ནམ་མཁའ་བཞིན། ། དེ་ལ་དབང་ཕྱུག་མཆོག་གི་མཁའ།། ཐམས་ཅད་མཁྱེན་པར་རྙེད་དཀའ་བ།། ཟད་མེད་འཕྲོ་མེད་ཞི་བ་སྟེ།། སྐྱེ་མེད་རྨད་བྱུང་བས་རྨད་བྱུང།། རྨད་དུ་བྱུང་བ་མཐར་ཐུག་སྐབས།།།། ལྷ་མོས་གསོལ་བ། ཀྱེ་བཅོམ་ལྡན་འདས་སུམ་ཅུ་རྩ་གཉིས་ཀྱི་བདག་ཉིད་བདེ་བ་ཆེན་པོ་རྒྱལ་པོའི་བདུད་རྩི་གཏོར་དེ་ཁོ་ན་ཉིད་ལ་ཀུན་སྤྱོད་ཀྱི་དུས་གང་འདུས་པ་ཅི་ཉམས་སུ་མྱོང་བ་གང།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སུམ་ཅུ་རྩ་གཉིས་ཀྱི་བདག་ཉིད་ལ། སུམ་ཅུ་རྩ་གཉིས་ཆུ་ཚོད་ཀྱི་བར་དུ་སྲོག་དང་པོས་པའི་བདུད་རླུང་གཉིས་ཤར་པའི་ཀུན་སྤྱོད་དོ།། སོས་པའི་རླུང་བྱུང་བའི་དུས་སུ་ཡན་ལག་ཐམས་ཅད་ལ་ཁྱབ་པའི་སྲོག་དེ་ནི་གཡོན་བསྐོར་དུ་བྱུང་བ་ཡིན། ཨུད་པ་ལའི་རྣམ་པ་འཛུམ་ཤིང་ན་གི་ལྟ་བའི་སྙིང་པོ་རྩ་བའི་སྡོང་ལུའི་ལམ་གྱིས་འཇུག་པ་ཙམ་གྱིས་ཟུར་བརྒྱད་པའི་ནང་ན་ཡོད་པ་བདེ་བ་ཆེན་པོའི་སྲོག་གི་རྒྱལ་པོ་ལག་གང་ཞིག་རོ་གཅིག་པའི་མཚན་ཉིད་དེ་ནི་འདུས་པའོ། ། དེ་ཡི་དུས་སུ་གང་ཞིག་བདག་དང་གཞན་གྱི་བྱེ་བྲག་མེད་པ་གཉིས་སུ་མེད་པའི་སྤྲོས་དང་བྲལ་བའི་ཡེ་ཤེས་ཀྱི་ཐམས་ཅད་གཟིགས་པ་དེ་ནི་ཉམས་སུ་མྱོང་བའོ། ། རྩ་བའི་བདེ་བ་ལ་ཉམས་སུ་བླང་བའི་སྐབས།།།། ལྷ་མོས་གསོལ་པ། གང་ཞིག་ཉམས་མྱོང་ལས་རྙེད་དེ།། མངའ་བདག་དེ་ནི་ཇི་ལྟར་ལགས།། ཉམས་སུ་མྱོང་བས་གང་རྙེད་པ།། དེ་ཀ་མདོར་བསྡུས་བཀའ་སྩོལ་ཅིག། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། དྲིས་པ་དེ་ནི་རྨད་བྱུང་མཆོག། ཉོན་ཅིག་ལྷ་མོ་སྤྱན་བཟང་རིང།། ཉམས་སུ་མྱོང་བས་གང་རྙེད་པ།། དགའ་བའི་དབང་མོ་དེ་བརྗོད་མེད།། བླ་མའི་ཞལ་ནས་ཉམས་སུ་མྱོང། ། དབང་བསྐུར་ལས་ནི་རྙེད་པའོ།། ལྷ་མོས་གསོལ་བ། དབང་བསྐུར་དུ་མ་བྱེ་བྲག་ཏུ།། རྒྱུད་རྒྱུད་ནང་དུ་རབ་ཏུ་གསལ།། འདི་རུ་ཅི་འདྲ་སུ་ལ་སྦྱིན།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགའ་བའི་འབྲས་བུ་བྱེ་བྲག་ཏུ། དབང་ནི་རེ་ཞིག་བཞི་རུ་དབྱེ།། དང་པོ་དགའ་བ་དང་ལྡན་པ།། ལས་དང་པོ་ལ་སྦྱིན་པར་བྱ།། གཉིས་པ་དགའ་བ་དང་ལྡན་པ།། སྣང་བ་གསུམ་ནི་ཐོབ་པ་ལ།། དགའ་བ་གསུམ་པ་དང་ལྡན་པའི། ཆོས་ཀྱི་སྤྲིན་རྙེད་ངེས་པས་སོ།། ཀུན་ཏུ་འོད་ས་ཞེས་བྱ་བ།། རྙེད་ལ་བཞི་པ་སྦྱིན་པར་བྱ།། དབང་བསྐུར་བའི་ཐབས་བསྟན་པའི་སྐབས།།།། ལྷ་མོས་གསོལ་བ། ཀྱེ་བཅོམ་ལྡན་འདས། སྣང་བ་ལ་སོགས་པ་དང། ཆོས་ཀྱི་སྤྲིན་དང་ཀུན་ཏུ་འོད་རྙེད་པ་ལ་དབང་གི་རིམ་པ་ཡིན་ན།། ས་ལ་སོགས་པ་མ་རྙེད་པ་ཇི་ལྟར་ལགས།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ། ས་ལ་སོགས་པ་མ་རྙེད་པ་རྣམས་ལ་ཐོག་མའི་རང་གི་ངོ་བོས་སོ། ། ས་ལ་སོགས་པ་རྙེད་པ་རྣམས་ལ་མཐར་ཐུག་པའི་རང་གི་ངོ་བོས་སོ།། གང་གི་ཕྱིར་ཞེ་ན། དེ་རྣམས་ལ་བརྩོན་འགྲུས་ཀྱི་སྟོབས་ཀྱིས་ཤིན་ཏུ་བསོད་ནམས་ཀྱི་བྱིན་རླབས་ཀྱི་བྱ་བ་ལ་སོགས་པ་དང། བྲལ་བའི་ཡེ་ཤེས་ཆེན་པོ་མཐོང་བ་ཙམ་གྱིས་ཐོབ་བོ།། ཇི་ལྟར་པདྨ་ཡོངས་སུ་སྨིན་པ་ཉི་མའི་འོད་ཀྱིས་རེག་པ་ཙམ་གྱིས་སངས་རྒྱས་སོ།། མ་སྨིན་པ་དེ་བཞིན་དུ་མ་ཡིན་ནོ།། སྡོད་རྟག་པའི་སྐབས། །།། ལྷ་མོས་གསོལ་བ། མ་སྨིན་པ་རྣམས་ལ་ཡེ་ཤེས་ཡོངས་སུ་སྨིན་པའི་དུས་གང། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ། སྦྱིན་སོགས་བསོད་ནམས་བསགས་པ་ཡིས།། མཆོག་གི་བླ་མས་གཏན་ལ་ཕབ། སྐལ་ལྡན་མོ་དེ་སྨིན་པའི་དུས།། དེ་ལས་བླ་ན་མེད་བྱང་ཆུབ་བླ་ན་མེད་གནས་ཐོབ་པ་གང།། ཕྱི་ནས་ཅི་ཡང་བསླབ་མི་དགོས།། བླ་མེད་ཡེ་ཤེས་ཆེན་པོའི་གནས།། འབད་མིན་དེས་ནི་མཐོང་བའོ། ། ཇི་ལྟར་ཉི་མ་ཤར་ཙམ་གྱིས།། སྣ་ཚོགས་གཟུགས་ནི་མཐོང་བར་འགྱུར།། དེ་བཞིན་པ་མེད་འོད་ཀྱིས་ནི།། ཡེ་ཤེས་ཆེན་པོ་མཐོང་བར་འགྱུར། ཡེ་ཤེས་ཆེན་པོ་སྐུ་དང་བྲལ།། གཉིས་སུ་མེད་པ་ནམ་མཁའ་བཞིན། ལུས་དང་ངག་དང་ཡིད་གཟུགས་མིན།། སྒྲ་ལ་སོགས་པ་རྣམ་པར་སྤངས།། དཔེ་མེད་མཁའ་དང་བྲལ་བ་ལ།། སྲིད་དང་མྱ་ངན་འདས་པ་སྤངས།། སྒོམ་འཕྲ་ལ་སོགས་པ་ལས་འདས།། ཆར་ཡང་ཐིག་ལེ་དང་བྲལ་བ། ། ཚུལ་དང་ཚུལ་ཙམ་མ་ཡིན་ཏེ།། མཆོག་དང་གཞན་མཆོག་གནས་ལས་གྲོལ།། སྐྱེ་བ་མེད་དང་འཆི་བ་མེད།། རྨད་བྱུང་ཆེན་པོའི་དུ་ཤེས་སོ།། མཚན་མ་མེད་པའི་སྐབས།།།། ལྷ་མོས་གསོལ་པ། ཀྱེ་བཅོམ་ལྡན་འདས་ཡེ་ཤེས་ཆེན་པོའི་དབང་ཕྱུག་བླ་ན་མེད་པའི་བྱང་ཆུབ་རྙེད་པ་ལས། ཡེ་ཤེས་ཆེན་པོ་བརྗོད་དུ་མེད་པའི་གནས་གཞན་རྙེད་དོ་ཡོད་དམ་ཅི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གྲངས་མེད་པའི་སངས་རྒྱས་ཀྱི་ཡུམ་ཁྱོད་ཅི་དེ་ལྟ་བུ་འདྲི། བརྗོད་དུ་མེད་པའི་ཡེ་ཤེས་ཆེན་པོ་ཁྱོད་ལ་ཆ་མེད་དམ་ཅི། དེ་ལྟ་ཡིན་ན་བདག་རང་གི་ངོ་བོ་ཡང་དག་པར་ཁྱོད་ཀྱིས་མི་ཤེས་སོ།། ཡེ་ཤེས་ཟངས་མ་བསྟན་པའི་སྐབས། །།། ལྷ་མོས་གསོལ་བ། ཁྱོད་ཀྱི་རང་ངོ་བདག་གིས་ཤེས།། འོན་ཀྱང་བདག་གིས་གཞན་ཅི་ཞུ།། སེམས་ཅན་བྱང་ཆུབ་ལས་གཞན་ཅི།། མཆོག་གི་དབང་མཆོག་རྙེད་པ་འམ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ། བྱང་ཆུབ་རྙེད་པ་ལས་གཞན་ཅི།། ཞལ་ཟངས་མོ་དེ་རྙེད་ཡོད་དམ།། འོན་ཀྱང་དེ་ལ་མཐོང་བ་ཡོད།། ཚམ་ལ་བདུད་རྩིའི་དྲི་བཞིན་ནོ།། ཞུ་བ་དང་ཞུས་པའི་ལན་གསུངས་པའི་སྐབས།།།། ལྷ་མོས་གསོལ་བ། བཅོམ་ལྡན་འདས་དཔའ་མོའི་དཔལ་དབང་ཕྱུག། རང་རིག་ཡེ་ཤེས་སྦྱིན་པའོ།། བདག་གིས་ཅི་ཞིག་ཞུ་བར་བགྱིད།། དེ་ལ་བཀའ་དྲིན་བདག་ལ་སྩོལ།། དབང་གིས་རིག་པའི་ཡེ་ཤེས་གང།། བཞི་པ་དེ་ལྟར་དེ་བཞིན་ནོ། ། དེ་ལ་རེ་ཞིག་ཇི་བཞིན་དོན།། རྡོ་རྗེ་འཛིན་པ་བདག་ལ་གསུངས།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། བཞི་པ་དེ་ཁོ་ན་ཉིད་དཽ་གྲགས། དེ་ལྟར་ཡེ་ཤེས་འདུ་ཤེས་སོ།། དེ་བཞིན་ཡེ་ཤེས་ལས་བྱུང་ཤེས། ། ཡེ་ཤེས་ལས་བྱུང་ལྟེ་ཡོད་བདེ།། ལྷ་མོ་ཡེ་ཤེས་ཁ་ལ་ཡོད།། ཡང་ན་ཡེ་ཤེས་ལས་བྱུང་སྐྱེར།། སྐྱེ་རུ་ལོངས་སྤྱོད་ངོ་བོར་གྲགས།། སྙིང་ཁ་རུ་ནི་དབང་ཞེས་བྱ།། རླག་ནི་ཁ་རུ་ཞེས་བྱ་སྟེ།། བསྐྱེད་པའི་རིམ་པ་ཡི་ནི་ཕྱོགས། ། ཡང་ན་དེ་བཞིན་གྱི་ནི་སྒྲ། ཇི་བཞིན་ཤེས་རབ་ལ་སྔར་ཐལ།། དེ་ལྟར་ཡེ་ཤེས་ལྟ་བ་ཡིས།། བཀུག་ནས་རང་གི་ཁ་ལ་དགོད།། རང་གི་སྙིང་ཁའི་པད་གནས་སུ།། བྱས་ནས་ཉིད་ཀྱི་ཉམས་སུ་མྱོང། ། དེ་ཡི་སྐད་ཅིག་ཡེ་ཤེས་བདེ།། སྤྲོས་པ་དང་བྲལ་རྟོག་མེད་པ།། སེམས་ཅན་ཐམས་ཅད་མཐོང་ནས་སུ།། ནམ་མཁའ་བཞིན་དུ་བསམ་པར་བྱ།། དེ་ཡང་བསམ་པ་བོར་ནས་སུ།། ཕྱི་ནང་བསམ་པ་ཅི་ཡང་མེད། ། ལྷ་མོ་དེ་ནི་རྫོགས་པའི་རིམ།། དོན་དམ་པ་ནི་ཤེས་པར་བྱ།། རྫོགས་པའི་རིམ་པ་བསྟན་པའི་སྐབས།།།། ལྷ་མོས་གསོལ་བ།། བཅོམ་ལྡན་འདས་ཡེ་ཤེས་རྀན་ཆེན་ཉིད།། འདོད་པ་ཐམས་ཅད་རབ་གྲུབ་པ། ། སྣང་བ་བཞི་ལ་གོ་རིམ་གནས།། མངའ་བདག་ཆེན་པོས་བཀའ་སྩོལ་ཅིག། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། སྣང་བ་བཞི་ལ་གོ་རིམ་གནས། སེམས་དང་སེམས་བྱུང་འདུ་ཤེས་སོ། དེ་དག་ལས་ནི་མ་རིག་བྱུང།། འཚམས་ཀྱི་འདུ་ཤེས་མཚན་ཉིད་ཅན།། ཉིན་མོའི་རང་བཞིན་སེམས་ལས་བྱུང།། སེམས་ནི་མཚན་མོའི་ངོ་བོ་ཉིད།། ཡང་དག་འོད་ནི་གསུམ་དང་བྲལ།། རང་བཞིན་ཡེ་ཤེས་མཚན་ཉིད་དོ། ། གང་ཚེ་ཚངས་པའི་ཚིགས་སུ་སེམས།། ལྷ་མོ་དེ་ཚེ་ཉིན་མོར་འགྱུར།། གང་ཚེ་དེ་ལས་སྲོག་འཕོ་བ།། དེ་ཚེ་མཚན་མོའི་འོག་ན་གནས།། སྟེང་ཡང་མ་ཡིན་འོག་མ་ཡིན།། དེ་ཚེ་མཚན་མོ་ཞེས་བྱར་དྲན། ། དེ་ཡང་མེ་ཡི་རང་བཞིན་གྲགས།། ཉི་མ་ལ་ནི་སྲོག་འཛིན་པ། གང་གིས་ཡོད་པའི་ཉི་མ་ནི།། སྣང་བ་ལས་ནི་ཤར་དུས་འགྱུར།། སྣང་བ་ཟླ་བ་ཞེས་པར་བསྟན།། ཡོངས་སུ་ཞུ་བ་བདུད་བརྩེགས་སོ།། ལྷ་མོ་ཆེན་མོ་གཡོ་བའི་ཕྱིར། ། ཆད་པའི་དགའ་བ་རབ་ཏུ་གྲགས།། གང་དུ་ཆད་པ་ལ་ནི་བརླག་རབ་ཏུ་དགའ་བ་ཤར་བའི་དུས།། སྣང་བ་དེ་ནི་དང་པོའི་དགའ།། དེ་ལས་མཆོག་ནི་གསལ་བར་འགྱུར།། གསོལ་ཕྱིར་སྣང་བ་ཆེན་པོར་གྲགས། ། ཞུ་མེད་གཡོ་མེད་སྐ་བའོ།། ས་བ་ལ་ནི་ཕྲ་མོའི་དངོས། བདེ་སྦྱིན་ཡང་ན་ཀུན་སྤྱོད་དོ།། ཀུན་སྤྱོད་ལས་ནི་ཐོབ་པ་སྟེ།། ཞལ་བཟང་མོ་ནི་སྣང་ཐོབ་པའོ།། དེ་ནི་མཚམས་ཞེས་གྲགས་པ་སྟེ། ། དབུས་ཀྱི་གནས་སུ་ཡོད་པའི་ཕྱིར།། དབུས་ཀྱི་གནས་ན་ཡོད་པ་ནི།། དེ་ཕྱིར་ཀུན་སྤྱོད་བྱེད་པའོ།། དབུས་ནི་དངོས་པོ་ཐམས་ཅད་དོ།། འདུས་པར་བྱེད་པར་དྲན་པའོ།། ཡང་ན་གང་དུ་མཚན་མོ་ནི།། མ་བྱུང་ཉི་མ་ནུབ་པའོ། ། དེ་ནི་དབུས་ཀྱི་མཚམས་ཞེས་གྲགས།། རང་བཞིན་དགའ་བ་སྦྱིན་བྱེད་མ།། དེ་ཉིད་སྣང་བ་ཐོབ་པ་ཡིན།། ཐམས་ཅད་སྐྱེ་བའི་རྒྱུ་ཡིན་ནོ།། གང་དུ་དབུས་མཚམས་སྐད་ཅིག་གིས།། བདེ་བའི་ཚོར་བ་མ་ཤེས་ན། ། སྐལ་ལྡན་ལྷ་མོ་དེ་རུ་ནི།། ཆད་པ་གསལ་བར་འགྱུར་བའོ།། དེ་ནི་ཉམས་སུ་མྱོང་ཤེས་ལ།། སྐྱོན་ནི་ཅུང་ཟད་མི་བྱེད་དོ།། མི་ཤེས་པ་ནི་སྐལ་ལྡན་མོ།། རྩ་བ་དང་བཅས་མེད་པར་བྱེད།། རྩ་བ་སྣང་བ་ཞེས་བྱར་བསྟན། ། ཞུ་བའི་སྔགས་ནི་ཟླ་བའོ།། བདེ་བ་ཆེན་པོའི་བདུད་རྩིའི་གཏེར།། བསྲུབས་ལས་སྐྱེས་པ་ཡིན་པའི་ཕྱིར།། ལྷ་མོ་མེ་ཏོག་སྣང་བ་མཆེད།། དམར་བའི་ཕྱིར་ན་ཉི་མར་བརྗོད།། བདེ་ཆེན་རྣམ་པར་སྨིན་པའི་ཕྱིར། ། དམར་པོའི་གཟུགས་ནི་སྔགས་འགྱུར་རོ།། འབྲས་བུ་ཐོབ་པའི་གྲགས་པ་སྟེ།། མཚན་དང་དཔེ་བྱད་དང་ལྡན་ནོ།། དངོས་དང་དངོས་མིན་བྲལ་བའི་ཕྱིར།། ཞལ་བཟང་མཚམས་ཀྱི་ཡེ་ཤེས་སོ། ། ཉིན་མོ་སྣང་བ་མཆེད་འཁོར་གྲགས།། མཚན་མོ་སྣང་བ་མྱ་ངན་འདས།། སྲིད་དང་མྱ་ངན་འདས་བྲལ་བ།། མཚམས་ནི་སྣང་བ་ཐོབ་པའོ།། དེ་ལྟ་བུ་ཡི་གསང་ཆེན་མཆོག། གང་དུ་ཡང་ནི་གསལ་མ་བྱས། སྐལ་ལྡན་མི་ཡི་ཁྱོད་ངོར་མཛད། ། ཡེ་ཤེས་རིན་ཆེན་རབ་གསལ་བྱ།། སྦྱོར་བ་ཉམས་སུ་མྱོང་བའི་སྐབས།། ལྷ་མོའི་གསོལ་པ།། འབྲས་གྲགས་དེ་ཉིད་རིན་པོ་ཆེ། མངའ་བདག་ཇི་ལྟར་རྙེད་པར་འགྱུར།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ། དབུས་སུ་དེ་ཉིད་རིན་ཆེན་གང།། དེ་ནི་གཉིས་སུ་དབྱེ་བར་གནས།། མཆོག་གི་དགའི་ངོ་བོ་གཅིག། མཆོག་གི་དགའ་བ་དང་བྲལ་ལ།། མཆོག་དགའི་ངོ་བོར་གྲགས་པ་ནི།། ཉམས་སུ་མྱོང་བས་རྙེད་པ་ཡིན། ། མཆོག་གི་དགའ་བ་དང་བྲལ་བ།། རང་ལས་རབ་ཏུ་གསལ་བར་འགྱུར།། སྐལ་ལྡན་མོ་གང་གསལ་བར་ཉམས་སུ་མྱོང།། དེ་ནི་རྫོགས་པའི་རང་བཞིན་ནོ།། ཉམས་སུ་མྱོང་མན་རྫོགས་པས་ནི། ། གང་དུ་སུས་ཀྱང་མི་ཤེས་སོ།། ཇི་ལྟར་བུ་མོ་ལང་ཚོ་བབ།། སྐྱེས་པམེད་ན་ནམ་ཡང་ནི།། ལེགས་དགེ་ཀྱི་ནི་བདེ་བར་མྱོང།། ལེགས་དགེས་དབང་མོ་མི་ཤེས་སོ།། གང་ཞིག་བསམ་པ་ལ་སོགས་ཀྱིས།། དེ་ནི་བསྐྱེད་པའི་མཚན་ཉིད་དོ། ། བསྐྱེད་པ་དང་ནི་རྫོགས་བྲལ་བ།། དེ་ནི་འབྲལ་མཆོག་རང་བཞིན་ནོ།། དེ་རུ་གང་ཞིག་བསྒོམ་པ་ནི།། ཕྲ་མོའི་ཕྲ་མོ་ཡང་དག་མཆོག། གང་གིས་བླ་ན་མེད་པ་སྟེ།། འགྲོ་བའི་མ་དེ་ཡོད་པ་མིན། ། བླ་ན་མེད་པའི་ཡེ་ཤེས་ཆེ།། གཞི་དང་བྲལ་བ་རྟག་ཏུ་ཤར།། རྟགས་སུ་ཤར་བས་ལས་གཞན་ཅི།། གང་དུ་ཡང་ནི་སྒོམ་ཡོད་དམ།། གལ་ཏེ་གང་གིས་བསྒོམ་པ་དེ།། ཁྱད་པར་ཅན་དུ་ཡོང་མི་སྐྱེ།། མི་སྐྱེའི་ཕྱིར་ན་བསམ་གཏན་ལ། ། གལ་ཏེ་འཁྱལ་པར་འོང་འགྱུར་ན།། དེ་ནི་དེ་ཉིད་རང་བཞིན་མིན།། དེ་ཉིད་མིན་པར་ཐེ་ཚོམ་མེད།། དེ་ཉིད་མིན་སྒོམ་དེ་ཁོ་ཉིད།། སུ་ཞིག་དེ་ལས་རྙེད་པ་འགྱུར།། དེ་ནི་ནམ་མཁར་རི་མོ་ནི། མཆོག་གི་དབང་མོ་འདྲི་བའོ།། ལྟ་བ་ཤར་ཆེ་བའི་སྐབས།།།། ལྷ་མོས་གསོལ་པ། འདི་ཡི་རྒྱུད་གསང་ཆེན་པོ་ནི།། ཤེས་པ་དང་ནི་བཤད་པ་སུ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། བྱང་ཕྱོགས་སུ་དཔལ་རྡོ་རྗེ་གནས་སུ། ཨུ་རྒྱན་དུ་རྒྱལ་པོ་ཆེན་པོ་ཨིཎྜ་བོདྷི་ཞེས་བྱ་བས་ཤེས་པ་དང། བཤད་པ་དང། སེམས་ཅན་ལ་གསལ་བར་བྱེད་དོ། སྐུ་གསུང་ཐུགས་ལས་ལུང་བསྟན་པའི་སྐབས།།།། ལྷ་མོས་གསོལ་བ། བཅོམ་ལྡན་འདས། རྒྱལ་པོ་ཨིཎྜ་བོ་དྷི་ཞེས་བྱ་བ་དེ། ས་དུའི་དབང་ཕྱུག་བཀའ་སྩོལ་ཅིག། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ།། དཔལ་དབང་མཆོག་དམ་པའི་རྒྱུད་ཀྱི་རྒྱལ་པོ་ལས། གང་ཞིག་ཕྱག་ན་རྡོ་རྗེའི་རྒྱལ་པོ་བདག་གིས། བསྟོད་པ་འདི་ཉིད་ཨིཎྜ་བོ་དྷི་སྤྲུལ་པའི་སྐུ་ས་བཅུའི་དབང་ཕྱུག། ཡེ་ཤེས་ཀྱི་སྐུ་ས་བཅུའི་དབང་ཕྱུག་གོ། དེ་སྐད་ཅེས་གསུངས་པས།། བཅོམ་ལྡན་འདས་ལ་རི་རབ་ཀྱི་ཉི་རྡུལ་གྱི་གྲངས་དང་མཉམ་པས་བཅོམ་ལྡན་འདས་མོ་དང་ལྷན་ཅིག་ལངས་ཏེ། ལན་གསུམ་བསྐོར་བ་བྱས་ནས། ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། རང་རང་གི་རྫུ་འཕྲུལ་གྱིས་སྣ་ཚོགས་པའི་མཆོད་པའི་མཆོད་སྦྱིན་བྱས་ནས་བསྟོད་དོ། ། དེ་ཁོ་ན་ཉིད་བདུད་རྩིའི་རྒྱ་མཚོའི་སྙིང་པོ་རབ་མཆོག་རྒྱལ་གྱུར་ཅིག། ཡེ་ཤེས་ནམ་མཁའ་སྐྱེ་མེད་གཟུགས་མེད་བརྗོད་མེད་རབ་སྐུ་རྒྱལ་གྱུར་ཅིག། དངོས་དང་དངོས་མིན་རོ་གཅིག་ངོ་བོ་རྨད་བྱུང་དེ་ཉིད་རབ་གཏེར་རྒྱལ་གྱུར་ཅིག། སྟོང་ཉིད་སྟོང་པ་ཉིད་མཆོག་དང་གཞན་འོད་ཀྱིས་གྲུབ་པ་རྒྱལ་གྱུར་ཅིག། དེ་ལྟ་བུའི་བསྟོད་པའི་རྒྱལ་པོ་བྱས་ནས། རང་རང་མི་སྣང་བར་གྱུར་ཏོ།། བསྟོད་པའི་སྐབས།།།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་བཞིན། ། གསང་བ་རྒྱ་མཚོ་ཞེས་བྱ་བ། ཤིན་ཏུ་རྣལ་འབྱོར་དམ་པ་རྫོགས་སོ།།།། རྒྱ་གར་གྱི་པཎྜི་ཏ་བི་མ་ལ་མི་ཏྲ་དང། ལོ་ཙྪ་བ་གཉགས་ཛྙ་ན་ཀུ་མ་རས་བསྒྱུར།།།། @#། རྒྱ་གར་སྐད་དུ། ཨ་ཀཱ་མ་ནཱི་ཏི་ལ་ཀ་ཀ་ཡ་ཀཱ་ལ་ཏན་ཏྲ་ནཱ་མ། བོད་སྐད་དུ། ནམ་མཁའ་རྣམ་པར་དག་པ་ཐིག་ལེ་སྐུར་གསལ་གྱི་རྒྱུད་ཅེས་བྱ་བ། ཡེ་ཐོག་དང་པོའི་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ཡབ་ཡུམ། རང་བྱུང་རིག་པའི་ལྷ་ཚོགས་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་བསྟན་པའི་དུས་གཅིག་ན། ཆོས་ཉིད་གཞི་སྣང་སྐུ་ལྔར་གསལ། དབྱིངས་རིག་གཉིས་མེད་ཕྱོགས་མཚམས་མེད།། གུད་དུ་མ་བཅད་སྟོང་གསལ་སྙམ། ། ཡེ་ནི་ཇི་བཞིན་སངས་རྒྱས་སོ།། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། མཐོང་བའི་ཡུལ་མེད་གཏིང་དཔག་དཀའ།། བརྗོད་པའི་ཚིག་མེད་དམིགས་སུ་མེད།། སྟོང་ཞིང་བདག་མང་མཁའ་ལྟར་དག། བྱས་པའི་གནས་མེད་ཐིག་ལེ་ཏུ།། སྐྱེ་གཞིའི་སྐུ་མེད་ཞི་ཁྲོ་གསལ།། སྨོན་ལམ་མ་འདུས་འཁོར་རྣམས་ལ།། བརྗོད་མེད་ལྷུན་གྱིས་གྲུབ་པའི་ཆོས།། ངང་གདངས་ཆེན་པོར་སྟོང་ཞིང་གསལ།། ཡེ་ཤེས་ལྔ་ནི་མ་འདྲེས་པའོ། ། ནམ་མཁའ་རྣམ་པར་དག་པ་ཐིག་ལེ་སྐུར་གསལ་གྱི་རྒྱུད་ལས། གཞི་ཕུན་སུམ་ཚོགས་པ་དྲུག་གླེང་བའི་ལེའུ་སྟེ་དང་པོའོ།།།། དེ་ནས་གསང་བའི་བདག་པོ་ཡིས།། ཀུན་བཟང་རྡོ་རྗེ་འཆང་ཆེན་ལ། ། གུས་པས་ཐལ་མོ་སྦྱར་བྱས་ཏེ།། སྤྱན་སྔར་འདུག་སྟེ་ཚིག་འདི་གསོལ།། ཡུལ་དང་གནས་དང་སྟོན་པ་དང།། འཁོར་དང་ཆོས་དུས་གསུང་དུ་གསོལ།། སྟོན་པ་ཀུན་བཟང་རྡོ་རྗེ་འཆང།། གསང་བའི་བདག་ལ་བཀའ་སྩལ་པ། གསང་བདག་ལྟོས་དང་ཨེ་མ་ཧོ།། ཡུལ་ནི་ནམ་མཁའ་རྣམ་པར་དག། སྟོང་པ་ཉིད་ནི་ཡུལ་དུ་ཆེ།། གནས་ནི་ཐིག་ལེ་སྟོང་པ་སྒྲོན།། མུ་ཁྱུད་ལྔ་ལྡན་གནས་སུ་ཆེ།། སྟོན་པ་ཀུན་བཟང་རིགས་ལྔ་ལ། ། སེམས་དཔའ་སེམས་མ་འཁོར་དུ་ཆེ།། ཆོས་ནི་སྟོང་གསལ་བདེ་བར་སྟོན།། ངོ་བོ་རང་བཞིན་ཐུགས་རྗེ་ཆེ།། དུས་ནི་བླ་མ་སློབ་ཆོས་ལྡན།། སྨིན་གྲོལ་ཉམས་འཕེལ་ཟག་བཅས་སངས།། སྣོད་བཅུད་ཞི་ཁྲོས་རྒྱས་པས་ཆེ། ། ཞེས་ནམ་མཁའ་རྣམ་པར་དག་པ་ཐིག་ལེ་སྐུར་གསལ་གྱི་རྒྱུད་ལས། ཡུལ་གནས་སྟོན་པ་འཁོར་ཆོས་དུས་ཕྱེ་བའི་ལེའུ་སྟེ་གཉིས་པའོ།།།། ཀུན་བཟང་རྡོ་རྗེ་འཆང་ཆེན་ལ།། གསང་བདག་ཡང་ན་འདི་སྐད་གསོལ། ། ཡུལ་གནས་སྟོན་འཁོར་ཆོས་དུས་ཀྱི།། གནས་ལུགས་འཁྲུལ་ལུགས་གྲོལ་ལུགས་གསུངས།། དེ་ནས་ཀུན་བཟངས་རྡོ་རྗེ་འཆང།། གསང་བའི་བདག་ལ་བཀའ་སྩལ་བ།། ཆོས་ཉིད་སྟོང་པ་མུ་ཁྱུད་ཅན། ། ཐིག་ལེ་ལྔར་གསལ་རིགས་ཀྱི་འཁོར།། མ་འདྲེས་བདེ་གསལ་མི་རྟོག་ཆོས།། མ་ཕྱེ་མི་ཕྱེ་འབྱེད་མེད་དུས།། དེ་ནི་དང་པོའི་གནས་ལུགས་སོ།། གསང་བདག་ཡང་ནི་ལེགས་པར་ཉོན།། ཡུལ་གནས་སྟོན་འཁོར་ཆོས་དུས་ནི། ། གཟུང་བའི་ཡུལ་གྱུར་འཛིན་སེམས་འགྱུས།། མཁའ་རླུང་ཆུ་ནས་ས་རིམ་ཆགས།། གཟུགས་མེད་གཟུགས་ཁམས་འདོད་ཁམས་ནི།། ཁམས་གསུམ་སེམས་ཅན་བཟང་ངན་ལས།། སྐྱེ་བཞི་གཟུགས་ཀྱིས་ལོངས་སྤྱོད་པ། ། ཡུལ་གནས་སྣོད་གྱུར་སྟོན་འཁོར་བཅུད།། ཆོས་དུས་སེམས་ཀྱིས་སྣོད་བཅུད་འབྲེལ།། ཆགས་གནས་འཇིག་སྟོངས་སྐྱེ་འཆི་ཅན།། སྐྱིད་སྡུག་ཆགས་སྡང་རྨོངས་གསུམ་འཁྲུལ།། དེ་ནི་གཉིས་པ་འཁྲུལ་ལུགས་སོ། ། གསང་བདག་ཡང་ནི་ལེགས་པར་ཉོན།། སྣོད་བཅུད་སེམས་ཅན་ཐག་ཆོད་ཅིང།། སེམས་ཉིད་སྟོང་པ་ངོ་ཤེས་ན།། ཡུལ་གྱི་གཟུང་འཛིན་ཆོས་སྐུར་གྲོལ།། སྣོད་ཉིད་ཐིག་ལེ་ཐག་ཆོད་ཅིང། ། བཅུད་ཉིད་སྟོན་པར་ངོ་ཤེས་ན།། སྣོད་བཅུད་གཟུང་འཛིན་ལོངས་སྐུར་གྲོལ།། ཆགས་སྡང་ཆོས་སུ་ཐག་ཆོད་ཅིང།། སྐྱིད་སྡུག་རང་གྲོལ་ངོ་ཤེས་ན།། ཆོས་དུས་གཟུང་འཛིན་སྤྲུལ་སྐུར་གྲོལ།། དེ་ན་གསུམ་པ་གྲོལ་ལུགས་སོ། ། ཞེས་ནམ་མཁའ་རྣམ་པར་དག་པ་ཐིག་ལེ་སྐུར་གསལ་གྱི་རྒྱུད་ལས། གནས་ལུགས་འཁྲུལ་ལུགས་གྲོལ་ལུགས་ཀྱི་ལེའུ་སྟེ་གསུམ་པའོ།།།། ཀུན་བཟང་རྡོ་རྗེ་འཆང་ཆེན་ལ།། གསང་བདག་ཡང་ནི་འདི་སྐད་གསོལ། ། ནམ་མཁའ་ཇི་ལྟར་རྣམ་པར་དག། ཐིག་ལེ་སྐུ་རུ་གསལ་བ་ཅི།། རྒྱུ་དང་འབྲས་བུའི་ཁྱད་པར་གང།། གང་ཟག་བློ་ལ་ཇི་ལྟར་བསྟན།། ཀུན་མཁྱེན་གཙོ་བོས་གསུང་དུ་གསོལ།། དེ་ནས་ཀུན་བཟང་རྡོ་རྗེ་འཆང། ། གསང་བའི་བདག་ལ་བཀའ་སྩལ་པ།། ཀྱེ་ཀྱེ་གསང་བའི་བདག་པོ་ཉོན།། ཕྱི་ནང་གསང་བའི་ནམ་མཁའ་ནི།། སྟོང་གསལ་ཆེན་པོར་རྣམ་པར་དག། སྟོང་གསལ་ཐིག་ལེ་མུ་ཁྱུད་ཅན།། གནས་ལུགས་རྩལ་གྱི་སྐུ་རུ་གསལ། ། རྒྱུ་ནི་ནམ་མཁའ་འདྲ་བ་ལ།། འབྲས་བུ་ཉི་ཟླ་ཤར་དང་མཚུངས།། རྒྱུ་ཡི་མཐུ་དྲུག་སྟོང་པ་ཉིད།། སྙིང་རྗེར་ལྡན་པ་དེར་ཤེས་བྱ། འབྲས་བུ་ཡེ་ཤེས་ཐིག་ལེའི་སྐུ།། དེ་ལ་འཇུག་པ་དེ་ཉིད་དང། ། གང་ཟག་བློ་ལ་དེ་ལྟར་སྟོན། རྒྱུ་དང་འབྲས་བུས་གཅིག་རྟོག་པ། ཐིག་ལེ་ཉག་གཅིག་ཀུན་ཏུ་བཟང།། ཞེས་ནམ་མཁའ་རྣམ་པར་དག་པ་ཐིག་ལེ་སྐུར་གསལ་གྱི་རྒྱུད་ལས། ནམ་མཁའ་རྣམ་པར་དག་པ་ཐིག་ལེ་སྐུར་གསལ་བ་དང། རྒྱུ་དང་འབྲས་བུའི་ཁྱད་པར་གང་ཟག་བློ་ལ་བསྟན་ཚུལ་གྱི་ལེའུ་སྟེ་བཞི་པའོ།།།། ཀུན་བཟང་རྡོ་རྗེ་འཆང་ཆེན་ལ།། གསང་བདག་ཡང་ནི་འདི་སྐད་གསོལ། ཀུན་བཟང་རྡོ་རྗེ་འཆང་བ་ཉིད། ། ཕྱི་ཡི་ནམ་མཁའ་གང་ལ་བགྱི། ནང་གི་ནམ་མཁའ་གང་ལ་གནས།། གསང་བའི་ནམ་མཁའ་ཇི་ལྟ་བུ།། ཀུན་བཟང་རྡོ་རྗེ་འཆང་གིས་གསུངས།། རྡོ་རྗེ་འཆང་གིས་བཀའ་སྩལ་པ།། ཀྱེ་ཀྱེ་གསང་བདག་རྡོ་རྗེ་འཛིན། ། ཕྱི་ཡི་ནམ་མཁའ་སྲིད་པ་སྟོང།། དམིག་དག་རིག་པ་དེ་ལ་གཏད།། ནང་གི་ནམ་མཁའ་རྩ་སྦུག་སྟོང།། རླུང་ཉིད་དལ་ཉོན་འགྲོ་འོང་འཆང།། གསང་བའི་ནམ་མཁའ་སེམས་ཉིད་སྟོང།། འགྱུ་བ་རྟོག་པའི་འཆར་ངོ་ཤེས། ། ཨ་ཀ་མ་ནི།། ཞེས་ནམ་མཁའ་རྣམ་པར་དག་པ་ཐིག་ལེ་སྐུར་གསལ་གྱི་རྒྱུད་ལས།། ནམ་མཁའ་ཕྱི་ནང་གསང་བ་གསུམ་གྱི་ལེའུ་སྟེ་ལྔ་པའོ།།།། གསང་བདག་ཡང་ནི་འདི་སྐད་གསོལ། ། ཕྱི་ཡི་ཐིག་ལེ་གང་ལ་བྱ། ནང་གི་ཐིག་ལེ་གང་དང་གང། གསང་བའི་ཐིག་ལེ་གང་ཡིན་གསུངས།། རྡོ་རྗེ་འཆང་གིས་བཀའ་སྩལ་པ།། ཀྱེ་ཀྱེ་གསང་བདག་རྡོ་རྗེ་འཛིན།། ཕྱི་ཡི་ཐིག་ལེ་སྲིད་པའི་བཅུད། ། ལེན་ཐབས་ཤེས་ན་ཚེ་ལ་དབང།། ནང་གི་ཐིག་ལེ་བྱང་སེམས་གཉིས།། དབུ་མར་འདྲེས་ན་ཧེ་རུ་ཀ། གསང་བའི་ཐིག་ལེ་རིག་སྟོང་མདངས།། འོད་ལྔ་ཉག་གཅིག་ཤེས་རབ་དམིག། ཏི་ལཱ་སརྦཿ་ཞེས་ནམ་མཁའ་རྣམ་པར་དག་པ་ཐིག་ལེ་སྐུར་གསལ་གྱི་རྒྱུད་ལས། ། ཐིག་ལེ་ཕྱི་ནང་གསང་གསུམ་གྱི་ལེའུ་སྟེ་དྲུག་པའོ།།།། ཀུན་བཟང་རྡོ་རྗེ་འཆང་ཆེན་ལ། གསང་བདག་ཡང་ནི་འདི་སྐད་གསོལ།། ཕྱི་ནང་གསང་བའི་སྐུ་ནི་གང། ། ཀུན་བཟངས་རྡོ་རྗེ་འཆང་གིས་གསུངས།། རྡོ་རྗེ་འཆང་གིས་བཀའ་སྩལ་བ།། ཀྱེ་ཀྱེ་གསང་བདག་རྡོ་རྗེ་འཛིན།། ཕྱི་ཡི་སྐུ་ནི་འཇིག་རྟེན་ཁམས། ཕྲ་རབ་རྡུལ་ནས་ཆགས་གནས་འཇིགས།། ནང་གི་སྐུ་ནི་སེམས་ཅན་དུ། ། སྐྱེ་བཞི་ལུགས་སུ་ཆགས་གནས་འཇིགས།། གསང་བའི་སྐུ་ནི་རིག་པའི་ལྷ།། ཡེ་ཤེས་སྐུ་རུ་སྟོང་གསལ་གནས།། སརྦ་ཀཱ་ཡ་ཞེས་ནམ་མཁའ་རྣམ་པར་དག་པ་ཐིག་ལེ་སྐུར་གསལ་གྱི་རྒྱུད་ལས།། སྐུ་ཕྱི་ནང་གསང་གསུམ་གྱི་ལེའུ་སྟེ་བདུན་པའོ། །།། ཀུན་བཟངས་རྡོ་རྗེ་འཆང་ཆེན་ལ།། གསང་བདག་ཡང་ནི་འདི་སྐད་གསོལ།། ཕྱི་ནང་གསང་བ་ཇི་ལྟར་གསལ།། ཀུན་བཟང་རྡོ་རྗེ་འཆང་ཆེན་གསུངས།། རྡོ་རྗེ་འཆང་གིས་བཀའ་སྩལ་བ། ། ཀྱེ་ཀྱེ་གསང་བདག་རྡོ་རྗེ་འཛིན།། ཕྱི་ཡི་སྐུ་ནི་ཐིག་ལེར་གསལ།། ཉག་གཅིག་འདུས་མ་བྱས་པའི་སྣོད།། ནང་གི་སྐུ་ནི་ཞི་ཁྲོར་གསལ།། སྐྱེ་རྫོགས་བློས་མ་བྱས་པའི་བཅུད། ། གསང་བའི་སྐུ་ནི་རིག་མཁྱེན་གསལ།། འཁོར་འདས་གཟུང་འཛིན་ཀ་དག་པ།། སརྦ་ཏི་ལ་ཀཱ་ཡ་ཀ་ལཱ། ཞེས་ནམ་མཁའ་རྣམ་པར་དག་པའི་ཐིག་ལེ་སྐུར་གསལ་གྱི་རྒྱུད་ལས།། ཕྱི་ནང་གསང་བ་གསུམ་གསལ་བའི་ལེའུ་སྟེ་བརྒྱད་པའོ། །།། ཅཎ། ག། ཀུན་བཟང་རྡོ་རྗེ་འཆང་ཆེན་ལ།། གསང་བདག་ཡང་ནི་འདི་སྐད་གསོལ།། ཆོས་ཉིད་མཁའ་ལ་མ་འགགས་པའི།། སྣ་ཚོགས་ལས་སྣང་འཆར་ཚུལ་ཅི།། སྐུ་དང་གསུང་དང་ཐུགས་དང་ནི། ། ཡོན་ཏན་འཕྲིན་ལས་དཀྱིལ་འཁོར་གང།། ཀུན་བཟང་རྡོ་རྗེ་འཆང་ཆེན་གྱིས།། མོས་པའི་འཁོར་ལ་བསྟན་དུ་གསོལ།། རྡོ་རྗེ་འཆང་གི་བཀའ་སྩལ་པ།། ཀྱེ་ཀྱེ་གསང་བའི་བདག་པོ་ཉོན། ། སྒྲིབ་མང་ཆོས་ཉིད་མཁའ་ལ་ལྟོས།། དབང་པོའི་དངོས་ཉམས་བསམ་མི་ཁྱབ།། གཡང་ས་མཚོ་དང་བསྐལ་པའི་མེ།། འདམ་རྫབ་མི་གཙང་རྣག་ཁྲག་མཚོན།། རིགས་དྲུག་ཞིང་ཁམས་སྐད་དང་གཟུགས། ། མཛེས་སྡུག་གཟུགས་ནི་མི་སྲིད་སྲིད།། བླ་མ་སྨག་ཚོགས་བྱ་བོང་གི། ཌཱ་ཀི་སྐྱེས་པ་བུད་མེད་ཕྱུགས།། སྡོམ་སྡིག་ཉ་སྦལ་སྦྲང་དང་འབུ།། སྒྲ་དྲི་རོ་རེ་མེ་རྡོག་འོད།། མུན་བ་རླུང་དམར་ཆེ་ཆུང་ཡས། ། དམར་སེར་དུད་ཀ་མཆུན་སྨུག་ཀྱང།། འཇིགས་ཤིང་སྐྱི་གཡའ་སྔངས་སྐྲག་འདར།། དབང་མེད་ཡིད་གཡོས་གར་ཀྱང་སླེབ།། མ་འགག་སྣ་ཚོགས་ཤེས་མ་ཤེས།། གཅིག་ཏུ་མ་ངེས་རྨི་ལམ་འདྲ།། གཉིས་སུ་མི་རྟག་སྒྱུ་མའི་ཚུལ། ། སརྦ་ཀརྨ་ཀ་ལཱ། ཞེས་ནམ་མཁའ་རྣམ་པར་དག་པ་ཐིག་ལེ་སྐུར་གསལ་གྱི་རྒྱུད་ལས།། སྣ་ཚོགས་ལས་སྣང་འཆར་ཚུལ་གྱི་ལེའུ་སྟེ་དགུ་པའོ།།།། ཀུན་བཟང་རྡོ་རྗེ་འཆང་ཆེན་ལ།། གསང་བདག་ཡང་ནི་འདི་སྐད་གསོལ། ། སྐུ་གསུང་ཐུགས་དང་ཡོན་ཏན་དང།། འཕྲིན་ལས་དཀྱིལ་འཁོར་ལྷུན་གྲུབ་པའི།། ཞི་བའི་དཀྱིལ་འཁོར་གསུང་དུ་གསོལ།། རྡོ་རྗེ་འཆང་གིས་བཀའ་སྩལ་པ།། ཨེ་མ་གསང་བདག་སྐལ་བར་ལྡན། ། དམིགས་མེད་ཆོས་ཉིད་མཁའ་ལ་ལྟོས།། སྨིག་སྒྱུ་དུ་བ་སྲིན་བུའི་མ།། ལྦུ་བ་རྔ་མདུན་ཆུ་ཐིག་ཞག། ནམ་ལངས་འབུར་དང་མེ་ལོང་མདོངས།། མར་མེ་ཉི་ཟླ་འཇའ་ཚོན་གུད།། རླུང་གི་འབྱིན་འཇུག་འགྲོ་འོང་མེད། ། འགྱུ་བ་དྭངས་སངས་གཟུང་འཛིན་བྲལ།། སྒོ་ལྔ་ཡུལ་གྱི་ཞེན་པ་སྟོངས།། ཟས་གོས་འདོད་པའི་བློ་དང་བྲལ།། ཕྱོགས་འཛིན་ཆོས་རྣམས་གཉིས་སུ་འགྲེལ།། དད་མོས་སྙིང་རྗེ་དམིགས་མེད་མཉམ། ། ཕྱི་ནང་མེད་པའི་དབྱིངས་འོད་ལ།། སྐུ་ཡི་དཀྱིལ་འཁོར་ཐིག་ལེ་དཀར།། གསུང་གི་དཀྱིལ་འཁོར་ཐིག་ལེ་དམར།། ཐུགས་ཀྱི་དཀྱིལ་འཁོར་ཐིག་ལེ་མཐིང།། ཡོན་ཏན་དཀྱིལ་འཁོར་ཐིག་ལེ་སེར།། འཕྲིན་ལས་དཀྱིལ་འཁོར་ཐིག་ལེ་ལྗང། ། དཀར་དང་ཤིན་ཏུ་དཀར་བ་དང།། མཆོག་ཏུ་དཀར་དང་ཚད་མེད་དཀར།། དཔག་ཏུ་མེད་པར་དཀར་བ་ནི།། མེ་ལོང་ལྟ་བུའི་ཡེ་ཤེས་ལྔ།། དམར་དང་ཤིན་ཏུ་དམར་བ་དང། ། མཆོག་ཏུ་དམར་དང་ཚད་མེད་དམར།། དཔག་ཏུ་མེད་པར་དམར་བ་ནི།། སོ་སོར་རྟོག་པའི་ཡེ་ཤེས་ལྔ།། མཐིང་དང་ཤིན་ཏུ་མཐིང་བ་དང།། མཆོག་ཏུ་མཐིང་དང་ཚད་མེད་མཐིང།། དཔག་ཏུ་མེད་པར་མཐིང་བ་ནི། ། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ལྔ། སེར་དང་ཤིན་ཏུ་སེར་བ་དང།། མཆོག་ཏུ་སེར་དང་ཚད་མེད་སེར།། དཔག་ཏུ་མེད་པར་སེར་བ་ནི།། མཉམ་པ་ཉིད་ཀྱི་ཡེ་ཤེས་ལྔ། ལྗང་དང་ཤིན་ཏུ་ལྗང་བ་དང། ། མཆོག་ཏུ་ལྗང་དང་ཚད་མེད་ལྗང།། དཔག་ཏུ་མེད་པར་ལྗང་བ་ནི།། བྱ་བ་གྲུབ་པའི་ཡེ་ཤེས་ལྔ།། ཡེ་ཤེས་ཉི་ཤུ་རྩ་ལྔ་ཡིས།། ཐིག་ལེ་མུ་ཁྱུད་ལྔས་བསྐོར་ནང།། ཀུན་བཟང་རྣམ་སྣང་སྣང་མཐའ་ཡས།། མི་བསྐྱོད་རིན་འབྱུང་དོན་ཡོད་གྲུབ། ། སྐྱིལ་ཀྲུང་མཉམ་གཞག་མཆོག་སྦྱིན་ཉིད།། མཉམ་གཞག་ས་གནོན་མཆོད་སྦྱིན་དང།། སྐྱབས་སྤྱིན་ཕྱག་རྒྱ་ཕྱག་མཚན་ཐུགས།། ཀུན་ཏུ་བཟང་མོ་དབྱིངས་ཕྱུག་མ།། གོས་དཀར་སྤྱན་མ་མཱ་མ་ཀི། སྒྲོན་མ་ལུས་དང་གྲིབ་མ་བཞིན།། མ་འདྲེས་ཡབ་ཡུམ་གཉིས་མེད་བདེ།། སེམས་དཔའ་བརྒྱད་དང་སེམས་མ་བརྒྱད།། སྒོ་བཞི་ཡབ་ཡུམ་ཐུབ་པ་དྲུག། སྐུ་དང་གསུང་དང་ཐུགས་དང་ནི། ། ཡོན་ཏན་འཕྲིན་ལས་ཞི་བའི་སྐུ།། བཞི་བཅུ་ཞེ་གཉིས་མཁའ་ལ་གསལ།། སརྦ་ཀཱ་ཡ་ཤན་ཏིང་ཀ་ལཱ། ཞེས་ནམ་མཁའ་རྣམ་པར་དག་པའི་ཐིག་ལེ་སྐུར་གསལ་གྱི་རྒྱུད་ལས། ཞི་བའི་སྐུར་གསལ་བའི་ལེའི་སྟེ་བཅུ་པའོ། །།། ཀུན་བཟང་རྡོ་རྗེ་འཆང་ཆེན་ལ།། གསང་བདག་ཡང་ནི་འདི་སྐད་གསོལ།། སྐུ་གསུང་ཐུགས་དང་ཡོན་ཏན་དང།། འཕྲིན་ལས་ཁྲོ་བོ་ཁྲོ་མོ་ཡི།། དཀྱིལ་འཁོར་འཆར་ཚུལ་བསྟན་དུ་གསོལ།། རྡོ་རྗེ་འཆང་གིས་བཀའ་སྩལ་པ། ། ཨེ་མ་གསང་བདག་སྐལ་ཆེ་བ།། འབར་ཆེན་འོད་ལྔའི་ཀློང་དུ་ལྟོས།། དཀར་ནག་དམར་ནག་མཐིང་ནག་དང།། སེར་ནག་ལྗག་ནག་འོད་ཟེར་འཁྲུལ།། ཐིག་ལེ་མུ་ཁྱུད་ལྔ་ལྡན་དག། ། ཀུན་བཟང་ཆེ་མཆོག་ཁྲག་འཐུང་གཙོ།། རྣམ་སྣང་བུ་དྷ་ཧེ་རུ་ཀ། སྣང་མཐའ་པདྨ་ཧེ་རུ་ཉིད།། མི་བསྐྱོད་བཛྲ་ཧེ་རུ་སྟེ།། རིན་འབྱུང་ར་རྣ་ཧེ་རུ་དང།། དོན་གྲུབ་ཀརྨ་ཧེ་རུ་གསལ།། ཞལ་གསུམ་ཕྱག་དྲུག་ཞབས་བཞི་པ། ། འཁོར་ལོ་པདྨ་རྡོ་རྗེ་དང།། རིན་ཆེན་རྒྱ་གྲམ་དྲིལ་བུ་སྟེ།། སྣ་ཚོགས་ཕྱག་ཆ་ཐུགས་ལས་འཕྲོ།། གང་འདུལ་དེར་སྣང་སྟོན་པའོ།། རྣམ་ཞལ་ཀྲོ་དྷི་ཤྭ་རི་ལྔ།། གཉིས་མེད་འཁྲིལ་ཅིང་དུང་དམར་སྟོབས། ། ཀི་རི་བརྒྱད་དང་སིང་ཧ་བརྒྱད།། སྒོ་བཞི་དབང་ཕྱུག་ཉི་ཤུ་བརྒྱད།། རྣམ་སྤྲུལ་ཕྱག་ཆ་རང་རྟགས་འཛིན།། དྲུག་ཅུ་ཐམ་པའི་སྤྲུལ་པ་ནི།། སྐུ་དག་གསུང་དང་ཐུགས་ཉིད་དང།། ཡོན་ཏན་འཕྲིན་ལས་གསང་སྔགས་ལྷ། ། བསམ་གྱིས་མི་ཁྱབ་མཁའ་ལ་གསལ།། སརྦ་ཀཱ་ཡ་ཀྲོ་དྷ་ཀཱ་ལཱ།། ཞེས་ནམ་མཁའ་རྣམ་པར་དག་པ་ཐིག་ལེ་སྐུར་གསལ་གྱི་རྒྱུད་ལས། ཁྲོ་བོ་ཁྲོ་མོའི་སྐུར་གསལ་བའི་ལེའི་སྟེ་བཅུ་གཅིག་པའོ། །།། ཀུན་བཟང་རྡོ་རྗེ་འཆང་ཆེན་ལ།། གསང་བདག་ཡང་ནི་འདི་སྐད་གསོལ།། དཔེ་རྟགས་དོན་གསུམ་དབང་ཆོས་གསུངས།། རྡོ་རྗེ་འཆང་གིས་བཀའ་སྩལ་པ།། ཨེ་མ་གསང་བདག་རྡོ་རྗེ་འཛིན།། དཔེ་གསུམ་རྟགས་གསུམ་དོན་ལ་གསུམ། ། ཤེས་པར་གྱིས་ལ་གོ་བར་སྟོན།། ངོ་བོའི་དཔེ་ནི་ནམ་མཁའ་སྟེ།། སྟོ་པ་ཐམས་ཅད་ཆོས་སྐུའི་རྟགས།། ཤེས་རིག་སྟོང་འི་དོན་རྟོགས་ཀྱིས།། རང་བཞིན་དཔེ་ནི་ཉི་ཟླ་འཇའ། ། གསལ་སྣང་ཐམས་ཅད་ལོངས་སྐུའི་རྟགས།། ཐིག་ལེ་ཞི་ཁྲོའི་དོན་རྟོགས་ཀྱིས།། ཐུགས་རྗེའི་དཔེ་ནི་ནོར་བུས།། གང་དགོས་འབྱུང་བ་སྤྲུལ་སྐུའི་རྟགས།། འགག་མེད་རང་གྲོལ་དོན་རྟོགས་ཀྱིས།། དཔེ་ཡི་དབང་ཆེན་མན་ཤེལ་འོད། ། ཉི་ཤུ་རྩ་གཅིག་སྨིན་སྒྲོལ་བྱ།། རྟགས་ཀྱི་དབང་ཆོས་རྩག་ཥུ་སྟེ།། དེ་ཉིད་མནན་པས་སྨིན་གྲོལ་བྱ།། དོན་གྱི་དབང་ཆོས་སྒྲིབ་མེད་མཁའ།། རྡོ་རྗེ་ལུག་རྒྱུད་སྨིན་གྲོལ་བྱ།། འབྲས་བུ་རྒྱུ་རུ་མི་བཟློག་ཚད། ། རྨི་ལམ་དུས་གསལ་འདི་ཕྱི་མེད།། ཨ་འཐས་ཡུལ་མིན་སྟོང་པ་ཉིད།། མུན་པའི་གནས་མེད་ཡེ་ཤེས་ཀློང། ཞེན་པའིགྲོགས་མིན་ཞི་ཁྲོའི་སྐུ།། བརྗོད་པའི་ཚིག་མེད་རང་རིག་པ། མ་ཕྱིན་གནས་སུ་སླེབ་པའི་མི། ། ཨ་ཨ་ཨ་དྷརྨ་ཀཱ་ཡ། ཞེས་ནམ་མཁའ་རྣམ་པར་དག་པ་ཐིག་ལེ་སྐུར་གསལ་གྱི་རྒྱུད་ལས།། དཔེ་རྟགས་དོན་གསུམ་དབང་ཆོས་ཀྱི་ལེའི་སྟེ་བཅུ་གཉིས་པའོ།།།། དེ་ནས་ཀུན་བཟངས་རྡོ་རྗེ་འཆང། ། གསང་བདག་ཉིད་ལ་བཀའ་སྩལ་པ།། ཨེ་མ་ཨེ་མ་གསང་བའི་བདག། ཆོས་ཉིད་ནམ་མཁའ་རྣམ་དག་ཏུ།། ཐིག་ལེ་དཀྱིལ་འཁོར་ཞལ་ཕྱེ་ལ། སྣང་སྲིད་ཞི་ཁྲོའི་ལྷ་དབང་བསྐུར།། ཡབ་ཡུམ་འཁྲིལ་སྦྱོར་གཉིས་མེད་ལ། ། བདེ་ཆེན་བདུད་རྩིའི་ཆུ་རྒྱུན་ལོང།། གསལ་སྒྲ་རིག་དང་བདེ་སྣང་སྟོང།། ཀུན་བཟང་ཆོས་ཀྱི་འཁོར་ལོ་བསྐོར།། ཤེས་རིག་སྟོན་པས་བསྟན་པ་ཡི།། མདོ་རྒྱུད་ཐིག་ལེ་ཉག་གཅིག་ལྟོས།། ཡེ་ཐོག་དང་པོའི་སངས་རྒྱས་འདི། ། ཡིན་ནོ་བློ་ཡི་ཐེ་ཚོམ་སྤོངས།། འདི་ལ་སྐྱེ་མེད་རྒས་པ་མེད།། འདི་ལ་འཆི་མེད་བར་དོ་མེད།། འདི་ལ་རྟག་མེད་ཆད་པ་མེད།། འདི་ལ་ཡོན་མིན་མེད་མ་མྱོང།། ཆོས་ཉིད་མངོན་སུམ་སྣང་བ་འདི། ། གསང་བའི་བདག་པོ་ཁྱོད་ཀྱིས་ཆོངས།། ཚོགས་གཉིས་མཐར་བསགས་རྣམས་ལ་སྟོན།། སྐལ་མེད་ལོག་རྟོག་ཅན་གྱི་སར།། རླུང་ཕྱོགས་ཙམ་དུ་བརྗོད་མི་བྱ།། འདི་དང་འཕྲད་ནས་གཞན་ཟབ་སྨྲ། ། སྐྱབས་གཏོད་མཚམས་མེད་ལྔ་བས་ལྕི།། དེ་བས་གསང་ལ་ཡོད་མི་བྱ།། སྔགས་བསྲུང་རྒྱལ་པོ་ལྔ་ལ་གཏད།། བཀའ་འདི་སྲུངས་ཤིག་ས་མ་ཡཱ།། ལེགས་ལྡན་ནག་པོ་ཁྱོད་ཀྱིས་ཆོངས།། ཉམས་པ་དགྲ་བོའི་སྲོག་རྩ་ཆོད། ། ཨོཾ་རུ་རུ་ཨེ་ཀ་ཛ་ཊི་སྙིང་ཁ་རག། རུ་ལུ་རུ་ལུ་ཧཱུ~ཾ་བྷྱོ་ཧཱུ~ཾ། དགྲ་བོ་མཱ་ར་ཡ་ཙིཏྟ་རྦད། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་གུ་ན་ཧྲི་ད་ཧཱུ~ཾ་ཕཊ། མ་ཧཱ་ཀཱ་ལ་སརྦ་ཤ་ཏྲུཾ་མཱ་ར་ཡ་རྦད། ཁ་ཁ་ཁཱ་ཧི་ཁཱ་ཧི། དགྲ་བོ་མ་ར་ཡ། ཞེས་ནམ་མཁའ་རྣམ་པར་དག་པ་ཐིག་ལེ་སྐུར་གསལ་གྱི་རྒྱུད་ལས།། ཐིག་ལེ་ཀུན་འདུས་ཕྱི་མའི་རྒྱུད་གཏད་པའི་ལེའུ་སྟེ་བཅུ་གསུམ་པའོ།།།། ནམ་མཁའ་རྣམ་པར་དག་པ་ཐིག་ལེ་སྐུར་གསལ་གྱི་རྒྱུད་རྫོགས་སོ། ། ས་མ་ཡཱ། རྒྱ་རྒྱ་རྒྱ། སརྦ། ཨ་ཐཾ། བླ་མ་ཀུན་བཟངས་རྡོ་རྗེ་འཆང།། དངོས་དང་འཇལ་བའི་མེ་ལོང་བདག། རྒྱུད་རྒྱལ་ནམ་མཁའ་རྣམ་པར་དག། ཐིག་ལེ་སྐུར་གསལ་རྒྱུད་དང་ནི།། བཅུ་བདུན་རྒྱུད་དག་མདོ་རྒྱུད་ཀྱི། ། ལྟང་རྩེར་གྱུར་འདུག་རྗེས་ཞུས་རྣམས།། གསོལ་བ་ཐོབ་ལ་ཐིག་ལེ་ལྟོས།། ཚེ་འདིར་བྱ་རྒྱུ་དེ་ལས་མེད།། ཕྱི་མ་ཆོས་ཟད་ཀ་དག་ས།། ཆོས་ཟབ་ཡོད་པ། རི་ཁྲོད་འགྲིམ་པ།། བླ་མ་བཟང་བ། གང་ལ་ཡང་ཞེན་འཛིན་བག་ཆུང་བའི་སློབ་དཔོན་དང་ཁྱེད་པོ་མོ་ཚོ་འཕྲད་པ་ཡག་ས་འདུག། མི་འདུག་རི་ཤི་སྐྱག་པ་ངས་ཧ་ཧ། དད་ཟེར་བ་རང་ཀྱང་ཁྱེད་ཚོ་འཚེངས་པ་ཡིན། ཟོག་པོའི་གཏམ། རྒད་པོ་གད་འཆལ། དེ་པོའི་བཞུག་སྒྲོ། ཧ་ཧ། བླ་མ་དྲིན་ཅན་གྱི་ཕྱག་བྲིས་ལས་བཤུས་པའོ།།།། རྒྱ་གར་སྐད་དུ། བུདྡྷ་སརྦ་ཀཱ་ཡ་ཝཱ་ག་ཙིཏྟ་ཧྲྀ་ད་ཡ་ཀ་ལ་ཏན་ཏྲ་ན་མ། བོད་སྐད་དུ། སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་སྙིང་པོ་བསྟན་པའི་རྒྱུད་ཅེས་བྱ་བ། སངས་རྒྱས་སྐུ་གསུང་ཐུགས་ཀྱི་ཀློང་ཡེ་ནས་ཡིན་པ་དེ་ལ་ཕྱག་འཚལ་ལོ། ། འདི་སྐད་བདག་གིས་བསྟན་པའི་དུས་གཅིག་ན། སྐུའི་མཁའ། གསུང་གི་ཟེར། ཐུགས་ཀྱི་ཀློང། ཆོས་ཀྱི་དབྱིངས་ནས་ཀུན་བཟང་ཡབ་ཡུམ་ལ། མཛད་པ་ཕྱོགས་མེད་ཞི་ཁྲོ་དང། ། སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་མ་མོ་འཇིག་རྟེན་པའི་འཁོར་གྱིས་བསྐོར་ནས་བཞུགས་སོ།། དེ་ནས་བཛྲ་པཱ་ཎི་ཡིས།། འདི་སྐད་ཅེས་ནི་རབ་ཞུས་སོ།། ཀྱེ་ཀྱེ་རིག་འཁོར་ལ་གསུང་དུ་གསོལ།། དེ་ནས་ཀུན་བཟང་ཡབ་ཡུམ་གྱིས། ། གསང་བདག་ཉིད་ལ་བཀའ་སྩལ་པ།། ཨེ་མ་སེམས་ཅན་ཀུན་གྱི་རང་བཞིན་ལ།། སངས་རྒྱས་རྣམས་ཀྱི་ཡེ་ཤེས་དང།། སྐུ་གསུང་ཐུགས་ཀྱི་སྙིང་པོ་ནི།། བསྣན་ཕྲི་མེད་པར་ཡེ་ནས་གནས། ། ཙིཏྟ་དུང་ཁང་ནང་ན་སྐུ་དང་ཡིག་འབྲུ་སྟེ།། མཉེན་ལྕུག་འཁྲིལ་ལྡེམ་སྒེག་བཞད་དོ།། ཞེས་སྐུ་གསུང་ཐུགས་ཀྱི་སྙིང་པོ་བསྟན་པའི་རྒྱུད་ལས། གནས་ལུགས་ཀྱི་ལེའུ་སྟེ་དང་པོའོ།།།། གསང་བདག་ཉིད་ཀྱིས་གསོལ་པ། ། གནས་ལུགས་རིམ་པ་དེ་ལྟར་ན།། དང་པོ་བསྐྱེད་པ་ཇི་ལྟར་བསྐྱེད།། ཐ་མ་རྫོགས་པ་ཇི་ལྟར་རྫོགས།། ཡོན་ཏན་རྟགས་ནི་ཇི་ལྟར་འབྱུང།། སྤྱི་མེས་ཆེན་པོས་བཀའ་སྩོལ་ཅིག། ས་མན་ཏ་ཡིས་བཀའ་སྩལ་པ། ། སྐྱབས་སོང་འགྲོ་ལ་ཕན་པ་ཡིས།། དགུ་གསུམ་བརྡ་དཔེ་ཏི་ལེའི་དབང།། འ་ཨ་ཧ་ཤ་ས་མ་ཨོཾ་ཨཱཿཧཱུ~ཾ། དེ་ནས་སྐུར་ཟིན་གསལ་ཡང་གདབ།། དམ་ཚིག་ཀུན་གྱི་ངོ་བོ་ནི།། ཧཱུ~ཾ་ལས་བླ་མ་རྡོ་རྗེས་སེམས་དྲི་མེད་དཀར་མདངས་རིག་པའི་སྐུ། ། སྐྱིལ་ཀྲུང་རྡོ་རྗེ་དྲིལ་བུ་བསྣམས།། མཛེས་པའི་རིན་ཆེན་རྒྱན་གྱིས་སྤྲས།། ཆེ་ཆུང་ཚད་མེད་མཚན་དཔེར་ལྡན།། ལྟ་བས་མི་ཆོག་མཐའ་དང་བྲལ།། ཡེ་ནས་རང་རིག་གསལ་ཡང་གདབ། ། གནས་གསུམ་དཀར་དམར་མཐིང་བ་ལ།། འབྲུ་གསུམ་ཡེ་ནས་གསལ་ཡང་གདབ།། དེ་བཟླས་རང་གསལ་ནམ་མཁའ་ལ།། གསལ་སྟོང་རི་ལ་བལྟ་བར་བྱ།། ལུག་རྒྱུད་མིག་མངས་ཁྲོ་བོ་སྟེ། ། ཤེལ་དཀར་མེ་ལོང་རྡོ་རྗེ་སེམས།། དེ་ནི་དུས་གསུམ་སངས་རྒྱས་ཡིན།། དབྱིངས་དང་ཡེ་ཤེས་ནི་ཁྲོའི་ལྷ།། གསལ་སྟོང་དབྱེར་མེད་འཇམ་དཔལ་སྐུ།། གྲག་སྟོང་དབྱེར་མེད་པདྨའི་གསུང།། རིག་སྟོང་དབྱེར་མེད་ཡང་དག་ཐུགས། ། བདེ་སྟོང་ཡོན་ཏན་བདུད་རྩི་ལྷ།། སྣང་སྟོང་ཕུར་པ་འཕྲིན་ལས་ལྷ།། མི་རྟོག་སྟོང་པ་མ་མོའི་ཚོགས།། མ་འགགས་རང་རྩལ་དྲེགས་པ་ཡིན།། འཆི་མེད་ཡེ་ཤེས་ཚེ་ཡི་ལྷ། དུས་གསུམ་སངས་རྒྱས་བཀའ་བརྒྱད་ཀྱི། ། ཡབ་ཀྱི་སྙིང་པོ་ཨོཾ་ཡིན་ནོ།། ཡུམ་གྱི་སྙིང་པོ་ཨཱཿཡིན་ནོ།། ཡབ་ཡུམ་གཉིས་མེད་སྙིང་པོ་ཧཱུ~ཾ་ཡིན་ནོ།། ཨོཾ་ནི་བདེ་ལ་ཨཱཿནི་གསལ།། ཧཱུ~ཾ་ནི་མི་རྟོག་ནམ་མཁའ་འདྲ།། རང་དབང་མེད་པ་སྲོག་གི་གནད། ། འབྲུ་གསུམ་སྔགས་ཀྱི་རྒྱལ་པོ་འདི།། མ་བྱུང་མི་འབྱུང་འབྱུང་མི་འགྱུར།། ཨོཾ་ཨཱཿཧཱུ~ཾ། ཞེས་སྐུ་གསུང་ཐུགས་ཀྱི་སྙིང་པོ་བསྟན་པའི་རྒྱུད་ལས། བསྐྱེད་རྫོགས་ཀྱི་ལེའུ་གཉིས་པའོ།།།། ཡང་ཅིག་གསང་བདག་ལེགས་པར་ཉོན། ། འདི་བཟླས་ཚེ་གཅིག་སངས་རྒྱས་ཡིན།། འདི་བཟླས་འཕྲིན་ལས་རྣམ་བཞི་འགྲུབ།། བྱེ་བ་གཅིག་ནི་བཟླས་པར་བྱ།། གང་འདུལ་དེ་ཉིད་ལྷ་རུ་སྒོམ།། གང་བྱེད་ལས་སོགས་ཤམ་བུར་གདགས།། དཔེར་ན་ཡིད་བཞིན་ནོར་བུ་འདྲ།། གང་བསམ་ལས་ནི་འགྲུབ་པར་འགྱུར།། ཏི་ལ་གསལ་དག་རིག་པའི་མདངས།། མ་མཐོང་མི་མཐོང་མཐོང་མི་འགྱུར།། འདི་མཐོང་དུས་གསུམ་སངས་རྒྱས་ཡིན།། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། ། སྐུ་སྒྲུབ་ཨོཾ་ལ་གསུང་སྒྲུབ་ཨཱཿ།། ཐུགས་སྒྲུབ་ཧཱུ~ཾ་ཡིན་ཏི་ལ་མཆོག། མ་ཧཱ་ཨོཾ་ལ་ཨ་ནུ་ཨཱཿ།། ཨ་ཏི་ཧཱུ~ཾ་ཡིན་ཏི་ལ་རྩེ།། ཨོཾ་གྱིས་ལུས་ལ་བདེ་བ་འབར།། ཨཱཿ་ཡིས་ངག་ལ་ནུས་པ་འབྱུང།། ཧཱུ~ཾ་གིས་སེམས་ལ་རྟོགས་པ་འཆར། ། ཨོཾ་གྱིས་ཕོ་གདོན་ཐུལ་བར་བྱེད།། ཨཱཿཡིས་མོ་གདོན་ཞི་བར་བྱེད།། ཧཱུ~ཾ་གིས་གདོན་རྣམས་རླག་པར་བྱེད།། ཨོཾ་གྱིས་སྣང་སྲིད་གཡོ་ཞིང་བསྒུལ།། ཨཱཿཡིས་འགྲོ་བ་དབང་དུ་བསྡུད། ། ཧཱུ~ཾ་གིས་སྐྱེ་མེད་ས་ལ་འགོད།། ཨོཾ་གྱིས་ཏི་ལ་གསལ་བར་བྱེད།། ཨཱཿཡིས་ཡེ་ཤེས་གོང་འཕེལ་འཆར།། ཧཱུ~ཾ་གིས་གཉིས་མེད་སྔོན་སངས་རྒྱས།། ཞེས་སྐུ་གསུང་ཐུགས་ཀྱི་སྙིང་པོ་བསྟན་པའི་རྒྱུད་ལས། ཡོནཏན་གྱི་ལེའུ་སྟེ་གསུམ་པའོ།།།། ལེགས་བཤད་གསང་བདག་ཡང་ཉོན་ཅིག། ཏི་ལ་འབྲུ་གསུམ་བཟླས་པ་ཡིས།། ལྷག་མེད་འཇའ་འོད་སྐུ་གདུང་དང།། སྒྲ་དང་རིང་བསྲེལ་ཉིད་འབྱུང་ངོ། ། ཆོས་སྐུའི་རྟགས་སུ་སྤྲིན་མེད་མཁའ།། འཇའ་ཚོན་སྣ་ལྔ་ལོངས་སྤྱོད་རྫོགས།། སྤྲུལ་སྐུ་རིང་བསྲེལ་ཕྲ་ཞིང་མང།། འདི་ཡོད་ཀུན་ལ་སྐུ་གསུམ་རྟགས།། ངེས་པར་འབྱུང་ངོ་སྒྲུབ་ལ་བརྩོན།། ཅེས་སྐུ་གསུང་ཐུགས་ཀྱི་སྙིང་པོ་བསྟན་པའི་རྒྱུད་ལས། རྟགས་ཀྱི་ལེའུ་སྟེ་བཞི་པའོ།།།། ཨོཾ་ཨཱཿཧཱུ~ཾ་བཛྲ་ས་ཏྭ་ཨ། དྷརྨཱ་ཀཱ་ཡ་སིད་དྷི་ཧཱུ~ཾ། ཞེས་ས་མན་ཏས་རང་བྱུང་དུ་གསུངས་པས། བཛྲ་པཱ་ཎི་དང། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི། སྐུ་གསལ་སྟོང་དབྱེར་མེད་པར་ཁྱབ་བོ།། གསུང་གྲགས་སྟོང་དབྱེར་མེད་པར་ཁྱབ་བོ།། ཐུགས་རིག་སྟོང་དབྱེར་མེད་པར་ཁྱབ་བོ།། ཡོན་ཏན་བདེ་སྟོང་དབྱེར་མེད་པར་ཁྱབ་བོ།། འཕྲིན་ལས་སྣང་སྟོང་དབྱེར་མེད་པར་ཁྱབ་བོ། ། སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་རྒྱུད་ལས། སྔགས་ཀྱི་ལེའུ་སྟེ་ལྔ་པ་རྫོགས་སོ།།།། རྒྱ་གར་སྐད་དུ། བུནྡྷ་པྲ་ན་ཏ་ནྟྲ་ནཱ་མ། བོད་སྐད་དུ། སངས་རྒྱས་ངོ་སྤྲོད་པའི་རྒྱུད། བཅོམ་ལྡན་འདས་སྟོང་པ་ཆེན་པོ། ཡེ་ཤེས་ཀྱི་སྙིང་པོ་མ་འགགས་པར་རང་གསལ་བ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་བསྟན་པའི་དུས་གཅིག་ན། ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང། རང་བྱུང་རིག་པའི་རྒྱལ་པོ་འཁོར་ཡེ་ཤེས་རྒྱ་མཚོའི་ཚོགས་ལ། ཞིང་ཁམས་སུམ་རྩེག་གི་སྣང་བ། རག་ལ་རང་ཆས་སུ་བསྟན་པས། ཆོས་ཟད་པའི་ངང་དུ་ཐིམ་མོ། ། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། གསང་བ་རོལ་བའི་དུར་ཁྲོད་མེ་འོད་འབར་བ་ཞེས་བྱ་བ། གཏི་མུག་གི་ནམ་མཁའ་ལ། ལོགས་ལ་ང་རྒྱལ་གྱི་བྲག་འཚེར་བ། རྩ་བར་འདོད་ཆགས་ཀྱི་ཆུ་འཁྲུག་པ། བར་ན་ཕྲག་དོག་གི་རླུང་འཚུབ་པ། གསེབ་ན་ཞེ་སྡང་གི་མེ་འབར་བ། དྲག་པོའི་གཞལ་ཡས་ཁང་དེ་ན། བཅོམ་ལྡན་འདས་གཞོན་ནུ་སྟོབས་ལྡན་ཆེན་པོ་ལ། འཁོར་དཔའ་བོ་དང་མཁའ་འགྲོའི་ཚོགས་ཀྱིས་བསྐོར་ནས་ཐབས་གཅིག་ཏུ་བཞུགས་སོ། ། དེའི་ཚེ་གསང་བའི་བདག་པོས་འདི་སྐད་ཅེས་ཞུས་སོ།། ཀྱེ་ཀྱེ་སྟོན་པ་ཐུགས་རྗེ་ཅན། སངས་རྒྱས་ཡེ་ཤེས་ལུས་ཅན་གྱིས།། རྟེན་དང་ལམ་དང་གནད་དང་སྒོ་དང། རང་གི་ངོ་བོ་གསུང་དུ་གསོལ། ཞེས་ཞུས་སྟོན་པས་བཀའ་སྩལ་པ།། གསང་བའི་བདག་པོ་ཁྱོད་ཉོན་ཅིག། བདེ་བར་གཤེགས་པའི་ཡེ་ཤེས་ལུས་ཅན་དེ། རྟེན་པ་རང་གི་ལུས་ཀྱི་བྱང་ཁོག་སྟོད་འདི་ལ་རྟེན་ནས་ཡོད་དོ། ། གནས་པ་ནི་སྙིང་གི་ནང་ན་གནས་སོ།། ལམ་ནི་སྙིང་གི་ནང་ནས་མིག་ཏུ་རྩ་དར་དཀར་གྱི་སྐུད་པ་འདྲ་བ་ཙམ་ཅིག། མཉེན་པ་ཁྲག་དང་ཆུ་སེར་མེད་པ་གཅིག་གི་སྦྲེལ་ནས་ཡོད་དོ། ། དེ་ནི་ཡེ་ཤེས་ཀྱི་ལམ་ཡིན་ནོ།། སྒོ་ནི་སྔོན་དུ་གྱུར་པ་དང། ལྐོག་ཏུ་གྱུར་པ་གཉིས་སོ།། མངོན་དུ་གྱུར་པ་ནི་རང་གི་མིག་གཉིས་ཡིན་ནོ།། ལྐོག་ཏུ་གྱུར་པ་ནི་རྣ་བ་གཉིས་ཡིན་ནོ།། རང་གི་ངོ་བོ་དག་པ་ཆོས་ཀྱི་སྐུའི་ངོ་བོ་སྟོང་པར་བཞུགས་སོ། ། སྟོང་པ་ནི་ཟང་ཐལ་དུ་བཞུགས་སོ།། ངོ་བོ་སྟོང་པར་བཞུགས་པ་ནི།། རང་གི་ངོ་བོ་རིག་པ་འདི་ཉིད་དངོས་པོ་མཚན་མར་མ་གྲུབ་པ།། ངོ་བོ་སྟོང་པ་འདུག་པའི་ཡིན་ནོ།། སྙིང་པོ་གསལ་བར་བཞུགས་པ་ནི། ། རིག་པ་རང་གི་ངོ་བོ་མ་འགགས་པར་གསལ་བ་ནི་སངས་རྒྱས་ཀྱི་དགོངས་པ་ཡིན་ནོ།། ཡེ་ཤེས་ཟང་ཐལ་དུ་བཞུགས་པ་ནི། སངས་རྒྱས་སྙིང་གི་དཀྱིལ་ན་ཤ་ཁྲག་གི་ལུས་ཀྱིས་གཏུམས་ཀྱང་མ་ཐུབ་པར། རང་གི་མིག་གི་རྣམ་པར་དག་པར་མཐོང་བ་མ་འགགས་པ་འོད་དུ་གསལ་བ་ཡིན་ནོ།། འདི་ཁོ་ན་ཡེ་ཤེས་ཟང་ཐལ་གྱི་དགོངས་པའོ། ཞེས་བཀའ་སྩལ་ཏོ།། ཡང་ཞུས་པ། ཨེ་མ་ཧོ། མ་རིག་མུན་སེལ་སྒྲོན་མའི་སྐུ། ། སེམས་ཀྱི་རྟེན་དང་གནས་དང་སྒོ།། ལམ་དང་རང་གི་ངོ་བོ་རྣམས།། མངོན་པར་རིམ་པར་གསུང་དུ་གསོལ།། ཞེས་ཞུས་པས།། ཡང་མ་རིག་མུན་སེལ་གྱིས་བཀའ་སྩལ་པ།། གསང་བའི་བདག་པོ་ཡང་ཉོན་ཅིག། སེམས་ཀྱི་རྟེན་ནི་རང་རང་གི་ལུས་པོའི་བྱང་ཁོག་སྟོད་ཡིན་ནོ།། གནས་ནི་གློ་བའི་ནང་ན་ཡོད་དོ།། ལམ་ནི་གློ་བ་དང་མགྲིན་པར་རྩ་གྲོ་སོག་གི་སྤྲུ་གུ་ཙམ་གྱིས་སྦྲེལ་ནས་ཡོད་དོ།། དེ་ནི་དབུགས་འགྱུ་བའི་སེམས་ཀྱི་ལམ་རྩ་ཡིན་ནོ། ། སྒོ་ནི་འདོད་བའི་སྒོ་གསུམ་སྟེ། སྣ་བུག་གཉིས་དང་ཁ་གསུམ་ཡིན་ནོ། འདོད་པའི་ཤེས་པ་དེ་ནས་འབྱུང་ངོ།། སེམས་རང་གི་ངོ་བོ་རྣམ་པར་རྟོག་པ་དང་བཅས་པ།། རྣམ་རྟོག་གི་དབུགས་ཕྱི་ནང་དུ་རྒྱུ་བ་འདི་རང་ཡིན་ནོ། ། རིགས་ཀྱི་བུ་སེམས་ལས་བྱུང་བ་རྣམས་ནི་འཁོར་བའི་རྒྱུ་ཡིན་ནོ། ཞེས་བཀའ་སྩལ་ཏོ།། དེ་ནས་ཡང་གསང་བའི་བདག་པོས་ཞུས་པ། ཨེ་མ་མགོན་པོ་འོད་དཔག་མེད། ། རང་གི་གཟུགས་ཀྱི་ཕུང་པོ་ལས།། སེམས་དང་ཡེ་ཤེས་རྣམ་པར་གཉིས།། ད་ལྟ་འཕྲད་ཚུལ་ཇི་ལྟར་འཕྲད།། ཐ་མ་གྱེས་ཚུལ་ཇི་ལྟར་འགྱེས།། ཞེས་ཞུས་མགོན་པོར་བཀའ་སྩལ་པ།། གསང་བའི་བདག་པོ་ད་ལྟར་འཕྲད་ཚུལ་ནི། ། རང་གི་སྙིང་གི་དཀྱིལ་ན་རིག་པ་ཆོས་ཀྱི་སྐུའི་ངོ་བོ།། སྟོང་པ་འདུས་མ་བྱས་པར་བཞུགས་སོ།། རིག་པ་རང་གི་ངོ་བོ་ཉུངས་ཀར་ཡང་ཞུན་ལྟ་བུར་བཞུགས་སོ།། དབུགས་འདོན་པའི་སྒོ་གསུམ་འཆར་རོ། ། རིག་པ་འོད་ཀྱི་གོང་བུ་ཚོན་ལྔའི་གྲུ་གུ་བསྡོགས་པ་ལྟ་བུར་གནས་སོ།། རིག་པ་ཆོས་ཀྱི་སྐུ་ཡེ་ཤེས་ལྔའི་མཚན་ཉིད་དུ་བཞུགས་སོ།། རིགས་ཀྱི་བུ་དེའི་ཚེ་ཡེ་ཤེས་རང་གི་སྙིང་ནང་ནས་འཐོན་ནས།། ལམ་རྩ་དར་དཀར་སྐུད་པ་ཙམ་གྱི་ནང་ན་ཡར་སོང་ནས། ། སྒོ་རང་གི་མིག་གཉིས་ན་ཕར་འཐོན་ནོ།། དེའི་དུས་སུ་སེམས་དང་ཡེ་ཤེས་རྒྱབ་གྱེས་སོ།། དེའི་ཚེ་དུས་མ་འགྱུར་བར་སྣང་བ་འགྱུར་བར་སྣང་ནས། ། ས་རྡོ་རི་བྲག་རྩི་ཤིང་ནགས་ཚལ་ཐམས་ཅད་སངས་རྒྱས་ཀྱི་ཞིང་ཁམས་རྣམ་པར་དག་པ། ཕྲ་ལ་དྭངས་པ། གསལ་ལ་འཚེར་བ། རང་བཞིན་གྱིས་བཀྲག་ཉམ་ང་བ། ཕྱིའི་རྒྱ་མཚོ་མཐོང་བ་བཞིན། འཇིག་རྟེན་གྱི་ཁམས་ཐམས་ཅད་བརྡལ་ནས་འོང་བས། དེ་ལ་མ་འཇིགས་ཤིག། རིག་པ་འཛིན་པ་སངས་རྒྱས་ཀྱི་ཞིང་དག་པ་ཞག་ལྔར་འཆར་རོ།། ཐོག་མའི་སངས་རྒྱས་འོད་མི་འགྱུར་བ་རང་གི་རང་གདང་ཆོས་དབྱིངས་དག་པའི་ངང་དུ་ཐིམ་མོ། ། དག་པའི་སྣང་བར་ཤེས་པས་སངས་རྒྱས་སོ།། ཁམས་གསུམ་གྱི་སེམས་ཅན་གྱིས་ཡེ་ཤེས་ཀྱི་སྣང་བ་ཡང་ནས་ཡང་དུ་མཐོང་ཀྱང། ངོ་མ་ཤེས་པས་ན་འཁོར་བར་འཁྱམས་སོ།། གསང་བའི་བདག་པོ་དབུགས་ཆད་པ་དང། ཡེ་ཤེས་ཀྱི་སྣང་བ་ཤར་དུས་མཉམ་མོ།། ཡུལ་གྱི་བློ་རྡོལ་བ་ཡིན་པས། ཡུལ་ཐམས་ཅད་ཡེ་ཤེས་ཀྱི་སྣང་བར་ཤར་ནས་འོང་ངོ།། ཆོས་ཉིད་དག་པ་ཞག་ལྔར་ཤར་བ་དེ་རང་གི་རིག་པའི་གདངས་སམ་རང་འོད་ཡིན་ནོ། ། དེ་ངོ་ཤེས་པར་གྱིས་ཤིག། གསང་བའི་བདག་པོ་མི་དབུལ་པོས་ནོར་བུ་རིན་པོ་ཆེ་བཙལ་ཀྱང་མི་རྙེད་ན་དྲན་པས་ལྟ་ཅི་སྨོས། རིགས་ཀྱི་བུ་རང་དབུགས་ཆད་པ་དང་སངས་རྒྱས་ཀྱི་ཞིང་ཁམས་རྣམ་པར་དག་པ། མེ་ལོང་གི་ངོས་ལ་ཉི་མ་ཤར་བ་ལྟ་བུ་དུས་གཅིག་ལ་འཆར་རོ།། དེའི་དུས་སུ་འོད་མཐིང་ཀ་མཐོང་བའི་ཚེ་ན།། འདི་ཀ་རག་གི་རིག་པ་ངོ་བོ་སྟོང་པ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སུ་ཤེས་པས། ། རྡོ་རྗེ་སེམས་དཔའ་ཡབ་ཡུམ་འཁོར་དང་བཅས་པ་འགྲུབ་པར་འགྱུར་རོ།། འོད་སེར་པོ་མཐོང་བའི་ཚེ། མཉམ་པ་ཉིད་ཀྱི་ཡེ་ཤེས་སུ་ཤེས་པས། རིན་ཆེན་འབྱུང་ལྡན་ཡབ་ཡུམ་འཁོར་དང་བཅས་པ་འགྲུབ་པར་འགྱུར་རོ། ། འོད་དམར་པོ་མཐོང་བའི་ཚེ། སོ་སོར་རྟོག་པའི་ཡེ་ཤེས་སུ་ངོ་ཤེས་པས། སྣང་བ་མཐའ་ཡས་ཡབ་ཡུམ་འཁོར་དང་བཅས་པ་འགྲུབ་པར་འགྱུར་རོ།། འོད་ལྗང་ཁུ་མཐོང་བའི་ཚེ། བྱ་བ་གྲུབ་པའི་ཡེ་ཤེས་སུ་ངོ་ཤེས་པས། དོན་ཡོད་གྲུབ་པ་ཡབ་ཡུམ་འཁོར་དང་བཅས་པ་འགྲུབ་པར་འགྱུར་རོ།། གསང་བའི་བདག་པོ་དག་སྣང་ཤར་བས།། ཡེ་ཤེས་ལྔར་ཤེས་ཤིང།། དེ་དྲན་པས་སངས་རྒྱས་ཐོབ་བོ། ། འབྲོག་དགོན་པར་འཁྱམས་པའི་མིས་བཟའ་བཏུང་མི་བསམ།། ཟས་དྲན་པས་ཡང་དག་པར་རྫོགས་པའི་སངས་རྒྱས་བླ། ཞེས་དུས་གསུམ་སངས་རྒྱས་ཀྱིས་གསུངས་སོ།། ཡང་དག་པར་རྫོགས་པའི་སངས་རྒྱས་ནི་འདུས་མ་བྱས་ཡིན་ལ། བྱས་པའི་ཆོས་ཀྱིས་འགྲུབ་ན་འདུས་བྱས་སུ་འགྱུར་རོ།། བདེ་གཤེགས་ཡེ་ཤེས་ལུས་ཅན་དེ།། རང་ལས་བྱུང་ཞིང་རང་གིས་ཤེས།། རང་ནི་དེ་ཉིད་དུ་གྲོལ་ལོ། མཐོང་བྱེད་ཀྱིས་མཐོང་ནས་ཤེས་བྱེད་ཀྱི་ཤེས་སོ། ། ཞེས་གསུངས་སོ།། དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འབྱུང་བ་དང་སྙིགས་འབྱེད་པའི་དུས་སུ།། རང་གི་སྙིང་གི་དཀྱིལ་ནས་ཡེ་ཤེས་གནས་སྟེག་པས། ། གདངས་ཕྱིར་ནས་རང་གི་རིག་པ་ཡེ་ཤེས་ལྔའི་རང་བཞིན་དུ་ཡོད་པས། རང་གི་སྙིང་ནང་ནས་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་མཐིང་ཁའི་རང་བཞིན་དུ་གནས་སོ།། མེ་ལོང་ལྟ་བུའི་ཡེ་ཤེས་ཁ་དོག་དཀར་པོར་ཡོད་དོ། ། མཉམ་པ་ཉིད་ཀྱི་ཡེ་ཤེས་ཁ་དོག་སེར་པོར་གནས་སོ།། སོ་སོར་རྟོགས་པའི་ཡེ་ཤེས་ཁ་དོག་དམར་པོར་གནས་སོ།། བྱ་བ་གྲུབ་པའི་ཡེ་ཤེས་ཁ་དོག་ལྗང་ཁུར་གནས་པའོ།། དེ་ལྟར་རིག་པ་ཡེ་ཤེས་ལྔའི་ཁ་དོག་ཏུ་གནས་པས། རང་གི་སྙིང་ནང་ན་འོད་ཁ་དོག་ལྔ་མེ་རེ་རེ་ཡོད་དོ།། སེམས་ནི་གློ་བའི་ནང་ན་ཡོད་དོ།། གློ་བ་དྭངས་སྙིང་ནི་རྩ་སོག་མའི་སྦུ་གུ་ཙམ་གྱིས་སྦྲེལ་ནས་ཡོད་དོ།། སེམས་གློ་བའི་ནང་ནས་འཐོན་ཏེ། རྩ་སོག་མའི་སྦུ་གུ་ཙམ་དེའི་ནང་ན་ཡར་དབུགས་འགྱུས་པས།། སྙིང་ནང་ན་ཡར་སྐུ་གསུམ་ཡེ་ཤེས་ལྔ་བཞུགས་པ་དང་འཕྲད་དོ།། རང་གི་སྙིང་གི་དཀྱིལ་དུ་རིག་པ་དབུགས་ཀྱི་རྟ་དང་འཕྲད་པས། དབུགས་མེད་པའི་འགྱུ་བ་ཞེས་བྱའོ། ། ཐ་མ་རྒྱབ་གྱེས་པའི་ཚུལ་ནི། རང་འཆི་བའི་དུས་སུ་སེམས་གློ་བའི་ནང་ནས་འཐོན་ཏེ། ལམ་གྲོ་སོག་གི་སྦུ་གུ་ཙམ་སྣ་བུག་གཉིས།། ཁ་དང་གསུམ་ནས་ཧ་ཟེར་ཏེ་དབུགས་པར་འགྱུའོ།། ཐ་མ་ཧུ་ཟེར་ནས་ནང་དུ་འདྲེན་ནོ། ། གསང་བའི་བདག་པོ། སྲིད་པའི་རི་བོ་ལས་རྒལ་བའི་དུས་སུ། སྲོག་རྒྱུ་བའི་རླུང་ནང་ནས་ཕྱིར་འདྲེན་ལ་སྟོབས་ཆེ། འདུས་པའི་ནམ་མཁའ་ལ་ཕྱིར་འདྲེན་པའི་སྟོབས་ཆེ། ནང་དུ་འདྲེན་པའི་རླུང་གིས་ཕྱིའི་ནམ་མཁའ་ནས་ཚུར་འདུས་ཐུགས་རིག་པའི་ཡེ་ཤེས་ལ་ཐིམ་མོ། ། ཕར་འཕྲོས་ཏེ་འདུས་མ་བྱས་པའི་ནམ་མཁའ་ལ་ཐིམ་པས། རྣམ་པར་རླུང་ཞོན་གྱི་དགོངས་པ་ཞེས་བྱ་བའོ།། ཐ་མ་ཧ་ཟེར་ནས་ཕར་ལ་སོང་སྟེ། ཧུ་ཟེར་ནས་ཚུར་མ་འདུས་པའི་ཚེ། རང་གི་མདུན་གྱི་ནམ་མཁའ་ལ་ཡེ་ཤེས་ཀྱི་མཐོངས་ཞེས་བྱ་བ། འོད་ཁ་དོག་ལྔ་བཀྲ་ལམ་མེ་སྣང་ངོ།། དེ་ངོ་ཤེས་པས་ལྕགས་ལ་གསེར་འགྱུར་རྩིབཏང་བ་འམ། མུན་ཁུང་དུ་སྒྲོན་མེ་བཏེག་པ་ལྟར་སྐད་ཅིག་ལ་ཡར་གྱི་ཟང་ཐལ་དུ་གྲོལ་ལོ།། རིགས་ཀྱི་བུ་ནང་དབུགས་དང་མ་བྲལ་བ་ལ། རྡོ་རྗེ་སེམས་དཔའི་སྣ་ཐག་ཀྱང་བྱ། ཐུགས་རྗེ་རྒྱུན་གྱི་སྣ་ཐག་ཀྱང་བྱ་སྟེ། རང་གི་མིག་ནས་མདུན་གྱི་ནམ་མཁའ་ལ། འོད་ཁ་དོག་ལྔ་ཐག་པ་བརྐྱང་བ་འམ།། སྐས་བཙུགས་པ་ལྟར་སྣང་ངོ།། དེའི་དུས་སུ་ཤེས་པ་རང་གི་མིག་ལ་གཏད། མིག་ཐུགས་རྗེ་རྒྱུན་མི་འཆད་པའི་ཐག་པ།། འོད་ཁ་དོག་ལྔ་ལ་གཏད་པས། ཡར་གྱི་ཟང་ཐལ་ལ་གྲོལ་ལོ།། ཡང་ན་ཐུགས་རྗེའི་འོད་ཁ་དོག་ལྔ་ཤར་བའི་ཚེ། ཡེ་ཤེས་ལྔ་ལྡན་གྱི་དཀྱིལ་འཁོར་ཐོབ་ནས།། དབུགས་མ་ཆད་པ་ལ་སངས་རྒྱའོ།། གསང་བའི་བདག་པོ། ཕྱི་ནང་གསང་བའི་དབང་རྫོགས་པ་ལ་སྟོན་ཅིག་ཅེས་བཀའ་སྩལ་ཏོ། ། ངོ་སྤྲོད་པའི་རྒྱུད་ལས། སེམས་ཡེ་ཤེས་སུ་བསྟན་པའི་ལེའུ། ཨྠི+ྀ།།། དཔེའི་ངོ་སྤྲོད་པ་ལ་གསུམ་སྟེ། ཤེལ་དང་ཉི་མ་འདྲ་འབག་གསུམ། ཤེལ་ཏེ་རྡོ་རྗེ་སེམས་དཔའི་མེ་ལོང་ཡིན། དེའི་ཕྱིར་ཤེལ་ལ་མིག་བཅུག་ནས་བལྟས་པས། སངས་རྒྱས་ཀྱི་རང་ལུས་འོད་ཀྱི་ཕུང་པོ་ལ། འོད་ཁ་དོག་ལྔ་ཕྲ་ལ་དྭངས་པ། གསལ་ལ་འཚེར་བ། རང་བཞིན་གྱིས་བཀྲག་ལ་ཉམ་ང་བ། ཁ་དོག་ལྔ་ཙེ་རེ་རེ། མངོན་སུམ་དུ་འཆར་བས། དེ་དག་ཡེ་ཤེས་ཀྱི་སྣང་བ་ཡིན་ནོ།། དེ་བཞིན་དུ་རང་གི་རིག་པའི་རང་གདངས་འོད་ཁ་དོག་ལྔ་ལྡན་དུ་ཡོད་དོ།། རང་གི་རིག་པའི་རང་འོད་ངོ་ཤེས་པར་བྱས་ལ། རང་འོད་ལ་མ་ཡེངས་པར་བལྟའོ།། དེ་ནི་དག་སྣང་ལྟ་བའི་ཡང་ལྟ་བ་ཡིན་ནོ།། ཉི་མ་ལ་ངོ་སྤྲོད་པ་ནི། མིག་གི་སྟེང་དུ་ཐེར་མ་སྐབ་ལ་བལྟའོ།། དེ་ལ་འོད་ཟེར་མཚོན་ཆའི་རྩེ་མོ་འཕྲོ་བ་བཞིན་དུ་འབྱུང་སྟེ། ། དེ་ཉི་མ་ཕྱེད་ལ་བལྟས་པས་འཁྲུལ་སྣང་དག་སྣང་དུ་འཆར་རོ།། འདྲ་འབག་གམ། སྐུ་གཟུགས་སམ། ཞིང་ཁམས་ཉི་མ་ལ་བཞག་ནས་ཤེལ་ལ་བལྟས་པས། ལོངས་སྐུ་ཁ་མིག་རྣ་བ་ཅན་དུ་འཆར་རོ། ། དེ་ཇི་ལྟ་བ་བཞིན་དུ་བར་དོ་ལོངས་སྐུའི་སྣང་བ་འཆར་ཙ་ན། རང་སྣང་དུ་ངོ་ཤེས་པར་དེ་ཉིད་དུ་གྲོལ་འགྲོའོ།། དཔེའི་ངོ་སྤྲོད་ཀྱིས་དོན་ལ་ཕབ་བོ།། དོན་གྱི་ངོ་སྤྲོད་ཀྱིས་དོན་ལ་ཐག་ཆོད། སྣང་བ་སྣ་ཚོགས་སུ་འཆར་ཡང་རང་སྣང་རང་བྱུང་ཡིན་པས། ཐ་ཆོད་རང་ལ་གྱིས་ཤིག། འདི་ཕྱི་གཉིས་སུ་མེད་དེ། བློ་འདས་རྩོལ་མེད་དུ་གྲོལ་ལོ།། ལན་ཅིག་དུས་ཀྱི་ཐ་མ་ལ། སྐལ་ལྡན་ལས་འཕྲོ་ཅན་དང་འཕྲད་ནས་འདི་ལ་ལོངས་སྤྱོད་ཤོག། ཅེས་གསུངས་སོ།། ཁ་ཐཾ།།།། @#། རྒྱ་གར་སྐད་དུ། སརྦ་བུདྡྷ་ཙིཏྟ་མ་ཧཱ་གུ་ཧྱེ་ཏནྟྲ། བོད་སྐད་དུ།། སངས་རྒྱས་ཐམས་ཅད་ཀྱི་ཐུགས་གསང་བ་ཆེན་པོའི་རྒྱུད། བཅོམ་ལྡན་འདས་འབྲས་བུ་ཐམས་ཅད་ཀྱི་མངའ་བདག་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་བསྟན་པ་རང་འབྱུང་བའི་དུས་གཅིག། ཡུལ་ཆོས་ཉིད་ལ་ཡེ་ཤེས་ཟང་ཐལ་དུ་ཤར། ཞིང་ཁམས་ཐམས་ཅད་ཡེ་ཤེས་སུ་མ་སྒྲིབས་པར་གསལ་བའི་དུས་གཅིག་ན། སྣ་ཚོགས་ཡུལ་སྣང་ཐམས་ཅད་ནི་ལོང་སྤྱོད་རྫོགས་པའི་སྐུ། འབྱུང་བའི་སྒྲ་ཐམས་ཅད་ནི་བསྟན་པའི་གསུང་དུ་སྒྲོགས་པ། ཇི་ལྟར་འགྱུ་ཞིང་དྲན་པ་ཐམས་ཅད་ནི་ཐུགས་རྣམ་དག་ཆེན་པོའི་ཀློང་བརྡོལ་ནས་ཆོས་ཉིད་དོན་གྱི་ནམ་མཁའ་ལ་གནས་ལུགས་རིག་པའི་སྒྲ་ནི་བསྒྲགས། ཆོས་སྐུ་ཉག་གཅིག་སྤྲོས་དང་བྲལ་བའི་སྤྲིན་ཕུང་ནི་གཏིབས། གཉིས་མེད་མཉམ་པའི་ཆར་ཆེན་པོ་ནི་ཕབ། ཉོན་མོངས་བདག་ཏུ་འཛིན་པ་ཐབ་ནི་རླན། གདུལ་བྱ་ཡུལ་ཅན་རྣམ་རྟོག་ནི་བཅད། སེམས་ཅན་འཁོར་བར་ཡུན་རིངས་གནས་པ་རྣམས་ནི་དྲངས། ཕྱོགས་བཅུར་ཁྱབ་པའི་དུང་ནི་བུས། ཐེག་པ་མཐའ་དག་གི་སྒྲ་ནི་གྲགས། སངས་རྒྱས་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་ལས་ཤར་བའི་ཚིག་གི་རྒྱལ་པོ་འདི་དག་རང་བྱུང་ཞིང་རང་བཅས་པའོ།། སངས་རྒྱས་ཐམས་ཅད་ཀྱྀ་ཐུགས་གསང་བ་ཆེན་པོའི་རྒྱུད་ལས། ། བྱིན་བརླབས་རྫོགས་ལྡན་རང་ཤར་གྱི་ལེའུ་སྟེ་དང་པོའོ།།།། དེ་ནས་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་མཉམ་རྫོགས་ཆེན་པོའི་དགོངས་པ་ལས་བཞེས་ནས་འབྱུང་བ་རང་ཟད་ཀྱི་དགོངས་པ་ལ་ཨ་ར་ཧ་ནེའོ། ། དེའི་ཚེ་རྡོ་རྗེ་འཆང་ལ་སངས་རྒྱས་ཐམས་ཅད་ཀྱི་འཕྲིན་ལས་ཆེན་པོས་མངའ་དབང་རྫོགས་པར་བསྐུར་ནས། ནམ་མཁའ་རྣམ་དག་གི་དགོངས་པའི་ཀློང་ནས། རྡོ་རྗེ་སེམས་དཔའ་ལ་བཀའ་སྩལ་བ། ཨེ་མ་ཧོ། བསྐལ་པ་སྟོང་ཕྲག་བཅུ་དགུ་དང།། ཉེར་ཉེར་ལྔ་དང་བན་བུན་བདུན།། ཕྱལ་ཕྱོལ་བགྲང་ལས་འདས་པ་ལས།། མངོན་འཕགས་དྲན་པ་མགོན་པོ་ཡིས།། སངས་རྒྱས་དུས་གསུམ་བཞུགས་རྣམས་ཀྱི། ། གཉིས་མེད་ཀློང་ནས་དྲན་གཡོས་ཏེ།། ཀརྨ་ཙཀྲ་འཕྲིན་ལས་བཞིས།། ལས་ལ་བསྐུལ་ཏེ་སྟོང་གསུམ་འདིར།། འོད་ལྔས་ཁྱབ་ཅིང་གསལ་བར་བྱས། དེ་ཡི་སངས་རྒྱས་སེམས་ཅན་རྣམས། འབྱུང་བ་རྒྱུ་མཐུན་གཅིག་པའི་མཐུས། ། ས་རྣམས་གཡོས་ཤིང་སྒྲ་རྣམས་བསྒྲགས།། སྣང་བ་འོད་ཀྱིས་གསལ་བར་བྱས།། བྱིན་བརླབས་རྫོགས་ལྡན་རང་བྱུང་གིས།། མ་བྱས་སྒྲུབ་བྲལ་རང་བྱུང་ཚིག། འབྱུང་བའི་སྒྲ་དང་བྲལ་བའི་ཕྱིར། ། གཞི་མ་རིན་ཆེན་སྣ་ལྔ་དང།། མཐིང་ཤོག་སྔོན་མོའི་བྱང་བུ་ལ།། མར་གད་ལྗག་ཁུ་རིན་ཆེན་ལྔ།། རང་ནན་ཡི་གེ་རྒྱ་ཡིས་བཏབ།། རིན་ཆེན་ཤེལ་གྱི་གླེགས་བམ་དུ།། གཏམས་དང་རིན་ཆེན་འཁོར་ལོ་ཡིས། ། ཟ་ཏོག་མཐེབ་གང་ནག་བཙལ་ནས།། ཆོས་ཉིད་ནང་གསལ་ནམ་མཁའ་ལ།། ཉི་མ་སྤྲིན་ལས་ཐར་པ་ལྟར།། འོད་སྣང་སྒྲ་དང་བཅས་ཏེ་བབས།། དེ་ཚེ་རིགས་དྲུག་གནས་སུ་ནི། ཡུན་རིངས་འཁོར་རྣམས་དབུགས་ཕྱུང་སྟེ། འདས་པ་ཉིད་ལ་འཁོད་གྱུར་ཏོ།། སངས་རྒྱས་བྱེ་བ་དུང་ཕྱུར་གྱི།། རང་བྱུང་བྱིན་བརླབས་ཆུ་རྒྱུན་ཏེ། ཆོས་སྐུ་སྤྲོ་བྲལ་ཐུགས་ལ་བབས། འཁོར་བའི་དོང་ནས་འདོན་སླད་དུ།། འགྲོ་བའི་དོན་ལ་འཕྲིན་ལས་བསྐུལ། ། དེ་ཚེ་ཉིད་ཀྱི་རང་བྱུང་འདི།། གསལ་སྣང་འོད་ཀྱི་ནམ་མཁའ་ལ།། མི་ཟད་རིན་ཆེན་རྒྱ་དང་ནི།། མི་ཤིག་རྡོ་རྗེ་རྒྱ་ཡིས་བཏབ།། དེ་ལ་རླུང་གི་འཁོར་ལོ་ཕོག། རླུང་དེ་རེག་པའི་སེམས་ཅན་རྣམས། ། ཡང་དག་ངེས་པའི་ས་ལ་འཁོད། ད་ལྟའི་འཕྲིན་ལས་རང་བྱུང་སྟེ།། ནུས་པའི་མཐུ་དང་རབ་ལྡན་ཡང།། འདི་ལ་ལོངས་པའི་དཔའ་བོ་ཉུང།། དེ་ཚེ་ང་ཉིད་འཕྲིན་ལས་ནི། རྩལ་རྣམས་རྫོགས་པའི་ཏིང་ངེ་འཛིན། དེ་ལ་སྙོམས་པ་ཞུགས་པའི་དུས།། འདས་པའི་དུས་ཀྱི་སངས་རྒྱས་ནི། བྱེ་བ་དགུ་ཁྲི་བསམ་འདས་ཀྱི།། འཁོར་བ་དོང་ཚོགས་དབང་ཡང་བསྐུར།། རྟགས་སུ་རང་བྱུང་ཆེན་པོ་འདིས།། དེ་ཚེ་ང་ཡི་སྤྱི་གཙུག་རྒྱན། ། ཉིད་ཀྱིས་ཀུན་ཏུ་བལྟས་པ་ཡིས།། འཕྲིན་ལས་ཐོགས་མེད་སྐུ་ཡང་ཐོབ།། དེ་དོན་གཞན་གྱིས་བརྗོད་མི་ནུས། ཞེས་བཀའ་སྩལ་ཏོ།། དེ་ནས་རྡོ་རྗེ་སེམས་དཔའ་ཞེས་བྱ་བ། དུས་གསུམ་གྱི་བདེ་བར་གཤེགས་པ་ཐམས་ཅད་ཀྱི་ཐུགས་རྡོ་རྗེའི་ལྟེ་བ་ལས་འཁྲུངས་པ་དེ་ཉིད་གླིང་བཞི་བརྒྱན་པའི་ཞིང་ཁམས་བརྡལ་བ་ཆེན་པོའི་འཕྲིན་ལས་ལ་དབང་བར་མ་བསྐུར་ནས། རང་བྱུང་གི་ཡི་གེ་ཆེན་པོ་རྡོ་རྗེ་སེམས་དཔའི་ཕྱག་མཐིལ་གཡས་སུ་འཕངས་ཏེ། ཅི་ཡང་མི་གསུང་བར་ཞལ་གྱི་དཀྱིལ་འཁོར་སྦས་ཏེ་བཞུགས་སོ།། དེའི་ཚེ་རྡོ་རྗེ་སེམས་དཔས་ཟ་མ་ཏོག་ཞལ་ཕྱེ་སྟེ། བལྟས་པས་ངོ་མཚར་བར་སྣང་ཡང། གསང་བ་ཆེན་པོ་རྡོ་རྗེའི་ཚིག་འདི་ཤིགས་པར་མ་གྱུར་ནས། ། ཐུགས་མཉམ་པར་བཀོད་པའི་མཐུས་གསོལ་བ་བཏབ་པ། ས་གཡོ་བ་ཆེན་པོ་ཡང་བྱུང། སྒྲ་ཆེན་པ་ཡང་གྲག། འོད་ཀྱི་སྣང་བ་ཆེན་པོ་ཡང་བྱུང་སྟེ། བལྟས་པས་རང་བྱུང་གི་ཡི་གེ་ཆེན་པོ་འགྲོ་བ་སོ་སོའི་སྐད་ཀྱི་རིགས་ལྟར་སྣང་བར་གྱུར་ཅིག། ཅེས་ཡང་བྱུང་ངོ། སྒྲ་དེས་ཞིང་ཁམས་འདི་ཉིད་དུ་སྒྲ་རྣམས་ཇི་སྙེད་པའི་སྒྲར་རང་སྣང་བའོ།། སངས་རྒྱས་