CLOSE WINDOW

Gpb037.046: རྡོ་རྗེ་མཁའ་འགྲོ་མའི་འདྲེ་རྒྱུད་ཆེན་པོ་ཞེས་བྱ་བ
Wylie

སྣང་བ་ལྡོག་སྟེ་འཆར་བ་དང། རིག་པ་ཆོས་ཉིད་ལ་ཁ་ནང་དུ་བལྟས་པའི་དུས་ན་འཆར་བ་དང། ཤེས་པ་ཕྱིན་པ་ལ་འཆར་བ་དང་གསུམ་མོ།། དེའི་སྐྱོན་དང་ཡོན་ཏན་བསྟན་པ་ནི། སྟོང་པ་ཉིད་ལ་ལྟ་ཉེས་ན། ཤེས་རབ་ཆུང་རྣམས་ཕུང་བར་འགྱུར།། རྒྱལ་བ་རྣམས་ཀྱི་སྟོང་ཉིད་ནི། ལྟ་ཀུན་ངེས་པར་འབྱིན་པ་དེ། མེ་ལོང་ནང་གི་གཟུགས་བརྙན་བཞིན། རྒྱལ་བ་རྣམས་ཀྱི་ཡེ་ཤེས་སྐུ།། རྒྱུ་གཉིས་འབྲས་བུ་རང་ཤར་བས། འབྲས་བུ་རྒྱུ་རུ་མི་ལྡོག་པའོ།། དེ་ཡང་གང་ཟག་སྟོང་པ་ཉིད་ལ་ལྟ་བ་དང། དེ་ནི་གསོ་རུ་མི་རུང་ཞེས་བཤད་པས།། ཅི་སྟོང་པ་ཉིད་ནི་བསླན་དཀའོ།། རྟོག་པ་ནི་གཞི་ལ་བློའོ།། འོ་ན་སྒོམ་པ་དེས་རྟོགས་པར་མི་འགྱུར་རམ་ཞེ་ན། རྟོགས་པར་མི་འགྱུར་བའི་དོན་ནི། ཤེས་རབ་ཀྱི་སྐུ་རེག་བྱ་མིན་པས་ནི་གཞི་ལ་སླ་བའོ།། རང་བཞིན་མ་འགགས་པས་ནི་མཐའ་བཞི་རྟོགས་པ་དང་བྲལ་བ། བསྒོམས་པས་དེ་ཡང་མ་ཧཱ་ཡོ་ག་ལྟར་ཏིང་ངེ་འཛིན་དང། ཆོ་གས་བསྐྱེད་པ་ནི་མ་ཡིན་ཏེ། རྒྱུ་དག་པའི་དབྱིངས་ཉིད་ནས་འབྲས་བུ་ཡེ་ཤེས་ཀྱི་དཀྱིལ་འཁོར་རང་སྣང་བའི་དུས་ན། རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་སེམས་ཅན་ལ་དགོངས་ཏེ་རིམ་གྱིས་འཆར་བ་དང། ཐམས་ཅད་མཁྱེན་པའི་ཡེ་ཤེས་སངས་རྒྱས་ཉག་གཅིག་གི་སྣང་བ་སྟེ། ཆིག་ཆོད་དུ་འཆར་བ་དུས་མཚུངས་སུ་འབྱུང་བར་འགྱུར་རོ།། དེ་ལ་མན་ངག་གིས་ཡིད་ཆེས་པར་བྱེད་པ་བཞི་སྟེ། རིགས་འཛིན་རྣམས་བརྡས་བརྒྱུད་པ་ལས། གཞི་ཀློང་དུ་གྱུར་པའི་མན་ངག་དང། རྐྱེན་གདེང་དུ་གྱུར་པའི་མན་ངག་དང། ཐུགས་རྗེས་ཉམས་སུ་བླངས་པའི་མན་ངག་དང། རྗེས་འཇུག་འདའ་དཀར་ཐུགས་ཀྱི་མན་ངག་དང་བཞི་ལས། ངང་ཀུན་ཏུ་བཟང་པོ་ཆོས་ཉིད་ཀྱི་ཀློང་ནས་བསམ་པ་གསུམ་རྟོག་མེད་གནས་པའི་དུས་ན། གཞི་ཀློང་དུ་གྱུར་པའི་མན་ངག་གོ། སྤྲུལ་པའི་སྐུ་རྡོ་རྗེ་སེམས་དཔའི་ཐུགས་ཁ་ནས། སྐུ་གསུམ་རང་རྫོགས་སུ་ཤར་བའི་དུས་ན། རང་གི་ཤེས་བྱ་ལ་རང་དབང་སྒྱུར་བས། རྐྱེན་གདེང་དུ་གྱུར་པའི་མན་ངག་གོ། དགའ་རབ་རྡོ་རྗེས་སེམས་དཔའི་ཞལ་མཐོང་བའི་དུས་སུ། འཆང་མེད་རྡོ་རྗེའི་ལུང་བསྟན་པའི་ཆོས་ཉམས་སུ་བླངས་པས། བཀའ་དང་མཐུན་པའི་དོན་ཐུགས་སུ་ཆུད་དེ། དགའ་རབ་རྡོ་རྗེའི་ཉམས་ཀྱི་མན་ངག་གོ། ཕྱིས་རྗེས་སུ་འཇུག་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཚུལ་གོང་མ་བཞིན་གནས་པར་བྱས་ཏེ། བཀའ་ཇི་བཞིན་པར་སྤྱད་པས་འབྲས་བུ་ཡང་མངོན་དུ་འབྱིན་ནུས་ཏེ། བཀའ་དེ་ལས་མི་འདའ་བས། འདའ་ཀ་ཐུགས་ཀྱི་མན་ངག་གོ། བདེར་གཤེགས་རྣམས་ཀྱི་དགོངས་པ་མདོར་བསྡུས་ཏེ་བསྟན་པའོ། ། ཞེས་སེམས་ཕྱོགས་ཆེན་པོ་ནམ་མཁའ་མཛོད་ཀྱི་རྒྱུད་ལས། སྒོམ་ཉམས་དྲུག་པའི་ལེའུ་སྟེ་བཅུ་པའོ།། དེ་ནས་གསང་བའི་བདག་པོ་རྡོ་རྗེ་སྙིང་པོ་དང། དགའ་རབ་རྡོ་རྗེས་མགྲིན་གཅིག་ཏུ་འདི་སྐད་ཅེས་དྲིའོ། ། རྒྱུ་དག་པ་ལས་འབྲས་བུ་རྫོགས་པ་འབྱུང། འབྲས་བུ་གཉིས་སུ་མེད་པ་ལས། ཐུགས་རྗེས་འོད་ཟེར་གྱི་སྐུ་སྨིན་པ་འབྱུང་བའི་ཆོས། ལྷུན་གྲུབ་ཡོངས་སུ་རྫོགས་པའི་ལྟ་བ་ལ། སྒོམ་ཞིང་བསྒྲུབ་ཏུ་མེད་པར་མ་སྤྱད་ན་དེའི་མན་ངག་གང་གིས་གཟུང། རྟོགས་པའི་དོན་ལ་སྒོམ་དུ་མེད་ཀྱང། གང་ཟག་གི་རྒྱུ་ལ་སྒོམ་སྒྲུབ་ཉམས་སུ་བླངས་ནས། བདེ་བར་གཤེགས་པའི་སྤྱན་རྣམ་པ་ལྔ་རང་གི་རྒྱུད་ལ་འཆར་ནུས་ན། དེ་ཅིའི་རྒྱུ། དེ་ཅིའི་རྐྱེན། ལུས་མ་བོར་བར་རིན་པོ་ཆེ་གསང་བའི་སྦུབས་སུ་སངས་རྒྱས་ན། དེའི་གནད་མན་ངག་གང་གིས་ཟིན། འཁྲུལ་པའི་སྣང་བ་མ་སྤངས་པར། སྐད་ཅིག་མ་ལ་ཆོས་ཉིད་སྣང་བ་རྣམ་པར་དག་ན། དེའི་མན་ངག་གང་གིས་སྟོན། ཞེས་ཞུས་པ་ལས། རྒྱལ་བའི་བཀའ་དམ་པས་གནད་བཞི་གསུངས། རང་བྱུང་ཡེ་ཤེས་སྐུ་གསུམ་ཡེ་ཤེས་ལྔ་ལྡན་མཚོན་ངེས་པར་ཤེས་པ་དང། སྒོམས་ཉམས་དྲུག་གི་མན་ངག་དང། རྐྱེན་ཉམས་སུ་བླངས་པས། དུས་མ་འགྱུར་བར་སྣང་བ་འགྱུར་བ་དང། སྣང་བ་གཞི་བཞག་གི་མན་ངག་གིས་གནད་གཅད་པར་བྱའོ།། ཞེས་སེམས་ཕྱོགས་ཆེན་པོ་ནམ་མཁའ་མཛོད་ཀྱི་རྒྱུད་ལས། གནད་བཞི་རྒྱལ་བ་བཀའི་ལེའུ་སྟེ་བཅུ་གཅིག་པའོ།།།། དེ་ནས་སྟོན་པ་རྡོ་རྗེ་འཆང་ཆེན་པོས་འདི་སྐད་གསུངས་སོ།། ཡི་གེ་དགུ་པ་མ་ཤེས་ན། གཞི་སྟོངས་པའི་སྐྱོན་དུ་འགྱུར་རོ།། ཐུགས་ཀྱི་ཉིད་ཁུ་མ་ཤེས་ན། ། གཞིའི་མཚན་ཉིད་མི་ཤེས་སོ།། རྩེ་མོ་དྲུག་པ་མ་ཤེས་ན།། དགོངས་པ་གཏན་ལ་མི་ཕེབས་སོ།། སྣང་བ་རང་ལོགས་ཤེས་ན། ཐ་དད་ཀྱི་སྐྱོན་དུ་འགྱུར་རོ།། འཇུག་པ་རང་ས་མ་ཤེས་ན། གྲུབ་མཐའ་སླར་ལོག་གི་སྐྱོན་དུ་འགྱུར་རོ།། དུས་ཚོད་རྒྱལ་ས་མ་ཤེས་ན། ཐེག་པ་གཞན་དང་ཆ་མི་ཕྱེད་དོ།། མཆོངས་ས་ལྔ་ལྡན་མ་ཤེས་ན། ཡེ་ཤེས་ཟང་ཐལ་མི་རྟོགས་སོ།། སྒོམས་ཉམས་དྲུག་པ་མ་ཤེས་ན། དགོངས་པའི་དོན་འཆལ་བར་འགྱུར་རོ།། གནད་ཀྱི་བཀའ་བཞིན་མ་ཤེས་ན། གནད་མི་ཆོད་དོ།། ཞེས་གསུངས་ནས། འཁོར་རྣམས་དགྱེས་ནས་རྗེས་སུ་ཡི་རངས་ཏེ། ཆོས་ཀྱི་དྲི་མ་མེད་པ་ཆེན་པོའི་ངང་དུ་ཐིམ་མོ། ། སེམས་ཕྱོགས་ཆེན་པོ་ནམ་མཁའ་མཛོད་ཀྱི་རྒྱུད་ལས། དོན་མ་ལུས་པར་བསྡུས་ནས་བསྟན་པ་རྗེས་སུ་ཡི་རང་པའི་ལེའུ་སྟེ་བཅུ་གཉིས་པའོ།། སེམས་ཕྱོགས་ཆེན་པོ་ནམ་མཁའ་མཛོད་ལས། ཆོས་ཉིད་ནམ་མཁའ་མཛོད་ཀྱི་རྒྱུད་ཅེས་བྱ་བ་རྫོགས་སོ། །།། རྒྱ་གར་སྐད་དུ། ཨ་ཏི་མ་ཧཱ་བོ་དྷཱི་ཙིཏྟ་ཀོཥ་དྷརྨ། མཱུ་ལ་ཨཱ་ཀཱ་ཤ་དྭཏ་ཛྙཱ་ན་ཨ་ཀཱ་ཤ་ནཱ་མ། བོད་སྐད་དུ། རྫོགས་པ་ཆེན་པོ་བྱང་ཆུབ་ཀྱི་སེམས་མཛོད་ཀྱི་ཆོས། རྩ་བ་ནམ་མཁའ་གཉིས་པ་ལས། ཡེ་ཤེས་ནམ་མཁའ་ཞེས་བྱ་བ། བཅོམ་ལྡན་འདས་བདུད་ཀྱི་སྟོབས་རབ་ཏུ་འཇོམས་པ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། འོག་མིན་གྱི་གནས་མཆོག་དམ་པ་རུ།། རིགས་ལྔ་བདེ་གཤེགས་སངས་རྒྱས་དང།། ཡེ་ཤེས་མཁའ་འགྲོ་རྣམ་ལྔ་དང།། སྤྲིན་གྱི་ཤུགས་ཅན་བྱང་སེམས་བདུན།། ཀུན་ཏུ་བཟང་པོས་ལུང་བསྟན་ནས།། ལྷོ་ཕྱོགས་ཡིད་འདྲེས་ཚལ་དག་ཏུ། ། གཞོན་ནུ་རབ་ཏུ་དྭང་བ་ཡིས།། ལུང་བསྟན་སེམས་ཕྱོགས་ཆེན་པོའི་མཛོད།། བསྐལ་པ་དང་པོའི་ཐོག་མ་ལ།། འཁོར་འདས་ས་བོན་ཚུལ་དུ་གནས།། དེ་ནས་བར་གྱི་བསྐལ་པ་ལ། ། མྱུ་གུའི་ཚུལ་དུ་འབྱུང་བའི་དུས།། བསྐལ་པ་ཐ་མ་རྒྱབ་གྱེས་པ།། ཏིལ་གྱི་འབྲུ་ཙམ་དགེ་བའི་ལས།། མ་བསགས་ཀུན་བཟངས་རང་སར་གྲོལ།། ཏིལ་གྱི་འབྲུ་ཙམ་སྡིག་པའི་ལས།། མ་བྱས་འགྲོ་དྲུག་ཁམས་གསུམ་འཁོར། ། དགེ་སྡིག་ནང་ནས་གང་ཆེ་བ།། གཞི་སྣང་རྟོགས་དང་མ་རྟོགས་ཡིན།། མཛོད་ཆེན་གཅིག་གི་ངོ་བོ་བས།། ཆེ་བ་ལྔ་ཡི་ཀ་བ་བཙུགས།། ཐིག་ལེ་དྲུག་གི་གདུང་མ་བྲེས།། སྣང་བཅུ་བདུན་གྱི་ཕྱམ་གྱིས་ཕུབ། ། བརྒྱད་ཁྲི་བཞི་སྟོང་མིག་ཚགས་བྱས།། སྐུ་དང་ཡེ་ཤེས་ནོར་གྱི་དབྱིག། ཕྱག་རྒྱ་བཞི་ཡིས་རྒྱས་བཏབ་སྟེ།། ཕྱོགས་བཞི་སྒོ་མོ་གསལ་བ་ལ།། གཟུང་འཛིན་གཉིས་ཀྱི་སྒོ་ལྕགས་བཅུག། ལྡེ་མིག་མཐའ་ཡི་མོན་བུས་ཁྱེར། ། མཛོད་འདི་གང་གིས་མཐོང་གྱུར་པ།། དེ་ཚེ་སངས་རྒྱས་ཉག་གཅིག་རྟོགས།། ནོར་རྫས་བཞི་ལ་ལོངས་སྤྱད་ནས།། དབུལ་བ་བྲལ་བའི་བདག་པོ་བཞིན།། ཡིད་ལ་བསམ་པ་ཡོངས་རྫོགས་ནས།། འདོད་པ་ཐམས་ཅད་རབ་ཏུ་འགྲུབ། ། དེ་ཕྱིར་སྐལ་ལྡན་རྣལ་འབྱོར་གྱི།། དབང་ཕྱུག་ཆེན་པོ་འབད་པར་བྱ།། དབུས་ན་ཆོས་འབྱུང་ཆེན་པོའི་མཛོད།། ཨོཾ་གྱུར་སྔགས་ཀྱི་སྡོང་པོ་ཅན།། ཨེ་མ་གསང་བ་རྨད་དུ་བྱུང། ། མི་ཟད་རྒྱན་གྱི་འཁོར་ལོ་སྐུ།། ཤར་ནས་ཐིག་ལེ་ཆེན་པོའི་མཛོད།། མི་རྟོག་ཧཱུ~ཾ་གི་ངོ་བོ་ཉིད།། ཨེ་མ་གསང་བ་རྨད་དུ་བྱུང་ཆོས།། ཆོས་སྐུ་རང་བྱུང་འོད་གསལ་སྐུ།། ལྷོ་ན་སྲིད་པ་ཆོས་ཉིད་མཛོད།། གསུང་མཆོག་ཨ་ཡི་རྣམ་པ་ཅན། ། ཨེ་མ་གསང་བ་རྨད་བྱུང་ཆོས།། ཡེ་ཤེས་དབྱིངས་ན་འོད་གསལ་སྐུ།། དབྱིང་ན་ཀུན་གཞི་སྙིང་པའི་མཛོད།། ཧ་ནི་འཕྲིན་ལས་ཀུན་གྱི་བདག། ཨེ་མ་གསང་བ་རྨད་དུ་བྱུང་ཆོས།། རྡོ་རྗེ་མགོན་པོ་ཐུགས་ཀྱི་མཆོག། ཀུན་གཞིའི་མཛོད་ཆེན་ཁ་ཕྱེ་ནས།། གཡས་ན་ཆོས་ཉིད་རང་བྱུང་རྩ།། གཡོན་ན་ཡོན་ཏན་དང་འབྱེད་རྩ།། མདུན་ན་ཡེ་ཤེས་རང་བྱུང་རྩ།། རྒྱབ་ན་རང་རྒྱུད་ལས་ཀྱི་རྩ།། དབུས་ན་རྩ་བརྒྱད་འདུས་པར་གནས། ། མི་ཟད་རྒྱན་གྱི་འཁོར་ལོའི་སྐུ།། བདེ་གཤེགས་ཀུན་གྱི་སྐུ་གསུང་ཐུགས།། འདོད་ཁམས་རིགས་དྲུག་ས་བོན་དང།། གཟུགས་ཁམས་བསམ་གཏན་ཨོཾ་གྱི་སྐུ།། གཟུགས་མེད་སྐྱེ་མཆེད་ཡི་གེ་ཨ། ། མ་ལུས་སེམས་ཅན་ཐམས་ཅད་ལ།། གནས་པ་རྩ་ཡི་དཀྱིལ་འཁོར་དང།། རྟེན་པ་བདུད་རྩི་ཐིག་ལེ་ཁམས།། གྲུབ་པ་སྔགས་ཀྱི་ངོ་བོ་ཉིད།། སྙིང་པོ་རླུངགི་ལས་རྣམས་རྫོགས།། མངོན་སུམ་སངས་རྒྱས་ཆེ་བ་ནི། ། འབྱུང་བ་ལྔ་པོ་བཅོམ་ལྡན་འདས།། བདག་ཉིད་སངས་རྒྱས་ཆེ་བ་ནི།། རང་ལུས་འབྱུང་བ་བཅོམ་ལྡན་འདས།། ཆོས་དབྱིངས་སངས་རྒྱས་ཆེ་བ་ནི།། འབྱུང་བ་ལྔ་ཉིད་ཆོས་ཀྱི་དབྱིངས།། དེ་ཡིན་སངས་རྒྱས་ཆེ་བ་ནི། ། དེ་མིན་སངས་རྒྱས་གཞན་ན་མེད།། ཐམས་ཅད་སངས་རྒྱས་ཆེ་བ་ནི།། འཁོར་འདས་མ་བཅོས་སངས་རྒྱས་ཉིད།། སྟོང་པ་གསུམ་གྱི་སྤྲོས་བྲལ་དྲུག། དེ་ནི་ཆོས་ཉིད་ཐིག་ལེ་ཉིད།། མ་འགགས་ཀུན་ཤར་སྤྲོས་མེད་དག། དབྱིངས་ཀྱི་ཐིག་ལེར་རང་གི་གནས།། དབྱིངས་ཉིད་རྣམ་པར་དག་པ་ཡིས།། ཐིག་ལེ་གཟུང་འཛིན་དྲི་མ་བྲལ།། ངང་གིས་འོད་གསལ་ཡོངས་མ་བཅོས།། ཡེ་ཤེས་ཆེན་པོའི་ཐིག་ལེར་གནས། ། ཐམས་ཅད་ཀུན་ནས་རང་གནས་པས།། ཀུན་ཏུ་བཟང་པོའི་ཐིག་ལེ་ཡིན།། འཁོར་འདས་བཙལ་བ་མེད་པ་ནི།། ལྷུན་གྱིས་གྲུབ་པའི་ཐིག་ལེ་ཡིན།། འགྲོ་དྲུག་ཞེན་པའི་སྣང་བ་དྲུག། མུ་སྟེགས་ལོག་པའི་སྣང་བ་དང། ། རྒྱུ་འབྲས་བློ་ཡི་སྣང་བ་དགུ། དབྱེར་མེད་ཀུན་བཟང་སྣང་བར་གཅིག། ཉོན་མོངས་བརྒྱད་ཁྲི་བཞི་སྟོང་གི། གཉེན་པོར་དེ་སྙེད་ཆོས་རྣམས་གསུངས།། དགུ་དང་ལྔ་དང་བཞི་དང་གསུམ།། མདོར་ན་སྐུ་གསུམ་ཁོ་ན་ཡིན། ། སྟོང་ཉིད་མེ་ལོང་མཉམ་པ་ཉིད།། སོ་སོར་རྟོག་པ་བྱ་བ་གྲུབ།། ཆོས་སྐུ་དངོས་མེད་ཕྱག་རྒྱ་ཆེ།། ལོངས་སྐུའི་འོད་འབར་དམ་ཚིག་རྒྱ།། རང་བྱུང་ཡེ་ཤེས་ཆོས་ཀྱི་རྒྱ།། ཐུགས་རྗེ་སྤྲུལ་སྐུ་ལས་ཀྱི་རྒྱ། ། ཐེག་པ་མ་ལུས་ཐམས་ཅད་ཀུན།། ཕྱག་རྒྱ་བཞི་ཡིས་རྒྱས་གདབ་བོ།། མུན་པའི་འཁོར་སྒོར་སྣང་བ་ནི།། འགྲོ་བ་དྲུག་དང་མུ་སྟེགས་གཉིས།། སྤྱོད་པའི་འདྲེན་སྒོར་སྣང་བ་ནི།། སྤྲུལ་སྐུའི་དམ་ཆོས་ཉན་རང་སེམས། ། ཐབས་ཀྱི་སྦྱོར་སྟོར་སྣང་བ་ནི།། ཀྲི་ཡ་ཨུ་པ་ཡོ་ག་ཉིད།། ངེས་པའི་གསང་སྒོར་སྣང་བ་ནི།། བསྐྱེད་དང་རྫོགས་དང་རྫོགས་པ་ཆེ།། སྒོ་བཞི་དག་ནས་ཞུགས་པ་ཡིས།། མཉམ་པའི་སྤྱི་མཛོད་ཆེན་པོར་འགྲོ། ། གཟུང་བ་ཡུལ་གྱི་བང་བའི་ནང།། འཛིན་པ་སེམས་ཀྱིས་གཟེར་སྒོ་ཡིས།། ཐམས་ཅད་ཀུན་ལ་ཁྱབ་མོད་ཀྱང།། ཐ་རམས་སྒོ་ལྕགས་ཕྱེད་པར་དཀའ།། མཐའ་ཡི་མུན་བུ་སྤྱི་འདུམ་གྱིས།། མ་བསླབས་ཤེས་པའི་རྩལ་འཆང་བ། ། ལྷ་ཡི་བི་ཤྭ་ཀར་མ་ལྟར།། བདེ་གཤེགས་བྱང་ཆུབ་སེམས་དཔའ་དང།། སྤྲུལ་པའི་རིགས་འཛིན་མ་ལུས་པའི།། དགོངས་བརྡ་ངག་གི་ལྡེ་མིག་ཁྱེར།། བླ་མ་མཉེས་པར་བྱས་གྱུར་ན། ། ལྡེ་མིག་བཙལ་བའི་དུས་ལ་བབ།། མཛོད་འདི་མཐོང་བར་བྱ་བ་ཡང།། དབུས་ཀྱི་ལྟེ་བ་མཛོད་ཆེན་ལས།། མུ་ཁྱུད་བརྡ་དགྲ་ངེས་པ་གསུམ།། གླིང་བཞི་སྲིད་པ་རང་བྱུང་ཉིད།། ཁང་ཁྱིམ་བཅོ་བརྒྱད་ཐུགས་རྗེས་བསྐོར། ། ཁང་ཁྱིམ་བཞི་ཡི་རྩ་བ་ཅན།། གྲོང་ཁྱེར་བཞི་ཡི་མུ་ཁྱུད་མཛེས།། མ་ཧཱ་ཡོ་གའི་ངོ་སྤྲད་དང།། ཨ་ནུ་ཡོ་གའི་ངོ་སྤྲད་དང།། ཨ་ཏི་ཡོ་གའི་ངོ་སྤྲད་དང།། གསང་སྒོར་དཔེ་དོན་རྟགས་གསུམ་གྱིས།། ངོ་སྤྲད་ཐོབ་པའི་རྣལ་འབྱོར་པས། ། ཆོས་སྐུ་ཐིག་ལེ་ཉག་གཅིག་རྟོགས།། ལྟ་བ་གནས་ལུགས་མ་ནོར་བ།། ཆོས་སྐུ་ཟང་ཐལ་ཆེན་པོ་ཡིན།། སྤྱོད་པ་མ་བཅོས་ལྷུག་པ་ཉིད།། ཤུགས་འབྱུང་འགག་པ་མེད་པར་སྤྱད། ། སྒོམ་པ་དགོངས་པ་མ་ནོར་བ།། བྱིང་རྒོད་མེད་པའི་ངང་ལ་བཞག། འབྲས་བུ་ཐོག་མའི་རང་ས་ཉིད།། འཁྲུལ་པ་གཞི་ཡི་ཐོག་ཏུ་སངས།། ལྷ་ལ་དཔག་བསམ་ཤིང་བུ་དང།། གནོད་སྦྱིན་བུམ་པ་བཟང་པོ་དང། ། ཀླུ་ལ་ཡིད་བཞིན་ནོར་བུ་དང།། སྣོད་འཛིན་གྲུབ་པ་ལག་པ་བཞིན།། རྣམ་རྟོག་བག་ཆགས་སྦུབས་འདི་ན།། མ་རིག་སྒོ་ངའི་སྦུབས་ཕྱེ་བས།། རིག་པའི་ཡེ་ཤེས་རྙེད་པར་འགྱུར།། རང་བཞིན་པར་དོར་བདེན་པ་མཐོང། ། ཏིང་འཛིན་བར་དོར་བརྟན་པ་ཐོབ།། ཆོས་ཉིད་བར་དོར་དྲན་པ་སད།། སྲིད་པའི་བར་དོར་ཡེ་ཤེས་སྦུབས།། སྲིད་པའི་དྲ་བ་འཇོམས་པའོ།། སྤྲུལ་པས་ཡིད་ལ་བསམ་པ་རྫོགས།། འགྲོ་དོན་མ་ལུས་རྫོགས་པ་ནི། ། སྔར་འདྲིས་མི་དང་འཕྲད་བཞིན་འགྱུར།། མ་ནི་ཀུན་ཁྱབ་ཆེན་མོ་སྟེ།། བུ་ནི་རིག་པ་གསེར་བུ་ཉིད།། སྔོན་གྱི་བག་ཆགས་གོམས་དབང་གིས།། དུད་འགྲོའི་བུ་ལྟར་ནུ་མ་འཚོལ།། ཡང་ན་རང་བཞིན་སྲོག་ཟོན་བྱེད། ། མ་ཡི་པང་དུ་བུ་འགྲོ་བ།། མ་བུ་བརྡ་འཇལ་མན་ངག་འདིས།། རིན་ཆེན་གསང་བའི་སྦུབས་ནང་དུ།། འདོད་པ་ཐམས་ཅད་རབ་ཏུ་འགྲུབ།། ཐོག་མའི་རང་སར་སླེབ་ཅེས་བྱ།། སྔོན་ལས་འཕྲལ་རྐྱེན་བརྩོན་འགྲུས་ཀྱིས། ། སྐལ་ལྡན་རིགས་ཀྱི་བུ་མཆོག་ཡིན།། འཇིག་རྟེན་བྱ་བ་བཏང་བྱས་ལ།། ཐོས་བསམ་སྒོམ་པ་སྣ་ཚོགས་ཀྱིས།། ཐིག་ལེ་གསང་སྐོར་བསླབ་པར་གཅེས།། ཕྱི་རབས་ཀུན་ལ་གདམས་པར་བཞག། ཅེས་སེམས་ཕྱོགས་ཆེན་པོ་མཛོད་ཀྱི་རྒྱུད། ཡེ་ཤེས་ནམ་མཁའ་ལས། མཛོད་རྩ་བའི་ལེའུ་སྟེ་དང་པོའོ།།།། དེ་ནས་བཅོམ་ལྡན་འདས་ཀྱིས་བརྡ་ངེས་པའི་ཏིང་ངེ་འཛིན་ལ་བཞུགས་ནས་འདི་གསུངས་སོ། ། འདི་ལྟར་སངས་རྒྱས་བཅོམ་ལྡན་འདས།། རྫོགས་པའི་སངས་རྒྱས་ཨ་ལས་བྱུང།། ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག། དོན་ཆེན་ཡི་གེ་དམ་པ་ཡིན།། ཁོང་ནས་འབྱུང་བ་སྐྱེ་བ་མེད།། ཚིག་ཏུ་བརྗོད་པ་སྤངས་པ་སྟེ། ། བརྗོད་པ་ཀུན་གྱི་རྒྱུ་ཡི་མཆོག། ཚིག་ཀུན་རབ་ཏུ་གསལ་བར་བྱེད།། ཡི་གེ་ཨ་ཡི་སྒྲ་འདི་ནི།། ཇི་སྙེད་ཆོས་ཀྱི་རྩ་བར་གསུངས།། མ་རིག་སྒོ་ངའི་སྦུབས་འབྱེད་པ།། སྲིད་པའི་དྲཝ་བ་འཇོམས་པ་པོ། ། ཉོན་མོངས་མ་ལུས་ཞི་བྱེད་པ།། འཁོར་བའི་རྒྱ་མཚོ་ཕ་རོལ་ཕྱིན།། སྦུབས་ཞེས་བྱ་བའི་བརྡ་འདི་ཡིས།། འཁོར་བ་འདི་ལས་གྲོལ་གྱུར་ནས།། མྱ་ངན་འདས་པའི་གོ་འཕང་ཐོབ།། ངེས་པའི་དོན་དུ་བཤད་པ་ནི། ། དང་པོར་རྣམ་རྟོག་བག་ཆགས་སྦུབས།། སྐུ་ནི་རྣམ་པ་གསུམ་དུ་གནས།། ཡེ་ཤེས་བཞི་རུ་གནས་པ་དང།། ཤེས་རབ་སྤྱན་དང་ལྡན་པས་ན།། མ་དག་འཁྲུལ་པའི་སྣང་བ་ལ།། ལོངས་སྐུ་འདྲ་འབག་ཕྱེད་སྐུ་ཡིས། ། མ་ཧཱ་ཡོ་གའི་ངོ་སྤྲོད་བྱ།། བར་དོར་ལྔ་ལྡན་རྟོགས་པར་བྱེད།། སྤྲུལ་སྐུ་འོད་ཁྱིམ་ཁ་སྦྱོར་གྱིས།། ཨ་ནུ་ཡོ་གའི་ངོ་སྤྲོད་བྱ།། ཆོས་ཉིད་བར་དོར་རྫོགས་ལྡན་རྟོགས།། ཆོས་སྐུ་རིན་ཆེན་མན་ཤེལ་གྱིས།། ཨ་ཏི་ཡོ་གའི་ངོ་སྤྲོད་བྱ། ། རིན་ཆེན་སྦུབས་སུ་དགོངས་པ་སྐྱལ།། ཐིག་ལེ་གསང་སྐོར་ངོ་སྤྲོད་ཀྱིས།། སྐུ་གསུམ་འདུ་འབྲལ་མེད་པའི་དོན།། ཉི་མའི་སྙིང་པོ་དག་ལ་སྤྲད།། རྫོགས་ལྡན་ཆེན་པོའི་དགོངས་པ་ཆོད།། དོན་གྱི་ངོ་སྤྲོད་ཐག་ཆོད་ལ། ། རྟགས་ཀྱི་ངོ་སྤྲོད་ཡིད་ཆེས་ཏེ།། དཔེ་ཡི་ངོ་སྤྲོད་ངོ་ཤེས་པས།། བློ་ཡི་ཐེ་ཚོམ་ཆོད་པ་ནི།། གྲོལ་བའི་དགོངས་པ་དམ་པའོ།། བར་དུ་ཡེ་ཤེས་སྒྱུ་མའི་སྦུབས།། སངས་རྒྱས་བཞི་བཅུ་རྩ་གཉིས་སྐུ། ། ཆོས་ཀྱི་སྤྱན་གྱི་འཁོར་འདས་གཟིགས།། དག་པ་འཇིག་རྟེན་སྣང་བ་འདིར།། སྤྲུལ་པའི་སྐྱེ་གནས་འགྲོ་དོན་མཛད།། འཁོར་བ་དག་ལས་གྲོལ་བ་ཡིན།། རྒྱུ་ལུས་མངོན་དུ་གྱུར་པ་ཡིན།། འཁོར་འདས་མངོན་སུམ་གཟིགས་པ་ཡིན། ། ཆོས་སྐུ་རིན་ཆེན་གསང་བའི་སྦུབས།། ཡེ་ཤེས་མིག་གཅིག་དྲི་མ་མེད།། ཆོས་ལས་གྲོལ་བས་དགོངས་པ་ནི།། རྒྱུན་ཆད་མེད་པར་གནས་པས་ན།། བསམ་གཏན་བསམ་བྱ་བློ་ལྡན་མཆོག། ཏིང་འཛིན་ལུས་ཅན་ལུས་ཀྱི་མཆོག། ཡང་དག་ཡེ་ཤེས་སྣང་བ་ཡིན།། ཕྱི་དང་ནང་དང་གསང་བ་དང།། གསང་ཆེན་མ་ལུས་བཤད་པ་དང།། རྩ་བར་གྱུར་པ་མ་ལུས་ཀུན།། བཅུ་གཉིས་མན་ངག་འདུས་པ་ཡིས། ། བརྡ་སྒྲ་ངེས་པའི་ཇ་ལོག་ཏུ།། མུ་ཁྱུད་བརྡ་སྒྲ་ངེས་པ་དང།། ཇ་ལོག་བཤད་པའི་གནད་དུ་བསྟན་པ།། ཞེས་སེམས་ཕྱོགས་ཆེན་པོ་མཛོད་ཀྱི་རྒྱུད།། ཡེ་ཤེས་ནམ་མཁའ་ལས།། གདམས་པའི་རྒྱུད་སྐོར་བཞི་བསྟན་པའི་ལེའུ་སྟེ་གཉིས་པའོ། །།། དེ་ནས་བཅོམ་ལྡན་འདས་ཀྱིས་ཐིག་ལེ་གསང་སྐོར་གྱི་རྩ་བའི་རྒྱུད་བཞི་ཐིག་ལེ་གསང་བ་ཆེན་པོའི་མཛོད་ནས་ཕྱུང་ངོ།། དང་པོར་སློབ་མ་དད་ལྡན་གྱིས། ། བླ་མ་དམ་པ་བསྟེན་པར་བྱ།། སྲིད་པའི་དགོན་པ་ལས་རྒལ་བ།། སྟོན་པ་གཅིག་པུ་འགྲོ་བའི་བླ།། འཇིག་རྟེན་ཕྱོགས་བཅུར་རབ་གྲགས་པ།། ཆོས་ཀྱི་སྦྱིན་བདག་ཆེན་པོ་སྟེ།། བྱམས་པའི་གོ་ཆ་བགོས་པ་སྟེ། ། སྙིང་རྗེ་ཡི་ནི་ཡ་ལད་བགོས།། དེ་ནས་བླ་མ་དམ་པ་ནི།། མཚན་ཉིད་ལྡན་པ་སྨོས་ཅི་དགོས།། ནམ་ཡང་བླ་མར་གྱུར་པ་ལ།། དད་གུས་མོས་པ་བྱ་བ་ཡང།། མཆོད་འོས་བསྟོ་འོས་ཕྱག་གི་གནས།། རྟག་ཏུ་རི་མོར་བྱ་བའི་འོས། ། བཀུར་འོས་རྗེས་པར་བྱ་བའི་མཆོག། ཕྱག་བྱར་འོས་པ་བླ་མའི་བར།། དེ་ནས་བླ་མ་དམ་པ་ལ།། དབང་བསྐུར་ཞུ་བར་བྱ་བ་ཡང།། རིག་པ་རྩལ་གྱི་དབང་བསྐུར་ལས།། ཕྱི་ཡི་དབང་བསྐུར་བྱ་བ་ནི། ། རྡོ་རྗེ་རིན་ཆེན་དབང་བསྐུར་དཔལ།། རིན་ཆེན་ཀུན་བདག་དབང་ཕྱུག་སྟེ།། འཇིག་རྟེན་དབང་ཕྱུག་ཀུན་གྱི་བདག། རྡོ་རྗེ་འཆང་བ་ཀུན་གྱི་རྗེ།། ནང་གི་དབང་བསྐུར་བྱ་བ་ནི།། སྐུ་གསུང་ཐུགས་ལ་བྱིན་གྱིས་བརླབས། ། སངས་རྒྱས་ཀུན་གྱི་ཐུགས་ཆེ་བ།། སངས་རྒྱས་ཀུན་གྱི་ཐུགས་ལ་གནས།། སངས་རྒྱས་ཀུན་གྱི་སྐུ་ཆེ་བ།། སངས་རྒྱས་ཀུན་གྱི་གསུང་ཡང་ཡིན།། གསང་བའི་དབང་བསྐུར་བྱས་པ་ཡིས།། དོན་གྱི་ཐིག་ལེ་དཀར་དམར་རྟོགས། ། རྡོ་རྗེ་ཉི་མ་སྣང་བ་ཆེ།། རྡོ་རྗེ་ཟླ་བ་དྲི་མེད་འོད།། ཆགས་བྲལ་ལ་སོགས་ཆགས་པ་མེད།། ཁ་དོག་སྣ་ཚོགས་འབར་བའི་འོད།། དབང་བསྐུར་བ་ཡི་འབྲས་བུ་ཡིས།། བདག་ཀྱང་སངས་རྒྱས་རྫུས་སྐྱེས་ཐོག། རྡོ་རྗེ་སྐྱིལ་ཀྲུང་རྫོགས་སངས་རྒྱས།། སངས་རྒྱས་འགྲོ་བའི་ཆོས་འཛིན་པ།། དཔལ་ལྡན་སངས་རྒྱས་པདྨ་སྐྱེས།། ཀུན་མཁྱེན་ཡེ་ཤེས་མཛོད་འཛིན་པ།། དེ་ལྟར་མཐར་ཐུག་འབྲས་བུ་ནི།། ཐོབ་ནས་ཐེག་ཆེན་གཞན་དོན་མཛད། ། འཁོར་བའི་སྡུག་བསྔལ་སེལ་འགྱུར་བ།། དཔེར་ན་སྨན་པ་ལྟར་འགྱུར་བ།། སྨན་པ་ཆེ་མཆོག་གཙོ་བོས་ཏེ།། ཟུག་རྔུ་འབྱིན་པ་བླ་ན་མེད།། སྨན་རྣམས་མ་ལུས་ལྗོན་པའི་ཤིང། ། ནད་དོ་ཅོག་གི་དགྲ་ཆེ་བ།། དེ་ལྟར་རྩ་བའི་རྒྱུད་ཆེན་ནི།། ཁང་ཁྱིམ་གཅིག་གི་ནང་དུ་བཤད།། དེ་ནས་འགྲོ་དོན་མཛད་པའི་སྐུ།། འཇམ་དཔལ་དགོངས་པ་འདུས་པ་ནི།། གཟུགས་སྐུ་མ་ལུས་འདིར་འདུས་པས། ། ཞི་ཁྲོ་རྣམ་པ་གཉིས་སུ་གསུངས།། རིན་ཆེན་སྨུག་པོའི་གཞལ་ཡས་ན།། ཞི་བའི་སངས་རྒྱས་བཞུགས་པ་དང།། ཀླད་པ་དུང་ཁང་གཞལ་ཡས་ན།། ཁྲོ་བོའི་སངས་རྒྱས་གནས་པ་དང།། ཡེ་ཤེས་དབང་བསྐུར་ཅོད་པཎ་ཅན། ། རྫོགས་པའི་སངས་རྒྱས་རྒྱན་དུ་ཐོགས།། སྡུག་བསྔལ་གསུམ་གྱི་སྡུག་བསྔལ་ཞི།། གསུམ་སེལ་མཐའ་ཡས་གྲོལ་གསུམ་ཐོག། འཇམ་དཔལ་དགོངས་པ་འདུས་པ་ནི།། ཁང་ཁྱིམ་གཅིག་གི་ནང་དུ་གསུངས། ། དེ་ནས་གདམས་ངག་བསྒོམ་པར་བྱ།། རང་བཞིན་ལྷུན་གྲུབ་ཆོས་སྐུ་ལས།། ལོངས་སྤྱོད་རྫོགས་སྐུ་རྩལ་དུ་ཤར།། གདུལ་བྱ་འདུལ་བྱེད་སྤྲུལ་པའི་སྐུ།། བྱེད་པ་སེམས་ཅན་ཀུན་དོན་བྱེད། ། ཕན་འདོད་སེམས་ཅན་མཉེས་གཤིན་པ།། བཟང་ངན་ཤེས་ཤིང་འདུས་ཤེས་ལ།། ཁྱབ་བདག་དམ་ཤེས་དམ་ཚིག་ལྡན།། དུས་ཤེས་སེམས་ཅན་དབང་པོ་ཤེས།། རྣམ་གྲོལ་གསུམ་ལ་མཁས་པ་པོ།། སྐུ་གསུམ་ཡེ་ཤེས་ལྔ་རྟོགས་པས། ། རྟོགས་པ་མངོན་གྱུར་ཆོས་སྐུར་གནས།། ཉམས་ལེན་འཇམ་དཔལ་ཡེ་ཤེས་བརྒྱན།། ཁང་ཁྱིམ་གཅིག་གི་ནང་དུ་བཤད།། དེ་ནས་མཚན་དོན་དགོངས་པ་ཡིས།། འཇམ་དཔལ་དོན་ཡང་རབ་བཤད་ན། ། ཡེ་ཤེས་ལུས་ཅན་འཇམ་དཔལ་གྱི།། མིང་བརྗོད་པས་ནི་དོན་ཆེ་བ།། དག་པར་བྱེད་ཅིང་སྡིག་སེལ་བ།། མཚན་ནི་ཡང་དག་བརྗོད་པར་བཤད།། ཞི་བ་རྡོ་རྗེ་འཛིན་པ་དང།། ཁྲོ་བོའི་དགོངས་པ་འདུས་པ་ནི། ། རྡོ་རྗེ་ཟབ་མོ་འཛིན་ན་ཛིག། རྡོ་རྗེ་བློ་གྲོས་དོན་བཞིན་རིག། ས་དང་ཕ་རོལ་ཕྱིན་པ་ཡིས།། དགོངས་པ་འདུས་པར་གྱུར་པས་ན།། ཕ་རོལ་ཕྱིན་པ་ཀུན་རྫོགས་པ།། ས་རྣམས་ཀུན་གྱི་རྒྱན་དང་ལྡན། ། དགོངས་པ་ཕྱི་ནང་ཀུན་འདུས་པས།། འཇམ་དཔལ་དགོངས་པ་འདུས་པའི་མཚན།། ཆོས་ཀྱི་སྐུ་ལ་ལོངས་སྐུས་བརྒྱན།། ལོངས་སྐུ་ཡེ་ཤེས་རྣམ་ལྔས་བརྒྱན།། ཡེ་ཤེས་ཐུགས་རྗེ་སྤྲུལ་སྐུས་བརྒྱན།། སྐུ་གསུམ་ཡེ་ཤེས་ལྔ་ལྡན་ཅིང། ། འཁྲུལ་ཚུལ་གྲོལ་ཚུལ་བསྟན་པ་ནི།། འཇམ་དཔལ་ཡེ་ཤེས་རྒྱན་དུ་བཤད།། མཚན་གྱི་དོན་རྣམས་སྟོན་འགྱུར་ཞིང།། རྒྱུད་ཀྱི་དགོངས་པ་མཚན་གྱིས་རྫོགས།། མཚན་དོན་སྟོན་པས་འཇམ་དཔལ་ནི། ། ཁང་ཁྱིམ་གཅིག་གི་ནང་དུ་བཤད།། ཅེས་སེམས་ཕྱོགས་ཆེན་པོ་མཛོད་ཀྱི་རྒྱུད། ཡེ་ཤེས་ནམ་མཁའ་ལས། རྩ་བའི་རྒྱུད་སྐོར་བཞི་བསྟན་པ་སྟེ་ལེའུ་གསུམ་པའོ།།།། དེ་ནས་བཅོམ་ལྡན་འདས་ཀྱི་ནང་སྐོར་རྟོགས་པ་ཡེ་ཤེས་ཀྱི་འཁོར་ལོ་འདི་ཐུགས་ཀྱི་གསང་མཛོད་ཆེན་པོ་ནས་གསུངས་སོ། ། དཔལ་ལྡན་རྡོ་རྗེ་སེམས་དཔའ་ཡིས།། ཐིག་ལེ་མཐར་ཐུག་དགོངས་པ་ཡིས།། གཞི་བཅས་ཐུགས་རྗེའི་ལྕགས་ཀྱུས་བཟུང། ། ཡེ་ཤེས་གསང་བ་འཁོར་ལོ་ཆེ།། སངས་རྒྱས་མཉམ་སྦྱོར་དགོངས་པར་བཅས།། སྲིད་པའི་འཁོར་ལོ་དང་པོ་ཡིན།། འཇམ་དཔལ་དྲི་མེད་སྙིང་པོ་ཡིས།། རྒྱུད་ལུང་མན་ངག་ཁོག་ཕུབ་ནས།། གཞུང་དུ་དྲིལ་བར་བྱ་བ་ཡང། ། སངས་རྒྱས་འདུས་པ་མན་ངག་རྒྱུད།། རྒྱུད་རྣམས་མན་ངག་ཐུགས་ཀྱི་གཏེར།། སྲིད་པའི་འཁོར་ལོ་བཤད་པ་ལས།། དྲི་མེད་སྙིང་པོའི་དགོངས་པ་ཡིན།། སྦུབས་གསུམ་དགོངས་པས་གཞི་བཟུང་ནས། ། དེ་བཞིན་གཤེགས་པའི་ཆོས་ལྔ་དང།། བྱང་ཆུབ་སེམས་དཔའི་ཆོས་བདུན་དང།། ཏིང་འཛིན་ལྟ་བུའི་སྲོག་ཤིང་དྲུག། སྤྱན་རས་གཟིགས་ནི་སེང་གེ་སྒྲ།། སྲིད་པའི་འཁོར་ལོ་གསུམ་པ་ཡིན། ། སེང་གེ་འཁྱིལ་བའི་དགོངས་པ་ལས།། ཕྱི་ནང་གསང་བ་སྒྲུབ་པ་ནི།། རྟག་བཞི་བདུད་བཞི་རྒྱས་གདབ་བཞི།། གངས་ལ་ཉི་མ་ཤར་བ་དང།། ཐོག་དང་གཟེར་དང་ཁྱུང་དང་ནི།། སྐར་མདའ་ལྟ་བུའི་མན་ངག་གིས། ། ཕྱག་ན་རྡོ་རྗེ་མེ་ལྕེའི་འཕྲེང།། སྲིད་པའི་འཁོར་ལོ་བཞི་པ་ཡིན།། རིགས་གསུམ་རིགས་ཁྱབ་སྤྱི་དང་བཞིས།། མུ་ཁྱུད་གྲོང་ཁྱེར་བཞི་ཡིས་མཛེས།། ཞེས་སེམས་ཕྱོགས་ཆེན་པོ་མཛོད་ཀྱི་རྒྱུད།། ཡེ་ཤེས་ནམ་མཁའ་ལས། ནང་གི་རྒྱུད་སྐོར་བཞི་གཏན་ལ་ཕབ་པའི་ལེའུ་སྟེ་བཞི་པའོ།།།། དེ་ནས་བཅོམ་ལྡན་འདས་དཔག་བསམ་གྱི་ཤིང་ལྗོན་ཤིང་རྒྱས་པའི་ཏིང་ངེ་འཛིན་ལ་བཞུགས་ནས་འདི་གསུངས་སོ། ། དཔག་བསམ་ཡོངས་སུ་ས་བརྟོལ་ཤིང།། རྩ་བ་རྣམ་པ་ལྔར་ཟུར་པ།། པདྨ་འཁྱིལ་པ་སྐུ་ཡི་རྒྱུད།། ཆོས་དབྱིངས་ཡེ་ཤེས་བསྟན་པར་བྱེད།། རྡོ་རྗེ་རྩེ་མོ་གསུང་གི་རྒྱུད།། སོ་སོར་རྟོགས་པའི་ཡེ་ཤེས་གཅོད། ། རིན་ཆེན་དཔུང་པ་ཐུགས་ཀྱི་རྒྱུད།། མེ་ལོང་ལྟ་བུ་ཡེ་ཤེས་གསལ།། བསོད་ནམས་བྱམས་པ་བརྩེགས་པ་ནི།། མཉམ་ཉིད་ཡེ་ཤེས་ཡོན་ཏན་རྒྱུད།། འཕྲིན་ལས་མཁའ་གསལ་ཉི་མ་ནི།། བྱ་བ་གྲུབ་པའི་ཡེ་ཤེས་ཡིན། ། དཔག་བསམ་ཤིང་གི་རྩ་བ་ལྔ།། སྡོང་པོ་གཅིག་ཏུ་དྲིལ་ནས་གནས།། ལྟ་བའི་ངོ་བོ་རང་ཤར་བས།། ཡེ་ཤེས་བླ་མ་ཆེན་པོའི་རྒྱུད།། ལྟ་བའི་གནད་རྣམས་ཡོངས་སྤྱོད་པ།། འཁོར་བ་དོང་དཀྲུགས་ཆེན་པོའི་རྒྱུད། ། ཆོས་ཉིད་དོན་ལ་སྒོམ་དུ་མེད།། གང་ཟག་བློ་ལ་སྒོམ་དུ་ཡོད།། མཉམ་པར་གཞག་པས་བསམ་གཏན་བསྒོམ།། རྗེས་ཀྱི་ཤེས་པ་སྤྱོད་པར་བྱེད།། རྣལ་འབྱོར་རབ་འབྲིང་ཐ་མས་བཅད།། རྨ་བྱ་འཇིང་བསྣོལ་རྒྱུད་ཆེན་གཉིས། ། འབྲས་བུ་སྐུ་དང་འོད་ཟེར་ནི།། མཛེས་པས་ལྷ་མོ་འོད་ཟེར་ཅན།། དཔག་བསམ་ལྗོན་ཤིང་ཆེན་པོ་ལ།། ཡལ་ག་སྐྱེས་ནས་ལོ་འདབ་རྒྱས།། ལྟ་བ་འགྱུར་བ་མེད་པ་ནི། རྒྱལ་མཚན་རྩེ་མོ་ལྟ་བུར་གསལ། ། བསྒོམས་པས་ཉོན་མོངས་དྲི་མ་མེད།། ནོར་བུ་ཆུ་འདངས་ལྟ་བུར་གནས།། སངས་རྒྱས་སྤྱོད་པས་ཚེ་དབང་བསྐུར།། དབང་བསྐུར་བླ་མ་རིན་པོ་ཆེ།། འབྲས་བུ་མངོན་པར་སངས་རྒྱས་རྟགས།། སྐུ་གདུང་རིང་བསྲེལ་ཆེན་པོའི་རྒྱུད། ། དཔག་བསམ་ཤིང་ཆེན་རྒྱས་པ་ལ།། མེ་ཏོག་རབ་ཏུ་གསལ་བ་ནི།། གཞི་རྣམས་རབ་ཏུ་ལྡིངས་པས་ན།། མཚན་ཉིད་བཞི་དང་ལྡན་པར་བྱ།། མཛོད་དང་ལྡེ་མིག་ནོར་རྫས་སྤྱོད། ། ཞལ་ཆེམས་གསུམ་པར་བཞག་པ་ཡིན།། དཔེ་དོན་རྟགས་གསུམ་ངོ་སྤྲོད་པས།། སྐུ་དང་གསུང་དང་ཐུགས་ཏིག་གསུམ།། དགོངས་པ་མྱ་ངན་ཆོས་སྐུར་འདའ།། བདུད་རྩི་ཡང་ཞུན་ལྟ་བུར་བཞུགས། ། དཔག་བསམ་ལྗོན་ཤིང་ཆེན་པོ་ལ།། འབྲས་བུ་རབ་ཏུ་སྨིན་པ་ལྟར།། བརྒྱུད་པ་རིགས་འཛིན་འབྲས་བུ་དང།། མྱ་ངན་འདས་པ་གང་ཟག་འབྲས།། བཅོ་བརྒྱད་ཆེས་འབྲས་མན་ངག་ལུང། ། བམ་པོ་གསུམ་པའི་ལུང་ཆེན་གསུངས།། ཞེས་སེམས་ཕྱོགས་ཆེན་པོ་མཛོད་ཀྱི་རྒྱུད།། ཡེ་ཤེས་ནམ་མཁའ་ལས་ཕྱིས་སྐོར་ཐུགས་རྗེ་ཆོས་ཀྱི་འཁོར་ལོ་བསྟན་པའི་ལེའུ་སྟེ་ལྔ་པའོ།།།། དེ་ནས་བཅོམ་ལྡན་འདས་ཀྱིས་རྒྱུད་ཐམས་ཅད་ཀྱི་མདུད་པ་ཡོངས་སུ་འགྲོལ་བའི་ཏིང་ངེ་འཛིན་ལ་བཞུགས་ནས་འདི་གསུངས་སོ། ། མཁས་པར་གྱུར་བ་པཎྜི་ཏས།། ངོ་བོ་ངེས་ཚིག་དབྱེ་བ་ཡིས།། དོན་བཤད་མཛེས་པའི་སྤྱི་དོན་དགོངས། ། དེ་ཕྱིར་ཐིག་ལེ་ཀུན་གསལ་བཤད།། རྣལ་འབྱོར་པ་ནི་ཀུ་སུ་ལུས།། རང་དོན་ཉམས་སུ་ལེན་གྱུར་པས།། དགོངས་པ་མ་ནོར་གསོལ་བ་ནི།། དེ་ཕྱིར་ཐིག་ལེ་ཀུན་འདུས་བཤད།། རྒྱུ་དོན་མ་ལུས་མངོན་པར་རྟོགས། ། དགོངས་པའི་དོན་རྣམས་ཆོ་ག་ལྟར།། ལས་ཀྱི་བྱ་བ་ཚང་གྱུར་པས།། ཨཱཙ་རྱ་སློབ་དཔོན་བཞིན།། དེ་ཕྱིར་ཐིག་ལེ་ཀུན་རིག་རྒྱུད།། བྱ་བ་བྱེད་པ་དག་ལའང་བཤད།། རྣལ་འབྱོར་པ་ནི་སེམས་ཉིད་ལ། ། ཞིབ་མོར་ལྟ་ཞིང་སྤྱོད་འགྱུར་བ།། དབང་པོ་ཐ་མར་གྱུར་པ་རྣམས།། སྒོམ་གྱི་གནད་དང་ཐུན་ཚོད་འཛིན།། རིམ་པས་དོན་ལ་འཁྲིད་བྱེད་ཅིང།། གདམས་པའི་གནད་ཀྱིས་སྟོན་བྱེད་པས།། བློ་དམན་གང་ཟག་གྲོལ་བྱའི་ཕྱིར། ། དེ་ཕྱིར་ཐིག་ལེ་ཀུན་སྤྱོད་བཤད།། ཅེས་སེམས་ཕྱོགས་ཆེན་པོ་མཛོད་ཀྱི་རྒྱུད་ཡེ་ཤེས་ནམ་མཁའ་ལས། བཤད་རྒྱུད་ཆེན་པོ་བཞིའི་མཛོད་བསྟན་པ་སྟེ་ལེའུ་དྲུག་པའོ།།།། དེ་ནས་བཅོམ་ལྡན་འདས་ཀྱིས་སྒོ་རྣམས་རབ་ཏུ་འབྱེད་པར་བྱེད་པ་འདི་ཕྱི་རབས་ཀྱི་རྣལ་འབྱོར་པ་ལ་ལུང་རབ་ཏུ་གསལ་བར་གསུངས་སོ། ། ཕྱི་ཡི་ལྕགས་རིན་པོ་ལ།། ཟླ་གམ་གཅིག་པའི་སྒོ་གནས་པ།། ཙཎྜ་ལོག་སྤྱོད་ཅན་གྱིས་བསྲུངས། ། དེ་ཡི་ལྡེ་མིག་བསྟན་པ་ནི།། དོན་ལ་ཁོག་དབུགས་སྟོང་ཐུན་དང།། དཀྱུས་ལས་སྤྱད་བསྡུས་དོན་དང།། ཚིག་གི་འབྲུ་འཇོམས་ལྡེ་མིག་གསུམ།། སྒོ་འདི་ཕྱེ་ནས་བཤད་པ་ནི།། གང་ཟག་བཞི་ཡི་དོན་དུ་དགོངས། ། བཤད་པའི་རྒྱུད་རྣམས་གྲོལ་བར་བྱེད།། ཁང་ཁྱིམ་བཅོ་བརྒྱད་ཕྱི་སྒོ་བདུན།། སྒོ་བ་སྤྲིན་གྱི་ཤུགས་ཅན་བདུན།། དེ་འབྱེད་པ་ཡི་ལྡེ་མིག་གསུམ།། རྒྱུད་དང་མན་ངག་ལུང་གསུམ་གྱིས།། ཕུན་སུམ་ཚོགས་པ་རྣམས་ལྔ་དང། ། དགོས་དོན་ལྔ་དང་མདོ་གཅོད་བདུན།། རྒྱུད་ལུང་མན་ངག་གསལ་བར་བྱེད།། གླིང་བཞི་སྲིད་པ་རང་བྱུང་ལ།། ཚད་མེད་བཞི་ཡི་སྒོ་ཤར་ནས།། དམ་པ་དཔལ་བཞིའི་སྒོ་སྲུངས་ཅན།། ལྡེ་མིག་བཞི་ཡིས་འབྱེད་འགྱུར་བ། ། རིགས་གསུམ་མགོན་པོའི་དགོངས་པ་ཅན།། རིགས་ཁྱབ་རྡོ་རྗེ་སེམས་དཔའ་ཡི།། དགོངས་པ་ཐིག་ལེ་མཐར་ཐུག་པ།། རང་བྱུང་སྲིད་པའི་འཁོར་ལོ་འབྱེད།། ཁང་ཁྱིམ་བཞི་ཡི་རྩ་བ་ལ། ། བདག་གཞན་བགྲོད་པའི་སྒོ་གཉིས་ན།། ཕྱག་ན་རྡོ་རྗེའི་སྒོ་བ་བཞུགས།། སྟོན་པ་གཉིས་ཀྱི་ལྡེ་མིག་ནི།། ཕྱི་ནང་དག་པའི་གང་ཟག་ལ།། ཕྱི་ཡི་སྟོན་པ་ཤཱཀྱ་ཐུབ།། ནང་སྣང་དག་པའི་གང་ཟག་ལ། ། ནང་གི་སྟོན་པ་རྡོ་རྗེ་འཆང།། དུས་གསུམ་སངས་རྒྱས་དགོངས་པ་ཡིས།། འཇམ་དཔལ་སྒྱུ་འཕྲུལ་དྲ་བ་ཡི།། རྩ་རྒྱུད་སྡེབས་བཞིའི་ཁོང་སྡེབས་ན།། ཡང་དག་དོན་ལ་དྲིལ་ནས་འབྱེད།། མུ་ཁྱུད་བརྡ་སྒྲ་ངེས་པ་དང། ། ཇ་ལོག་གསུམ་གྱིས་བརྒྱན་པ་ལ།། སྒོ་མེད་སྦས་པའི་གཏེར་ཁྱིམ་དེ།། ཤིན་ཏུ་གསང་ནས་རྣ་རྒྱུད་འབྱེད།། དབུས་ཀྱི་ལྟ་བ་མཛོད་ཆེན་ལ།། མུན་པའི་འཁོར་སྒོ་ལ་སོགས་བཞི།། ཐེག་པ་བཞི་ཡི་ལྡེ་མིག་གིས། ། ཕྱེ་ནས་མཛོད་དུ་འཇུག་པ་ཡང།། མཁའ་འགྲོ་མ་བཞིའི་སྒོ་སྲུངས་ལ།། མཉེས་ནས་གཏེར་ཆེན་བསྟན་པ་ནི།། དང་པོ་ཤར་དུ་ངོ་སྤྲོད་རྒྱུད།། སྐུ་གསུམ་སྣང་བ་གསལ་བར་སྟོན།། ལྷོ་རུ་རིན་ཆེན་འོད་གསལ་བ། ། དྲི་མེད་རྣམ་པར་དག་པའི་རྒྱུད།། ནུབ་ཏུ་ལྷུན་གྲུབ་ཇི་བཞིན་མ།། རྣམ་པར་དག་པའི་རྒྱུད་ཆེན་མཛོད།། བྱང་དུ་དྲི་མེད་རྣམ་དག་པ།། སངས་རྒྱས་དགོངས་པ་འདུས་པའི་རྒྱུད།། དབུས་ན་མཛད་ཆེན་དགོངས་པ་ནི། ། དུར་ཁྲོད་ཕུང་པོ་འབར་བའི་རྒྱུད།། བྱེ་བྲག་རྒྱུད་ལྔའི་མཛོད་ཆེན་རྣམས།། སྤྱིར་ནི་གཅིག་ཤེས་ཀུན་གྲོལ་བ།། ཆོས་སྐུ་ཐིག་ལེ་ཉག་གཅིག་ལ།། གནས་ཚུལ་སྐུ་གསུང་ཡོན་ཏན་ལས།། སྟོང་གསལ་བདེ་ཡོན་མི་འགག་དེ། ། ངོ་བོ་སྟོང་པར་གནས་པ་དང།། རང་བཞིན་གསལ་བར་ཤར་བ་དང།། རྣམ་པ་བདེ་བར་གོ་བ་དང།། ཡོན་ཏན་ཅིར་ཡང་མི་འགག་ལ།། འཕྲིན་ལས་ཐོགས་པ་མེད་པར་འཆར།། འབྱུང་བ་ལྔ་རུ་སྣང་བ་ནི། ། ངོ་བོ་སྟོང་པ་ནམ་མཁའ་ལ།། རང་བཞིན་གསལ་བ་སྲ་བའི་ས།། རྣམ་པ་བདེ་བར་འབར་བའི་མེ།། ཡོན་ཏན་མི་འགག་འབྱུང་བ་ཆུ།། འཕྲིན་ལས་ཐོགས་པ་མེད་པ་རླུང།། སྣོད་ཀྱི་འཇིག་རྟེན་ཞེས་བྱ་བ། ། སེམས་ཅན་ཀུན་གྱི་གནས་དང་རྟེན།། སྤྱོད་པའི་མྱུ་གུ་གྱུར་པས་ན།། གཟུང་བའི་ཡུལ་ཞེས་བྱ་བ་ཡིན།། ཤེས་པས་མ་ཟིན་བདུད་སྣང་བ།། སྟོང་པས་འདུས་པའི་རྩེ་ཤིང་སྣང།། གསལ་བས་ནུས་པ་ལྕི་བ་དང། ། བདེ་བས་ཚ་ཞིང་རྣོ་བ་དང།། མི་འགག་པ་ལས་བསིལ་བ་དང།། ཐོགས་པ་མེད་པས་ཡང་བའོ།། རོ་ཡང་རྣམ་པ་ལྔར་སྣང་བ།། སྟོང་པས་རོ་རྣམས་འདུས་པ་དང།། གསལ་བས་ས་ནི་མངར་བར་འགྱུར། ། བདེ་བ་ལས་ནི་ཚ་ཞིང་སྐྱུར།། མི་འགག་པ་ནི་ལན་ཚྭའི་རོ།། ཐོགས་མེད་རླུང་ནི་བསྐ་བའོ།། སྐྱེ་བ་རྣམ་པ་བཞི་གནས་པ།། ངོ་བོ་སྟོང་བས་སྒོང་སྐྱེས་ལ།། རང་བཞིན་གསལ་བས་མངལ་སྐྱེས་ཏེ།། བདེ་དང་མི་འགག་དྲོད་གཤེར་སྐྱེས། ། ཐོགས་པ་མེད་པས་རྫུས་སྐྱེས་ཡིན།། འགྲོ་བ་དྲུག་ཏུ་སྣང་བ་ནི།། སྟོང་པ་ལྷ་དང་ལྷ་མ་ཡིན།། གསལ་བ་མི་ཡི་སྐྱེ་གནས་ལ།། བདེ་བ་དུག་འགྲོ་བྱོལ་སོང་ཡུལ།། མི་འགག་པ་ནི་ཡི་དྭགས་གནས། ། ཐོགས་པ་མེད་པ་དམྱལ་བ་ཉིད།། རྫུ་འཕྲུལ་ནང་དུ་སྣང་བ་ནི།། སྟོང་པ་ལས་ནི་འདུས་པའི་ནད།། གསལ་བས་བད་ཀན་ལྕི་བ་དང།། བདེ་བས་མཁྲིས་པའི་ནད་ཡིན་ལ།། མི་འགག་པ་ནི་ལྡན་པ་སྟེ། ། ཐོགས་པ་མེད་པ་རླུང་གི་ནད།། ལྷ་སྲིན་ཡི་དྭགས་སྣང་བ་ཡང།། ངོ་བོ་སྟོང་པ་གཟའ་ཡི་ནད།། རང་བཞིན་གསལ་བ་ས་བདག་ཀླུ།། རྣམ་པ་བདེ་བས་མ་མོའི་རིམས།། ཡོན་ཏན་མི་འགག་གནོད་སྦྱིན་འགེགས། ། འཕྲིན་ལས་ཐོགས་མེད་རྒྱལ་འགོང་བཙན།། སྣང་སྲིད་ལྷ་སྲིད་མ་ལུས་རྣམས།། རྩ་བ་འདི་ལས་སྲིད་པར་འགྱུར།། དེ་ལས་མཐུ་ལྔར་ལྡན་པ་ནི།། སྟོང་པ་གཏི་མུག་གཏད་ཡིན་ལ།། གསལ་བས་སྲོགས་མཐུ་ཞེ་སྡང་ཅན། ། བདེ་བ་འདོད་ཆགས་ནོར་སྒྲུབ་དེ།། མི་འགག་ང་རྒྱལ་ཐོག་སེར་དང།། ཐོགས་མེད་ཕྲག་དོག་ནང་རྒྱས་རྣམས།། དུག་ལྔ་དག་ལས་སྣང་བ་ཡང།། རྩ་བ་འདི་ལས་བྱུང་བར་ཟད།། སྟོང་པ་གཏི་མུག་དོན་ལ་རྨོངས། ། གསལ་བ་མནར་སེམས་ཞེ་སྡང་ཉིད།། བདེ་བས་འདོད་ཅིང་ཆགས་པ་ལ།། མི་འགག་མངོན་པའི་ང་རྒྱལ་དེ།། ཐོགས་པ་མེད་ལས་ཕྲག་དོག་སྣང།། ཇི་སྙེད་ཉོན་མོངས་མ་ལུས་ཀུན། ། ཐམས་ཅད་འདི་ལས་སྣང་བར་འགྱུར།། རྣལ་འབྱོར་ལམ་ལ་གནས་འདོད་པས།། འགྲོ་དྲུག་སེམས་ཅན་ཀུན་ལྡན་པའི།། དུག་ལྔ་རང་ཤར་རང་གྲོལ་དུ།། ལམ་དུ་རྟོགས་པར་བྱང་བ་ཡང།། སྟོང་པས་གཏི་མུག་ལམ་དུ་བྱ། ། མཆོད་པ་ཆེན་པོ་གཏི་མུག་ཆེ།། གཏི་མུག་བློ་སྟེ་གཏི་མུག་སེལ།། བྱོལ་སོང་གནས་ལས་ངེས་པར་གྲོལ།། གསལ་བས་ཞེ་སྡང་ལམ་དུ་བྱ།། མཆོད་པ་ཆེན་པོ་ཞེ་སྡང་ཆེ།། ཉོན་མོངས་ཀུན་གྱི་སྒྲ་ཆེ་བ། ། དམྱལ་བའི་སྡུག་བསྔལ་གྲོལ་བར་བྱེད།། དེ་བས་འདོད་ཆགས་ལམ་དུ་བྱ།། མཆོད་པ་ཆེན་པོ་འདོད་ཆགས་ཆེ།། སེམས་ཅན་ཐམས་ཅད་དགའ་བར་བྱེད།། མི་ཡི་གནས་ལས་ངེས་པར་གྲོལ།། མི་འགག་ང་རྒྱལ་ལམ་དུ་བྱ། ། དེ་ཉིད་ཁོང་ཁྲོར་འགྱུར་བ་ཡིན།། མཆོད་པ་ཆེན་པོ་ཆགས་པ་ཆེ།། ཆགས་པ་ཐམས་ཅད་སེལ་བར་བྱེད།། སེར་སྣ་ཡི་དྭགས་གནས་ལས་གྲོལ།། མཆོད་པ་ཆེན་པོ་བདེ་བ་ཆེ།། དགའ་བ་ཆེ་པོ་མགུ་བ་ཆེ། ། ཁོང་ཁྲོ་ལྷ་མིན་ཡུལ་ལས་གྲོལ།། ཐོགས་མེད་ཕྲག་དོག་ལམ་དུ་བྱ།། མཆོད་པ་ཆེན་པོ་ཁྲོ་བ་ཆེ།། ཁྲོ་བ་ཆེན་པོ་དགྲ་ཆེ་བ།། ཕྲག་དོག་ལྷ་ཡི་གནས་ལས་གྲོལ།། རིགས་ལྔ་བདེ་གཤེགས་སྐུར་སྣང་བ།། སྟོང་པ་རྡོ་རྗེ་སེམས་དཔའི་སྐུ། ། གསལ་བ་རྣམ་པར་སྣང་མཛད་ཉིད།། བདེ་བ་སྣང་བ་མཐའ་ཡས་ལ།། མི་འགག་པ་ནི་རིན་ཆེན་འབྱུང།། ཐོགས་མེད་དོན་ཡོད་གྲུབ་པ་ཉིད།། རིགས་ལྔའི་སངས་རྒྱས་འདི་དག་རྣམས། ། སེམས་ཉིད་ངང་དུ་སྣང་བ་ཡིན།། ཡུལ་ཆེན་ལྔར་ནི་སྣང་བ་ཡང།། སྟོང་པ་ནམ་མཁའི་དབྱིངས་ཕྱུག་མ།། གསལ་བ་ས་ནི་སངས་རྒྱས་སྤྱན།། བདེ་བ་མེ་ནི་གོས་དཀར་མོ།། མི་འགག་ཆུ་ནི་མཱ་མ་ཀི། ཐོགས་མེད་རླུང་གི་དམ་ཚིག་སྒྲོལ། ། སེམས་དཔའ་སེམས་མའི་ཚོགས་ཆེན་ནི།། སྲས་ཀྱི་ཚོགས་སུ་སྣང་བ་ཡང།། སྟོང་པ་ཁྲོ་བོ་སྒོ་བར་སྣང།། གསལ་བ་ས་ཡི་སྙིང་པོ་ལ།། བདེ་བ་སྤྱན་རས་གཟིགས་དབང་ཉིད། ། མི་འགག་ནམ་མཁའི་སྙིང་པོ་དང།། ཐོགས་མེད་ཕྱག་ན་རྡོ་རྗེའོ།། སྟོང་པ་གཤིན་རྗེ་ཁྲོས་པ་ཉིད།། གསལ་བ་ལྷ་མོ་སྒེག་མོ་ལ།། བདེ་བ་པི་ཝང་གླུ་ལེན་མ།། མི་འགག་པ་ནི་འཕྲེང་བ་མ།། ཐོགས་པ་མེད་པ་གར་མཁན་ཉིད། ། སྟོང་པ་ཁྲོ་བོ་སྟོབས་པོ་ཆེ།། གསལ་བ་བྱམས་པའི་སྐུ་རུ་སྣང།། མི་འགག་སྒྲིབ་པ་རྣམ་པར་སེལ།། ཐོགས་པ་མེད་པ་འཇམ་དཔལ་ཉིད།། སྟོང་པ་ཁྲོ་མོ་སྟོབས་ཆེན་མ།། གསལ་བ་ལྷ་མོ་སྤོས་མ་ཉིད། ། བདེ་བ་ལྷ་མོ་མར་མེ་མ།། མི་འགག་པ་ནི་མེ་ཏོག་མ།། ཐོགས་པ་མེད་པ་དྲི་ཆབ་མ།། སྟོང་པ་རྟ་མགྲིན་ཆེན་པོ་ལ།། གསལ་བ་རྟ་མགྲིན་ཡུལ་ཡིན་ཏེ།། བདེ་བ་བདུད་རྩི་འཁྱིལ་བ་ལ།། མི་འགག་པ་ནི་ཡུལ་དུ་གནས། ། ཐོགས་པ་མེད་པ་སྒོ་བའི་ལས།། སྟོང་པ་ལྟ་དང་ལྷ་མིན་ཐུབ།། གསལ་པ་མི་ཡི་ཐུབ་པ་སྟེ།། བདེ་བ་ཡི་དྭགས་ཐུབ་པ་ལ།། མི་འགག་པ་ནི་བྱོལ་སོང་ཐུབ།། ཐོགས་མེད་དམྱལ་བའི་ཐུབ་པའོ།། སྟོང་པ་ཀུན་ཏུ་བཟང་པོ་ལ། ། གསལ་བ་ཀུན་ཏུ་བཟང་མོ་སྟེ།། བདེ་བ་ཡབ་ཡུམ་འདུ་འབྲལ་མེད།། མི་འགག་དཀྱིལ་འཁོར་ལྷ་ཚོགས་རྣམས།། ཐོགས་པ་མེད་པར་འབྱིན་པའོ།། སྟོང་པ་རྣམ་ཤེས་ཕུང་པོ་ལ།། གསལ་བ་གཟུགས་ཀྱི་ཕུང་པོ་ཉིད། ། བདེ་བ་འདུ་ཤེས་ཕུང་པོ་ལ།། མི་འགག་པ་ནི་ཚོར་བ་སྟེ།། ཐོགས་པ་མེད་པ་འདུ་བྱེད་དོ།། སྟོང་པ་ལུས་ཀྱི་དབང་པོ་ལ།། གསལ་བ་མིག་གི་དབང་པོ་ཉིད།། བདེ་བ་ལྕེ་ཡི་དབང་པོ་ཉིད། ། མི་འགག་པ་ནི་སྣ་ཡིན་ལ།། ཐོགས་པ་མེད་པ་རྣ་བའོ།། སྟོང་པ་ཉིད་ལ་གསལ་བ་འཚེར།། བདེ་བ་མཆིན་པ་མི་འགག་མཁལ།། ཐོགས་པ་མེད་པ་གློ་བའོ།། སྟོང་པ་རང་བྱུང་ཡེ་ཤེས་རྩ།། གསལ་བ་རྩ་བཞི་འདུས་པའི་མདོ། ། བདེ་བ་རང་བྱུད་ལས་ཀྱི་རྩ།། མི་འགག་རང་བྱུང་ཆོས་ཉིད་རྩ།། ཐོགས་པ་མེད་པ་ཡོན་ཏན་རྩ།། སྟོང་པ་ནམ་མཁའི་དྭངས་སྙིགས་འབྱེད།། གསལ་བས་ཡི་དྭངས་མའི་རྩ།། བདེ་བ་མེ་ཡི་དྭངས་མ་ལ། ། མི་འགག་ཆུ་ཡི་དངས་མ་སྟེ།། ཐོགས་མེད་རླུང་གི་དྭངས་མར་ཤར།། སྟོང་པ་སྲོག་འཛིན་རླུང་ཡིན་ལ།། གསོལ་བ་ས་དང་འདྲེས་པའི་རླུང།། བདེ་བ་མེ་དང་དྲོད་མཉམ་ལ།། མི་འགག་ཆུ་དང་འགྲོགས་པའི་རླུང། ། ཐོགས་མེད་རླུང་གི་རླུང་དུ་བཤད།། སྟོང་པ་ལུས་ལ་ནམ་མཁའི་རླུང།། གསལ་བ་རྣ་ལ་ས་ཡི་རླུང།། བདེ་བ་མིག་ལ་མེ་ཡི་རླུང།། མི་འགག་ལྕེ་ལ་ཆུ་ཡི་རླུང།། ཐོགས་མེད་རྣ་བར་རླུང་གི་རླུང།། སྟོང་པ་ནམ་མཁའི་རྩ་གསུམ་ཉིད། ། ཉི་མ་ཟླ་བ་རཱ་ཧུ་ལ།། གསལ་བ་སྤྲུལ་པའི་དཀྱིལ་འཁོར་ལ།། བདེ་བ་མགྲིན་པར་ལོངས་སྤྱོད་པས།། མི་འགག་སྙིང་བར་ཆོས་འཁོར་ཉིད།། ཐོགས་པ་མེད་པ་བདེ་ཆེན་ཀྱི།། གནསཔ་རྩ་ཡི་དཀྱིལ་འཁོར་གྱིས། ། ལུས་ཀུན་ལ་ནི་ཁྱབ་པར་གནས།། སྟོང་པ་བྱང་ཆུབ་སེམས་ཡིན་ལ།། གསལ་བ་དྲི་ཆེན་བདུད་རྩིར་གནས།། བདེ་བ་པདྨ་རཀྟ་ཉིད།། མི་འགག་ཤ་ཆེན་དམ་རྫས་ལ།། ཐོགས་མེད་དྲི་ཆུར་གནས་པ་རྣམས། ། སངས་རྒྱས་རིགས་ལྔའི་དམ་རྫས་དེ།། ཁམས་ཀྱི་བདུད་རྩི་ཆེན་པོ་ཉིད།། རྣལ་འབྱོར་འདུས་པ་ཀུན་རྫོབ་གནས།། སྟོང་པ་མི་ཡི་ཤ་རུ་བཤད།། གསལ་བ་གླང་པོའི་ཤ་ཡིན་ལ།། བདེ་བ་བ་གླང་ཤ་ཡིན་ཏེ། ། མི་འགག་པ་ནི་རྟ་ཡི་ཤ།། ཐོགས་མེད་པ་འམ་ཁྱི་ཤར་བཤད།། ཁམས་དགུ་འདུས་པའི་དྭངས་མ་ནི།། རྣལ་འབྱོར་བ་ཡིས་ཉམས་སུ་བླང།། བདུད་རྩི་གཏོར་མའི་མཆོད་པ་ནི།། རིགས་འཛིན་བཀའ་བསྲུངས་ཞི་ཁྲོ་མཆོད། ། དེ་ནས་གདམས་ངག་གདབ་པར་བྱ།། སྟོང་པ་ཧཱུཾ་གི་རང་བཞིན་ལ།། གསལ་བ་ཡི་གེ་ཨོཾ་ཡིན་ཏེ།། བདེ་བ་ཨ་ཡི་རྣམ་པ་ལ།། མི་འགག་པ་ནི་སྭ་རུ་གནས།། ཐོགས་པ་མེད་པ་ཡི་གེ་ཧཱ། ། སྟོང་པ་ལྷ་དང་ལྷ་མ་ཡིན།། ཨ་དཀར་སུ་སེར་གནས་པ་ཡིན།། གསལ་བ་བྱོལ་སོང་དུད་ཁའི་དུ།། བདེ་བ་ཡི་དྭགས་ཏྲི་དམར་ལ།། མི་འགག་མི་ཡི་ནརི་ལྗང་སྟེ།། ཐོགས་མེད་དམྱལ་བའི་དྲི་ནག་པོ།། སྟོང་པས་ཉམས་ནི་སེམས་ལ་འཆར། ། གསལ་བས་གར་ནི་ལུས་ལ་འཆར།། བདེ་བས་སྔགས་ནི་ངག་ལས་འཆར།། མི་འགག་མཐོང་སྣང་ཡུལ་ལ་འཆར།། ཐོགས་མེད་བག་ཆགས་རྨི་ལམ་འཆར།། རྣལ་འབྱོར་ཉམས་ནི་སྣང་བ་ཡིན། ། ཐམས་ཅད་མ་ལུས་འཁོར་འདས་ཀྱི།། ཉམས་སྣང་འདི་རུ་འདུས་པར་བཤད།། སྟོང་པས་ཐུགས་ཀྱི་མངོན་ཤེས་དང།། ལས་ཀྱི་མངོན་ཤེས་འཆར་བ་ཡིན།། གསལ་བས་ལུས་ཀྱི་རྫུ་འཕྲུལ་འཆར།། བདེ་བས་སྤྱན་གྱི་མངོན་ཤེས་འཆར། ། མི་འགག་གནས་ཀྱི་མངོན་ཤེས་དང།། ཐོགས་མེད་སྙན་གྱི་མངོན་ཤེས་དང།། མངོན་པར་ཤེས་པ་རྣམ་དྲུག་གིས།། གདུལ་བྱའི་ཡུལ་དུ་གཟིགས་པ་ཡིན།། སྟོང་པས་ཆོས་ཀྱི་སྐུ་ཡིན་ཏེ། ། གསལ་བས་ལོངས་སྤྱོད་རྫོགས་པའི་སྐུ།། བདེ་བས་ལོངས་སྐུ་ཡུལ་དང་ལྡན།། མི་འགག་སྤྲུལ་པའི་སྐུ་རུ་སྣང།། ཐོགས་པ་མེད་པས་འགྲོ་དོན་མཛད།། སྟོང་པས་ཆོས་དབྱིང་ཡེ་ཤེས་ལ།། གསལ་བ་མེ་ལོང་ལྟ་བུ་སྟེ། ། བདེ་བས་སོ་སོར་རྟོག་པ་ལ།། མི་འགག་པས་ན་མཉམ་པ་ཉིད།། ཐོགས་མེད་བྱ་བ་གྲུབ་པའོ།། སྟོང་པས་རྟག་པའི་མཐའ་དང་བྲལ།། གསལ་བས་ཆད་པའི་མཐའ་དང་བྲལ།། བདེ་བས་རྟག་ཆད་གཉིས་སུ་མེད། ། མི་འགག་མེད་པའི་མཐའ་དང་བྲལ།། ཐོགས་མེད་ཡོད་པའི་མཐའ་དང་བྲལ།། སྟོང་པ་ཡུལ་ཉིད་སྣང་སྟོང་དང།། གསལ་བ་སེམས་ཉིད་གསལ་སྟོང་དང།། བདེ་བ་ཡུལ་ཉིད་བདེ་སྟོང་དང།། མི་འགག་སྟོང་པར་མི་གནས་སྐྱེ། ། ཐོགས་མེད་སྣང་བ་ཐེར་ཟུག་མེད།། སྟོང་པ་ཡུལ་ལས་གྲོལ་བ་དང།། གསལ་བ་སེམས་ལས་གྲོལ་བ་དང།། བདེ་བ་ལུས་ལས་གྲོལ་བ་སྟེ།། མི་འགག་སྟོང་པ་རྐྱང་བ་ཡིན། ། ཐོགས་མེད་སྣང་བ་ཨ་འཐས་མིན།། སྟོང་པ་པུཾར་རྣ་ཉེ་བར་ཞི།། གསལ་བ་རྡོ་རྗེ་ཁྲོ་གདོང་མ།། བདེ་བ་རོ་ཟན་ཤན་ཏིང་ཉིད།། མི་འགག་གཙུག་གི་རྒྱན་ཅིག་མ།། ཐོགས་མེད་རླུང་གི་གཤོག་པ་ཅན། ། སྟོང་པ་རྡོ་རྗེ་མཆུ་ཅན་གྱིས།། ཐོག་དང་འདྲ་བའི་མན་ངག་ཡིན།། གསལ་བ་འདབ་ཆགས་རྒྱལ་པོ་ཡི།། ཁྱུང་དང་འདྲ་བའི་གདམ་ངག་ཡིན།། བདེ་བ་ཚངས་མ་དུང་མགྲིན་མ།། མི་འགྱུར་གསེར་གྱི་གདམ་ངག་ཡིན། ། མི་འགག་པར་ནི་འཆར་བ་ཡང།། སྐར་མདའ་ལྟ་བུའི་གདམ་ངག་ཡིན།། ཐོགས་པ་མེད་པར་འབྱུང་བ་ནི།། གངས་ལ་ཉི་མ་ཤར་བ་ཡིན།། སྟོང་པ་ངོ་སྤྲད་ཡུལ་བཞིར་བདེན།། མ་ཧཱ་ཡོ་གའི་ངོ་སྤྲོད་དང། ། ཨ་ནུ་ཡོ་གའི་ངོ་སྤྲོད་དང།། ཨ་ཏི་ཡོ་གའི་ངོ་སྤྲོད་དང།། སྐུ་གསུམ་དབྱེར་མེད་ངོ་སྤྲོད་བཞིས།། བདེན་བཞི་ཚུལ་གྱི་རྣམ་པ་ཅན།། གསལ་བ་ངོ་སྤྲོད་བརྡ་བཞི་སྟེ།། ལོངས་སྐུ་འདྲ་འབག་ཕྱེད་སྐུར་སྤྲད། ། སྤྲུལ་སྐུ་འོད་ཁྱིམ་ཁ་སྦྱོར་སྤྲད།། ཆོས་སྐུ་རིན་ཆེན་མན་ཤེལ་སྤྲད།། འདུ་བྲལ་མེད་པ་ཉི་མ་ཡི།། སྙིང་པོ་ཉིད་ལ་སྤྲད་པར་བྱ།། བརྡ་དང་དག་གིས་བསྟན་པ་ནི།། ཤེས་རབ་བརྒྱད་པོ་རྟོགས་པ་འཆང།། བདེ་བ་སྤྲད་པའི་དགོངས་པ་ནི། ། སྐུ་གསུམ་འདུ་འབྲལ་མེད་པ་ཡིས།། བག་ཆགས་སྦུབས་ཀྱི་དགོངས་པ་ཆོད།། ལོངས་སྐུས་ལྔ་ལྡན་དགོངས་པ་ཆོད།། སྤྲུལ་སྐུས་རྫོགས་ལྡན་དགོངས་པ་ཆོད།། ཆོས་སྐུས་རྫོགས་ལྡན་ཆེན་པོ་ཆོད། ། བདེན་དོན་རྣམ་པ་བཅུ་གཉིས་ལྡན།། མི་འགག་པ་ལ་སྤྲད་པའི་སྐྱོན།། སྔར་འདྲིས་མི་བཞིན་མི་རྟོགས་པས།། སྐྱོན་བཞི་དག་དང་ལྡན་པས་ན།། དེ་ཉིད་རྣམ་པ་བཅུ་དྲུག་རིག། ཐོགས་པ་མེད་པས་མཐའ་བཞི་བྲལ། ། རྟག་མཐའ་དང་ནི་ཆད་མཐའ་དང།། ཡོད་མཐའ་དང་ནི་མེད་མཐའ་དང།། མཐའ་བཞི་དག་དང་བྲལ་བ་ནི།། རྣམ་པ་ཉི་ཤུ་བྱང་ཆུབ་པ།། ངོ་སྤྲོད་རྟོགས་པ་ཐོབ་པ་ཡིན།། ངོ་བོས་སྟོང་པ་ཡི་གེ་ཨེ། ། རང་བཞིན་གསལ་བས་ཡི་གེ་བཾ།། རྣམ་པ་བདེ་བ་ཡི་གེ་མ།། ཡོན་ཏན་མི་འགག་ཡི་གེ་ཡ།། འཕྲིན་ལས་ཐོགས་པ་མེད་པས་ཁྱབ།། སྟོང་པས་ཨེ་ནི་ཆོས་ཀྱི་དབྱིངས།། གསལ་བས་བཾ་ནི་སྟོན་པར་ཤར།། བདེ་བས་མ་ནི་འཁོར་དང་ལྡན། ། མ་འགག་ཡ་ནི་བསྟན་པ་དེ།། ཐོགས་པ་མེད་པར་ཡོངས་ལ་སྤྲོ།། ཕུན་སུམ་ཚོགས་པས་རྒྱུད་ཀུན་གསལ།། ཡི་གེ་བཞི་ཡི་མཐུ་ལས་བྱུང།། སྟོང་པས་ཨེ་ནི་ཆོས་ཀྱི་དབྱིངས།། གཞི་སྣང་ཆེན་པོའི་གནས་ལུགས་ཡིན། ། གསལ་བས་བཾ་ནི་རྩལ་དུ་ཤར།། རྟོགས་དང་མ་རྟོགས་འཁོར་འདས་འབྱུང།། སངས་རྒྱས་སེམས་ཅན་རྒྱབ་གྱེས་སོ།། བདེ་བས་མ་ནི་ལམ་དུ་བཤད།། ལྟ་བ་སྒོམ་པ་སྤྱོད་པ་ཡི། ། ལམ་ལ་བགྲོད་མེད་དོན་གྱིས་འཇུག། མི་འགག་ཡ་ནི་འབྲས་བུ་ཉིད།། ཐོགས་མེད་ཚེ་གཅིག་སངས་རྒྱས་ཐོབ།། ཅེས་སེམས་ཕྱོགས་ཆེན་པོ་མཛོད་ཀྱི་རྒྱུད་ལས།། ཡེ་ཤེས་ནམ་མཁའི་ལེའུ་སྟེ་བདུན་པའོ། །།། དེ་ནས་འཁོར་ཚོགས་དཔག་མེད་པས།། སྟོན་པ་ལ་ནི་རབ་ཏུ་བསྟོད།། མཛོད་ཆེན་དྲུག་གི་དགོངས་པ་ནི།། མཛོད་དང་བརྡ་སྒྲ་ངས་རྒྱུད་བསྐོར།། རྩ་རྒྱུད་གསང་བའི་འཁོར་ལོ་དང། ། ཐུགས་རྗེ་ཆོས་དང་བཤད་རྒྱུད་རྣམས།། གཅིག་ཤེས་ཀུན་གྲོལ་མཛོད་དུ་ཐིམ།། ཁྱབ་བདག་ཁྱོད་ལ་ཕྱག་འཚལ་བསྟོད།། ཅེས་བྱས་ནས་སྟོན་འཁོར་ཆོས་ཉིད་དུ་ཐིམ་མོ།། སེམས་ཕྱོགས་ཆེན་པོ་ནམ་མཁའ་མཛོད་ཀྱི་རྒྱུད། ཡེ་ཤེས་ནམ་མཁའ་ལས། རྗེས་སུ་ཡི་རང་བའི་ལེའུ་སྟེ་བརྒྱད་པའོ།། ཡེ་ཤེས་ནམ་མཁའ་མཛོད་ཀྱི་རྒྱུད་རྫོགས་སོ།། རྒྱ་གར་གྱི་པཎྜི་ཏ་བི་མ་ལ་མི་ཏྲ་དང། ལོ་ཙཱ་བ་གཉགས་ཛྙ་ན་ཀུ་མཱ་ར་དང། ཀ་ཅོག་གིས་བསྒྱུར་བའོ།།།། རྒྱ་གར་སྐད་དུ། ས་མ་པཱ་ཏ་ན་མ། བོད་སྐད་དུ། ཁྲེགས་གཅོད་བདུན་པ་ཞེས་བྱ་བ། བཅོམ་ལྡན་འདས་མཐའ་བཞི་རང་གྲོལ་བའི་མགོན་པོ་རྫོགས་སངས་རྒྱས་པའི་བླ་མ་ལ་ཕྱག་འཚལ་ལོ། ། དེ་ནས་སྟོན་པ་རྡོ་རྗེ་འཆང།། ཕྱོགས་བཅུ་འཇིག་རྟེན་རབ་འབྱམས་སུ།། ཞལ་གྱི་དཀྱིལ་འཁོར་གསལ་བྱས་པས།། ལྗགས་ཀྱི་དབང་པོའི་རྩེ་མོ་ལ། ། འོད་ཟེར་བརྒྱ་ཕྲག་དུ་མ་འཕྲོས།། འོད་ཀྱི་ཟེར་ལས་སངས་རྒྱས་ནི།། ཉིད་དང་འདྲ་བའི་གཙོ་འཁོར་ནི།། སྟོང་ཕྲག་བརྗོད་ཀྱིས་མི་ལང་བ།། དུ་མ་འཕྲོས་པས་སེམས་ཅན་གྱིས།། དོན་བྱས་ཉིད་ཀྱི་ཐུགས་ཀར་འདུས། ། རང་བཞིན་དགོངས་པ་ལྕོག་གཞན་ལས།། ཚིག་མིན་དོན་གྱི་དགོངས་པ་འཕྲོས།། ཀྱེ་མ་སེམས་དཔའ་ཆེན་པོ་ཉོན།། སྣང་བ་རང་གིས་རང་བཅད་པས།། ཁྲེགས་གཅོད་རྣམས་ཀྱི་དང་པོར་བྱུང།། བྱས་པ་མེད་པའི་ཆོས་ཉིད་ལ། ། བྱུང་བ་མེད་པའི་གནད་མཐོང་ན།། བྱས་དང་བྱུང་བ་རང་ས་ཆོད།། འཁོར་བ་ཞེན་མཐའ་རང་གནས་པས།། འཁྲུལ་པ་བདེན་པ་རང་གནས་ཏེ།། དུས་གསུམ་རྒྱལ་བའི་དགོངས་པ་རྙེད། ། འདི་ལ་རང་གནད་མཐའ་ཡལ་ཏེ།། ང་ཡིས་ཆུད་རྩའི་རོ་བརྒྱད་རྙེད།། ཐོག་མ་རང་དང་རང་བཞིན་ལས།། བདག་ཉིད་ཆེན་པོའི་ལྟ་སྟངས་ལས།། མཐོང་བ་མེད་པའི་ཡུལ་རྙེད་པ།། བཤད་པར་བྱ་བའི་ཆོས་རྣམས་ཟད། ། ཐོས་བསམ་བསྒོམ་པའི་ཉེར་ལེན་སྟོངས།། དུ་མ་འདུས་པའི་ཚང་བཤིག་པས།། གཅིག་པར་གནས་པའི་ཡེ་ཤེས་མཐོང།། དེ་མཐོང་ཙམ་གྱིས་འཁོར་བའི་ལས།། མ་བྱས་གཞི་ལ་ཐམས་ཅད་འགྲུབ། ། འདིས་ནི་བྱུང་བའི་བདག་པོ་ཟིན།། དེ་ལ་ཡོན་ཏན་བརྒྱ་ཕྲག་རྙེད།། དེ་སྙེད་ཆོས་ལ་འཇིག་པ་མེད།། འཇིག་མེད་ལམ་དུ་སུ་ཞུགས་པ།། འདི་ལ་ལྡོག་པ་ཡོད་མི་སྲིད།། སྲིད་བྲལ་མིང་བཞི་སྟོངས་པའོ། ། ཁྱབ་བདག་ནམ་མཐའ་རྙེད་པ།། དབྱིངས་སུ་ཚུད་པས་ཕྱི་ནང་ཆོད།། ས་ཆུ་མེ་རླུང་འབྱུང་བ་ཡི།། གཞི་དང་ལམ་དང་འབྲས་བུ་ཟད།། ལྟ་དང་སྒོམ་དང་སྤྱོད་པ་བཞི།། རང་སར་དག་པས་འཁོར་རྒྱུན་ཆོད། ། བདེ་སྡུག་སྙོམས་པའི་དགའ་བདེ་ཡིས།། འདོད་པ་དག་པས་རང་འདོད་ཐོབ།། དེ་ལ་གང་གིས་བརྙས་པ་མེད།། འདི་ནི་དེ་ལ་ཁྱབ་བྱས་པའོ།། སེམས་ཀྱི་བྱུང་བའི་ས་མེད་པས།། བར་དོ་འགྲོ་བའི་ལམ་འགག་པ། ། ཐ་མ་རྟོགས་ཚོགས་འབྲས་བུ་སྟོར།། རྙེད་པ་མེད་པའི་དབྱིངས་སུ་ཐིམ།། དེ་ལ་བཙལ་བས་རྙེད་མི་འགྱུར།། མ་རྙེད་ཆོས་ལ་བརྗོད་པ་ཆད།། དེས་ནི་བྱང་ཆུབ་མྱུ་གུ་བཅད།། གཅད་བྱའི་ཡུལ་དང་ཤེས་བྱེད་མཐའ། ། གཉིས་འཛིན་བྲལ་བའི་ངང་དུ་ཆོད།། དེ་ཡི་འབྲེལ་པ་ཟད་པས་སྟོངས།། སྟོངས་པའི་ཆོས་ལ་བཅད་གཞི་ཡས།། ཡས་པ་འདི་ལ་སུས་དྲིས་པས།། སངས་རྒྱས་འབུམ་ཕྲག་གྲངས་མེད་པའི། ། ཞལ་མཐོང་འདི་དང་གཉིས་སུ་མེད།། བྱས་མེད་སྣང་བའི་རྩལ་ཆོད་པས།། དེ་ནི་སྤྱད་བྱའི་རྟོགས་པ་འགགས།། དེ་ནི་མི་འགྱུར་ལམ་ཟིན་པས།། སངས་རྒྱས་རྣམས་ཀྱིས་མ་བྱས་པའོ།། ཡང་ཉོན་སེམས་དཔའ་ཆེན་པོ་ཁྱོད། ། དེ་ལ་ངེས་པ་མ་ཐོབ་ན།། ཕྱི་ནང་འདུས་པའི་སྣང་བ་ལ།། རང་དབང་བྱས་ལ་ཕྱོགས་གནད་བསྒྱུར།། འདི་ལྟར་བྱས་པས་སྤྱོད་པ་ནི།། སེང་གེ་བུ་བཞག་ལྟ་བུ་ལ།། ཕྱོགས་དང་འཛིན་པ་མེད་པར་རྒྱུ། ། འདི་ལ་ལས་དང་བག་ཆགས་ཀྱིས།། ཉོན་མོངས་འགྱུ་བའི་རྟ་ཆད་ནས།། འགྲོ་དང་འོང་བའི་ལམ་དང་བྲལ།། བེམ་པོ་འདུབ་པའི་གཟུགས་རྣམས་ལ།། བླང་བར་བྱ་སྟེ་བཞག་པར་མིན།། དེ་ལ་སེམས་ཀྱིས་མ་ཡེངས་ན། ། སེམས་འདུས་རྟོག་པ་ཁྲེགས་ཀྱིས་ཆོད།། དྲན་པ་འདུས་པའི་ཕུང་པོ་གང།། དེ་ཉིད་གང་བྱུང་སར་བཞག་ན།། སྡུག་བསྔལ་འདུས་པའི་ཕུང་པོ་བཞིག། སླར་ལ་བསླང་པའི་ས་མེད་པ།། ཡང་ནི་མིག་གིས་གཟུགས་ཤེས་ན། ། སྟོང་པའི་ཆོས་འདི་ས་ལོངས་སྤྱོད།། དེ་ལྟར་འདོད་ཡོན་བརླབས་བཅད་ནས།། རྫོགས་པས་འདི་ལས་བཤད་དུ་མེད།། སྨྲ་མེད་བསམ་པའི་གཞི་ཟད་པས།། དུས་གསུམ་འབྲལ་བ་མེད་པ་ཡི། ། གྲོགས་འདི་གཞན་དང་མཉམ་པ་མིན།། གོང་ན་མེད་པའི་སྒྲ་དང་དྲི།། རོ་དང་རེག་པའི་དངོས་པོ་སྟོར།། རྙེད་པའི་མཆོག་སྟེ་དགོས་འདོད་ཕྲད།། འདི་ནི་ཆོས་མེད་སེམས་ཟད་པས།། སེམས་འདུས་ཡིད་ཀྱིས་སྤྱོད་པ་ལས། ། འདི་ནི་ཅུང་ཟད་ཙམ་ཐལ་ལོ།། རྒྱལ་བས་འཕམ་པའི་ལམ་གསལ་ནས།། བྱས་ནས་བྱུང་བ་དུམ་བུར་ཆོད།། འདིས་ནི་འཁོར་བའི་མཐའ་མ་ཆོད།། དེ་ཆོད་ཡུལ་ལ་ཕར་སྤྱོད་པས།། སྦྱང་བྱ་སྦྱོང་བའི་གཞི་མེད་པས། ། ཐེག་པ་རྣམས་ལས་དྲིས་པ་མེད།། འདི་ནི་རིང་ཐུང་མདོ་འདུས་ཏེ།། སེམས་ཀྱི་ཡུལ་དེ་བཙལ་བས་ནི།། སྡུག་བསྔལ་རྣམས་ཀྱི་རྩ་བ་ཆོད།། ཁྱབ་མ་ཡིན་དུས་མཚུངས་པས།། འཁྲུལ་གཞི་དག་པའི་མེ་ལོང་མཐོང། ། དེ་མཐོང་སྡེ་སྣོད་ཆོས་རྣམས་ཤེས།། ལོ་རྒྱུས་ཆེན་པོ་རྨད་བྱུང་བས།། མ་བྱས་ཐོས་བསམ་གཞི་ལ་རྫོགས།། སྒྲིབ་བྲལ་བདེ་བའི་ལུས་ཐོབ་ནས།། འཇིག་པ་བརྒྱད་ལས་འཇིགས་མེད་པར། ། སླར་ལ་གཞན་གྱི་ལས་རྣམས་འཇོམས།། འདི་ལྟར་སྤྱད་པར་འབྲལ་མེད་པའི།། མཐའ་ལ་ཚུད་ན་ལྡོག་པ་མེད།། སྤྱོད་པས་ཕ་རོལ་བདེ་ཐོབ་ནས།། སྡུག་བསྔལ་ཕྱགས་མས་འདེབས་པའོ། ། བསྐལ་བར་བསགས་པའི་ལས་ཀྱི་མཐའ།། འདིར་སྤྱད་གཞན་ལས་མ་ལྟོས་པས།། རང་གི་ཤུགས་ལ་རང་ས་ཟིན།། འདི་ལ་གང་གིས་གླགས་མ་རྙེད།། སྲ་བའི་གོས་གྱོན་མཚོན་ནུས་ཟད།། འཁོར་དང་འདས་པའི་འབྲེལ་བཅད་པས། ། སྔོན་གྱི་ཡུལ་ཡང་ད་ལྟར་མཐོང།། རྡོ་རྗེ་འཛིན་པ་ཞེས་བྱ་བ།། སྔགས་ཀྱི་ཐེག་པའི་མཐར་ཐུག་པའོ།། ལམ་འབྲེལ་དུས་ཀྱི་གནས་ཤེས་པས།། འདི་ལ་སྤྱད་དང་སྤྱོད་པས་སྟོངས།། རང་བཞིན་མི་གནས་སོས་དལ་བས། ། ང་བདག་རྣམས་ཀྱི་ཁོག་པ་སྟོངས།། འཁོར་རྐྱེན་རྒྱུ་འབྲས་རྩ་བ་རུལ།། འདི་ལ་ལོ་འདབ་སྐྱེ་མི་སྲིད།། དེས་ན་ངས་ནི་ང་རང་མཐོང།། སངས་རྒྱས་རྣམས་ཀྱིས་སྤྱོད་པ་ནི།། བྱ་བའི་གཞི་མེད་བྱེད་མེད་པས། ། འདི་ལ་འདས་པའི་ལམ་བྲལ་ཏེ།། འབྲས་བུ་རྣམས་ཀྱི་རེ་གནས་ས།། སྟོང་མིན་སེམས་ཀྱི་གོམས་སྤྱད་ནས།། ངོ་ཤེས་འདི་ལ་འདོད་བྲལ་བ།། ནོར་མེད་ལོངས་སྤྱོད་ཆེན་པོ་ལ།། བྱ་བྲལ་གནས་པའི་སྙིང་པོ་འོ། ། ལྟས་པས་དུས་གསུམ་དུས་གཅིག་གསང།། ལྟ་བའི་ཡུལ་མཐོང་ལྟ་མཁན་མཐོང།། གདོས་བཅས་རང་དག་ཟག་པ་མེད།། འབྱུང་བའི་ལུས་ཟད་ཉོན་མོངས་སྟོང།། དེ་ཡིས་ཡུལ་ལ་བསམ་མི་ཁྱབ། ། བསམ་མི་ཁྱབ་པས་བསམ་མེད་ལ།། བྱས་མེད་བྱུང་མེད་འགྲོ་ས་མེད།། ང་མེད་གཞན་མེད་འཁྲུལ་པ་མེད།། མཐོང་དུ་ཡོད་པའི་གཞི་ལ་མཐོང།། རྒྱུན་ཆད་རྐྱེན་འགག་འབྲས་བུ་ཀླག། འགྲོ་འོང་ལས་ཀྱི་འཁྲུལ་འཕྱུག་མེད། ། དེ་དོན་སེམས་ལ་རང་བཞག་པའོ།། དེ་ལྟར་གསུམ་ཤེས་གཉིས་མེད་ལ།། གཞི་སོགས་གྲངས་ཀྱི་མཐའ་མེད་པས།། གསུམ་ལ་འཁྲུལ་ས་རང་བཞག་པས།། འགྱུར་ཞིང་འཕྱུག་པ་མེད་པར་བསྡམས། ། འཁྲུལ་དུ་མེད་པས་གཅིག་ཤེས་ལ།། གཉིས་སུ་འཛིན་པ་མི་སྲིད་པས།། འཁྲུལ་ཞེས་འཁྲུལ་པའི་སྟེང་བཞག་པས།། བྱ་བྱེད་ཐམས་ཅད་རྒྱུན་ཆད་དོ།། སེམས་དཔའ་ཡིས་ནི་ཡང་གསོལ་པ།། འཁོར་བའི་སྙིང་པོ་དེ་ལྟར་ན། ། རང་བཞིན་ཇི་ལྟར་རྣམ་པར་དག། འདི་ཉིད་སྟོན་པས་ཡང་གསུངས་ཤིག། དེ་ནས་རྡོ་རྗེ་འཆང་བ་ཡིས།། རང་བཞིན་གནས་པའི་ཚིག་འདི་གསུངས།། གསང་བདག་སེམས་དཔའ་ཡང་ཉོན་ཅིག། འདི་ལྟར་སྣང་དང་སྟོང་པ་ཡིས།། བསྡུས་པའི་ཆོས་རྣམས་ཇི་ཙམ་པ།། རང་བཞིན་གྱིས་ནི་རྣམ་པར་དག། འབད་རྩོལ་དྲི་མ་ལས་འདས་པས།། སྤྱོད་བྲལ་སྒོམ་དག་ལྟ་ཡུལ་སྟོངས།། མ་བྱས་རང་གིས་སར་བཞག་པས། ། དེ་དག་རང་དག་བཞག་ཡས་དག། རྒྱུ་དག་རྐྱེན་དག་འབྲས་བུ་དག། ཆོས་དག་སེམས་དག་འཁྲུལ་པ་དག། དངོས་དག་ཡུལ་དག་འགྱུ་འབྲེལ་དག། དག་ནས་སེམས་ཀྱི་སྣང་དག་པས།། དེ་རང་གཅད་པར་བྱ་བ་མ་ཡིན་ནོ། ། དེ་ལྟར་དག་པའི་སྣང་བ་ལ།། བེམས་སྤྱད་ཁམ་དུ་བསླངས་པ་ཡིས།། ས་ཆུ་མེ་རླུང་དག་པར་སྣང།། དག་པའི་ལུགས་དང་དག་པ་ཡིས།། དག་པའི་ཡུལ་དང་དག་པའི་དུས། ། དག་པའི་ཚད་དང་དག་ལ་གནས།། དེ་ལྟར་བེམས་པོའི་ལམ་དུ་ཡང།། སུ་ཡི་སློབ་བར་ཤེས་པ་ནི།། བསླངས་པས་ལོང་དང་ལོངས་ལུགས་དང།། ལེན་པའི་དུས་དང་ལོངས་པའི་ཚད།། བསླངས་པའི་འབྲས་བུ་སྐྱེ་དང་སྐྱེས། ། ངེས་པར་སྐྱེས་པ་རྣམས་ནས་ནི།། ཕྱི་ཡི་སྣང་བ་ཆོས་ཀྱི་སྐུར།། གནས་པ་མཐོང་བར་འགྱུར་བས་ན།། མཐོང་བ་དེ་ལ་གང་གོམས་པ།། སྐུ་གསུམ་རྒྱལ་བའི་ཞིང་ཁམས་མཐོང།། འདི་ནི་མཐོང་བའི་ལམ་ལ་གནས། ། འབྲེལ་བ་དག་པ་ངེས་ཐོབ་པས།། དངོས་སུ་སྤྱོད་པ་ཉིད་ལས་སོ།། ནང་གི་སེམས་དང་སེམས་ལས་བྱུང།། སེམས་ཀྱི་སྣང་བ་གཉིས་དག་ལ།། རང་སར་བཞག་དང་རང་གྲོལ་དང།། རང་བྱུང་རང་ཤར་རང་གིས་ཡུལ། ། རང་གི་རྩེ་ལ་རྩ་བ་བཅད།། རང་གནས་རང་གིས་ཐོབ་པ་ལ།། སེམས་རྒྱན་སྟོངས་དག་མེད་པ་དང།། འགྲོ་འོང་འབྱུང་འཇུག་ཤེས་པ་ཡིས།། འགྱུ་བ་ཡལ་བའི་བར་ཕྱེ་དང།། གཟུང་དང་བཏང་དང་གློད་པས་ཤེས། ། སྦྱོར་བ་དང་ཡང་འབྲལ་བ་དང།། སྟོར་དང་བསྡུ་བའི་གནས་བསྟུན་ནས།། སེམས་ཀྱི་མེ་ལོང་གཟུགས་བརྙན་འདྲ།། སྣང་ཡུལ་གཟུང་བར་མེད་པ་ནི།། ཡེ་ནས་དེ་ལྟར་གནས་པ་ལ།། ཤར་བ་རྣམས་ཀྱི་ཐོག་མ་ལ། ། བྱུང་བ་རྣམས་ཀྱིས་བར་གསལ་བས།། ཤེས་པ་རྣམས་ཀྱི་ཐ་མར་སྣང།། དེ་ཡང་འབྲས་བུའི་དུས་ལས་ནི།། གནད་ལ་ཕབ་པས་ངེས་གཟུང་བྱའོ།། ཕྱི་ནང་བཅུད་དང་བར་དཀྲུགས་དང།། ནང་དུ་གནད་ལ་བོར་བ་དང། ། གང་ཡུལ་གང་མཐོང་གང་གནས་པ།། གང་གི་མཐོང་དང་གང་གི་ཚོར།། གང་ལ་ཤར་དང་གང་ཐོབ་དང།། འཁྲུལ་པ་རྣམས་ཀྱི་ཐ་མ་ལ།། འཁོར་བའི་ཐོག་མ་ཤེས་པས་གསལ།། སྣང་བྱེད་བསྡུ་དང་རྨུགས་པ་དང། ། ཡུལ་ལས་དཀར་དང་གནས་སུ་བཞག། ལམ་དུ་བཞག་དང་གཞི་ལ་བསྐྱལ།། བལྟས་མཐོང་མེད་པས་སྣང་བ་ལ།། བསྒྱུར་དང་བཅད་པའི་ལས་རྣམས་འགྲུབ།། ཟས་དང་གོས་དང་འགྲོ་བའི་རྟ། ། བཅུད་དུ་དྲྀལ་བས་ཤེས་པས་ན།། འགྱུར་གྱུར་ཐོབ་རྣམས་ལས་ཉིད་དང།། ཡང་དག་པ་ནི་ལས་ཀྱི་མཐའ།། ཁྲེགས་ཀྱི་གཅད་པས་བྱ་བ་རྫོགས།། རང་གི་དཔལ་དང་གཞན་གྱི་གེགས།། ཚད་ལྡན་བླ་མས་མཁྱེན་པ་ལ། ། ལེགས་པར་དྲིས་ཤིག་དད་སེམས་ཅན།། འདིས་ནི་འཁོར་བའི་ཟད་དུས་ཤེས།། བྱ་བ་རྫོགས་པའི་རྣལ་འབྱོར་པ།། དེ་ནས་གསང་བདག་སེམས་དཔའ་ཆེ།། སྟོན་པ་ཉིད་ལ་ཡང་ཞུས་པ།། ཀྱེ་ཀྱེ་སྟོན་པ་རྡོ་རྗེ་འཆང། ། རང་བཞིན་དག་པ་དེ་ལྟར་ན།། སྙིང་པོ་ལམ་དུ་ཇི་ལྟར་བླང།། འདི་ལ་བདག་ནི་ཞུ་བ་བགྱིད།། སྟོན་པས་གསུངས་པ་སེམས་དཔའ་ཆེན།། ཡང་ནི་འདི་ལྟར་ཡ་མཚན་ཅན།། སྙིང་པོ་ཐམས་ཅད་འདུས་པའི་གནད། ། སངས་རྒྱས་གཞན་གྱིས་མ་གསུངས་པའི།། དོན་འདི་ངས་བསྟན་ཁྱོད་ཀྱིས་ཉོན།། སྤྱི་དང་རང་གི་ཁྱད་པར་ལས།། ཐེག་པ་རྣམས་ཀྱི་ཐེ་ཚོམ་ས།། འདི་ལས་བྱས་བྱུང་མེད་རྟོགས་པའི། ། སེམས་ལས་འགྱུ་བ་ཡང་ཟད་ན།། སེམས་ཀྱི་འགྱུ་ས་གཞིག་པ་དང།། དེ་ཡིས་རྗེས་ལ་གར་སོང་གནས།། སྙིང་པོ་འདུས་པས་སྒྲོས་ཟད་པ།། ཚིག་ལ་གནས་པ་མེད་པ་ནི།། གནས་པའི་དུས་ན་གློད་པ་ཡིས། ། རླུང་ལ་མཁས་པ་ཁོ་ནའོ།། དྲན་པ་འགྱུས་པའི་སྙིང་པོ་ནི།། རང་སོར་བཞག་པ་ཁོ་ནའོ།། ཡུལ་རྣམས་བསྡུས་པའི་སྙིང་པོ་ནི།། ཐད་ཀར་བཅད་པ་ཁོ་ནའོ།། གནས་ལུགས་བསྡུས་པའི་སྙིང་པོ་ནི།། སེམས་བྱུང་བཙལ་བ་ཁོ་ནའོ། ། གྲོལ་ལུགས་བསྡུས་པའི་སྙིང་པོ་ནི།། བྱས་པ་མེད་པ་ཁོ་ནའོ།། ཤར་ལུགས་རྣམས་ཀྱི་སྙིང་པོ་ནི།། བལྟས་པས་མཐོང་བ་ཁོ་ནའོ།། དེ་ལྟར་དེ་ནི་འབྲས་བུའོ།། ལམ་ནི་ཆེད་དུ་བྱེད་པ་དང། ། ཤུགས་ལས་བྱུང་བ་ཉིད་དང་ནི།། རང་བཞིན་གནས་པ་ཉིད་དག་གོ། ཆེད་ལ་ཡང་ནི་བྱ་བས་བྱས།། ལུས་དང་ངག་དང་ཡིད་ཀྱི་ཡང།། གནད་དང་དེ་ཡི་བྱ་བ་བླ་མའི་ལུང་གིས་ཤེས།། ལུས་ནི་འདུག་དང་ལངས་པའི་ཁྱད་པར་ལས། ། བྱ་བ་དང་ནི་བྱེད་པའི་ལས་ལ་བརྩོན།། ངག་ནི་ཨ་ལི་ཀཱ་ལི་མཉམ་སྦྱོར་བས།། སྒྲ་དབྱངས་ཚིག་གི་འབྲེལ་གྱི་སྦྱར།། ཡི་ནི་འཕང་དང་དགུག་དང་བསྒྲོགས་པས་ནི།། སོ་སོའི་དུས་དང་སྦྱར་བས་རྒྱལ་བའི་དགོངས་པ་འགྲུབ། ། ཤུགས་འབྱུང་ལམ་ནི་བཞག་པ་ཙམ་གྱིས་འགྲུབ།། དེ་ལ་འབད་ཅིང་རྩོལ་བ་རླུང་སྒོ་དགག། རང་བཞིན་གནས་པའི་ལམ་ནི་བྱུང་གྱུར་ཏེ།། གཡོ་དང་འགྱུར་དང་བསྒྱུར་བའི་ལས་མཐའ་ཅན། ། དེ་ལ་རང་གི་བྱ་བ་མེད་པས་ལེགས་བཞག་པའོ།། སློང་བའི་དུས་དང་བསླང་བར་བྱ་བའི་གནད།། འགྱུར་བའི་སེམས་ལ་མཚན་མེད་ཆོས་གསལ་བ།། གཡོ་དང་འབྱལ་དང་འཕྲིག་པའི་དུས་ཀྱིས་ཤེས། ། འདི་ལ་རང་བཞིན་བཞག་དང་བྱས་པའི་གནད་གཉིས་ལས།། ལམ་ལ་བྱུང་དང་གདེང་དུ་ཚུད་པ་ལ།། རྟོགས་པའི་ལུང་དང་དེ་ཡི་མཐའ་ཡིས་ཕྱེ།། གཉིས་སུ་ཡོད་པས་དེ་ཡི་མཐའ་གསལ་བ།། བར་དང་དང་པོ་ཉིད་ལས་གསལ་ཕྱེ་བ། ། དེ་ཡིས་ལུས་དང་ཡན་ལག་སོ་སོའི་དུས།། འདི་ལྟར་སྦྱར་རོ་རྣལ་འབྱོར་སེམས་དཔའ་ཆེ།། རིག་པ་གནས་པས་དེ་ལ་ཉེས་སྤྱོད་པ།། ལུས་ལ་གནས་དང་ཡུལ་དང་འགྱུ་བ་ལས།། རབ་དང་འབྲིང་དང་ཐ་མ་ཡི། ། འཇུག་པའི་རྣལ་འབྱོར་པས་མཐོང་ན།། གང་ལ་མཐོང་བ་ཙམ་གྱིས་འཁྲུལ་བའི་འཁོར་རྒྱུན་གཅོད།། རང་གི་གནས་པ་མིག་གི་བྱེད་པ་ཅན།། མངོན་སུམ་པ་དང་དེ་ཡིས་འགྱུར་ཤེས་ནི། ། གོམས་པའི་ཤུགས་ནི་རང་གིས་ལས་སོ།། ཡང་ནི་རྫོགས་སངས་རྒྱས་པ་ལ།། གནས་པ་ཙམ་གྱིས་ཐིག་ལེའི་དྲིལ་ལུགས་ཞུས།། སྟོན་པས་གསུངས་པ་འདི་ལ་ལེགས་ཉོན་ཅིག། ཆོས་ཉིད་གནས་པ་ཙམ་ལས་རང་བྱིན་བརླབ་པ་ནི། ། འཁྲུལ་པའི་འདུ་བྱེད་ཁྱད་པར་གནས་པ་ལ།། རྒྱ་ཡིས་གདབ་དང་ཁུངས་སུ་བཙུད་པ་ཡིས།། དེ་མ་ཡིན་ལས་དེ་ཡི་སྣང་ཤར་བ།། དེ་ལ་ལུས་གནད་སེམས་གནས་མཐའ་ལ་གནས་པས་བདག། འཁོར་དུས་འབྲེལ་དུས་རང་གནས་པས་སྤྱད།། མིང་གི་གནས་པས་འདི་དང་མཉམ་པར་སྦྱར།། ཆོས་གནས་དེ་ལ་གང་ཟག་གནས་པས་ཤེས།། གནས་ཐབས་གསུམ་གྱི་གནས་པ་སྦྱར་བ་ཉིད། ། དེ་ཡི་གནས་པ་མགོན་པོས་གནས།། འདི་ལས་འགྱུར་བའི་ས་མེད་ཁོ་ནའོ།། གོང་མའི་ཟླ་མཐོང་གསང་བས་ཆེ་བ་དང།། དང་པོ་ལས་ཀྱི་གྲངས་ཀྱིས་ཆེ་བ་དང།། ཡེ་ནས་གནས་པས་རང་བཞིན་ཆེ་བ་དང། ། སྔ་མ་ལས་འགྱུར་དོན་གྱི་ཆེ་བ་ཉིད།། རང་གིས་མཐོང་དང་གཞན་ལ་བསླབས་པ་ཡིས།། གོང་མའི་བདེ་ནས་འོག་མའི་ཟླ་དང་བྲལ།། ཐད་ཀ་དུས་ཀྱིས་འགྱུར་ལ་ངེས་ཕྱེ་བས།། རྫོགས་ནས་དེ་ཡིས་དོན་ལས་ཆེན་པོར་གསལ། ། འགྱུ་དང་ཡུལ་ལ་མི་གནས་ཆེན་པོ་ཉིད།། བདེ་བ་འདོད་བྲལ་ནམ་མཁའི་ཡུལ་གནས་པ།། འདི་ནི་རྫོགསཔ་ཆེན་པོའི་རྣལ་འབྱོར་དུ།། སྤྲོས་དང་ཟུག་རྔུ་བྲལ་བའི་ཐིག་ལེ་ལ།། འདི་ནི་གཅིག་ཏུ་གནས་པས་ཟླ་དང་ཆ་ཤེས་བྲལ། ། གཅིག་ཏུ་བསྡོམས་པས་དུ་མ་ཆོད།། འདི་ལ་མིང་གིས་མཐའ་རྣམས་ཟད།། འདི་ནི་ཉག་ལས་གཅིག་ཏུ་དྲིལ།། སྤྲོས་པ་མེད་པའི་བདེ་ཆེན་གནས།། རྩ་ཡི་གནས་ནས་འཕྲ་འགྱུར་འཁྲིག། སྒོན་མ་ལས་ནི་དངོས་སུའོ།། ཡུལ་ལ་ཟླ་དང་བཅས་པ་ཉིད།། མངོན་དུ་གྱུར་ནས་འཕེལ་རྣམས་རྫོགས།། འདི་ལ་ཟད་པའི་ལས་ཟད་པས།། འགྱུ་བའི་རླུང་དེ་ཁྲིག་པ་ཐིག། ཁྱབ་པ་དངོས་པོ་ཐིག་ལེའི་ཡུལ། ། འདི་ལས་མངས་དང་ཉུངས་པ་དང།། འཕེལ་འགྲིབ་རྣམས་ཀྱིས་དང་པོ་ལ།། བྱ་བ་བྲལ་བའི་མངོན་དུ་ལྟོས།། འདི་ནས་མཆེད་དང་ཡས་པ་དང།། འབྱམས་དང་རླུང་དུ་གྱུར་པ་ལས།། སངས་རྒྱས་ཀུན་གྱི་ཡུལ་མཐོང་བའོ། ། སྒྲོན་མ་སྟོང་ལས་སྣང་བར་འགྱུར།། སེམས་ཀྱིས་བྱ་བ་ལས་འདས་ནས།། བདེ་དང་སྡུག་བསྔལ་གཅིག་བྲལ་བས།། ང་དང་རང་བཞིན་འོད་དང་ནི།། ཁ་དོག་སོ་སོར་གསལ་བ་ལས།། རིག་པའི་དབྱིངས་དང་འབྲེལ་བས་ན། ། འདི་ལ་རྣམ་པར་ཕྱེ་བ་ཡིས།། གཞི་ཡིས་བྱེད་འགྱུར་མིག་དང་འབྲེལ།། ཁུངས་ནི་བཞི་ལ་བྱུང་བ་ལ།། ད་ལྟ་སེམས་ཅན་ལུས་ལ་གནས།། ལམ་ནི་འཁྲིག་པ་རྩ་ལས་ཡང།། དུ་མ་བརྩེགས་པའི་རང་བཞིན་ཅན། ། འདིས་ནི་འཁོར་བའི་མུན་པ་སེལ།། དང་པོ་མེད་ལས་ཡོད་པར་སྣང།། བར་དུ་འོང་དང་ཐིག་ལེ་ཉིད།། ཐ་མ་སྐུ་དང་ཡེ་ཤེས་སོ།། དེ་ལས་སྟོང་པར་གྱུར་པ་ལས།། ཟད་པ་རྣམས་ཀྱིས་འབྲས་བུ་སྟེ། ། འཁོར་བའི་ཐོག་མཐའ་དེས་ཆོད་ནས།། རྫོགས་པའི་རྩེ་མོ་མཐར་ཕྱིན་པས།། དེ་ལས་ཕྱོགས་མེད་ཐུགས་རྗེས་འགྲོས།། ཀུན་དོན་མ་ལུས་རྫོགས་བྱས་ནས།། རང་གི་ས་ལ་གསན་པས་སྟོངས། ། ཅིག་ཅར་བ་དང་རིམ་གྱིས་སོ།། རྡོ་རྗེ་འཆང་ལ་ཡང་ཞུས་པ།། རྩེ་གཅིག་པ་ལས་ཆོས་ཉིད་ལམ།། ཁྲེགས་ཀྱིས་གཅོད་པ་ཇི་ལྟར་ལགས།། ཐུགས་རྗེ་ཅན་ལ་བདག་ཉིད་འཚལ།། དེ་ནས་སྟོན་པ་རྡོ་རྗེ་འཆང། ། ངེས་པའི་འབྲས་བུ་ལམ་ཞུགས་ཕྱིར།། རྩེ་གཅིག་འདུས་པའི་དགོངས་པ་གསུངས།། ཆོས་ཉིད་རྩེ་མོ་དལ་བ་ཡིས།། འཁོར་བ་འདུས་པའི་རྟོག་པ་གཅོད།། རང་སེམས་འདུས་པའི་རྩེ་མོ་ཡིས། ། འདས་པའི་མཉམ་པའི་དོན་རྣམས་གཅོད།། རང་གནས་འདུས་པའི་རྩེ་མོ་ཡིས།། ཆོས་རྣམས་ཟད་པར་གཅོད་པར་བྱེད།། སྐུ་མེར་རང་དག་རྩེ་མོ་ཡིས།། བྱ་བྱེད་འབད་རྩོལ་ཐམས་ཅད་གཅོད།། རྩེ་མོའི་ངོས་ལ་འོད་འཕྲོས་པས། ། འཁོར་འདས་གཉིས་ཀ་དུས་གཅིག་གསལ།། སྟོང་བ་རྩེ་མོ་གཅིག་པ་ལ།། རྟོག་དང་མི་རྟོག་དུས་གཅིག་མཐོང།། གནས་པའི་ལས་མཐའ་རྫོགས་པའོ།། ལུས་ལ་རྩ་རྣམས་འདུས་པ་ཡིས། ། ལུས་རྫོགས་གནས་དང་འཕེལ་དང་ཉམས།། འགྱུར་དང་འཇིག་དང་འཕོ་བར་བྱེད།། ཆོས་ཉིད་ཡེ་ཤེས་འཕེན་པ་དང།། འཕར་དང་འགུག་དང་འཛིན་པ་དང།། འགྲིལ་དང་གོང་འོག་སྡེབས་རྣམས་བྱེད། ། ངག་ལ་སྒྲ་དོན་འདུས་པ་ཡིས།། ཡིན་དང་མིན་དང་ཡོད་དང་མེད།། མཐོང་དང་མ་མཐོང་ཤེས་མ་ཤེས།། གཉིས་ལྟོས་རྣམས་ཀྱིས་བྱེད་པ་ཅན།། སེམས་ལ་འཁོར་འདས་གཉིས་འདུས་པས།། སངས་རྒྱས་སེམས་ཅན་རྒྱུ་འབྲས་དང། ། ཆོས་དང་ཆོས་མིན་རིམ་པ་དང།། བདེ་དང་སྡུག་བསྔལ་གཞི་མ་བྱེད།། དེ་ལྟར་འདུས་པས་རྣམ་པར་གྱེས།། འདི་ལ་བསམ་གྱིས་མི་ཁྱབ་པའོ།། གང་ལ་རྟོག་པའི་མཐའ་ཤེས་ན།། དེ་ལས་ཆོས་ཉིད་ཡུལ་གནས་པས། ། འབྲལ་བ་མེད་པའི་དོན་ཉིད་ལས།། ཆོས་དང་གང་ཟག་མཐའ་ཆེ་བས།། འཕྲུལ་པའི་རྟོགས་པ་དུས་གཅིག་འགག། ལུས་ཀྱི་མི་རྟོག་དལ་རྟེན་པས།། རྟོགས་པ་རྣམས་ཀྱི་འབྲེལ་བ་ཆོད། ། ངག་གི་མི་རྟོག་སྨྲ་གཅད་པས།། བརྗོད་མེད་དོན་གྱི་གཞི་མ་རྙེད།། སེམས་ཀྱི་མི་རྟོག་རང་ས་བཞག། དེས་ནི་རྐྱེན་རྣམས་ཆོས་ཉིད་འགྱུར།། གསུམ་སྡོམས་སྐུ་གསུང་ཐུགས་ལ་གནས།། དེ་ཡི་འབྲས་བུ་བདེ་སྐངས་པའོ། ། བསམ་པ་འཕྲོ་དག་འདུས་པ་དང།། མཆེད་དང་ཡས་དང་འབར་བ་དང།། རྟོག་དང་མི་རྟོག་འདུ་མཆེད་ཅན།། ཡུལ་ལ་འཇུག་དང་གནས་པ་དང།། དེ་ལས་འཕྲོས་དང་མཆེད་པ་ཡི།། དྲན་བསམ་རྣམས་ཀྱིས་གཞི་མ་བྱེད། ། རང་བཞིན་འགྱུར་དང་གློ་བུར་བས།། རྐྱེན་རྣམས་དུ་མ་སོགས་པར་བྱེད།། དེ་ལས་བདེ་སྡུག་ཕུང་པོར་འགྱུར།། འཁོར་བའི་ས་བོན་འབྲས་བུར་རོ།། དེ་ཉིད་བསྟན་པར་འདོད་པ་ཡིས། ། ཐ་མལ་སོ་སོའི་ལས་བཟློག་སྟེ།། ལུས་དང་ངག་དང་ཡིད་ཀྱིས་གནད།། གཞན་ལ་བཟློག་པ་རྣལ་འབྱོར་བས།། བྱ་དང་བྱེད་པ་མེད་པ་ལས།། རང་བཞིན་དུས་ན་ཅོག་པུ་ལ།། མཚན་ཉིད་བཞི་དང་ལྡན་པས་བྱ། ། གཉིད་ལ་འཁོར་ལོ་ལྟ་བུ་ལ།། འགྲོ་ན་ནམ་མཁའ་ལྡིང་གི་ལུགས།། འདུག་ན་གཡས་དང་གཡོན་དུའོ།། བྱེ་བྲག་གཞན་ལ་མཁས་པ་ཡིས།། ཇི་ལྟར་རིགས་པ་སྦྱར་བས་འགྲུབ།། ངག་ནི་རང་བཞིན་སྨྲ་དང་བྲལ། ། ཉལ་ན་ཡི་གེ་འཕྲེལ་བ་བཟླས།། འགྲོ་ན་རླུང་གིས་ཡི་གེ་བརྟེན།། འདུག་ན་ཨ་ཡི་རྣམ་པ་ལ།། བྱེ་བྲག་གཞན་ལ་མཁས་པ་སྦྱར།། ཡིད་ནི་རང་བཞིན་ཐུན་མོང་ལ།། གར་སོང་ཕྱི་ལམ་རྗེས་རྣམས་གཅོད། ། ཉལ་ན་ཙིཏྟར་འཇུག་པར་རྨིས།། འགྲོ་ན་རྨི་ལམ་མཁའ་ལ་སྤུར།། འདུག་ན་ཐིག་ལེ་དྲ་བར་གཞུག། བྱེ་བྲག་གཞན་ལ་མཁས་པ་ཡིས།། གང་ལ་མོས་པ་མན་ངག་གིས།། གནས་རྣམས་བསྒྱུར་བ་རྣལ་འབྱོར་བས། ། དེ་ཡིས་དངོས་གཞི་འབྲེལ་སྦྱར་བ།། འགྱུ་བའི་ཡུལ་དབྱུང་དྲན་པ་གསད།། བསམ་པའི་ཡུལ་ལྷ་སེམས་རྒྱུན་གཏོད།། ཡུལ་དང་ཤེས་པ་སྦྱར་བས་ཤེས།། འཕྲོ་ལས་མཆེད་པའི་དུས་མཐའ་བཅད། ། གང་སྣང་རང་གིས་ཐོག་ཏུ་དབབ།། གཅིག་གི་འབྲེལ་པ་གཅིག་གཅད་ན།། དེ་ལ་ཉམས་ཀྱིས་ཤེས་པ་སྐྱེ།། དག་པ་ཆེན་པོ་གཞི་ཉིད་ལ།། བདེ་བ་སུམ་ཅུ་རྩ་གཉིས་འཆར།། དེ་ལས་འབར་དང་བདེ་ལས་ཤེས། ། ཐོབ་པས་འཁོར་ལོ་ཅན་ལ་འཇུག། འགྲོ་དང་འོང་བའི་ཤུགས་རྒྱུན་འགག། དེ་ལ་སོགས་ཀྱིས་རྣམས་འཕེལ་བས།། ཕར་དང་གཞན་གྱིས་བྱ་བ་བདེ།། ལོག་དང་མ་ལོག་སྤོར་གནས་དང།། ཇི་ལྟར་འགྱུར་བ་གྲངས་ལས་ཤེས། ། བསོད་ནམས་ལས་ཀྱི་བྱེ་བྲག་རྣམས།། ཇི་ལྟར་འདོད་པ་ཤེས་པ་དང།། འཆི་འཕོ་སྐྱེ་བའི་གྲངས་ཉིད་ཀྱང།། འཕེན་དང་སྡུད་པ་ལས་ཤེས་ནས།། དེ་ཡི་རང་བཞིན་རྣལ་འབྱོར་པ་ཡིས་ཡང། ། ཡིད་གཞུངས་དྲན་པ་གསལ་པོ་ཡིས།། རྒྱུན་དུ་རྩིས་པས་མངོན་པར་གསལ།། བསམ་གཏན་ཉིད་ཀྱི་ཡོན་ཏན་ནོ།། ཞེས་བཀོད་པ་ཆེན་པོ་ཨ་ཏི་རྫོགས་པའི་རྒྱུད་ལས།། ཁྲེགས་གཅོད་ལས་ཀྱི་མཐའ་གཅོད་པའི་སྐབས། ། བསྐལ་པ་དུམ་བུའི་རྒྱུད་ལས་མན་ངག་ཏུ་ཕྱུང་བ་ཁྲེགས་གཅོད་བདུན་པ་ཞེས་བྱ་བ་རྫོགས་སོ།།།། དགེའོ།།།། ཡེ་ཤེས་འཁོར་ལོ་གསང་བའི་རྒྱུད་ཅེས་བྱ་བ་བཞུགས། རྒྱ་གར་སྐད་དུ། བཛྲ་ཌཱ་ཀི་ནི་དུད་ལིཾ་མ་ཧཱ་ཏན་ཏྲ་ནཱ་མ། བོད་སྐད་དུ། རྡོ་རྗེ་མཁའ་འགྲོ་མའི་འདྲེ་རྒྱུད་ཆེན་པོ་ཞེས་བྱ་བ། དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་ཀུན་ཏུ་བཟང་པོ་དང།། དཔལ་ལྡན་རྡོ་རྗེ་སེམས་དཔའ་ཡིས།། བྱིན་རླབས་མཁའ་འགྲོར་སྐུ་སྤྲུལ་ཏེ།། མཁའ་འགྲོའི་ཚོགས་ལ་བརྡ་ཡིས་བཤད།། བརྡ་དང་དོན་རྣམས་བསྟན་པའི་དུས། ། དུར་ཁྲོད་འབར་བའི་གནས་ཆེན་དུ།། དཔལ་ལྡན་པདྨའི་སྐུ་ཅིག་སྐྱེས།། མཁའ་འགྲོ་མ་རྣམས་རབ་ཏུ་དགྱེས།། ཧེ་ཧེ་བཅོམ་ལྡན་ལོངས་སྐུའི་གཙོ།། བདག་ཅག་མཁའ་འགྲོ་འཁོར་བཅས་ལ།། ཐོག་མ་མེད་པའི་སྔོན་རོལ་ན། ། དེ་ཡི་གནས་ལུགས་ཇི་ལྟར་ལགས།། བརྡ་དང་བཅས་པ་གསུང་དུ་གསོལ།། ཅེས་ཞུས་སོ།། དེ་ནས་སྟོན་པས་བཀའ་སྩལ་པ།། སྔོན་བྱུང་གཞི་ཡི་དུས་ཉིད་ནས།། གྲོང་ཁྱེར་གསུམ་གྱི་བདག་པོ་དེ། ། ནོར་བུ་རིན་ཆེན་འབར་བ་ཡི།། ནོར་བུ་ཀུན་གྱི་འབྱུང་གནས་དེ།། ཀུན་གཞི་སྐྱེད་པའི་མ་རུ་གནས།། མཛེས་མ་རླུང་གི་རྐང་པ་ཅན།། རྐང་པ་མེད་པར་འགྲོ་ཡང་སྲིད།། དགུང་མཐའ་སླེབ་པ་ངོ་མཚར་ཆེ།། ཞེས་བརྡ་དེ་གསུངས་སོ། ། དོན་ནི་ཁམས་གསུམ་སྤྱི་ས་དེ།། ཀུན་གཞི་སྲིད་པའི་མཛོད་ཆེན་ཡིན།། སྐུ་གསུམ་འཆར་བའི་གཞི་ཡིན་ཏེ།། རླུང་གིས་སྐུ་གསུང་འགྲུབ་པར་བྱེད།། མྱུར་མགྱོགས་ཤེས་རབ་རླུང་གི་གཞི། ། དངོས་མེད་ཟང་ཐལ་ནམ་མཁའ་འདྲ།། འཁོར་བ་ཐོག་མའི་གཞི་མ་དེ།། རྣམ་པར་རྟོག་པ་མེད་པ་ལ།། རྟོག་པ་མི་སྲིད་སྲིད་པའི་ཆོས།། རང་ཤར་རྣམ་དྲུག་གཞི་ཤར་བས།། ཐམས་ཅད་རང་ཤར་ངོ་མཚར་ཆེ། ། ཞེས་གསུངས་སོ།། འདྲེ་རྒྱུད་ཆེན་པོ་ལས། ཕུན་སུམ་ཚོགས་པ་ལྔ་དང་གཞི་བསྟན་པའི་ལེའུ་སྟེ་དང་པོའོ།།།། དེ་ནས་ཟླ་བའི་འོད་ཟེར་གྱིས།། བཅོམ་ལྡན་རྡོ་རྗེ་སེམས་དཔའ་ལ།། དེ་ལ་ཤར་ལུགས་ཇི་ལྟར་ལགས། ། སྟོན་པ་ཉིད་ཀྱིས་གསུང་དུ་གསོལ།། ཅེས་ཞུས་སོ།། སྟོན་པས་བཀའ་སྩལ་པ། ཨ་ནི་ཡིག་འབྲུ་ཀུན་གྱི་མེས།། མ་ནི་ཡིག་འབྲུ་ཀུན་གྱི་ཕྱིར།། ཧ་འགྱུ་རྟེན་མེད་ཡི་གེ་དེ།། དབྱིངས་དང་ཡེ་ཤེས་རྩལ་གསུམ་གྱི། ། སྤྱི་སའི་གཞི་ལས་གྲུབ་པ་ཡི།། རླུང་གི་རྟ་པོ་བཞི་ལ་ཤར།། སྟོན་གསུམ་རྩ་བ་འདུག་གི་མི།། ཁམས་གསུམ་སྲིད་པ་གསུམ་ལ་དབང།། མྱུར་མགྱོགས་རླུང་གི་རྐང་པ་ཅན།། ཟ་འོག་མཛེས་པའི་སྒ་བསྟད་ནས། ། མཐིང་གི་མུ་ཏིག་སྲབ་མཐུར་ཤར།། འཁོར་ལོ་འབར་བའི་གློ་རྨེད་བཅུག། སྲིད་པ་གསུམ་ལ་རྒྱུག་པའི་རྟགས།། ཞེས་གསུངས་སོ།། བརྡ་དོན་བཤད་པ་བསྟན་པ་ནི།། རླུང་ལྔ་གཞི་ལ་ཡེ་ནས་གྲུབ། ། རླུང་གསུམ་རྩ་བ་དུག་གསུམ་པོ།། ཁམས་གསུམ་སྲིད་པར་བྱེད་པའི་གཞི།། ཐོགས་པ་མེད་པའི་རླུང་པོ་ཤར།། འོད་ལྔ་རང་སྣང་གསལ་བ་ལ།། མ་རིག་གཟུང་འཛིན་གཉིས་སུ་ཤར།། འགྲོ་དྲུག་རྩ་བ་དེ་ཡི་རྒྱུ། ། སྲིད་གསུམ་རྩེ་མོ་ཞེས་ཀྱང་བྱ།། ཁམས་གསུམ་རྩ་བ་ཞེས་ཀྱང་བྱ།། འགྲོ་དྲུག་མེས་ཕྱི་ཞེས་ཀྱང་བྱ།། ཀུན་གྱི་བློན་པོ་ཞེས་ཀྱང་བྱ།། སྲིད་པའི་རྒྱལ་མོ་སྡེ་བརྒྱད་མོ།། ཚོམ་བུ་ལྔ་ཡི་རྩ་བ་ཡིན།། དཀྱིལ་འཁོར་གསུམ་གྱི་བརྡ་རྟགས་ཤར། ། རང་ཤར་གསལ་བའི་མེ་ལོང་ཡིན།། རྒྱུ་ལས་རྐྱེན་ཤར་ནམ་མཁའི་འཇའ་ལྟར་ཤར།། ཅེས་གསུངས་སོ།། སྭ་ཡ་ཀཱ་ཡ་དྷརྨཱ་དྷཱ་ཏུ་བྷ། ཞེས་བརྡའི་དོན་གསུངས་སོ།། ཐིག་ལེ་འདྲེ་རྒྱུད་ཆེན་པོ་ལས། གཞི་ལས་རང་ཤར་བསྟན་པའི་ལེའུ་སྟེ་གཉིས་པའོ།།།། དེ་ནས་ཟླ་བའི་འོད་ཟེར་གྱིས།། བཅོམ་ལྡ་རྡོ་རྗེ་སེམས་དཔའ་ལ།། སྐུ་གསུམ་ཤར་ལུགས་ཇི་ལྟར་ལགས།། ཞེས་ཞུས་སོ།། སྟོན་པས་བཀའ་སྩལ་པ། སྔོན་འབྱུང་ཆེན་པོ་ཀུན་གྱི་མེས།། ཡང་རྩེ་གཞི་ལ་ལྷུན་གྱིས་གྲུབ།། ནོར་བུ་རིན་ཆེན་གཞི་ནས་འཕགས།། ནོར་བུ་རྣམས་ཀྱི་མེས་པོ་ཡིན།། ནོར་བུ་སྣ་ཚོགས་སྐྱེད་པའི་མ།། འགག་པ་མེད་པའི་ནོར་བུ་འཆང། ། བཅོམ་ལྡན་ཀུན་ཏུ་བཟང་པོ་ཡིས།། ཐོག་མ་གཞི་མོའི་དོན་ལ་མཁས།། བར་དུ་རྒྱུ་རྐྱེན་གཉིས་ལ་མཁས།། ཐ་མར་རང་ཤར་རང་གྲོལ་མཁས།། མཁས་པ་ཆེན་པོ་བཅོམ་ལྡན་འདས།། སྭ་ཡང་ཀ་རའི་དོན་རྟོགས་མཁས། ། ཆོས་སྐུ་གཞི་ནས་རང་ལ་ཤར།། སངས་རྒྱས་ཀུན་གྱི་ཡང་མེས་པོ།། ཆོས་སྐུ་ཐིག་ལེ་ཉག་གཅིག་ཡིན།། དྷརྨ་ཀཱ་ཡ་ཏི་ལ་ཨེ་ཀའི་དོན།། བྱིན་རླབས་སྟོན་པ་རྡོ་རྗེ་སེམས་དཔའ་འང། ། ལོངས་སྤྱོད་རྫོགས་སྐུ་ཀུན་གྱི་མེས།། སྤྲུལ་སྐུ་ཟླ་བའི་འོད་ཟེར་ཁྱེད།། འགྲོ་བའི་དོན་ལ་ཞུ་ཚུལ་སྟོན།། བརྡ་ཡི་དོན་རྣམས་ང་ཡིས་བཤད།། ཅེས་གསུངས་སོ།། ཐིག་ལེ་འདྲེ་རྒྱུད་ཆེན་པོ་ལས། སྐུ་གསུང་ཤར་ལུགས་བསྟན་པའི་ལེའུ་སྟེ་གསུམ་པའོ།།།། དེ་ནས་ཟླ་བའི་འོད་ཟེར་གྱིས།། དཔལ་ལྡན་རྡོ་རྗེ་སེམས་དཔའ་ལ།། འགྲོ་དྲུག་སྲིད་པ་ཇི་ལྟར་ཆགས།། ཕྱི་ནང་སྣོད་བཅུད་ཇི་ལྟར་འཁྲུལ།། ཅེས་ཞུས་པ། སྟོན་པས་བཀའ་སྩལ་པ།། སྭ་ཡང་ཀ་རའི་དོན་མ་རྟོགས།། ཧ་ལི་ནག་མོ་ལྷ་མོ་ལྔ་ལ་བཞུགས།། རྒྱུ་རྐྱེན་འདུས་པས་འགྲོ་དྲུག་འཁྲུལ།། དུག་ལྔ་ཁོང་ཁྲོ་དག་ནི་རྒྱུ།། རང་སྣང་འོད་ལྔ་རང་གདངས་རྐྱེན། ། གཉིས་འཛིན་མ་འགག་འབྲས་བུ་ཡིན།། དུག་ལྔ་ཤུགས་ལ་ཤར་བ་ཡིས།། འབྲས་བུ་འགྲོ་བ་རིས་དྲུག་འཁྱམས།། དུག་ལྔ་འབྱུང་བ་ལྔ་ཡི་མེས།། རང་སྣང་རང་ལ་གསལ་བ་འབྱུང་ལྔའི་ཕྱི་མོ་ཡིན།། གླིང་བཞི་གླིང་ཕྲན་འཁྲུལ་པ་ཡིན་པ་ངོ་མཚར་ཆེ། ། འཁྲུལ་པའི་འབྲས་བུ་ཕྱི་ནང་གཉིས་སུ་ཤར།། རང་ཤར་འཁྲུལ་པས་འཁོར་བ་ཡིན།། མི་འཁོར་མི་སྲིད་ཤར་བ་སྲིད་པས་ལན།། ཕྱི་ནང་གཉིས་ལ་ལྟོས་ནས་སྐལ་པའོ། ། སྐལ་པ་རང་ཤར་རང་གིས་སྐལ་བ་ཡིན།། འཁྲུལ་པའི་འབྲས་བུ་ལས་དང་བག་ཆགས་ཡིན།། བག་ཆགས་རང་ཤར་རང་གྲོལ་མ་རིག་ངོ་མཚར་ཆེ།། སྭ་ཨཱ་མ་བྷ་ར་ཧ། ཞེས་གསུངས་སོ།། ཐིག་ལེ་འདྲེ་རྒྱུད་ཆེན་པོ་ལས། ཕྱི་ནང་སྣོད་བཅུད་རང་ཤར་གྱི་ལེའུ་སྟེ་བཞི་པའོ།།།། དེ་ནས་ཟླ་བའི་འོད་ཟེར་གྱིས།། ལུས་ཀྱི་མེས་པོ་ཇི་ལྟར་ལགས།། སྐྱེད་པའི་ཕྱི་མོ་ཇི་ལྟར་ལགས།། ཞེས་ཞུས་པས། སྟོན་པས་བཀའ་སྩལ་པ། གཞི་ཡི་རང་ཤར་འབྱུང་བ་དེ།། རང་གདངས་འབྱུང་བ་འོད་དུ་ཤར།། དེ་འཁྲུལ་དེ་ཤར་མ་རིག་འབྱུང་བ་ལྔ།། དེ་ཡིས་རྐྱེན་བྱས་ཕྱི་འབྱུང་ལུས་ལ་རྒྱས།། འབྱུང་བ་མ་རིག་འདུས་པའི་ལུས་འཁྲུལ་པ།། ལུས་ཀྱི་ཕྱི་མོ་འབྱུང་བ་རང་གདངས་ཡིན། ། ལུས་ཀྱི་མེས་པོ་རླུང་ཆེན་རང་ཤར་ཡིན།། རླུང་དང་རང་དྭངས་འདུས་པས་སྒྲ་ཚིག་སྣ་ཚོགས་སྨིན།། ལུང་བསྟན་ལུང་མ་བསྟན་གྱི་སྒྲ་དང་ནི།། ངོ་བོ་ཉིད་སྒྲ་རུ་ཐམས་ཅད་འདུས། ། རང་ཤར་སྒྲ་དང་ཕྲད་པས་གསུང་ཚིག་མེས་པོ་ཡིན།། རང་གདངས་སྒྲ་ནི་རླུང་གི་རྩལ་ལས་ཤར།། རླུང་ཡང་ཚ་གླང་རླུང་གིས་ལུས་པོ་སྐྱེད།། མ་རིག་རྒན་མོ་ལོང་མ་མུ་ལྟོ་མ།། རྟེན་འབྲེལ་བཅུ་གཉིས་ལྟ་བུའི་ཚུལ་དུ་གྲུབ། ། དེས་ན་འཁོར་བ་གྲུབ་ཚུལ་བརྡ་དང་སྦྱར།། དཔེར་ན་ནམ་མཁའ་འབྱུང་བ་ཀུན་གྱི་མེས།། འོད་ལྔ་འབྱུང་བ་ལྔ་ཡི་ཕྱི་མོ་ལས།། རང་གདངས་འོད་ཀྱི་དཀྱིལ་འཁོར་ནས།། འབྱུང་བ་ལྔ་ཡི་རྩ་བ་སྨིན། ། དེ་ཡིས་བརྡ་བསྟན་འབྱུང་བའི་དཔེ།། བར་སྣང་གློག་འགྱུས་སྣང་སྲིད་གསལ་བ་འགྱུ་བའི་དཔེ།། དུས་མཚུངས་འཁྲུལ་བ་ཐག་པ་སྦྲུལ་ལྟ་བུ།། ཡོན་ཏན་ཕྱོགས་མེད་འཆར་བ་ནོར་བུ་རིན་ཆེན་གླིང།། འཁྲུལ་པས་འཁྲུལ་པ་རྒྱུད་པ་ཟོ་ཆུ་བརྒྱུད་མ་འདྲ། ། འགྲོ་དྲུག་ལུས་ཀྱི་བག་ཆགས་སྨིན་པ་ལྗོན་ཤིང་འདྲ།། འཁོར་བ་རང་ཤར་ནམ་མཁའི་སྤྲིན་གྱི་ཚུལ།། ས་ཆུ་མེ་རླུང་ནམ་མཁའི་རང་གདངས་ཡིན།། ཡིད་འགྱུ་མ་རིག་གཞི་ཉིད་ཟེར་ལྟར་ཤར། ། ཟེར་དང་རང་གདངས་རོལ་པས་རང་ལ་ཤར།། རོལ་པས་མ་འགགས་འཁོར་བའི་རྩ་གཅིག་པུ།། གཅིག་བུ་མ་རིག་འཁྲུལ་པ་རང་ལ་སྣང།། འཇིག་རྟེན་རྟེན་འབྲེལ་བཅུ་གཉིས་ཕྱི་ནང་སྐྱེད། ། འཁོར་འདས་གཉིས་ཀྱི་སྤྱི་ས་བ།། ལྷུན་གྲུབ་རང་སྣང་རང་ཤར་ཕྱོགས་མེད་ཡིན།། ལོ་ཀ་ཀརྨ་ཨེ་ཀའོ།། ཞེས་གསུངས་སོ།། འདྲེ་རྒྱུད་ཆེན་པོ་ལས། འབྱུང་བ་ལུས་ཀྱི་དོན་བསྟན་པའི་ལེའུ་སྟེ་ལྔ་པའོ། །།། དེ་ནས་ཡང་ཟླ་བའི་འོད་ཟེར་ཅན་གྱིས། སྟོན་པ་རྡོ་རྗེ་སེམས་དཔའ་ལགས།། འདྲེ་ཡི་འཁྲུལ་པ་ཇི་ལྟར་ལགས།། ཞེས་ཞུས་པས། སྟོན་པས་བཀའ་སྩལ་པ། ཉོན་ཅིག་རྡོ་རྗེ་མཁའ་འགྲོ་མ།། ཕྱི་ཡི་འདྲེ་དང་ནང་གི་འདྲེ། ། གསང་བའི་འདྲེ་དང་གསུམ་དུ་ཤར།། ཕྱི་ཡི་འདྲེ་རུ་ཤར་བ་ནི།། རང་གདངས་འབྱུང་བ་དང་པོའི་དུས།། ཆགས་སྡང་ལྔ་ཡི་ཚོགས་ལྔར་ཤར།། སྡེ་བརྒྱད་འབྱུང་བ་ལྔ་ལ་ཤར།། བདུད་དང་རྒྱལ་པོ་བཙན་དག་དམུ། ། གཟའ་དང་ཀླུ་དང་མ་མོ་གནོད་སྦྱིན་དང།། གཤིན་རྗེ་འདྲེ་ཚོགས་རང་གདངས་ཤར།། ཕྱི་ཡི་འདྲེ་དེ་གཞི་ཡི་འདྲེ།། བརྡ་ཡིས་ཟིལ་གྱིས་གནན་པར་བྱ།། ནང་གི་འདྲེ་ནི་རླུང་མཁྲིས་བད་ཀན་དང། ། འདུས་པ་ནད་བསྡོ་པའི་འདྲེ་རུ་ཤར།། དེ་ཡང་དབང་དུ་བསྡུ་བའི་བརྡ་དང་རྟགས་བསྟན་པ་ཡིན།། གསང་བའི་འདྲེ་ནི་རྣམ་ཤེས་ཞོན།། མིག་དང་རྣ་བ་སྣ་དང་ལྕེ།། ཡིད་དང་རྣམ་ཤེས་ཀུན་གཞི་ལས། ། ཚོགས་བརྒྱད་འདྲེ་རུ་ཤར་བ་ལམ་དུ་བཀྱེར།། འདྲེ་ཀུན་ངོས་འཛིན་མོ་མ་འཕྲུལ་གྱི་མི།། ཡང་གསང་འདྲེ་དེ་ཀུན་གྱི་མ་མཐོང་བས།། ཐམས་ཅད་འདྲེ་ཆོས་འདྲེ་བསྡུམས་བྱེད།། འདྲེ་ལ་དབང་བསྐུར་གཏང་རག་གཏོང། ། འདྲེ་ལ་ཚོགས་སོགས་མཆོད་པ་བྱེད།། འདྲེ་ཡིས་མཆོད་གནས་བྱེད་ཅིང་རྟག་ཏུ་ཁུར།། འདྲེ་ཡིས་འདྲེ་བསྲེག་འཚིག་པར་ག་ལ་འགྱུར།། འདྲེ་དེས་དཔོན་བྱས་གཉའ་ཁུང་ཁུར།། འདྲེ་དེ་ཀུན་ལ་གནོད་པས་རབ་ཏུ་གནོད་ཆེ་སྟེ། ། འདྲེ་རུ་རང་ཤར་འདྲེ་དེ་ངོ་མཚར་ཆེ།། རང་གིས་རང་སྲོག་གཅོད་པས་བདུད།། ཞེ་སྡང་རྒྱལ་པོ་མེ་རློན་མིག་གཅིག་པ།། འདོད་ཆགས་ཁ་ཡན་བཙན་གྱི་འདྲེ།། ང་རྒྱལ་རང་ཤར་འགྱུར་མེད་དམུ། ། ཀུན་ཏུ་རྒྱུ་ཡིད་སླེབ་པས་གཟའ།། ཡིད་དུ་བྱུང་བས་ཉམས་ཆགས་པས་ཀླུ།། ཀུན་ཏུ་རྒྱུ་ཞིང་རང་ལ་སྣང་བས་མ།། ཐམས་ཅད་འདུས་པས་གནོད་སྦྱིན་ནོ།། རང་ཤར་རང་གིས་ཟ་བས་གཤིན་རྗེའོ།། སྡེ་བརྒྱད་གཉའ་གནོན་ཚངས་པ་དུང་གི་ཐོར་ཚུགས་ཅན། ། སྡེ་བརྒྱད་དཔོན་པོ་བདུད་རྒྱལ་ནག་པོ་གཉིས།། ཐོད་རུས་འབར་བ་རྩ་བརྒྱད་གདན་སྟེངས་ན།། དཔག་བསམ་ཤིང་གི་མེ་ཏོག་ལ།། ཡལ་ག་གཉིས་ལ་འཇུས་པ་ཡིས། ། བདུད་རྒྱལ་ནག་པོ་དེ་ན་ཡོད།། དེ་ཡི་ཞལ་ལྟོས་སྨན་དུ་རང་ལ་ཤར།། ཤེལ་སྒོང་སུམ་བརྩེགས་དག་གིས་གནས།། རྨ་བྱ་མདོངས་ཀྱི་ཕུག་ཤེད་ན།། ཉི་ཟླ་གཉིས་ཀྱི་དཀར་ཁུང་བྱས།། བདེ་བ་ཆེན་པོ་གདན་དུ་བཏིང། ། གཞོན་ནུ་གཙུག་ཕུད་ཅན་ཞེས་བྱ།། དེ་ལ་བསྟོད་པ་མི་བྱ་འགྲོགས་པ་གཅེས།། དེ་ཡི་མིང་ནི་འོད་མི་འགྱུར།། ཆོས་སྐུ་རང་ལ་ཤར་བ་ངོ་མཚར་ཆེ།། དེ་ཡི་སྤྲུལ་པ་རང་ཤར་བ།། ཤེལ་གྱི་ག་འུ་སྦུབ་པའི་གནས། ། ཉི་ཟླ་གཉིས་ནི་གདན་དུ་བཏིང།། འཇའ་ཚོན་སྣ་ལྔས་སྒོ་ཡང་བྱས།། གཞོན་ནུ་བཅུ་དྲུག་ལོན་པའི་སྐུ།། དེ་ཡི་མིང་ནི་འོད་སྲུངས་ཡིན།། ལོངས་སྐུ་རང་ལ་ཤར་བ་ངོ་མཚར་ཆེ།། དེ་ཡི་གསུང་གི་སྤྲུལ་པའི་སྐུ། ། འོད་ཟེར་སྣ་ལྔའི་གནས་ན་བཞུགས།། རྨ་བྱ་གཉིས་ནི་གདན་དུ་བཏིང།། ཤེལ་གྱི་རྟ་ཕོ་སྒོ་བ་བྱས།། ལོ་བརྒྱད་ལོན་པའི་ཁྱེའུ་ཆུང་སྐུ།། དེ་ཡི་མིང་ནི་མར་མེ་མཛད།། སྤྲུལ་སྐུ་རང་ལ་ཤར་བ་ངོ་མཚར་ཆེ། ། དབང་དུ་སྡུད་ན་དེ་ལྟར་མཛོད། ཟིལ་གྱིས་གནོན་ན་དེ་ལྟར་གནོན།། ལམ་དུ་ཁྱེར་ན་དེ་ལྟར་ཁྱེར།། ཚོགས་སོགས་གཏང་རག་གཏོར་མ་དང།། དབང་དང་སྦྱིན་སྲེག་བྱ་མི་དགོས།། ལྷ་དེ་ལོགས་ནས་མ་བྱུང་འདྲེ་དེ་གཞན་ནས་མིན། ། ཞེས་གསུངས་སོ།། འདྲེ་རྒྱུད་ཆེན་པོ་ལས། ལྷ་འདྲེ་ངོས་གཟུང་བའི་ལེའུ་སྟེ་དྲུག་པའོ།།།། རྡོ་རྗེ་མཁའ་འགྲོ་མས་ཞུས་པ།། ཀྱེ་ཀྱེ་རྡོ་རྗེ་སེམས་དཔའ་ལགས།། ལོངས་སྐུ་རང་ཤར་ཇི་ལྟར་ལགས། ། ཞེས་ཞུས་པས། སྟོན་པས་བཀའ་སྩལ་པ། ཉོན་ཅིག་རྡོ་རྗེ་མཁའ་འགྲོ་མ།། རང་ལུས་རྒྱལ་བའི