ཐམས་ཅད་ཀྱི་ཐུགས་གསང་བ་ཆེན་པོའི་རྒྱུད་ལས། ངོ་མཚར་བའི་ལྟས་མཐོང་ཞིང་རྗེས་སུ་བཟུང་བའི་ལེའུ་སྟེ་གཉིས་པའོ།།།། དེ་ནས་སྟོན་པས་ཞལ་གྱི་དཀྱིལ་འཁོར་ཕྱེ་ནས་བཀའ་སྩལ་པ། ཨེ་མ་ཧོ། སངས་རྒྱས་དུས་གསུམ་བཞུགས་པའི་ཐུགས། ། རང་བྱུང་ཆེན་པོའི་ཡི་གེ་འདི།། ཀུན་གྱིས་རྟོགས་པ་མ་ཡིན་ཏེ།། འཇུག་སྒོ་ལམ་ལ་སྦྱངས་པ་ཡང།། འདི་མ་མཏོང་བར་གྲོལ་བ་མེད། འདས་དང་མ་བྱོན་ད་ལྟར་གྱི།། ཡེ་ཤེས་གཉིས་ལྡན་སངས་རྒྱས་རྣམས། ། འདི་དང་མ་འཕྲད་འབྲས་བུ་ནི།། མ་ཐོབ་མི་ཐོབ་ཐོབ་མི་འགྱུར།། བསྟན་པའི་འཇུག་སྒོ་ཕྲག་ཡས་རྣམས།། སྦྱང་བྱ་བློ་ཡིས་རིག་རྩལ་ལས།། མི་ལྡོག་ངེས་པའི་འབྲས་བུ་ལ།། རྡུལ་ཆ་ཙམ་ཡང་རེག་པ་མེད། ། དེ་ཕྱིར་ཞིང་ཁམས་གང་གཞན་དུ།། མྱང་འདས་འབྲས་བུ་སུས་ཐོབ་ཚེ། འདི་དང་འཕྲད་ནས་གྲོལ་བ་ཡིན།། འདི་ཉིད་བསྟན་པའི་ཁ་དོག་ཏུ།། གང་གི་ལུསལ་འཆང་བ་དེའི།། གླེགས་བམ་དེ་ནི་ལན་གསུམ་ང། ། འཕར་ཞིང་རང་འོད་ལྔ་པོ་འབྱུང།། དེ་ཡི་ཚེ་ན་ལན་གསུམ་དུ།། རྡོ་རྗེ་ལྕེ་ཡིས་བཀླག་པར་བྱ།། དེ་ཡང་དེ་དང་སྐལ་བ་མཉམ།། འདི་དང་འཕྲད་བའི་སྐྱེས་བུ་དེ།། རིམ་གྱིས་རྩལ་བ་སྔར་སྦྱངས་ཤིང།། ཚོགས་གཉིས་ཤིང་རྟའི་འཁོར་ལོ་ལྟར། ། ཟུང་འཇུག་ལམ་ཡང་སྔར་སྦྱངས་ཤིང།། བག་ཆགས་ལས་ཀྱི་བལ་གཤམ་བྲེགས།། དེ་ལྟའི་གང་ཟག་དེ་དང་འཕྲད། དེ་ལ་ཡིད་གཉིས་ཐེ་ཚོམ་བྲལ།། དེ་ལྟ་མ་ཡིན་གང་ཟག་རྣམས། ། འདི་དང་གལ་ཏེ་འཕྲད་གྱུར་ཀྱང།། ཡིད་གཉིས་བློ་ཡིས་སྤོང་བར་འགྱུར།། དེ་ཉིད་སྤངས་པའི་སེམས་ཅན་རྣམས། མནར་མེད་གནས་སུ་ཡུན་རིང་གནས།། དེ་ན་རང་བྱུང་ཡི་གེ་འདི།། ངེས་པའི་ཤེས་པར་སྤྱན་པར་བྱ། ། དེ་ལྟར་འཆང་བའི་སེམས་ཀྱི་བུ།། བྱ་བའི་གནད་དང་གྲོལ་བ་ཡི།། རྒྱུད་ཀྱི་འགྲོ་དོན་འདི་ལྟར་བྱ།། རིན་ཆེན་མཐིང་ཤོག་བྱང་བུ་ལ།། བསྟན་པ་གང་འཛིན་དེ་ཡི་ནི།། རིན་ཆེན་སྙིང་པོས་བྲིས་བྱས་ལ། ། མུ་ཏིག་དམར་པོའི་སྣོད་དུ་གཏམ།། དེ་ཡི་ཚད་ནི་སོར་བཞིའོ།། དེ་ཉིད་ལུས་དང་ཡོངས་མི་འབྲལ།། རང་གི་ཕུང་པོ་འདོར་དུས་སུ།། རྣམ་དག་འོད་གསལ་ཞིང་ཁམས་སུ།། འབྲས་བུ་གང་ལ་འོད་ཕྱུང་སྟེ། ། རང་བཞིན་སྤྲུལ་པས་འགྲོ་བ་འདུལ།། དེ་ཉིད་ཤི་འཕོས་མྱ་ངན་འདའ།། ཨེ་མ་ཏོ། འདི་དང་འཕྲད་པའི་སྐལ་ལྡན་དེས།། འགྲོ་བའི་དོན་ཉིད་བྱེད་འདོད་ན།། འདི་བྲིས་གླེགས་བམ་དམ་པ་དེ། ། གང་ཞིག་ཕ་རོལ་འཕོ་བའི་ཚེ།། ཚེ་འདས་དེ་ཡི་སྤྱི་གཙུག་གམ། ལུས་ལ་བཏགས་ཏེ་མེར་སྦྱངས་ན།། འོད་གསལ་ལ་འཕོས་འཇའ་ཡང་འབྱུང།། དྲན་རིག་དབྱིངས་གྲོལ་སྒྲ་ཡང་འབྱུང།། ས་ལམ་ཆིག་ཆོད་ས་ཡང་གཡོ། ། རང་སྣང་རྒྱ་ཡན་སྐུ་ཡང་འབྱུང།། ཐིག་ལེ་མཐར་ཕྱིན་གསུང་ཡང་འབྱུང།། སྤྲུལ་པའི་གཟུགས་སྐུ་ཐོབ་རྟགས་རྣམས།། ཡིད་སྤྱོད་འཛིན་པའི་ཐེག་པ་ལྟར།། སྒྲུབ་པ་མ་ཡིན་བྱས་བྱུང་མིན།། མ་བྱས་ལྷུན་ཡིས་གྲུབ་པའི་དོན། ། རང་བྱུང་འགྲོ་དོན་དེ་ལྟར་བྱ།། ཡི་གེ་མི་སྤེལ་གསང་བར་རིགས། སྤེལ་ན་རང་བྱུང་བཀའ་དང་འགལ།། གསང་ཞིང་ཚིག་ཙམ་ཁར་མི་དབྱུང།། འདི་ཉིད་ལུས་ལ་བཅངས་པ་ན།། དུས་གསུམ་རྒྱལ་བའི་གདུང་ཡང་འཛིན། ། འབྱུང་པའི་སྒྲ་དོན་གོམས་པ་གཅེས།། འདས་དུས་སྐུ་གསུམ་བཞུགས་ལྟངས་ལྟ།། འབྲུ་གཅིག་དཔའ་བོ་ཧཱུ~ཾ་ལ་བསླབ།། མི་རྒྱུད་རང་ཡལ་འདོད་པ་ན།། སྒྲོན་མ་འབར་བའི་འཁོར་ལོ་གཟུང། ། དེ་ལྟར་བྱེད་པའི་སྐལ་ལྡན་བུ།། འབྱུང་བ་རང་ཡལ་འཁོར་བ་གྲོལ།། ལྷག་མ་མེད་པར་ཟག་བཅས་ལུས།། འོད་གསལ་ཉིད་དུ་དྭངས་སྙིགས་ཕྱེད།། དེ་ཕྱིར་གསང་ཆེན་ངེས་པ་ནི།། ཡིད་སྤྱོད་འཛིན་པས་ཁྱད་འཕགས་ཕྱིར། ། མ་སྒྲུབ་སྐུ་ཡང་ལྷུན་གྱིས་གྲུབ།། འབྱུང་བ་ཟད་བའི་ས་ལ་ཕྱིན།། རང་བྱུང་གདོང་མའི་ཀློང་དུ་ཕྱིན།། དེ་ཕྱིར་རང་བྱུང་ཆེན་པོ་ཡི།། གསང་རྒྱུད་འདི་ནི་རབ་དཀོན་ཕྱིར།། ཕལ་པ་འདི་ཉིད་སྣང་བ་མིན། ། སེང་གེ་འགྱིང་འདྲའི་གནས་ཉིད་དུ།། ཐབས་དང་ལྡན་པས་སྦ་བར་བྱ།། ཨེ་ཀ་ནག་མོ་རལ་གཅིག་མ།། བྷ་ལིང་བྱིན་ཏེ་གཉེར་གཏད་བྱ།། ལས་ཅན་འབྱུང་ཕྱིར་བཀའ་ཡང་གྲོལ།། དེ་བྱས་རང་བྱུང་ཆུད་མི་ཟ། ། ཡང་ན་རང་གི་ལུས་དང་འགྲོགས།། སྒྱུ་ལུས་འདོར་ཚེ་སྣོད་ལྡན་བུ།། གཅིག་ལས་གཞན་དུ་སྤེལ་གྱི་བྱ།། རྒྱས་གདབ་འགྲོ་དོན་སྣང་བ་སྦྱིན།། དེས་ཀྱང་བཀའ་བཞིན་རྗེས་སུ་བསྲུངས།། དེ་བས་མང་ན་ཆད་པ་ཆོད། ། འདི་འདྲ་ཞིང་ཁམས་གཞན་ན་མེད།། ཡང་ནས་ཡང་ཞུས་བསྟན་པའི་བཅུད།། ང་ཡི་བཀའ་བཞིན་བསྲུང་ཞེས་པའི།། མགོན་པོའི་ཚོགས་རྣམས་མ་གཡེལ་ཅིག། ཡེ་ཤེས་ལས་ལས་གྲུབ་པ་ཡི།། དུར་ཁྲོད་སྐྱོང་བའི་མཁའ་འགྲོ་མ། ། ཡུད་ཙམ་འདི་དང་མ་བྲལ་ཅིག། དམ་མེད་བདུད་ཆོད་སྲོད་རྩ་ཆོད།། རིགས་ཀྱི་བཀའ་སྡོད་ལྕགས་གདོང་ཅན།། བཀའ་ལོག་སྤྱོད་པའི་སྲོག་རྩ་ཆོད།། སྲུངས་ཤིག་སྐྱོངས་ཤིག་ས་མ་ཡ། ། མ་མ་རུ་ལུ་རུ་ལུ་ཏྲག་ཙ་ཙ་ཙིཏྟ་རུ་དྲ་མར་ཡ་རྦད་བྷྱོ། གཉེར་གཏད་བཅོལ་ལོ།། སངས་རྒྱས་ཐམས་ཅད་ཀྱི་ཐུགས་གསང་བ་ཆེན་པོའི་རྒྱུད་ལས། བྱིན་བརླབས་འགྲོ་དོན་སྣང་བའི་ལེའུ་སྟེ་གསུམ་པའོ། །།། དེ་ནས་འབྱུང་བ་རང་གནད་ཀྱི་དགོངས་པ་བྱིན་བརླབས་རང་བྱུང་དུ་སྣང་བའི་ཚིག། སྤྲུལ་སྐུའི་ས་བོན་འཕེལ་བར་བྱེད་པ།། སྐུ་གསུམ་རང་སྣང་དུ་རྫོགས་པའི་ཐིག་ལེ། ཞིང་ཁམས་ཕྱོགས་མེད་དུ་ལྟ་བའི་མེ་ལོང། ། དྲང་སྣང་རང་ཡུལ་དུ་སྤྱོད་པའི་འཁོར་ལོ།། གདོས་བཅས་འཁྲུལ་པ་འཇིག་པའི་གཟོང་བུ། ས་ལམ་དུས་གཅིག་གཅོད་པའི་རླུང་ཤུགས།། བསྟན་པ་ཆིག་རྫོགས་སུ་བསྟན་པའི་རྩལ་ཆེན། དུས་གསུམ་གྱི་སངས་རྒྱས་རང་བྱུང་གི་ཡི་གེའི་གཟུགས་སུ་སྣང་བ། ། བྱིན་བརླབས་རང་བྱུང་དུ་བབས་པའི་ཚིག་འདི་ལྟ་སྟེ། དྲན་སྣག་ཐམས་ཅད་ཁམས་ལས་བྱུང་བས། ཁམས་རང་ཡལ་ལ་བསླབ་པའི་ཐབས་ཀྱི་རྒྱལ་པོ། དྲན་རིག་ཕྱག་རྒྱའི་ངང་དུ་སྦྱོར་ཅིག། བདེན་པའི་མཐུ་སྨིན་པར་གྱུར་ཅིག། ཨོཾ་ཨཱཿཧཱུ~ཾ། ཆོས་རྣམས་མཉམ་པར་བསྟན་པའི་ཕྱིར།། སརྦ་དྷརྨ་མ་ཨ་སིདྡྷ་ཡེ། བདེ་གཤེགས་དགོངས་པ་བསྟན་པའི་ཕྱིར།། ཏ་ཐཱ་ག་ཏ་དྷརྨཱ་ཀཱ་ཡ། འབྱུང་བ་གནས་སུ་དག་པའི་ཕྱིར།། ཡམ་ཨེ་ར་ཡཾ་ཁཾ་རཾ་སུ་བྷི་ཡཱ། རིག་པ་མངོན་སུམ་བསླབ་པའི་ཕྱིར།། སུ་ཏ་ཨ་བ་དྷརྨཱ་ཧོ།། དགོངས་པ་རང་གནད་དབབ་པའི་ཕྱིར།། ས་མ་ཡ་ཏ་ཀྲ་མ་ཏི། དམ་ཚིག་ཆེན་པོའི་དགོངས་བསྟན་ཕྱིར། ། ཨ་བྷི་སརྦ་མ་ཧཱ་བྷ།། འཁྲུལ་པའི་ངོ་བོ་རང་དག་ཕྱིར།། སརྦ་ཀརྨ་ལོ་ཀི་ཡ།། ཡེ་ཤེས་སྣང་བ་དག་བྱའི་ཕྱིར།། དྷརྨཱ་ཛྙཱ་ན་ཏྲ་དུ་ཡཱ།། སྐྱེ་ཤི་རྩད་ནས་གཅད་པའི་ཕྱིར།། ཀཱ་ཡ་ཝ་ག་ཙིཏྟ་ཨུ་པ་ལི། ། དུག་ལྔ་གནས་སུ་དག་པའི་ཕྱིར། དུ་བ་སི་ཏ་ལོཀཾ། དམ་ཚིག་ཆེན་པོ་གཏན་ལ་དབབ་པའི་ཕྱིར།། ས་མ་ཆ་ཨ་པ་ཧ་ར་ཧེ། རང་བཞིན་མཉམ་པའི་དགོངས་བསྟེན་ཕྱིར།། ལ་ཡ་དྷརྨ་ཨ་ཨ་ཨ། སྤྲོས་བཅས་ཆོས་ཉིད་ལ་བསླབ་ཕྱིར། ། པྲ་བྷ་དྷ་ན་དྷརྨཱ་མ་ཏ་ཡཱ།། ཆོས་རྣམས་སྟོང་པར་མྱང་འདས་ཕྱིར།། སརྦ་དྷརྨཱ་ཨ་ཡ་ཏི།། དགེ་སྡིག་ཐམས་ཅད་ལ་བཟླའི་ཕྱིར།། ཀརྨ་ཐྱ་སརྦ་དུ་ཡཱ+ེ། དབང་པོའི་ཞེན་པ་བཟློག་པའི་ཕྱིར།། ཀརྨ་རག་ཤ་གྷི་ཧང་ཧི། ། ཕུང་པོའི་ཞེན་པ་བཟློག་པའི་ཕྱིར།། བྷེ་ག་ར་ན་སོ་གད་ཀླིང།། ཡུལ་ཀུན་ཞེན་པ་བཟློག་པའི་ཕྱིར།། བྷུ་ག་ར་ལ་བྷ་དུ་ཏྲི།། སེམས་ཀྱི་དངོས་པོ་སྤུར་པའི་ཕྱིར།། རཾ་པ་ཀ་ལས་མི་ཁྱེ།། བྱུང་ཚོར་གནས་སུ་གཅད་པའི་ཕྱིར། ། མ་ཏང་ཕ་ཕེར་རསྨི་ཏི།། འདུས་ཚོགས་སྣང་བ་ངོས་བཟུང་ཕྱིར།། ཁཊ་རེ་ཊ་ས་མིག་རླུང།། རིག་པ་གཅེན་རར་གཞུག་པའི་ཕྱིར།། ཨ་ཀེར་ན་བྷེ་ཙག་ཤ། འཁྲུལ་པའི་རང་རྒྱུད་ཁུང་གཅད་ཕྱིར། ། ཡ་རི་མུ་ཏ་ས་གྷུ་ལི།། རིགས་དྲུག་རིམ་གྱིས་བསྒྲལ་བའི་ཕྱིར།། ཡ་སིང་ར་ཌཱུང་པ་ལ་ཡ།། འཁོར་བ་དོང་ནས་འདོན་པའི་ཕྱིར།། མ་མ་ཀོ་ལིང་ས་མ་ནྟ། ཆོས་ཅན་ཐུར་དུ་གཞུག་པའི་ཕྱིར། ། གྷ་རི་རཾ་པ་པར་མ་ཏི།། རོལ་པའི་བྱུང་ཁུང་སྤུར་བའི་ཕྱིར།། བྷུ་ཧ་སིང་ཧ་ཕ་གྷ་ལ།། ཞེན་པའི་འཕྲེང་ཐག་གཅད་པའི་ཕྱིར།། རི་མ་པི་པི་ཁེ་ཏ་པ།། ལུ་གུ་རྒྱུད་ཨར་ལ་གཏད་པའི་ཕྱིར།། བྷིག་ཁུ་མ་ལ་པ་ཏཾ་གི། ལྷ་ཡི་ཕྱག་རྒྱ་བལྟ་བའི་ཕྱིར།། ས་མ་ཉི་ཝ་དྷེ་ར་པ།། ལྟ་སྒོམ་ལོག་པ་དག་བྱའི་ཕྱིར།། བཛྲ་ས་ཏྭོ་ཏི་ཏོ་མ།། ས་ལམ་དུས་གཅིག་གཅད་པའི་ཕྱིར།། གྷ་བ་པུ་གྷ་རྣ་རྨ་ཡེ། ཡིད་སྤྱོད་ལྟ་བ་ཁུངས་གཅད་ཕྱིར།། རྡརྨཱ་ཨ་ཏོ་ལ་ས་གྷཱུ་ལི། ། སྐུ་གསུམ་ལམ་དུ་བསླང་བའི་ཕྱིར།། རས་མིས་མ་ཁ་རྒད་ཙེ།། སྣང་བ་དངོས་སུ་བླང་བའི་ཕྱིར།། རུ་པས་མི་མི་ཏ་ལམ།། སྒྲ་ཡི་ཞེན་པ་མཐའ་གཅད་ཕྱིར།། ད་ཏིག་བ་ཡང་ཀ་ལི་ས།། བསམ་གཏན་ཆེན་པོའི་ས་ནོན་ཕྱིར། ། གྷ་ཚ་པ་ལ་ས་མི་ཏྲཾ།། འཕྲིན་ལས་མཐའ་རུ་དབྱུང་བའི་ཕྱིར།། ཀརྨ་ཨེ་ཨ་ཨ་ནུ་ས།། སངས་རྒྱས་མངོན་ཞེན་བཟློག་པའི་ཕྱིར།། སང་ཀྲི་མ་མ་ཀྲརྨ་ཏ། རྒྱལ་སྲས་རྣམས་ཀྱི་གནས་བཙལ་ཕྱིར། ། ང་ལ་ཁེ་པ་ཀི་ལིས།། འདི་ཀུན་རང་ཤུག་ཚིག་ཏུ་བྱོན།། སངས་རྒྱས་ཐམས་ཅད་ཀྱི་ཐུགས་གསང་བ། ཆེན་པོའི་རྒྱུད་ལས། ཕྲིན་ལས་འདུལ་ཚིག་རང་སྒྲའི་ལེའུ་སྟེ་བཞི་པའོ།།།། དེ་ནས་ཐུགས་ཀྱི་གསང་བ་ཆེན་པོ་འདི་དག་རང་བྱུང་ངོ། ཨེ་མ་ཀི་རི་ཀི་རི། སྨས་ཏ་བྷ་ལི། ས་མི་ཏ་སུ་རུ་སུ་རུ། ཀུན་དྷ་ལི་མ་སུ། ཨི་ཀ་རི་ལི་བྷ་ཏ་ཡེ། ཙ་ཀ་བྷུ་ལི་ཏ་ལྕ་ཡེ། ས་མུནྟ་ཙརྱ་སུ་གྷ་ཡེ། བྷི་ཏི་ས་མ་ཡ། བྷི་གྷུ་ཡེ། ཀི་རི་དྷ་ཀི་ན། དྷ་པ་མ་ཧཱ་རི་བྷེ། ཧ་ན་པ་ར་ལི་ཧི། ས་ནཾ་ཁ་ར་ཏ་ཀེ་ལན་ན། སཾ་བྷུ་ཏ་མེ་ཀ་ཙ་ར་སྟ། དྷ་པ་སུ་རྒྱ་ཏ་ར་ཨ། མ་ཤ་བ་ར་བྷི་ཧི། ཏིས་གྷུ་ར་ལ། མ་སྨིན་གྷུ་ཏི་ཏ་ཡ་གྷུ་ར། གྷུ་ར་བྷ་ར་ལཾ། ག་ཁ་ལ་ར་ན་ལཾ། ཨི་ཐ་ར་པ་ཏ་ལཾ། སིར་རྣ་བྷེ་ས་ར་ལཾ། པཾ་གེ་ལཾ། ས་སཱ་རི་རཱི་ལི་ལཱི། ཨི་ཨཱི། མ་མཱ། ར་རཱ། འཆང་བ་པོའི་དགོངས་པ་ཐམས་ཅད་རྒྱས་པར་གྱུར་ཅིག། གཟུངས་འདི་གང་ཡང་རུང་བས་བཅང་ན་དུས་མ་ཡིན་པར་འཆི་བ་ཐམས་ཅད་ལས་ལྡོག་པར་འགྱུར་རོ། ། སངས་རྒྱས་པའི་རྟགས་སུ་སྐུ་དང། གདུང་དང། རིང་བསྲེལ་ཡང་འབྱུང་བར་འགྱུར་རོ། སངས་རྒྱས་ཐམས་ཅད་ཀྱི་ཐུགས་གསང་བ་ཆེན་པོའི་རྒྱུད་ལས། གསང་ཚིག་གནད་ཀྱི་ལེའུ་སྟེ་ལྔ་པའོ། །།། དེ་ནས་ཡང་བཀའ་སྩལ་པ། ཨེ་མ་ཧོ། འདི་ལྟར་གསང་བའི་ཡང་གསང་ཉིད།། སྐལ་བ་དམན་པའི་སེམས་ཅན་ལ།། བསྟན་པར་གྱུར་ན་ལུས་དང་ངག། མེ་འབར་ཁ་ནས་ཁྲག་ཏུ་སྐྱུག། ན་རག་ཟུག་རྔུ་ཆེན་པོ་མྱོང།། དུས་གསུམ་སངས་རྒྱས་མཐུ་བསྡོམས་པའི།། འཕྲིན་ལས་གསང་བར་དབང་བསྐུར་བ།། ཀུན་བཟང་ཆོས་སྐུ་མ་རྟོགས་པའི།། དུས་གསུམ་འདུལ་དོན་ཐ་དད་པའི། སངས་རྒྱས་བྱེ་བ་དུང་ཕྱུར་གྱིས། འདི་ཉིད་བསྟན་མ་ནུས་རེ་སྐན།། འདི་འདྲའི་བསྟན་པ་དུས་གསུམ་དུ།། མ་བྱུང་མི་འབྱུང་འབྱུང་མི་འགྱུར།། དེ་ཡི་ཕྱིར་ན་གསང་བ་ཡིན།། རང་བྱུང་ཡི་གེ་སུམ་ཅུ་བརྒྱད།། སྐད་ཀྱི་རིགས་ལྟར་རང་སྣང་ཡང། ། བསྟན་པ་འབྱུང་བྱེད་བསྐལ་པ་དག། བན་བུན་ཕྲག་ཡས་བསམ་ལས་འདས།། ཡོན་ཏན་རྫོགས་པའི་བསྐལ་པ་ནི།། སུམ་ཅུ་བརྒྱད་དུ་སྣང་བ་ལས།། རྒྱུན་ཆད་མ་མངའ་བཀའ་རུ་ཅན། ། ཡུལ་ལ་རྫོགས་ཕྱིར་དེ་ལྟར་རོ།། དེ་ལྟར་རང་བྱུང་གསང་ཚིག་འདི།། བལྟ་བ་འམ་ཀློག་ཚེ་མི་མེད་པར།། བདུད་ཕྱོགས་ནག་པོའི་མི་མིན་དབེན།། དེ་རུ་གསུམ་པོ་ལ་མཆོད་ཅིང།། ས་བདག་གཉན་ལ་བདེན་པ་སྒོ། ། བཀའ་སྲུངས་ཚོགས་དང་གཏོར་མས་བསྐང།། བླ་མ་གསོལ་གདབ་རང་བྱུང་ལ།། ཕྱག་བྱ་ངོ་མཚར་སེམས་ཀྱིས་ལྟ།། ཀློག་པར་བྱ་བའང་དེ་དང་མཚུངས།། འདི་དག་དབེན་པར་བྱ་བ་ཡང།། ཅི་ཡི་ཕྱིར་ན་ལྔ་བརྒྱ་ཡི། ། ཐ་མའི་སེམས་ཅན་ལོག་ལྟ་དང།། ཕྲག་དོག་སྐུར་བའི་སེམས་དང་འགྲོགས།། བསྟན་པ་འདི་ལ་སྐུར་བཏབ་ནས།། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི།། སྐུ་གསུང་ཐུགས་ལ་བརྙས་པར་འགྱུར། ། སྐལ་བ་དམན་པའི་སེམས་ཅན་དེ།། ཟུག་རྔུའི་གནས་ལས་ཐར་ཐབས་མེད།། མི་མིན་ནག་པོའི་སེམས་ལྡན་ཡང།། འདི་ཐོས་ཚེ་ན་གདུག་སེམས་དེ།། མེས་བསྲེགས་རླུང་གིས་འཐོར་ལ་སོགས།། བཟོད་མེད་སྡུག་བསྔལ་ཟིན་པར་འགྱུར། ། དེ་ཕྱིར་མི་དང་མི་མིན་གྱིས།། ཐོས་པའི་ས་རུ་བསྒྲགས་པ་མིན།། དབེན་པ་གསང་བྱ་དེ་བཞིན་ནོ།། བག་ཡོད་དྲན་ལྡན་སེམས་ཀྱིས་ཆོངས།། རླུང་གཡོས་ཆུ་ཟློག་རི་རབ་ནི། ། རྡུལ་ཕྲན་བཞིན་དུ་བསིལ་འགྱུར་ཞིང།། ཉི་ཟླ་ཐང་ལྷུང་བསྐལ་པའི་མེ།། འབར་ཞིང་བསྲེག་པའི་དུས་བྱུང་ཡང།། ཚིག་ཅིང་བྱུང་བ་མ་ཡིན་ནོ།། ཆུ་གོ་མི་གདོན་འཁོར་ལོ་གཟྀར།། རིན་ཆེན་གསང་བ་ཆེན་པོའི་གནས། ། ཟུར་བརྒྱད་འོད་གསལ་འབྱུང་བའི་ལམ།། སྐུ་ཡི་ལམ་དུ་ཨ་ཐམ་མོ།། དེ་ལྟར་འཆང་བ་སེམས་ཀྱི་བུ།། དེ་ལྟར་བྱིན་བརླབས་ཀླུ་ཡིས་གཏེར། ཞེས་གསུངས་སོ།། སངས་རྒྱས་ཐམས་ཅད་ཀྱི་རྒྱུད་གསང་བ་ཆེན་པོའི་རྒྱུད་ལས། བཅང་ཐབས་ཀྱི་ལེའུ་སྟེ་དྲུག་པའོ།།།། དེ་སྐད་ཅེས་བཀའ་སྩལ་བ་དང། དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པ་སངས་རྒྱས་ཐམས་ཅད་དང།། བྱང་ཆུབ་སེམས་དཔའ་དང། སེམས་མ་དང། བཀའ་སྲུངས་རྣལ་འབྱོར་མའི་ཚོགས་དང་བཅས་པ་རབ་ཏུ་དགའ་མགུ་ཡི་རངས་ཏེ། བཅོམ་ལྡན་འདས་རྡོ་རྗེ་འཆང་གིས་གསུངས་པ་ལ་མངོན་པར་བསྟོད་དོ།། སངས་རྒྱས་ཐམས་ཅད་ཀྱི་ཐུགས་གསང་བ་ཆེན་པོའི་རྒྱུད། ཡང་དག་པའྀ་ངང་དུ་རྫོགས་སོ།།།། གཏེར་ནས་གཏེར་དུ་བཙས་པ།། རྒྱ་རྒྱ་རྒྱཿོཾ་ཨཱཿཧཱུ~ཾ།།།། རྒྱ་གར་སྐད་དུ། མ་ཧཱ་སརྦ་ཧྲི་ད་ཡ། བུདྡྷ་ནཱ་མ། མ་ཧཱ་ཀ་ལ་ཏནྟྲ་ནཱ་མ། བོད་སྐད་དུ།། བསྟན་པ་ཐམས་ཅད་ཀྱི་སྙིང་པོ་སེམས་ཅན་ཐམས་ཅད་ལ་སངས་རྒྱས་རང་ཆས་ཆེན་པོར་བཞུགས་པའི་རྒྱུད་ཅེས་བྱ་བ། ། སངས་རྒྱས་འོད་མེད་འགྱུར་བ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན།། ཆོས་ཀྱི་དབྱིངས་སྤྲོས་པ་དང་བྲལ་བའི་ངང་ན།། རང་བྱུང་རིག་པའི་རྒྱལ་པོ་སངས་རྒྱས་འོད་ཕུང་པོ་ཆེན་པོ། ། རྒྱལ་བ་རིགས་ལྔ་དང་འདུ་འབྲལ་མེད་པར་བཞུགས་སོ།། འདི་སྐད་བདག་གིས་བསྟན་པའི་དུས་གཅིག་ན།། མཚན་རྫོགས་རྡོ་རྗེ་འཆང་གི་ཞིང་ཁམས།། འོད་དཔག་མེད་ཀྱི་ཡུལ་རྣམ་པར་གྲོལ་བའི་སངས་རྒྱས་འོད་ཀྱི་ཕུང་པོ་ཆེན་པོ་ཞེས་བྱ་བ་བཞུགས་སོ། ། དེའི་ཚེ་གསང་བའི་བདག་པོས་འདི་སྐད་ཅེས་ཞུས་སོ།། ཀྱེ་ཀྱེ་སངས་རྒྱས་འོད་ཕུང་ཆེན་པོ།། རྒྱན་འོད་ཀྱི་ཕུང་པོ་ཆེན་པོ།། སངས་རྒྱས་ཀྱི་སྐུ་གསུམ་གསུང་དུ་གསོལ། ཅེས་ཞུས་སོ།། རྣམ་པར་གྲོལ་བའི་སངས་རྒྱས་འོད་ཀྱི་ཕུང་པོས་བཀའ་སྩལ་པ།། སངས་རྒྱས་ཆོས་ཀྱི་སྐུ་ནི་རང་གི་སྙིང་གི་དཀྱིལ་ན་བཞུགས་སོ།། ཡེ་ཤེས་ཟང་ཐལ་གྱི་སྐུ་ནི་རང་གི་མིག་གི་དཀྱིལ་ན་བཞུགས་སོ། ། སངས་རྒྱས་ཁྲོ་བོའི་སྐུ་རང་གི་ཀླད་པའི་དཀྱིལ་ན་བཞུགས་སོ།། ཞེས་གསུངས་སོ།། དེ་ནས་སངས་རྒྱས་འོད་ཀྱི་ཕུང་པོས་འདི་སྐད་ཅེས་གསུངས་སོ།། གསང་བའི་བདག་པོ།། རང་གི་སྙིང་གི་དཀྱིལ་ན་སངས་རྒྱས་འོད་ཕུང་ཆེན་པོར་བཞུགས་སོ། ། སངས་རྒྱས་ཆོས་ཀྱི་སྐུ་རྟེན་པ་རང་གི་ལུས་ལ་བརྟེན་ནོ།། བཞུགས་པ་སྙིང་གི་དཀྱིལ་ན་བཞུགས་སོ།། གསལ་བ་རང་གི་མིག་ན་གསལ་ལོ།། རང་གི་སྙིང་གི་ནང་ན་སངས་རྒྱས་བཞུགས་པ་ནི། ། རང་གི་རིག་པ་མ་འགགས་པ་ཝལ་ལེ་བ་འདི་རང་ཡིན་ནོ།། རང་གི་ཤེས་པ་ཝལ་ལེ་བ་འདི་སངས་རྒྱས་ཆོས་ཀྱི་སྐུ་ཡིན་ནོ།། ཡེ་ཤེས་ཟང་ཐལ་རྟེན་པ་རང་གི་མིག་ལ་བརྟེན་ནོ། ། གནས་པ་རང་གི་མིག་གི་འབྲས་བུའི་དཀྱིལ་ན་གནས་སོ།། གསལ་བ་མཐོང་བ་མ་འགགས་པར་གསལ་ལོ།། རང་གི་མིག་གི་འབྲས་བུའི་དཀྱིལ་ན་མཐོངབ་མ་འགགས་པར་ཟང་ཐལ་གསལ་བ་འདི།། སངས་རྒྱས་ཡེ་ཤེས་ཟང་ཐལ་གྱི་སྐུ་ཡིན་ནོ། ། རང་གི་ཀླད་པའི་ནང་ན་སངས་རྒྱས་ཁྲོ་བོའི་སྐུ་ཐམས་ཅད་ཐུགས་རྗེས་འཛིན་བྱེད་ལྕགས་ཀྱུ་དང་བཅས་ནས་བཞུགས་སོ།། རང་གི་ཀླད་པའི་ནང་ཐམས་ཅད་འོད་ལྔ་མེར་རེ་ཡོད་དོ། ། ཞེས་གསུངས་སོ།། དེ་ནས་ཡང་གསང་བའི་བདག་པོས་འདི་སྐད་ཅེས་བཞུས་སོ།། ཀྱེ་ཀྱེ་སངས་རྒྱས་འོད་དཔག་མེད་ཆེན་པོ།། སངས་རྒྱས་ཀྱི་ངོ་བོ་གསུམ་གསུང་དུ་གསོལ།། ཞེས་ཞུས་སོ།། འོད་དཔག་མེད་ཆེན་པོས་བཀའ་སྩལ་པ། ། གསང་བའི་བདག་པོ་སངས་རྒྱས་ཀྱི་ངོ་བོ་རངགི་རིག་པ་སྐྱེ་ཤི་མི་མངའ་བ་འདི་ཡིན་ནོ།། རིག་པའི་ངོ་བོ་མ་འགགས་པར་སལ་ལེ་གསལ་བ་འདི་ཡིན་ནོ།། རིག་པ་མ་འགགས་པར་ཝལ་ལེ་སལ་ལེ་བ་འདི་སངས་རྒྱས་ཡིན་ནོ། ཞེས་གསུངས་སོ།། དེ་ནས་ཡང་གསང་བའི་བདག་པོས་འདི་སྐད་ཅེས་ཞུས་སོ།། ཀྱེ་ཀྱེ་སངས་རྒྱས་ཀྱི་རངལུས་གསུམ་གསུང་དུ་གསོལ།། ཅེས་ཞུས་སོ། ། སངས་རྒྱས་འོད་ཕུང་ཆེན་པོ་བཀའ་སྩལ་པ།། གསང་བའི་བདག་པོ་སངས་རྒྱས་རངགི་ལུས་འོད་ཀྱི་ཕུང་པོ་འདི་ཡིན་ནོ།། འོད་ཁ་དོག་རྣམ་པ་ལྔ་ཕྲ་ལ་དངས་པ།། གསལ་ལ་འཚེར་བ།། རང་བཞིན་གྱིས་བཀྲག་ལ་ཉམ་ང་བ་མེར་མེར་པོར་ཡོད་དོ། ། རང་གི་རིག་པ་འོད་ཀྱི་ཕུང་པོ་ཆེན་པོར་བཞུགས་པ་འདི་ཀ་སངས་རྒྱས་ཀྱི་དགོངས་པ་ཡིན་ནོ།། སངས་རྒྱས་རང་ལུས་འོད་ཀྱི་ཕུང་པོ་ཞེས་བྱ་བའོ།། སངས་རྒྱས་འོད་ཀྱི་ཕུང་པོ་མེད་ན་སྣང་གསལ་གྱི་མཐའ་དགགས་པས། ། མུ་སྟེགས་ཆད་པ་དང་ཁྱད་མེད་དུ་འགྲོ།། རྡོ་རྗེ་འཛིན་པ་སངས་རྒྱས་རང་གི་རིག་པ་མ་འགགས་པར་ས་ལེ་བ་འདི་ཡིན་ནོ།། རང་གི་རིག་པ་འོད་ཀྱི་ཕུང་པོར་ཤེས་པར་གྱིས་ཤིག། ཅེས་གསུངས་སོ།། དེ་ནས་ཡང་གསང་བའི་བདག་པོས་འདི་སྐད་ཅེས་ཞུས་སོ།། ཀྱེ་ཀྱེ་སངས་རྒྱས་འོད་ཕུང་ཆེན་པོ།། སངས་རྒྱས་ཀྱི་མེད་པ་གསུམ་གསུང་དུ་གསོལ།། ཞེས་ཞུས་སོ།། དེ་ནས་སངས་རྒྱས་འོད་ཀྱི་ཕུང་པོས་འདི་སྐད་ཅེས་བཀའ་སྩལ་ཏོ། ། གསང་བའི་བདག་པོ་རང་གི་རིག་པ་ཆོས་ཀྱི་སྐུ་ལ།། རང་གི་རིག་པའི་ངོ་བོས་མ་འགགས་པར་གསལ་བས་སངས་རྒྱས་ཀྱི་དགོངས་པ་ཡིན་ནོ།། རིག་པ་དང་མི་འབྲལ་བས་སྒོམ་དུ་མེད། ། སྐྱེ་ཤི་མེད་པ་ཡིན་ནོ།། སངས་རྒྱས་དགོངས་པ་ལ་སྒོམ་དུ་མེད་པ་ཡིན་ནོ།། སངས་རྒྱས་ཀྱི་དགོང་པ་ངོ་ཤེས་ན་ལས་དང་དགེ་སྡིག་མེད་པ་ཡིན་ནོ།། ཞེས་གསུངས་སོ།། དེ་ནས་ཡང་གསང་བའི་བདག་པོས་འདི་སྐད་ཅེས་ཞུས་སོ། ། ཀྱེ་ཀྱེ་སངས་རྒྱས་འོད་ཕུང་ཆེན་པོ།། སངས་རྒྱས་ཀྱི་ཡོད་པ་གསུམ་གསུང་དུ་གསོལ།། ཞེས་ཞུས་སོ།། འོད་ཕུང་ཆེན་པོས་བཀའ་སྩལ་པ།། སངས་རྒྱས་ཀྱི་ངོ་བོ་རང་གི་རིག་པ་གསལ་སྟོང་དབྱེར་མེད་པར་ཡོད་དོ། ། སངས་རྒྱས་ཀྱི་རང་ལུས་འོད་ཕུང་ཆེན་པོར་ཡོད་དོ།། ཡེ་ཤེས་ཀྱི་སྐུ་ལ་གསལ་འགྲིབ་མེད་པས།། སྐུ་དང་ཡེ་ཤེས་རྒྱུན་ཆད་མེད་པར་ཡོད་དོ།། ཞེས་གསུངས་སོ། ། དེ་ནས་ཡང་གསང་བའི་བདག་པོས་འདི་སྐད་ཅེས་ཞུས་སོ།། ཨེ་མ་ཧོ།། སངས་རྒྱས་འོད་ཕུང་ཆེན་པོ།། སངས་རྒྱས་ཀྱི་གནས་གསུམ་གསུང་དུ་གསོལ།། ཞེས་ཞུས་སོ།། དེ་ནས་སངས་རྒྱས་འོད་ཕུང་ཆེན་པོས་བཀའ་སྩལ་པ། ། གསང་བའི་བདག་པོ་ཁྱོད་ཉོན་ཅིག། སེམས་ཅན་ཐམས་ཅད་ལ་རང་གི་སྙིང་གི་དཀྱིལ་ན།། ཆོས་སྐུ་སྟོང་པ་རིག་པ་སྙིང་པོ་ཅན་དུ་གནས་སོ།། རིག་པ་འོད་ཀྱི་ཁང་པ་ཅན་དུ་གནས་སོ།། འོད་མཐའ་མེད་པའི་ཡུལ་ཅན་དུ་གནས་སོ། ། ཞེས་གསུངས་སོ།། དེ་ནས་ཡང་གསང་བའི་བདག་པོས་འདི་སྐད་ཅེས་ཞུས་སོ།། ཨེ་མ་སངས་རྒྱས་འོད་ཕུང་ཆེན་པོ།། སངས་རྒྱས་ཀྱི་འཆར་ལུགས་གསུམ་གསུང་དུ་གསོལ།། ཞེས་ཞུས་སོ། ། སངས་རྒྱས་འོད་ཕུང་ཆེན་པོས་བཀའ་སྩལ་པ།། རང་རིག་གསལ་སྟོང་དབྱེར་མེད་འོད་ཀྱི་ཕུང་པོ་ཆེན་པོར་བཞུགས་པ་འདི་ལ།། རང་གི་ཤེས་རབ་ཀྱིས་བརྩལ་ཞིང་བརྟགས་ན།། མངོན་རྟགས་ཐམས་ཅད་འཕྲལ་པ་འཆར་རོ། ། རང་གི་མིག་སྲིད་པའི་མེ་ལོང་ལ་བཅུག་ནས་མ་ཡེངས་པར་བལྟས་བལྟས་པས།། སངས་རྒྱས་ཀྱི་ཞིང་ཁམས་རྣམ་པར་དག་པ་མངོན་སུམ་དུ་འཆར་རོ།། མ་རིག་པ་འཁྲུལ་པའི་སྣང་བའི་འགགས་པས་དག་པ་ཡེ་ཤེས་ཀྱི་སྣང་བ་འཆར་རོ། ། ཞེས་བཀའ་སྩལ་ཏོ།། དེ་ནས་གསང་བའི་བདག་པོས་འདི་སྐད་ཅེས་ཞུས་སོ།། ཨེ་མ་སངས་རྒྱས་འོད་ཕུང་ཆེན་པོ། སངས་རྒྱས་ཀྱི་གྲོལ་བ་གསུམ་གསུང་དུ་གསོལ། ། ཞེས་ཞུས་སོ།། བཅོམ་ལྡན་འདས་རྣམ་པར་གྲོལ་བའི་བདེ་བར་གཤེགས་པ་འོད་ཀྱི་ཕུང་པོས་བཀའ་སྩལ་པ།། གསང་བའི་བདག་པོ་ཁྱོད་ཉོན་ཅིག། རིག་པ་སེམས་དང་བྲལ་བས་གཟུང་འཛིན་རྣམ་རྟོག་དང་བྲལ་ལོ། ། རིག་པ་གཅེར་བུ་རུ་ཕྱུང་བས་རང་འོད་ཡུལ་ལ་ཤར་ནས།། ཡུལ་ཡེ་ཤེས་སུ་གྲོལ་ལོ།། ཡེ་ཤེས་ཀྱི་སྐུ་ལ་མཚན་མའི་ཟུངས་མེད་པས་ལས་དགེ་སྡིག་རྣམ་སྨིན་ལས་གྲོལ་ལོ།། ཞེས་བཀའ་སྩལ་ཏོ། ། དེ་ནས་ཡང་གསང་བའི་བདག་པོས་འདི་སྐད་ཅེས་ཞུས་སོ།། སངས་རྒྱས་འོད་ཕུང་ཆེན་པོ།། སངས་རྒྱས་ཀྱི་མི་དགོས་པ་གསུམ་གསུང་དུ་གསོལ།། ཞེས་ཞུས་སོ།། སངས་རྒྱས་ཀྱི་འོད་ཀྱི་ཕུང་པོས་བཀའ་སྩལ་པ། ། སྣང་བ་རང་ལོག་འོང་བས་ལས་ངན་བག་ཆགས་སྦྱང་མི་དགོས།། ཡེ་ཤེས་ཚང་ཁབ་འོང་བས་ཆེད་དུ་སྒོམ་མི་དགོས།། རང་གི་རིག་པ་སྐྱེ་ཤི་མེད་པས་འཁོར་བའི་སྡུག་བསྔལ་སྤང་མི་དགོས།། ཞེས་གསུངས་སོ། ། དེ་ནས་ཡང་གསང་བའི་བདག་པོས་འདི་སྐད་ཅེས་ཞུས་སོ།། ཀྱེ་ཀྱེ་སངས་རྒྱས་འོད་ཀྱི་ཕུང་པོ། སངས་རྒྱས་ཀྱི་དགོས་པ་གསུམ་གསུང་དུ་གསོལ།། ཞེས་ཞུས་སོ།། སངས་རྒྱས་འོད་ཀྱི་ཕུང་པོས་བཀའ་སྩལ་པ། ། རང་གི་རིག་པ་འོད་ཀྱི་ཕུང་པོར་ངོ་ཤེས་དགོས་སོ།། རིག་པ་རང་གི་ངོ་བོ་མ་འགགས་པར་ཝལ་ལེ་ཁྱུག་གེ་གསལ་བའི་འདི་ཀ་སངས་རྒྱས་སུ་ངོ་ཤེས་དགོས་སོ།། སངས་རྒྱས་ཀྱི་སྐུ་ལ་མཚན་མའི་གཟུགས་མེད་པས། ། སངས་རྒྱས་ཀྱི་སྐུ་དང་སངས་རྒྱས་ཀྱི་ཡེ་ཤེས་ཐ་དད་དུ་འཛིན་པའི་རྟོག་པའི་ལས་གྲོལ་ཏེ།། གཅིག་ཏུ་ཤེས་དགོས་སོ།། ཞེས་གསུངས་སོ།། སངས་རྒྱས་རང་ཆས་ཆེན་པོའི་རྒྱུད་ལས་སངས་མངོན་སུམ་དུ་བསྟན་པའི་ལེའུ་སྟེ་དང་པོའོ། ། དེ་ནས་ཡང་གསང་བའི་བདག་པོས་འདི་སྐད་ཅེས་ཞུས་སོ།། ཀྱེ་ཀྱེ་སངས་རྒྱས་འོད་ཀྱི་ཕུང་པོ་ཆེན་པོ།། ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་ཇི་སྙེད་ཅེག་གསུངས་ཀྱང། ། ཆོས་ཐམས་ཅད་ཀྱི་རྩ་བ་གདམས་ངག་ཏུ་འདུས་པས།། གདམས་ངག་ཐམས་ཅད་ཀྱི་དམར་ཐག་གར་བཅད་ཅེས་ཞུས་སོ།། སངས་རྒྱས་འོད་ཀྱི་ཕུང་པོས་བཀའ་སྩལ་བ།། རང་འཆི་བའི་ཚེ་དྲོད་རྐང་མཐིལ་ནས་ཡལ་ནས། ། སྤྱི་བོ་ཚངས་པའི་བུ་ག་ན་ཡར་ལ་འཐོན།། སེམས་གློ་བའི་ནང་ནས་འཐོན་ནས་དབུགས་སྣ་སྒོར་ཆད།། སངས་རྒྱས་སྙིང་གི་ནང་ནས་འཐོན་མིག་ན་ཡར་ལ་བྱོན་པའི་དུས་སུ།། འཁོར་བ་རུ་བཟློག་ནས་སྣང་སྲིད་ཐམས་ཅད་འོད་ཀྱི་སྐུ་རུ་འཆར་རོ། ། སྣང་སྲིད་འོད་དང་སྐུ་རུ་ཤར་བ་དེ། རང་གི་རིག་པའི་ཤར་ལུགས་སམ།། རང་སྣང་སམ། རང་གདངས་རང་ལ་ཤར་བ་ཤེས་པས།། རང་འོད་སྐུ་དང་གཉིས་སུ་མེད་པར་ཐིམ་ནས་སངས་རྒྱས་པས། ། གདམས་ངག་གི་དམར་ཐག་སྣང་སྲིད་ཐམས་ཅད་འོད་དང་སྐུ་རུ་ཤར་བའི་དུས་སུ་བཅད་དོ།། ཞེས་གསུངས་སོ།། དེ་ནས་གསང་བའི་བདག་པོས་འདི་སྐད་ཅེས་ཞུས་སོ། ། ཨེ་མཧོ། སངས་རྒྱས་འོད་ཀྱི་ཕུང་པོ་ཆེན་པོ།། གདམས་ངག་དེ་དག་ནམ་དགོས་ན་བདག་འཆི་འབི་དུས་སུ་དགོས་པས།། བདག་འཆི་བའི་དུས་ཀྱི་དམར་ཐག་གར་བཅད་ཅེས་ཞུས་སོ།། སངས་རྒྱས་འོད་ཕུང་ཆེན་པོས་བཀའ་སྩལ་པ། ། གསང་བའི་བདག་པོ་འཆི་བ་ལ་འཆི་ལུགས་རྣམ་པ་གཉིས་ཡིན་ནོ།། ཀུན་ཏུ་བཟང་མོའི་ངང་དུ་འཆི་བ་དང།། ཀུན་ཏུ་བཟང་པོའི་ངང་དུ་འཆི་བའོ།། ཀུན་ཏུ་བཟང་མོའི་ངང་དུ་འཆི་བ་ནི། ། ནང་སྲོག་པ་རྩལ་འདུས་ནས་འཆི་བ་ཡིན་པས།། ན་ཚ་ཟུགས་གཟེར་མེད་པར་ཉལ་ཏེ་འཆིའོ།། ཀུན་ཏུ་བཟང་པོའི་ངང་དུ་འཆི་བ་ནི།། ནད་ཐམས་ཅད་སྙིང་ལ་འདུས་ནས་འཆི་བ་ཡིན་པས།། ན་ཚ་ཟུག་གཟེར་ཤིན་ཏུ་ཆེ་བ་ཡིན་ནོ། ། ན་ཚ་ཟུག་གཟེར་ལྷག་པ་རེ་ལ་རྟོགས་པའི་ཤེས་རབ་ལྷག་པར་སྐྱེ་བས།། བདག་འཆི་བའི་དུས་སུ་དམར་ཐག་ཀུན་ཏུ་བཟང་པོའི་ངང་དུ་འཆི་བ་ལ་ཐག་བཅད་དོ།། ཞེས་གསུངས་སོ།། དེ་ནས་ཡང་གསང་བའི་བདག་པོས་འདི་སྐད་ཅེས་ཞུས་སོ། ། ཨེ་མ་ཧོ།། སངས་རྒྱས་འོད་ཀྱི་ཕུང་པོ།། ཤི་ནས་གདམས་ངག་ཐེབས་པ་གཅིག་སངས་རྒྱ་བས།། བདག་སངས་རྒྱ་བའི་དམར་ཐག་གར་བཅད་ཅེས་ཞུས་སོ།། དེ་ནས་སངས་རྒྱས་འོད་ཀྱི་ཕུང་པོས་བཀའ་སྩལ་པ། ། གསང་བའི་བདག་པོ།། སངས་རྒྱས་ལ་གཉིས་ཡིན་ནོ།། ཆོས་ཉིད་མ་དང་ཕྲད་པ་དང།། ཡེ་ཤེས་རང་ས་ཟིན་པའོ།། ཆོས་ཉིད་མ་དང་ཕྲད་པ་ནི།། འཁྲུལ་སྣང་འགགས་ནས་དག་དངུལ་དཀར་གྱི་ཡང་ཞུན་ནམ། ། མེ་ལོང་གཡའ་དག་པ་འམ།། ནམ་མཁའ་རྣམ་པར་དག་པ་ལྟ་བུར་དོན་ཆོས་ཉིད་དག་པ་ཡིན་ནོ།། སྣང་འཆར་བ་ཡིན་ནོ།། ཡེ་ཤེས་རང་ས་ཟིན་པ་ནི་འོད་ལྔ་ངོ་ཤེས་རང་འོད་ཀྱི་སྣང་བ་ལ་གཉིས་སུ་མེད་པར་ཐིམ་ནས་སངས་རྒྱས་པས། ། བདག་སངས་རྒྱ་བའི་དམར་ཐག་ཆོས་ཉིད་མ་དང་ཕྲད་པའི་དུས་སུ་བཅད་དོ།། ཞེས་གསུངས་སོ།། སངས་རྒྱས་རང་ཆས་ཀྱི་རྒྱུད་ལས། ། དམར་ཐག་བཅད་པའི་ལེའུ་སྟེ་གཉིས་པའོ།། དེ་ནས་ཡང་གསང་བའི་བདག་པོས་འདི་སྐད་ཅེས་ཞུས་སོ།། ཀྱེ་ཀྱེ། སངས་རྒྱས་འོད་ཀྱི་ཕུང་པོ།། སངས་རྒྱས་ཀྱི་མཚན་ལྔ་གསུང་དུ་གསོལ།། ཞེས་ཞུས་སོ། ། སངས་རྒྱས་འོད་ཀྱི་ཕུང་པོས་བཀའ་སྩལ་པ།། གསང་བའི་བདག་པོ།། སངས་རྒྱས་འོད་ཀྱི་ཕུང་པོའི་མཚན་ལྔ་ནི།། ཡང་དག་པར་རྫོགས་པའི་སངས་རྒྱས་ཆོས་སྐུ་ཐིག། ཉག་གཅིག་སེམས་འཕྲུལ་རྟོག་དང་བྲལ་བ་དང། ། ཐོག་མའི་སངས་རྒྱས་པ་ལ་རྩལ་ཤར་བས།། འོད་མི་འགྱུར་བ་དང་རིག་པ་འཛིན་ཆགས་དང་བྲལ་བ།། ཀུན་ཏུ་བཟང་པོ་དང།། སངས་རྒྱས་འགྲེས་རྒུད་མི་མངའ་བ།། གཞོན་ནུ་བུམ་པའི་སྐུ་དང། ། རང་བཞིན་ལྷུན་རྒྱུ་རྐྱེན་དང་བྲལ་བ་བྱེད་མཁན་མེད་པ་གྱིས་གྲུབ་པའི་སངས་རྒྱས་དང་ལྔ་ཡིན་ནོ།། ཀྱེ་རྡོ་རྗེ་འཛིན་པ་ཁྱོད་ཉོན་ཅིག། རང་གི་ཤེས་རིག་གི་ངོ་བོ་འདི་དངོས་པོ་དང་ཁ་དོག་གང་ཡང་མ་གྲུབ་པར། ། སྟོང་སང་ངེར་འདུག་པ་འདི་ཀ་ཆོས་ཉིད་ཀུན་ཏུ་བཟང་མོ་ཡིན་ནོ།། སྟོང་པ་བརྡོ་ཙ་ན་སྟོང་པ་བྱང་ཆུབ་དུ་མ་སོང་བར།། རང་གི་ཤེས་རིག་ཝལ་ལེ་གསལ་བ་འདི་ཀ་རིག་པ་ཀུན་ཏུ་བཟང་པོ་ཡིན་ནོ། ། རང་གི་རིག་པ་ངོ་བོ་སྟོང་པ་དང་ཤེས་རིག་མ་འགགས་པར་གསལ་བ་དབྱེར་མེད་དུ་འདུག་པའི་འདི་ཀ་ཡང་དག་པར་རྫོགས་པའི་སངས་རྒྱས་ཉག་གཅིག་ཡིན་ནོ།། རང་གི་རིག་པ་གསལ་སྟོང་དབྱེར་མེད་འདི་ཀ་སངས་རྒྱས་ཉག་གཅིག་ཏུ་ཤེས་པར་གྱིས་ཤིག། རང་གི་རིག་པ་མ་འགགས་པར་ས་ལེ་གསལ་བ་འདི་ཀ་རིག་པ་ཀུན་ཏུ་བཟང་པོ་ཡིན་ནོ།། གསང་བའི་བདག་པོ་རང་གི་རིག་པ་འགགས་མེད་དུ་འཆར་བ་འདི་ཀ་སངས་རྒྱས་ཀུན་ཏུ་བཟང་པོར་ཤེས་པར་གྱིས་ཤིག། རང་གི་རིག་པ་འོད་ཀྱི་ཕུང་པོར་བཞུགས་པས།། འདི་ལ་སྐྱེ་ཤི་མེད་པས་སངས་རྒྱས་འོད་མི་འགྱུར་བ་ཡིན་ནོ།། རིགས་ཀྱི་བུ་རང་གི་རིག་པ་འོད་དུ་འབར་བ་འདི། ། སངས་རྒྱས་འོད་མི་འགྱུར་བ་ཡིན་པར་ཤེས་པར་བྱའོ།། རང་གི་སྙིང་གི་ནང་ན།། རང་གི་རིག་པ་འོད་ཀྱི་ཕུང་པོར་བཞུགས་པ་དེ་སངས་རྒྱས་ཡིན་ནོ།། རང་གི་རིག་པ་འོད་ཀྱི་ཕུང་པོ་ལ་སྐྱེ་ཤི་མེད་པས་གཞོན་ནུ་ཡིན་ནོ། ། བུམ་པའི་ནང་དུ་མར་མེ་བཏང་བ་བཞིན་སྙིང་གི་དཀྱིལ་ན་རང་གི་རིག་པ་འོད་ཀྱི་ཕུང་པོ་ཆེན་པོ་གསལ་ལ་རྟོག་པ་མེད་པར་བཞུགས་པ་དེ་བུམ་པའི་སྐུ་ཡིན་ནོ།། རིགས་ཀྱི་བུ་རང་གི་སྙིང་གི་དཀྱིལ་ན། ། སངས་རྒྱས་འོད་ཀྱི་ཕུང་པོ་བུམ་པའི་ནང་གི་མར་མེ་བཞིན་ཡོད་པ་དེ་སངས་རྒྱས་གཞོན་ནུ་བུམ་པའི་སྐུ་རུ་ཤེས་པར་གྱིས་ཤིག། སངས་རྒྱས་ཆོས་ཀྱི་སྐུ་རྟེན་པ་རང་གི་ལུས་ལ་བརྟེན་ནས་ཡོད་དོ།། བཞུགས་པ་རང་གི་སྙིང་གི་དཀྱིལ་ན་བཞུགས་སོ། ། གསལ་བ་རང་གི་མིག་ན་ཕར་ལ་གསལ་བས།། རང་བཞིན་ལྷུན་གྱིས་གྲུབ་པའི་སངས་རྒྱས་ཡིན་ནོ།། གསང་བའི་བདག་པོ་རྡོ་རྗེ་འཛིན་པ་ཆེན་པོ།། རང་གི་མིག་གི་འབྲས་བུའི་དཀྱིལ་ན། ། མཐོང་བ་མ་འགགས་པར་གསལ་བ་འདི་ཀ་རང་བཞིན་ལྷུན་གྱིས་གྲུབ་པའི་སངས་རྒྱས་ཡིན་ནོ།། དེ་ངོ་ཤེས་པར་གྱིས་ཤིག་ཅེས་བཀའ་སྩལ་ཏོ།། ཀྱེ་གསང་བའི་བདག་པོ་སངས་རྒྱས་ཆོས་ཀྱི་སྐུ་ནི། ། ངོ་བོ་རང་བཞིན་ཐུགས་རྗེ་གསུམ་དུ་བཞུགས་སོ།། ངོ་བོ་ནི་རང་གི་ཤེས་རིག་ངོ་བོ་སང་ངེ་བསལལེ་བ་འདི་ཀ་སངས་རྒྱས་ཀྱི་ངོ་བོ་ཡིན་ནོ།། རང་གི་རིག་པ་རང་བཞིན་འོད་ཀྱི་ཕུང་པོར་བཞུགས་པ་ཡིན་ནོ། ། ཐུགས་རྗེ་ནི་འོད་ལྔའི་སྦུགས་ན་སངས་རྒྱས་རིགས་ལྔའི་སྐུ་བཞུགས་པ་ཡིན་ནོ།། ངོ་བོ་རང་བཞིན་ཐུགས་རྗེ་གསུམ་དུ་འདུ་འབྲལ་མེད་པར་སྙིང་གི་དཀྱིལ་ན་བཞུགས་སོ།། དེ་ངོ་ཤེས་པར་གྱིས་ཤིག། ཅེས་བཀའ་སྩལ་ཏོ།། སངས་རྒྱས་རང་ཆས་ཀྱི་རྒྱུད་ལས།། བདེ་བར་གཤེགས་པའི་མཚན་བསྟན་པའི་ལེའུ་སྟེ་གསུམ་པའོ།།།། དེ་ནས་ཡང་གསང་བའི་བདག་པོ་རྡོ་རྗེ་འཛིན་པ་ཆེན་པོ་དེས་འདི་སྐད་ཅེས་ཞུས་སོ། ། ཨེ་མ་ཧོ། སངས་རྒྱས་འོད་ཕུང་ཆེན་པོ།། མ་རིག་པའི་སེམས་རྣམ་པར་གྲོལ་བའི་ཡེ་ཤེས་འོད་ཀྱི་ཕུང་པོ་ཇི་ལྟར་གྲོལ།། ཅེས་ཞུས་སོ།། དེ་ནས་རྣམ་པར་གྲོལ་བའི་ཡེ་ཤེས་འོད་ཀྱི་ཕུང་པོས་བཀའ་སྩལ་པ། ། གསང་བའི་བདག་པོ་ཁྱོད་ཉོན་ཅིག། རྣམ་པར་གྲོལ་བའི་ཡེ་ཤེས་འོད་ཀྱི་ཕུང་པོར་གྲོལ་བ་ལ་གསུམ་ཡིན་ནོ། འཇུག་པ་དང།། གྲོལ་བ་དང།། མཐར་ཕྱིན་པའོ།། འཇུག་པ་ལ་གཉིས་ཏེ།། འོད་རང་གི་རིག་པ་ལ་ཚུར་འཇུག་པ་དང། ། རང་གི་རིག་པ་འོད་ལ་ཕར་འཇུག་པའོ།། འོད་རང་གི་རིག་པ་ལ་ཚུར་འཇུག་པ་ནི།། འཁྲུལ་པའི་སྣང་བ་འགགས་པ་དང།། སངས་རྒྱས་ཀྱི་ཞིང་ཁམས་རྣམ་པར་དག་པ།། ཕྲ་ལ་དྭངས་པ། ། གསལ་ལ་འཚེར་བ།། རང་བཞིན་གྱིས་བཀྲག་ལ་ཉམ་ང་བ།། མེར་མེར་སྣང་བ་ཐམས་ཅད་སྐུ་དང་ཡེ་ཤེས་སུ་འཆར་རོ།། གསང་བའི་བདག་པོ་དེ་ནི་འོད་རང་གི་རིག་པ་ལ་ཚུར་འཇུག་པ་ཡིན་ནོ།། རང་གི་རིག་པ་འོད་ལ་ཕར་འཇུག་པ་ནི། ། སྣང་བ་འོད་ཀྱི་སྐུ་རུ་ཕར་ཤར་བ་དེ།། རང་གི་རིག་པའི་རང་མདངས་རང་ལ་ཤར་བར་ངོ་ཤེས་པས་རང་གི་འོད་དེ་སྐུ་ལ་ཐིམ་ནས་སངས་རྒྱའོ།། དེ་རང་གི་རིག་པ་འོད་ལ་ཕར་འཇུག་པ་ཡིན་ནོ། ། རྡོ་རྗེ་འཛིན་པ་རང་གི་རིག་པ་རང་གདངས་ཡེ་ཤེས།། ཡེ་ནས་རང་བཞིན་གྱིས་འོད་གསལ་བར་བཞུགས་པ་ཡིན་པས།། རང་གི་རིག་པའི་རང་འོད་རང་གིས་ངོ་ཤེས་པར་བྱའོ།། རང་ངོ་ཤེས་ནས་རིག་པ་འོད་ལ་འཇུག་པ་ཡིན་ནོ། ། རིག་པ་འོད་ལ་ཞུགས་པས་རྣམ་པར་གྲོལ་བའི་ཡེ་ཤེས་སངས་རྒྱས་འོད་ཀྱི་ཕུངཔོར་སངས་རྒྱའོ།། ཀྱེ་རྡོ་རྗེ་འཛིན་པ་རང་ཆས་ཆེན་པོ་དེ་ནི།། འདས་པ་དང་མ་འོངས་པས་ཀྱང་བསྟན་པར་མི་ནུས་སོ། ། ཞེས་བཀའ་སྩལ་ཏོ།། དེ་ནས་གསང་བའི་བདག་པོས་བསྐོར་བ་ལན་གསུམ་བྱས་ནས།། ཨེ་མ་ཧོ། རྣམ་པར་གྲོལ་བའི་སངས་རྒྱས་བདེ་བར་གཤེགས་པ་འོད་ཀྱི་ཕུང་པོ།། སེམས་ཅན་མ་རིག་པའི་མུན་པ་བསལ་ལོ། ། རང་གི་དོན་ཆེན་པོ་རངགི་རྙེད་དོ།། དག་པའི་སྣང་བ་ཤེས་པས་འཁྲུས་པའི་རྩ་བ་ཆོད་དོ།། འཁྲུལ་པའི་རྩ་བ་ཆོས་པས་རང་གི་ཡེ་ཤེས་རངས་ཟིན་ནོ།། ཡེ་ཤེས་རང་ས་ཟིན་པས་ལས་ངན་པ་དང་བག་ཆགས་ཐམས་ཅད་སྦྱང་མི་དགོས་པར་རང་དག། ཅེས་གསང་བའི་བདག་པོས་གསོལ་ཏོ།། དེ་ནས་རྣམ་པར་གྲོལ་བའི་བདེ་བར་གཤེགས་པས་འདི་སྐད་ཅེས་བཀའ་སྩལ་ཏོ།། གསང་བའི་བདག་པོ་ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་ཀྱིས་ཀྱང་དོན་ཆེན་པོ་དེ་ཅམ་མཚོན་མི་ནུས་སོ། ། ཞེས་བཀའ་སྩལ་ཏོ།། དེ་ནས་རྣམ་པར་གྲོལ་བ་འོད་ཀྱི་ཕུངཔོས་འདི་སྐད་ཅེས་བཀའ་སྩལ་ཏོ།། གསང་བའི་བདག་པོ་གྲོལ་བ་གསུམ་ཡིན་ནོ། ། ཤ་ཁྲག་གི་ལུས་རིན་པོ་ཆེ་འོད་འབར་བའི་སྐུ་ལྔ་ཚོམ་བུའི་དཀྱིལ་འཁོར་དུ་གྲོལ་ལོ།། སེམས་རྟོག་བཅས་ཡེ་ཤེས་མི་རྟོག་པར་གྲོལ་ལོ།། ཡུལ་ས་རྡོ་རི་བྲག་ཆོས་ཉིད་སྟོང་པ་ཉིད་དུ་གྲོལ་ནས། ། སྣང་འོད་ཀྱི་དཀྱིལ་འཁོར་དུ་གྲོལ་ཞིང་ཤར་རོ།། རྡོ་རྗེ་འཛིན་པ་མཐར་ཕྱིན་པ་ལ་གཉིས་ཡིན་ནོ།། མངོན་པར་ཤེས་བ་དྲུག་རང་བྱུང་དུ་ཤར་བས།། སེམས་ཉིད་ཐུགས་རྗེ་མ་འགགས་པར་འགྲོ་བའི་དོན་མཐར་ཕྱིན་ནོ། ། སྣང་བ་རིག་པའི་ངང་དུ་ཐིམ་པས།། རིག་པ་ཀ་དག་གི་ས་ལ་རང་ས་ཟིན་ནས་མཐར་ཕྱིན་ནོ།། ཞེས་རྣམ་པར་གྲོལ་གྲོལ་བའི་འོད་ཀྱི་ཕུང་པོས་བཀའ་སྩལ་ཏོ།། སངས་རྒྱས་རང་ཆས་ཀྱི་རྒྱུད་ལས། ། གྲོལ་ཚུལ་བསྟན་པའི་ལེའུ་སྟེ་བཞི་པའོ།། དེ་ནས་ཡང་གསང་བའི་བདག་པོས་འདི་སྐད་ཅེས་ཞུས་སོ།། ཨེ་མ་གོ། གསང་བའི་ཡེ་ཤེས་རང་ལ་སྟོན་པའི་སངས་རྒྱས་འོད་ཕུང་ཆེན་པོ།། སངས་རྒྱས་ཀྱི་མིན་པ་གསུམ་གསུང་དུ་གསོལ། ། ཅེས་ཞུས་སོ།། དེ་ནས་ཡང་བདེ་བར་གཤེགས་པ་འོད་ཀྱི་ཕུང་པོས་བཀའ་སྩལ་པ། རྡོ་རྗེ་འཛིན་པ་ཆེན་པོ་བྱས་པའི་ཆོས་ཀྱིས་སངས་རྒྱས་ཐོབ་པ་མིན་ནོ།། སངས་རྒྱས་འདུས་མ་བྱས་ཡིན་པས། ། བྱས་པའི་ཆོས་ཀྱིས་སངས་རྒྱ་ན་བྱས་པའི་ཆོས་ཅན་འཇིག་པས་ན་སངས་རྒྱས་མིན་ནོ།། སངས་རྒྱས་ཀྱི་སྐུ་ལ་སྐྱེ་ཤི་མེད་པས་འདུས་བྱས་མིན་ནོ།། ཞེས་བཀའ་སྩལ་ཏོ།། དེ་ནས་ཡང་གསང་བའི་བདག་པོས་འདི་སྐད་ཅེས་ཞུས་སོ། ། ཀྱེ་ཀྱེ་སངས་རྒྱས་འོད་ཕུང་ཆེན་པོ།། སངས་རྒྱས་ཀྱི་ཡིན་པ་གསུམ་གསུང་དུ་གསོལ།། ཅེས་ཞུས་སོ།། དེ་ནས་རྣམ་པར་གྲོལ་བའི་སངས་རྒྱས་འོད་ཀྱི་ཕུང་པོས་འདི་སྐད་ཅེས་བཀའ་སྩལ་ཏོ། ཐ་མག་ཧྱ་ཧཱ། ཁཐམཱཧྱརྠཧྱག་ཐ་ཝཊཉཽ྅སྱབྱ། རྒྱ་གར་སྐད་དུ། སརྦ་བུད་དྷ་ཏི་ཤ་ཨ་ཀཾ་ཨ་གྲ་རནྟ་ཀུ་ལི་ནཱ་མ། བོད་སྐད་དུ། སངས་རྒྱས་ཐམས་ཅད་ཀྱི་བསྟན་པ་གཞིའི་རྒྱུད་མཆོག་རིན་ཆེན་སྤུངས་པ་ཞེས་བྱ་བ། ཐམས་ཅད་མཁྱེན་པའི་སྟོན་པ་ཐུབ་པའི་དབང་པོ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་བྱ་རྒོད་ཕུང་པོའི་རི་ལ་འདུས་པའི་འཁོར་རྣམ་བཞི་དང་ཐབས་ཅིག་ཏུ་བཞུགས་སོ། ། དེའི་ཚེ་འཇིག་རྟེན་མགོན་པོ་ཡི།། སྐུ་གསུང་ཐུགས་ལས་འོད་ཟེར་ནི།། སྟོང་གསུམ་མི་མཇེད་འཇིག་རྟེན་ཁམས། ། ཚངས་པའི་གནས་ནི་མན་ཆད་རྣམས།། འོད་ཀྱིས་ཁེངས་ཤིང་གཡོས་པ་ཡིས།། མི་ཤེས་མུན་པ་འཐིབས་པའི་ཚོགས།། སྒྲིབ་པའི་ཉོན་མོངས་མཐའ་ནས་སངས། ། པདྨ་གསུམ་གྱིས་སྤྲོ་བ་སྐྱེད།། བཏང་སྙོམས་ཞུ་སྒོ་མ་ཕྱེད་པའི།། བདེ་གསལ་མདངས་དང་ལྡན་པར་གྱུར།། དེ་ཉིད་ལྷ་དབང་ཚངས་པས་དྲན།། འཇིག་རྟེན་མགོན་པོའི་དྲུང་དུ་ལྷགས། ། གསེར་ལས་ལོགས་གྲུབ་དགྱེས་པར་མཛད།། མ་དག་པ་ཡི་འཇིག་རྟེན་དུ།། དག་པ་ཡེ་ཤེས་སྒོ་ཕྱེ་ལ།། མུན་པའི་མདངས་སོལ་སྒྲོན་མེ་སྤོར།། སྡུག་བསྔལ་ནད་སེལ་བདུད་རྩི་ཕོབ། ། དཔའ་བོ་གཡུལ་ལས་རྒྱལ་བ་ཡི།། ཕྱོགས་བཅུར་ཆོས་ཀྱི་རྔ་སྒྲ་སྒྲོགས།། དགའ་མགུ་རངས་པའི་བསམ་པ་ཅན།། བསྟན་པའི་མངའ་བདག་སྟོན་པ་པོ། ། ཐམས་ཅད་མཁྱེན་པ་དུས་འདིར་བྱོན།། རྐང་གཉིས་གཙོ་བོ་ཁྱོད་མཁྱེན་ནོ།། ཞེས་པའི་ཟབ་ཞི་བསྐུལ་བ་དང།། དེ་ནས་བཅོམ་ལྡན་འཛུམ་པ་མཛད།། འདུས་པའི་འཁོར་གྱི་ནང་ནས་སུ། ། ཐུགས་རྗེ་ལས་བྱུང་ཤཱ་རིའི་བུ།། སྐར་མ་ཟླ་བའི་འོད་ཅན་གྱིས།། མཆོད་བྱས་བླ་གོས་ཕྲག་པར་གཟར།། པུས་བཙུགས་ཐལ་སྦྱར་འདི་སྐད་གསོལ།། མགོན་པོ་བཅོམ་ལྡན་ལྷ་ཡི་ལྷ།། དྲི་མེད་ཟླ་ཞལ་གསེར་མདོག་ཅན། ། རྡུལ་བྲལ་ཁྱོད་འདྲ་གཞན་མ་མཆིས།། མཉམ་མེད་མཁྱེན་ཆེན་རྫོགས་སངས་རྒྱས།། མི་མཆོག་རྐང་གཉིས་དམ་པ་ཁྱོད།། ཀུན་ལ་ཁྱབ་པའི་དེ་བཞིན་ཉིད།། རབ་རིབ་མིག་ལ་མ་གསལ་བའི། ། གཟུགས་གཉིས་མཐོང་བའི་སྒྲིབ་གཉིས་ཅན།། མཁྱེན་བརྩེའི་ཐུར་མས་ལིང་ཏོག་བསལ།། སྣ་ཚོགས་ཚུལ་གཅིག་བསྟན་པ་ལ།། ཡེ་ཤེས་མིག་ཕྱེ་དཀྱིལ་འཁོར་སྟོན།། ཅེས་གསོལ། ལྷན་ཅིག་རིགས་དང་ལྡན་པ་རྣམས། ། ལྟས་དང་ངོ་མཚར་ཆོ་འཕྲུལ་ལ།། སོམ་ཉི་མ་མཆིས་ཡིད་ཆེས་པའི།། བདེ་གཤེགས་སློབ་མར་གྱུར་པ་ཡི།། འཇིག་རྟེན་ཁམས་གནས་གང་སུ་དག། སྒོ་གསུམ་རྩེ་གཅིག་འདུད་བྱས་པས།། ལྷ་དང་མི་ཡི་གདན་ཁྲི་ལ། ། རང་རང་མདུན་ན་ཐུབ་པ་བཞུགས།། སོ་སོའི་སྐད་དུ་ཚངས་པའི་གསུང།། སྲིད་གསུམ་དགའ་བ་ཆེན་པོ་པ།། སྤྲིན་དཀར་དག་པ་བཞིན་དུ་དཀར།། དྲན་པ་བཞི་པོ་ཏིང་འཛིན་རྒྱལ།། བྱང་ཆུབ་ཡན་ལག་མེ་ཏོག་སྤོས། ། སྐལ་ལྡན་བུང་བ་བཅུད་ཀྱིས་ཚིམ།། དེ་ནས་ལྷ་མི་འདུལ་བ་འཛིན།། མ་མོའི་སྡེ་ལས་ལེགས་འོངས་རྩལ།། ཟས་གཙང་མི་ཡི་དབང་པོའི་ཚོགས།། དགྲ་བཅོམ་ནང་གི་མཆོག་རྣམས་པ། ། བསྟན་པ་མ་སྙིངས་རྒྱུད་མཆོག་འཁྲུངས།། སོ་སོའི་བློ་དང་འཚམ་པ་ཡི།། ཐེག་པ་སྣ་ཚོགས་ཚུལ་གཅིག་པའི།། བརྒྱད་ཁྲི་བཞི་སྟོང་གྲངས་སྙེད་ཀྱང།། རྒྱུ་དང་འབྲས་བུའི་ཁྱད་པར་ལས།། ཚུལ་གསུམ་དོན་གྱི་སྙིང་པོ་གཅིག། གཞི་ལམ་འབྲས་བུའི་རྒྱུད་མཆོག་འདི།། སྡེ་སྣོད་བསྟན་པའི་གཞི་མ་ཡིན།། ནམ་མཁའ་ལྟ་བུའི་ཐུགས་རྗེ་ཡིས།། བསྟན་པ་ཉི་མའི་འོད་ཟེར་གྱིས།། ཀུན་གྱི་མུན་པ་སེལ་བྱས་ཀྱང། ། མི་ཁོམ་བརྒྱད་ཀྱིས་འགྲོ་བ་མནར།། རྒྱུ་དང་རྐྱེན་གཉིས་མ་དག་པས།། བསྟན་པའི་མཆོད་སྦྱིན་མི་སྣང་བར།། དེ་ཉིད་མི་ཤེས་མུན་པར་འཁྱམས།། བདེ་གཤེགས་སྙིང་པོས་འགྲོ་ཀུན་ཁྱབ།། ས་བོན་རུལ་བས་འབྲས་བུ་མིན། ། རིགས་ཆད་ཡིན་ཞེས་རྒྱལ་བས་གསུངས།། སངས་རྒྱས་ཐམས་ཅད་ཀྱི་བསྟན་པ་གཞིའི་རྒྱུད་མཆོག་རིན་ཆེན་སྤུངས་པ་ལས།། གླེང་གཞི་གླེང་བསླངས་ཀྱི་ལེའུ་སྟེ་དང་པོའོ།།།། དེ་བཞིན་བདག་མེད་སྤྲོས་དང་བྲལ། ། ཀུན་ལ་ཁྱབ་པའི་སྟོང་པ་ཉིད།། ཀུན་ཏུ་གསལ་བའི་ཆོས་ཉིད་དེ།། མ་རིག་ལྷན་སྐྱེས་བག་ལ་ཉལ།། ཅི་ཡང་མ་ཡིན་མུན་པའི་གློང།། མི་ཤེས་བློ་བུར་མ་དག་པའི།། རང་རིག་རྟོག་ཚོགས་མ་འགག་པས། ། རབ་རིབ་ཅན་གྱི་མིག་བཞིན་དུ།། སྣ་ཚོགས་ཀུན་བརྟགས་མ་རིག་འཁྲུལ།། ནམ་མཁའི་རང་བཞིན་གཅིག་ཉིད་ལས།། ཡང་དག་མ་ཡིན་ཀུན་རྟོག་པས།། བྱེད་པོ་གཞན་ནི་མེད་པ་རུ། ། ང་མེད་ང་རུ་རྟོག་པ་དང།། གཞན་མེད་ཡུལ་དུ་འཛིན་པ་ཡིན།། སྣ་ཚོགས་སྣོད་ཀྱི་ནམ་མཁའ་བཞིན།། དེ་བཞིན་ཉིད་གཅིག་གཅིག་ཉིད་ལས།། ཡོད་མ་མྱོང་ལ་དངོས་པོ་ཡི།། བློ་བུར་འཁྲུལ་རྟོག་སྣ་ཚོགས་ལ། ། ངོ་བོ་ཉིད་དུ་སྤྲོས་བྲལ་དུ།། མ་རྟོགས་བློ་ལ་སོ་སོར་སྣང།། གཟུང་འཛིན་གཉིས་ཀྱི་རང་བཞིན་དུ།། ཆགས་སྡང་གཉིས་ཀྱི་བདེ་སྡུག་གྲུབ།། འཁོར་བའི་རྩ་བ་མ་རིག་པ།། འཁོར་བའི་མཚན་ཉིད་འཁྲུལ་པ་དངོས། ། འཁོར་བའི་འབྲས་བུ་སྡུག་བསྔལ་ལོ།། མ་རིག་ཀུན་གཞི་རྣམ་ཤེས་ཀྱིས། ཁམས་གསུམ་སེམས་ཅན་ཐམས་ཅད་ལ།། སེམས་སུ་བརྟགས་པའི་དྲན་པ་དེ།། འདུ་བྱེད་རྟོག་པ་གཉིས་འཛིན་གྱིས།། འདུ་ཤེས་ཡུལ་ལ་འདུ་འཕྲོས་ནས། ། མ་ཤེས་སྣ་ཚོགས་འདུས་པ་ལས།། མིང་བཏགས་གཟུགས་སུ་ཞེན་པ་གྲུབ།། སྐྱེ་མཆེད་ཕྱི་ནང་རྣམ་རྟོག་ལ།། ཟག་བཅས་ཚོར་བ་ཨ་འཐས་ཏེ།། དེ་ཉིད་སྲིད་པའི་ཉེར་ལེན་གྱིས།། ལེན་པ་སྣང་སེམས་གཉིས་སྣང་ལ། ། སྲིད་པ་འཁོར་བའི་སྡུག་བསྔལ་བྱུང།། སྐྱེ་བ་དང་བཅས་མངོན་སུམ་དུ།། རྒ་ཤི་མི་རྟོག་པ་ཡི་སྐྱེ་འགག་ལ།། མ་རིག་འཁྲུལ་པ་ལུ་གུ་རྒྱུད།། རིམ་པ་བཞིན་དུ་མྱ་ངན་དང།། ངག་གི་སྨྲེ་སྔགས་ཡིད་ལ་ནི། ། སྡུག་བསྔལ་མི་བདེ་སྣ་ཚོགས་པའི།། ཉོན་མོངས་སྣ་ཚོགས་སེམས་དཀྲུགས་ཤིང།། ཟད་མེད་འཕེལ་མེད་མུན་པ་ལ།། སེམས་ཅན་ཐ་འབྲིང་མཆོག་གྱུར་རྣམས།། རང་རྐྱེན་ལས་ཀྱི་དབང་ཡིན་ཡང། ། རྨི་ལམ་སྒྱུ་མའི་གྲོང་ཁྱེར་ན།། དམུས་ལོང་སྟོན་པ་ལྟ་བུ་རྣམས།། རྫུན་ལ་བདེན་རྫུན་སྲིད་པའི་གློང།། ང་དང་བདག་ཏུ་འཁོར་བར་འཁྱམས།། དེ་ཉིད་མ་ཤེས་མུ་མཐའ་མེད།། གཏན་སྡུག་གནས་ནས་ཐར་མི་འགྱུར། ། རང་སྣང་མ་རིག་འཁོར་བ་དངོས།། རང་རིག་ཡེ་ཤེས་མྱ་ངན་འདས།། འཁོར་བ་དང་ནི་མྱ་ངན་འདས།། གཉིས་མེད་གཉིས་སུ་མེད་པར་སྟོན།། འཁྲུལ་དང་མ་འཁྲུལ་ངོ་བོ་གཅིག། འགྲོ་ལ་སེམས་རྒྱུད་གཉིས་མི་འཆང། ། གཅིག་པ་ཉིད་མིན་ཐ་དད་མིན།། རྟོག་གེ་བ་ཡིས་མི་རྟོགས་ཤིང།། བདག་ཏུ་འཛིན་པ་ལོག་པའི་ལམ།། བདག་མེད་ཆོས་ལ་ཆོས་བཏགས་པས།། མ་རིག་པ་ལ་རྨོངས་པས་བརྒྱན། ། ཕྱིན་ཅི་ལོག་གིས་མནར་མེད་འགྲོ།། སྲིད་པའི་སྡུག་བསྔལ་མི་བཟད་འགྱུར།། སྣ་ཚོགས་གཟུགས་ཅན་ཡིད་ལས་སྐྱེས།། གཟུགས་རྣམས་དེར་འཛིན་རང་གཟུགས་ཡིན།། གཞི་ཉིད་མིན་པ་གཞན་མེད་དེ། ། ང་ཡིས་ཀུན་ལ་ཁྱབ་པ་སྟེ།། མི་ཤེས་ཀུན་རྫོབ་བདེན་པ་ཡིན།། གནས་ལུགས་དོན་དམ་བདེན་པ་ལ།། ནམ་དུ་ང་ནི་འདའ་བ་མེད།། འབྱུང་བཞི་ནམ་མཁའི་ཆོ་འཕྲུལ་ལ།། མ་གཏོགས་འབྱུང་བ་སོ་སོར་དགྱེས། ། སྲིད་པ་སྣོད་བཅུད་ཆགས་འཇིག་བྱུང། ཁམས་གསུམ་རྣམ་རྟོག་བཟང་ངན་ལ།། སེམས་ཅན་བདེ་སྡུག་སོ་སོར་ཁྱེར།། སྐྱེ་ཤི་ལན་གྲངས་ཟད་པ་མེད།། བྱས་པ་མེད་པའི་བཅོས་མ་ཡིན།། སྐྱེ་འགག་མེད་པའི་འགྲོ་འོང་ཅན། ། ཤེས་པ་བྱ་སྒྲོ་རླུང་ཁྱེར་འདྲ།། བདེ་སྡུག་མཐོ་དམན་རང་གི་སེམས།། འཁྲུལ་པའི་སྣང་བ་བློ་བུར་བ།། དེར་སྣང་དེར་འཛིན་དེ་རུ་འཁྲུལ།། འཁྲུལ་རྟོག་ནམ་མཁའི་སྤྲིན་དང་འདྲ།། སྐྱེ་བ་མེད་ལས་སྐྱེ་མེད་སྐྱེས། ། འགག་པ་མེད་ལས་ཐམས་ཅད་འགགས།། འཁོར་བ་མི་རྟག་དེ་ཡི་གནད།། ཀྱེ་མ་འཁོར་བའི་རྒྱ་མཚོ་ན།། སྡུག་བསྔལ་སེམས་ཅན་མཐའ་ཡས་པ།། བསམ་གྱིས་མི་ཁྱབ་བརྗོད་ལས་འདས།། མ་རིག་གཅིག་གི་རྒྱུ་ལས་བྱུང། ། གཅིག་པུ་རང་བྱུང་རང་སྣང་ཡིན།། རང་སྣང་འཁྲུལ་པས་ཀུན་ཀྱང་འཁྲུལ།། སྐྱེ་མེད་གཞི་རྩ་མ་ཆོད་ན།། འཁོར་བའི་མཐའ་ལ་ཐུག་པ་མེད།། སངས་རྒྱས་ཐམས་ཅད་ཀྱི་བསྟན་པ་གཞིའི་རྒྱུད་མཆོག་རིན་པོ་ཆེ་སྤུངས་པ་ལས། མ་རིག་སྲིད་པ་བྱུང་ཁུངས་ཀྱི་ལེའུ་སྟེ་གཉིས་པའོ།།།། ཅི་སྟེ་འཁོར་བའི་དུཿཁ་ནི།། མ་རིག་པ་ཡི་ཞིང་ས་ལ།། མི་དགེ་བ་ཡི་ལས་ཚོགས་ནི།། གཟུགས་མེད་ཡིད་ཀྱི་མི་དགེ་བའི། ། གཟུགས་ཁམས་ལུས་ཀྱི་མི་དགེ་བ།། འདོད་ཁམས་ངག་གི་མི་དགེ་བ།། རང་འདོད་བསྒྲུབ་ཕྱིར་གཞན་གནོད་པས།། མི་དགེ་བ་ཡི་ཚིག་ཡིན་ཏེ།། གནོད་པ་ཕར་ལ་བྱས་པ་ཡིན།། སྡིག་སེམས་རང་སྣང་ཡིན་པའི་དོན། ། ཉེས་བྱས་སྡུག་བསྔལ་ཚུར་ལ་བྱུང།། ཕན་གནོད་ལྟོས་པས་འཁྲུལ་སྣང་ལ།། ཚོར་བ་རགས་པས་འདོད་ཁམས་པ།། ཡིད་ལ་ངན་སེམས་འགྱུས་པ་དེ།། ངག་ནས་ངན་པའི་ཁྲོ་ཚིག་བརྗོད།། ལུས་ཀྱི་སྤྱོད་ངན་གདུག་རྩུབ་སྟོན། ། རང་རྒྱུད་ངན་པས་རང་སྣང་བསྲེག། འོད་ཟེར་འཕྲོས་པས་གཞན་རྒྱུད་བསྲེག། དེ་ཚེ་དེ་ཡི་སྣང་བ་ལ།། བློ་བུར་བ་དེ་ཆེད་དུ་བསྒྲུབ།། ཚེ་འདི་བདེ་འབྲས་འདོད་པ་དེ། ། མི་དགེ་བ་ཡི་རང་བཞིན་ཡིན།། སྡིག་པ་ཐམས་ཅད་ཚེ་འདིའི་དོན།། འདི་རུ་ཞེན་པས་རྟག་ཏུ་འཁོར།། འདོད་ཞེན་ཅན་ལ་མྱ་ངན་སྐྱེ།། ཕྱི་མའི་དོན་ལ་སྡིག་མི་བྱེད།། དུས་འདི་སྤོངས་ན་འཁོར་བ་སྤོངས།། མ་སྤོངས་མི་དགེ་ལས་ཀྱི་མནར། ། ཚེས་གཅིག་ནོར་པས་ཟླ་གང་འཁྲུལ།། ཕྱི་མ་དོན་གཉེར་ཤིན་ཏུ་ཉུང།། དེ་རྟོགས་པ་ལ་སྡིག་བྲལ་ཡང།། མིག་ཡོད་གཟུགས་མེད་དམུས་ལོང་བཞིན།། འདི་ཕྱི་མི་ཤེས་མུན་པའི་བློ། ། འཁོར་བ་པ་ལ་བདེ་བ་མེད།། འཁོར་བའི་བདེ་འདོད་སྡུག་བསྔལ་དངོས།། དངོས་ཞེན་ཨ་འཐས་འཁྲུལ་པས་བཅིངས།། སྡུག་བསྔལ་ལས་ཀྱི་བཙོན་དོང་ན།། ཐར་མེད་གནས་ལ་ཆགས་པ་དེ།། བདུད་ཀྱི་དབང་སྒྱུར་མི་དགེའི་བདག། འདོད་སྲེད་ཅན་ལ་བྱང་ཆུབ་མེད།། འདི་དང་ཕྱི་མ་རྒྱབ་བསྣོལ་ཡིན།། ཕ་རོལ་དོན་གཉེར་དགེ་བ་དངོས།། འདོད་པ་དང་བྲལ་མྱ་ངན་འདས།། རྒྱལ་སྲས་ཆགས་མེད་གྱུར་ལས་བྱུང། ། ཆགས་སྡང་འཁོར་བའི་རྩ་བ་ཡིན།། སྤང་བླང་གཉིས་ཀྱི་དགག་སྒྲུབ་དེ།། རེ་དོགས་གཉིས་ཀྱི་སྒྲོག་དང་བཅས།། རང་གཞན་གཉིས་ཀྱི་རྟོག་པ་ལ།། རྒྱུ་རྐྱེན་གཉིས་ཀྱི་ལག་ལེན་ཏེ།། འདུན་པས་རང་ཉིད་དེ་ལ་སྦྱོར། ། སྟོབས་ཀྱིས་གཞན་ལ་སྦྱོར་དུ་འཇུག། སྦྱོར་བས་གཞན་ལ་ཡི་རང་བྱེད།། སྟིང་ནས་འདུ་ཤེས་དེ་སེམས་པ།། གསུམ་པོ་མཉམ་པ་ཉིད་ཀྱི་ཕྱིར།། ཅི་བྱས་མི་དགེ་འབའ་ཞིག་སྟེ།། རང་བཞིན་སྡིག་པ་ཆེན་པོ་ན། ། མ་རིག་པ་ལ་རྒྱུན་མི་འཆད།། གྲོལ་དུས་མེད་པ་དེ་ཡིས་ཉེས།། ངོས་མ་ཟིན་པའི་ཐ་མལ་དུ།། གཏི་མུག་ངང་ལ་སྤྱོད་པ་དེ།། མུན་ནང་རང་བཞིན་མི་སྣང་བཞིན།། དགེ་དང་མི་དགེ་ངོ་མི་ཤེས།། དམུས་ལོང་མིག་སྣང་ནམ་ཡང་མེད། ། གཏི་མུག་པ་ལ་དགེ་མེད་ཕྱིར།། མ་རུངས་པ་དེ་དངོས་ཀྱིས་གསལ།། དངོས་འཛིན་ཞེན་པ་རགས་པ་ན།། མི་དགེ་རགས་པོ་ངང་གིས་འཕེལ།། ནམ་ཟླ་སོས་ཀྱི་མྱུ་གུ་བཞིན།། སྡུག་བསྔལ་མི་འདོད་བཞིན་དུ་འོང། ། དེར་སྣང་མ་བྲལ་སྤང་ཐབས་མེད།། ཚོང་པ་ལམ་ལོག་སྲིན་མོའི་གླིང།། བདེ་བར་མཐོང་ནས་མ་སྤངས་བསྒྲུབས།། བློ་གཏད་ཚེ་ན་སྲོག་ཕྲལ་བཞིན།། འཁོར་བ་བསྒྲུབས་པས་འདུས་བྱས་ཞིག། སྲིད་པ་ངན་སོང་གཡང་སར་ལྷུང།། རིམ་གྱིས་ཅིག་ཅར་ན་རག་སྤྱོད།། འཁོར་བའི་གཅོང་རོང་གཏིང་རེ་རིང།། གནག་མི་བཟོད་པའི་རྒྱུན་ལ་སྤྱོད།། ཀྱེ་མ་ཀྱི་ཧུད་ཨ་ཙ་མ།། འཁོར་བའི་རྒྱུ་རྐྱེན་རང་ལ་བྱུང། ། ཕྱི་ནང་དངོས་པོ་ཡུལ་རྣམས་ལས།། འདོད་ཆགས་ཡིད་ཀྱིས་ཀུན་བསླང་ནས།། ཞེན་ཅིང་ཆགས་པའི་བསྒྲུབ་སེམས་དེ།། གཞན་ལ་གནོད་འགྱུར་མི་དགེ་ཡིན།། དེ་བཞིན་ཞེ་སྡང་ཀུན་སློང་གིས།། གདུག་རྩུབ་སྡང་བའི་སྤོང་སེམས་ཀྱིས། ། གཞན་ལ་གནོད་འགྱུར་མི་དགེ་བ།། དུག་གསུམ་ཀུན་ནས་བསླང་བ་ཡི།། རང་དབང་ཅན་ནི་ཆེན་པོ་ལ།། གཞན་གྱི་དབང་མེད་ཆུང་ངུ་སྟེ།། གཞན་རླབས་བྱས་པ་འབྲིང་པོ་ཡིན། ། ང་རྒྱལ་ཕྲག་དོག་འགྲན་སེམས་ཀྱིས།། གཞན་ལ་གནོད་འགྱུར་ལྟ་ཅི་སྨོས།། ཡན་མི་བྱེད་ཀྱང་སྡིག་ཏུ་འགྱུར།། དེ་བས་ཀུན་ལ་ཕན་བདེ་བསྒྲུབ།། རང་བདེའི་ཡོན་ཏན་ཤུགས་ལ་འབྱུང།། སྡིག་མེད་པ་དེ་དགེ་བ་འཕེལ། ། སྡུག་བསྔལ་མེད་ན་བྱང་ཆུབ་དངོས།། རང་སྣང་ཡིན་ཏེ་མ་རྟོགས་པ།། དམུས་ལོང་གཡང་སྲན་ཆེ་བ་བཞིན།། མ་རིག་རྨོངས་པ་སྡུག་སྲན་ཆེ།། མི་དགེ་དུག་ལ་ཞིམ་ཟས་བྱེད།། སྐྱེ་ཤི་གཉིས་ལ་སུན་པ་མེད། ། ངོན་སོང་གསུམ་གྱི་རྦ་ལ་མཆོང།། སྨྱོན་པ་རང་གི་སྲོག་གཅོད་ལྟར།། རང་སྡུག་རང་གིས་ལས་བྱས་མྱོང།། གཞན་རྐྱེན་མི་དགེ་བྱེད་པའི་ཡུལ།། ཕན་གནོད་ལས་ཀྱིས་གང་སྒྲུབ་པ།། རྣམ་སྨིན་ཡུལ་གྱི་འཛིན་པས་གྲུབ། ། དགེ་སྡིག་བྱེད་ཡུལ་བསམ་འདས་ཀྱང།། མཆོད་སྦྱིན་རང་དང་གསུམ་ལ་མེད།། མཆོད་འོས་བསྟོད་འོས་ཕྱག་གི་གནས།། ཕྱག་བྱར་འོས་པ་བླ་མའི་རབ།། སངས་རྒྱས་ཆོས་དང་དགེ་འདུན་དང། ། མཁན་པོ་སློབ་དཔོན་རིག་འཛིན་གྲོགས།། དངོས་དང་གཟུགས་བརྙན་བཀུར་བྱའི་འོས།། ཕ་མ་ལ་སོགས་དྲིན་ལྡན་དང།། བསྟན་ལ་གནོད་བྱེད་ལྕི་བའི་ཡུལ།། ཕན་དང་བརྩེ་བའི་ནུས་པ་ཡིས།། དངོས་དང་རྒྱུད་པ་ཀུན་བུ་རུ། ། སྡུག་བསྔལ་མགོན་མེད་གྱུར་པ་ཡིས།། དབུལ་འཕོངས་ཉམ་ཐག་དམན་པའི་རིགས།། ནད་པ་ལ་སོགས་སྙིང་རྗེའི་ཡུལ།། གཤིན་པོ་དྲི་ཟའི་སེམས་ཅན་འབྲིང།། རང་དང་མཉམ་ཉིད་འགྲན་ཟླ་བཅས། ། ཆུང་ངུ་ཡིན་པར་ཤེས་པར་བྱ།། གཞན་རྐྱེན་ཡུལ་གྱིས་བསླང་བྱས་ཀྱང།། རང་བཞིན་གཉིས་ཀྱི་མི་དགེ་ཆུང།། ཕུང་པོ་ཚེ་འདིའི་བདུད་ཀྱིས་བསླུས།། ལྷ་བུ་བདུད་ཀྱིས་ཚེ་འདིར་བཅིངས།། འཆི་བདག་བདུད་ཀྱིས་ཚེ་འདི་ཕྲོགས། ། ཉོན་མོངས་བདུད་ཀྱིས་སྡུག་བསྔལ་མནར།། ཐར་པའི་བདེ་ལ་བར་དུ་བཅད།། མུན་པའི་སྨག་ལ་སངས་དུས་མེད།། རང་བདུན་རང་ལ་ལངས་པ་ཡིན།། བདུད་ནི་ངར་འཛིན་རྣམ་འཕྲུལ་ཏེ། ། བདག་འཛིན་གཏང་ན་བདུད་རྣམས་ཆོམས།། བདག་མེད་སེང་གེའི་སྒྲ་དང་ལྡན།། མུ་སྟེགས་རིགས་དང་ངན་སོང་འཇོམས།། དཔའ་བོ་བདུད་ལས་རྣམ་པར་རྒྱལ།། བདུད་བཞིའི་འཇིགས་པ་སེལ་བར་བྱེད། ། བཅོམ་ལྡན་འདས་ཀྱི་ཡེ་ཤེས་སྐུ།། མ་རིག་རྟོགས་ཚོགས་ལས་འབྲས་རྣམས།། རྒྱུ་མཐུན་གནས་སྐབས་དེ་ཉིད་དུ།། ལོག་སྣང་ཞེ་སྡང་གདུག་རྩུབ་ཆེ།། རྡོ་རྗེ་སློབ་དཔོན་བདུད་དུ་བབས།། མགོན་དང་བཤེས་ཀྱང་གཤེད་དུ་ཆེ། ། ཉེ་བ་འཁོར་ཀུན་དགྲ་རུ་སྡང།། རང་སྲོག་རང་གིས་གཅོད་པར་འགྱུར།། འདོད་ཆགས་རྒྱུ་མཐུན་སྲེད་ཞེན་ཆེ།། སེར་སྣས་འཇུངས་པས་དབུལ་ཞིང་འཕོངས།། གཞན་ལས་བརྣབས་པས་རང་རྫས་འཆོར། ། དང་ཁར་མི་འོང་ཟས་ལ་སྲེད།། གཏི་མུག་རྒྱུ་འཐུན་དྲན་པ་ཉམས།། རང་གིས་མི་ཤེས་གཞན་མི་ཉན།། རྟག་ཏུ་རྨོངས་ཤིང་གཉིད་པར་འགྱུར།། མི་དགེ་དྲན་པས་སྡུག་བསྔལ་སྐྱེ། ། དབང་གིས་ཞེ་སྡང་རིགས་ཅན་རྣམས།། དགྲ་ཆོམས་འོང་བའི་ཡུལ་འཛིན་འགྱུར།། འདོད་ཆགས་པ་ལ་ཞག་མེད་ཡུལ།། གཏི་མུག་མཐའ་འཁོབ་གཅོང་རོང་དུ།། གྲོགས་མེད་པ་ལ་ཞེན་ཆགས་སྐྱེ།། གཞན་ལ་བྱས་པའི་རྣམ་སྨིན་ཏེ། ། རང་གིས་བྱས་པས་རང་ལ་འོང།། ཆེན་པོ་དམྱལ་བའི་དམྱལ་བར་སྐྱེ།། འབྲིང་པོ་ཡི་དྭགས་དམྱལ་བར་སྐྱེ།། ཆུང་ངུ་བྱོལ་སོང་ཡི་དྭགས་སྐྱེ།། ཕྲ་མོས་དུད་འགྲོ་ལྷ་མིན་སྐྱེ།། མི་དགེའང་ཆུང་ངུ་བྱས་གྱུར་ཀྱང། ། མི་ཁོམ་རིགས་ལས་ཐར་མི་སྲིད།། མི་དགེ་རྣམ་སྨིན་རང་སྣང་ལ།། གཞན་གྱི་ཡུལ་དུ་བྲོས་ས་མེད།། རང་སྣང་ལོག་པ་སྡུག་བསྔལ་ཡིན།། ཉོན་མོངས་ལས་ཀྱི་སྡུག་བསྔལ་རྣམས།། རབ་ནི་མྱུར་བ་ཚེ་འདིར་འབྱུང། ། འབྲིང་ནི་བར་སྐབས་ཕྱི་མ་ལ།། ཐ་མ་ལན་གྲངས་གཞན་ལ་སྨིན།། སྨིན་པར་ངེས་དང་མ་ངེས་པ།། རྒྱུ་རྐྱེན་ཚོགས་དང་མ་ཚོགས་བྱེད།། དགེ་སྡིག་སྨན་དུག་ལྟ་བུ་ལ།། གཉིས་ཀྱིས་གཅིག་བཅོམ་ཟད་པར་བྱེད། ། གཅིག་གིས་གཅིག་མནན་སྨིན་མི་ནུས།། གཅིག་ཟད་གཅིག་འཕེལ་ཆེན་པོར་འགྱུར།། སྔ་ཕྱིའི་འདུས་ལ་སྔ་ཕྱི་དང།། ཆེ་ཆུང་འབྲས་བུ་དེ་དང་མཚུངས།། མི་དགེ་འཁྲུལ་པའི་བྱ་བ་ལ།། ཞེ་སྡང་ལས་སྐྱེད་སྦྱོར་དངོས་ཚང། ། མཆོད་བྱའི་ཞིང་དུ་གྱུར་རྣམས་དང།། དེ་མཐུན་པ་ལ་ཆེན་པོར་བརྗོད།། འདོད་ལ་སྐྱེས་ཤིང་གང་རུང་ཚང།། སྙིང་རྗེ་ཅན་ལ་འབྲིང་དུ་འབྱུང།། སྙོམས་ལས་ཆ་རེ་ཚང་བ་ཡིན། ། ཕྲག་དོག་ཅན་རྣམས་ཆུང་བ་སྟེ།། རང་འདོད་མེད་པའི་སྡིག་པ་རྣམས།། རྣམ་སྨིན་འབྲས་བུ་ཕྲ་བ་ཡིན།། རང་བཞིན་ཀུན་གྱི་སྣང་བ་རུ།། གང་བྱས་ལས་ཀྱི་འབྲས་བུ་དེ།། ཆེ་བ་ཁྲོམ་གྱི་མི་བཞིན་དུ།། ཀུན་གྱིས་སྣང་ཞིང་ཡོངས་སུ་གྲགས། ། འབྲིང་པོ་གྲོང་མི་ཐ་མ་ཡང།། དགོན་པའི་མི་བཞིན་སྣང་བར་འགྱུར།། མི་མངོན་མི་དམིགས་མ་མཆིས་སོ།། སྡུག་བསྔལ་ལས་སྐྱེས་སྡུག་བསྔལ་བདག། སྡུག་བསྔལ་ཆུ་བོའི་རྒྱུན་བཞིན་གནས། ། སྤྲོས་དང་བྲལ་བའི་ཆོས་ཉིད་དེ།། རང་གི་སེམས་སུ་མ་རིག་པས།། མེད་བཞིན་དུ་ནི་གཟུང་འཛིན་གྱི།། བདག་དང་གཞན་དུ་འཁྲུལ་པ་ཡིས།། རྟོག་པ་རྣམ་པ་སྣ་ཚོགས་པ།། སེམས་ཉིད་གཅིག་གི་རི་མོ་སྟེ། ། ཚོན་རྩི་རི་མོ་སྣ་ཚོགས་ཀྱང།། མཁན་པོ་གཅིག་གིས་བྲིས་པ་བཞིན།། སྣ་ཚོགས་སེམས་ཀྱི་རང་སྣང་ཡིན།། རང་ལས་ལོགས་ན་བྱེད་མཁན་མེད།། མེད་བཞིན་བདག་འཛིན་མ་རྟོགས་པས།། རྒྱུ་ནི་མ་རིག་གཉིས་འཛིན་ལ། ། རང་རྐྱེན་དུག་ལྔའི་ལམ་ཆུད་ནས།། དེར་ཞེན་དེར་གཟུང་དེ་ཡི་གཟུགས།། སེམས་ལ་སྣང་ཞིང་འགྲོ་ལྔ་སྐྱེས།། གང་སྐྱེས་ཀུན་གཞི་སྣམ་བུ་ལ།། རང་རྐྱེན་རྟོག་པའི་བཟོ་འཆོས་བྱས།། དེ་དང་དེ་ཡི་སྣང་བ་ལ། ཁམས་གསུམ་སེམས་ཅན་ཉོན་མོངས་ཁམས།། གཞན་དབང་དབང་པོ་སྒོ་ལྔ་ལ།། འདོད་སྲིད་རགས་པས་འདོད་ཁམས་པ།། རང་གཞན་འོད་ཀྱི་གཟུགས་བརྙན་ལ།། ཉོན་མོངས་ཕྲ་བ་གཟུགས་ཁམས་ཡིན། ། གཟུགས་མེད་འདུ་ཤེས་ཡིད་ཡུལ་ན།། རང་མེད་གཞན་སྣང་ཡུལ་རྣམས་ལ།། ཉོན་མོངས་བག་ལ་ཉལ་བ་ནི།། གཟུགས་མེད་པ་ཡི་སེམས་ཅན་ཁམས། ཁམས་གསུམ་པ་ནི་སེམས་ཙམ་སྟེ། ། སེམས་ཀྱི་རྟོག་པ་རྙིང་པ་ལ།། ཨ་འཐས་འགག་པ་འཆི་བ་ཞེས།། རྟོག་པ་གསར་བུ་བྱུང་བ་ལ།། ཞེན་པ་འཕེལ་བ་སྐྱེ་བར་རྟགས།། སྐྱེ་ཤི་གཉིས་ཀ་ཅི་ལ་རྒྱུད།། མཚམས་སྦྱོར་བར་མ་དོ་དེ་ལ།། སྐྱེ་བ་སྔ་ཕྱི་རང་གཞན་གྱི། ། གཉིས་སྣང་མེད་པའི་གཟུང་འཛིན་ཅན།། བག་ལ་ཉལ་བའི་སེམས་ཅན་ཁམས།། རྐྱེན་གྱིས་བསྒྱུར་ན་སྐྱེ་འགག་འབྱུང།། སེམས་ཉིད་སྐྱེ་བ་མེད་པ་ལ།། སྐྱེ་མེད་ཆོས་དེ་སྣ་ཚོགས་སྟོན།། སྤྲིན་མེད་མཁའ་ལ་སྤྲིན་བྱུང་འདྲ། ། སེམས་ཅན་གཅིག་གི་རྟོག་པ་ལ།། སྣང་སྲིད་ཐམས་ཅད་སྐྱེ་འགག་བྱེད།། གཞན་དུ་གྱུར་པ་མ་ཡིན་པར།། སེམས་ཀྱིས་རི་མོ་བྲིས་པ་ཡིན།། མ་རིག་འཁྲུལ་པའི་སེམས་ཉིད་དེ།། རང་གིས་རང་ལ་བཟོས་བྱས་པས། ། རང་གཟུགས་དབྱིབས་དང་ཁ་དོག་སོགས།། ཁམས་གསུམ་སེམས་ཅན་སྤྱི་བཙན་ལ།། ཐུན་མོང་ལྟར་ན་ཅི་འདྲ་བ།། ཡུལ་དུ་སྣང་བའི་རྣམ་ཤེས་ནི།། གོ་འབྱེད་ནམ་མཁའི་ཀློང་དཀྱིལ་དུ། ། དང་པོ་སྲིད་པ་སེམས་ཀྱི་རྩལ།། སྣོད་ཀྱི་འཇིག་རྟེན་མས་ཀྱིས་ཆགས།། རང་བཞིན་མི་གཡོས་རྟོག་པ་གཡོས།། རླུང་རྔམས་ས་ཡ་དྲུག་འབུམ་ལ།། རྒྱ་ནི་ཚད་མེད་རྡོ་རྗེ་འདྲ།། ཆུ་རྔམས་འབུམ་ཕྲག་བཅུ་གཅིག་དང། ། སྟོང་ཕྲག་ཉི་ཤུ་རྩ་ལྔ་པའོ།། དེ་སྟེངས་གསེར་གྱི་དཀྱིལ་འཁོར་རྔམས།། སུམ་འབུམ་ཉི་ཁྲི་ཆིག་སྟོང་དང།། རྒྱ་རུ་ས་ཡ་འབུམ་ཕྲག་བཅུ་གཉིས་དང།། སུམ་སྟོང་ཕྱེད་དང་ལྔ་བརྒྱའོ།། ཁོར་ཡུག་སུམ་འགྱུར་ལྔ་ཡིས་བརྒྱན། ། རྣམ་ཤེས་རིན་ཆེན་སྤྲིན་ལས་སུ།། ཕྱི་ནང་ཆར་རྒྱུན་སྣོད་བཅུད་གཉིས།། རིན་ཆེན་ལྔ་ལས་ལྷུན་པོ་ནི།། ཚངས་པའི་གནས་ནི་མན་ཆད་ནས།། དམྱལ་ཁམས་བཅུ་དྲུག་ཡན་ཆད་ལ།། འོག་ཏུ་ཆུ་ནང་བརྒྱད་ཁྲི་ནུབ། ། སྟེང་དུ་བརྒྱད་ཁྲི་ཡང་ཆགས་སོ།། དེ་ཡི་ཕྱི་རིམ་གསེར་རི་བདུན།། གཉའ་ཤིང་ལྷུན་པོའི་ཕྱེད་ནས་སུ།། རིམ་བཞིན་འཕང་དུ་ཕྱེད་ཕྱེད་བྲི།། དེ་རྣམས་འཕང་དང་ཞེང་དུ་མཉམ།། དེ་བར་རོལ་མཚོ་བདུན་དང་བཅས། ། རོལ་མཚོ་ནང་མ་བརྒྱད་ཁྲི་ཞིང།། ཕྱི་མ་རྣམས་ནི་ཕྱེད་ཕྱེད་བྲི།། ཁོར་ཡུག་སུམ་འབུམ་སུམ་ཁྲིའོ།། གླིང་བཞི་ཤར་གྱི་ལུས་འཕགས་སོ།། ཤེལ་ལས་གྲུབ་པ་ཟླ་གམ་གཟུགས།། དཔག་ཚད་སྟོང་དང་ལྔ་བཅུ་སྟེ། ། འཛམ་གླིང་གསེར་ལ་སོགས་ཁའི་དབྱིབས།། དཔག་ཚད་ཉིས་སྟོང་ཕྱེད་དང་བཞི།། བ་ལང་སྤྱོད་ནི་རཱ་ག་ལས།། ཟླུམ་པོ་སྟོང་ཕྲག་ཕྱེད་དང་བརྒྱད།། ཨིན་དྲ་ནི་ལ་སྒྲ་མི་སྙན།། གྲུ་བཞི་དཔག་ཚད་སྟོང་ཕྲག་ནི། ། བཅོ་ལྔ་གཉིས་འགྱུར་མཐའ་སྐོར་ནི།། འཕང་དུ་དཔག་ཚད་སྟོང་སྟོང་ངོ།། གླིང་བཞི་བར་གྱི་གླིང་གཡོག་བརྒྱད།། ལུས་དང་ལུས་འཕགས་ཤར་གྱི་གཡོག། ལྷོ་ཡི་རྔ་ཡབ་རྔ་ཡབ་གླིང། ། ནུབ་ཀྱི་གཡོག་ལྡན་ལམ་མཆོག་འགྲོ།། བྱང་གི་སྒྲ་དང་སྒྲ་མི་སྙན།། ཀུན་ལ་ལྕགས་རི་ནག་པོས་བསྐོར།། འོག་དང་གླིང་བར་རྒྱ་མཚོས་བསྐོར།། དངས་མ་རིན་ཆེན་རྣམ་ལྔ་ལས།། སྙིགས་མ་ས་ཡི་གླིང་རྣམས་གྲུབ། ། ཁ་དོག་དཀར་སེར་དམར་ལྗང་ལ།། ནམ་མཁའ་བཻཌཱུར་མདངས་ཅན་འོད།། མཐོར་སྡུད་སྨིན་བྱེད་སྐྱེད་པ་ཡིས།། རླུང་དང་འབྱུང་བའི་རང་རྩལ་ལས།། ཡན་ལག་གཉིས་སུ་གསལ་བ་ཡི།། རི་རབ་ལྷུན་པོའི་ཕྱེད་སྐེད་ལ། ། དྲོད་བསིལ་འོད་ལྡན་ཉི་ཟླ་གཉིས།། དཔག་ཚད་ལྔ་བཅུ་རྩ་གཅིག་གོ། ས་བཅུད་རིན་ཆེན་རྩི་ཤིང་ནི།། མེ་ཏོག་འབྲས་བུ་དྲི་རོའི་བདག། མཁའ་ལ་སྤྲིན་ཕུང་སྐར་ཚོགས་དང།། ཁུ་རླངས་འཇའ་ཚོན་ཆར་གྱིས་བརྒྱན། ། འབྱུང་བ་སྟོབས་ཀྱིས་ཟད་འཕེལ་གྱིས།། དཀར་ནག་རྒྱུ་རྐྱེན་རིང་ཐུང་དང།། ཆེ་ཆུང་ལོ་ཟླ་ཞག་ཟ་དང།། དུས་གཟུགས་ཚིག་སྨྲས་སྐད་ཅིག་རྡུལ།། ཡི་གེ་གཅིག་ནི་རིན་ཆེ་དང།། མང་པོ་མཐའ་ཕྱོགས་བྱེ་བྲག་བསྟན། ། རྣམ་ཤེས་སྲིད་པའི་རྩེ་མོ་ནས།། བཅུད་ཀྱི་སེམས་ཅན་ཆགས་ལུགས་ནི།། དང་པོ་འོད་གསལ་གཟུགས་མེད་ནས།། གཟུགས་ཁམས་ཡུམ་ལ་ཉོན་མོངས་ཀྱི།། རྣམ་རྟོག་རགས་སུ་སོང་བ་ལས། ། ལྷུན་པོ་འོག་ན་ཚ་བའི་མཚོ།། མནར་མེད་སེམས་ཅན་དམྱལ་བའི་གནས།། དེ་སྟེང་དམྱལ་ཁམས་རིམ་པ་རུ།། ཆུ་བུར་ཅན་གྱི་བར་དུ་ཡོད།། དམྱལ་བའི་སྒོ་བཞི་འཛམ་གླིང་གི།། མ་དྲོས་མཚོ་འོག་དཔག་ཚད་ནི། ། ཉི་ཁྲི་དམྱལ་བའི་འཇུག་སྒོ་ལ།། ཉི་ཚེ་ཉེ་འཁོར་དེ་ཡི་ལམ།། ཚད་མེད་ཚ་གྲང་སྣ་ཚོགས་སྣང།། རི་རབ་རྨང་དང་ཐང་འཁོབ་ན།། ཡི་དྭགས་རིགས་ཚོགས་སུམ་ཅུ་དྲུག། བཀྲེས་སྐོམ་འདོད་སྲེད་ཡིད་ལ་གདངས། ། ས་སྟེང་ས་འོག་མུན་པའི་གླིང།། བྱོལ་སོང་བྱེ་བ་སོ་དྲུག་ལ།། གཏི་མུག་གསོད་རྡུང་སྡུག་བསྔལ་སྣང།། རི་རབ་བསེང་ན་ལྷ་མིན་རྣམས།། འཐབ་རྩོད་སྨས་པའི་དུཿཁ་སྤྱོད།། གླིང་བཞི་མི་ལ་འདུ་བྱེད་རྐྱེན། ། སྐྱེ་རྒས་ན་འཆི་སྡུག་བསྔལ་སྣང།། འདོད་ལྷ་རིགས་དྲུག་འཆི་འཕོ་དང།། དང་པོ་ཆགས་ནས་བསམ་གཏན་གསུམ།། མན་དུ་མེ་བདུན་ཆུ་གཅིག་རླུང།། གཏོར་ནས་བསྐལ་པ་ཆེ་ཆུང་གིས།། འཇིག་རྟེན་ཆགས་འཇིག་སྟོང་གནས་ཀྱི། ། མི་རྟག་རྐྱེན་དབང་བདེ་སྡུག་དང།། གཟུགས་ཁམས་བཅུ་བདུན་གཟུགས་མེད་བཞི།། ཁམས་གསུམ་འཁོར་བའི་སྲིད་པ་ན།། འདོད་ཁམས་ཉོན་མོངས་ཡེ་ཤེས་ཆེ།། འབྱུང་ལྔ་ཡུལ་ལྔ་སྒོ་ལྔ་ཡིས། ། འགྲོ་ལྔ་འགྲོ་བ་སོ་སོ་རྣམས།། གཟུགས་སྒྲ་དྲི་རོ་རེག་བྱ་ཆོས།། མ་རིག་རྣམ་ཤེས་སྣ་ཚོགས་འདི།། རང་སྣང་བཞིན་དུ་ཀུན་ལ་སྣང།། དབང་པོ་སྔོས་དང་ཡིད་འགྱུ་ལ།། སྣང་སྲིད་རྟག་པ་ཉིད་དུ་འདོད། ། སེམས་ཅན་རྟོག་པ་སོ་སོར་གཟུང།། འགྲོ་ཀུན་སྤྱི་བཙན་དེ་ལྟར་བཞེད།། ལྷ་མིན་ལ་སོགས་འགའ་ཞིག་ལ།། རིགས་དྲུག་དྲང་བའི་སྣང་བར་འོང།། དམན་པའི་རིགས་ནི་ཕལ་ཆེ་ལ།། རང་སྣང་མིན་པ་གཞན་མི་སྣང། ། རང་སྣང་ལོག་པའི་རྟོག་ཚོགས་དེ།། གཞན་སྣང་འཁྲུལ་པའི་སེམས་ཅན་ལ།། ཡོད་དོ་མཉམ་དུ་རྟོག་པ་དེ།། སྤྱི་མཐུན་སྣང་བ་གཅིག་ཏུ་མེད།། རང་སྣང་བཞིན་དུ་གཞན་མ་ལ།། སེམས་ཅན་རིགས་སུ་གཅིག་པ་ལ། ། སྐྱེ་བ་རྣམ་པ་བཞི་རུ་བྱུང།། ལ་ལའི་དུག་ལ་ལ་ལའི་སྨན།། ལ་ལའི་དགྲ་ལ་ལ་ལའི་གཉེན།། ལ་ལའི་ནུབ་ལ་ལ་ལའི་ཤར།། ལ་ལའི་མཚན་ལ་ལ་ལའི་ཉིན།། ལ་ལའི་སྐྱབས་ལ་ལ་ལའི་གཤེད། ། ལ་ལའི་སྣང་བ་ལ་ལའི་མུན།། མདོར་ན་དབང་པོའི་སྒོ་རྣམས་ལ།། འབྱུང་བ་ཕྱི་ནང་སྐྱེ་འགག་རྣམས།། དོན་གཅིག་ཉིད་ལ་ཐ་དད་པ།། ཆུ་ལ་རིགས་དྲུག་སོ་སོ་ཡིས།། མི་གཅིག་སོ་སོར་མཐོང་བ་བཞིན། ། ཀུན་ཀྱང་དེ་བཞིན་ཉིད་དུ་ཤེས།། འགའ་ཞིག་མནར་མེད་དམྱལ་བར་སྐྱེ།། འགའ་ཞིག་བླ་མེད་བྱང་ཆུབ་འཐོབ།། འགའ་ཞིག་འཁོར་བའི་གནས་མཐོང་སྟེ།། འགའ་ཞིག་རྒྱལ་བའི་ཞིང་དུ་གསལ།། སེམས་ཅན་བློ་རིགས་སོ་སོ་ལ། ། སྣང་བ་བདེན་པ་གཅིག་ཏུ་མེད།། མ་ངེས་རྟོག་པ་སྣ་ཚོགས་པ།། གཅིག་ཏུ་མ་རིག་བདེན་པར་གཟུང།། འཁོར་འདས་གྱེས་པ་དེ་ལས་བྱུང།། ཡང་དག་དོན་ལ་གཉིས་སུ་མེད།། རང་རིག་ཅི་འདྲ་འགྲོ་བ་ཀུན། ། དེ་འདྲ་ཆོས་ཀུན་ཐམས་ཅད་ཤེས།། སྣོད་བཅུད་གཉིས་པོ་ལྷན་ཅིག་སྐྱེས།། རང་འཁྲུལ་ཙ་ན་ཀུན་ཀྱང་འཁྲུལ།། འཁོར་བ་མིན་པའི་སྣང་བ་མེད།། རང་གྲོལ་དུས་ན་ཀུན་ཀྱང་གྲོལ།། འོད་གསལ་མིན་པའི་ཡུལ་མ་གྲུབ། ། སྣ་ཚོགས་གཟུགས་ཅན་ཡིད་ལས་སྐྱེས།། གཟུགས་རྣམས་ཐམས་ཅད་སྣང་བའི་དཔལ།། སྣ་ཚོགས་སྣང་བ་ངོ་མཚར་ཆེ།། འཁྲུལ་སྣང་རྟོག་པ་ཐ་དད་ཡིན།། ཉིན་མཚན་གཉིས་ཀྱི་བྱེ་བྲག་ལྟོས། ། འཁོར་བའི་ཉེས་པ་དེ་ཡིས་ཤེས།། མུན་པའི་གླིང་ན་མཐོང་ལུགས་མང།། འོད་གསལ་བ་ལ་ཅི་ལས་མེད།། འཁོར་འདས་རྩ་བ་ཅི་ལ་སྤྱོད།། ཁམས་གསུམ་སྲིད་པའི་སྡུག་བསྔལ་ལས།། ཚ་བའི་དམྱལ་བ་བརྒྱད་པོ་ནི། ། འཁོར་ལོ་བཅུ་དྲུག་སྡུག་བསྔལ་ཅན།། མ་རིག་ཞེ་སྡང་རྒྱུ་རྐྱེན་གྱིས།། དུད་འགྲོ་ལ་སོགས་བསད་པ་ཡིས།། གཅད་གཏུབས་བཞིན་དུ་ཡང་སོས་པ།། ལྕགས་ཀྱི་དྲ་བ་མེ་འབར་ནང།། མཚོན་ཆའི་ཆར་བབ་གཤགས་གཏུབས་བྱེད། ། ལུས་ལ་མེ་འབར་གཞོབ་ཏུ་འཚིག། བཞི་བརྒྱ་རྩ་བཞིའི་ནད་ཀུན་གྱིས།། སྡུག་བསྔལ་དཔག་ཏུ་མེད་པ་མྱོང།། གཤིན་རྗེས་མུན་ནག་མེ་ལ་བསྲེག། མི་ལུས་མདུང་ཐུང་སུམ་བརྒྱ་ཡིས། ། བཙུགས་པའི་སྡུག་བསྔལ་སྟོང་གི་ཆ།། མི་ཕོད་རང་ལོ་ལྔ་བརྒྱ་ཐུབ།། ཐིག་ནག་རྒྱུ་ནི་སྲོག་གཅོད་དང།། མ་བྱིན་བླངས་པ་ལྕགས་ཚན་གྱིས།། ཐིག་བཏབ་སོག་ལེ་འབར་བས་འདྲ།། སྡུག་བསྔལ་སྔ་མའི་སྟེང་དུ་ཡང། ། སྟ་རེས་གཞོག་ཅིང་གསོར་གྱིས་འབུགས།། ལུས་ལ་སྤུ་གྲི་ཆར་བབ་གཏུབ།། ཡང་སོས་སྡུག་བསྔལ་བཅུ་འགྱུར་ཆེ།། ཚེ་ནི་རང་ལོ་སྟོང་ཐུབ་བོ།། བསྡུས་འཇོམས་རྒྱུ་ནི་ལུས་སྡིག་གསུམ། ། འདོད་ལོག་ཚུལ་ཁྲིམས་ཉམས་པ་ཡིས།། སྡུག་བསྔལ་སྔ་མའི་སྟེང་དུ་ཡང།། འཇིགས་སུ་རུང་བའི་གཤིན་རྗེ་ཡིས།། ལྕགས་ཀྱི་ཕ་བོང་བར་དུ་འཚིར།། འདོད་པའི་བུད་མེད་གཟུགས་མཐོང་ནས།། ཤལ་མ་རི་ལ་འཛེག་པས་སྡུག། ཕུར་བུས་འདེབས་ཤིང་ཐོ་བས་བརྡུང།། ལྕགས་རི་མེ་འབར་ལོགས་ལ་བསྲེག། ཚེ་ནི་རང་ལོ་ཉིས་སྟོང་ཐུབ།། ངུ་འབོད་རྒྱུ་ནི་ལས་གསུམ་སྟེ།། བག་མེད་ཆང་ལ་སྤྱོད་པས་བྱུང།། སྔ་མའི་སྟེང་དུ་ལྕགས་བསྲེགས་པ། ། འདྲུད་ཅིང་ཡན་ལག་མེ་རུ་འབར།། ཟངས་ཁུ་ཁོལ་མ་ཁོང་དུ་ལྡུད།། ལུས་འཚིག་ཁྱི་རྒོད་ནང་ཁྲོལ་ཟ།། མཚོན་ཆའི་ཆར་བབས་སྲིན་བུས་ཟ།། ཀྱི་ཧུད་ངུ་འབོད་སྒྲ་ཆེན་འབྱིན།། ཚེ་ནི་རང་ལོ་སྟོང་ཕྲག་བཞི། ། ངུ་འབོད་ཆེན་པོ་ལས་གསུམ་དང།། ཆང་འབྱུང་རྫུན་སྨྲས་རྒྱུ་ལས་བྱུང།། སྡུག་བསྔལ་སྔ་མའི་སྟེང་དུ་ནི།། ལྕགས་བསྲེགས་ས་གཞི་མེ་འབར་སྟེང།། ལྕེ་ལ་ཕུར་བུ་རྒྱང་གྲངས་རྒྱང།། ཐོང་གཤོལ་འབར་བས་རྨོད་པ་དང། ། ཁྭ་ཏ་འབུ་སྲིན་སྦྲུལ་གདུག་ཟ།། གཤིན་རྗེས་ཞེ་འདེབས་མཚོན་ཆས་གཏུབ།། ཆུ་སྲིན་འཇིགས་པའི་ཁ་རུ་འཛུད།། རང་ཤ་ཟ་ཞི་ངུ་འབོད་བྱེད།། དེ་རྣམས་རང་ལོ་བརྒྱ་སྟོང་ཐུབ། ། ཚ་བའི་རྒྱུ་ནི་སྔར་ལས་སྟེང།། ལོག་ལྟ་སྐུར་འདེབས་སྔོན་སྡུག་སྟེང།། ནགས་མེ་འཚུབས་པའི་ནང་དུ་བསྲེགས།། དུག་སྦྲུལ་འབར་བས་རྐུབ་ནས་ཟ།། བྲག་བར་བཙིར་ཞིང་གཟོང་གིས་འབིགས།། བུམ་པའི་ནང་དུ་ཁྲོ་ཆུར་འཚོད། ། གཤེད་པོ་རྣམས་ཀྱིས་གཤོག་གཏུབ་བྱེད།། སྔོན་པས་བཅུ་དྲུག་འགྱུར་གྱིས་སྡུག། རང་ལོ་ཁྲི་དང་དྲུག་སྟོང་ཐུབ།། རབ་ཏུ་ཚ་བར་སྐྱེ་བའི་རྒྱུ།། ལུས་ངག་མི་དགེ་བདུན་སྤྱད་དང།། ལྟ་ལོག་དབང་ཕྱུག་རྒྱུ་སྨྲ་ཡིས། ། ཡིད་གསུམ་སྡུག་བསྔལ་སྔ་མའི་སྟེང།། ལྕགས་ཟངས་ནང་དུ་ཟངས་ཁུར་འཚོད།། སྐམ་པས་ལྕེ་འདྲེན་ནང་ཁྲོལ་འབྱིན།། བྱ་ཁྱིས་ལུས་རྣམས་དུམ་བུར་གཏོང།། མཚོན་སྣོན་དབང་པོ་གཅོད་གཏུབ་བྱེད། ། འདི་ཡི་སྡུག་བསྔལ་བསམ་མི་ཁྱབ།། རང་ལོ་འབུམ་ཁྲི་སྟོང་ཕྲག་གཉིས།། མི་བཟད་རབ་འབར་མནར་མེད་རྒྱུ།། མཚམས་མེད་ལྔ་སོགས་སྤྱད་པས་སུ།། ལྕགས་མཁར་སྒོ་མེད་ནང་དུ་ནི།། མེ་འབར་བཀྲེས་སྐོམ་ནད་རྣམས་དང། ། དམྱལ་བའི་སྡུག་བསྔལ་ཐམས་ཅད་ཚང།། སེམས་ཅན་དམྱལ་བ་དཔག་མེད་པ།། འདི་ཡི་སྒྲ་ནི་ཐོས་པ་ན།། དམྱལ་བ་གཞན་ཀུན་བདེ་མོར་མཐོང།། དམྱལ་བ་གཞན་གྱི་མེ་ཀུན་ནི། ། འདི་ཡི་དྲུང་ན་བསིལ་བར་འགྱུར།། སྟེང་ནས་མཚོན་ཆའི་ཆར་འབབ་ཅིང།། འོག་ནས་ས་གཞི་མེ་རུ་འབར།། བར་དུ་དུད་འཁྲིགས་ཁྲོ་ཆུས་འཚོད།། གཤེད་པོ་རྣམས་ཀྱིས་རྡེག་གསོད་བྱེད།། ཚེ་ནི་བསྐལ་པ་གྲངས་མེད་དོ། ། དེ་ལྟར་དམྱལ་བའི་མི་དེ་རྣམས།། མི་ལོ་ལྔ་བཅུ་རྒྱལ་ཆེན་ཞག། དེ་ཡི་ཟླ་བ་བཅུ་གཉིས་ལ།། ལོ་བསྒྲངས་ལོ་ནི་ལྔ་བཅུ་ལ།། ཡང་སོས་རང་ལོ་གཅིག་ཡིན་ནོ།། དེ་ལ་ལྔ་བཅུ་ཐིག་ནག་གི། ཞག་ཏུ་བྱས་ནས་བསྒྲངས་པ་ཡིས།། རིམ་གྱིས་དེ་བཞིན་བསྒྲངས་པ་ཡིན།། མནར་མེད་ཚེ་ཚད་བསྐལ་པའི་བར།། ལས་ཀྱི་རྣམ་སྨིན་མ་ཟད་ན།། དེ་བས་བསྐལ་པ་མང་དུ་བསྟན།། ཚ་བས་ལུས་གདུང་མོད་ལ་ནི། ། ཤིན་ཏུ་གྲང་བའི་དམྱལ་བ་བརྒྱད།། རྒྱུ་ནི་དགེ་འདུན་དཀོན་མཆོག་དང།། མི་དང་དུད་འགྲོ་ལ་སོགས་ལ།། གོས་བཤུས་སྤུ་ཕྱི་འཁྱགས་སུ་བཅུག། ཆུར་བསྐུར་བསྡིགས་བསད་མནན་སྐྱིགས་དང།། སྐྱབས་གནས་ཕྲལ་བའི་རྣམ་སྨིན་གྱིས། ། ལྷགས་པའི་ངར་གྱིས་ཆུ་བུར་འགྱུར།། རྣག་ཁྲག་ཆུ་རྡོལ་སོ་འཐམས་ཤིང།། ཁྱབ་པས་ལུས་འཐུམས་ལས་ཤུ་ཟེར།། ཀྱི་ཧུད་སྒྲ་འབྱིན་ཆོ་ངེས་འདེབས།། པདྨ་དམར་ལྟར་ལུས་པོ་གས། ། ཨུཏྤལ་ལྟ་བུར་ལུས་ཚལ་མང།། གྲང་བའི་སྡུག་བསྔལ་བསམ་མི་ཁྱབ།། ཆུ་བུར་ཚེ་ཚད་ཏིལ་གཞོང་གང།། ལོ་བརྒྱ་ཏིལ་རེ་ཕྱུང་ཟད་ཡིན།། གཞན་མ་རྣམས་ནི་ཉི་ཤུ་འགྱུར།། གྲང་བའི་སྡུག་བསྔལ་བསྲན་ཐབས་མེད། ། ཉི་ཚེ་བ་ཡི་དམྱལ་བ་ནི།། གླིང་བར་རྣམས་དང་མུན་པའི་གླིང།། འཛམ་བུའི་མི་དང་དུད་འགྲོའི་ཁྲོད།། ཡི་དྭགས་ལྷ་མིན་ཁྲོད་ན་གནས།། རྒྱུ་ནི་མི་དགེའི་རྣམ་སྨིན་རྣམས།། དགེ་བ་ཅུང་ཟད་འདྲེས་པ་ཡིས། ། ཉོན་མོངས་དུག་གསུམ་རྐྱེན་གྱིས་སུ།། དགེ་སྡིག་སྔོན་ལ་གང་སྤྱད་དེ།། འབྲས་བུ་སྔོན་ལ་འོངས་པ་སྟེ།། སྡིག་སྤྱད་ཉིན་པར་སྡུག་བསྔལ་ཞིང།། མཚན་མོ་བདེ་བར་ལོངས་སྤྱོད་ཕྱེད།། དགེ་བ་ཉིན་པར་བདེ་སྤྱོད་ཅིང། ། མཚན་མོ་མི་བཟད་སྡུག་བསྔལ་སྤྱོད།། ཉེ་འཁོར་ལྕགས་ཁང་སྒོ་མེད་ནང།། རླུང་གིས་སྒོ་ཕྱེ་ཕྱི་རོལ་འབྲོས།། ཤིང་རྣམས་མཚོན་ཆའི་ཆར་དུ་བབ།། རི་བྲག་ཐམས་ཅད་སྤུ་གྲིའི་སོ།། ཆུ་རྣམས་རོ་མྱགས་འདམ་རྫབ་ཀྱིས། ། རི་རྣམས་དམྱལ་སྲུངས་འཇིགས་པའི་གཟུགས།། ས་གཞི་མེ་མར་མོ་ཡི་འོབས།། རང་སྣང་ལོག་པའི་སྡུག་བསྔལ་ཏེ།། འཇིགས་པ་བཞི་ལ་སྐོར་ཟློག་ནི།། ཕྱོགས་བཞི་སྒོ་བཞིར་འབྱིན་འཇུག་བྱེད། ། དམྱལ་བ་རྣམས་ནི་རྫུས་སྐྱེས་པས།། སྐད་ཅིག་དེ་ལ་སྡུག་བསྔལ་རྫོགས།། བདེ་བར་གནས་སྐབས་ཡུད་ཙམ་མེད།། དུག་ལྔ་སེར་སྣ་ལ་སོགས་ཀྱིས།། སྐྱོན་པའི་མི་དགེ་བཅུ་སྤྱད་ཅིང།། ཁྱད་པར་མ་བྱིན་འདོད་སྲེད་དང། ། བརྣབ་སེམས་གཡོ་སྒྱུའི་ལས་སྤྱད་པས།། ཡི་དྭགས་རིགས་ནི་དཔག་མེད་ཀྱང།། བྱེ་བྲག་སུམ་ཅུ་དྲུག་སོགས་རྣམས།། བསྡུས་ན་སྒྲིབ་པ་ཅན་བཞིའོ།། གནས་ནི་ས་འོག་ས་སྟེངས་ན།། ལུས་ནི་ཕོ་མོ་མོ་རིགས་མང། ། བཞི་བརྒྱ་རྩ་བཞི་ནད་ཀྱིས་མནར།། སྡུག་བསྔལ་དམྱལ་བའི་རིགས་མཐུན་ཡོད།། ཁྱད་པར་སེར་སྣའི་འཇུར་འགེགས་ཀྱིས།། གཞན་གྱི་དགེ་བསྒྲགས་རང་ལ་སྤྱད།། མི་དགེ་ཕྱི་ཡི་སྒྲིབ་པ་ཅན། ། གནས་མེད་བྱེ་མའི་ཐང་སྟོང་ལ།། ཚ་གྲང་གཉིས་ཀྱི་སྡུག་བསྔལ་སྤྱོད།། སྐྱབས་མེད་མུན་པའི་གློང་ན་འཁྱམ།། མགོ་བོ་ཆེ་ལ་མིད་པ་ཕྲ།། གསུས་པ་གྲུ་ཙམ་རྐང་ལག་ཕྲ།། ལུས་པོ་མི་ཐེག་འཚིག་ཅིང་འཆག། གྲང་བས་གོས་མེད་ཆུ་བུར་ཅན།། ཚ་བས་མེས་ཚིག་བསིལ་སྐྱབས་མེད།། འབྲོས་པའི་གནས་མེད་གཤེད་མས་བསྐོར།། ནང་གི་སྒྲིབ་ཅན་ལྟོགས་སྐོམ་ཡིད།། ལས་སྒྲིབ་བརྒྱ་མཚོའི་ཆུ་ཡང་སྐམ། ། བཟའ་བཏུང་གང་ཡང་མི་སྣང་ཞིང།། གནས་སྐབས་ཙམ་རེ་ཟས་མཐོང་ཡང། ཁ་རུ་བསླེབ་དུས་རུལ་མྱགས་དང།། ལྕགས་བསྲེགས་ཐུ་ལུམ་འབར་བར་འགྱུར། ཁ་ལ་མེ་འབར་ཁོང་པར་དུག། དམྱལ་བ་ལྟ་བུའི་སྡུག་བསྔལ་མྱོང། ། སྒོ་ཁུར་ཟས་སྐོམ་གནས་མཐོང་ཚེ།། འཇིག་པའི་ལམ་བསྒྲལ་སྤྱིན་ཙམ་ན།། སྟོབས་ཅན་མཚོན་ཆ་ཐོགས་པ་ཡིས།། རང་སྣང་ལོག་པས་སྲུང་བར་མཐོང།། གསད་དོགས་འཇིགས་པའི་སྡུག་བསྔལ་དང། ། རི་རྣམས་དགྲ་དང་རྩི་ཤིང་མཚོན།། ཆུ་རྣམས་མེ་འབར་ཚིག་དོགས་སྐྲགས།། སྤྱི་ཐུན་ཟས་ཉིད་རྣག་ཁྲག་ཏུ།། མཐོང་སྟེ་ཟོས་ཤིང་ཚིམ་པ་མེད། ཁ་ནས་ངན་སྐྱུགས་ལུས་ཁེངས་ཤིང།། རང་ཤ་ཟ་ཞིང་ཆོ་ངེས་འདེབས། ། མཁའ་ལ་རྒྱུ་དང་འབྲོག་དགོན་འཁྱམས།། འགའ་ཞིག་གཞན་ལ་གནོད་འཚེ་བ།། གླགས་ལྟ་གཏོར་མ་དྲི་ཟ་དང།། བདུད་རིགས་རྫུ་འཕྲུལ་ལྡན་པ་ལ།། སྡུག་བསྔལ་མི་བཟད་འཇིགས་པ་ཡོད། ། སྐྱེ་གནས་ཕལ་ཆེར་རྫུས་སྐྱེས་ལ།། ཚེ་ནི་མི་ལོ་ཞག་བྱས་པའི།། བརྩིས་པའི་རང་ལོ་ལྔ་བརྒྱ་ཐུབ།། རིང་ཤོས་བསྐལ་པ་གཅིག་ཐུབ་བོ།། གཏི་མུག་མི་དགེའི་ལས་བཅུ་སྤྱད།། ཁྱད་པར་འདོད་ལོག་གཡེམ་པ་དང། ། ངག་འཁྱལ་ཚུལ་ཁྲིམས་འཆལ་བའི་རྒྱུས།། དུད་འགྲོ་རིགས་ནི་དཔག་མེད་ན། ཁ་འཐོར་ཀླུ་དང་ལྷ་མིན་རིགས།། གཟུགས་ནི་མ་ངེས་སྣ་ཚོགས་ལས།། གནས་ནི་ས་ཆུ་མེ་རླུང་མཁའ།། རྩི་ཤིང་མི་གཙང་དྲི་ང་དང། ། སྲོག་ཆགས་ལུས་དང་མུན་པར་འཁྱམས།། ཟས་ནི་རིགས་པ་ཡིད་དགེ་སེམས། ཁ་ཟས་སྣ་ཚོགས་འཚོ་བར་བྱེད།། ཚེ་ནི་ངེས་མེད་སྐད་ཅིག་ནས།། བསྐལ་པའི་བར་དུ་ཐུབ་པ་ཡོད། ཁ་འཐོར་བྱོལ་སོང་རིགས་བཞི་རྒྱུ། ། གཏི་མུག་བཏང་སྙོམས་མི་དགེ་དང།། དགེ་བ་སྤྱད་པའི་མཐུ་སྟོབས་ལས།། མི་ཤེས་མུན་པའི་བསམ་གཏན་གྱིས།། བྱ་དང་གླང་པོ་ས་སྲུངས་སོགས།། ལྷ་ཡི་རིགས་ཀྱི་དུད་འགྲོར་སྐྱེས།། དགེ་བ་ཕྲ་མོ་དངོས་ལོགས་པས། ། མི་ཡི་ཁྲོད་ཀྱི་དུད་འགྲོར་འགྱུར།། གཏི་མུག་གསོད་གཅོད་རྫུན་ཚིག་གིས།། དམྱལ་བར་གནས་པའི་དུད་འགྲོ་སྟེ།། དེ་རྣམས་སེམས་མེད་སྤྲུལ་པ་དང།། སེམས་ཅན་བླུན་རྨོངས་གཉིས་ཡིན་ནོ། ། ཕལ་ཆེར་གླིང་བར་མུན་པ་དང།། ས་འོག་ཆུ་དང་རྒྱ་མཚོ་གནས།། རྐང་མང་རྐང་མེད་རྐང་གཉིས་དང།། རྐང་གཅིག་རྐང་བཞི་གཟུགས་མེད་ཡོད།། སྡུག་བསྔལ་མགོན་མེད་དགྲ་མང་ཞིང།། བཀོལ་སྤྱོད་གསོད་གཅོད་བྲན་དུ་འཁོལ། ། མ་བུ་ཉིང་ཤ་རང་ཤ་ཟ།། གཅིག་གིས་གཅིག་འཇོམས་ཟ་བ་དང།། བཀོལ་སྤྱོད་གསོད་རྡུང་བྱེད་པ་རྣམས།། དངོས་སུ་མཐོང་ཡང་མི་གོ་བས།། གླེན་ཞིང་གཏི་མུག་མུན་པས་བསྒྲིབས། ། བྱ་གཅན་རི་དྭགས་གླང་ཆེན་སོགས།། ཤ་རུས་པགས་པ་སྤུ་ཡི་ཕྱིར།། ཚོར་བའི་སྡུག་བསྔལ་བསམ་མི་ཁྱབ།། ཉ་ཐལ་ཆུ་སྲིན་སྦྲུལ་གདུག་རྣམས།། རང་གིས་གཞན་ཟ་གཞན་གྱིས་རང།། མང་དུ་འདུས་པས་གཅིག་ལ་ཟ། ། གཅིག་གིས་མང་པོའི་གཤེད་དུ་བྱེད།། བྱ་རོག་འུག་པ་བྱི་ལ་ཁྱི།། ཞེ་སྡང་ལས་སྐྱེས་ཤ་ཟའི་ཚོགས།། ཝ་དང་སྤྲེའུ་བྱ་བྱི་སྲིན།། འདོད་ཆགས་བརྣབ་སེམས་སྲེད་པས་སྡུག། ཉ་དང་ཕྱེ་ལེབ་བུང་བ་བྱ། ། འདོད་ཡོན་སྡུག་བསྔལ་གྲོགས་སུ་མཐོང།། རྟ་གླང་ཕག་པ་ལུག་གི་རིགས།། སྲིན་བུ་མངལ་གནས་གཏི་མུག་ཅན།། རི་དྭགས་ས་བདག་དངང་སྐྲག་བརྒྱལ།། རང་སྣང་དགྲར་ལངས་སྲོག་འཆད་ཡོད། ། ལུས་ནད་ཡིད་ལ་ཟུག་རྔུ་ནི།། དུད་འགྲོ་རྣམས་ལ་རྒྱུན་མི་འཆད།། མགོ་ནི་འཕྲེད་ལྟ་ཁ་འཐུར་བསྟན།། ལྷ་མི་ལས་བྱོལ་ངན་སོང་རྟགས།། ལུས་ཀྱི་ཕྲ་རགས་རྡུལ་ཕྲན་ཙམ།། རི་རབ་ཙམ་གྱི་ཁྱད་པར་གྱིས། ། གཟུགས་དང་ཁ་དོག་སྟོབས་ཁྱད་ཆེ།། འདོད་ལོག་ཞེ་སྡང་གདུག་རྩུབ་དང།། སྦྱིན་སོགས་ཕྱིན་ཅི་ལོག་སོང་བས།། དུད་འགྲོའི་རིགས་ཀྱི་གཙོ་བོ་ནི།། ཀླུ་བདག་བ་གླང་གདོང་པ་ཅན།། མགོ་མཇུག་སྦྲུལ་ལ་ཁོག་པ་མི། ། ཀླུ་བརྒྱད་འཁོར་ཚོགས་འབུམ་དང་བཅས།། རྐྱེན་སྡུག་སྦལ་སྦྲུལ་འཇིགས་པས་བསྐོར།། རྒྱ་མཚོ་ཆུ་མིག་ནེའུ་གསིང་གནས།། དཀར་ཕྱོགས་དགེ་བ་བསྐྱེད་པ་རྣམས།། བདུད་རྩིའི་ཟས་ཟ་ལོངས་སྤྱོད་ལྡན། ། རྫུ་འཕྲུལ་སྟོབས་དང་ནུས་པ་ཆེ།། གནག་ཕྱོགས་གདུག་པའི་དུག་རླབས་འཕྲོ།། གང་དང་ལྷན་ཅིག་ཁྲོས་ནས་གནོད།། རང་ནད་མཛེ་སོགས་གཞན་ལ་དགོད།། ན་རག་སྡུག་བསྔལ་ཆ་རེ་ཡོད།། ཟས་སུ་མི་གཙང་དྲི་ང་ཟ། ། མཁའ་ལྡིང་བྱེ་ཚན་ཆར་བབ་དང།། ལྷ་མིན་ཁྲོས་པའི་ཆད་པ་ཡིས།། དམྱལ་བ་ལྟ་བུའི་སྡུག་བསྔལ་ཡོད།། སྔ་དྲོ་རྫུ་འཕྲུལ་སེམས་གསལ་ལྡན།། ལྷ་མིའི་སྣང་བ་སྐབས་སུ་འཆར།། ཕྱི་དྲོ་གཏི་མུག་དུད་འགྲོ་ཡིས། ། མུན་ནག་དུག་ཆུ་ཁོལ་མར་འཚོད།། རྒྱལ་བས་བསྔགས་པའི་མཚོ།། ཕྲག་དོག་མི་དགེའི་རྣམ་སེམས་ཀྱིས།། ཤ་ཟ་ཁྲག་འཐུང་གཞན་ཡུལ་བཅོམ།། གནོད་སེམས་དགེ་དང་འདྲེས་པར་བྱེད།། གཏི་མུག་སྨོན་པ་ཕྱིན་ཅི་ལོག། རྒྱམཚོའི་ནང་སོང་རི་རབ་ཀྱིས།། ཁོང་སེང་མུན་པས་འཐིབས་པ་རུ།། ལྷ་མིན་དབང་པོ་སྒྲ་གཅན་འཛིན།། བུ་དང་ཆུང་མར་བཅས་པ་དང།། རིན་ཆེན་གཞལ་ཡས་ལོངས་སྤྱོད་དང།། ཚལ་དང་མེ་ཏོག་འབབ་ཆུའི་སྟེང། ། བྱ་དང་བུང་བའི་ཚོགས་ཀྱིས་གང།། དེ་རུ་སྐྱེས་པའི་ལྷ་མིན་རྣམས།། ཤས་ཆེར་དུད་འགྲོའི་བསམ་པ་ལ།། གཟུགས་ཀྱང་དུད་འགྲོའི་མགོ་བོ་ཅན།། རྫུ་འཕྲུལ་རྒྱ་མཚོ་འཁྲུག་པ་དང། ། རི་རབ་གཡོ་ནུས་འཐབ་རྩོད་དགའ།། སྡང་སེམས་སྐྱེས་དུས་དམྱལ་བ་དངོས།། མི་ཡི་ལོ་ལ་ཞག་བྱས་པའི།། བསྒྲངས་པའི་རང་ལོ་ལྔ་སྟོང་ཐུབ།། འགའ་ཞིག་འཐབ་རྩོད་བར་དེར་འཆི། ། འཕོས་ཚེ་དམྱལ་བར་ལྟུང་བ་མང།། དེ་ལ་སོགས་པ་དུད་འགྲོའི་རིགས།། དུཿཁ་བཤད་པ་བརྗོད་མི་ལང།། སྦྱིན་སོགས་དགེ་ལས་སྤྱད་བྱས་ཀྱང།། བསམ་པ་མ་རུངས་སྨོན་པས་ཏེ།། མི་དགེ་བ་ལ་བསྟོད་བྱས་རྒྱུས། ། ལྷ་མིན་རིགས་ནི་རྣམ་གཉིས་ཏེ།། བདུད་རིགས་ཡི་དྭགས་རྫུ་འཕྲུལ་ཅན།། དུད་འགྲོ་རིགས་སུ་གཏོགས་པ་ཡིན།། གྲོང་ཁྱེར་འོག་ནས་འཕྲེང་ལྡན་ནི།། རྒྱ་མཚོ་མཚམས་ཀྱི་རི་རབ་ལོགས་ལ་ནི།། རིན་ཆེན་གཞལ་ཡས་དགའ་བའི་ཚལ་དང་བཅས། ། ལྗོན་ཤིང་རྫིང་བུ་ལོངས་སྤྱོད་སྣ་ཚོགས་ལྡན།། ལྷ་མིན་རྒྱལ་པོ་དབང་སྟོན་ཆུང་འཁོར་ཚོགས།། སྣ་ཚོགས་སྡེ་རིགས་ཁྲི་ཕྲག་བཅུ་གཉིས་ནི།། གཟུགས་ནི་སྣ་ཚོགས་བདེ་སྡུག་འདྲེས་པར་སྤྱོད། ། དྲེགས་པའི་ང་རྒྱལ་ལྷ་ལ་རྩོད་འདོད་ཅིང།། རྫུ་འཕྲུལ་ལུས་ཀྱིས་ཉི་ཟླའི་འོད་ཀྱང་སྒྲིབ།། རི་བོ་གཡོ་དང་གནམ་གྲུམ་སྒྲ་སྐད་སྒྲོགས།། རང་ལོ་དྲུག་སྟོང་དབང་སྒྱུར་བ་ཡིན།། སྡིག་བཅས་མཆོད་སྦྱིན་ཚུལ་ཆོས་རྒྱུ་ཡིས་སྐྱེད། ། གྲོང་ཁྱེར་བཙེས་ལྡན་རི་རབ་ལོག། གྲོང་ཁྱེར་གཉིས་རྩེས་བརྒྱ་སྟོང་ན།། སྔོན་བས་ལྷག་པའི་ཁང་བཟངས་དང།། གསེར་དང་གཡེར་ཁ་མི་འཕྲེང་ཚལ།། འདྲེས་པའི་ཚལ་བཞིའི་སྐྱེད་ཚལ་དང། ། རྒྱལ་པོ་མེ་ཏོག་འཕྲེང་འཛིན་ལ།། ལྷ་མིན་བུ་མོ་རྣམས་ཀྱིས་མཆོད།། སྟོབས་དང་ལོངས་སྤྱོད་དགའ་བར་བྱེད།། ལྷ་མིན་རང་ལོ་བདུན་སྟོང་ཐུབ།། འཇིག་རྟེན་དགེ་བའི་ལོངས་སྤྱོད་ཀྱིས། ། གསུམ་པ་གསེར་གྱི་ས་གཞིའི་སྟེང།། གྲོང་ཁྱེར་སུམ་བརྩེགས་ཅན་ཞེས་པ།། གསེར་འོད་ལྡན་པའི་རིན་ཆེན་གྱི།། དཔག་ཚད་བརྒྱད་སྟོང་ཁང་བཟངས་ལ།། བཀྲ་ཤིས་རང་མཛེས་ཆུ་རྒྱུན་དང།། ཤིང་ལྗོན་སྐྱེད་ཚལ་དུ་མ་ལ། ། བྱ་དང་བུང་བའི་ཚོགས་ཀྱིས་གང།། བདག་ཉིད་ཆེན་པོ་ཐག་བཟངས་རིགས།། ལྷ་མིན་བུ་མོ་རབ་མཛེས་རྣམས།། རིན་ཆེན་རྒྱན་སྲས་རྩེ་དགའ་བྱེད།། འཇིགས་པ་མེད་པའི་རྫུ་འཕྲུལ་སྟོན། ། སྟོབས་ཆེན་རབ་དགོད་ང་རྒྱལ་རློམ།། ལྷ་མིན་ཐམས་ཅད་སྟགས་སྐྱེད་ཅིང།། ལོངས་སྤྱོད་རྩེ་རྒོད་བག་མེད་སྤྱོད།། ཚེ་འདི་རང་ལོ་སྟོང་ཕྲག་བརྒྱད།། དེ་ལྟར་ལྷ་མིན་རིགས་རྣམས་ནི།། དུད་འགྲོ་རིགས་མན་ངན་སོང་གནས། ། འཕོས་ཏེ་ལྷ་དང་མིར་སྐྱེས་ཀྱང།། རང་རང་རྒྱུ་མཐུན་འབྲས་བུ་འབྱུང།། ཕྲལ་དུ་དམྱལ་བར་ལྟུང་བར་བྱེད།། ཆགས་སྡང་གཉིས་ཀྱི་སྲེད་པ་ཡིས།། ལྷ་དང་ལྷ་མིན་འཐབ་རྩོད་རྒྱུ།། རྐྱེན་ནི་ལྷ་མིན་བུ་མོ་ཡིས། ། ལྷ་ཡི་གནས་སུ་ལྟས་པ་ལས།། ལྷ་ཡི་བུ་རྣམས་འདོད་པ་གཡོས།། ལྷ་ཡི་བདུད་རྩིའི་ཆར་ཕབ་པས།། ལྷ་མིན་རྣམས་ནི་འདོད་པ་སྐྱེས།། ཟས་ལ་ཆགས་ཤིང་མོ་ལ་སྲེད།། མིག་སེར་ཕྲག་དོག་ང་རྒྱལ་གྱིས། ། ལྷ་མིན་སྒྲ་གཅན་དབང་ལྡན་ཁྲོས།། ལྷ་དང་ལྷ་མིན་གཡུལ་འགྱེད་འགྱུར།། མི་རྣམས་དགེ་སྤྱོད་འཐབ་རྩོད་ནི།། དཀར་པོའི་ཀླུ་རྣམས་དགའ་བ་ཡིས།། མི་ཡུལ་བཀྲ་ཤིས་བདེ་ལེགས་འབྱུང། ། འདྲེས་སྤྱོད་ལྷ་མིན་ནག་ཚོགས་ཙམ།། འཕྲེང་ཐོགས་ལྷ་རྣམས་རྒྱལ་བར་འགྱུར།། མི་རྣམས་མི་དགེ་ལོག་སྤྱད་ན།། ལྷ་མི་དཔུང་སྐྱེད་ཞེ་ཁྲོས་ནས།། ནག་པོའི་ཀླུ་དང་མ་མོ་ཡིས།། ལོ་ཉེས་ནད་ཡམས་འཁྲུག་པ་དང། ། གངས་ཆད་ཆུ་རྡོལ་གློག་གི་སྒྲས།། གླིང་བཞིའི་མི་ལ་འཚེ་བར་བྱེད།། དང་པོ་ལྷ་མིན་རྣམས་ཚོགས་ནས།། ནག་པོ་ཀླུ་ཡི་ཕྱོགས་བྱས་ཏེ།། སྒྲ་གཅན་དབང་པོ་གཡུལ་འགྱེད་འོང།། དེ་རྣམས་རྒྱལ་ཆེན་རིགས་བཞིས་འཇོམས། ། ཕམ་པས་གྲོང་ཁྱེར་གཉིས་པ་ཡི།། རྒྱལ་པོས་མེ་ཏོག་འཕྲེང་འཛིན་གྱིས།། འཁོར་རྣམས་སྦྲན་ཏེ་གོ་བགོས་ནས།། མི་བཟད་གཡུལ་འགྱེད་དྲག་པོ་ལ།། རྒྱལ་ཆེན་བཞི་ཡིས་ཕམ་པར་བྱས། ། དེ་ཚེ་གྲོང་ཁྱེར་གསུམ་པ་ཡི།། རབ་དགོད་ཐག་བཟངས་དབང་པོ་ཁྲོས།། ཀྱེ། ལྷ་མིན་རྣམས་ལ་སྟོབས་མེད་ཅིང།། ལྷ་མིན་བུ་མོ་གཡོ་སྒྱུ་ཅན།། ལྷ་ཡི་ཡིད་ནི་མི་སྡུད་དམ།། ནོར་རྒྱས་ཀླུ་སོགས་ནག་པོའི་ཚོགས། ། ཚར་གཅད་བྱ་ཕྱིར་ཆས་སོ་ཞེས།། ལྷ་མིན་དབང་པོས་ཀུན་ལ་བསྒོས།། ལྷ་མིན་གྲོང་ཁྱེར་སུམ་བརྩེགས་ཀྱིས།། ཤིང་རྟ་མཚོན་ཆ་གོ་བགོས་ནས།། བུ་མོས་ལྷ་བུ་མགོ་སྐོར་ཞིང།། རྔ་སྒྲ་ལྷ་མིན་ཆ་སྒྲ་ཡིས། ། རི་དང་ནགས་ཚལ་མཚོ་རྣམས་གཡོས།། དེ་ཚེ་ལྷ་རྣམས་དགའ་བའི་ཚལ།། ལྷ་དབང་ཆོས་བཟངས་མདུན་ས་ནས།། ཀུན་ལ་བཀའ་བསྒོས་ཤིང་རྟའི་ཚལ།། གོ་ཆ་འདོད་ཕྱིར་རྒྱུག་པར་བྱེད།། རྩུབ་འགྱུར་ཚལ་དུ་གཡུལ་འགྱེད་ཚེ། ། གླང་པོ་ཆེན་པོ་ས་སྲུངས་བུ།། ལུས་ཆེན་དཔག་ཚད་སྟོང་ཡོད་པའི།། མགོའི་སྟོང་དེ་སྟོང་རི་རབ་སྟོང།། དེ་སྟེངས་ལྷ་ཡི་དམག་ཚོགས་འབུམ།། བུ་མོ་མཛེས་མས་རྩེ་དགའ་བྱེད།། ལྷ་ཡི་བུ་རྣམས་རིན་ཆེན་བརྒྱན། ། ཤིང་རྟ་ཞོན་ནས་མཚོན་ཆ་ཐོགས།། བར་སྣང་ཐམས་ཅད་གང་བ་ཡིས།། སྒྲ་ཆེན་སྒྲོག་ཅིང་དོང་བར་བྱེད།། དེ་ཚེ་སྟོབས་ལྡན་ནག་པོ་མ་གཏོགས་པ།། ལྷ་མིན་ཐམས་ཅད་སྤུ་ཟིང་བྱེད།། ལྷ་མིན་རྔ་སྒྲས་རྒྱ་མཚོ་འགུལ། ། ཀླུ་རྣམས་རྒྱུགས་པས་ས་གཞི་གཡོས།། གནོད་སྦྱིན་ཁྲོས་པས་སྐར་མདའ་ལྟུང།། འཇིག་རྟེན་སྐྱོང་པས་གླིང་བཞི་ཉུལ།། དང་པོ་ཀླུ་རྣམས་དུག་ཆར་འཕེན།། མེ་འོད་འབྲུག་སྟོང་གློག་དམར་འགྱེད། ། དེ་ཚེ་ལྷ་མིན་དགའ་བའི་སྒྲ།། ཧ་ཧ་འབྱིན་ཅིང་རྒྱུག་པར་བྱེད།། དེ་ལ་ཀུན་ཏུ་རྒྱུ་བའི་ལྷ།། འཕྲེང་ཐོགས་བཅས་པས་གཡུལ་འགྱེད་འགྱུར།། དེ་ལ་ལྷ་མིན་རི་བོ་འཕེན།། ཐམས་ཅད་མཚོན་ཆའི་ཆར་འབེབས་བྱེད། ། དེ་ཚེ་ལྷ་རྣམས་མཚོན་ཆའི་ཆར།། ཕབ་པས་རི་ལྡེག་རྒྱ་མཚོ་འཁྲུག། སྒྲ་ནི་གནམ་ས་གྲུམ་མཉམ་གྲག། མཚོན་ཆ་རྡོ་རྗེ་སེར་ལྟར་བབ།། གློག་འཕྲེང་བསྐལ་པའི་མེ་འོད་འཕྲོ།། ལྷ་མིན་རྒྱ་མཚོའི་ནང་གནས་རྣམས། ། སྙིང་འགས་དྲན་མེད་ཕྱོགས་བཅུར་རྒྱུག། དེ་ཚེ་རབ་དགོད་ཐག་བཟངས་ཁྲོས།། ལྷ་ཡི་དབང་པོའི་ཐོག་ཏུ་མཆོངས།། རལ་གྲི་མཚོན་ཆའི་འཁོར་ལོ་འཕངས།། དེ་ལ་གླང་པོ་ས་སྲུངས་བུས། ། སྣ་ཡི་དབུགས་ཀྱིས་འགྱེལ་དུ་བཅུག། རྡོ་རྗེ་རྨིག་པས་ཕྱེ་མར་བརླགས།། ལྷ་དབང་སྤྲུལ་པས་ནམ་མཁའ་ཁེངས།། གནམ་ལྕགས་ཆར་ཕབ་ལྷ་མིན་བྲོས།། སྔོན་གྱི་བསད་བཅད་རྣམ་སྨིན་གྱིས།། ལ་ལ་སྨས་ཤིང་ལ་ལ་ཤི། ། ལྷ་མིན་བུ་མོ་མྱ་ངན་བྱེད།། སྨས་ཤིང་མི་དང་མཚུངས་པ་ཡིན།། ཕྲག་དོག་གདུག་པའི་ལས་འབྲས་ཀྱིས།། དངོས་པོ་གང་མཐོང་གོ་དང་མཚོན།། ལུས་ཀྱི་ལས་སུ་གསོད་དང་རྩོད།། ངག་ཏུ་རྒྱོབ་དང་སོད་སྒྲ་སྒྲོགས། ། ཡིད་ལ་རྟག་ཏུ་དགྲ་དང་འཁྲུག། ཤི་བའི་རོ་ནི་རྒྱ་མཚོར་སྐྱུར།། མཚོ་ནི་ཁྲག་ཏུ་འཁྲུག་པར་འགྱུར།། མགོ་དང་སྐེད་པ་མ་ཆད་ན།། ལུས་ལ་མཚོན་བསྣུན་རྨ་ཡིས་ནི།། ལས་ངན་ཡོད་པས་འཆི་མི་འགྱུར། ། རྟག་ཏུ་ལས་ཀྱི་སྡུག་བསྔལ་སྤྱོད།། ལྷ་རྣམས་སྲོག་གཅོད་སྤངས་པ་ཡིས།། མི་འཆི་རྨ་བྱུང་དེ་ཀར་འཚོ།། ལྷ་རྣམས་དགའ་བའི་ཚལ་དུ་བཟློག། སྡང་སེམས་མེད་པས་དགའ་བདེ་སྤྱོད།། ལྷ་མིན་རང་ཡུལ་འཐབ་རྩོད་བྱེད། ། ངན་སོང་སྡུག་བསྔལ་བསམ་མི་ཁྱབ།། མ་རིག་འཁྲུལ་ཀྱང་སྦྱིན་པ་དང།། ཚུལ་ཁྲིམས་དགེ་བས་ལས་གྲུབ་ཕྱིར།། གླིང་བཞི་དང་ནི་གླིང་ཕྲན་གནས།། སྒྲ་མི་སྙན་ན་དགེ་བའི་མཐུས།། གཟུགས་བཟང་ཁྲུ་ནི་སུམ་ཅུ་གཉིས། ། རྫུས་སྐྱེས་ཚེ་ལོ་སྟོང་ཐུབ་ཅིང།། ལོངས་སྤྱོད་འདོད་ལྷ་བཞིན་དུ་ཡོད།། ལུས་འཕགས་ཁྲུ་བརྒྱད་སྐྱེམ་བྱེད་ལེགས།། དྲོད་སྐྱེས་ཉིས་བརྒྱ་ལྔ་བཅུ་ཐུབ།། བ་གླང་སྤྱོད་པ་ཁྲུ་བཅུ་དྲུག། སྒོང་སྐྱེས་ལྔ་བརྒྱ་ལོངས་སྤྱོད་ཆེ། ། འཛམ་བུ་གླིང་ན་ཁྲུ་བཞི་པ།། མངལ་སྐྱེས་ལུས་ཀྱི་རིག་རྩལ་ཆེ།། ཚེ་ལ་ངེས་མེད་དཔག་མེད་ནས།། བར་དུ་བརྒྱད་ཁྲི་ཐ་མ་བཅུ།། དེ་ལས་ཐུང་བ་མ་ཡི་མངལ།། གླིང་བཞི་ཙམ་ནས་མངལ་སྐྱེས་མང། ། དབྱིབས་དང་ཁ་དོག་ས་གཞི་འདྲ།། ཐུན་མོང་མི་རྟག་སྐྱེ་ཤིང་ཅན།། བསོད་ནམས་ལས་གྲུབ་འཛམ་བུ་སྲས།། ལས་ཀྱིས་ས་པར་བཤད་པ་འདི།། བསྐལ་བ་དང་ནས་ཐ་མའི་བར།། དུས་ཀྱི་བཟང་ངན་རིམ་པ་རུ། ། བདེ་སྡུག་གཉིས་ལ་རིམ་པར་སྤྱོད།། ཚེ་ལོ་དཔག་མེད་བརྒྱད་ཁྲིའི་དུས།། མི་ཡི་གཟུགས་གཟུང་ཆགས་སྡང་ཆུང།། སྒྲ་མི་སྙན་བཞིན་ལོངས་སྤྱོད་ཆེ།། ས་ཞག་མ་རྨོས་ས་ལུ་ལྗང།། རྩོལ་བ་མེད་པའི་ལོངས་སྤྱོད་ཡོད། ། སྡེ་རིགས་ཁྱིམ་ཐབ་མེད་པར་བདེ།། བར་དུ་ལས་ཀྱི་ཆགས་སྲེད་ཀྱིས།། གསོག་འཇོག་བཙལ་བས་ལོངས་སྤྱོད་ཉམས།། བྱང་ཆུབ་སེམས་ལྡན་ཀུན་དོན་གྱིས།། རྒྱལ་པོ་བྱུང་ནས་སྡེ་རིགས་དགོས། ། འདོད་ཉུང་བཙུན་པས་བྲམ་ཟེར་གྲགས།། མཁས་པ་རྗེའུ་རིགས་ཕལ་པ་དམངས།། ངན་སྤྱོད་སྣོལ་བར་གྲགས་པ་བཞི།། ལས་ཀྱི་རྩོལ་བས་ལོངས་སྤྱོད་ལྡན།། ཁྱིམ་ཐབ་ངོ་ཚའི་འཛིན་རྟོག་བྱུང། ། བསོད་ནམས་ལས་ལ་སྤྱོད་པས་བདེ།། དེ་ནས་ཆགས་སྡང་དགེ་སྡིག་དྲན།། ཟུག་རྔུ་ལས་དབང་ཆེར་སོང་ནས།། བརྒྱད་ཁྲི་བཅུ་པར་ཐུབ་པ་ཡི།། མུ་གེ་ནད་མཚོན་མེ་ཆུ་རླུང།། ལོ་ཟླ་ཞག་བདུན་གོ་རིམས་འོང། ། དགེ་བས་དུས་ཀྱི་བསྐལ་པ་བཟང།། བསོད་ནམས་ལས་བྱུང་གསེར་ཟངས་དངུལ།། ལྕགས་ལས་གྲུབ་པའི་འཁོར་ལོ་ཡིས།། སྒྱུར་རྒྱལ་མི་ཡི་དབང་ཕྱུག་པོ།། འཁོར་ལོ་ནོར་བུ་བུད་མེད་དེ། ། བློན་པོ་དམག་དཔོན་གླང་ཆེན་བདུན།། ཉེ་བ་རལ་གྲི་པགས་ཆེན་དང།། ཚལ་དང་གོས་སྣམ་མལ་ཆ་བདུན།། ལོངས་སྤྱོད་ཀུན་ལ་དབང་བྱེད་ཅིང།། སྤྲུལ་སྐུའི་བསྟན་པ་རིན་ཆེན་སྒྲོན།། དགེ་སློང་རྣམས་ནི་འབྱུང་བའི་ཕྱིར། ། ཉམས་པ་མེད་པའི་ཚུལ་ཁྲིམས་ལྡན།། དེ་ནས་ལས་དབང་མི་དགེ་མཐུས།། ཚེ་དང་ལོངས་སྤྱོད་སྟོབས་རྣམས་བྲི།། གདུལ་དཀའ་འདུལ་བའི་དུས་ལ་བབ།། རྒྱལ་པོ་སྡེ་དཔོན་སོ་སོར་འབྱེད། ། བསྟོན་པའི་ཆོས་ལ་སྡེ་རིགས་གྱེས།། ཐེག་པ་སྣ་ཚོགས་གྲུབ་མཐའ་གཅོད།། སྤང་བླང་བདེ་སྡུག་སྣ་ཚོགས་འབྱུང།། གཉེན་པོ་མི་ཐུབ་ངན་དབང་འཆོར།། མི་དགེ་བཅུ་སོགས་ངན་སྤྱོད་དུས།། ལྔ་བཅུའི་ཚེ་ལ་རྟགས་ཙམ་འཛིན། ། བཞི་བཅུའི་དུས་ན་བསྟན་པ་ནུབ།། བདེ་སྐྱིད་ཟད་པས་ངན་འགྲོར་མཚུངས།། དེ་རྣམས་དགེ་སྡིག་རྣམ་སྨིན་གྱིས།། དབང་གི་འབྲས་བུ་ཐུན་མོང་དང།། ཐུན་མོང་མ་ཡིན་གང་བྱས་མྱོང།། སྣ་ཚོགས་ལས་ཀྱིས་སྐྱེད་པའོ། ། ཉོན་མོངས་རགས་ཤིང་བསོད་ནམས་ཕྲ།། མི་དགེ་རྟག་ཏུ་སྡུག་བསྔལ་བའི།། རྩོད་ལྡན་དུས་ཀྱི་སྙིགས་མ་ལྔ།། ཉོན་མོངས་ཆེ་ལ་གཉེན་པོ་ཆུང།། རྨོངས་པ་ཕྱིན་ཅི་ལོག་ལ་གསལ། ། དུས་ཀྱི་སྙིགས་མ་འགྱུར་ལྡོག་ཆེ།། ཚེ་ཐུང་ནད་མང་བློ་བུར་འཆི།། ཟས་ལ་བཅུད་མེད་འཚོ་བས་འཕོངས།། ཉོན་མོངས་དུག་ལྔ་རང་ཁར་སྤྱོད།། དབང་ཕྱུག་སྒྱུར་སྨྲའི་ཆད་ལྟ་འཛིན།། དགེ་དམན་སྡིག་པ་དགའ་ཆེ་བས། ། མི་ལུས་ཐོབ་ཀྱང་མི་ཁོམ་གནས།། སྐྱེ་རྒས་ན་འཆིའི་རྦ་ལ་གཡེང།། མ་རིག་ལས་ཀྱི་རྣམ་ཤེས་དེ།། མི་གཙང་ཁྲག་གི་མངལ་ནས་སུ།། ཚ་གྲང་འཁྱམས་རྟགས་རིས་ནོན་པའི།། སྡུག་བསྔལ་མྱོང་ཞིང་འཇུར་མིག་ལ། ། དྲངས་པའི་ཚུལ་གྱིས་སྐྱེས་ཙམ་ན།། གསར་གྱུར་པགས་བཤུས་གཤེད་མས་ཁྱེར།། སྔངས་སྐྲག་སྐྱེ་བའི་སྡུག་བསྔལ་མྱོང།། ལས་ཀྱི་རྣམ་སྨིན་ལུས་པོ་ལ།། ཕྱི་རོལ་ལྟོགས་འཁྱམས་ངལ་དུབ་དང། ། མཚོན་དང་འབྱུང་བ་དུག་གི་ནད།། རླུང་མཁྲིས་བད་ཀན་གདོན་འདུས་ཀྱི།། རྟག་ཏུ་ལུས་ལ་འཚེ་ནད་མང།། བུ་དང་ཆུང་མ་གཉེན་བཤེས་ཚོགས།། འབྲེལ་པ་དགྲ་དང་མཉམ་དུ་གནོད།། བྱམས་གཉེན་ཕན་བཏགས་བྲལ་དོགས་བརྩེར། ། སྡང་དགྲ་གནོད་སྐྱལ་བྱས་དོགས་དང།། མ་ལྡང་མ་ཕྱིད་དོགས་པ་ཡིས།། མེད་པ་འཚོལ་བའི་སྡུག་བསྔལ་སྤྱོད།། ཡོད་པ་འཚོ་སྐྱོང་ཞེན་ཆགས་ཆེ།། མངའ་རིགས་ཆེ་ཆུང་གང་ཡོད་ལ། ། སྲེད་པས་དུད་འགྲོ་བས་ཀྱང་གདུག། མི་ཚེ་ལྟོགས་དོགས་ཡིད་གདུངས་ཤིང།། ཡི་དྭགས་བཞིན་དུ་བཀྲེས་ཤིང་འཕོངས།། ཆོག་ཤེས་མེད་པའི་སྡུག་བསྔལ་ལ།། བདེ་བར་ལྟ་ཞིང་སྡུག་བསྔལ་སྤྱོད། ། གྲོགས་བཤེས་གཤིན་ཡུལ་རྣམས་དང་བྲལ།། དགྲ་ཡི་ཚོགས་ཀྱིས་བཅོམ་གྱུར་ཏེ།། མཛའ་ཡང་འབྲལ་ལ་སྡང་ཡང་འགྲོགས།། དུས་རྣམས་ཀུན་ཏུ་བདེ་བ་མེད།། བཟང་པོ་ཁེངས་ཤིང་གྲགས་པས་མྱོས། ། མཐོ་ལ་སྙེག་འདོད་མཉམ་ལ་འགྲན།། ཕྲག་དོག་སྨ་ལ་མཉམ་པ་ཡི།། སྡུག་བསྔལ་རྒྱུ་འབྲས་རང་གཟུགས་འགྱུར།། ངན་པ་ཀུན་ནས་འཕོངས་པས་ཉེན།། བདེ་བའི་གོ་སྐབས་མེད་པ་ལ།། ཐར་པ་བསྒྲུབ་འདོད་གསེར་བས་དཀོན། ། མི་དགེ་ཕྲ་རགས་རྡུལ་བས་མང།། རྣམ་རྟོག་འབྱུང་བའི་ལུས་སྟོབས་བྲི།། ཕྱི་ནང་བདེ་སྐྱིད་དམན་པར་གྱུར།། ལུས་ཉམས་སེམས་རྨོངས་ནད་ཁམས་མང།། མདངས་ཤོར་ཚེ་ཐུང་རྒས་པའི་དུས། ། སྣུམ་ཟད་མེ་བཞིན་ཕ་རོལ་ཏུ།། འགྲོ་ལ་ཁད་དེ་སྡོང་རུལ་བཞིན།། གསོ་ཐབས་མེད་པས་ཀུན་གྱིས་མཉམ།། རྒས་པའི་སྡུག་བསྔལ་བསམ་མི་ཁྱབ།། རྒས་པ་ཞུམ་ཞིང་སྟོབས་ཟད་ནས།། ཚེ་དང་སྲོག་དང་དྲོད་འགགས་པ། ། ནད་གཅོད་སྡུག་བསྔལ་ཟུག་རྔུ་ནི།། ཤ་རུས་པགས་བྲལ་རྩ་རྒྱུས་འཆང།། སྲོག་སྙིང་རྣམ་ཤེས་རྟེན་བུར་བྲལ།། འཇིག་རྟེན་ཞིག་པའི་དངངས་སྐྲག་གིས།། སྙིང་ཁྲག་པོ་སྟེ་འཆི་བ་ཡི།། སྡུག་བསྔལ་བཤད་ན་གློ་སྙིང་འབྲུམ། ། རང་སྣང་རང་རིག་མ་ཤེས་པས།། སྣང་མེད་མུན་པའི་བར་དོར་འཁྱམས།། དབང་པོ་ཀུན་ཚང་ཐོགས་མེད་ཀྱིས།། སྔ་ཕྱིའི་རིགས་མཐུན་ཀུན་མཐོང་ངོ།། ངོ་མི་ཤེས་པས་མུན་པར་འཐུམས། ། ཁམས་གསུམ་འཁོར་བའི་སྡུག་བསྔལ་སྤྱོད།། འཆི་བ་ལས་ཟད་ཚེ་མ་ཟད།། སྡུག་བསྔལ་བློ་བུར་རྐྱེན་གྱིས་འཆི།། ལས་ཟད་ཚེ་ཟད་མནར་ནས་འཆི།། དེ་ལ་བཟློག་ཐབས་མ་མཆིས་པས།། བསོད་ནམས་མ་ཟད་ཚེ་ཟད་འཆི། ། ནད་མེད་བདེ་བར་བློ་བུར་འཆི།། ལས་ངན་ཟད་ནས་ཚེ་ཟད་འཆི།། ཚེ་རིང་ནད་མེད་བདེ་བར་འཆི།། བློ་བུར་ཚེ་ཟད་དགེ་བས་བཟློག། ལུས་སེམས་རང་བཅུད་ཟད་པ་ཡི།། དུས་ཀྱི་ཚེ་ཟད་འཆི་བ་ལ། ། སངས་རྒྱས་སྟོང་གི་མཐུས་ཀྱང་རྡུགས།། མདོར་ན་འཚོ་རྐྱེན་ཡོད་པ་ན།། རྒས་ཀྱང་འཆི་བ་བསྲིང་དུ་ཡོད།། འཚོ་རྐྱེན་མེད་ན་གཞོན་ཡང་འཆི།། ཚོ་ལ་ངེས་མེད་སྤྲིན་དང་འདྲ།། ཚེ་འདིའི་སྣང་བ་ནུབ་པ་ལ། ། འཆི་བ་ཞེས་ནི་ཐ་དད་རྟགས།། འཆི་འཕོའི་སྡུག་བསྔལ་ཡོད་རེ་འཁྲུལ།། མི་ལུས་དོན་མེད་གླང་གི་སྙིང།། གཡེང་བས་མནར་བའི་སྤྲེའུ་སྟེ།། ཡུན་རིངས་ནད་པར་གཅོང་ཅན་འདྲ།། འདུ་བྱེད་འབད་པ་དོན་རེ་ཆུང། ། ཁོམ་ལྡན་མི་ལུས་ཉིན་མོའི་དུས།། སྐར་མ་བས་ཀྱང་ཤིན་ཏུ་ཉུང།། དགེ་བ་བརྩོན་པའི་འདུ་ཤེས་ཀྱིས།། ཚུལ་ཁྲིམས་སྣ་རེ་བསྲུངས་པ་ཡིས།། རི་རབ་གསེར་ནས་འཕང་དུ་མེད།། འབུམ་དང་དྲུག་ཁྲི་བརྒྱད་སྟོང་སྟེ། ། ཕྱིད་ནི་ལྷ་མིན་གནས་སུ་བསྟན།། སྟེང་དུ་བང་རིམ་བཞི་པོ་ནི།། རིན་ཆེན་བཞི་ལས་གྲུབ་པ་ཡི།། ཁྲི་ཕྲག་དྲུག་ཅུའི་རི་བོ་མཛེས།། ཕྱི་རིམ་རི་བདུན་རོལ་མཚོ་བདུན།། གཉའ་ཤིང་འཛིན་གྱི་རྟེན་གནས། ། ཕྱོགས་ཀྱི་གཙོ་བོ་རྒྱལ་ཆེན་བཞིའི།། གནས་བཞི་གནས་འཁོར་བཅུ་བཅུ་སྟེང།། བཞི་བཅུ་གནས་ཀྱི་འོག་མ་ནི།། བང་རིམ་དང་པོའི་འཕྲེང་ཐོགས་ནས།། སྐྱབས་སོང་མཆོད་སྦྱིན་དང་བྱས་རྒྱུས། ། ཕྱོགས་དང་ཟུར་དང་མཐའ་གནས་པའི།། ཉེར་མཚོ་དཀར་པོ་ཐམས་ཅད་དགའ།། ནགས་ཚལ་ཡིད་འོང་ཉེ་བའི་ཚལ།། གནས་བཅུ་སྐོར་བའི་ཡུལ་དེ་ལ།། རིན་ཆེན་སྣ་ཚོགས་མཛེས་པའི་ཚལ།། མེ་ཏོག་ལྗོན་ཤིང་དུ་མས་བརྒྱན། ། ཆུ་གཙང་སྦྲང་ཆང་རྒུན་འབྲུམ་ཆང།། འབབ་ཆུ་སྣ་ཚོགས་འཐུངས་པས་མྱོས།། སྒྲ་སྙན་བྱ་དང་བུང་བས་ཁེངས།། རྒྱན་གོས་ལོངས་སྤྱོད་བཟའ་བཏུང་རྣམས།། བསམས་པ་ཙམ་གྱིས་འབྱུང་བ་དང། ། མཛེས་པའི་ལྷ་མོ་བརྒྱ་ཕྲག་གིས།། སྣ་ཚོགས་མཆོད་པས་མགུ་བར་བྱེད།། མེ་ལོང་ཚལ་དུ་སྔོན་གྱི་ལས།། སྣང་འགྱུར་དྲན་པས་དགའ་བདེ་སྐྱེ།། རླུང་བཞིན་སྐད་ཅིག་འདོད་ཀུན་རྒྱུག། འདོད་པའི་ཞེན་པས་དངོས་སུ་འཁྲིག། བུ་ཚ་ཕ་མའི་མངལ་དུ་ནི།། ཕ་མའི་རྩིབ་ལོགས་གཡས་པ་ནས།། ཞག་བདུན་གནས་ཏེ་ལོ་ལྔའི་ཚུལ།། གོས་དང་ཁང་པར་བཅས་པ་རུ།། སྐྱེས་ནས་ཞག་བདུན་ནང་དུ་རྫོགས།། འཕྲེང་ཐོགས་ལ་སོགས་ལུས་ཀྱི་ཚད། ། རྒྱང་གྲགས་བཞི་ཆ་གཅིག་ཡིན་ལ།། རྒྱལ་ཆེན་བཞི་ནི་རྒྱང་གྲགས་ཕྱེད།། སྐྱེས་ཏེ་བདེ་བར་ལྡན་པར་འགྱུར།། གཉིས་པ་ལག་ན་ཡོལ་ཐོགས་ནི།། ཚུལ་ཁྲིམས་དཀོན་མཆོག་མཆོད་པ་དང། ། དམན་པའི་འགྲོ་ལ་སྦྱིན་བྱས་རྒྱུས།། གཞན་རྣམས་སྔོན་ནས་པདྨའི་ནང།། མཛེས་པའི་གཟུགས་དང་བུང་སྒྲ་སྙན།། རླུང་གིས་དྲི་ཞིམ་རོ་རེག་དགའ།། ཡུལ་ལྔའི་བདེ་བ་སྦྱོར་བ་ནི།། སྔོན་ལས་ལྷག་སྟེ་རྫུས་སྐྱེས་ལྡན། ། འཁོར་ལོ་སྒྱུར་བ་དཔེར་བྱ་མིན།། ལྷ་མོ་རྣམས་དང་ལྷན་ཅིག་རྩེ།། སྲེད་པ་འཕེལ་བས་གཞན་དུ་འཕོ།། དེ་ནས་གསུམ་པ་རྟག་མྱོས་ཀྱི།། གནས་བཅུ་གཞན་ལ་སྣོད་ཡངས་ཤིང།། སྡོམ་ལྡན་སྦྱིན་གནས་སྐྱོབ་པའི་རྒྱུས། ། ལྷ་དགའ་ཨུཏྤལ་པདྨའི་ཚལ།། འདོད་པ་ལྔ་ཡི་ལོངས་སྤྱོད་ལ།། སྔ་མ་གཉིས་པས་བཅུ་འགྱུར་ལྷག། ཡིད་ཀྱི་བདེ་བ་ལོངས་སྤྱོད་ལྡན།། མཛེས་པའི་ལྷ་མོ་མྱོས་མ་དང།། བྱ་དང་བུང་བ་བདེ་བས་མྱོས། ། མེ་ཏོག་ཆར་འབེབས་གླུ་གར་གྱི།། སིལ་སྙན་མཆོད་པ་བསམ་མི་ཁྱབ།། ཁྱད་པར་དགའ་བ་རྟག་ཏུ་འཕེལ།། དེ་ནས་བཞི་པ་པི་ཝང་གནས།། རྒྱལ་ཆེན་བཞི་རུ་སྐྱེ་བའི་རྒྱུ།། ཀུན་དགའ་གནས་དང་མཆོད་སྦྱིན་སོགས། ། དགེ་འདུན་ཞབས་ཐོག་བརྩོན་པ་ཡིས།། ཚུལ་ལྡན་ཆོས་བཀོད་པ་ལས།། དྲི་དགའ་ཤར་ནས་ཡུལ་འཁོར་སྐྱོང།། དགའ་ལྡན་འཕགས་སྐྱེས་ལྷོ་ཡི་ཕྱོགས།། གཟུགས་མྱོས་ནུབ་ན་མིག་མི་བཟང། ། ལུས་ངན་བྱང་ཕྱོགས་ལྕང་ལོ་ཅན།། རིན་ཆེན་གཞལ་ཡས་འོད་འཕྲོའི་ནང།། ཡིད་འོང་མཛེས་པའི་ལྷ་མོ་ཡིས།། རྩེ་ཞིང་སྒྲ་སྙན་སྒྲོགས་པར་བྱེད།། མཛེས་པའི་རི་བོ་སྣ་ཚོགས་ལ། ། མཚུངས་མེད་མེ་ཏོག་ལྗོན་པས་བརྒྱན།། བྱ་དང་བུང་བ་གསུང་སྙན་སྒྲོག། ཆུ་བསིལ་འབབ་ཆུས་རོ་བཅུར་ལྡན།། སྣ་ཚོགས་འདྲེས་པའི་དགེ་བ་ཡིས།། སྣ་ཚོགས་མདངས་ལྡན་ཚུལ་དུ་འོང།། ཚལ་རྣམས་ཁ་དོག་སྤོས་སོ་སྟེ། ། རང་ལུས་དེ་ཡི་ཁ་དོག་འགྱུར།། དཔེར་བྱ་ཤེལ་དང་མཚུངས་པ་ཡིན།། རྣམ་པ་དུ་མའི་བདེ་བ་ཡིས།། ཡུལ་དྲུག་མྱོས་པར་ཕྱེད་པ་ཡིན།། ཕྱིར་ཞིང་སྲིད་པ་ཆེར་འོང་བས།། སྲིད་པས་མ་ཚིམ་ཚེ་ཟད་ནས། ། གཞན་དུ་འཕོས་ཏེ་ལས་ཀྱིས་ལྟུང།། དེ་འཁོར་ཀུན་ཏུ་རྒྱ་བའི་ལྷ།། བྱེ་བ་གནས་པའི་གཞལ་ཡས་ཁང།། སྒྲོན་མེ་ཕུལ་བའི་སྦྱིན་སྟོབས་ཀྱིས།། མཁའ་ལ་ཉི་ཟླ་གཟའ་སྐར་གྲགས།། གླིང་བཞི་མུན་སེལ་ལེགས་ཉེས་སྟོན། ། ཉི་མ་མེ་ཤེལ་དྲོད་ཀྱི་འོད།། དཔག་ཚད་ལྔ་བཅུ་རྩ་གཅིག་འོག། ཟླ་བ་ཆུ་ཤེལ་བསིལ་གྱི་འོད།། དཔག་ཚད་ལྔ་བཅུ་གྱེན་འཕང་སྟེ།། ཉི་མའི་འོད་ཀྱིས་འཕེལ་འགྲིབ་བྱེད།། ནང་ན་སྐྱེད་ཚལ་གྲོང་ཁྱེར་དང། ། དགའ་བས་བརྒྱན་པའི་ལོངས་སྤྱོད་ལྡན།། རང་རྩལ་རླུང་གི་ཤུགས་ཀྱིས་འཁོར།། རྒྱ་མཚོར་གནས་པའི་རྫིངས་བཞིན་དུ།། གཞལ་ཡས་མི་གཡོ་རླུང་ཉིད་གཡོ།། ནམ་ཕྱེད་ཉི་མ་ནུབ་པ་དང།། ཉི་མ་ཕྱེད་དང་འཆར་དུས་གཅིག། སྐར་མ་དཔག་ཚད་རེ་རེ་སྟེ།། ཐམས་ཅད་གཞལ་ཡས་ཁང་ཡིན་ཡང།། དེའི་ལྷ་ཚེ་ཟད་འཆི་བའི་དུས།། གཞལ་ཡས་ཁང་ཞིག་རྒྱ་མཚོའི་ནང།། སྐར་མདའ་ལྟུང་ཞིང་ཀླུ་རྣམས་བཀྲག། འདི་རྣམས་མི་ལོ་ལྔ་བཅུ་ཞག། གཅིག་ཏུ་རྩིས་པའི་ཟླ་ཞིག་ནི།། རང་ལོ་ལྔ་བརྒྱ་ཚེ་ཡི་ཚད།། དེ་ནས་མི་དང་ལྷ་ཡི་ཚད།། ཉིས་འགྱུར་ཉིས་འགྱུར་རིམ་བཞིན་ནོ།། སུམ་ཅུ་རྩ་གསུམ་སྐྱེ་བའི་རྒྱུ།། དགྲ་བཅོམ་ཕ་མ་མཆོད་བྱེད་ཅིང། ། ཚུལ་ཁྲིམས་སྐྱོན་མེད་སྦྱིན་པས་འགྲུབ།། བརྒྱ་བྱིན་ལྷ་ཡི་དབང་པོ་ལ།། བྱེ་བ་སྟོང་གི་ལྷ་མོས་མཆོད།། ལྷུན་པོའི་རྩེ་མོ་བརྒྱད་ཁྲིའི་སྟེང།། གྲོང་ཁྱེར་ཆེན་པོ་བལྟ་ན་སྡུག། བྱེ་བའི་དབུས་ན་ཆོས་བཟངས་གནས། ། རྣམ་པར་རྒྱལ་བའི་ཁང་བཟངས་ནི།། དཔག་ཚད་ལྔ་བརྒྱ་རིན་ཆེན་གྱི།། གཞལ་ཡས་ཉི་ཟླའི་འོད་བས་གསལ།། དཔག་མེད་དགའ་བའི་ཚལ་རྣམས་དང།། རིན་ཆེན་རྫིང་བུ་དུ་མ་རྣམས།། མེ་ཏོག་ཚོགས་ཀྱི་ར་བས་བརྒྱན། ། བུང་བ་བྱ་རྣམས་མང་པོས་གང།། དྲི་ཞིམ་ངད་ལྡན་མཚུངས་པ་མེད།། རིན་ཆེན་བྱེ་མ་བརྡལ་བའི་སྟེང།། ཁང་བཟངས་བརྩེགས་པ་དཔག་ཏུ་མེད།། ཚལ་དང་ཉེ་བའི་ཚལ་རྣམས་དང།། དུས་དང་དུས་མིན་ཟས་དང་གོས། ། ལྷ་ཡི་རྒྱན་རྣམས་ཡིད་བཞིན་འབྱུང།། རྨ་བྱ་ངང་པ་རྟ་དང་གླང།། ལྷ་ཡི་བྱོལ་སོང་དགའ་བས་རྩེ།། ལྷ་ཡི་བུ་མོས་དགའ་བས་མཆོད།། དེ་སྲས་ལྷ་ཀུན་བདེ་བས་ཁྱབ།། ཉེ་དབང་སུམ་ཅུ་རྩ་གཉིས་རྣམས། ། ལྷ་གནས་གྲོང་ཁྱེར་ཉམས་དགའ་བར།། ཁ་དོག་གཟུགས་མཛེས་ཕུན་སུམ་ཚོགས།། ཐམས་ཅད་རིན་ཆེན་ས་གཞི་ལ།། གཞལ་ཡས་ཁང་མཛེས་སྐྱེད་ཚལ་དང།། རིན་ཆེན་རྫིང་བུ་སྤོས་དང་ལྡན། ། མེ་ཏོག་སྣ་ཚོགས་རབ་བཀྲ་ཞིང།། ལྗོན་པ་འབབ་ཆུ་མཛེས་ལྡན་དང།། བཟའ་བཏུང་རིན་ཆེན་སྣོད་རྣམས་དང།། རིན་ཆེན་ཁྲི་གདན་བཀྲ་བའི་གོས།། འོད་ལྡན་རྒྱན་ཀུན་བསམ་པས་འགྲུབ། ། བུ་མོ་མཛེས་མ་དུ་མས་མཆོད།། དུས་འདའ་ཡུལ་ལྔའི་དགའ་བདེ་སྤྱོད།། ཉི་ཟླ་བས་ལྷག་འོད་འབར་མས།། ཉིན་མཚན་ཆ་ནི་གཉིད་མི་གཉིད།། མེ་ཏོག་ཁ་ནི་འབྱེད་འཛུམས་དང།། བྱ་སྐད་སྒྲོག་མི་སྒྲོག་གིས་འབྱེད། ། ལྷ་དག་གནས་ནི་དེ་རྣམས་ཀྱི།། ཤར་ཕྱོགས་ཤིང་རྟ་སྣ་ཚོགས་ཚལ།། རྩུབ་འགྱུར་ལྷོ་ལ་འདྲེས་ཚལ་ནུབ།། དགའ་བས་བརྒྱན་པ་བྱང་ན་ཡོད།། བྱང་ཤར་ཡོངས་སུ་ས་བརྟོལ་ཤིང།། ལྷོ་ནུབ་ཁྲུས་ཀྱིས་རྫིང་བུ་དང། ། ནུབ་བྱང་ཨ་མོ་ལ་ཀི་རྡོ།། ཤར་ན་ཆོས་བཟངས་མདུན་ས་ཡོད།། མཐའ་ལ་ལག་ན་རྡོ་རྗེའི་གནས།། ཐུགས་རྗེ་ལས་བྱུང་རྔ་བོ་ཆེ།། ལྷ་མིན་གདུག་རྩུབ་བཟློག་པ་ཡིས།། གཟུགས་མེད་ཆོས་ཀྱི་སྒྲ་སྒྲོགས་ཡོད། ། གཉིས་གཉིས་འཁྱུད་ནས་དབང་པོ་སྤྲད།། མ་ཡི་མངལ་དུ་ཞག་བདུན་གནས།། བྱིས་པ་ལོ་དྲུག་ལྟ་བུ་སྐྱེ།། དེ་ཚེ་མ་མཐོང་ཡུལ་མཐོང་བས།། ངོ་མཚར་ཡིད་གཡོ་བརྟགས་དཔྱད་བྱེད།། རྒྱུ་དེ་སྔོན་གྱི་དགེ་བར་ཤེས། ། དགའ་ཞིང་ཡི་རང་བག་དང་ལྡན།། ལུས་ཀྱི་ཚད་ནི་རྒྱང་གྲངས་གཅིག། སྐྱེས་ནས་ཞག་དྲུག་བར་དུ་རྫོགས།། ལྷ་མོ་མཛེས་མ་མང་དུ་འབྱུང།། བདེ་བའི་ལོངས་སྤྱོད་ཚོགས་ཀྱིས་མཆོད།། བག་མེད་སྲེད་པས་སྐྱེ་གནས་བརྗེད། ། བསླར་ཞིང་སྲེད་པས་དུས་འདའ་མེད།། དགེ་བའི་ལས་ཟད་ཚུལ་མིན་གྱིས།། ལྷ་ཡང་སྡུག་བསྔལ་ཤིན་ཏུ་ཆེ།། འཇིག་རྟེན་གནས་ཀྱི་མཆོག་ཡིན་ཡང།། འཕགས་པ་མ་གཏོགས་སྡུག་བསྔལ་བས། ། ལོངས་སྤྱོད་སྲེད་པའི་ལེ་ལོ་ཡིས།། ཐར་ལམ་བྲལ་ཏེ་ཚེ་ཟད་དུས།། རང་ལོ་སྟོང་ཕྲག་གཅིག་ཐུབ་ནས།། ལྷ་ཡི་ཉེ་བའི་འཆི་ལྟས་ལྔ།། འདོད་ལོག་སྐྱེས་པས་ལྷ་མོ་རྣམས།། གཞན་གྱིས་ཁྱེར་ཞིང་འབྲོས་པར་བྱེད། ། ཁང་བཟངས་རྣམས་ཀྱང་འཇིག་ལ་ཁད།། མཛེས་པའི་མེ་ཏོག་འཕྲེང་བ་བརྙིངས།། འོད་ཀྱང་སྔར་བས་ཆུང་དུ་འགྲོ།། གོས་དང་རྒྱན་གྱི་ཁ་དོག་ཉམས།། ངེས་པར་འཆི་བའི་རྟགས་ལྔ་ལས། ། བཟའ་བཏུང་ཐམས་ཅད་རུལ་བ་དང།། ལུས་ལ་འོད་མེད་དྲི་ངན་འབྱུང།། མི་སྙན་སྒྲ་ཐོས་གྲོགས་ཀྱིས་འབོར།། ཁང་བཟངས་བསྟན་ཡང་འཇིག་པར་འགྱུར།། མིག་མི་ཕྱེད་ཅིང་འཛུམ་པར་འགྱུར།། སྔོན་ཆད་མེད་པའི་སྡུག་བསྔལ་འབྱུང། ། ཨ་ཙ་མ་ཡི་སྨྲེ་སྔགས་འདོན།། ཀྱེ་མ་ཀྱི་ཧུད་འདྲེ་ལོག་བྱེད།། ཞག་བདུན་བར་དུ་སྡུག་བསྔལ་མྱོང།། དམྱལ་བ་བས་ཀྱང་སྡུག་བསྔལ་ཆེ།། སྔོན་གྱིས་བསོད་ནམས་མ་ཡིན་པའི། ། ལས་ཀྱི་འབྲས་བུ་འཐུར་དུ་ལྷུང།། དེ་མཐོང་སྡུག་བསྔལ་བསྲན་མི་བཟོད།། དེ་ཕྱིར་ཐར་པ་མ་ཐོབ་ན།། ལྷ་ཡི་བདེ་བ་སྡུག་བསྔལ་དངོས།། འདི་ལ་སུ་ཞིག་སྨོན་པར་བྱེད།། ལྷག་པའི་ཚུལ་ཁྲིམས་རྣམ་པ་བདུན། ། ཁྱད་པར་འདོད་ལོག་སྤངས་ནས་སུ།། ཕ་མ་ནད་པ་ཆོས་སྨྲ་ལ།། ལོངས་སྤྱོད་བྱིན་ཞིང་ཆོས་འཚོལ་བ།། རི་རབ་ནས་ནི་དྲུག་འབུམ་ཁྲི།། བརྒྱ་སྟོང་སྟེང་གི་ནམ་མཁའ་ལ།། རླུང་གིས་རིན་ཆེན་སྤྲིན་ཕུང་བཏེག། དེ་སྟེངས་མཚེ་མའི་གྲོང་ཁྱེར་ནི།། རབ་མཛེས་ཉི་ཤུ་རྩ་བདུན་ནི།། ཐམས་ཅད་རིན་ཆེན་རི་མཆོག་སྟེང།། སུམ་ཅུ་རྩ་གསུམ་གནས་གཞི་ལ།། དེ་ལས་བཅུ་དྲུག་འགྱུར་གྱིས་འཕགས།། དགེ་བའི་ལས་ཀྱི་མཐུ་ཡིན་ཏེ། ། དེ་བཞིན་གནས་རིམ་དེ་དག་ཀྱང།། རིན་ཆེན་ལྔ་ལས་གྲུབ་པ་སྟེ།། མཐོ་བ་དཔག་ཚད་སྟོང་ཕྲག་ལ།། དྲི་མེད་ཤེལ་ལྟར་འོད་གསལ་ཞིང།། རིན་ཆེན་ལྗོན་པ་བཀྲ་བ་ལ།། བཟའ་བཏུང་གོས་དང་རྒྱན་རྣམས་ནི། ། བསམས་པ་ཙམ་གྱིས་འབྱུང་བར་འགྱུར།། རིན་ཆེན་མེ་ཏོག་དུ་མ་དང།། བྱ་དང་བུང་བ་སྒྲ་སྙན་འབྱིན།། བསམ་གྱིས་མི་ཁྱབ་ཚལ་བཅས་དང།། རིན་ཆེན་ཁང་པ་བརྩེགས་པའི་ནང།། ལྷ་བུ་རེ་ལ་ལྷ་མོ་སྟོང། ། མཛེས་པའི་རྣམ་འགྱུར་སིལ་སྙན་སྒྲ།། དྲི་ཞིམ་ངད་ལྡན་བདེ་བ་མྱོང།། རྨ་བྱ་ངང་པ་ཤིང་རྟ་ཞོན།། རི་བོའི་ངོས་དང་མཁའ་ལ་འགྲོ།། འཕགས་པའི་བྱ་རྣམས་ཆོས་སྒྲ་སྒྲོགས།། བསྐུལ་ཡང་སྲེད་པའི་དབང་དུ་འགྲོ། ། མི་རྟག་དེ་ཡི་དོན་མི་རྟོགས།། བག་མེད་འདོད་པ་ལྔ་ལ་ཞེན།། དེ་ན་རྒྱལ་བའི་ཐུགས་རྗེ་ལས།། རབས་བདུན་རྒྱལ་བའི་མཆོད་ཏེན་ཡོད།། རིན་ཆེན་བདུན་ལས་བྱས་པ་ཡི།། མདོ་རྣམས་ལྷ་དབང་སྟོན་པར་བྱེད། ། དེ་ཡིས་བསོད་ནམས་ལྡན་པའི་ལྷ།། བག་ཡོད་ཆོས་སྤྱོད་གོང་དུ་འཕགས།། ལུས་སེམས་ཅན་ན་མྱོབ་པ་ལས།། མཛེས་ལྡན་འཁྱུད་པས་འཁྲིག་ཚིམ་བྱེད།། བྱིས་པ་ལོ་བདུན་ལོན་འདྲ་སྐྱེ།། སྔོན་གྱི་སྐྱེ་གནས་རྗེས་སུ་དྲན། ། རྒྱང་གྲགས་གཅིག་དང་བཞི་ཆ་གཅིག། ཞག་ལྔས་ཚད་ལུས་རྫོགས་པ་ཡིན།། བག་མེད་སྤྱོད་པས་སྐྱེ་གནས་འགྲིབ།། བག་མེད་ལྷ་རྣམས་ལོངས་སྤྱོད་བསླུས།། སྔོན་གྱི་དགེ་ཟད་བདེ་སྐྱིད་ཉམས། ། ངལ་དུབ་ཡུལ་འགགས་འཁོར་གྱིས་སྤངས།། ལུས་འདོར་ཡིད་སྐྲག་འཆི་ལྟས་འབྱུང།། འོག་ཏུ་ལྟུང་སྟེ་དམྱལ་བས་གཏུག། ལྷ་ལ་སྨོན་པའི་བསམ་གཏན་འཁྲུལ།། རང་ལོ་ཉིས་སྟོང་ཚེ་ཚད་རྫོགས།། དེ་ལས་ཁྱད་འཕགས་དགའ་ལྡན་ནི། ། སྦྱིན་སོགས་ཚུལ་ཁྲིམས་དག་པར་བསྲུངས།། ཆོས་ལ་སེམས་པའི་བྱམས་པ་ཡིས།། ལྟ་བས་ཡིད་སྨོན་བྱས་པ་ཡིས།། དགའ་ལྡན་གནས་ཉིད་ཉམས་དགའ་བ།། དྲི་མེད་འོད་ཀྱི་གཞལ་ཡས་ཁང། ། སྣ་ཚོགས་མཛེས་པ་རེག་ན་བདེ།། ལྷའི་བུ་དྲི་མེད་ཟླ་མཛེས་ལ།། རེ་རེ་ལྷ་མོ་འབུམ་ཕྲག་བསྐོར།། ཡིད་འོང་མཛེས་པའི་སྒྲ་དབྱངས་ཀྱིས།། མཆོད་བྱས་བདེ་བ་དཔག་ཏུ་མེད།། རིན་ཆེན་སྣ་ཚོགས་ས་གཞི་ལ། ། བདུད་རྩི་ཆུ་བསིལ་རྫིང་བུ་མཛེས།། མེ་ཏོག་ཁ་དོག་དཔེ་ལེགས་བརྒྱན།། ཚལ་མཆོག་དགོས་འདོད་ཆར་བཞིན་འབབ།། རིན་ཆེན་ལྷུན་པོ་སྣ་ཚོགས་ལ།། ལྗོན་ཤིང་བྱ་ཚོགས་དུ་མས་གང། ། སྙན་པའི་སྒྲ་འབྱིན་བར་སྣང་ལས།། སིལ་སྙན་ཆོས་ཀྱི་རྔ་སྒྲ་སྒྲོགས། ཁང་བཟངས་རིན་ཆེན་ཐེམ་སྐས་ཅན།། དྲིལ་བུ་གཡེར་ཁའི་དྲ་བས་མཛེས།། དྲི་ཞིམ་སྤོས་ཀྱི་ངད་ལྡན་ཞིང།། རིན་ཆེན་ཤིང་རྟ་ཞོན་ནས་སུ། ། གློག་འགྱུ་ཙམ་གྱིས་གར་འདོད་བགྲོད།། ཚེ་རབས་སྔ་མ་དྲན་པ་ཡོད།། དེ་ན་སྔོན་གྱི་སྨོན་ལམ་མཐུས།། འཕགས་པས་སྤྲུལ་པའི་ལྷ་རྣམས་ཡོད།། རྒྱལ་སྲས་མི་འཕམ་མགོན་པོ་བཞུགས།། བྱང་ཆུབ་ལམ་ལ་འགོད་པར་མཛད། ། ཕྱོགས་བཅུར་སྤྲུལ་པ་བསམ་མི་ཁྱབ།། བདེ་བ་ཆེ་ལ་ལྷ་རྣམས་བསྐུལ།། འཁོར་ལོ་བསྐོར་བ་བླ་ན་མེད།། འདོད་པས་མྱོས་པས་ལྷ་རྣམས་ནི།། ལག་བཅངས་རེག་པ་ཙམ་གྱིས་ཚིམ།། ཞག་བཞི་ལོ་བརྒྱད་ཚུལ་གྱིས་སྐྱེས། ། ལུས་ཚད་རྒྱང་གྲགས་ཕྱེད་དང་གཉིས།། མངལ་ནས་དུས་བཞིན་ཚད་ལུས་རྫོགས།། དེ་ཚེ་སྔོན་གྱི་དགེ་དྲན་སྤྱོད།། བསོད་ནམས་ལྡན་རྣམས་པདྨ་ལ།། རྫུས་སྐྱེས་ཏིང་ངེ་འཛིན་ལ་གནས། ། ཚེ་ལོ་སྟོང་ཕྲག་བཞི་ཐུབ་བོ།། རང་གི་རྩོལ་བའི་ང་རྒྱལ་གྱིས།། རྐྱེན་ལས་མ་ལྟོས་རང་འཁྲུལ་བའི།། སྦྱིན་སོགས་ཚུལ་ཁྲིམས་དགེ་བ་རྣམས།། སྔོན་ལས་ལྷག་པའི་འབྲས་བུ་ཡི།། འཕྲུལ་དགའི་ལྷ་དབང་འཁོར་བཅས་རྣམས། ། བརྒྱ་བྱིན་འབུམ་པས་བདེ་སྟོབས་ལྷག། རིན་ཆེན་སྣ་ཚོགས་ས་གཞི་ལ།། རི་བོ་ལྗོན་ཤིང་མེ་ཏོག་དང།། སྐྱེད་ཚལ་སྣ་ཚོགས་མཛེས་པར་བསྐོར།། གཞལ་མེད་ཁང་ཆེན་ཁྲི་སྟན་དང།། དྲི་མཆོག་གདུགས་དང་བ་དན་དང། ། གོས་དང་འཕྲེང་བ་རྒྱན་རྣམ་པ།། རོལ་མོ་སིལ་སྙན་དུ་མ་དང།། ཞལ་ཟས་རོ་བརྒྱ་ལྡན་པའི་བཅུད།། རང་གིས་བསམས་པ་ཙམ་ལས་སུ།། འདོད་པ་རང་གི་སྤྲུལ་པ་སྟེ།། ལྷ་མོ་འབུམ་ཕྲག་མང་པོ་དང། ། རྒོད་ཅིང་རེག་པས་ཡིད་ཚིམ་བྱེད།། ལག་ཏུ་མེ་ཏོག་གཏད་པ་ཙམ།། ཞག་གསུམ་པདྨའི་ནང་ནས་སུ།། ལོ་དགུ་ལོན་པ་ལྟ་བུ་སྐྱེ།། ལུས་ཚད་རྒྱང་གྲགས་ཕྱེད་དང་གཉིས།། ཞག་གསུམ་རྫོགས་ཏེ་སྔོན་ལ་དྲན། ། དཔག་མེད་འདོད་ཡོན་ལྔ་སྤྱོད་ཅིང།། དྲེགས་པའི་ང་རྒྱལ་ཞེན་པ་རྣམས།། སྟོབས་ལྡན་བདུད་དབང་རིགས་སུ་འགྱུར།། དེ་རྣམས་ལྷ་དབང་ཟློག་པར་བྱེད།། དགའ་ལྡན་གནས་ལས་ཁྱད་འཕགས་ཀྱང།། འཕགས་པ་མ་ཡིན་ལྷ་རྣམས་ཚལ།། འདོད་ཡོན་བདེ་ལ་སྲེད་པ་ཡིས།། སྔོན་གྱི་དགེ་ཟད་དུས་འདས་ཏེ།། ཉེ་དང་རིང་བའི་འཆི་ལྟས་བཅུ།། བྱུང་སྟེ་ཉམས་ནས་ངན་སོང་ལྷུང།། ཚེ་ནི་རང་ལོ་སྟོང་ཕྲག་བརྒྱད། ། འདོད་པ་གཞན་གྱི་སྟེར་བ་ཡི།། གཞན་འཕྲུལ་དབང་བྱེད་སྐྱེ་བའི་རྒྱུ།། སྦྱིན་དང་ཚུལ་ཁྲིམས་བཟོད་ལ་སོགས།། མ་ཉམས་སྐྱོན་མེད་བསྲུངས་བའི་མཐུས།། འཆི་ཁ་དག་པའི་སེམས་ལྡན་རྣམས། ། ཁྱད་འཕགས་ལྷ་ཡི་རིགས་སུ་སྐྱེ།། འཆི་ཁར་ལོག་ལྟས་མཚམས་སྦྱོར་བ།། བདུད་རིགས་རྣམས་སུ་སྐྱེས་པ་ཡིས།། དེ་འབྲས་མནར་མེད་གནས་སུ་འགྲོ།། ལོག་ལྟ་སྤངས་པའི་དགེ་ལྡན་པ། ། གཞན་ལ་དབང་བྱེད་སྟོབས་དང་ལྡན།། དབང་སྒྱུར་ལྷ་ཡི་གཞལ་ཡས་ཁང།། རིན་ཆེན་བྱེ་མ་བརྡལ་བའི་ལྗོངས།། རི་བོ་བརྩེགས་པའི་སྟེང་ན།། ཀུན་གསལ་འོད་ཀྱི་ཁང་པ་ནི།། གྲུ་བཞི་གྲུ་མང་ཐེམ་སྐས་དང། ། སྐར་ཁུང་བ་གམ་དུ་མས་མཛེས།། ལྷ་ཡི་རོལ་མོ་དུ་མས་སྤྲས།། གསེར་དངུལ་ཤེལ་དང་བཻཌཱུརྻ།། མར་གད་རཱ་ག་སྦུག་ལ་སོགས།། སྤེལ་ལེགས་འཇའ་ཚོན་འོད་ཀྱིས་བརྒྱན།། སྐྱེད་ཚལ་རྫིང་བུ་མེ་ཏོག་བཅས། ། གར་འདོད་རྫུ་འཕྲུལ་ཡུད་ཀྱིས་འགྲོ།། བཟའ་བཏུང་གོས་དང་རྒྱན་མཆོག་དང།། དྲི་མཆོག་ཕྱེ་མ་འཕྲེང་བ་དང།། སིལ་སྙན་སྙན་པའི་སྒྲ་དབྱངས་ཀུན།། འདོད་ཁམས་ཀུན་ལས་འདི་ཉིད་ལྷག། ཁང་བཟངས་ལ་སོགས་ལྷ་མོ་རྣམས། ། རེ་རེ་འོད་དང་ཁ་དོག་གཟུགས།། མཛེས་པའི་གླུ་གར་རྩེད་མོ་རྣམས།། འཇིག་རྟེན་གསུམ་ན་མ་མཆིས་པས།། ཆགས་ཕྲལ་མགོན་པོ་མ་གཏོགས་པ།། འདི་ལ་མི་སྲེད་སུ་ཞིག་འོང། ། ལྟས་པ་ཙམ་གྱིས་འཁྲིག་པས་ཚིམ།། ལག་མཐིལ་མེ་ཏོག་པདྨའི་ནང།། བུ་ཚ་ལོ་བཅུའི་རྣམ་པ་སྐྱེ།། ལུས་ཀྱི་ཚད་ནི་རྒྱང་གྲགས་གཉིས།། ཞག་གཉིས་ནང་དུ་ཚད་ལུས་རྫོགས།། སྔོན་ཤེས་སྔོན་གྱི་དགེ་བ་དྲན། ། དེ་ནས་གཞན་དག་ལྷ་མོ་ཡིས།། འདོད་ཡོན་ལྔ་གཏེར་བག་མེད་ཀྱི།། སྲེད་པ་ཕྱིར་འཕེལ་དུས་འདའ་སྟེ།། ནམ་ཞིག་སྲེད་པས་ཆགས་སྡང་སྐྱེ།། མི་དགེ་བདུད་ཀྱི་བསམ་པ་འཆར།། འཆི་ལྟས་ལྔ་ཚང་བདུད་ཀྱིས་དབང། ། ལས་ཀྱིས་མནར་བས་ན་རག་སྤྱོད།། དེ་ལས་ལྡོག་པའི་ལྷ་རྣམས་ནི།། འཕགས་པའི་བློ་ལྡན་བསམ་གཏན་གནས།། ཞེན་པ་མེད་པའི་བདེ་ལ་སྤྱོད།། རང་ལོ་ཁྲི་དང་དྲུག་སྟོང་ཐུབ།། ཕོ་མོའི་གཟུགས་ཅན་འདོད་པས་འཁྲིག། འདོད་ཆགས་བཞི་ཡི་སྲིད་པ་ལ།། འདོད་ཡོན་ལྔ་ལས་འདོད་ཆགས་པས།། བདེ་བ་རགས་པས་འདོད་ཁམས་པ།། དེ་རུ་སྐྱེ་བའི་གཟུགས་ཅན་རྣམས།། ཀུན་རྫོབ་གོས་དང་ཁང་པར་བཅས། ། འདོད་པས་སྐྱེ་བ་གསུམ་ཡིན་ནོ།། འཆི་བ་མ་གཏོགས་ལྷ་རྣམས་ལ།། སྐྱེ་རྒས་ན་བའི་སྡུག་བསྔལ་མེད།། སྔོན་གྱི་དགེ་བའི་འབྲས་བུ་ཡིན།། བསོད་ནམས་ཟད་པའི་རྣམ་སྨིན་གྱིས།། འཆི་ཁར་མནར་མེད་པས་ཀྱང་སྡུག། ལྷུན་པོའི་སྟེང་ན་གནས་པ་ཡི།། འདོད་ལྷའི་བདེ་བ་སྡུག་བསྔལ་ཏེ།། ལས་ཀྱི་ཡིད་བྱེད་འཁྲུལ་པ་ཡིན།། འཁོར་བ་དག་ན་བདེ་བ་མེད།། བདེ་བར་འདོད་པས་སྡུག་བསྔལ་འགྲུབ།། གཟུགས་ཀྱི་ཁམས་གནས་བཅུ་བདུན་ལ། ། གཟུགས་ལ་གཟུང་བས་གཟུགས་ཁམས་པ།། དུག་གསུམ་འདོད་ཞེན་བྲལ་བ་ཡི།། སྦྱིན་དང་ཚུལ་ཁྲིམས་གཙང་མའི་གནས།། བཟོད་པ་བསམ་གཏན་ཆེར་གནས་པས།། བསམ་གཏན་དང་པོ་འཐོབ་པའི་རྒྱུ། ། དགེ་བ་སྔོན་པས་དག་པར་སྤྱོད།། འདོད་ཁམས་ཚེ་འདིའི་བདེ་བ་རྣམས།། ཆགས་ཞེན་སྲེད་པའི་རྒྱུར་མཐོང་ནས།། དེ་ཉིད་སྤོང་འདོད་བསམ་གཏན་ལ།། ཞེན་པས་མཚམས་སྦྱར་ཚངས་རིགས་སྐྱེས། ། སྤྲོ་བས་ཚངས་པའི་མདུན་ན་འདོན།། གཞན་ཕན་ཡོད་པས་ཚངས་ཆེན་དུ།། ཆུང་འབྲིང་ཆེན་པོའི་བསམ་གཏན་དེ།། གཏི་མུག་དང་ལྡན་འཁོར་བ་སྟེ།། དོན་རབ་འབྱེད་ཤེས་འཕགས་པའི་ལམ། ། དེ་རྣམས་རྫུས་སྐྱེས་གོས་དང་བཅས།། བཟོད་པས་གཟུགས་བཟངས་ཕུན་སུམ་ཚོགས།། ཚངས་རིགས་ལུས་ཚད་དཔག་ཚད་ཕྱེད།། དཔག་ཚད་གཅིག་གཉིས་རིམ་པས་རྫོགས།། རིན་ཆེན་སྣ་ཚོགས་འོད་ཀྱི་ཞིང། ། མཐོ་དམན་མེད་པའི་མཉམ་པ་ཉིད།། ཚངས་པའི་གཞལ་མེད་ཁང་ཆེན་ནི།། འདོད་ཁམས་རིན་ཆེན་ཀུན་ལས་ལྷག། དེ་འོད་སུས་ཀྱང་སྒྲིབ་མི་ནུས།། ཆོས་ཀྱི་སིལ་སྙན་སྒྲ་མི་འཆད།། ཕོ་དང་མོ་ཡི་མིང་ཡང་མེད། ། དཔག་མེད་ལོངས་སྤྱོད་ལྡན་གྱུར་ཡང།། འདོད་པ་མེད་དེ་བདེ་བའི་ངང།། གཉིད་དང་ཉིན་མཚན་རྟོག་པ་བྲལ།། བསམ་གཏན་ཟས་ཀྱི་དགའ་བ་སྤྱོད།། ཀུན་ཀྱང་རྫུ་འཕྲུལ་འོད་དང་ལྡན། ། འདོད་ཁམས་སྡུག་བསྔལ་གནས་སུ་མཐོང།། ཉི་མ་སྲིན་བུ་མེ་ཁྱེར་མཚུངས།། ཚངས་པའི་རྒྱལ་པོ་འདི་ཡིས་ནི།། རྒྱལ་བ་རྣམས་ལ་ཆོས་གསུང་བསྐུལ།། དེ་ཕྱིར་མི་མཇེད་བདག་པོ་ཞེས།། ཁྱད་པར་འཕགས་པའི་ལྷ་ཡིན་ནོ། ། ཕྱིན་ཅི་ལོག་རྣམས་ལོག་པར་ལྟ།། གཟུགས་ཁམས་ལྷ་རྣམས་ཐུན་མོང་དུ།། ལུས་རྫོགས་གོས་དང་གཞལ་ཡས་ཁང།། བཅས་པ་འོག་མིན་བར་དུ་ཡིན།། ཐུན་མོང་མ་ཡིན་བསམ་གཏན་ཁྱད། ། གོང་མས་གོང་མ་ཁྱད་དུ་འཕགས།། བསམ་གཏན་གཉིས་པ་རྟོག་མེད་བསྒོམ།། འོད་ཆུང་དུ་སྐྱེས་སྔོན་པས་ལྷག། ལུས་ཀྱི་ཚད་ནི་དཔག་ཚད་བཞི།། སྤྲོ་དགའ་དང་བཅས་བསྒོམ་པ་ལས།། དཔག་ཚད་བརྒྱད་གཟུགས་ཚད་མེད་འོད། ། ཕུལ་དུ་འབྱུང་བས་འོད་གསལ་འོད།། ལུས་ལ་དཔག་ཚད་བཅུ་དྲུག་གོ། འདི་རྣམས་གནས་ནི་དངོས་འཛིན་མེད།། འོད་སྣང་ལས་གྲུབ་གཞལ་ཡས་ཡིན།། ཤིན་ཏུ་དགའ་བདེ་བསམ་གཏན་སྤྱོད། ། ཚིམ་པར་གྱུར་པའི་ཟག་བཅས་ཡོད།། དེ་ནས་དགའ་བདེ་ཞེན་པ་བྲལ།། ཤེས་བཞིན་རྩེ་གཅིག་རིག་པ་ལས།། བསྒོམ་པ་བསམ་གཏན་གསུམ་པའི་དོན།། དགེ་ཆུང་བསྟན་བྱས་ཚད་མེད་དགེ།། བསྟན་པ་ཐོབ་པས་དགེ་རྒྱས་སྐྱེས། ། ལུས་ཚད་རིམ་བཞིན་སོ་གཉིས་དང།། རོ་ཞིང་བརྒྱ་དང་ཉི་ཤུ་བརྒྱད།། བསམ་གཏན་དབེན་པས་གང་བསམས་འགྲུབ།། མཚུངས་མེད་འོད་ཀྱི་གཞལ་ཡས་ན།། འགྲིབ་པ་མེད་པའི་བདེ་བ་འཚོ། ། རང་བཞིན་རྟོགས་པ་མ་བྲལ་བས།། གཟུང་འཛིན་ཉོན་མོངས་གཏིང་ན་ཞེན།། ཟག་པ་ཟད་ན་འཕགས་ལམ་སྟེ།། བསམ་གཏན་བཞི་པར་སྐྱེ་བའི་རྒྱུ།། རྣམ་རྟོག་ཚོགས་ལ་མི་གཡོ་བསྒོམ།། སྨིན་མེད་སྐྱེ་སྟེ་ལུས་ཀྱི་ཚད། ། དཔག་ཚད་ཉིས་བརྒྱ་ལྔ་བཅུའོ།། དེ་ཉིད་གོམས་སྟོབས་བསོད་ནམས་སྐྱེས།། ལུས་ལ་དཔག་ཚད་ལྔ་བརྒྱ་ཡོད།། མི་འགྱུར་གཞི་ཆེ་འབྲས་བུ་ཆེ།། ལུས་ལ་དཔག་ཚད་ལྔ་བརྒྱ་ཡོད། ། ལུས་ལ་དཔག་ཚད་སྟོང་གནས་ཏེ།། ཉོན་མོངས་བག་ལ་ཉལ་བ་ཡོད།། འཇིག་རྟེན་ཀུན་རྟོག་མ་བྲལ་བས།། ནམ་ཞིག་བསོད་ནམས་ལས་ཟད་མཐུས།། ཉོན་མོངས་སྐྱེས་ནས་དུས་འདའ་བྱེད།། དོན་ཤེས་བསམ་གཏན་འཕགས་ལམ་བགྲོད། ། ཤེས་རབ་མི་ལྡན་བསམ་གཏན་ནི།། གཡང་སར་གནས་པའི་དམུས་ལོང་དེ།། གནས་ཆོས་འཐུར་མ་ལྟུང་བ་བཞིན།། སྲིད་པའི་ངན་སོང་གཡང་ལ་ལྟུང།། བསམ་གཏན་གནས་པའི་ལྷ་ཀུན་ནི། ། གནས་སྐབས་ཙམ་གྱི་བདེ་བ་སྟེ།། འཁོར་བར་ལྡོག་པའི་བསམ་གཏན་ཡིན།། བསམ་གཏན་བཞི་པའི་ལྷ་རིགས་ཅིག། འདུ་ཤེས་བཀག་ནས་དབེན་པ་བྱེད།། དེ་ཡིས་མྱ་ངན་འདས་པར་འདོད། ། ནམ་ཞིག་འདུ་ཤེས་སད་པ་དང།། ཕྱིར་ཞིང་ལོག་ལྟས་མཚམས་སྦྱར་ནས།། མཁའ་ལ་རྒྱུ་བའི་ཡི་དྭགས་ཏེ།། ཚེ་རིང་ལྷ་རྣམས་མནར་མེད་སྐྱེ།། མི་ཁོམ་བརྒྱད་གནས་འགྲོ་བ་ཡིན།། བསམ་གཏན་རྫུན་པས་ཐར་མི་ཐོབ། ། གཙང་མ་རིགས་ཀྱི་ལྷ་ལྔ་པོ།། ཉོན་མོངས་ཟག་བཅས་བྲལ་བ་ཡིས།། སྦྱིན་སོགས་དགེ་བས་སྐྱེད་པ་ལས།། བསམ་གཏན་ཤེས་རབ་ཆ་དང་འབྲེལ།། ཉོན་མོངས་ཆ་ཆེ་མི་ཆེ་བ།། ཉོན་མོངས་ཆ་ཆུང་མི་གདུང་བ། ། བྲལ་བས་གྱ་ནོམ་སྣང་བ་དང།། བསམ་གཏན་གནས་པས་ཤིན་ཏུ་མཐོང།། དབང་ཐོབ་འོག་མིན་ལུས་ཀྱི་བར།། ཉིས་སྟོང་བཞི་སྟོང་བརྒྱད་སྟོང་དང།། ཁྲི་དང་དྲུག་སྟོང་སུམ་ཁྲི་དང།། ཉིས་སྟོང་ལུས་ཀྱི་ཚད་ཡིན་ནོ། ། ཚེ་ཚད་ཚངས་རིགས་བསྐལ་ཆུང་ནི།། ཉི་ཤུ་དེ་བཞིན་བཞི་བཅུ་དང།། ཚངས་ཆེན་ལྔ་བཅུ་རྩ་བརྒྱད་དང།། འོད་ཆུང་བསྐལ་ཆེན་གཅིག་ཡིན་ནོ།། དེ་ནས་ཡར་ལ་བཅུ་བཅུར་འཕེལ།། སྔོན་དགེ་ཚེ་ཚད་རིང་བ་ཡིན། ། དེ་རྣམས་རང་སྣང་གཞན་སྣང་གི།། གཟུགས་དང་གཞལ་ཡས་ཁང་དང་བཅས།། རི་རབ་ལ་བརྟེན་ལྷ་གནས་ཡིན།། གཟུགས་མེད་རྟེན་ལ་མ་ཆགས་པར།། བདག་ཏུ་འཛིན་ལ་ཆགས་པ་ཡི། ། བར་སྣང་སྤྲིན་བཞིན་གནས་པ་སྟེ།། རྒྱུ་ནི་བསམ་གཏན་བཞི་ལ་བརྟེན།། གཟུགས་ཀྱང་ཉོན་མོངས་རྟོག་པར་མཐོང།། གཟུགས་ཀྱི་འདུ་ཤེས་བཀག་ནས་སུ།། ནམ་མཁའ་ལྟ་བུར་དམིགས་བཅས་པས།། ནམ་མཁའ་མཐའ་ཡས་སྐྱེ་མཆེད་དེ། ། རང་གཟུགས་མི་སྣང་མཁའ་ལྟ་བུ།། རྣམ་ཤེས་སྣ་ཚོགས་སྐྱེ་མཆེད་ལ།། རྟོག་ཚོགས་འདུ་ཤེས་བཤིག་པ་ཡིན།། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དེ།། རྟོག་པ་མེད་པའི་འདུ་ཤེས་ལ། ། ཅི་ཡང་མ་ཡིན་སྐྱེ་མཆེད་དེ།། ཡོད་པ་ཉིད་ལ་མེད་དམིགས་ནས།། ཅི་ཡང་མེད་རྟོག་དེ་བཤིག་པས།། ཡོད་མིན་མེད་མིན་སྐྱེ་མཆེད་དོ།། སེམས་ཉིད་མཐའ་བྲལ་ལྷུན་གྲུབ་ལས།། མ་རིག་འཁྲུལ་པའི་བཟོ་བཅོས་ཀྱིས། ། ཉོན་མོངས་ཅན་ཡིད་གང་དང་གང།། གོམས་པའི་སྣང་བ་དེ་ཉིད་ལ།། གནས་སྐབས་དེ་དང་དེར་སྣང་བ།། ཉེར་དམིགས་ཞི་བའི་ང་རྒྱལ་ཙམ།། ཇི་ལྟར་ལྷ་ཡི་བདེ་བ་ཡང།། ཆབ་རོམ་སྟེང་གི་བཞིན་དུ། ། དུས་ཚོད་གཅིག་ལ་མ་ཚོར་འཇིག། ཤེས་རབ་ཟིན་ན་འཕགས་པའི་ལམ།། འདོད་གཟུགས་བྲལ་བས་ཞི་ཡིན་ཡང།། བག་ཆགས་མ་དག་འཁོར་བ་སྟེ།། ཤེས་རབ་མེད་ཀུན་འོག་ཏུ་ལྟུང།། ཚེ་ནི་བསྐལ་པ་ཉི་ཁྲི་དང། ། བཞི་ཁྲི་དྲུག་ཁྲི་བརྒྱད་ཁྲི་ཐུབ།། སྐྱེས་པ་དེ་ཡི་སྣང་བ་ཤར།། འཆི་བ་དེ་ཉིད་འགག་པ་ཡིན།། དེ་ལྟར་གང་དུ་སྐྱེས་ནས་ཡང།། སྐྱེ་ཤིའི་ལས་དང་ཉོན་མོངས་ཀྱི།། སྡུག་བསྔལ་རྦ་ལ་འཛད་པ་མེད། ། སངས་རྒྱས་ཐམས་ཅད་ཀྱི་བསྟན་པ་གཞིའི་རྒྱུད་མཆོག་རིན་པོ་ཆེ་སྦུངས་པ་ལས།། འཁོར་བའི་ཉེས་དམིགས་བསྟན་པའི་ལེའུ་སྟེ་གསུམ་པའོ།།།། མ་རིག་འདུ་བྱེད་སྐྱེན་པ་ཡི།། སྡུག་བསྔལ་སྲིད་པའི་རྒྱ་མཚོ་ན། ། མ་སྲིད་པ་ནི་གང་ཡང་མེད།། མ་ལ་བུ་སྐྱེ་ཀུན་གྱི་ཆོས།། བུ་ལ་མ་སྐྱེ་ཀ་རྟ་སྟེ།། ཆུ་ལས་སྐྱེས་ནས་ཞག་བདུན་ནི།། མ་མེད་ཚེ་ཡི་དུས་བྱེད་ལ།། རང་གི་ཁ་ནས་མ་སྐྱེས་ཏེ།། མ་ཡིས་ཁར་མིད་ཁོང་དུ་སོང། ། ཞག་བདུན་མ་ཡི་མངལ་དུ་སྡོད།། ལུས་རྫོགས་སྤྱིར་ཐོན་མ་ཡིས་གཡོས།། མ་དང་མཉམ་དུ་ཆུ་ལ་འཕོང།། སྲིད་པ་ལས་ཀྱི་འཁྲུལ་པ་འདི།། ཀྱེ་མ་འདུས་བྱས་རྣམ་སྨིན་དག། སྐྱེ་ཤི་འཇིག་པའི་ཆོས་ཅན་ཏེ། ། སྣོད་བཅུད་མི་རྟག་ཆགས་འཇིག་སྟོང།། ཕྱི་ཡུལ་མི་རྟག་དུས་གཞི་འགྱུར།། ནང་ལུས་མི་རྟག་སྐྱེ་རྒས་འཆི།། སྣང་བ་མི་རྟག་རྨི་ལམ་འདྲ།། བྱས་ཆོས་མི་རྟག་སྒྱུ་མ་བཞིན།། ཡུལ་མཁར་མི་རྟག་དྲི་ཟའི་གྲོང། ། དགྲ་གཉེན་མི་རྟག་ཚོང་དུས་འགྲོན།། ཟས་ནོར་མི་རྟག་སྦྲང་བུའི་རྩི།། སྒྱུ་ལུས་མི་རྟག་ཆུ་བུར་འདྲ།། བཞིན་མདོག་མི་རྟག་བར་སྣང་འཇའ།། ཚེ་འདི་མི་རྟག་ནམ་མཁའི་གློག། བཙན་པོ་མི་རྟག་རི་གཟར་དབབ། ། དངོས་པོ་མི་རྟག་ནམ་མཁའི་སྤྲིན།། འདོད་ཡོན་མི་རྟག་སྨི་སྒྱུ་ཆུ།། གཏན་པོ་མི་རྟག་འཁྱག་ཐོག་མཁར།། སྔ་ཕྱི་མི་རྟག་སྟོན་ཀའི་རབ།། སྐྱེ་ཤི་མི་རྟག་ཆུ་ཡི་རྦ།། རང་གཞན་མི་རྟག་རྩཝ་ཁའི་ཟིལ། ། བཟང་པོ་མི་རྟག་ཤི་བའི་རོ།། མཐོ་དམན་མི་རྟག་ཆུ་ཁྱེར་ཤིང།། འདུ་བྱེད་མི་རྟག་གར་མཁན་བཞིན།། གཅིག་ཏུ་མི་རྟག་སྣ་ཚོགས་འགྱུར།། འགྱུར་ཞིང་འགྱུར་ཞིང་སྙིང་པོ་མེད།། འཇིག་རྟེན་མི་རྟག་ཟོག་དང་གསོབ། ། འདུས་བྱས་རྐྱེན་གྱིས་སྣ་ཚོགས་བསྒྱུར།། སྡུག་བསྔལ་མིན་པ་གཅིག་ཀྱང་མེད།། མ་རིག་རྣམ་ཤེས་འཁྱམས་པོ་འདི།། ཐོག་མེད་དུས་ནས་ད་ལྟའི་བར།། ཉོན་མོངས་དབང་གིས་སྐྱེ་ཤི་ནི།། ཡང་ནས་ཡང་དུ་ལུས་བླངས་པ། ། དཔག་མེད་རྡུལ་གྱི་གྲངས་པས་མང།། སེམས་ཅན་གཅིག་གི་ལུས་ལ་ཡང།། ཡང་ཡང་བླངས་པས་བསྒྲང་མི་ལང།། ཤ་རུས་བསགས་ན་ས་རྡོ་ཙམ།། རྣག་ཁྲག་བསགས་ན་རྒྱ་མཚོ་བས།། མང་བར་སོང་ཡང་དོན་མེད་ཡོད། ། གཞན་གྱི་ལུས་བླངས་ལྟ་ཅི་སྨོས།། སྔ་མ་ཤི་བའི་རོ་མཐོང་ན།། ཕྱི་མ་སྐྱེ་བ་གློ་སྙིང་འདར།། འཁྲུལ་པའི་རྩ་བ་མ་ཆོད་ན།། ལས་ཀྱི་སྐྱེ་བ་ཆུ་རྡོལ་བཞིན།། སྲིད་པའི་སྐྱེ་སྒོ་མི་ཁེགས་པས། ། ཉོན་མོངས་འཁོར་བའི་རྒྱ་མཚོ་འདིར།། མ་རིག་ཆུ་བོས་ཤུགས་ཀྱིས་འཁྱེར།། སྡུག་བསྔལ་སྐྱེ་ཤིའི་རྦ་ལ་གཡེང།། ཟད་ཅིང་སྟོངས་པའི་དུས་མཐའ་མེད།། སེམས་ཅན་ནམ་མཁའི་མཐའ་དང་མཉམ། ། འཁྲུལ་པའི་གློང་ན་ཚད་གཟུང་དཀའ།། རྐྱེན་ངན་འཁོར་བའི་འཁྲུལ་འཁོར་ཡིན།། རང་གིས་རང་འཁྲུལ་སྨྱོན་པ་བཞིན།། གཅིག་ཏུ་མི་གནས་འཁྲུལ་པའི་བློ།། མ་རིག་ཞིང་གི་ས་བོན་ལ།། འདུ་བྱེད་རྣམ་ཤེས་བློ་འུར་བ། ། དགེ་སྡིག་ལས་ཀྱི་སོ་ནམ་གྱིས།། འབྲས་བུ་བདེ་སྡུག་མཐོ་དམན་ནི།། ངེས་མེད་རྣམ་པ་སྣ་ཚོགས་པ།། ལས་ཀྱི་འཁྲུལ་འཁོར་རླུང་གིས་བཏེག། རིགས་དྲུག་འཁོར་བའི་གྲོང་ཁྱེར་དུ།། མི་དགེ་ལས་དང་ཉོན་མོངས་ཀྱི། ། རྒྱུ་གཉིས་རྐྱེན་གསུམ་མཚམས་སྦྱར་ནས།། གནག་པའི་རྣམ་སྨིན་རྒྱུ་རྐྱེན་གྱིས།། ངན་སོང་གསུམ་དུ་སྡུག་བསྔལ་སྤྱོད།། མནར་མེད་གནས་སུ་ཡུན་རིངས་འཁྱམས།། དཀར་བའི་རྒྱུ་རྐྱེན་འབྲས་བུ་ཡི། ། ལྷ་མིའི་གནས་རྣམས་མ་ལུས་སྐྱེས།། ལུང་མ་བསྟན་པའི་བཏང་སྙོམས་ཀྱིས།། བྱོལ་སོང་མུན་པའི་གནས་སུ་འཁྱམས།། རྣམ་པ་སྣ་ཚོགས་གཟུགས་མང་ལ།། སྡུག་བསྔལ་མི་འདྲ་དཔག་མེད་མྱོང།། ལྷར་སྐྱེས་གསོན་པོར་ངན་སོང་ལྟུང། ། ལྷ་མིན་གྲོང་ཁྱེར་རང་གིས་བསྲེག། མི་ཡི་རྒྱལ་པོ་གྲོང་སྤྲང་བྱེད།། སེང་གེར་སྐྱེས་ནས་གཞན་གྱིས་ཟོས།། ཡི་དྭགས་ཟས་ཀྱིས་བརྣངས་ནས་ཤི།། དམྱལ་བ་རང་གི་སྲོག་གཅོད་བྱེད། ། མ་ནི་ཆུ་རུ་འགྱུར་བ་ཡི།། མི་རྟག་འགྱུར་བའི་ཆོས་ཅན་ལ།། ངེས་མེད་ལོག་པའི་སྡུག་བསྔལ་འབྱུང།། འཁྲུལ་སྣང་བྱ་སྤུ་རླུང་ཁྱེར་འདྲ།། རེས་འགའ་མཐོ་ལ་རེས་འགའ་དམའ།། མནར་མེད་གནས་ན་ཞེན་ཡུན་རིང། ། ལས་ཟད་ཚེ་ན་འདམ་ནས་ཐོན།། སྐམ་སར་སྙོགས་པ་སྲིད་པ་ཙམ།། འཁོར་བའི་ཆུ་བོ་གཏིང་ཞེན་ཆེ།། སྡུག་བསྔལ་རྦ་གློང་སྣ་ཚོགས་འཁྲུལ།། འཁྲུལ་རྟོག་བློ་ལ་འཛད་པ་མེད།། སངས་རྒྱས་ཐམས་ཅད་ཀྱི་བསྟན་པ་གཞིའི་རྒྱུད་མཆོག་རིན་ཆེན་སྤུངས་པ་ལས། ། འདུས་བྱས་མི་རྟག་པར་བསྟན་པའི་ལེའུ་སྟེ་བཞི་པའོ།།།། སྐྱེ་མེད་གཞི་རྩ་མ་ཆོད་པས།། འགག་མེད་འཁོར་བའི་སྐྱེ་ཤི་ལ།། གཅིག་ནས་གཅིག་རྒྱུད་ལུ་གུ་རྒྱུད། ། རྒྱུན་ཆད་མེད་པ་ཆུ་བོའི་རྒྱུན།། སྡུག་བསྔལ་ཆུ་བོའི་གཉེར་མ་འདྲ།། ཕྱི་མ་སྐྱེས་པས་སྔ་མ་འགག། སྐྱེ་ཤི་གཉིས་ལ་ཟད་པ་མེད།། གཅིག་ནས་འཕོ་ཞིང་གཅིག་ཏུ་སྐྱེ།། འཆི་ཁའི་ཤེས་པས་མཚམས་སྦྱར་ནས། ། ཕྱི་མ་དེ་ཡི་སྣང་བར་སྐྱེ།། དགེ་སྡིག་གཉིས་ཀྱི་བཟང་ངན་ལ།། སྔར་གྱི་བག་ཆགས་སྦྱངས་སྟོབས་ཀྱིས།། གོམས་པ་འཆི་ཁར་དེས་མཚམས་སྦྱར།། བློ་བུར་རྐྱེན་གྱིས་གཞན་འགྱུར་ན།། དེ་དང་དེ་སྣང་སྐྱེ་བ་འཐུད། ། བཟང་པོའི་ལས་ནི་བཟང་པོ་འཐུད།། ངན་པ་ལས་ནི་ངན་པ་འཐུད།། གནས་སྐབས་རྐྱེན་གྱི་འཁྲུལ་པ་བྱུང།། མཐའ་བཞུག་ལས་ཀྱི་འཕྲོད་འཐུད་དེ།། འདྲེས་པ་ལས་ནི་འདྲེས་པ་འབྱུང། ། གཞི་མ་དཀར་པོ་གཅིག་ཉིད་ལ།། ཚོན་རྩིས་ཁ་དོག་བསྒྱུར་བ་བཞིན།། ཀུན་གཞི་རྣམ་ཤེས་སྣམ་བུ་ལ།། རྒྱུ་རྐྱེན་གཉིས་ཀྱིས་སྣང་བ་བསྒྱུར།། ཆུ་བོ་ཆུ་བྲན་ལུ་མ་རྣམས།། དྲག་འབབ་དལ་འབབ་སྐོང་མོར་འཁྱིལ། ། གང་བྱས་ཆུ་གཞུན་གཅིག་པ་བཞིན།། བདེ་སྡུག་བཏང་སྙོམས་གང་སྣང་ཡང།། མ་རིག་འཁྲུལ་པའི་རྒྱུན་དུ་གཅིག། བདེ་ཆེན་ཡེ་ཤེས་མ་རྟོགས་ན།། སྡུག་བསྔལ་ཆུ་བོ་རྒྱུན་མི་འཆད།། འདི་ཕྱི་བར་དོས་མཚམས་སྦྱར་ནས། ། འཁོར་བ་ཟོ་ཆུའི་ཁྱུད་མོ་བཞིན།། རྒྱུན་ཆད་མེད་པར་ཁོར་ཡུག་བྱེད།། ནམ་ཟླ་དྲོས་པའི་དུས་ཀྱི་ཚེ།། དྲོད་གཤེར་གཉིས་ཀྱི་རྐྱེན་ལས་སུ།། ས་བོན་བྱེད་མཁན་མེད་པར་སྐྱེ།། མྱུ་གུ་འབྲས་བུ་སྐྱེ་བ་བཞིན། ། སེམས་ཅན་རིགས་མཐུན་འཛོམ་པའི་ཚེ།། ལས་དང་ཉོན་མོངས་རྒྱུ་རྐྱེན་གྱིས།། བར་དོའི་ཁམས་རྣམས་ཐམས་ཅད་ཀུན།། བྱེད་པོ་གཞན་ནས་མེད་པ་རུ།། རང་གཞན་འཛིན་པའི་རྣམ་ཤེས་ཀྱིས།། མི་གཟུགས་སྲིད་པའི་སྐྱེ་བ་ཞེས། ། བློ་བུར་དབང་པོ་གསར་པ་ལ།། སྣང་བ་དེར་འཛིན་སྐྱེ་བ་ཞེས།། མིང་དུ་བཏགས་ཏེ་འཁྲུལ་སྣང་ཡིན།། ཨ་འཐས་ཞེན་པས་སྡུག་བསྔལ་ཏེ།། རྒས་ནས་ན་བ་ཞུམ་ཞིང་འགྱུར།། ཚེ་དང་དྲོད་དང་སྲོག་འགག་པ། ། སྔ་མ་ནུབ་པས་འཆི་བ་ཞེས།། ཐ་སྙད་བཏགས་ཏེ་འཁྲུལ་པ་དངོས།། སྐྱེ་འགག་གཉིས་ཀྱི་སོ་མཚམས་དེ།། བར་དོ་ཞེས་པས་ཉིང་མཚམས་སྦྱོར།། སྔ་མའི་བག་ཆགས་རྨི་ལམ་ལྟར། ། ཞེན་པ་མ་དག་ཆགས་སྡང་འཁྲུལ།། ཕྱི་མའི་ཉེར་ལེན་སྒྱུ་མ་ལྟར།། སྲེད་པའི་འཕེན་པས་སྐྱེ་བ་ལེན།། འདི་ཕྱི་བར་དོ་ཁོར་ཡུག་སྟེ།། ས་བོན་ལས་ནི་མྱུ་གུ་དང།། མྱུ་གུ་འབྲས་བུ་ས་བོན་འཁོར།། རང་འབྱུང་རང་རྐྱེན་རང་འཁོར་ཡིན། ། རང་སེམས་དགེ་དང་མི་དགེའི་རྒྱུས།། རང་རྐྱེན་འཆི་ཁར་ཞེ་སྡང་སྐྱེད།། བར་དོར་དེ་ཡི་ལམ་དུ་ཞུགས།། ཕྱི་མ་དམྱལ་བའི་སྐྱེ་བ་ལེན།། མི་རུ་སྐྱེས་ཀྱང་རྒྱུ་མཐུན་འོང།། དེ་བཞིན་འདོད་ཆགས་མིར་སྐྱེ་ལ། ། སེར་སྣས་ཡི་དྭགས་གཏི་མུག་གིས།། བྱོལ་སོང་གནས་སྐྱེ་ཕྲག་དོག་གིས།། ལྷ་མིན་གནས་ལ་མངོན་པ་ཡི།། ང་རྒྱལ་ལྷ་ཡི་སྐྱེ་བ་ལེན།། སྐྱེ་ཤི་གཉིས་ཀྱི་བར་དེ་རུ།། ཕལ་ཆེར་ཡུན་ནི་ཞག་བདུན་སྲིད། ། རིང་བ་བདུན་ཕྲག་བདུན་ཡིན་ལ།། གཟུགས་མེད་ལྷ་དང་མནར་མེད་མྱུར།། བག་ཆགས་དབང་པོ་ཀུན་ཚང་བའི།། ཐོགས་མེད་རླུང་འདྲའི་ཤེས་པ་དེ།། ལྷར་སྐྱེ་སྟེང་ལ་མི་ལ་གཡས།། ལྷ་མིན་མགོ་བོ་གཡོན་དུ་ལྟ། ། དུད་འགྲོ་ཡི་དྭགས་འཐུར་ལ་ལྟ།། དམྱལ་བ་སྤྱི་ཚུགས་སྣང་བས་ལྟུང།། རྒྱུད་ལྔའི་ལམ་ལ་རེ་མོས་འཁོར།། རིགས་མཐུན་རྐྱེན་ཚངས་སྐྱེ་བ་ལེན།། རྐྱེན་མ་ཚང་བ་བར་དོ་སྟེ།། འགག་རྐྱེན་བྱུང་བས་འཆི་བ་ཡིན། ། གཅིག་ནས་གཅིག་ཏུ་འགྲོ་བ་ཡི།། ཡུལ་ལ་འཁོར་བ་མ་ཡིན་ཏེ། ཁ་ཆུས་འཐུམས་པའི་སྲིན་བུ་བཞིན།། རང་གིས་རང་ཉིད་གཏུམས་ནས་སུ།། རང་སེམས་མ་རིག་འཁོར་བ་ཡིན།། འཁོར་བ་ལོགས་ན་རྡུལ་ཙམ་མེད། ། དགེ་བས་ལ་འཐུད་བདེ་བ་འཁོར།། སྡུག་བསྔལ་ལས་འཐུད་སྡུག་བསྔལ་འཁོར།། ལས་དང་རྒྱུ་རྐྱེན་གང་འཛོམ་འཁོར།། མ་རིག་པ་ལ་རྒྱུན་དུ་འཁོར།། འཁོར་བ་ཟད་ན་མྱ་ངན་འདས། ། སེམས་རྒྱུད་གཅིག་ལ་གཉིས་མི་འོང།། གཉིས་མེད་ཡེ་ཤེས་མ་རིག་པས།། ཀུན་ནས་ཉོན་མོངས་འཁོར་བས་ཏེ།། འཁོར་བའི་སྡུག་བསྔལ་རང་འཁྲུལ་ཡིན།། སངས་རྒྱས་ཐམས་ཅད་ཀྱི་བསྟན་པ་གཞིའི་རྒྱུད་མཆོག་རིན་ཆེན་སྤུངས་པ་ལས། ། མ་རིག་པ་ལ་འཁོར་བའི་སྡུག་བསྔལ་རྒྱུན་མི་འཆད་པར་བསྟན་པའི་ལེའུ་སྟེ་ལྔ་པའོ།།།། ཐོག་མེད་དུས་ནས་བག་ཆགས་ཀྱིས།། ཀུན་ཏུ་རྟོག་པ་སྣ་ཚོགས་ཏེ།། དཀར་སེར་དམར་ལྗང་མཐིང་བའི་མདོག། ལྕི་ཡང་སྨིན་སྡུད་གོ་འབྱེད་པའི།། ས་ཆུ་མེ་རླུང་ནམ་མཁའ་དང།། རྣམ་པར་ཤེས་པའི་ཁམས་དང་དྲུག། ཕྱི་ནང་ནང་དུ་སྣང་བ་དག། བྱེད་པོ་མེད་པར་རང་ཉིད་ལ།། ཡུལ་དྲུག་དབང་པོའི་རྣམ་ཤེས་ཀྱིས། ། རྟོག་དཔྱོད་དགག་སྒྲུབ་བཏང་སྙོམས་པ།། ཕྱི་ནང་བར་གསུམ་སོ་སོ་རུ།། རྟོག་པ་བཅོ་བརྒྱད་མཐོང་གྱུར་ནས།། ཉོན་མོངས་ཁམས་རྣམས་ཐམས་ཅད་བྱུང།། སྤངས་སེམས་ཟུག་རྔུ་ཞེ་སྡང་སྟེ། ། དེ་ཡི་རྒྱུ་རྐྱེན་རང་སྣང་ལས།། དམྱལ་བའི་འགྲོ་བ་དེས་བསྐྱེད་ནས།། སྡུག་བསྔལ་ལས་ཀྱི་རང་གཟུགས་འབྱུང།། བསྒྲུབ་སེམས་ཞེན་པ་འདོད་ཆགས་ལ།། རྒྱུ་རྐྱེན་དེ་ཡི་ལས་འབྲས་ནི།། འདུ་བྱེད་མི་ཡི་གྲོང་རྣམས་སྐྱེད། ། སྲེད་ཞེན་ཉོན་མོངས་སེར་སྣའི་མཐུས།། རང་གཟུགས་ཡི་དྭགས་འགྲོ་ཀུན་འབྱུང།། བཏང་སྙོམས་གཟུང་འཛིན་གཏི་མུག་ལས།། དུད་འགྲོའི་ཁམས་རྣམས་དེ་ལས་བྱུང།། བདག་གི་བ་ལ་ངེས་ཤེས་སྐྱེད། ། ང་རྒྱལ་ལྷ་ཡི་འགྲོ་ཀུན་བསྐྱེད།། གཞན་དུ་རྟོག་པའི་ཕྲག་དོག་གིས།། ལྷ་མིན་འགྲོ་ཀུན་དེ་ལས་སྐྱེད།། ཀྱེ་མ་གཉིས་སྣང་རྟོག་པ་འདི།། དེ་ལ་ཆགས་ཤིང་སྡུག་བསྔལ་བ།། ཞེ་སྡང་བཏང་སྙོམས་མ་རིག་པས། ། ང་དང་བདག་གི་སྲེད་ཞེན་གྱི།། ཀུན་ཏུ་འཆིང་བྱེད་ཉོན་མོངས་དྲུག། གནས་སུ་རང་རྒྱུད་མ་རིག་འཁོར།། ཀུན་འབྱུང་ཀུན་རྫོབ་སྡུག་བསྔལ་འདི།། དོན་དམ་རང་བཞིན་ཉིད་མ་ཡིན།། རྣམ་པར་དག་པ་བདག་མེད་ཆོས། ། ཀུན་ལ་ཁྱབ་པའི་ཆོས་ཉིད་དེ།། གལ་ཏེ་ཉོན་མོངས་དེ་མ་ཡིན།། སེམས་ཅན་འཁོར་བར་ཅི་ལ་འཁྱམ།། གལ་ཏེ་རྣམ་དག་དེ་མ་ཡིན།། སངས་རྒྱས་རྣམས་ནི་ཅི་ཕྱིར་གྲོལ།། ལྷུན་གྲུབ་འགྱུར་བ་མེད་རྟོགས་ན། ། རྣམ་དག་ཡེ་ཤེས་ཆོས་ཀྱི་དབྱིངས།། མ་དག་ཀུན་ནས་ཉོན་མོངས་པ།། ལྷ་རྣམས་འཆི་འཕོ་ལྟུང་བ་དང།། མི་རྣམས་སྐྱེ་རྒས་ན་འཆི་སྤྱོད།། ལྷ་མིན་འཐབ་རྩོད་ལས་ལ་མནར།། དུད་འགྲོ་བཀོལ་སྤྱད་གསོད་གཅོད་དང། ། ཡི་དྭགས་བཀྲེས་སྐོམ་འཇུར་འགེགས་སྤྱོད།། དམྱལ་བ་ཚ་གྲང་སྡུག་བསྔལ་སྤྱོད།། ལས་ཀྱི་སྡུག་བསྔལ་བསམ་མི་ཁྱབ།། ཉོན་མོངས་མཚོན་རྩེ་གཟིངས་པ་འདྲ།། སྡུག་བསྔལ་ཆུ་བོས་ཁྱེར་བ་འདྲ། ། ཆགས་ཞེན་འདམ་དུ་བྱིང་བ་འདྲ།། འཁྲུལ་པ་རི་དྭགས་རྒྱར་ཆུད་འདྲ།། བྱེད་པོ་གཞན་མེད་དབང་མེད་པའོ།། བདག་མེད་རིག་པ་ཅོལ་རེ་ཆུང།། སངས་རྒྱས་ཐམས་ཅད་ཀྱི་བསྟན་པ་གཞིའི་རྒྱུད་མཆོག་རིན་ཆེན་སྤུངས་པ་ལས། ། ཀུན་ནས་ཉོན་མོངས་པའི་ལེའུ་སྟེ་དྲུག་པའོ།།།། ཐོག་མེད་དུས་ནས་བདག་གཞན་གྱི།། གཟུང་འཛིན་རྐྱེན་དབང་འདུ་བྱེད་ཀྱིས།། ཀུན་སློང་ངན་པའི་ལས་བསགས་པས། ། སྲོག་གཅོད་པ་ཡི་ངོ་བོ་ནི།། མཚོན་དུག་སྔགས་དང་སྟོབས་སོགས་ཀྱིས།། ལུས་སེམས་སྲོག་དབང་ཕྲལ་བ་ཡིན།། དབྱེ་ན་ཞེ་སྡང་དགྲ་གསོད་པ།། འདོད་ཆགས་ལོངས་སྤྱོད་འདོད་ཕྱིར་གསོད།། གཏི་མུག་དོན་མ་རྟོགས་ཕྱིར་གསོད། ། ཕ་མ་བཀུར་འོས་གསང་ཆེན་ཡིན།། མི་དང་མིར་འོས་གསོད་པ་འབྲིང།། དུད་འགྲོ་ལ་སོགས་ཆུང་བོ་ཡིན།། བྱས་ཟིན་བྱེད་དང་བྱེད་འགྱུར་ལ།། རང་དང་གཞན་ལ་བྱེད་དུ་འཇུག། ཡི་རང་ཕུལ་བ་རྣམ་པ་གསུམ། ། འབྲས་བུ་མཉམ་པ་ཉིད་ཐོབ་སྟེ།། རྒྱུ་མཐུན་འབྲས་བུ་གསོད་ལ་དགའ།། དབང་གི་འབྲས་བུས་གསོད་པར་སྐྱེ།། རྣམ་སྨིན་འབྲས་བུ་སྲོག་ལན་དང།། དམྱལ་བའི་གནས་སུ་སྐྱེ་བར་འགྱུར། ། ཕན་སེམས་ཀྱིས་ནི་སྨན་བྱིན་དང།། བསམ་པ་མེད་པར་མཚོན་ཤོར་བ།། དབང་མེད་ཤུགས་ཀྱིས་ཤི་བ་རྣམས།། སྡིག་ཏུ་མི་འགྱུར་སྲོག་གཅོད་ཡིན།། གཞན་རྣམས་རང་གི་སྲོག་དང་མཚུངས།། མ་བྱིན་ལེན་པའི་ངོ་བོ་ནི། ། ཕ་རོལ་བདག་ཏུ་གཟུང་བའི་རྫས།། མི་དགའ་བཞིན་དུ་བླངས་པའོ།། དབྱེ་བ་སྟོབས་ཀྱིས་ཕྲོགས་པ་དང།། རྒྱུ་ཡིས་དཀྲིས་པར་སྤྱད་པ་དང།། འཇབ་བུ་མ་ཚོང་བླངས་པའོ།། དགེ་འདུན་དཀོར་རྫས་ཆེན་པོ་སྟེ། ། སྨན་པ་རྣམས་ནི་འབྲིང་ཡིན་ལ།། ལྷག་པའི་རྫས་བསོགས་ཆུང་ངུའོ།། གཞན་དག་ཚུལ་ནི་གོང་ལྟར་རོ།། བདག་མེད་ནོར་དང་ས་ཡི་གཏེར།། སྡིག་ཏུ་མི་འགྱུར་མ་བྱིན་ལེན།། གཞན་དག་རང་གི་རྫས་དང་འདྲ། ། རྒྱུ་མཐུན་འབྲས་བུ་རྐུ་སྙིང་འདོད།། དབང་གིས་ཆོམས་རྐུན་གནས་སུ་སྐྱེ།། རྣམ་སྨིན་རང་ནོར་གཞན་ལ་འཆོར།། ཡི་དྭགས་བཀྲེས་སྐོམ་གནས་སུ་སྐྱེ།། འདོད་པས་ལོག་པར་གཡེམ་པ་ནི།། རང་ངམ་གཞན་གྱི་ཆུང་མ་ལ། ། གནས་མ་ཡིན་པར་སྤྱོད་པའོ།། དབྱེ་བ་རིགས་དང་ཆོས་དང་ཁྲིམས།། བསྲུང་བ་རིམ་པ་གསུམ་ཡིན་ནོ།། དགྲ་བཅོམ་དགེ་སློང་སུན་ཕྱུང་ཆེ།། བདག་པོས་བཟུང་བ་འབྲིང་པོས་ཏེ།། ཕལ་པ་རྣམས་ནི་ཆུང་ངུའོ། ། གཞན་སྲོག་འདོན་པ་སྡིག་མི་འགྱུར།། གཞན་རྣམས་རང་གི་ལུས་དང་མཚུངས།། རྒྱུ་མཐུན་འབྲས་བུ་འདོད་ལོག་ཆེ།། དབང་གིས་མི་གཙང་གནས་སུ་སྐྱེ།། རྣམ་སྨིན་བུད་མེད་གཞན་དབང་འགྲོ། ། དུད་འགྲོ་འམ་ནི་དམྱལ་བར་སྐྱེ།། ཆང་ནི་ཉེས་པ་ཀུན་གྱི་རྒྱུ།། མྱོས་པས་ལྷ་གསོད་འབྱུང་བ་འཁྲུག། ཚེ་ཡི་བར་ཆད་བསོད་ནམས་འབྲི།། ཉོན་མོངས་ཀུན་སྐྱེད་ངན་སོང་ལྷུང།། རྫུན་གྱི་ངོ་བོ་བདག་གཞན་བསླུ། ། དབྱེ་བ་ཞོར་འབྱུང་གནོད་པའི་རྫུན།། མི་ཆོས་བླ་མ་མགོ་བསྐོར་རྫུན།། མཆོད་འོས་བསླུས་པ་རྫུན་ཆེན་ལ།། ཕལ་པ་རྣམས་ལ་འབྲིང་པོས་ཏེ།། མ་བརྩལ་བརྗོད་པ་ཆུང་ངུའོ།། གཞན་ལ་ཕན་ན་སྡིག་མི་འབྱུང། ། དེ་མིན་སྨྲ་རུ་མི་རུང་ངོ།། ཕྲ་མ་མཛའ་མཐུན་འབྱེད་ལ་ངག། དབྱེ་བ་ངོ་འཕྲོ་ལྐོག་ཏུ་འཕྲོ།། ཐབས་ཀྱིས་ཕྲ་མས་འབྱེད་པ་ཡིན།། དགེ་འདུན་དབྱེན་བྱས་ཆེན་པོ་སྟེ།། གང་ཟག་དཀྲུགས་པ་འབྲིང་ཡིན་ལ། ། མི་མཐུན་ལབ་བརྗོད་ཐ་མའོ།། བསྟན་ལ་གནོད་བཟློགས་དབྱེན་ཡང་རུང།། དེ་མིན་སྐད་ཅིག་བྱར་མི་རུང།། རྒྱུ་མཐུན་འབྲས་བུས་དབྱེན་མ་དགའ།། དབང་གིས་གྲོགས་པོ་མི་རྙེད་ཅིང།། རྣམ་སྨིན་མཛའ་བ་ཀུན་དང་འབྲལ། ། ལྷ་མིན་གནས་དང་དམྱལ་བར་ལྟུང།། ཚིག་རྩུབ་ཞེ་ལ་འདེབས་པ་ཡིན།། དབྱེ་བ་གདོང་དུ་རྩུབ་པ་དང།། ཞོར་གྱིས་གཏམ་དང་བསྲེ་བ་དང།། ཕྱོགས་རིགས་མེད་པར་རྩུབ་པའོ། ། སེམས་སྐྱེད་བྱང་སེམས་སྨན་པ་ཆེ།། དགེ་ལ་བློ་ལྡོག་འབྲིང་པོ་སྟེ།། ཕལ་པ་རྣམས་ནི་ཆུང་བའོ།། མ་རུངས་བཟློག་པ་སྡིག་མི་འགྱུར།། དེ་མིན་ཟུར་ཙམ་སྨྲ་ཐབས་མེད།། རྒྱུ་མཐུན་འབྲས་བུ་ཚིག་རྩུབ་ཅིང། ། དབང་གིས་ཀུན་གྱིས་མི་སྙན་བརྗོད།། རྣམ་སྨིན་རྟག་ཏུ་འཐབ་ཟླ་མང།། དམྱལ་བའམ་ནི་ཡི་དྭགས་སྐྱེ།། འཁྱལ་ཚིག་བག་མེད་ཚིག་ཡིན་ཏེ།། དབྱེ་བ་བདེན་ལ་གཤེ་བ་དང།། བྲེ་མོའི་གཏམ་གྱིས་ཟློ་བ་དང། ། གཞན་གྱི་རྗེས་སུ་འཇུག་པའོ།། དཀོན་མཆོག་སྐུར་འདེབས་ཆེན་པོ་ལ།། གཞན་ལ་སྨོད་པ་འབྲིང་པོ་སྟེ།། དོན་མ་རྟོགས་པ་ཆུང་ངུའོ།། ངག་འཁྱལ་སྣང་བའི་སྐབས་མེད་དོ།། རྒྱུ་མཐུན་འབྲས་བུ་ངག་འཁྱལ་སྨྲ། ། དབང་གིས་རང་མ་ཉན་མཁན་མེད།། གཏན་རྣམས་ཅི་སྨྲས་ཆོལ་བར་འགྱུར།། ངན་སོང་གནས་ནི་གསུམ་ཆར་སྐྱེ།། རྒོད་བག་ངག་གི་ཉེས་པས་ཏེ།། འབྱུང་མེད་འཁྲུག་ཅིང་བར་ཆད་ལྡང།། མི་མ་ཡིན་རྣམས་ཁྲོ་བར་འགྱུར། ། བསྒྲུབ་པའི་འབྲས་བུ་དུས་ལས་འགྱངས།། བརྣབ་སེམས་རང་གཞན་བདེ་བ་ལ།། འདོད་སེམས་ཆགས་པར་བྱེད་པར་ཡིན།། དབྱེ་བ་རང་ལ་ཞེན་ཆགས་དང།། གཞན་ལ་ཡོད་པ་ཐོབ་འདོད་དང། ། ཀུན་ལ་སེར་སྣས་བཅིངས་པའོ།། དཀོན་མཆོག་དཀོར་ལ་བརྣབ་པ་རྫི།། རྒྱུ་མཐུན་འབྲས་བུ་སེར་སྣ་ཆེ།། དབང་གིས་འབྲས་བུ་དངུལ་ཞིང་འཕོངས།། རྣམ་སྨིན་ལོངས་སྤྱོད་དོན་མེད་མཛད།། ཡི་དྭགས་གནས་སུ་སྡུག་བསྔལ་མྱོང། ། གནོད་སེམས་ངན་བྱེད་ཞེ་སྡང་ངོ།། དབྱེ་ན་རང་གནོད་ཁྲོ་བ་དང།། གཞན་ལ་གནོད་པ་སྐྱེལ་བ་ཡིན།། སྤྱི་ལ་གནོད་པ་གདུབ་རྩུབ་བོ།། ཕ་མ་འཕགས་ལ་གནོད་སེམས་ལྕི།། རྒྱུ་མཐུན་འབྲས་བུ་བསམ་ངན་འབྱུང། ། དབང་གི་འབྲས་བུ་གནོད་པ་བྱེད།། རྣམ་སྨིན་རང་ལ་སྡུག་བསྔལ་འབྱུང།། སྣང་བ་དགྲར་ལངས་དམྱལ་བར་ལྟུང།། ལོག་ལྟ་ལྟ་བ་ཕྱིན་ཅི་ལོག། དབྱེ་ན་ཆོས་དབྱིངས་བདག་ཏུ་ལྟ། ། དགེ་སྡིག་རྒྱུ་འབྲས་མེད་པར་ལྟ།། ཐམས་ཅད་ཕྱིན་ཅི་ལོག་ཏུ་ལྟ།། བདེན་པའི་དོན་ལ་ལོག་ལྟ་ཅི།། རྒྱུ་མཐུན་ལོག་ལྟ་ཆེ་བ་དང།། དབང་གིས་གང་ལ་ཡིད་ཆེས་མོས།། རྣམ་སྨིན་ཆོས་མེད་མུན་པར་སྐྱེ། ། ཡང་ན་སྐད་ཅིག་མནར་མེད་ལྟུང།། ཐ་མལ་གཏི་མུག་རང་ཁ་མར།། བྱིངས་རྨུགས་གཉིད་ཀྱིས་རིག་པ་འཁྲུལ།། བག་ལ་ཉལ་གྱི་ལས་བསགས་པས།། དུད་འགྲོ་མུན་པའི་གླིང་དུ་འཁྱམ།། གཉིད་ནི་འཁྲུལ་པའི་ཡང་འཁྲུལ་ལོ། ། དེ་ལྟར་དུག་གསུམ་ཉོན་མོངས་རྐྱེན།། མི་དགེ་བཅུ་ཡི་ལས་སྤྱད་པས།། དུག་ཅན་ཁོང་དུ་ཟོས་པ་བཞིན།། མི་དགེ་རྒྱུ་འབྲས་སྨིན་དུས་སུ།། ངན་སོང་གནས་ན་བཟོད་གླགས་མེད། ། གནས་སྐབས་དགེ་བས་ཕན་བཏགས་ནས།། ལྷ་མིར་སྐྱེས་ཀྱང་སྡུག་བསྔལ་སྤྱོད།། མི་དགེའི་རྣམ་སྨིན་བཟུར་ཐབས་མེད།། རྒྱུ་གནག་འབྲས་ནག་མི་བཟོད་དོ།། སངས་རྒྱས་ཐམས་ཅད་ཀྱི་བསྟན་པ་གཞིའི་རྒྱུད་མཆོག་རིན་ཆེན་སྤུངས་པ་ལས། ། རྣམ་སྤྱོད་ནག་པོ་ཕྱོགས་ཀྱི་མི་དགེ་རྒྱུ་འབྲས་བསྟན་པའི་ལེའུ་སྟེ་བདུན་པའོ།།།། དག་པ་ལ་བྱུང་ཀུན་སློང་གིས།། མི་དགེ་ལས་བཟློག་དཀར་བའི་ལས།། རང་བདེ་གཞན་ཕན་དགེ་བ་བཅུ། ། གཞན་སྲོག་འདོན་ཅིང་ཚེ་ལ་སྐྱོབ།། འབྲས་བུ་ཚེ་རིང་ནད་མེད་དང།། མི་དང་ལྷར་སྐྱེ་མཐོ་རིགས་འགྲོ།། མི་མཐུན་སྲོག་གཅོད་སྤངས་པ་ཡིན།། གོང་འོག་ཀུན་ལ་མཆོད་སྦྱིན་བྱེད།། འདི་ཕྱིར་མི་འཛད་ལོངས་སྤྱོད་འཕེལ། ། ཚངས་སྤྱོད་དོན་ལ་གནས་པར་བྱེད།། གཙང་གནས་བུད་མེད་བཟང་མོ་འཐོབ།། བདེན་པའི་གཏམ་གྱིས་གཞན་ཕན་སྨྲ།། ངག་ལ་ཀུན་ཉན་གཙོ་བོར་འགྱུར།། མི་མཐུན་དགྲ་ཟིན་མཐུན་འཇུག་སྦྱོར། ། ཀུན་གྱིས་བཀུར་ཞིང་གྲགས་པར་འགྱུར།། འཇམ་ཞིང་དངས་པས་ཀུན་ཚིམ་བྱེད།། ལྷ་དང་མི་ཡི་དབྱངས་སྙན་ཐོབ།། བདེན་པའི་དོན་ལ་ཡིད་ཆེས་སྨྲས།། དམ་ཆོས་ལོངས་སྤྱོད་འབྲལ་མེད་འབྱུང། ། ཆོག་ཤེས་སེར་སྣ་བྲལ་བ་ཡིས།། ཆགས་བྲལ་ལོངས་སྤྱོད་ཆེ་བར་འགྱུར།། ཕན་སེམས་གཞན་ལ་མགུ་ཆེ་བ།། འགྲོ་ཀུན་བྱམས་ཤིང་ཡིད་འོང་འགྱུར།། དག་པའི་ཆོས་ལ་སྤྱོད་པ་ཡིས།། ཡང་དག་ལྟ་བ་མཆོག་འཐོབ་འགྱུར། ། མི་མཐུན་མི་དགེ་བཅུ་སོགས་ཡང།། མདུན་དང་སྤྱོད་དང་ཡང་དག་བླངས།། ཁྱད་པར་ཆུང་འབྲིང་ཆེན་པོའོ།། བྱས་དང་འགོད་བྱེད་ཡི་རང་གསུམ།། འབྲས་བུ་མཉམ་པ་ཉིད་དུ་འགྱུར།། སྔོན་བྱས་ད་བྱེད་བྱེད་འགྱུར་གསུམ། ། སྔར་ཡོད་ད་ལོ་ཕྱི་ལོ་ཡིས།། སོ་ནམ་སྟོན་ཐོག་དཔེ་མཚོན་ཏེ།། འབྲས་བུ་ཆེ་འབྲིང་ཆུང་བ་ཡིས།། འཕེལ་དང་མ་འཕེལ་མ་གྲུབ་པས།། དགེ་ཀུན་འབད་པས་མྱུར་དུ་སྒྲུབ།། ལེ་ལོ་མི་དགེའི་བདུད་ཀྱིས་ཁྱེར། ། བརྩོན་འགྲུས་དོན་ཀུན་མྱུར་དུ་འགྲུབ།། དགེ་བ་ཡར་ངོའི་ཟླ་བཞིན་འཕེལ།། སོ་སོ་འབྲས་བུ་བདེ་བར་སྨིན།། སེམས་ཅན་ཉོན་མོངས་ལས་དབང་སོང།། མི་དགེ་བ་ལ་ངང་གིས་འབགས། ། དགེ་བ་བཅུ་པོ་སྤྱད་ཀ་ཡང།། ལྷ་དང་མི་ཡི་ས་བོན་ཡིན།། ནམ་མཁའི་ཁ་དོག་དབྱིབས་བྲལ་ལ།། ནམ་མཁའི་མདོག་ནི་སྤྲིན་གྱིས་འབྱེད།། རྣམ་ཤེས་དངོས་མེད་སྟོང་པ་ལ།། རང་རྩལ་ལས་ཀྱིས་ཁ་དོག་བསྒྱུར། ། མཐོ་རིས་ངན་སོང་གཟུགས་སུ་གྲུབ།། མ་རིག་ལས་ཀྱི་རང་གཟུགས་ཡིན།། མི་དགེ་སྤངས་པས་ངན་སོང་ཁེགས།། དགེ་བ་ཆུང་དུས་མི་ལུས་ཙམ།། འབྲིང་པོས་གཙང་མ་ཆེན་པོ་ཡི།། འཁོར་ལོ་སྒྱུར་བ་ཉིད་དུ་འགྱུར། ། དགེ་བ་ཚུལ་ཁྲིམས་བཞི་བསྲུངས་པས།། རྒྱལ་ཆེན་སུམ་ཅུ་རྩ་གསུམ་འཐོབ།། རང་བྱུང་ཆོས་ཚུལ་བསྲུངས་པ་ཡིས།། མཚེ་མ་དགའ་ལྡན་གནས་སུ་འགྲོ།། དགེ་ཆེ་གཙང་མའི་ཁྲིམས་བསྲུངས་པས། ། འཕྲུལ་དགའ་གཞན་འཕྲུལ་དབང་བྱེད་འཐོབ།། ཁྲིམས་བསྲུངས་བྱང་ཆུབ་ཐོབ་པའི་གཞི།། འདུལ་བའི་སྡེ་ལས་བྱུང་བཞིན་བསྲུང།། ཚད་མེད་བཞི་ལྡན་གཟུགས་ཁམས་མ།། རྣམ་པར་མི་རྟོག་གཟུགས་མེད་ལྷ། ། ཤེས་རབ་ལྡན་པའི་འཕགས་པའི་ས།། ཟག་མེད་ཐེག་གསུམ་འབྲས་བུ་ཐོབ།། དགེ་བ་དེས་མཚོན་དགེ་བ་ཀུན།། བསོད་ནམས་ཡེ་ཤེས་བསྔོས་པ་ན།། དམ་པ་གཉིས་ཀྱང་ཐོབ་པར་འགྱུར། ། གཞན་གྱི་འབྲས་བུ་ལྟ་ཅི་སྨོས།། སངས་རྒྱས་ཐམས་ཅད་ཀྱི་བསྟན་པ་གཞིའི་རྒྱུད་མཆོག་རིན་ཆེན་སྤུངས་པ་ལས། རྣམ་པར་དཀར་བ་ལས་ཀྱི་འཕེན་པའི་ལེའུ་སྟེ་བརྒྱད་པའོ།།།། སྣང་བ་སེམས་ལས་བྱུང་བའི་ཕྱིར། ། མདངས་སུམ་རྨིས་པའི་རྨི་ལམ་བཞིན།། བདེ་སྡུག་གཉིས་ཀྱི་ལེགས་ཉེས་དེ།། དགེ་སྡིག་རྟོག་པའི་རང་གཟུགས་ཡིན།། སེམས་དགེ་ཆོས་རྣམས་ཐམས་ཅད་དགེ།། སེམས་མི་དགེ་ན་ཀུན་མི་དགེ། ། མནར་མེད་དམྱལ་བ་སུ་ཡིས་བྱས།། སྡིག་སེམས་ཡིན་པས་རྣམ་སྨིན་བྱུང།། མ་ཡིན་འབྲེལ་མེད་རྣམ་སྨིན་བྲལ།། མི་དགེ་གཞན་ལ་དགོད་དུ་མེད།། དགེ་བ་གཞན་གྱིས་འཕྲོག་ཏུ་མེད།། རང་གིས་ལས་བྱས་རང་ལ་འོང། ། རང་ཉིད་ཁོང་དུ་དུག་ཟོས་པས།། འབྲས་བུ་གཞན་ལ་མི་སྨིན་ཏེ།། རང་དུག་རང་ལ་ཟུག་རྔུ་ལྡང།། ཆེ་ལ་ཆེ་ལ་འབྲིང་ལ་འབྲིང།། ཆུང་བ་ཆུང་བའི་དུག་བཞིན་དུ།། རང་གིས་མི་དགེ་གང་བྱས་པ། ། གཞན་ལ་མི་འབྱུང་རང་ལ་ནི།། དེ་དང་དེ་འབྲས་སྡུག་བསྔལ་འབྱུང།། རྣམ་སྨིན་འབྲས་བུ་བཅོས་སུ་མེད།། རྒྱུ་ཡི་དུས་ན་ཡོང་བ་ཡིན།། རང་ཉིད་ཚད་པས་གདུངས་པའི་དུས།། བཏུང་བས་སྐོམ་པ་སེལ་བ་ཡིན། ། གཞན་སྐོམ་པ་ལ་དེ་མི་འབྱུང།། དེ་བཞིན་དགེ་བའི་ལན་སྟོབས་ཀྱང།། རང་གིས་བྱས་པ་རང་ལ་སྨིན།། རང་སེམས་དགེ་བས་ཐར་པ་ཐོབ།། སྔ་མའི་རྒྱུ་ཡིས་ཕྱི་མའི་དོན།། འབྲས་བུ་རིམ་གྱིས་ཅིག་ཅར་འབྱུང། ། སོ་ནམ་སྒྱུ་མའི་སྟོན་ཐོག་མཚུངས།། དགེ་སྡིག་རྒྱུ་འབྲས་མི་འདྲེ་སྟེ།། རྣམ་པར་སྨིན་པ་སོ་སོ་ཡིན།། དཀར་པོ་དང་ནི་ནག་པོ་གཉིས།། གཅིག་པ་མ་ཡིན་སོ་སོ་མིན།། དཔེར་ན་ལྡུམ་ར་གཅིག་གི་ནང། ། ས་བོན་དུག་བཏབ་དུག་ཏུ་སྐྱེ།། འབྲས་བུ་སྨན་དུ་འགྱུར་མི་སྲིད།། དེ་བཞིན་ཀུན་ཏུ་རྟོགས་པའི་སེམས།། མི་དགེ་བ་ལས་སྡུག་བསྔལ་འབྱུང།། བདེ་བ་འབྱུང་བ་སྲིད་མ་ཡིན།། ས་བོན་སྨན་ལས་འབྲས་བུ་སྨིན། ། དུག་ཏུ་སྐྱེ་བར་ག་ལ་འགྱུར།། དགེ་བ་ལས་ནི་བདེ་བ་ཐོབ།། སྡུག་བསྔལ་བ་ནི་ཡོང་མི་འགྱུར།། སྡིག་པ་ཆུང་ཡང་མི་བརྙས་སྤང།། རྡུལ་ཕྲན་བསགས་པས་རི་རབ་ཙམ།། དགེ་བ་ཆུང་ཡང་མི་སྤང་བླང། ། ཆུ་ཐིགས་བསགས་པས་རྒྱ་མཚོ་ཙམ།། ཉི་ཟླ་ཐང་ལ་ལྷུང་ཡང་སྲིད།། ཆུ་ནི་མེ་རུ་འགྱུར་ཡང་སྲིད།། ལས་ཀྱི་རྒྱུ་འབྲས་བསླུ་མི་སྲིད།། དགེ་སྡིག་རྣམ་པ་སོ་སོ་ལ།། ཆུང་ངུ་ནས་ནི་ཆེན་པོའི་བར།། ཟེར་སོགས་ཆ་འབྲིང་དཔལ་སྦྱང་འབད། ། སྐྱོན་གྱིས་མ་གོས་ཡོན་ཏན་སྒྲུབ།། དགེ་སྡིག་སྨན་གྱིས་དུག་འཇོམས་བཞིན།། སྡིག་པས་དགེ་བ་སྟོབས་ཆེའོ།། བཟང་ངན་ལས་ཀྱི་བྱེད་ལུགས་ལ།། རྒྱུ་འབྲས་མི་བསླུ་བདེན་པའི་དོན། ། དཔེར་ན་དཔག་བསམ་ས་བོན་ནི།། ཕྲ་མོའི་ལྗན་ལྗེན་ཆུ་བྲན་ན།། འབྲས་བུ་ལོ་མ་མེ་ཏོག་དང།། རྩ་བ་སྡོང་པོ་ཆེར་འཁྲུངས་ཤིང།། སྦྱོར་དངོས་རྗེས་གསུམ་ཚང་བ་ཡི།། རྒྱུ་གཉིས་རྐྱེན་རྣམས་ཚོགས་པ་ན། ། འདི་ཕྱི་གནས་སྐབས་མ་ལུས་པར།། བདེ་སྡུག་རྣམ་སྨིན་ཆེན་པོ་འབྱུང།། མཐར་ཐུག་རྒྱལ་སྲས་དེ་བཞིན་གཤེགས།། བདུད་སྡིག་མནར་མེད་ཁྱད་པར་ལྟོས།། དཀར་ནག་རྒྱུ་རྐྱེན་སོ་སོ་ལ།། དགེ་སྡིག་གཉིས་ནི་མཉམ་བཤད་པས། ། གཅིག་གིས་གཅིག་གི་མགོ་མནན་པས།། ཐབ་ནང་གནས་པའི་མེ་བཞིན་དུ།། འབྲས་བུ་སྨིན་པར་མ་ནུས་པ།། གང་ཞིག་རྐྱེན་དང་ཕྲད་གྱུར་ཚེ།། བསྐལ་པ་བརྒྱར་སོང་ཆུད་མི་ཟོས།། ལུས་ཅན་ཀུན་གྱི་ལས་རྣམས་ཀྱི། ། དུས་ལ་བབ་པའི་འབྲས་བུ་འབྱུང།། བུད་མེད་སྦྲུམ་གང་ཟླ་རྫོགས་བཞིན།། སུས་ཀྱང་འགག་པར་མི་ནུས་སོ།། འདི་དང་ཕྱི་མ་བར་དོ་རུ།། ལས་ནི་གྲིབ་མ་བཞིན་དུ་འབྲང།། སྡིག་པ་མི་དགེའི་རྣམ་སྨིན་ཏེ། ། ཕར་ལ་སྤངས་པས་ཚུལ་ལ་འཁྲི།། བྲོས་པ་ཙམ་གྱིས་འདེད་དུ་འོང།། ཕྱི་ནས་འདེད་ཅིང་སྔོན་ནས་བསྐོར།། ག་རུ་ཕྱིན་ཅིང་གར་བསྡད་ཀྱང།། མེད་པའི་ས་ཕྱོགས་ཡོད་མ་ཡིན།། ཅི་ལ་ཡང་ནི་མ་གཏོགས་སོ། ། དེ་ཕྱིར་སྡིག་དང་བསྔོངས་པ་ཡི།། ལས་ལ་བདེ་བ་ག་ལ་འབྱུང།། རང་སྲོག་གཅོད་པའི་སྡིག་གཅོད་འཇིགས།། ངན་སོང་གནས་ན་མུ་མཐའ་མེད།། རང་སྡུག་རང་གིས་མྱོང་བ་ལ།། འཕགས་པའི་ཐུགས་རྗེས་སྐྱབས་ཐབས་མེད། ། ཆོས་དབྱིངས་ཤིན་ཏུ་དྲི་མེད་ཀྱང།། དམྱལ་སོགས་སྡིག་པ་རང་སྣང་སྟེ།། ཉི་མའི་འོད་ལ་དམུས་ལོང་གིས།། མུན་པར་མཐོང་བ་རང་གི་སྐྱོན།། ཉི་མའི་འོད་ལ་འཕོ་འགྱུར་མེད། ། ཐུབ་པ་ཆོས་ཀྱི་སྐུ་ཅན་ལ།། རག་ཤ་གླང་མགོ་དམྱལ་བའི་གཟུགས།། ལས་ཀྱི་རང་གཟུགས་མཐོང་བ་ཡིན།། རག་ཤ་གླང་མགོ་དམྱལ་སྣང་མེད།། མེ་ཆུ་ལས་ཀྱི་འཁྲུལ་སྣང་ལ།། རྣམ་སྨིན་མ་ཟད་པར་དེ་རུ། ། གང་གིས་ཀྱང་ནི་བཟློག་མི་འགྱུར།། རྣམ་པར་སྨིན་ལ་རེ་བ་མེད།། མི་དགེ་བྱ་བར་སུ་ཡི་ཕོད།། འཁོར་ལོ་སྒྱུར་བ་ལ་སོགས་པ།། སྨོན་ཅིང་བསྔགས་པས་བསྟོད་པ་ལ།། བདག་ཉིད་དགེ་བ་ཅིས་མི་སྤེལ། ། ལས་ཀྱི་རྒྱུ་འབྲས་དམིགས་བཞིན་རྩིས།། ངན་སོང་གཡང་ལ་ཉམ་རེ་ང།། ལྷ་མིའི་གནས་ན་ཡིད་རེ་སྤྲོ།། ཐར་པ་བསྒྲུབ་འདོད་གྱེན་ལ་སྙེགས།། མིག་གཉིས་འཐུར་ལ་མ་དབབ་ཅིག། སྔོན་བྱས་ལས་ལ་འགྱོད་ཚངས་གྱིས། ། ད་བྱེད་སྡིག་པ་སྲོག་དང་བསྡོས།། དགེ་སྡིག་ཉོན་མོངས་དང་བྲལ་བ།། འཁོར་བ་འདི་ནས་འདའ་མི་སྲིད།། སྲིད་པའི་གནས་ན་གཡང་ས་ཆེ།། སངས་རྒྱས་ཐམས་ཅད་ཀྱི་བསྟན་པའི་གཞི་རྒྱུད་མཆོག་རིན་པོ་ཆེ་སྤུངས་པ་ལས། རྒྱུ་འབྲས་དཔེའི་ལེའུ་སྟེ་དགུ་པའོ།།།། ཀུན་རྫོབ་འཁོར་བའི་བདེན་པ་ནི།། མ་རིག་བདག་གི་ཁང་པ་ནས།། མ་ཚོར་ཐང་ལ་འཁྱམས་པ་ཡིས།། སྲིད་པའི་གཡང་ལ་ལྷུང་ནས་སུ། ། སྡུག་བསྔལ་རྒྱ་མཚོའི་ཆུས་ཁྱེར་མཚུངས།། མྱང་འདས་དོན་དམ་བདེན་པ་ནི།། སྡུག་བསྔལ་འཁྲུལ་རྟོག་རྦ་རླབས་ལས།། སྟོབས་ལྡན་བླ་མའི་མཉེན་པ་ཡིས།། བསླབ་པ་གསུམ་གྱི་གྲུར་བཅུག་ནས།། བརྩོན་འགྲུས་སྐྱ་བས་སྐམ་སར་བཏོན། ། བྱང་ཆུབ་སེམས་ཀྱི་ཁང་པར་བཅུག། དགོས་འདོད་ལོངས་སྤྱོད་གཏེར་དང་སྤྲད།། མི་འགྱུར་དོན་གྱི་བདེན་པར་བརྗོད།། སྲིད་པའི་རྩེ་མོ་མན་ཆད་ནས།། མནར་མེད་དམྱལ་བའི་བར་འདི་རུ། ། དུག་གསུམ་མ་རིག་རྒྱུ་སྐྱེད་ཕྱིར།། ཁྱི་ཡག་འབུ་སྲིན་ཡན་ཆད་ཀྱི།། ལུས་བླངས་སྔ་མ་ཕན་ཆད་དུ།། སྡུག་བསྔལ་འབའ་ཞིག་ཡིན་པར་ཟད།། སྡུག་བསྔལ་གནས་ལས་མ་བཟློག་ན། འཁོར་བ་རང་ཟད་མི་འགྲོ་ཞིང། ། རང་ལྡོག་བྱེད་པར་མི་འགྱུར་བས།། སྔར་ཡང་ཞེ་སྡང་སྣ་ཁྲིད་ནས།། དམྱལ་བའི་སྡུག་བསྔལ་སྦྱངས་པའི་རྟགས།། མ་ནིང་རིགས་སྙམ་འཇིགས་པའི་གཟུགས།། ཚེ་ཐུང་ནད་མང་གསོད་ལ་དགའ། ། ཚིག་རྩུབ་སྐད་གྱོང་ལྷང་ལྷང་པོ།། སྐད་ཆེ་བག་མེད་སྐུ་ཚེར་སྨྲ།། རྟག་ཏུ་སྡངས་ལྟར་སྤུ་ཟིང་བྱེད།། རྨི་ལམ་མེ་འབར་མཚོན་གྱིས་བཙོག། ཟངས་ཆུ་ཁོལ་མར་འཚོད་པ་དང།། དབྱུག་པ་མཚོན་ཆ་ཐོགས་པས་འདོད། ། གཅན་གཟན་ཁྱི་དང་སྦྲུལ་གྱིས་གཙོ།། རང་གི་ལུས་ལ་གསལ་ཤིང་འཛུགས།། འབྲོས་པ་མི་ཤེས་རེ་ཉིལ་འོང།། དེ་ནི་སྔོན་དུ་སྐྱེས་པའི་རྟགས།། སྡིག་པ་བྱང་བ་མ་བྱས་ན།། ད་དུང་རྒྱུ་མཐུན་དེ་རུ་འགྲོ། ། རྟགས་སུ་གསོད་གཅོད་འཇིགས་སྔངས་རྣམས།། ཇེ་མང་ཇེ་སྤྲོ་འབད་པ་ལ།། བློ་མི་ལྡོག་ཅིང་སྤྱོད་པར་འགྱུར།། དེ་ལས་བཟློག་པར་བྱ་བ་ནི།། དམྱལ་བའི་རྒྱུ་འབྲས་ཤེས་པར་བྱ།། རྒྱུ་ལོག་ལམ་ནོར་འབྲས་བུ་གདུག། རྒྱུ་ནི་མི་དགེ་ཆེ་ཆུང་འབྲིང།། ལམ་ནི་དེ་ལ་སྤྱོད་པ་ཡིས།། རྒྱུ་འབྲས་དམྱལ་བའི་སྡུག་བསྔལ་འབྱུང།། སྲོག་སྡོམ་བྱས་པའི་དགེ་སྤྱོད་མཐུས།། རྒྱུ་ལྡོག་ལམ་དང་འབྲས་བུ་འགོག། དེ་བཞིན་ཆགས་སེམས་ཡི་དྭགས་འཁྲིད། ། གལ་ཏེ་དགེ་བས་མིར་སྐྱེས་ཀྱང།། བཀྲེས་སྐོམ་རིགས་ཉམས་ཉོན་མོངས་དང།། དབང་པོ་མ་ཚང་ལྟོགས་སྲེད་ཆེ།། སྐྲ་ནག་མིག་ཁུང་ཁྲོ་མིག་དམར།། སེར་སྣ་འདོད་ཆེ་རྒྱུ་ལ་ཆགས། ། འདོད་པ་མི་རྙེད་རེ་བ་ཆེ།། སྦྱིན་གནས་མཐོང་ན་ལོག་ལྟ་སྐྱེ།། རྐུ་འདོད་མི་གཙང་ཟས་ལ་དགའ།། མདོག་ངན་བཞིན་མི་སྡུག་པར་འོང།། རྨི་ལམ་གནས་མེད་འཁྱམས་པ་དང།། ཐང་སྟོང་ཉལ་ཞིང་རླུང་གིས་འཁྱེར། ། ཟས་སྐོམ་ནོར་གྱིས་བཀྲེས་པར་འོང།། དེ་ཡི་སྒྲིབ་པ་མ་སྦྱངས་ན།། རྒྱུ་མཐུན་མ་བྱིན་ལེན་སྙིང་འདོད།། བཞུགས་དང་སྲེད་པ་ཆེ་རུ་འགྲོ།། ཕྱི་མ་ཡི་དྭགས་སྐྱེ་བའི་རྟགས།། རྒྱུ་ནི་མི་དགེ་འགོག་པ་དང། ། སྦྱིན་གཏང་དགེ་བས་ཡི་དྭགས་བཟློག། གཏི་མུག་དུད་འགྲོའི་གནས་སུ་ཁྲིད།། མི་རུ་སྐྱེས་ཀྱང་དེ་ཡི་རྟགས།། ཤ་ཆེ་གཟུགས་ལྷོད་སྦུ་སྣ་མང།། གཉིས་དང་ལེ་ལོ་བརྗོད་ངས་ཆེ།། ས་འདྲུད་རྩ་གཅོད་སྣ་བསླུད་མང། ། དབྱིབས་གླེན་ལྕེ་ཆུང་སྨྲ་མི་གསལ།། ཆུ་དང་མུན་ཁུང་རྫབ་ལ་དགའ།། ལུས་ལ་སྦྲང་འདུ་བསྐུམ་ནས་ཉལ།། མ་སྨིན་ཟས་དང་མང་དུ་ཟ།། མཁའ་ལ་སྣོམ་ཞིང་བབ་ཅོལ་སྨྲ།། རྨི་ལམ་ས་ཡི་ཕུག་ཏུ་ཕྱིན། ། མུན་ཁུང་ཆུ་ནང་རྫབ་ཏུ་ཉལ།། རྩཝ་ཟོས་དུད་འགྲོའི་ཁྲོད་དུ་བསྡད།། སྦྲུལ་དང་སྦལ་པས་སྐོར་བ་རྨི།། དེ་སྒྲིབ་མ་སྦྱངས་རྒྱུ་མཐུན་གྱིས།། གཙང་སྦྲ་མེད་པར་བཙོག་ལ་སྤྱོད།། གཉིད་དང་རྨུགས་པ་ཇེ་ཆེར་འགྲོ། ། ཕྱི་མ་དུད་འགྲོར་སྐྱེ་བའི་རྟགས།། ཟློག་པ་མི་དགེའི་ལས་སྨང་ཞིང།། གཙང་མའི་ཚུལ་ཁྲིམས་རྟེན་འབྲེལ་འགོག། ཕྲག་དོག་ལྷ་མིན་གནས་སུ་འཁྲིད།། མི་རུ་སྐྱེས་ཀྱང་བག་ཆགས་ཀྱིས།། ཁེངས་ཤིང་འཁོན་འཛིན་འཐབ་ལ་དགའ། ། ལུས་ཆེ་མིག་དཀར་མཆེ་བ་རྣོ།། ང་རྒྱལ་ཆེ་ཞིང་གཏུམ་ལ་ཧུས།། ཚིག་ངན་གོ་ཆ་མཚོན་ལ་དགའ།། ཉོན་མོངས་སྟོབས་ཆེ་བློ་སྣ་མང།། རྒྱུ་མཐུན་ཕྲག་དོག་གནོད་སེམས་ཆེ།། ལྷ་མིན་གནས་སུ་འཕོས་རྟགས་ཏེ། ། མི་དགེ་སྤང་ཞིང་དགེ་ཆེ་བསྒོམ།། རྒྱུ་སྤངས་འབྲས་བུ་འགག་པ་ཡིན།། ངན་སོང་གནས་ནས་ལྷ་མི་ཐོག། འདོད་ཆགས་དགེ་བས་མི་རུ་འཁྲིད།། མི་ལས་འཕོས་རྟགས་འཕགས་པ་བརྟེན། ། དད་པ་ཆེ་ཞིང་ངོ་མཚར་འཛིན།། མངོན་རྟགས་སྙན་གྲགས་དགེ་ལ་དགའ།། ངོ་ཚ་ཤེས་དང་ཁྲེལ་བག་ཆེ།། ཉོན་མོངས་ཆུང་ཞིང་གཏོང་ལ་དགའ།། བཟོ་དང་རིག་པའི་གནས་ལ་མཁས།། རྒྱུ་མཐུན་དགེ་བ་དམིགས་བཅས་སྒྲུབ། ། དེ་ཉིད་འགོག་པ་བླ་མ་རྟེན།། དགེ་བ་དམིགས་མེད་བསྒྲུབ་པར་བྱ།། སྦྱིན་པ་ཚུལ་ཁྲིམས་བཟོད་པ་ཡིས།། འདོད་ལྷ་རིགས་དྲུག་གང་རུང་སྟེ།། དགེ་བ་ང་རྒྱལ་ལྷ་རུ་འཁྲིད།། དེ་ལས་འཕོས་རྟགས་སྤྱོད་ལམ་མཛེས། ། རང་བཞིན་འཇམ་ཞིང་གཙང་སྦྲ་ཆེ།། བྱམས་སེམས་ཆེ་ཞིང་གླུ་ལ་དགའ།། འཕྲེང་བྱུག་སྤོས་དང་རོལ་མོ་དང།། མང་པོ་ཚོགས་པའི་ཁྲོམ་ལ་སྤྲོ།། ཕྱུག་ཅིང་ལོངས་སྤྱོད་ཆོས་ལ་གཏོང། ། རྒྱུ་མཐུན་སྤྱོད་ལམ་མཁས་སུ་འགྲོ།། སྐལ་བཟངས་ཆོས་ཀྱི་སྣོད་དུ་འགྱུར།། དེ་ཉིད་ཆགས་བྲལ་དགེ་བ་དང།། མི་སྡུག་བྱམས་དང་དགའ་བ་ཡིས།། བསམ་གཏན་བསྒོམས་པས་གཟུགས་ཁམས་སྐྱེ། ། དེ་ཉིད་མ་གཏོགས་རྩེ་གཅིག་གི།། ཞི་གནས་གཟུགས་མེད་ཁམས་སུ་འཕོ།། འགོག་པའི་བསམ་གཏན་འཁོར་བ་འགག། ཁམས་གསུམ་སྲིད་པའི་རྒྱ་མཚོ་ནས།། རིགས་ཆད་མི་ཁོམ་གནས་བརྒྱད་ནི།། སྔོན་གྱི་དགེ་བ་ཆུང་ངུ་ཡིས། ། མི་ལུས་ཐོབ་ཀྱང་ཆོས་བརྒྱད་དགའ།། སྡུག་བསྔལ་མཐོང་ཡང་ཞེན་མི་བཟློག། རྣམ་སྨིན་རྒྱུ་འབྲས་ལ་མི་འཇིགས།། སེམས་ཅན་སྡུག་ལ་སྙིང་མི་རྗེ།། སངས་རྒྱས་ཆོས་ལ་ཡོང་མི་དད།། ངོ་ཚ་ཁྲེལ་མེད་ཚུལ་མི་གཙང། ། མི་དགེ་བ་ལ་ངང་གིས་འབག། བླ་མ་མི་གུས་ལོག་སྣང་ཆེ།། ཡོན་ཏན་མི་དྲན་སྐྱོན་ལ་རྟོག། བྱས་པ་དྲིན་དུ་མི་གཟོ་བ།། མི་ཁོམ་གནས་སུ་སྐྱེས་པའི་རྟགས།། དམྱལ་བའི་ལམ་ལ་ཞུགས་པ་ཡིས། ། མི་ལུས་ངན་སོང་སེམས་ཅན་ཡིན།། འཁོར་བ་མུ་མཐའ་མེད་པར་འཁྱམས།། དཔེར་ན་གསེར་དངུལ་རིན་ཆེན་སྣོད།། མི་གཙང་དྲི་མས་གོས་པ་ན།། སྣོད་བཅུད་གཉིས་ཀ་ལྕགས་པ་བཞིན།། ཆོས་དབྱིངས་ཤིན་ཏུ་ཟབ་པ་ལ། ། མ་རིག་དྲི་མས་འཁོར་བར་འཁྱམས།། ལས་ཀྱི་སྒྲིབ་པས་ངན་སོང་ལྷུང།། ངན་སོང་སྦྱང་ཕྱིར་སྡིག་པའི་ཚོགས།། དག་བྱེད་སྟོབས་བཞིའི་སྒོ་ནས་བཤགས།། བདེན་སྟོབས་དཀོན་མཆོག་རྗེས་དྲན་དང། ། འགྲོ་ལ་སྙིང་རྗེའི་བསམ་པས་སུ།། སྔན་ཆད་འཁོར་བར་འཁྱམས་པ་ཡི།། སྡིག་པ་མི་དགེའི་ལས་རྣམས་ལ།། ཉེས་པ་སླར་ལྡོག་གནོང་འགྱོད་ཀྱིས།། རྣམ་པར་སུན་འབྱིན་ཞེན་ལོག་པའི།། འཇིགས་ཤིང་དངངས་སྐྲག་གཉེན་པོ་སྟེ། ། བཙན་པོས་དབང་མེད་ལས་ལ་བསྐོས།། འགལ་ན་གཤེད་མས་གསོད་པ་ལ།། འཇིགས་པས་ཡེངས་ཐབས་མེད་པ་བཞིན།། ཡེངས་མེད་ངན་སོང་འཇིགས་པ་ལ།། སྔར་བྱས་ལས་ལ་འགྱོད་པ་བསྐྱེད། ། ཕྱི་མ་མི་བྱེད་དམ་བཅའ་བསྡམ།། རང་བཞིན་བཅས་པ་ཁ་ན་ཡི།། མ་ཐོའི་ལས་སྒྲིབ་དག་པའི་རྟགས།། ལུས་སེམས་བདེ་ཞིང་དགེ་སྟོབས་འཕེལ།། རྨི་ལམ་ཁྲུས་བྱས་གྱེན་ལ་འཛེགས།། གསར་པའི་གོས་གྱོན་ཉི་ཟླ་མཐོང། ། མཁའ་ལ་འཕུར་དང་བཤལ་བ་རྨི།། སྡིག་པ་དག་རྟགས་ངན་སོང་འགགས།། དགེ་བ་སྤེལ་ཞིང་སྙིང་རྗེ་བསྒོམ།། ཉོན་མོངས་རགས་བཅོམ་གཙང་གནས་འཐོབ།། གཙང་མའི་བཟོད་བརྩོན་ཚུལ་ཁྲིམས་ཀྱིས། ། ཞེན་ལོག་ཚད་མེད་བཞི་བསྒོམས་པས།། ཁམས་གསུམ་སྲིད་པའི་གཟུགས་འགགས་ནས།། སོ་སོར་རྟོགས་པའི་འགོག་པ་ཡི།། ཏིང་ངེ་འཛིན་ལ་གོམས་བྱས་པས།། ལས་ཀྱི་སྒྲིབ་པ་ཟད་བྱས་ནས། ། འཁོར་བའི་དགྲ་བཅོམ་འཕགས་ལམ་ལ།། ཞི་བའི་དོན་ལ་བསྐལ་མང་གནས།། འཕགས་པའི་ཐུགས་རྗེས་མ་བསྐུལ་ན།། མྱང་འདས་ལམ་ལ་ཕྱིན་མི་འགྱུར།། རང་སངས་རྒྱས་ཀྱིས་ཉོན་མོངས་བཅོམ། ། སངས་རྒྱས་ཐམས་ཅད་ཀྱི་བསྟན་པའི་གཞི་རྒྱུད་མཆོག་རིན་པོ་ཆེ་སྤུངས་པ་ལས།། འབྲས་བུ་འགོག་པའི་ལེའུ་སྟེ་བཅུ་པའོ།།།། ལག་མཐའ་མེད་པའི་དུས་འདི་རུ།། མ་རིག་རྒྱུ་རྐྱེན་ལས་བྱུང་བའི། ། སེམས་ཅན་ནམ་མཁའ་མཐའ་དང་མཉམ།། མིང་དུ་བཏགས་པ་ཁམས་གསུམ་ལ།། བདེ་གཤེགས་སྙིང་པོ་འགྲོ་རྣམས་ཀུན།། མཉམ་པ་ཉིད་དུ་ཡོངས་ཁྱབ་ཀྱང།། མི་ཡི་གྲུ་ལ་མ་བརྟེན་པའི།། སྡུག་བསྔལ་ཆུ་ལས་མི་སྒྲོལ་བས། ། ཐར་ལམ་སྒྲུབ་པའི་རྟེན་གཅིག་པུ།། མི་ལུས་ཐོབ་པ་ཤིན་ཏུ་དཀའ།། དགེ་བ་ཕྲ་མོ་ཙམ་དང་ནི།། མཁར་ཆེན་དག་ལས་འབྱུང་བ་ཡི།། རྨི་ལམ་ཙམ་ལས་ཐོབ་པ་དཀའ།། སྔོན་ཚེ་བསོད་ནམས་དགེ་བའི་མཐུས། ། འབྲས་བུ་དུས་འདིར་བྱུང་བ་ཡིན།། གཙང་མའི་མི་ལུས་མ་ཐོབ་ན།། ངན་སོང་གནས་ན་ཐར་ལམ་བྲལ།། བསོད་ནམས་ལྡན་པའི་ལྷ་ཡིས་ཀྱང།། གཡེང་བས་ཐར་པ་ཐོབ་པ་མིན། ། ལོངས་སྤྱོད་ལྡན་པའི་རྣམ་ཐོས་བུ།། རྫུ་འཕྲུལ་ལྡན་པའི་དབང་ཕྱུག་ཀྱང།། ཐར་པ་ཐོབ་པའི་རྟེན་མ་ཡིན།། དུས་གསུམ་སངས་རྒྱས་ཐམས་ཅད་ཀུན།། མི་ལུས་ལ་བརྟེན་བྱང་ཆུབ་བགྲོད།། མི་ཡི་ལུས་ཙམ་ཐོབ་པས་ཀྱང། ། མཉེན་པ་མེད་པའི་གྲུ་བཞིན་དུ།། འཁོར་བ་མི་བགྲོད་གཟུགས་བརྙན་ཡིན།། ངན་སོང་གསུམ་དང་ཚེ་རིངས་ལྷ།། མཐའ་འཁོབ་དབང་པོ་མ་ཚང་བ།། ལོག་ལྟ་ལྐུགས་པ་བརྒྱད་རྣམས་སྡུད། ། ཁོམ་ལྡན་མི་ལུས་ཤིན་ཏུ་དཀོན།། དལ་བ་ཕུན་སུམ་ཚོགས་པ་ཀུན།། གྲོགས་པོ་སངས་རྒྱས་འབྱུང་བ་དཀོན།། འཁོར་བའི་སྡུག་བསྔལ་མཐོང་བ་ཡི།། ཞེན་ཆགས་བྲལ་བའི་མིག་ལྡན་དཀོན།། སངས་རྒྱས་ཡོན་ཏན་མཐོང་བ་ཡི། ། རིག་པ་ཅན་གྱི་དད་པ་དཀོན།། མི་རྟག་རྒྱུད་ལ་བསྐུལ་བ་སྟེ།། བརྩོན་འགྲུས་ལྡན་པའི་བྱང་ཆུབ་དཀོན།། རང་གཞན་འདི་ཕྱིའི་དགོས་འདོད་འབྱུང།། དལ་འབྱོར་མི་ལུས་རིན་ཆེན་དེ། ། ལྷག་བསམ་ལྡན་པས་དོན་གཉིས་འགྲུབ།། ནོར་བུ་རིན་ཆེན་དཔེར་བྱར་མིན།། སེམས་ཅན་རྡུལ་ཕུང་ཙམ་ལུས་སུ།། མི་ལུས་སོར་སྟེང་རྡུལ་བས་ཉུང།། ངན་སོང་གནས་ངན་གཞན་དག་ལས།། རྩིག་ལོགས་གཏོར་བའི་སྲན་འབྲུའམ། ། མེ་ལོང་ངོས་ལ་གསེར་ཕྱེ་གཏོར།། ཆགས་པས་མི་ལུས་ཐོབ་པ་ཉུང།། མི་ལུས་ནམ་མཁའི་སྐར་མ་ཙམ།། དལ་འབྱོར་ཐོབ་པ་ཉི་ཟླ་དཀོན།། རྒྱ་མཚོ་ཆེར་དབུས་གཉའ་ཤིང་བུག། མཐའ་ཡི་རུལ་སྦལ་མགྲིན་ཆུད་པས། ། དལ་འབྱོར་མི་ལུས་ཐོབ་པ་དཀོན།། ཐོབ་ཀྱང་དུས་བརྒྱའི་ཟ་མ་གཅིག། ལན་ཅིག་ཐོབ་པ་སྲིད་པ་ཙམ།། ཕྱི་ནས་ཐོབ་པ་བརྒྱ་ལ་དཀའ།། ནོར་བུ་རིན་ཆེན་རྙེད་དུས་སུ།། འདམ་དུ་མ་བསྐུར་ཕྱི་བདར་གྱིས། ། རྒྱལ་མཚན་རྩེ་ལ་གསོལ་བ་ཐོབ།། དགོས་འདོད་འབྱུང་བའི་སྒྲོམ་དུ་ཆུག། ཕྱིན་ཅི་ལོག་གི་དགྲ་ཀུན་ལ།། མ་བསྐུར་བསྟན་པའི་སྒྲོན་མེས་བསྲུངས།། འཕོངས་པའི་སྡུག་བསྔལ་མ་ལུས་སོལ། ། བདེ་ལེགས་ཕུན་སུམ་ཚོགས་ཀུན་འབྱུང།། སངས་རྒྱས་ཐམས་ཅད་ཀྱི་བསྟན་པའི་གཞི་རྒྱུད་མཆོག་རིན་པོ་ཆེ་སྤུངས་པ་ལས། རྟེན་དལ་འབྱོར་རྙེད་དཀའ་བའི་ལེའུ་སྟེ་བཅུ་གཅིག་པའོ། །།། ཀྱེ་མ་དལ་འབྱོར་ཐོབ་ཀྱང་ནི།། གལ་ཏེ་ཕན་པ་མ་བསྒྲུབས་ན།། ཕྱིས་ནས་འབྱོར་ལྡན་མི་འགྱུར་ཏེ།། འདུས་བྱས་ཐམས་ཅད་མི་རྟག་ཅིང།། མི་རྟག་འཇིག་ཆེན་ཅི་བས་ཏེ།། དཔེར་ན་སྦྲུལ་གདུག་ཆེན་པོ་བཞི། ། སྣོད་ནང་བཅུག་ནས་ཁ་མ་གཅད།། མ་རེག་མ་བལྟས་བསྲུང་དུ་བཅུག། ཤོར་ན་གཤེད་མས་རལ་གྲིས་གསོད།། སྦྲུལ་རྣམས་རང་གནས་དཀའ་བ་བཞིན།། རླུང་མཁྲིས་བད་ཀན་འདུས་པ་བཞིན།། མ་འཕེལ་མ་ཟད་རང་ས་རུ། ། ནད་མེད་སོ་ལ་སྡོད་པ་དཀའ།། གལ་ཏེ་འཕེལ་ཟད་ཅིས་ཀྱང་འཆི།། སྔོན་དུ་མ་ཤིའི་དཔེ་མེད་དང།། ཕྱི་མ་མི་འཆིའི་ཁས་ལེན་མེད།། ད་ལྟ་འཆི་བས་མི་འཇིགས་པའི།། ས་ཕྱོགས་དེ་ནི་མཐོང་ཐོས་དང། ། དྲན་པའི་ཡུལ་ན་མེད་པ་ཡིས།། འདི་ལ་དགག་པར་བྱ་ཐབས་མེད།། གཉེན་བཤེས་བརྩེ་མང་མཐའ་སྐོར་ཡང།། ཉིན་མཚན་གཅིག་ཀྱང་ཤོལ་ཐབས་མེད།། བརྩེ་བའི་བུ་དང་མཛའ་བ་གྲོགས། ། འདི་ལ་སྐད་ཅིག་བསྒོ་མི་ནུས།། ཟང་ཟིང་ནོར་དང་མདུན་གྲོས་གཏམ།། འདི་ལ་བསྲུང་ཐབས་གང་ལ་ཡོད།། ཆེ་བཙུན་དྲེགས་པ་ལྡན་གྱུར་ཀྱང།། འཆི་བདག་བདུད་ལ་བཟློག་མི་ཚུགས།། སངས་རྒྱས་སྟོང་གི་མཐུ་སྟོབས་ཀྱང། ། འདི་ལ་སྐྱོབ་པར་མི་ནུས་ན།། ཐབས་གཞན་ཀུན་གྱིས་ལྟ་ཅི་སྨོས།། དཔེར་ན་རི་བོ་ཆེན་པོ་བཞི།། སྐྱེས་བུ་ལག་པ་བརྐྱང་བསྐུམ་ཙམ།། འཇིགས་པའི་དབུས་ནས་འབྲོས་ཐབས་མེད།། དེ་བཞིན་སྐྱེ་རྒས་ན་འཆི་ལས། ། སུས་ཀྱང་འབྲོས་ཐབས་མ་མཆིས་པས།། སྐྱེས་པའི་མཐའ་དེ་འཆི་ངེས་ཡིན།། ཚེ་འདི་མི་རྟག་མྱུར་དུ་འཆི།། རི་གཟར་ཁ་ཡི་ཆུ་འབབ་བཞིན།། ཉིན་མཚན་གཅིག་གིས་གཅིག་དེད་ནས། ། འཆི་བའི་ཕྱོགས་སུ་ཕར་ཕར་འགྲོ།། རྩལ་པོ་ཆེ་ཡིས་མདའ་འཕངས་བཞིན།། ཚེ་འདི་སྐད་ཅིག་མི་སྡོད་པར།། འཆི་ལ་ཇེ་ཉེ་ཇེ་ཉེ་འགྲོ།། འདི་དང་ཕྱི་མ་འབྲེལ་ནས་ཡོད།། སྐྱེ་ཤི་གཉིས་པོ་ལག་འབྲེལ་བ། ། བཤའ་ལུག་གཤན་པས་ཁྲིད་པ་བཞིན།། གོམ་གང་ཕྱིན་ཅིང་ཤི་ལ་ཉེ།། དེ་བཞིན་ལོང་མེད་ཕ་རོལ་འགྲོ།། རྨི་ལམ་གློག་དང་སྤྲིན་བར་གྱི།། ཉི་མ་ལྟ་བུར་ཡུད་ཙམ་ཡིན།། རྒྱུ་རྐྱེན་མང་པོ་ཚོགས་པ་ཡི།། འཛམ་གླིང་ལས་ཀྱི་ས་པ་རྣམས། ། ཚེ་ལ་ངེས་པ་མེད་པ་དང།། ལུས་ལ་སྙིང་པོ་མེད་པས་སུ།། ནད་དང་གདོན་དང་ཕྱི་ནང་གི།། འཆི་རྐྱེན་རྣམ་པ་མང་བའི་དོན།། མི་ཚེ་ཟས་ཀྱིས་གསོས་ནས་ཀྱང།། འཚོ་བར་མི་འགྱུར་ལྟོགས་ནས་འཆི། ། འཆི་བའི་རྐྱེན་ནི་ཤིན་ཏུ་མང།། སང་ཙམ་འཆིའམ་སུས་ཤེས་ན།། རྟག་ཏུ་བསྡད་སྙམ་མི་བྱེད་པར།། དེ་རིང་ཉིད་ལ་བརྟུན་ཏེ་བྱ།། སྙོམས་ལས་ལེ་ལོར་སྡོད་པ་དེ།། འཆི་བདག་བདུད་དང་ཕྲད་ཙམ་ན། ། བཟུར་ཐབས་མེད་དེ་ཐོག་རྒྱབ་འདྲ།། ཡུན་རིང་འདོད་ལ་སྐད་ཅིག་ཚེ།། སྐྱེ་བའི་མཐུན་རྐྱེན་ཐམས་ཅད་ཟད།། འཆི་བའི་འགལ་རྐྱེན་ཀུན་ཚང་ནས།། ཕྱི་ཡི་འབྱུང་བ་ཐམས་ཅད་འཁྲུག། ངན་སྐྱུགས་རྣམས་ཀྱིས་ལུས་ཁེབས་ཤིང།། སྟོབས་ཟད་བག་བཞི་ས་ལ་ལྷུང།། ངལ་དུབ་ལྡང་དུབ་ལུས་ཀུན་ན།། དབུགས་ནི་ངར་ངར་དངང་སྐྲག་བྱེད།། ཤེས་པ་ཕྱད་ཕྱོད་བན་བུན་དུ།། ཡི་མུག་ག་ཆད་དུས་དེ་རུ། ། གཉེན་བཤེས་ཚོགས་ཀྱིས་མཐའ་སྐོར་ཡང།། སྲོག་གཅོད་ཚོར་བ་རང་གིས་མྱོང།། ཤི་ནས་ཟླ་མེད་གཅིག་པུར་འགྲོ།། གཉེན་གྱིས་མ་ཕན་བཤེས་མི་ཕན།། ཉེ་བ་རྣམས་ལ་ཅི་ཕྱིར་ཆགས།། ཟས་ནོར་རྣམས་ཀྱིས་མདུན་གང་ཡང། ། དང་ཁར་འོང་བ་ཆུ་ལས་མེད།། ཕ་རོལ་ནོར་མེད་ལག་སྟོང་འགྲོ།། བསགས་པའི་ནོར་ནི་གཞན་གྱིས་ཁྱེར།། རྣམ་སྨིན་ཤི་བའི་རྗེས་སུ་འབྲང།། ནོར་ཕྱིར་སྡིག་པ་ཅི་ལ་བསོག། བཙན་པོ་དབང་ཆེན་མདུན་མ་ཡང། ། དབང་མེད་འཆི་བདག་གཤིན་རྗེས་ཁྲིད།། རྒྱབ་རྟེན་མགོན་སྐྱབས་སུ་ལ་རེ།། ཡུལ་ཁྱིམ་མཁར་སོགས་རྨི་ལམ་བཞིན།། སྐད་ཅིག་མི་རྟག་ཞིག་ནས་འགྲོ།། ལུས་དང་ཁ་དོག་སྟོབས་རྣམས་ཀྱང། ། ཀུན་ནས་མི་མཐུན་ཟུག་རྔུ་ལྡང།། རྣམ་པར་བམ་ཞིང་འབུས་གཞིགས་དང།། རུལ་དང་མྱགས་དང་དངོས་པོ་ལ།། ཁྱི་དང་ཕག་ཀྱང་སྐྱུག་བྲོ་སྟེ།། མི་ལུས་ཆོས་མེད་ཕྱི་མའི་དགྲ།། འཇིག་རྟེན་ཕ་རོལ་འགྲོ་ཙམ་ན། ། སྐྱབས་གནས་དཀོན་མཆོག་མ་གཏོགས་པ།། ཅིས་ཀྱང་ཕན་པ་མེད་པ་ལ།། བདག་འཛིན་ཅན་ཚོའི་རོ་བརྒྱ་ལ།། འཆི་བའི་འཇིགས་པས་བསམ་མི་ཁྱབ།། དེ་བས་ཀྱང་ནི་ཕྱི་མ་འཇིགས།། ཆོས་མེད་ངན་སོང་གནས་སུ་འགྲོ། ། མདོ་མེད་གསེར་གླིང་སྟོང་ལོག་བྱས།། རྒྱུས་ཡོད་བཞིན་དུ་ལྟོགས་གྲིར་ཤི།། དོན་མེད་མི་ལུས་ཤ་ཐང་ཆད།། མཐོ་སར་བསླེབས་ནས་གཡང་ལ་འཕྱོང།། དུག་སྦྲུལ་མཚོ་ནས་ཐོན་པ་དཀའ། ། མུན་པའི་གླིང་ན་ཉི་ཟླ་མེད།། ནོར་བུ་རིན་ཆེན་དུས་དེར་སྟོར།། དབུལ་པོ་རྣམས་ཀྱི་ཕུན་ཚོགས་བྲལ།། ལས་ཀྱི་གཤིན་རྗེ་ཞེ་རེ་གནག། འཁྲུལ་པའི་སེམས་ཅན་ཉོན་རེ་མོངས།། སངས་རྒྱས་ཐམས་ཅད་ཀྱི་བསྟན་པའི་གཞི་རྒྱུད་མཆོག་རིན་པོ་ཆེ་སྤུངས་པ་ལས། འཆི་བ་མི་རྟག་པའི་ལེའུ་སྟེ་བཅུ་གཉིས་པའོ།།།། འཁོར་བ་གཏིང་མཐའ་མེད་པ་ནས།། སྐྱེ་ཤི་སྡུག་བསྔལ་ཟད་མེད་ལ།། སྐྱབས་གནས་ནུས་པ་ཤིན་ཏུ་དཀོན། ། འཇིགས་ཤིང་སྐྲག་པའི་མི་རྣམས་ཀུན།། བདེ་རུ་རེ་བའི་སྐྱབས་གནས་སུ།། རི་དང་ནགས་ཚལ་ལྗོངས་རྣམས་དང།། ལྗོན་ཤིང་སྐྱེད་ཚལ་ཁང་པ་དང།། ཡོ་བྱད་གྲོགས་བཤེས་རྒྱལ་པོ་ལ།། སྐྱབས་སུ་འགྲོ་སྟེ་མཆོག་མ་ཡིན། ། ལ་ལ་ལྷ་ཀླུ་གནོད་སྦྱིན་དང།། རྫུ་འཕྲུལ་ལྡན་པའི་བདུད་རིགས་ལ།། སྐྱབས་སུ་འགྲོ་སྟེ་ཕན་མི་ཐོགས།། ཁོ་རང་ཡང་ནི་སེམས་ཅན་ལ།། འཁོར་བའི་སྡུག་བསྔལ་ཅི་ལ་སྐྱོབ། ། འགའ་ཞིག་ཕྱིན་ཅི་ལོག་གི་བློས།། ཕྱ་དང་དབང་ཕྱུག་ལ་སོགས་ལ།། སྐྱབས་སོང་ལོག་པའི་གནས་སུ་འགྲོ།། དགྲ་འོང་མི་ལ་སྐྱེལ་མ་བཅོལ།། སྔོན་ལ་སྐྱེལ་མ་དགྲས་ཁྱེར་བཞིན།། མུ་སྟེགས་ཁོ་རང་དམྱལ་བར་སོང། ། གཞན་ལ་བསྐྱབ་ཐབས་ག་ལ་ཡོད།། སྐྱབས་དེ་མཆོད་འོས་མ་ཡིན་པས།། དད་པའི་གནས་མིན་སྤང་བར་བྱ།། སྡུག་བསྔལ་ཀུན་ལས་ཐར་པ་ལས།། སྐྱབ་ཏུ་ནུས་པ་ཤིན་ཏུ་དཀོན།། འཇིག་རྟེན་ཁམས་ན་འབྱུང་དཀའ་བའི། ། སངས་རྒྱས་ཆོས་དང་དགེ་འདུན་ཏེ།། བླ་ན་མེད་པའི་དཀོན་མཆོག་གསུམ།། དད་པས་སྐྱབས་སུ་འགྲོ་བྱེད་ཅིང།། འཕགས་པའི་བདེན་པ་བཞི་ཡི་ལམ།། ཤེས་རབ་ཀྱིས་ནི་ལྟ་བྱེད་པ། ། སྐྱབས་གནས་རྣམས་ཀྱི་མཆོག་ཡིན་ལ།། སྙིང་ནས་བློ་ཕུགས་དེ་ལ་གཏད།། ཆུང་འབྲིང་ཆེན་པོའི་བློ་ལྡན་པ།། དང་པོ་ཚེ་འདིས་བསླུས་པར་མཐོང།། འཇིག་རྟེན་ཆོས་བརྒྱད་བློ་ལོག་ནས།། ངན་སོང་སྡུག་བསྔལ་འཇིགས་པ་ལ། ། ཚེ་འདི་ཇི་སྲིད་འཚོ་ཡི་བར།། གནས་སྐབས་སྐྱབས་སུ་འགྲོ་བར་བྱ།། ཉམས་ལེན་མི་དགེ་བཅུ་སྤང་ཞིང།། དགེ་བ་སྤྱོད་ཅིང་མི་རྟག་བསྒོམ།། ལེགས་སྨོན་སྡོམ་པ་སྐྱེ་བ་ཡིན།། འབྲས་བུ་ལྷ་མིའི་གོ་འཕང་ཐོབ། ། དེ་ནས་གཉིས་པ་གང་ཟག་འབྲིང།། འདུས་བྱས་ཐམས་ཅད་འཇིག་པར་མཐོང།། བདེ་སྡུག་ཀུན་ལ་བློ་ལོག་ནས།། འཁོར་བའི་སྡུག་བསྔལ་ཤེས་པ་ཡིས།། དུས་ནི་ཇི་སྲིད་འཚོ་ཡི་བར།། ཐུན་མོང་སྐྱབས་སུ་འགྲོ་བ་དང། ། ཉམས་ལེན་རང་དོན་བསླབ་བྱ་གསུམ།། སྤྱོད་ཅིང་བདེན་པ་སྟོང་པ་བསྒོམ།། ངེས་འབྱུང་སྡོམ་པ་སྐྱེ་བ་སྟེ།། འབྲས་བུ་འཕགས་པ་ཉན་རང་ཐོབ།། སྐྱེས་བུ་མཆོག་ཏུ་གྱུར་པ་རྣམས། ། སེམས་ཅན་རྣམས་ཀྱི་སྡུག་བསྔལ་མཐོང།། རང་གི་དོན་ལ་བློ་ལོག་ནས།། ཐེག་པ་དམན་ལ་འཇིགས་པ་ཡིས།། བྱང་ཆུབ་སྙིང་པོ་མ་མཆིས་པར།། ཁྱད་པར་མཆོག་གི་སྐྱབས་འགྲོ་བྱེད།། ཉམས་ལེན་གཞན་དོན་ཕར་ཕྱིན་དྲུག། སྤྱོད་ཅིང་སྟོང་ཉིད་སྙིང་རྗེ་བསྒོམ།། བྱང་ཆུབ་སེམས་ཀྱི་སྡོམ་པ་སྐྱེ།། འབྲས་བུ་རྫོགས་པའི་བྱང་ཆུབ་འཐོབ།། སྐྱབས་སུ་འགྲོ་བའི་བྱེད་ལུགས་ནི།། འཁོར་བའི་སྡུག་བསྔལ་ཟད་པ་དང། ། སངས་རྒྱས་ཡོན་ཏན་མཐོང་བ་ཡི།། དད་པ་སྒོ་གསུམ་གུས་པ་ཡིས།། རྣམ་པ་ཐམས་ཅད་ཀུན་མཁྱེན་དཔལ།། རྫོགས་སངས་རྒྱས་དང་དེ་སྲས་ལ།། སྟོན་པ་བྱ་ཞིང་དེ་ཉིད་ཀྱི།། གོ་འཕང་ཐོབ་ཕྱིར་སྐྱབས་འགྲོ་བྱ། ། ཚིག་ཏུ་བརྗོད་པ་སྐྱབས་འགྲོ་མིན།། དོན་གྱི་སྐྱབས་འགྲོ་སངས་རྒྱས་མཆོད།། སྒོམ་ཡང་དེ་ལ་སྒྲུབ་ཀྱང་དེ།། གཏད་སོ་དེ་ལ་འཕུལ་བ་དེ།། གསོལ་བ་དེ་ལ་བཏབ་པ་ཡིས།། བྱིན་རླབས་དེ་ཡི་གོ་འཕང་ཐོབ། ། ཆོས་ལ་སྐྱབས་འགྲོ་དེ་ཡི་གསུང།། སྐྱབས་སུ་མཆི་བ་ཁ་ཆོས་མིན།། སངས་རྒྱས་འདོད་ཕྱིར་ལམ་དེ་ཉིད།། གང་ཟག་རིགས་དང་མཐུན་པ་རུ།། ཐེག་པ་གསུམ་གྱི་དམ་ཆོས་ལ།། ཐོས་བསམ་སྒོམ་གསུམ་ཤེས་རབ་ཀྱི། ། བློས་སྦྱོང་བསླབ་གསུམ་ནན་ཏན་སྐྱེད།། སྐྱོན་དག་ཡོན་ཏན་གོང་དུ་འཕེལ།། ལམ་མཐར་ཕྱིན་པས་གོ་འཕང་ཐོབ།། དགེ་འདུན་སངས་རྒྱས་མཛད་པ་ལ།། ཚིག་གི་མི་ཕན་རྗེས་སུ་བསྒྲུབ། ། ཐར་པ་ལམ་སྟོན་གྲོགས་ཉིད་དུ།། ཟག་པ་མེད་པའི་སྐྱབས་འགྲོ་ལ།། མི་དགེའི་ཁྱིམ་སྤངས་རབ་ཏུ་བྱུང།། དགེ་བའི་ཚུལ་ཁྲིམས་སྡོམ་པ་གསུམ།། འབྲལ་བ་མེད་པར་གྲོགས་སུ་བསྟེན།། དགེ་སློང་དགོན་པར་རྩལ་རྫོགས་པས། ། གོ་འཕང་བླ་ན་མེད་པ་ཐོབ།། དཀོན་མཆོག་རིན་ཆེན་རྣམ་གསུམ་ལ།། དགེ་འདུན་སྐྱབས་སོང་རབ་བྱུང་བས།། མི་དང་མི་ལོན་ལོག་སྣང་ཅན།། འགྲན་སེམས་ཅན་ཀུན་མཆོད་བྱེད་འགྱུར། ། ཆོས་ཀྱིས་འཁོར་བའི་སྐྱོན་དག་ནས།། མྱ་ངན་འདས་པའི་ཡོན་ཏན་འབྱུང།། སངས་རྒྱས་ཉོན་མོངས་སེམས་ཅན་ལ།། རྣམ་ཀུན་མཁྱེན་ཉིད་སངས་རྒྱས་ཐོབ།། དཀོན་མཆོག་གསུམ་གྱི་བདེན་པ་དེ།། ཚེ་འདིའི་ནད་གནོད་དགྲ་བགེགས་ཀྱིས། ། འཚེ་བ་རྣམས་ནི་ཞི་བ་དང།། སྡིག་སྒྲིབ་བྲལ་བས་ཕྱི་མ་རུ།། ངན་སོང་འཇིགས་པ་ཀུན་ལས་ཐར།། ཐ་མལ་འགྲོ་བ་འཁྲུལ་གནས་ནས།། འཇིགས་ཚོགས་ལོག་པ་ལས་སྐྱབས་ཏེ། ། སངས་རྒྱས་ལམ་ལ་རབ་ཞུགས་པའི།། སྡོམ་པ་ཀུན་གྱི་རྟེན་དུ་འགྱུར།། སྡོམ་པ་འདི་གནས་ཀུན་ཀྱང་ཡོད།། སྐྱབས་འགྲོ་ཉམས་ན་བསླབ་ཀུན་ཉམས།། སྐྱབས་འགྲོ་བསྟན་པའི་སྲོག་ཤིང་ཡིན།། སྐྱབས་གནས་སངས་རྒྱས་ཉག་གཅིག་སྟེ། ། ཐུབ་པའི་ཆོས་ཀུན་དེ་ལ་ཚང།། ཚོགས་ན་དེ་ཡི་མཐར་ཐུག་གོ། སངས་རྒྱས་ཀུན་སྟོན་སྐྱབས་རྙེད་ནས།། འཇིག་རྟེན་ངན་ལ་སྐྱབས་མི་ཞུ།། སངས་རྒྱས་གཟུགས་བརྙན་གུས་བྱས་ཀྱང། ། དེ་ཡིས་བརྒྱ་ཡི་ཆར་མི་ཕོད།། ལམ་མཆོག་ཆོས་ལ་སྐྱབས་སོང་ནས།། སེམས་ཅན་རྣམས་ལ་འཚེ་མི་བྱ།། བྱས་ན་ལམ་དེ་ཉིད་ལས་བཟློག། ཡིག་འབྲུ་ཙམ་ལ་དད་བྱས་པས།། འགྲོ་བ་ཀུན་ལ་ཕན་བདེ་འབྱུང། ། དགེ་འདུན་སྐྱབས་སོང་བསྟན་པ་ནི།། སྨད་དགྲ་མུ་སྟེགས་རྣམས་མི་འགྲོགས།། སྡིགས་དང་འགྲོགས་ན་དགེ་བ་སྟོར།། དྲི་ངན་འགོས་པས་མི་གཙང་ལྟུང།། རྒྱལ་མཚན་འཛིན་པའི་ལམ་ཞུགས་པའི།། སེར་རུ་གོས་ཙམ་འཆང་བ་ལ། ། སྟོན་པའི་འདུ་ཤེས་གུས་པ་བླང།། དཀོན་མཆོག་བཀའ་དྲིན་མ་བརྗེད་ཕྱིར།། དུས་དང་རྒྱུན་གྱི་མཆོད་པ་འབུལ།། ཚོགས་རྫོགས་སྒྲིབ་པའི་ལས་རྣམས་འདག། དོག་ལ་དྲག་པོ་ཅི་བྱུང་ཡང། ། ཐབས་གཞན་མི་བཙལ་མཁྱེན་ཚིག་གཅིག། ཕྱོགས་དང་གནས་ནི་གང་འདུག་ཀྱང།། དཀོན་མཆོག་ཞིང་ཡིན་དེར་ཤེས་བྱ།། ཚེ་དང་འགལ་བ་ཆེན་པོའི་དོན།། སྐྱབས་གསུམ་མི་སྤང་སྲོག་ལྟར་བརྩི།། བསླབ་པ་མཐའ་རྫོགས་ཡོན་ཏན་ནི། ། སངས་རྒྱས་ཀུན་གྱིས་བརྗོད་པར་དཀའ།། མཐའ་ཡས་མུ་མེད་བསམ་མི་ཁྱབ།། སངས་རྒྱས་ཐམས་ཅད་ཀྱི་བསྟན་པའི་གཞི་རྒྱུད་མཆོག་རིན་པོ་ཆེ་སྤུངས་པ་ལས། ། སྐྱབས་གནས་ཁྱད་པར་ཅན་གྱི་ལེའུ་སྟེ་བཅུ་གསུམ་པའོ།།།། ཡང་དག་མ་ཡིན་ཀུན་རྟོག་ལས།། ཀུན་རྫོབ་ལོག་པའི་བདེན་པ་དེ།། སྡུག་བསྔལ་ཀུན་འབྱུང་ཉོན་མོངས་རྣམས།། ཚུལ་བཞིན་མ་ཡིན་ལྷན་ཅིག་སྐྱེས། ། མ་རིག་ལས་བྱུང་ཀུན་བརྟགས་ཀྱིས།། མ་རིག་ཉོན་མོངས་ཁམས་རྣམས་ལས།། དགེ་བས་ལྷ་མིར་སྐྱེ་བའི་ལས།། མི་དགེ་ངན་སོང་སྐྱེ་བའི་ལས།། རྒྱུ་འབྲས་ཤེས་ཀྱང་དེ་ཡི་ནི།། རང་བཞིན་མ་ཤེས་ལས་འབྲས་ལ། ། རྨོངས་པའི་མ་རིག་ལས་སྤྱད་པས།། རྟེན་འབྲེལ་ལུས་སུ་འབྱུང་བ་ལ།། དོན་དམ་གནས་ལུགས་བདེན་པ་ཡིན།། མཐར་ཐུག་འགོག་པའི་ལམ་ཞུགས་ནས།། སྲིད་པའི་ལུགས་བཟློག་ཚོགས་སྦྱོར་གྱི། ། ལམ་ཞུགས་གཉེན་པོས་འཁོར་བ་སྤངས།། དམྱལ་བའི་སྡུག་བསྔལ་ཤེས་པ་ལ།། ལྷ་མི་གདུག་པར་མི་ཤེས་པའི།། དགེ་བའི་ལས་ལ་སྤྱོད་པ་ཡི།། རྒྱུ་འབྲས་རྨོངས་པའི་མ་རིག་བཅོམ།། ཁམས་གསུམ་གནས་ལ་ཆགས་ཞེན་མེད། ། ལས་ཀྱི་སྒྲིབ་པ་ཟད་པ་ཡིས།། འབྲས་བུ་དགྲ་བཅོམ་རང་རྒྱལ་ཐོབ།། མཐོང་བའི་ལམ་ཞུགས་གཟུང་འཛིན་སྤངས།། ཀུན་བརྟགས་གཞན་དབང་སྣ་ཚོགས་ཀྱི།། མ་རིག་པ་ཡི་རྟོག་ཚོགས་བཅོམ། ། ཉོན་མོངས་ཁམས་རྣམས་སྒྲིབ་པ་ཟད།། བདག་གཞན་གཉིས་ཀྱི་བདག་མེད་རྟོགས།། འབྲས་བུ་ས་བཅུའི་ཡོན་ཏན་ཐོབ།། སྒོམ་པའི་ལམ་ཞུགས་བག་ཉལ་སྤངས།། དེ་ཉིད་ཁོ་ན་ལ་རྨོངས་པའི། ། ལྷན་ཅིག་སྐྱེས་པའི་མ་རིག་བཅོམ།། ཤེས་བྱའི་བཟང་ཞེན་སྒྲིབ་པ་ཟད།། མཐར་ཕྱིན་མི་སློབ་པ་ཡི་ལམ།། ལྷུན་གྲུབ་ས་ལ་རྫོགས་སངས་རྒྱས།། ཐམས་ཅད་དོན་གཅིག་ཉིད་ལ་རྒྱུ།། ལམ་གྱི་མཐར་ཐུག་སྙིང་པོའི་དོན། ། གཞི་རྡོག་ལམ་གྱི་འབྲས་བུའོ།། སངས་རྒྱས་ཐམས་ཅད་ཀྱི་བསྟན་པའི་གཞི་རྒྱུད་མཆོག་རིན་པོ་ཆེ་སྤུངས་པ་ལས། ལམ་གྱི་བདེན་པ་ལ་འཇུག་པའི་ལེའུ་སྟེ་བཅུ་བཞི་པའོ།།།། དཔེར་ན་ས་གཞི་དུལ་བ་ཡི། ། རྒྱུ་རྐྱེན་འཛོམས་པའི་ཞིང་ས་ལ།། ས་བོན་ཚ་བ་སོ་ནམ་དྲོད།། འབྲས་བུ་ཚ་བ་སྐྱུར་བ་སྟེ།། ས་བོན་མངར་བ་སོ་ནམ་བསིལ།། འབྲས་བུ་མངར་དང་བསྐ་བ་སྐྱེ།། དེ་བཞིན་རྣམ་རྟོག་སེམས་ཀྱི་གཟུགས། ། བསོད་ནམས་ལས་བྱུང་མི་ལུས་ཀྱི།། ངན་རྟོག་ཀུན་སློང་ཕྱིན་ཅི་ལོག། མི་དགེ་ལས་སྤྱོད་ངན་སོང་འགྲུབ།། བཟང་རྟགས་ཀུན་སློང་བྱམས་པ་ཡིས།། དགེ་བ་སྤྱོད་པས་བདེ་འགྲོ་གནས།། ཡང་དག་ལམ་ཞུགས་བྱང་ཆུབ་ཐོབ། ། ཡང་ཁར་གནས་པའི་འཕྱེ་བོ་བཞིན།། ཡན་ལག་གཉིས་སུ་གོམ་གང་འཁྲུལ།། ཡར་ལ་འགྲོའམ་མར་ལ་ལྟུང།། སོ་མཚམས་ལམ་བཞིན་མི་ལུས་ཀྱང།། འདི་ནས་ལམ་ལོག་སྲིད་པར་ལྟུང། ། བདེན་པའི་ལམ་ཞུགས་ཞི་བ་འཐོབ།། འཁོར་འདས་སོ་འགག་དལ་འབྱོར་ཏེ།། འཁོར་བ་སྤངས་ནས་མྱང་འདས་དོན།། དགེ་འདུན་རྗེས་སུ་དྲན་པས་འབྱུང།། བསྟན་པའི་རྒྱལ་མཚན་འཛིན་པ་ལ། ། ལུས་ཀྱི་བྱ་བ་གཙོ་བའི་ཕྱིར།། བྱ་བ་རྒྱུད་ཅེས་རྒྱལ་བས་གསུངས།། ཐེག་པ་སྣ་ཚོགས་གདུལ་བྱའི་བློ།། སྡེ་སྣོད་མ་མོའི་ཚོགས་རྣམས་ལས།། བློ་དམན་ཕལ་གྱིས་རྟོགས་བྱའི་ཕྱིར།། བསྟན་པའི་སྙིང་པོ་རྒྱུད་འདི་ཉིད། ། དགྲ་བཅོམ་ཆོས་ཀྱི་སྤྱན་ལ་གཏད།། གཙུག་ལག་ཁང་སྐྱོང་མཆོད་བྱས་ནས།། མི་ནུབ་འཛམ་བུ་གླིང་དུ་དར།། དེ་ཚེ་ལྷ་དང་ལྷ་མ་ཡིན།། དྲི་ཟར་བཅས་པའི་འཇིག་རྟེན་ནས།། ལྷག་པའི་འཁོར་རྣམས་ཡི་རངས་ཏེ། ། བཅོམ་ལྡན་འདས་ལ་མངོན་པར་བསྟོད།། མི་མཆོག་ལྷ་ཡི་ལྷར་གྱུར་པ།། རྐང་གཉིས་གཙོ་བོ་ཆོས་ཀྱི་བདག། དམ་པའི་བདེ་བ་འབྱུང་གནས་ལ།། ཀུན་ནས་དང་བས་ཕྱག་འཚལ་བསྟོད།། སངས་རྒྱས་ཐམས་ཅད་ཀྱི་བསྟན་པའི་གཞི་རྒྱུད་མཆོག་རིན་པོ་ཆེ་སྤུངས་པ་ལས། མཚན་གཏད་རྗེས་སུ་ཡི་རང་ཕུལ་བའི་ལེའུ་སྟེ་བཅོ་ལྔ་པའོ།།།། སངས་རྒྱས་ཀྱི་བསྟན་པ་ཐམས་ཅད་ཀྱི་གཞིའི་རྒྱུད་མཆོག་རིན་ཆེན་སྤུངས་པ་ཞེས་བྱ་བ་རྫོགས་སོ། །།། ཨུ་རྒྱན་གྱི་མཁན་པོ་པདྨ་སམ་བྷ་བ་དང། ཞུ་ཆེན་གྱི་ལོ་ཙ་བ་ཀ་བ་དཔལ་བརྩེགས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། ཕྱིས་ཨུ་རྒྱན་ཉིད་ཀྱིས་མ་དག་པ་རྣམས་རང་འགྱུར་མཛད་ནས་གསལ་བར་བྱས་པའོ། །།། ཨེ་མ་ཧོ། རྒྱལ་བས་ལུང་བསྟན་པདྨ་བདག་གིས་སུ།། སྨོན་ལམ་སྟོབས་ཀྱིས་རྒྱ་ནས་བོད་དུ་ཕྱིན།། གཙུག་ལག་ཁང་སྐྱོང་མངའ་བདག་བསམ་པ་བསྒྲུབས། ། སངས་རྒྱས་བསྟན་པ་བོད་དུ་དར་རྒྱས་བྱས།། ཁྱད་པར་ལྔ་བརྒྱའི་དུས་སུ་བསྟན་པའི་རྩས།། སངས་རྒྱས་བསྟན་པ་སྤྱི་ཡི་ཐུན་མོང་དུ།། བྱ་བ་གཞི་རྒྱུད་རིན་ཆེན་སྤུངས་པ་འདི།། ཡི་གེར་བྲིས་ནས་རིན་ཆེན་གཏེར་དུ་སྦས། ། སྐྱེས་བུ་ལས་ཅན་གཅིག་དང་ཕྲད་པར་ཤོག། མདྒལཾ།།།། རྒྱ་གར་སྐད་དུ། མ་ཧཱ་པ་ན་ས་མ་ཨ་བི་བོ་དྷི་ས་ཏ་མ་ཧཱ་ཏན་ཏྲ་ཁ་ཡ་མ་ལ་ནཱ་མ།
CLOSE WINDOW