་དཀྱིལ་འཁོར་འདི།། སྒོ་ལྔ་ཚོགས་བརྒྱད་ཕུང་པོ་ལྔ།། མ་ཧཱ་ད་ལའི་ངོ་བོར་ཤར།། རང་ལ་རང་ཤར་ངོ་མཚར་ཆེ། ། རིན་ཆེན་ཟུང་བརྒྱད་རྩེ་སོར་བཞི།། སི་ར་ཤེལ་གྱི་མཎྜལ་ན།། དབུས་ན་རྣམ་པར་སྣང་མཛད་བཞུགས།། ཕྱོགས་བཞིའི་སེམས་དཔའི་ངོ་བོར་ཤར།། དེ་ཡི་སྣང་བ་རང་གདངས་ལས།། སེམས་དཔའ་སེམས་མ་ཐུབ་པ་དྲུག། ལོངས་སྐུ་རང་ལ་ཤར་བ་ངོ་མཚར་ཆེ།། རིན་ཆེན་རྩིབས་བརྒྱད་འབར་བའི་གནས།། སི་ར་བཞི་ཡི་དབུས་ན་ནི།། འོད་མི་འགྱུར་བ་ཆོས་སྐུར་ཤར།། འོད་སྲུངས་ལོངས་སྤྱོད་རྫོགས་སྐུར་ཤར། ། མར་མེ་མཛད་ནི་སྤྲུལ་སྐུར་ཤར།། འདུ་འབྲལ་མེད་པའི་སྐུ་གསུམ་མོ།། རང་ལ་ཤར་བ་ངོ་མཚར་ཆེ།། ལྟད་མོ་བསམ་སྡུག་ལྷ་ཁང་ཆེ།། སྐྱོ་གྲོགས་རིག་པའི་ཁྱེའུ་ཆུང་བཟང།། ཟས་སུ་བདེ་ཆེན་རང་ཤར་བཟའ། ། རང་ཤར་ཟ་བ་ཉམས་རེ་ཟབ།། ཟབ་མོ་མཐར་ཕྱིན་ཚད་ཡིན་ནོ།། རང་ཤར་ངོ་ཤེས་ཉམས་ཀྱི་གདེང།། རང་ཤར་གདན་ཤེས་གདམས་པའི་གདེང།། ཚད་ལ་ཕེབས་པ་ཡིད་ཆེས་གདེང།། ཚད་ལས་འདས་ན་སྒྲིབ་པ་ཡིན། ། ཚད་མ་ཟིན་པ་སྒྲིབ་པ་ཡིན།། གོལ་སྒྲིབ་ཚད་ཤེས་ཤིན་ཏུ་དཀའ།། ཀ་ཡ་ར་ཧ་ས་ཡ། ཞེས་གསུངས་སོ།། འདྲེ་རྒྱུད་ཆེན་པོ་ལས། ཕྱི་ནང་དཀྱིལ་འཁོར་སྐུ་གསུམ་ངོ་སྤྲད་ཆེན་པོའི་ལེའུ་སྟེ་བདུན་པའོ། །།། དེ་ནས་རྡོ་རྗེ་མཁའ་འགྲོ་མས་ཞུས་པ། སྟོན་པ་རྡོ་རྗེ་སེམས་དཔའ་ལགས།། སྣང་སྲིད་འདྲེ་དེ་ཟིན་གྱི་མནན་པ་དང།། སྐུ་གསུམ་རྒྱལ་བའི་དཀྱིལ་འཁོར་ལ།། བདག་ཅག་མཁའ་འགྲོ་འཇུག་པའི་ཚེ། ། དབང་གི་གདམས་པ་བདག་ལ་ཞུ།། ཞེས་ཞུས་པས། སྟོན་པས་བཀའ་སྩལ་པ། ཉིན་ཅིག་རྡོ་རྗེ་མཁའ་འགྲོའི་གཙོ།། ལྷ་དབང་ལུས་ལ་བསྐུར་བ་དང།། ཆོས་དབང་སེམས་ལ་བསྐུར་བ་དང། ། བརྟུལ་ཞུགས་རིག་པའི་བྱིན་རླབས་དབང།། ང་ཡིས་ཁྱོད་ལ་དབང་བསྐུར་རོ།། རིག་པ་ཡེ་ཤེས་མེ་ཏོག་ལ།། རིན་ཆེན་སྣ་ལྔས་སྤྲོས་བྱས་ཏེ།། གུས་པའི་ཚུལ་གྱིས་ཞུ་བར་གྱིས།། སྒོ་ལྔ་རིགས་ལྔའི་དབང་བསྐུར་འདི། ། འདི་བསྐུར་རང་ལུས་བྱིན་གྱིས་རློབས།། ཚོགས་བརྒྱད་རྒྱལ་བའི་དཀྱིལ་འཁོར་འདིས།། དབང་བསྐུར་བདེ་ཆེན་དངོས་གྲུབ་ཐོབ།། ཕུང་པོ་ལྔ་པོ་རིགས་ལྔ་ཡིས།། དབང་བསྐུར་ངེས་པའི་ལྷ་མཆོག་ཐོབ། ། རང་ལུས་རྒྱལ་བའི་དཀྱིལ་འཁོར་འདི།། མ་བསྐུར་ཐོབ་པའི་དབང་མ་ཡིན།། བསྐུར་བས་རང་བྱུང་ངོ་མཚར་ཆེ།། བྱིན་རླབས་ནུས་པ་བསམ་མི་ཁྱབ།། དབང་བསྐུར་ཐུན་མོང་མ་ཡིན་ནོ།། ལྷ་དབང་ལུས་ལ་བསྐུར་བ་ཡིས། ། ལུས་བྱིན་བརླབས་པའི་དབང་བསྐུར་ཡིན།། ཡེ་ཤེས་སྐུ་ཡི་དཀྱིལ་འཁོར་འདི།། རང་ལ་ཤར་བ་ངོ་མཚར་ཆེ།། ལྷ་ནི་ཐུན་མོང་མ་ཡིན་རང་ཤར་ལྷ།། རང་ཤར་ཕུང་པོ་ལྔ་པོ་ལ།། ལྷ་དབང་ལུས་ལ་བསྐུར་བ་ཡིས། ། སྐྱེ་རྒ་ན་འཆི་བཞི་ལས་གྲོལ།། གྲོལ་བ་རང་བྱུང་ངོ་མཚར་ཆེ།། སྐྱེ་བ་མེད་པས་འཆི་ལས་གྲོལ།། ན་བ་མེད་པས་རྒས་ལས་གྲོལ།། རང་གྲོལ་རང་ཤར་དབང་མཆོག་འདི།། གོ་འཕང་དབང་གིས་བགྲོད་ཕྱིར་གསུངས། ། འདིར་འཇུག་ལམ་གྱི་མཆོག་ཏུ་བཤད།། ཡེ་ཤེས་ལྔ་ཡིས་ཡེ་ནས་ཁྱབ།། ཁྱབ་པར་རང་བྱུང་ཡེ་ཤེས་སྐུ།། ཡེ་ཤེས་སྐུ་ཡི་དབང་བསྐུར་འདི།། ཡེ་ཤེས་ལུས་ལས་རང་ཤར་བ།། རང་བྱུང་དབང་བསྐུར་ངོ་མཚར་ཆེ། ། ཨ་བི་ཥེ་ཀ་ཨུ་བྷན་དྷེ་ཤ། ཞེས་གསུངས་སོ།། ཐིག་ལེ་འདྲེ་རྒྱུད་ཆེན་པོ་ལས། ལྷ་དབང་ལུས་ལ་བསྐུར་བའི་ལེའུ་སྟེ་བརྒྱད་པའོ།།།། དེ་ནས་ཡང་མཁའ་འགྲོ་མས་ཞུས་པ། ཀྱེ། སྟོན་པ་རྡོ་རྗེ་སེམས་དཔའ་ལགས།། ཆོས་དབང་སེམས་ལ་བསྐུར་བ་བསྟན་པར་ཞུ།། ཞེས་ཞུས་པས། སྟོན་པས་བཀའ་སྩལ་པ། དབང་དང་མན་ངག་བཤད་པ་ནི།། སྣོད་ལྡན་ངང་ཚུལ་ལྡན་ལ་བཤད།། དབང་དང་མན་ངག་མ་ཐོབ་པར། ། དེ་ནི་ངལ་བ་དོན་མེད་ཡིན།། དབང་དང་མན་ངག་འདོད་པའི་མིས།། སྲོག་ལུས་འཕངས་པ་མེད་པར་གཏོང།། དེ་ནི་དབང་གི་སྣོད་དུ་རུང།། དབང་མ་ཐོབ་པས་ཆོས་འཆད་པ།། དེ་ཡི་ལྕེ་ལ་ཞིང་རྨོའོ། ། དབང་མ་ཐོབ་པར་སྒོམ་པར་བྱེད།། དེ་ནི་ཕག་ཚོད་ཡིད་སྨོན་མཁན།། ང་ཡིས་བཤད་ཀྱིས་ལེགས་པར་ཉོན།། སྔོན་ཡུལ་ཡངས་པ་ཅན་གྱི་གནས།། དངུལ་གྱི་མེ་ལོང་རང་གདངས་གླིང།། སྐྱེས་པ་བུད་མེད་འཚོགས་པའི་གནས། ། བྱད་ཀྱི་ལྟ་བའི་གཞི་མ་བྱེད།། མེ་ལོང་ཕྱོགས་རིས་མེད་པ་ལ།། རྒད་པོ་རྨེ་མ་རག་ཤ་གདོང།། བྱད་བཞིན་སྤ་ལ་གྲུབ་པས་བལྟས།། བྱད་ཀྱི་རྣམ་པ་མ་མཐོག་བར། ། སྤུ་གྲི་གང་ན་འདུག་པ་དེ།། དེ་ག་བྱད་ཡིན་སྙམ་ནས་འདུག། རྒན་མོ་དེ་ཡི་རྩ་ཤེད་ན།། ཁྱེའུ་ཆུང་མཛེས་པ་ཀུན་ལྡན་བྱུང།། མེ་ལོང་བལྟས་པས་བྱད་བཞིན་མཐོང།། རྒན་མོས་བལྟས་པས་ཁོ་ཡི་བྱད་མཐོང་བས། ། རྒན་མོའི་བྱད་ལ་ཡིད་འབྱུང་ནས།། ཁོ་ཡིས་བྱད་ལ་བལྟས་པས་སུ།། རྒན་མོ་ལྟོ་མ་མྱོང་ནས་ཤི། ཆོས་ཉིད་མེ་ལོང་གཡའ་དག་གསལ།། ཐེག་པ་རིམ་དགུ་རྒན་མོ་འདྲ།། རྫོགས་པ་ཆེན་པོ་ཁྱེའུ་ཆུང་འདྲ།། མ་རིག་རྒན་མོ་ལོང་མ་འདྲ། ། དབང་བསྐུར་ཁྱེའུ་ཆུང་མཛེས་ལྡན་འདྲ།། ལྟ་བ་རིག་པ་རང་རྩལ་དབང།། ཉན་ཐོས་གང་ཟག་བདག་མེད་ལྟ།། རང་རྒྱལ་ཆོས་ཀྱི་ཕྱོགས་གཅིག་ལྟ།། བྱང་སེམས་བདེན་པ་གཉིས་སུ་ལྟ། ། ཀྲེ་ཡ་རྗེ་དང་ཁོལ་དུ་ལྟ།། ཡོ་ག་སྤུན་དང་གྲོགས་པོར་ལྟ།། མཧཱ་ཐབས་དང་ཤེས་རབ་ལྟ།། ཨ་ནུ་དབྱིངས་དག་ཡེ་ཤེས་ལྟ།། ཨ་ཏི་ཡོ་ག་ཕྱོགས་མེད་ལྟའོ།། ཞེས་གསུངས་སོ།། ཐིག་ལེ་འདྲེ་རྒྱུད་ཆེན་པོ་ལས། ལྟ་བ་སྟོང་རྫོགས་དབང་གི་ལེའུ་སྟེ་དགུ་པའོ།།།། དེ་ནས་མཁའ་འགྲོ་མས་ཞུས་པ། ཀྱེ་ཀྱེ་སྟོན་པ་རྡོ་རྗེ་སེམས་དཔའ་ལགས།། སྒོམ་པ་རིག་པའི་དབང་ཞུ་འཚལ།། ཅེས་ཞུས་པས། སྟོན་པས་བཀའ་སྩལ་པ། ཉོན་ཅིག་རྡོ་རྗེ་མཁའ་འགྲོ་མ།། སྒོམ་པའི་མཚན་ཉིད་བསྟན་པ་ནི།། ཉན་ཐོས་གཟུང་འཛིན་བཀག་ནས་ནི།། ཚོགས་དྲུག་བཀག་ནས་སྒོམ་པ་ཡིན།། ཕུང་པོ་མི་གཙང་རུས་ཐིགས་བསྒོམ།། རང་སངས་རྒྱས་ཀྱི་སྒོམ་པ་ནི། ། རྟེན་འབྲེལ་བཅུ་གཉིས་འཁོར་ལོ་སྒོམ།། དབུ་མ་དག་གི་སྒོམ་པ་ནི།། སྒྱུ་མའི་དཔེ་བརྒྱད་ལྟ་བུ་སྒོམ།། ཀྲི་ཡ་རིགས་གསུམ་མགོན་པོ་བསྒོམ།། ཡོ་ག་སྐུ་ལྔའི་དཀྱིལ་འཁོར་སྒོམ།། མཧཱ་རིགས་ལྔའི་ལྷ་རུ་སྒོམ། ། ཨ་ནུ་རིག་པའི་ལྷར་སྒོམ་པའོ།། ཨ་ནུ་ཡོ་ག་སྒོམ་ལས་འདས།། བླ་ན་མེད་པའི་ཐིག་ལེ་འདི།། རིན་པོ་ཆེ་ནི་ཁོང་ནས་འཆར།། སྒོམ་སྒྲུབ་རང་ལ་རང་ཤར་གྲོལ།། ཉན་ཐོས་བདག་མེད་ཁོ་ན་སྤྱོད།། རང་སངས་རྒྱས་ནི་གཉིས་ཀ་སྤྱོད། ། དབུ་མ་ཕ་རོལ་ཕྱིན་བཅུ་སྤྱོད།། ཀྲི་ཡ་འཕྲིན་ལས་རྣམ་བཞི་སྤྱོད།། ཡོ་ག་འཕྲིན་ལས་རྣམ་བཞི་སྤྱོད།། མ་ཧཱ་སྦྱོར་སྒྲོལ་སྤྱོད་པ་བྱེད།། ཨ་ནུ་མ་ཧཱའི་སྤྱོད་པའོ།། ཨཱ་ཏི་སྣང་སྲིད་གཞི་བཞེངས་སྤྱོད། ། གསང་བ་ཡང་གཏེར་སྤྱོད་པ་ནི།། འཛིན་རྒོད་བྱིང་རྒོད་མེད་པ་ཡི།། རང་གྲོལ་ཡེ་ཤེས་འོད་གསལ་སྤྱོད།། ཉན་ཐོས་འབྲས་བུ་དགྲ་བཅོམ་པ།། རང་སངས་རྒྱས་ཀྱི་འབྲས་བུ་ནི།། ནེ་ཙོ་བསེ་རུ་ལྟ་བུའོ། ། དབུ་མའི་འབྲས་བུ་སྤྲོས་མཐའ་བྲལ།། ཀྲི་ཡའི་འབྲས་བུ་སྣང་མཐའ་ཡས།། ཡོ་ག་ཚེ་ཡི་རིག་འཛིན་ཐོབ།། མ་ཧཱ་ཕྱག་རྒྱ་ཆེན་པོར་འདོད།། ཨ་ནུ་རྣམ་སྣང་ས་ཆེན་འདོད།། བླ་ན་མེད་པའི་ཐིག་ལེ་འདི།། རྒྱུ་འབྲས་དབྱེར་མེད་ཐིག་ལེའི་དོན། ། ཚེ་གཅིག་དག་གིས་ཐོབ་པའོ།། མ་ཧཱ་ཀ་རུ་ལོ་ཀ་ཏི་ལ་ཛྙཱ་ན་ཨཱ། ཞེས་གསུངས་སོ།། ཐིག་ལེ་འདྲེ་རྒྱུད་ཆེན་པོ་ལས། གྲུབ་མཐའི་འབྲས་བུས་དབང་བསྐུར་བའི་ལེའུ་^དང། ཐེག་པའི་སྒོ་ལ་འཆིངས་པའི་ལེའུ་སྟེ་བཅུ་པའོ།།།། དེ་ནས་ཡང་མཁའ་འགྲོ་མས་ཞུས་པ། རྡོ་རྗེ་སེམས་དཔའ་ཆེན་པོ་ལགས།། བརྟུལ་ཞུགས་དབང་བསྐུར་གསུང་དུ་གསོལ།། ཅེས་ཞུས་སོ།། སྟོན་པས་བཀའ་སྩལ་པ། ཉོན་ཅིག་རྡོ་རྗེ་མཁའ་འགྲོ་མ།། གངས་ཀྱི་རྒྱལ་པོ་ཏི་ཙེ་ལ།། སྲོག་ཆགས་ཆེན་པོ་བཞི་གནས་སོ།། ཆུ་བོ་བཞི་འབབ་དབང་གི་བརྡ།། རྒྱ་མདུད་དབང་གི་དཀྱིལ་འཁོར་ན།། ཤེལ་གྱི་གའུ་ཁ་སྦྱར་ན། ། སྲོག་ཆགས་རྣམ་བཞི་དབང་གི་རྟགས།། རྟགས་དང་དོན་དུ་འབྲེལ་བ་ཡིན།། རིན་ཆེན་ཟུར་བརྒྱད་ཕོ་བྲང་ན།། རིག་པའི་རྒྱལ་པོ་ཟང་ཐལ་གནས།། བརྟུལ་ཞུགས་དབང་གི་དོན་ཡིན་ཏེ།། སྲོག་ཆགས་སྲོག་རྩ་གཅད་པ་གཅེས། ། དབང་རྟགས་རང་ལ་ཡོད་ཀྱིས་ཕྱིར་མ་ཚོལ།། བརྡ་དོན་རྣམ་གསུམ་ཉི་མའི་སྙིང་པོ་འདྲ།། དོན་གསུམ་རང་ལ་གནས་པ་ངོ་མཚར་ཆེ།། ཨེ་མ་རང་ཤར་ལྟད་མོ་ཆེ།། ཕྱི་ནང་གསང་བ་དབང་གི་བརྡ། ། རང་ཆས་ཡིན་པས་བཙལ་དུ་མེད།། ཚོལ་ན་གསེར་གྱིས་གསེར་ཚོལ་འདྲ།། ཚོལ་ན་ཤིན་ཏུ་རྙེད་པར་དཀའ།། དབང་རྫས་དབང་བསྐུར་ཐོབ་ལུགས་ནི།། ནོར་བུ་རིན་ཆེན་གཞན་གྱི་འོད་འཕྲོག་འདྲ།། རང་ལ་རང་ཤར་བས་དབང་གི་རྒྱལ་པོ་ཡིན། ། རང་གི་ཐོས་པས་དབང་བསྐུར་རྒྱལ་པོ་ཡིན།། དབང་ལྔ་ཤེས་རབ་རིག་པ་ཡེ་ཤེས་དབང།། ལམ་དུ་སློངས་ན་དབང་ལྔ་ལྷན་ཅིག་སྐྱེས།། དེ་ཤེས་བར་ཆད་མེད་པའི་བརྡ་ནི་བུམ་ནང་མར་མེ་འདྲ། ། དབང་པོ་རབ་ཀྱི་བརྡ་ནི་ཉི་ཤར་དུས་ཚོད་འདྲ།། འབྲིང་དང་ཐ་མའི་བརྡ་བསྟན་པ།། ནོར་བུ་རིན་ཆེན་སྐུངས་བཅུག་འདྲ།། བར་ཆད་མེད་ན་དབང་གི་རྒྱལ་པོ་ཡིན།། རྒྱུན་མི་འཆད་པས་དབང་གི་བསྐུར་ཐབས་ཡིན། ། ཨ་བི་ཥེ་ཀ་ན་མ་ཧཱུཾ། ཞེས་གསུངས་སོ།། ཐིག་ལེ་འདྲེ་རྒྱུད་ཆེན་པོ་ལས། དབང་གི་གདམས་པ་བསྟན་པའི་ལེའུ་ལས།། བཀའ་སྒོ་དྲས་ཐག་གཅད་པའི་ལེའུ་སྟེ་བཅུ་གཅིག་པའོ།། དེ་ནས་ཡང་རྡོ་རྗེ་མཁའ་འགྲོ་མས། ། ཀྱེ་ཀྱེ་བཅོམ་ལྡན་གསང་བའི་བདག། བླ་མས་ཐབས་མང་བསྟན་པ་ནི།། གང་གི་དོན་དུ་གསུངས་པ་ལགས།། ངེས་པའི་དོན་ལ་གཅིག་ཏུ་འདུས།། སྣ་ཚོགས་བསྟན་པ་ཇི་ལྟར་ལགས། ། ཞེས་ཞུས་པས།། རྡོ་རྗེ་སེམས་དཔས་བཀའ་སྩལ་པ།། ཉོན་ཅིག་རྡོ་རྗེ་མཁའ་འགྲོ་མ།། ངས་ནི་ཐམས་ཅད་གཅིག་ཏུ་བསྟན།། སློབ་དཔོན་ཚད་མར་མ་གོ་དང།། སློབ་མས་ཚད་མར་མ་གོ་ན།། དེ་ནི་བཀའ་བསྒོ་ལམ་ལ་འཆིངས། ། གདམས་ངག་ཚད་དང་མ་ལྡན་པར།། སློབ་དཔོན་ཚད་མར་ཁས་ལེན་དང།། རྡོ་ལ་གསེར་ཆུ་བསྐུས་པ་འདྲ།། སློབ་མས་ཚད་མར་མ་ཤེས་པ།། རྩ་བ་རུལ་པའི་ལོ་མ་འདྲ།། འབྲས་བུ་སྨིན་པའི་དུས་མི་འཆི། ། ལྟ་བ་སྟོང་པའི་རྫོང་ལ་འཆིངས།། ལྟ་བ་ནམ་མཁའི་ཁུངས་ཚོལ་པ།། འབྲས་བུ་སྐྱེ་མཆེད་མུ་བཞི་ལས།། ནམ་མཁའ་མཐའ་ཡས་སྐྱེ་མཆེད་གོལ།། སྤྱོད་པ་ཅིར་སྣང་ཐབས་ཀྱིས་འཆིངས། ། གཟུང་འཛིན་གཉིས་ཀྱི་ཐག་མ་ཆོད།། འབྲས་བུ་འཁྲིག་སྤྱོད་ལྟ་རུ་གོལ།། སྒོམ་པ་ཉམས་མྱོང་རྟགས་ཀྱིས་འཆིངས།། བློ་སྣང་ཉམས་མྱོང་འགྱུར་བས་ཡེ་ཤེས་དོན་མི་ཕྲད།། ཡེ་ཤེས་བསྒོམས་པས་མི་འཆར་རང་སྣང་ངོ་སྤྲོད་གཅེས། ། འབྲས་བུ་རྣམ་སྤྱོད་དུས་ཀྱི་འཆིངས།། འབྲས་བུ་ཡུལ་ཅན་དུས་ལ་ལྟོས་པ་ནི།། འབྲས་བུ་ཐོབ་དུས་མི་འོང་སར་ཆུད།། རང་གྲོལ་རང་ཤར་ཤེས་ན་འབྲས་བུའི་རྒྱལ་པོ་ཡིན།། བཀའ་བསྒོ་ལམ་རྒྱུས་མེད་པའི་སློབ་དཔོན་གྱིས། ། རྣ་བར་ཤུབ་ཤུབ་སླུ་བར་བྱེད།། གདམས་པ་ཚད་མར་མ་ཕྱིན་པས།། ལོང་བས་ལོང་བ་ཁྲིད་པ་འདྲ།། འཇུག་སྒོ་ཐེག་པས་འཆིངས་པ་ནི།། རིམས་བརྒྱད་ཀུན་བརྟགས་འཇུག་པའི་སྒོ། ། ཚུལ་ཁྲིམས་སྡོམ་པ་དམ་ཚིག་ལ་སོགས་ཀྱིས།། རང་རང་གྲུབ་མཐའ་འཆིངས་ནས་ཕྱོགས་ལྟོས་བྱེད།། ནམ་མཁའ་གུང་དུ་གཅད་པའི་ཕྱོགས་རིས་ཅན།། དེ་ཡི་གྲུབ་མཐས་འཆིངས་པ་གོལ།། ཅེས་གསུངས་སོ། ། ཐིག་ལེ་འདྲེ་རྒྱུད་ཆེན་པོ་ལས། འཆིང་བ་དྲུག་གི་གདམས་ངག་བསྟན་པ་སྟེ་ལེའུ་སྟེ་བཅུ་གཉིས་པའོ།།།། དེ་ནས་མཁའ་འགྲོ་མས་ཞུས་པ།། སྟོན་པ་རྡོ་རྗེ་སེམས་དཔའ་ལགས།། འཆིངས་པའི་དྲས་ཐག་གཅད་པ་བསྟན་པར་ཞུ། ། ཞེས་ཞུས་པས། རྡོ་རྗེ་སེམས་དཔས་བཀའ་སྩལ་པ།། ཉོན་ཅིག་རྡོ་རྗེ་མཁའ་འགྲོ་མ།། ལྟ་བའི་རྐུན་བུས་ཁྱེར་བའི་མི།། དཔེར་ན་ནམ་མཁའ་སྟོང་བ་ལ།། ཕྱོགས་བཅུ་གཅད་ནས་སྒྲུབ་པར་བྱེད། ། ནམ་མཁའ་ཕྱོགས་མེད་རང་ཤར་ལ།། ཕྱོགས་རིས་གཅད་ནས་རྐུན་བུས་ཁྱེར།། སྟོང་པ་ཉིད་ནི་ཁས་ལེན་པ།། དངོས་པོ་མ་ཤོང་ཕྱོགས་ལྟོས་བྱེད།། རྫོགས་ཆེན་ཁས་ལེན་སྟོང་ཉིད་ཅན།། དབུ་མའི་ལྟ་བའི་རྐུན་བུས་ཁྱེར། ། རྫོགས་ཆེན་རོལ་བའི་དོན་མ་རྟོགས།། སྟོང་ཉིད་ཕྱི་དུས་འདེབས་པ་ནི།། འབྲས་བུའི་དྲས་ཐག་མ་ཆོད་པས།། ཐིག་ལེར་རང་སྣང་སྒྲིབ་པ་ཡིས།། འབྲས་བུ་རང་གྲོལ་དུས་མི་འཆི།། དེ་ན་དྲས་ཐག་གཅད་པ་ནི། ། སྣང་སྲིད་རང་གྲོལ་རང་ཤར་འདི།། གོལ་སྒྲིབ་གཉིས་ཀྱི་དོན་རྟོགས་པས།། དབུ་མའི་དོན་རྟོགས་རྫོགས་ཆེན་ཡིན།། ཕྱོགས་མེད་ཤར་ནས་རང་གྲོལ་ཡིན།། ཡེ་ཤེས་རིན་ཆེན་འབར་བ་འདི། ། ཁོང་ནས་ཤར་བར་འབྲས་བུའི་དྲས་ཐག་ཆོད།། འབྲས་བུའི་དྲས་ཐག་མ་ཆོད་ན།། ཕྱོགས་རྟོགས་འབྲས་བུ་ཐོབ་མི་སྲིད།། ཅེས་གསུངས་སོ།། ཐིག་ལེ་འདྲེ་རྒྱུད་ཆེན་པོ་ལས། ལྟ་བའི་རྐུན་བུ་ངོས་གཟུང་བ་དང་དྲས་ཐག་གཅད་པའི་ལེའུ་སྟེ་བཅུ་གསུམ་པའོ། །།། དེ་ནས་ཡང་རྡོ་རྗེ་མཁའ་འགྲོ་མས་ཞུས་པ། ཀྱེ། གསང་བདག་རྡོ་རྗེ་སེམས་དཔའ་ལགས།། སྒོམ་པའི་རྐུན་བུ་ཇི་ལྟར་ལགས།། དེ་ཡི་དྲས་ཐག་ཇི་ལྟར་གཅད། ། ཞེས་ཞུས་པས། རྡོ་རྗེ་སེམས་དཔས་བཀའ་སྩལ་པ།། ཉོན་ཅིག་རྡོ་རྗེ་མཁའ་འགྲོ་མ།། སྒོམ་པའི་ཉམས་ལེན་བསྟན་པ་ནི།། རླུང་གི་ཤས་ཆེ་རྒོད་ཅིང་འཚུབ།། འཕྲོ་དང་རྒོད་པའི་རྐུན་བུ་འོང། ། རང་བཞིན་ཤུགས་ཀྱི་རྒོད་པ་དང།། ཆེད་དུ་བྱས་དང་རྟེན་འབྲེལ་རྫས་ཀྱི་རྒོད།། ཉིང་གུང་མཚན་གུང་བསྒོམ་པར་བྱ།། རྟེན་འབྲེལ་རྫས་དང་དུས་ཚོད་དང།། སྟོང་ཉིད་ཐུན་ཚད་དབྱེ་བ་གཅེས།། བད་ཀན་ཤས་ཆེ་ལྕི་ཞིང་བྱིང། ། རང་བཞིན་ཤུགས་ཀྱིས་བྱིང་བ་དང།། ཆེད་དུ་བྱས་དང་རྟེན་འབྲེལ་རྫས།། ཉིན་དགུང་མཚན་གུང་བོར་བྱས་ལ།། སྲོད་དང་ཐོ་རངས་ཐུན་ཚད་དང།། འོད་གསལ་ཐུན་ཚད་ཁམས་དང་སྦྱར། ། རྟེན་འབྲེལ་མན་ངག་འབྲེལ་པ་གཅེས།། མཁྲིས་པ་ཤས་ཆེ་བ་ཡང་བརྟན།། བསམ་གཏན་ཕྱོགས་མེད་འཕེལ་བའི་ཡིན།། རྫས་དང་རྟེ་འབྲེལ་ཐུན་ཚད་ནི།། རབ་ཏུ་སྙོམས་པས་འགྲུབ་པའོ།། ཁྲག་གི་ཤས་ཆེ་ཤེས་རབ་ཆེ། ། བསམ་གཏན་གང་ཡང་འཕེལ་འགྱུར་ཏེ།། གྲང་བའི་རྫས་དང་ཐུན་ཚད་གཅེས།། འདུས་པའི་རང་བཞིན་ཀུན་ནས་སྙོམས།། སྟོང་ཉིད་ཡེ་ཤེས་རང་བཞིན་འཆང།། རྫས་དང་ཐུན་ཚད་དབྱེ་བར་བྱ། ། ང་བདག་ཞི་བའི་སྒོམ་པ་ཡིན།། ཐིག་ལེ་ཁས་ལེན་ཉན་ཐོས་གོལ།། སྒོམ་པའི་རྐུན་བུ་སྤྱོད་ཀུན་ཡིན།། དེ་ཡིས་དྲས་ཐག་གཅད་པ་ནི།། ཡེ་ཤེས་བློ་ལས་གྲོལ་བ་ནི།། ཕྱི་ནང་དབྱེར་མེད་ཟང་ཐལ་ལ།། སྒོམ་པ་ནི་ནད་ཀྱི་རྐུན་བུས་ཁྱེར། ། འབྲས་བུ་སྐྱེ་མཆེད་མུ་བཞིར་སྐྱེ།། འབྲས་བུའི་རྐུན་པ་ཞེས་སུ་བཤད།། ཐིག་ལེ་ངོ་སྤྲོད་ཟང་ཐལ་འདི།། གཞི་ལམ་འབྲས་བུ་དབྱེར་མེད་པས།། ཉག་གཅིག་སྒོམ་པའི་བློ་ལས་གྲོལ།། རྟེན་འབྲེལ་རྫས་ལ་རག་མ་ལུས། ། རང་གྲོལ་ཡེ་ཤེས་རང་ལ་ཤར།། ཨེ་མ་རང་སྣང་ཆེན་པོ་འདི།། རྩོལ་སྒྲུབ་ནད་དང་མ་བྲལ་ན།། ཇི་ལྟར་སྒོམ་པས་འདུས་བྱས་ཡིན།། ཐིག་ལེ་རང་སྒོ་ངོ་སྤྲད་པས།། སྒོམ་མཁན་སྒོམ་ཡུལ་འབྲས་བུ་གསུམ། ། རང་གྲོལ་ཉིད་དུ་མཁྱེན་པའོ།། ཞེས་གསུངས་སོ།། ཐིག་ལེ་འདྲེ་རྒྱུད་ཆེན་པོ་ལས། ལྟ་སྒོམ་སྤྱོད་པ་འབྲས་བུའི་རྐུན་བུ་བསྟན་པའི་ལེའུ་སྟེ་བཅུ་བཞི་པའོ།།།། དེ་ནས་རྡོ་རྗེ་མཁའ་འགྲོ་མས་ཞུས་པ། གསང་བདག་རྡོ་རྗེ་སེམས་དཔའ་ཆེན།། དབུས་ཀྱི་རི་རབ་གླིང་བཞི་གླིང་ཕྲན་བརྒྱད།། རི་བདུན་མཚོ་བདུན་ཤིང་ཆེན་ལྔ།། ལྕགས་རི་ནག་པོ་ཇི་ལྟར་འཁྲུལ།། ཞེས་ཞུས་པས། རྡོ་རྗེ་སེམས་དཔས་བཀའ་སྩལ་པ། ། ཉོན་ཅིག་རྡོ་རྗེ་མཁའ་འགྲོ་མ།། གཞི་དང་ལམ་དང་འབྲས་བུ་གསུམ།། གཞི་ལ་ཆོས་ལྔ་ལྡན་པ་ཡིན།། ལམ་དུ་འོད་ལྔར་འཁྲུལ་པ་ཡིན།། འབྲས་བུ་རིན་ཆེན་སྣ་ལྔར་འཁྲུལ།། ཕྱོགས་བཞི་དབུས་དང་ལྔ་རུ་འཁྲུལ། ། ཁ་དོག་སེར་པོ་རི་བདུན་འཁྲུལ།། དཀར་པོ་རོལ་མཚོ་བདུན་དུ་འཁྲུལ།། དཀར་པོ་ཤར་སོགས་གླིང་དུ་འཁྲུལ།། མཐིང་ཀ་ལྕགས་རི་ནག་པོར་འཁྲུལ།། ཆོས་ལྔ་ཤིང་ཆེན་ལྔ་རུ་འཁྲུལ། ། རང་སྣང་འཁྲུལ་པ་ཤར་བ་ལ།། ཕྱོགས་དང་གླིང་དུ་ཕྱེ་བ་ཡིན།། དེས་ན་རང་གདངས་འཁྲུལ་པར་ཤར།། ཕྱི་ཡི་སྣོད་ཀྱི་ཆ་ལུགས་སོ།། འོད་ཟེར་དཀར་པོ་གྲང་བའི་སྣོད།། འོད་ཟེར་ལྗང་ཁུ་ཉི་ཚེའི་སྣོད། ། མཐིང་ཀ་རྡོ་རྗེ་དམྱལ་བའི་སྣོད།། འགྱུར་བ་མེད་པས་རྡོ་རྗེ་འདྲ།། མཐིང་ཀ་བྱོལ་སོང་སྣོད་དུ་ཤར།། སེར་པོ་མི་ཡི་སྣོད་དུ་ཤར།། ལྗང་ཁུ་ལྷ་དང་ལྷ་མ་ཡིན།། ཕྱི་སྣོད་ཀྱི་འཇིག་རྟེན་འཁྲུལ་པ་ཡིན། ། རང་གདངས་འཁྲུལ་པ་ངོ་མཚར་ཆེ།། ཞེས་གསུངས་སོ།། ཐིག་ལེ་འདྲེ་རྒྱུད་ཆེན་པོ་ལས། ཕྱི་སྣོད་ཀྱི་འཇིག་རྟེན་འཁྲུལ་པའི་ལེའུ་སྟེ་བཅོ་ལྔ་པའོ།།།། དེ་ནས་རྡོ་རྗེ་མཁའ་འགྲོ་མས།། རྡོ་རྗེ་སེམས་དཔའ་སྟོན་པའི་མཆོག། ནང་གི་གྲུབ་ཚུལ་བཤད་དུ་གསོལ།། ཅེས་ཞུས་པས། རྡོ་རྗེ་སེམས་དཔས་བཀའ་སྩལ་པ།། ཉོན་ཅིག་རྡོ་རྗེ་མཁའ་འགྲོ་མ།། གཞི་ལམ་འབྲས་བུ་གསུམ་དུ་འཁྲུལ་པའི་དོན།། གཞི་ནི་ཆེན་པོ་ལྔ་རུ་གནས། ། ཕྱི་ལྟར་ལྷུན་གྲུབ་ནང་ལྟར་ཆོས་ཉིད་ལ།། གསང་བ་ཀུན་གཞི་སྤྱི་ས་ཡིན།། ལམ་དུ་རང་གདངས་འོད་དུ་ཤར།། འབྲས་བུ་ཕུང་པོ་ལྔ་རུ་ཤར།། དེ་ནི་རང་གདངས་ནང་གི་ཡུལ་དུ་གྲུབ་པའི་རི་རབ་འཁྲུལ། ། གླིང་བཞི་མཐིལ་བཞི་གླིང་ཕྲན་རྐང་ཆེན་བརྒྱད།། རི་བདུན་མཚོ་བདུན་ཚོགས་བདུན་སྣང་བ་བདུན།། ཤིང་ལྔ་སྒོ་ལྔ་ལྕགས་རི་བགས་པར་འཁྲུལ།། དེ་ནི་ནང་གི་གྲུབ་ཚུལ་ཡིན།། གསང་བའི་གྲུབ་ཚུལ་བསྟན་པ་ནི། ། དབུས་ཀྱི་རི་རབ་ཙིཏྟ་ལ།། གླིང་བཞི་མཐིལ་བཞི་གླིང་བརྒྱད་ཐེལ་བརྒྱད་དོན།། རི་བདུན་ཐེལ་བདུན་མཚོ་བདུན་ཟུར།། ཤིང་ལྔ་རྩ་ལྔ་ལྕགས་རི་སྙིང།། རྩ་ནག་ཆེན་པོ་ཡིན་པར་བཤད།། ཡང་གསང་གྲུབ་ཚུལ་བསྟན་པ་ནི། ། རྩ་ཡི་རྒྱལ་པོ་རི་རབ་ལ།། རྩ་བཞི་རྩ་བརྒྱད་གླིང་ཕྲན་བརྒྱད།། ཆགས་སྡང་དྲུག་དང་ངོ་བོ་ནི།། རི་བདུན་ཡིན་པར་རག་གདངས་སོ།། དྲུག་དྲུག་ངོ་བོ་བདུན་ནི་མཚོ།། གཏི་མུག་འབྱེད་མེད་མ་རིག་ལྕགས། ། སྒོ་ལྔ་རྩ་ལྔ་ཤིང་དུ་འཁྲུལ་བའོ།། མེ་ལོང་སྣང་བཞི་སྤྱི་སོགས་བཞི།། ཕྱི་ཡི་སྒོ་ལྔ་མངོན་དུ་ཤར།། ནང་གི་སྒོ་ལྔ་སྙིང་ལ་གྲུབ།། གསང་བའི་སྒོ་ལྔ་རྩ་རུ་ཤར།། ཡང་གསང་སྒོ་ནི་འགྱུར་བའི་མིག། མཛོད་ཚང་གཡོས་ཆ་རྒན་རྒོན་བུ་རྨད་ཚང།། ཚང་བང་མུན་ཁང་ཞེས་སུ་བཤད།། ཡུལ་དང་སྲིད་པ་ཀུན་གསལ་ན།། མེ་ལོང་གཅིག་ལ་འོད་བྱུང་བས།། ཕྱོགས་མེད་འོད་ཀྱིས་ཁེངས་པ་ངོ་མཚར་ཆེ།། ཞེས་གསུངས་སོ། ། ཐིག་ལེ་འདྲེ་རྒྱུད་ཆེན་པོ་ལས།། ཕྱི་ནང་གསང་བ་ཡང་གསང་གྲུབ་ཚུལ་གྱི་ལེའུ་སྟེ་བཅུ་དྲུག་པའོ།།།། དེ་ནས་རྡོ་རྗེ་མཁའ་འགྲོ་མས།། གསང་བའི་བདག་པོ་ལ་ཞུས་པ།། ཐོག་མ་གླིང་བཞི་ཆགས་ལུགས་ལས། ། ཕྱི་སྣོད་གྲུབ་པ་དེ་ལྟར་ན།། མི་དང་གླང་སོགས་གོ་མཚོན་དང།། ནོར་གྱི་རྣམ་པ་ཇི་ལྟར་གྲུབ།། ཅེས་ཞུས་པས། རྡོ་རྗེ་སེམས་དཔས་བཀའ་སྩལ་པ།། ཉོན་ཅིག་རྡོ་རྗེ་མཁའ་འགྲོ་མ།། མི་ལ་རྒྱལ་པོ་བློན་པོ་དང། ། དམངས་དང་བྲམ་ཟེ་མི་རིགས་ལྔ།། རྒྱལ་པོ་རིན་ཆེན་རྒྱལ་པོ་རིགས།། བློན་པོ་རིན་ཆེན་བློན་པོའི་རིགས།། ཐམས་ཅད་འཕེལ་བྱེད་བཙུན་མོ་རིན་པོ་ཆེ།། གླང་པོ་རིན་པོ་ཆེ་ལས་བྱོལ་སོང་སོགས། ། ཐམས་ཅད་འབྱུང་བས་གླང་པོ་རིན་པོ་ཆེ།། དམག་དཔོན་རིན་པོ་ཆེ་ལས་གྲུབ་པ་ནི།། མ་བླས་ཕུབ་དང་མ་བརྡུངས་མཚོན།། མ་རྒྱུས་ཁྲབ་ལ་སོགས་པ་འབྱུང་བས་རིན་པོ་ཆེ།། རྟ་མཆོག་ཅང་ཤེས་རིན་ཆེན་རྟ་མཆོག་གྲུབ། ། ནོར་བུ་རིན་པོ་ཆེ་ལས་ནོར་གྱི་ཚོགས་རྣམས་གྲུབ།། རྫས་རྣམས་ཀུན་གྱི་མཆོག་ཏུ་བཤད།། བཅུད་དུ་གྲུབ་པ་རིན་ཆེན་སྣ་བདུན་ཡིན།། འཁོར་ལོ་རིན་པོ་ཆེ་ལས་འགྲོ་དྲུག་འཁྲུལ་པའོ། ། རརྣ་ལོ་ཀ་ཀརྨ་བུ་དྷ་སྤྲ་ས་ར་ད་དུ། ཞེས་གསུངས་སོ།། ཐིག་ལེ་འདྲེ་རྒྱུད་ཆེན་པོ་ལས། བཅུད་བསྟན་པའི་ལེའུ་སྟེ་བཅུ་བདུན་པའོ།།།། དེ་ནས་རྡོ་རྗེ་མཁའ་འགྲོ་མས་ཞུས་པ།། ཀྱེ་ཀྱེ་རྡོ་རྗེ་སེམས་དཔའ་ལགས། ། རྣལ་འབྱོར་བར་ཆོད་འབྱུང་པ་ལ།། དེ་ཡི་བཟློག་ཐབས་ཇི་ལྟར་ལགས།། འཆི་ལྟས་རྣམ་པ་དུ་ཞིག་མཆིས།། ཞེས་ཞུས་པ།། རྡོ་རྗེ་སེམས་དཔས་བཀའ་སྩལ་པ།། འཆི་ལྟས་རྣམ་པ་གསུམ་ཡིན་ཏེ།། བར་ཆད་གདོན་དང་འདུས་པ་ནད། ། ལས་ཀྱི་རྣམ་སྨིན་གསུམ་དུ་བསྟན།། ཉོན་ཅིག་རྡོ་རྗེ་མཁའ་འགྲོ་མ།། རྣལ་འབྱོར་བར་ཆོད་བཟློག་པ་དང།། འཆི་བ་སླུ་བ་བསྟན་པར་བྱ།། དེ་ལ་དང་པོ་བསྟན་པ་ནི།། རྣལ་འབྱོར་འདྲེ་ནི་རླུང་ལ་འཇུག་བ་སྤུའི་བུ་གའི་ཁུང་བུ་ནས། ། རླུང་ཡང་དེ་དང་འདྲ་བར་རྒྱུ།། བུག་པ་དགུ་ཡི་རླུང་དགུ་ནས།། རྣམ་ཤེས་རླུང་ཡང་དགུ་རྒྱུག་སྟེ།། རླུང་ལ་འདྲེ་ཞོན་ནད་དུ་འགྱུར།། དམར་ན་བཙན་དང་མ་མོའི་གདོན། ། མཐིང་ན་བདུད་དང་ནག་མོའི་གདོན།། སེར་ན་དམུ་དང་བསེན་མོའི་གདོན།། དཀར་ན་རྒྱལ་པོ་དཀར་གདོན།། ལྗང་ན་འདྲེ་གདོན་སྣ་ཚོགས་སོ།། སྟེང་རླུང་འོག་རླུང་རང་ལས་གྲུབ།། འདྲེ་ལྔ་རླུང་ལྔ་རང་ལས་གྲུབ། ། བཅོས་ཐབས་སོ་སོའི་སྒོ་རུ་བསྟན།། ནུད་པན་ནི་ཀ་ཞེས་གསུངས་སོ།། ཙན་དན་གྱི་ནགས་ཚལ་ལ་མེ་ཏོག་ཧ་ལོ་ལ་སད་བྱུང་སྟེ།། སླར་གསོ་བའི་བརྡ་བསྟན་པའོ།། ཞེས་གསུངས་སོ།། ཐིག་ལེ་འདྲེ་རྒྱུད་ཆེན་པོ་ལས། བར་ཆོད་གདོན་ངོས་གཟུང་བ་བསྟན་པའི་ལེའུ་སྟེ་བཅོ་བརྒྱད་པའོ།།།། དེ་ནས་རྡོ་རྗེ་མཁའ་འགྲོ་མས་ཞུས་པ། གསང་བའི་བདག་པོ་ཆེན་པོ་ལགས།། འདུས་པའི་ནད་ཀྱིས་འཆི་བ་ཇི་ལྟར་ལགས། ། ཞེས་ཞུས་སོ།། སྟོན་པས་བཀའ་སྩལ་པ།། ཉོན་ཅིག་རྡོ་རྗེ་མཁའ་འགྲོ་མ།། ནད་ལ་བསམ་གྱི་མི་ཁྱབ་སྟེ།། ཉོན་མོངས་བརྒྱད་ཁྲི་བཞི་སྟོང་དང།། རྟོགས་པ་བརྒྱ་དང་བརྒྱད་ཅུ་ལ།། དེ་ལ་ནད་རྣམས་འཇུག་པར་བྱེད། ། བསྡུས་པས་འབྱུང་བ་ལྔ་ཡི་ནད།། སེར་ན་མཁྲིས་པ་དམར་ན་ཚ་བ་ནད།། མཐིང་ན་བད་ཀན་དཀར་ན་རླུང།། ལྗང་ན་འདུས་པའི་ནད་ཡིན་ཏེ།། འབྱུང་བ་ལྔ་ཡི་ཁམས་དང་སྦྱར།། རྒྱུ་དང་རྐྱེན་ལས་བཅོས་ཐབས་རྫས་སྦྱོར་གཅེས། ། སོ་སོ་རང་རེའི་གཉེན་པོ་སྦྱོར་བས་བཅོས།། འདུས་པ་ནད་ཀྱིས་འཆི་བ་བསླུ་བ་ཡིན།། གངས་དཀར་གྱི་རྩེ་མོ་ལ།། ཨུ་དུམ་ཝ་རའི་སད་བསྲུང་བའི་མན་ངག། བརྡ་དང་དོན་གྱིས་བསྟན་པའོ།། ཞེས་གསུངས་སོ།། ཐིག་ལེ་འདྲེ་རྒྱུད་ཆེན་པོ་ལས།། འདུས་པ་ནད་ཀྱི་འཆི་ལྟས་ཀྱི་ལེའུ་སྟེ་བཅུ་དགུ་པའོ།།།། རྡོ་རྗེ་མཁའ་འགྲོ་མས་ཞུས་པ།། ཀྱེ། བཅོམ་ལྡན་རྡོ་རྗེ་སེམས་དཔའ་ལགས། ། ལས་ཀྱི་རྣམ་སྨིན་འཆི་བ་ཡི།། བར་དོ་ངན་འགྲོ་འཁོར་བས་ན།། དེ་ཡི་གདམས་ངག་བསྟན་དུ་གསོལ།། ཅེས་ཞུས་པས། རྡོ་རྗེ་སེམས་དཔས་བཀའ་སྩལ་པ།། ཉོན་ཅིག་རྡོ་རྗེ་མཁའ་འགྲོ་མ། ། བར་དོའི་འབྲས་བུ་བཟློག་པ་ནི།། རིན་པོ་ཆེའི་ཟ་མ་ཏོག་འོད་འབར་བ་དེ་ལ། ཐོབ་ཤས་བྱས་པས་ནམ་སྲོས་མུན་རུམ་དུ་ཆུད་དེ་འགྲོ་བས། བར་དོའི་རིན་ཆེན་སྣ་ལྔའི་མེ་མར་བཏེག་པའི་བརྡ།། དྲོད་དང་ཡི་གེ་མདོག་གསུམ་པོ། ། དཀར་པོ་རྐང་མཐིལ་ཡི་གེ་དུ།། དམྱལ་བ་འགྲོ་བའི་སྔ་ལྟས་ཡིན།། དམར་པོ་གསང་བའི་ཡི་གེ་བྲི།། ཡི་དྭགས་འགྲོ་བའི་སྔ་ལྟས་ཡིན།། མཐིང་ཀ་ལྟེ་བ་ཡི་གེ་སུ།། བྱོལ་སོང་འགྲོ་བའི་སྔ་ལྟས་ཡིན། ། སེར་པོ་སྙིང་ཁ་ཡི་གེ་ཎི།། མི་རུ་འགྲོ་བའི་སྔ་ལྟས་ཡིན།། ལྗང་ནག་མགྲིན་པའི་ཡི་གེ་ཨ།། མི་མ་ཡིན་གྱི་སྔ་ལྟས་ཡི།། སྤྱི་བོ་ལྗང་ཁུ་ཡི་གེ་ཨ།། ལྷ་རུ་འགྲོ་བའི་སྔ་ལྟས་སོ།། དམྱལ་བ་ཚ་གྲང་སྡུག་བསྔལ་དང། ། ཡི་དྭགས་བཀྲེས་སྐོམ་གྱིས་གདུངས་པ།། བྱོལ་སོང་གླེན་ལྐུགས་ཆོས་བྱོལ་ནས།། ལྷ་མ་ཡིན་གྱི་རྩོད་འགྱུར་དང།། ལྷ་ཡི་གནས་ནས་ལྷུང་བས་ན།། མི་ཡི་རྒྱུ་རྐྱེན་བསྟན་པར་བྱ།། འབྲས་བུ་ངེས་པར་ཐོབ་པར་འགྱུར། ། རྒྱུ་རྐྱེན་གདམས་བས་འཆི་ལྟས་གདབ།། ཡུལ་འོད་ཟེར་ཅན་གྱི་ལྡུམ་ར་ན། གསེར་གྱི་མཆོད་རྟེན་སྐུར་བཞུགས་པའི་བརྡ་བསྟན་པའོ།། ཞེས་གསུངས་སོ།། ཐིག་ལེ་འདྲེ་རྒྱུད་ཆེན་པོ་ལས། རྣམ་སྨིན་བཟློག་པའི་ལེའུ་སྟེ་ཉི་ཤུ་པའོ། །།། དེ་ནས་རྡོ་རྗེ་མཁའ་འགྲོ་མས་ཞུས་པ། སྣང་བ་སྒྱུར་ཐབས་མེད་པ་ཇི་ལྟར་ལགས།། དེ་ཡི་བརྡ་དོན་གསུང་དུ་གསོལ།། ཅེས་ཞུས་སོ།། སྟོན་པ་རྡོ་རྗེ་སེམས་དཔས་བཀའ་སྩལ་པ། ཉོན་ཅིག་རྡོ་རྗེ་མཁའ་འགྲོ་མ། སྔོན་བྱུང་བའི་སྤོས་རི་ཞེས་བྱ་བ་ན། རིན་པོ་ཆེ་སྣ་ལྔའི་འོད་ཡོད་པ་ལ། ཅང་ཤེས་ཀྱི་རྟ་ལ་ཞོན་ནས་བརྒྱུགས་པས། མྱུར་མགྱོགས་ཀྱི་རྟ་ཁ་མ་ཐུབ་ནས་མུན་པ་སྨག་གི་བྲག་ཕུག་ཏུ་ཆུད་དོ། ། བར་དོ་སྣང་བ་བསྒྱུར་ཐབས་མེད་པ་ནི།། མཚམས་མེད་ལྔ་བྱས་རྡོ་རྗེ་སློབ་དཔོན་བསད།། སྣང་བ་བཟློག་པའི་ཐབས་མེད་དེ།། དཔེར་ན་རི་བོའི་རྩེ་མོ་ནས།། འོད་ཟེར་ཕྱོགས་མེད་འཆར་བ་ལ། ། སུས་ཀྱང་ཁེགས་པར་གལ་འགྱུར།། མནར་མེད་རང་སྣང་རང་ལ་ཤར་བ་དེ།། གཞན་གྱིས་བཟློག་ཏུ་རང་བྱུང་ཅི་ལ་ཟློགས།། འཆི་ལྟས་མ་བྱུང་བར་དུ་ངོ་སྤྲོད་བྱས་གྱུར་ན།། མནར་མེད་དེ་ཡི་སྣང་བ་ཆོས་མིན་ཐིག་ལེར་འབར། ། འབར་བའི་རྒྱལ་པོ་རིན་ཆེན་ཁོང་ནས་འཆར།། ཞེས་གསུངས་སོ།། སྐྱེས་བུ་གྱད་པ་གཅོད་བྱེད་བྱ་བས།། བཙུན་མོ་ལེགས་མོ་ཅིག་ལ་མདའ་བཙུགས་པས། མདས་བཙུན་མོ་ཟང་ཐལ་དུ་སོང་ནས་བསད་དོ། ། དེ་ངོ་མཚར་ཆེ། ཐིག་ལེ་འདྲེ་རྒྱུད་ཆེན་པོ་ལས། སྣང་བ་བསྒྱུར་དུ་མི་བཏུབ་པ་དང་རྣམ་སྨིན་ངོ་སྤྲོད་པས་གྲོལ་བའི་ལེའུ་སྟེ་ཉེར་གཅིག་པའོ།།།། དེ་ནས་རྡོ་རྗེ་མཁའ་འགྲོ་མས་ཞུས་པ། སྟོན་པ་རྡོ་རྗེ་སེམས་དཔའ་ལགས།། ཐུན་མོང་འཆི་ལྟས་དེ་ལྟར་ལགས།། ཁྱད་པར་འཆི་རྩིས་བསྟན་དུ་གསོལ།། ཅེས་ཞུས་པས། སྟོན་པས་བཀའ་སྩལ་པ། ཉོན་ཅིག་རྡོ་རྗེ་མཁའ་འགྲོ་མ།། ཁྱད་པར་འཆི་ལྟས་བསྟན་པ་ནི། ། ཡུལ་ཁྱབ་བྱེད་འབྱུང་བའི་མེ་ལོང་དུ།། སྤྲིན་སྣ་ཚོགས་སྣང་བའི་གཟུགས་ཅན་ལ།། དྲང་སྲོང་གི་ཆད་པ་གསལ་བ་ནི།། ཀུན་ཏུ་བཟང་པོའི་ཐུགས་ཀྱི་འོད།། རྡོ་རྗེ་སེམས་དཔའི་སྐུ་ཡི་མདངས། ། དགའ་རབ་རྡོ་རྗེས་ལུང་བསྟན་ཏེ།། ས་དང་ནམ་མཁའ་གཉིས་ལ་བརྟག། མཁའ་ལ་བག་རྡུལ་མེད་པས་དུས།། དངུལ་གྱི་གཞོང་པ་ལྟ་བུ་ཡི།། དེ་ཡི་ནང་ན་རང་གདངས་གསལ།། མདོག་སྐྱ་རང་གིས་གྲིབ་མ་བརྟག། གྲིབ་མ་རྣམ་པ་གསུམ་ཡིན་ཏེ།། འདུས་པ་ནད་དང་བར་ཆད་གདོན།། ལས་ཀྱི་རྣམ་པར་སྨིན་པའོ།། དེ་རྣམས་གོ་རིམ་ཇི་བཞིན་དུ།། མཚན་མ་རྟགས་ཀྱི་རང་གདངས་ལ།། རང་དང་འཁོར་གྱི་རྟགས་བསྟན་ཏེ། ། ཉིན་མོ་ནུབ་ལྟ་མཚན་མོ་ཤར།། ཟླ་བ་ཉི་མའི་གྲིབ་མ་བརྟག། དེ་ཚེ་མཎྜལ་མ་བྱས་ན།། ཆོ་འཕྲུལ་ལོག་པར་འགྱུར།། དེ་ནས་གསོལ་བ་གདབ་པར་བྱ།། དེ་ནས་མཆོད་པ་རྣམ་ལྔ་དབུལ།། མཎྜལ་པུ་ཙ་མ་ཧ་ཧོ། ། ཞེས་གསུངས་སོ།། འདྲེ་རྒྱུད་ཆེན་པོ་ལས། སྔོན་དུ་བྱ་བ་བསྟན་པ་སྟེ་ཉེར་གཉིས་པའོ།།།། དེ་ནས་མཁའ་འགྲོ་མས་ཞུས་པ། རྡོ་རྗེ་སེམས་དཔའ་སྟོན་པ་ཀུན་གྱི་རྗེ།། གྲིབ་མའི་མཚན་མ་བསྟན་དུ་གསོལ། ། ཅེས་ཞུས་པས། རྡོ་རྗེ་སེམས་དཔས་བཀའ་སྩལ་པ།། གྲིབ་མའི་མཚན་ཉིད་བསྟན་པ་ནི།། ལྗོན་ཤིང་ཕུང་པོ་རྒྱས་པ་ལ།། ཡལ་ག་སྡོང་པོ་སོ་སོ་གྱེས།། གྱེས་པ་སླར་ལ་བསྡུ་བ་ནི།། རྡོ་རྗེ་སེམས་དཔའི་མེ་ལོང་བསྟན་པ་ནི། ། དངུལ་གྱི་མཚོ་མོ་གསེར་གྱི་ཉ་མོའི་ལུས་བརྟགས་པས།། དགའ་རབ་རྡོ་རྗེ་ལུང་བསྟན་པ།། རོ་བལྟུམས་འདྲ་ན་ཟླ་གཅིག་ན།། རྣལ་འབྱོར་པ་ནི་བརླག་པར་འགྱུར།། མགོ་མཇུག་ལོག་ན་གཉིས་ན་འཆི། ། མགོ་བོ་ཆད་ན་གསུམ་ན་འཆི།། གདུགས་སོགས་པོ་ཏི་མཚན་མ་བརྟགས།། སློབ་དཔོན་སློབ་མ་འཆི་བར་འགྱུར།། ལག་པ་གཡས་པ་ཆད་པ་ན།། ཕ་སྤུན་མ་སྤུན་བཞི་ནས་འཆི།། ལག་པ་གཡོན་པ་ཆད་གྱུར་ན། ། བུ་དང་ཆུང་མ་བཞི་ན་འཆི།། རྐང་པ་གཡས་པ་ཆད་གྱུར་ན།། མ་དང་བུ་མོ་སྲིང་མོ་དག། བཞི་ན་འཆི་བར་འགྱུར་བ་ཡིན།། རྐང་པ་གཡོན་པ་ཆད་གྱུར་ན།། ཕ་སྤུན་མོ་དང་མ་སྤུན་མོ།། ཟླ་བ་བཞིན་ནས་འཆི་བར་འགྱུར། ། ཞེས་གསུངས་སོ།། ཐིག་ལེ་འདྲེ་རྒྱུད་ཆེན་པོ་ལས།། རང་གདངས་བརྟགས་པའི་ལེའུ་སྟེ་ཉེར་གསུམ་པའོ།།།། རྡོ་རྗེ་མཁའ་འགྲོ་ཚོགས་ཀྱིས་སུ།། བཅོམ་ལྡན་རྡོ་རྗེ་སེམས་དཔའ་ལ། ། གདོན་དང་ནད་དང་རྣམ་སྨིན་གསུམ།། དེ་ཡི་རང་གདངས་བསྟན་དུ་གསོལ།། ཅེས་ཞུས་པས། རྡོ་རྗེ་སེམས་དཔས་བཀའ་སྩལ་པ།། ཉོན་ཅིག་རྡོ་རྗེ་མཁའ་འགྲོ་མ།། གདོན་གྱི་གདངས་བསྟན་པ་ནི། ། བརྡ་དང་དོན་དུ་བསྟན་པར་བྱ། ཁྱབ་བརྡལ་མཐིང་གི་མེ་ལོང་དུ།། འོད་ཁ་དོག་ལྔ་རང་གདངས་སུ་གསལ་ལོ།། དེ་ལ་བལྟས་ན་རང་གི་ལུས་དངོས་སུ་སྟོན་ནོ།། དེ་ལ་འདྲེ་དག་ཞུགས་འགྱུར་ན།། འདྲ་འབག་དཀར་དམར་སྣ་ལྔ་ཡིས། ། རང་སྲོག་རང་གི་གཅོད་འགྱུར་བས།། འབག་དེ་ངོ་ཡིས་གཟུང་བར་བྱ།། ངོས་ཟིན་དེ་ལ་མདོས་བསྔོས་ལ།། སྲོག་གི་གླུད་ནི་སྦྱིན་བྱས་ནས།། འབག་དེ་དངོས་སུ་མཁའ་ལ་འགྲོ།། རྡོ་རྗེ་མཁའ་འགྲོའི་འབག་བསླུས་ཡིན། ། མེ་ཡི་འབག་ནི་དམར་པོ་དེས།། རང་གདངས་ལུས་ལ་ཁྱབ་བྱས་ནས།། མགོ་བོ་ལ་སོགས་གོ་རིམ་བཞིན།། འབག་གི་གདོན་དེ་མཐོང་བ་ན།། རྡོ་རྗེ་ཀླུ་བཙན་སྨུག་མོས་ནི།། རང་གི་སྲོག་ལ་བར་ཆད་བྱེད། ། དེ་བཞིན་ཕསྤུན་ལ་སོགས་བརྟགས།། ནམ་མཁའི་འདྲ་འབག་མཐིང་ཀ་དག། མགོ་ལ་སོགས་པ་གོ་རིམ་བཞིན།། བདུད་དང་ནག་མོས་སྲོག་ལ་རྐུ།། དེ་ཡང་གོང་དུ་ཤེས་པར་བྱ།། འཆི་བདག་བདུད་དེ་གསལ་བར་བྱ། ། ཆུ་ཡི་འབག་ནི་དཀར་པོ་དག། མགོ་བོ་ལ་སོགས་ལུས་ལ་ཞུགས།། གོ་རིམས་བཞིན་དུ་རབ་ཏུ་བརྟག། རྒྱལ་པོ་དཀར་མོའི་གདོན་དུ་བསྟན།། ས་ཡི་འབག་ནི་སེར་པོ་དག། ལུས་ལ་སོགས་པའི་གདོན་དུ་བསལ། ། དེ་ཡིས་བར་དུ་གཅོད་པ་ན།། དམུ་དང་སེར་མོར་ཤེས་པར་བྱ།། རླུང་གི་འབག་ནི་ལྗང་ཁུ་དག། མགོ་ལུས་དག་ལ་ཞུགས་པ་གསལ།། དེ་ནི་སྤྱི་བདུད་བར་ཆོད་ཡིན།། སྣ་ཚོགས་འདྲེ་རུ་ཤེས་པར་བྱ། ། བར་ཆོད་གདོན་གྱི་བཅོས་ཐབས་དང།། རྟེན་འབྲེལ་རྫས་ཀྱི་བཅོས་ཐབས་གཅེས།། ཞེས་གསུངས་སོ།། ཐིག་ལེ་འདྲེ་རྒྱུད་ཆེན་པོ་ལས། གདོན་ངོས་གཟུང་བའི་ལེའུ་སྟེ་ཉེར་བཞི་པའོ། །།། རྡོ་རྗེ་མཁའ་འགྲོ་མའི་ཚོགས་ཀྱིས།། བཅོམ་ལྡན་རྡོ་རྗེ་སེམས་དཔའ་ལ།། ལས་ཀྱི་རྣམ་སྨིན་བསྟན་དུ་གསོལ།། ཅེས་ཞུས་པས། རྡོ་རྗེ་སེམས་དཔས་བཀའ་སྩལ་པ།། ཉོན་ཅིག་རྡོ་རྗེ་མཁའ་འགྲོ་མ། ། རང་དང་དོན་གྱི་ངོ་སྤྲོད་བསྟན་པར་བྱ།། རང་སྣང་རྣམ་དག་མེ་ལོང་ལ།། བཙུན་མོ་མཛེས་མ་སྣ་ཚོགས་མདོག། དེ་ཡིས་བསྟན་པའི་དུས་གཅིག་ན།། མོ་ཡི་རང་གིས་མདངས་སྟོར་བས།། སུས་ཀྱང་མི་རྙེད་བརླགས་པར་འགྱུར། ། ལས་ཀྱི་མེ་ལོང་གསང་བ་ནང།། སྲིད་པ་འབྱུང་བའི་ལུས་པོ་གསལ།། རྟག་ཏུ་ལྟས་ན་ཆོ་འཕྲུལ་མཐོང།། མ་ལྟས་བར་ཆད་ཟློག་མི་འགྱུར།། དེས་ན་བརྟག་པ་རབ་ཏུ་གཅེས།། ལུས་ཀྱི་རང་གདངས་མི་སྣང་ན། ། མཎྜལ་མཆོད་པ་ཕུལ་ལ་བལྟ།། དེས་ནི་གསལ་བར་མ་ནུས་ན།། ལུས་ཀྱི་མཐའ་ནི་ཟད་པ་ཡིན།། ཚེ་ཟད་པར་ནི་ཤེས་པར་བྱ།། ངོ་སྤྲོད་དབང་བསྐུར་བྱ་བར་ཤིས།། དེ་ལྟར་མ་བྱས་འཁོར་བར་འཁྱམ། ། འཁྲུལ་འཁོར་རང་གྲོལ་རང་སྣང་ཡིན།། རང་གྲོལ་རང་བྱུང་རང་ཤར་བའི།། གནད་ཀྱི་དམ་པ་ཤེས་པར་གྱིས།། སྔོན་མཁའ་གསལ་བའི་ནང་ན་བདུད་ཧ་ལི་ཀ་ངོ་བཞིན་དེ།། ཁོའི་སྣང་བ་གཡུའི་མེ་ལོང་ལ་གསལ་ཏེ། དུས་དུས་དག་ཏུ་ལྟ་བ་ལ། དུས་ནམ་ཞིག་ན་ཁོའི་ངོ་བཞིན་དེ། བདུད་སྲིད་པའི་ངོ་བཞིན་གྱིས་ཁྱེར་བས། ཁོ་མྱ་ངན་གྱིས་ཟིན་ཀྱང་ཕན་མེད་དོ།། དེ་ལ་མྱ་ངན་གྱིས་མི་ཕན་པ་ངོ་མཚར་ཆེ། མ་ལྷ་ནུད་ཏི་ཤ་ཧ་ཨ། ཞེས་གསུངས་སོ།། ཐིག་ལེ་འདྲེ་རྒྱུད་ཆེན་པོ་ལས། ལས་ཀྱི་རྣམ་སྨིན་བསྟན་པའི་ལེའུ་སྟེ་ཉེར་ལྔ་པའོ།།།། རྡོ་རྗེ་མཁའ་འགྲོ་ལ་སོགས་ཀྱིས།། བཅོམ་ལྡན་རྡོ་རྗེ་སེམས་དཔའ་ལ། ། འཆི་བ་བསླུ་བ་གསུང་དུ་གསོལ།། ཞེས་ཞུས་པས། རྡོ་རྗེ་སེམས་དཔས་བཀའ་སྩལ་པ།། ཉོན་ཅིག་རྡོ་རྗེ་མཁའ་འགྲོ་མ།། ཟབ་མོ་བརྡ་ཡི་ངོ་སྤྲོད་བསྟན་པར་བྱ།། ཉི་ཟླ་གཉིས་ལ་རྩེ་ནུས་ན།། འཆི་བ་བསླུ་བར་གདོན་མི་ཟ། ། དྲང་སྲོང་ཆེན་པོ་ཉེ་ནག་དེ།། རང་གི་དངུལ་དཀར་མེ་ལོང་ལ།། ནང་ནུབ་གཉིས་སུ་བལྟ་བ་ལ།། ཁོ་ཡི་བྱད་ལ་འདྲེ་གདོན་ཞུགས།། འདྲེ་དེ་བསླུ་བར་བྱ་བ་ནི།། ལྟ་བའི་སྟོབས་ཀྱིས་བསླུ་བ་དང། ། སྤྱོད་པའི་སྟོབས་ཀྱིས་བསླུ་བ་དང།། སྒོམ་པའི་སྟོབས་ཀྱིས་བསླུ་བ་དང།། རྟེན་འབྲེལ་རྫས་ཀྱིས་བསླུ་བ་འོ།། མཁའ་འགྲོ་མ་ཡི་ཚོགས་རྣམས་ཉོན།། གངས་དཀར་རྩེ་ཡི་སེང་གེ་ལ།། རྩལ་གསུམ་རྫོགས་པས་སྡེར་ཆགས་ཟིལ་གྱིས་མནན། ། ཟིན་གནོན་སྟོབས་ཀྱི་འདྲེ་དེ་བསླུ།། རིན་ཆེན་ཐིག་ལེ་རང་འབར་ལ།། བསྐྱེད་རྫོགས་རྣམ་གསུམ་ཟིལ་གྱིས་མནན།། ཟིལ་གནོན་སྟོབས་ཀྱིས་ལྟ་བ་ནི།། རྒྱུ་རྐྱེན་མེད་པས་ཆོས་མིན་ཡིན། ། ཕྱི་ནང་མེད་པར་ཐིག་ལེའི་དོན།། རང་གྲོལ་ཡེ་ཤེས་འབྲས་བུ་སྟེ།། གཉིས་མེད་ཡེ་ཤེས་ཐིག་ལེ་ལ།། གཉིས་སྣང་གདོན་གྱིས་འདྲེ་དེ་བསླུས།། ཆོས་ལས་མ་བྱུང་འབྲས་བུ་ཡང།། མི་སྲིད་སྲིད་པའི་ཆོས་ཡིན་ནོ། ། ཀུན་བཟང་སློབ་དཔོན་མ་བརྟེན་པ།། མི་སྲིད་སྲིད་པའི་སངས་རྒྱས་ཡིན།། དམྱལ་བའི་གནས་ཀྱི་སྡུག་བསྔལ་སོགས།། རང་གྲོལ་ཤེས་པས་སངས་རྒྱས་པ།། མི་སྲིད་སྲིད་པའི་ཆོས་མིན་ཡིན།། སྡུག་བསྔལ་སངས་རྒྱས་རང་སྣང་བ། ། མི་སྲིད་སྲིད་པའི་ཡེ་ཤེས་ཡིན།། ཁྱུང་ཆེན་གཟན་མ་མི་དགོས་པ།། མི་སྲིད་སྲིད་པའི་སྲོག་ཆགས་ཡིན།། ཞེས་གསུངས་སོ།། ཐིག་ལེ་འདྲེ་རྒྱུད་ཆེན་པོ་ལས། ལྟ་བའི་བསླུ་བའི་ལེའུ་སྟེ་ཉེར་དྲུག་པའོ། །།། དེ་ནས་རྡོ་རྗེ་མཁའ་འགྲོ་མས།། རྡོ་རྗེ་སེམས་དཔའ་ཀུན་རིག་རྗེ།། སྤྱོད་པའི་སྟོབས་ཀྱིས་བསླུ་བ་གསུང་དུ་གསོལ།། ཅེས་ཞུས་པས། རྡོ་རྗེ་སེམས་དཔས་བཀའ་སྩལ་པ།། ཉོན་ཅིག་རྡོ་རྗེ་མཁའ་འགྲོ་མ། ། རྨ་བྱ་རྒྱལ་པོ་གསེར་འོད་ཀྱིས།། མ་ཟོས་པ་ཡི་ཟས་མེད་པས།། དུག་ལ་ཁམ་གཅིག་ཟ་མ་མྱོང།། ལན་ཅིག་ནགས་ཁྲོད་གནས་སུ་ཕྱིན།། དུག་གི་རྒྱལ་པོ་ཧ་ལོ་དེ།། ཁ་དོག་ལྔ་དང་ལྡན་ནས་འདུག། དེ་ལ་ཁམ་གཅིག་ཟོས་པ་དང།། རྨ་བྱའི་རྒྱལ་པོ་གསེར་དུ་སྣང་བ་དེ།། སྤུ་ཁ་ལྔ་དང་ལྡན་པར་འགྱུར།། རང་སྐད་ཀྲིང་ཀྲིང་སོད་ཅེས་བྱ།། དེ་ནས་རྨ་བྱའི་རྒྱལ་མོ་ཡིས།། དུག་གི་རྒྱལ་པོ་དེ་ལ་ཟོས། ། རང་སྐད་གདངས་དང་ཆས་པ་ཡིས།། རྨ་བྱ་རྒན་རྒོན་གསོས་སུ་གྱུར།། དུག་གིས་འཚོ་བའི་རྨ་བྱ་རྣམས།། དེ་ཡང་མི་སྲིད་སྲིད་པའི་ཆོས།། ཞེས་གསུངས་སོ།། ཐེག་པའི་རྒྱལ་པོ་འདྲེ་རྒྱུད་འདིས།། གྲུབ་མཐའི་རྒྱལ་པོར་རང་ཤར་བསྟན། ། སྤྱོད་པའི་རྒྱལ་པོ་དུག་ལྔ་རང་ཤར་ལ།། ལམ་གྱི་རྒྱལ་པོ་རང་ཤར་རང་གྲོལ་བསྟན།། ཉམས་ཀྱི་རྒྱལ་པོ་སྣང་སྲིད་ཐིག་ལེར་བརྡལ།། འདོད་ཆགས་ཞེ་སྡང་རང་རྒྱུད་གྲགས་སུ་འགྱུར། ། ཐེག་བརྒྱད་ཀུན་བརྟགས་རྣམས་ནི་དུག་ལྔ་སྤོང།། ཐེག་ཆེན་རྒྱལ་པོ་འདི་ནི་མཉམས་ཉིད་གྲོགས་སུ་འགྱུར།། ཞེས་གསུངས་སོ།། ཐིག་ལེ་འདྲེ་རྒྱུད་ཆེན་པོ་ལས། སྤྱོད་པའི་སྟོབས་ཀྱིས་བསླུ་བའི་ལེའུ་སྟེ་ཉེར་བདུན་པའོ། །།། དེ་ནས་རྡོ་རྗེ་མཁའ་འགྲོ་མས།། བཅོམ་ལྡན་རྡོ་རྗེ་སེམས་དཔའ་ལ།། སྒོམ་པས་བསླུ་བ་གསུང་དུ་གསོལ།། ཅེས་ཞུས་སོ།། རྡོ་རྗེ་སེམས་དཔས་བཀའ་སྩལ་པ།། ཉོན་ཅིག་རྡོ་རྗེ་མཁའ་འགྲོ་མ། ། དྲང་སྲོང་དུར་ཁྲོད་དག་ན་གནས་པ་ལ།། སྟག་དང་དོམ་གྱིས་མི་སྡུག་བྱས།། དྲང་སྲོང་སྙིང་རླུང་ཞུགས་ནས་ནི།། དེ་ནས་སྨན་པ་བཙལ་བ་ལས།། སྨན་པའི་རྒྱལ་པོ་གཞོན་ནུ་ཁུགས།། སྙིང་རླུང་ཅན་དེའི་སྨན་དུ་ནི། ། སྨན་ཆེན་ལྔ་པོ་གཅིག་ཏུ་སྦྱར།། དྲང་སྲོང་དེ་ལ་གཏང་བ་ལས།། སྙིང་རླུང་ཞི་ནས་བདེ་བ་སྐྱེས།། བདེ་བའི་ཉམས་ཀྱིས་གཟུང་བ་ནི།། རྒོད་དྲུག་རྙི་ལ་ཟིན་པ་འདྲ།། སྒོམ་པའི་སྟོབས་ཀྱིས་བསླུ་བ་ནི། ། རིག་པ་དྲང་ཚུགས་བདེ་གསལ་དེ།། ཞེ་སྡང་གཏི་མུག་བསྒོམ་པར་བྱ།། རླུང་གིས་བདེ་བ་བསྐྱེད་པའི་ཕྱིར།། རླུང་གཟུང་བདེ་བ་བསྒོམ་པར་བྱ།། དུག་ལྔ་རང་གསལ་མི་རྟོག་སྒོམ།། མ་རིག་རླུང་ནི་ཞི་གནས་རླུང་ལ་གནས། ། རླུང་ཟིན་པས་ནི་བསླུས་པར་འགྱུར།། ཕྱི་རླུང་གློད་ལ་ནང་རླུང་བསྡམ།། མཁའ་ལ་གཏད་པས་རྟོག་པ་ཞི།། ཞི་གནས་བསྒོམས་པས་བསླུ་བར་འགྱུར།། ཞེས་གསུངས་སོ།། ཐིག་ལེ་འདྲེ་རྒྱུད་ཆེན་པོ་ལས། ། སྒོམ་པས་བསླུ་བའི་ལེའུ་སྟེ་ཉེར་བརྒྱད་པའོ།།།། དེ་ནས་རྡོ་རྗེ་མཁའ་འགྲོ་མས།། བཅོམ་ལྡན་རྡོ་རྗེ་སེམས་དཔའ་ལ།། རྟེན་འབྲེལ་རྫས་ཀྱིས་བསླུ་བ་བསྟན་པར་ཞུ།། ཞེས་ཞུས་སོ།། རྡོ་རྗེ་སེམས་དཔས་བཀའ་སྩལ་པ། ། ཉོན་ཅིག་རྡོ་རྗེ་མཁའ་འགྲོ་མ།། རྟེན་འབྲེལ་རྫས་ཀྱི་བསླུ་བ་ནི།། མི་རྟ་ཁྱི་ཡི་རུས་པ་ལ།། རང་གི་དྲི་མས་བྱུགས་ནས་ནི།། ངར་གླུད་ཁྲུ་གང་ཚད་དུ་བྱ།། གང་གི་གོས་ཀྱང་དེ་ལ་བསྐོན།། ས་ཕྱོགས་རྒྱ་གྲམ་དག་ཏུ་ནི། ། ཁུང་བུ་བྲུས་ཏེ་སྦ་བར་བྱ།། མི་དེ་འཆི་བ་ཟློག་པར་འགྱུར།། དེ་ཡིས་རང་གདངས་མ་གསལ་ན།། འཁོར་གསུམ་ཡོངས་སུ་དག་པ་བྱ།། དེས་ཀྱང་ཐུབ་པར་མ་གྱུར་ན། ། ཚོགས་ཀྱི་འཁོར་ལོས་བསླུས་པར་འགྱུར།། འབྱུང་པོའི་གཏོར་མ་བཏང་བས་ཀྱང།། འཆི་བ་བསླུས་པར་འགྱུར་པ་ཡི།། ཚ་ཚྭ་འབུམ་དུ་བཏབ་པས་ཀྱང།། འཆི་བས་བསླུས་པར་འགྱུར་བ་ཡིན།། ཆུ་ཡི་གཏོར་མ་འབུམ་བཏང་ན། ། དེས་ཀྱང་བསླུས་པར་འགྱུར་བ་ཡིན།། དེ་རྣམས་དག་གིས་མ་བསླུས་ནི།། ལས་ཀྱི་རྣམ་པར་སྨིན་པ་ཡིན།། རྣམ་སྨིན་རྟགས་དེ་གོང་དུ་ཤེས།། ཞེས་གསུངས་སོ།། ཐིག་ལེ་འདྲེ་རྒྱུད་ཆེན་པོ་ལས། འཆི་བ་སྦྱོར་བས་བསླུ་བའི་ལེའུ་སྟེ་ཉེར་དགུ་པའོ།།།། དེ་ནས་རྡོ་རྗེ་མཁའ་འགྲོ་མས།། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ལགས།། འཕོ་བའི་གདམས་ངག་གསུང་དུ་གསོལ།། ཅེས་ཞུས་པས། རྡོ་རྗེ་སེམས་དཔས་བཀའ་སྩལ་པ། ། ཉོན་ཅིག་རྡོ་རྗེ་མཁའ་འགྲོ་མ།། འཕོ་བའི་གདམས་ངག་བསྟན་པ་ནི།། དབང་པོ་རབ་འབྲིང་ཐ་མ་གསུམ།། སྐུ་གསུམ་རང་ལུགས་ཤེས་ནས་ནི།། རབ་ནི་སྐད་ཅིག་གསུམ་ལ་འཕོ། ། དབུགས་ཆད་པ་ཡི་སྐད་ཅིག་མ།། རང་སྣང་ཤར་བའི་སྐད་ཅིག་མ།། མངོན་དུ་གྱུར་བའི་སྐད་ཅིག་མ།། རང་གྲོལ་འུབ་ཆུད་སྐད་ཅིག་མ།། དུས་བཞི་མཉམ་པར་སྦྱར་ནས་ནི།། རབ་ཀྱིས་འཕོ་བའི་དུས་ཡིན་ཏེ། ། དུས་གསུམ་གཅིག་སྟེ་ཁྱད་པར་མེད།། དུས་བཞི་རང་གྲོལ་དགོངས་པའི་མཆོག། སྐད་ཅིག་རྣམ་པ་བཞི་པོ་དེ།། མཐུན་པ་ཀྲི་ཡའི་ཚུལ་ཙམ་ཡིན།། རང་ཤར་རང་གྲོལ་འདུ་འབྲལ་མེད།། འུབ་ཆུབ་བྱང་ཆུབ་ཀློང་དུ་གསལ། ། ཐིག་ལེར་བརྩེགས་པའི་རྩེ་མོར་ཕྱིན།། ས་རྣམས་མ་བགྲོད་རང་སར་སླེབ།། ལམ་རིངས་མ་སྦྱངས་རང་ས་ནོན།། འདུ་འབྲལ་མེད་པའི་ཡེ་ཤེས་ཤར།། དབང་པོ་རབ་ཀྱི་འཕོ་བ་ཡིན།། དབུས་ཀྱི་རི་བོ་མཆོག་རབ་དེ། ། རིན་ཆེན་སྣ་ལྔར་ཤར་བ་ཡིས།། མུན་པ་བྱ་བ་ཡུལ་ན་མེད།། ཉི་ཟླ་ཟུང་གཅིག་འདུ་འབྲལ་མེད།། ཅེས་གསུངས་སོ།། ཐིག་ལེ་འདྲེ་རྒྱུད་ཆེན་པོ་ལས། དབང་པོ་རབ་ཀྱི་འཕོ་བའི་ལེའུ་སྟེ་སུམ་ཅུ་པའོ། །།། རྡོ་རྗེ་མཁའ་འགྲོ་མས་ཞུས་བ།། བཅོམ་ལྡན་རྡོ་རྗེ་སེམས་དཔའ་ལགས།། འབྲིང་པོའི་འཕོ་བ་བསྟན་དུ་གསོལ།། ཅེས་ཞུས་པས། རྡོ་རྗེ་སེམས་དཔས་བཀའ་སྩལ་པ།། ཉོན་ཅིག་རྡོ་རྗེ་མཁའ་འགྲོ་མ། ། རིན་ཆེན་གསེར་གྱི་བུམ་པ་ནི།། ཞུགས་མར་འབར་བ་རྟག་ཏུ་གསལ།། གསེར་གྱི་བུམ་པས་ཞུན་མར་བསྒྲིབས།། ཁ་ཕྱེ་བལྟས་ན་ཞུན་མར་གསལ།། ནང་གསལ་ཕྱི་མི་གསལ་བ་ལ།། བུམ་པའི་གཟེར་བུ་ཆད་པ་དང། ། ཕྱི་རོལ་འོད་ཀྱི་སྣང་བས་ཁེབས།། བརྡ་ཡི་རྟགས་ནི་འདི་ལྟ་སྟེ།། ཕྱི་ལུས་བུམ་པའི་ནང་ཤེད་ན།། རང་རིག་ཐིག་ལེ་རྟག་ཏུ་གསལ།། རང་ལུས་བུམ་པའི་རང་སྣང་བསྒྲིབསམ།། གདམས་ངག་ཐེབས་པས་མཐོང་བར་འགྱུར། ། བློ་ཡི་པདྨ་ཁ་ཕྱེ་ནས།། དོན་གྱི་ཡེ་ཤེས་རྟག་ཏུ་གསལ།། ཐིག་ལེ་ཡེ་ཤེས་ཁོང་གསལ་ཡིན།། དབུགས་ཆད་པ་ཡི་དུས་ཉིད་ན།། བར་དོར་རང་གདངས་འོད་དུ་གསལ།། འོད་དེ་ལོངས་སྐུ་འགྱུ་བ་སྤྲུལ་པའི་སྐུ། ། གཉིས་མེད་རང་ཤར་ཤེས་པ་ཆོས་ཀྱི་སྐུ།། སྐུ་གསུམ་འདུ་འབྲལ་མེད་པར་འབབ།། བར་མ་དོ་རུ་སངས་རྒྱས་པས།། འཕོ་བ་ཞེས་སུ་བཤད་པ་ཡིན།། ཞེས་གསུངས་སོ།། ཐིག་ལེ་འདྲེ་རྒྱུད་ཆེན་པོ་ལས། དབང་པོ་འབྲིང་པོའི་འཕོ་བའི་ལེའུ་སྟེ་སུམ་ཅུ་སོ་གཅིག་པའོ།།།། དེ་ནས་རྡོ་རྗེ་མཁའ་འགྲོ་མས།། བཅོམ་ལྡན་རྡོ་རྗེ་སེམས་དཔའ་ལ།། ཐ་མའི་འཕོ་བ་བསྟན་དུ་གསོལ།། ཅེས་ཞུས་པས། རྡོ་རྗེ་སེམས་དཔས་བཀའ་སྩལ་པ།། ཐ་མའི་འཕོ་བ་བསྟན་པ་ནི།། དྲང་སྲོང་གཅིག་དང་བྲམ་ཟེ་གཉིས།། ཁོ་ཡི་ཡུལ་ན་བདེ་ཆེན་གླིང།། དེ་ན་ནོར་བུ་རིན་ཆེན་ཡོད།། དྲང་སྲོང་ཡུལ་ནི་སྐྱོ་མེད་ཡིན།། དེ་རུ་གཉིས་པོ་ཚོགས་པ་ལས། ། བྲམ་ཟེས་དྲང་སྲོང་རྒད་པོ་ལ།། ནོར་བུ་རིན་ཆེན་གཏམ་བྱས་པས།། དྲང་སྲོང་ནོར་བུའི་མཆིང་བུ་ལ།། ཡིད་བྱུང་ཁོ་ལ་ང་ཁྲིད་བྱས།། བྲམ་ཟེ་དག་གི་ཞལ་ན་རེ།། ང་ནི་སྣ་ལ་འགྲོ་བ་ཡིན། ། ཁྱོད་ནི་ཕྱོགས་ནས་འོད་དགོས་ཟེར།། ཡིད་ཆེས་པ་ཡི་རྟགས་དགོས་བྱས།། ང་ཡི་ཡུམ་གྱི་དྲང་ལམ་ན།། འཇིག་རྟེན་ཟམ་པ་ཀུན་རྒྱུ་ཡོད།། དེ་ཡི་ཟམ་པའི་དཀྱིལ་དུ་ནི།། ནོར་བུ་རིན་ཆེན་སྦས་ལ་བཞག། དེ་མཐོང་བས་ནི་ང་དང་འཕྲད། ། ཅེས་བརྡ་རུ་གསུངས་སོ།། སློབ་མ་སློབ་དཔོན་རྣམ་པ་གཉིས།། སངས་རྒྱས་ས་དང་འཁོར་བའི་གནས།། སངས་རྒྱས་ཡོན་ཏན་འཁོར་བའི་སྐྱོན།། དབྱེར་མེད་ཡིན་ཏེ་ངོ་མ་ཕྲད།། སྔ་མ་ཕྱི་མ་གཉིས་སུ་གཟུང། ། འདི་དང་བར་དོ་གཉིས་སུ་བསྟན།། བར་དོ་སེམས་ཅན་ཐམས་ཅད་འགྲིམ།། འོད་ལྔའི་ཟམ་ལ་ཐམས་ཅད་འབྱུང།། སྐུ་གསུམ་ངོ་སྤྲོད་ཤིན་ཏུ་གཅེས།། དེས་ཤེས་པས་ནི་མངོན་སངས་རྒྱས། ། རིག་པ་འགྱུ་བར་ངོ་སྤྲད་པས།། འགྱུ་བའི་རླུང་ནི་སྤྲུལ་སྐུ་ཡིན།། འོད་ཀྱི་གདངས་ནི་ལོངས་སྐུ་ཡིན།། དབྱེར་མེད་རང་སྣང་ཆོས་ཀྱི་སྐུ།། གཟེར་གསུམ་བཏབ་པས་རང་སར་གྲོལ།། རྡོ་རྗེ་བརྩེགས་པའི་རྩེ་མོར་ཕྱིན། ། མུ་མཐའ་མེད་ཅིང་ཁྱབ་བརྡལ་ལོ།། ནོར་བུ་རིན་ཆེན་གླིང་དུ་སླེབ།། ཞེ་འདོད་མདུད་པ་དེ་རུ་གྲོལ།། ཅེས་གསུངས་སོ།། ཐིག་ལེ་འདྲེ་རྒྱུད་ཆེན་པོ་ལས།། དབང་པོ་ཐ་མའི་ལེའུ་སྟེ་སོ་གཉིས་པའོ། །།། དེ་ནས་རྡོ་རྗེ་མཁའ་འགྲོ་མ།། བཅོམ་ལྡན་རྡོ་རྗེ་སེམས་དཔའ་ལ།། ངོ་སྤྲོད་མ་བྱས་ཇི་ལྟར་འཕོ།། ཞེས་ཞུས་པས། རྡོ་རྗེ་སེམས་དཔས་བཀའ་སྩལ་པ།། ཉོན་ཅིག་རྡོ་རྗེ་མཁའ་འགྲོ་མ།། འོད་ལུས་ཡིད་ལུས་ཤ་ཁྲག་ལུས། ། རང་རང་རྒྱུ་མཐུན་ལས་ཀྱི་འཕོ།། རྒྱུ་ཉིད་རྡོ་རྗེ་རྐྱེན་གྱིས་འཕོ།། ཉི་མ་སྟོང་བས་གསལ་བའི་དཀྱིལ་འཁོར་དེ།། འུག་རྩོགས་མིག་ལ་མུན་མཐོང་འདྲ།། ཐག་པ་སྦྲུལ་འཛིན་རང་གདངས་སོ། ། རྒད་པོ་གཏེར་སྟེངས་ཉལ་ཏེ་ལྟོགས་དྲིར་ཤི། རྒན་མོ་གྲོང་ཁ་འགྲིམས་ཀྱང་འགྲངས་མ་མྱོང།། བུ་ཚས་སྟོང་ཁམས་འཕྱོས་ཀྱང་ལྟད་མོའི་ཐག་མ་ཆོད།། རྒོད་པོ་རྙིལ་ཟིལ་པ་ངོ་མཚར་ཆེ།། ཞེས་གསུངས་སོ། ། ཐིག་ལེ་འདྲེ་རྒྱུད་ཆེན་པོ་ལས།། ངོ་སྤྲོད་མ་བྱས་པ་འཁོར་བར་ཁྱམས་པའི་ལེའུ་སྟེ་སོ་གསུམ་པའོ།།།། དེ་ནས་རྡོ་རྗེ་མཁའ་འགྲོ་མས།། བཅོམ་ལྡན་རྡོ་རྗེ་སེམས་དཔའ་ལ།། དེ་ལྟར་འགྲོ་བའི་གདམས་ངག་དེ། ། སྲིད་པ་ལགས་སམ་ཇི་ལྟར་ལགས།། ཞེས་ཞུས་པས། རྡོ་རྗེ་སེམས་དཔས་བཀའ་སྩལ་པ།། ཉོན་ཅིག་རྡོ་རྗེ་མཁའ་འགྲོ་མ།། རང་གདངས་མཁའ་ལ་སྣང་བ་དེ།། མི་སྲིད་སྲིད་པའི་ཆོས་ཅིག་ཡིན། ། རང་འདྲེ་དངོས་སུ་སྟོན་པ་དེ།། མི་སྲིད་པ་ཡི་སྲིད་པ་ཡིན།། སྡིག་མ་བྱས་པར་འཁོར་བ་དེ།། མི་སྲིད་པ་ཡི་སྲིད་པ་ཡིན།། དགེ་བ་མ་བྱས་མཐོ་རིས་ཐོབ།། མི་སྲིད་པ་ཡི་སྲིད་པ་ཡིན།། ཆོས་མ་བྱས་པར་སངས་རྒྱས་པ། ། མི་སྲིད་པ་ཡི་སྲིད་པ་ཡིན།། བསྐྱེད་རིམ་མ་བྱས་ལོངས་སྐུ་དེ།། མི་སྲིད་པ་ཡི་སྲིད་པ་ཡི།། སློབ་དཔོན་མེད་པའི་སྟོན་པ་དེ།། མི་སྲིད་པ་ཡི་སྲིད་པ་ཡིན།། རྟོགས་པས་ཆོག་པའི་བྱིན་རྒྱུད་འདི།། མི་སྲིད་པ་ཡི་སྲིད་པ་ཡིན། ། སྒོམ་པ་བྱས་པས་འཁོར་བར་འཁྱམས།། མི་སྲིད་པ་ཡི་སྲིད་པ་ཡིན།། རྟོགས་པས་གྲོལ་བའི་ངོ་སྤྲོད་ལ།། དགེ་སྡིག་གཉིས་ཀྱིས་ཕན་གནོད་མེད།། མི་སྲིད་པ་ཡི་སྲིད་པ་ཡིན།། ས་ཡི་མེ་མར་སྟོང་བཏང་ཀྱང། ། ཉི་མ་དག་ལ་སྟོང་མ་ནུས།། རྒྱ་མཚོའི་སྟེང་དུ་དར་ཆགས་ཀྱང། ཆུ་ལས་འདས་པ་རྡུལ་ཙམ་མེད།། དུག་ལྔའི་སྡོང་པོ་རང་རིག་ཀྱང།། རྟོགས་པས་དུག་ལྔ་གྲོགས་སུ་འགྱུར།། ཤིང་ཕུང་ཆེ་ན་མེ་ཕུང་ཆེ། ། གཟུང་འཛིན་ཆེ་ན་རྟོགས་པ་སླ།། མི་སྲིད་པ་ཡི་སྲིད་པ་ཡིན།། ཁྱུང་ཕྲུག་མངལ་ཐོན་མ་དང་མཉམ།། མི་སྲིད་པ་ཡི་སྲིད་པ་ཡིན།། སེང་ཕྲུག་མངལ་འཚར་མ་དང་མཉམ།། མི་སྲིད་པ་ཡི་སྲིད་པ་ཡིན།། ཞེས་གསུངས་སོ། ། ཐིག་ལེ་འདྲེ་རྒྱུད་ཆེན་པོ་ལས།། རྟོགས་སྒོམ་ཁྱད་པར་གྱི་ལེའུ་སྟེ་སོ་བཞི་པའོ།།།། དེ་ནས་རྡོ་རྗེ་མཁའ་འགྲོ་མས།། བཅོམ་ལྡན་རྡོ་རྗེ་སེམས་དཔའ་ལ།། སྲིད་པ་ལུས་ཀྱི་ཆགས་ལུགས་བསྟན་དུ་གསོལ། ། ཅེས་ཞུས་པས། རྡོ་རྗེ་སེམས་དཔས་བཀའ་སྩལ་པ།། ཉོན་ཅིག་རྡོ་རྗེ་མཁའ་འགྲོ་མ།། སྔོན་ཚེ་དབུས་ཀྱི་རི་བོ་མཆོག་རབ་ཏེ།། རྒྱ་མཚོ་ཆེན་པོའི་དབུས་སུ་སྲིད།། དཔག་ཚད་བརྒྱད་ཁྲི་བཞི་སྟོང་ཡང། ། རྒྱ་མཚོ་ཆེན་པོའི་སྟེང་དུ་བྱུང།། དཔག་ཚད་བརྒྱད་ཁྲི་བཞི་སྟོང་ཡང།། འོག་གི་རྒྱ་མཚོའི་གཏིང་དུ་སྲིད།། སྲིད་པ་རང་སྣང་ཞེས་སུ་བཤད།། ཁ་དོག་ལྔ་ལས་གྲུབ་པའི་རི།། སྲ་སྲ་འདྲ་སྟེ་འཇིག་པ་ཡིན། ། ལས་ཀྱི་རླུང་དང་ཉི་མ་ཡིས།། སྐད་ཅིག་ཙམ་ལ་བརླག་པར་འགྱུར།། དེ་ནི་བརྡ་ཡི་བཤད་པའོ།། དོན་ནི་འདི་ལྟར་ཤེས་པར་གྱིས།། འགྱུ་བ་ཀུན་གཞིའི་དབུས་ནས་འཁྲུལ།། ཁ་དོག་ལྔ་ལས་གྲུབ་པའི་ལུས། ། ཀུན་གཞི་དག་ལས་གནས་བཅས་ནས།། འབྱུང་བ་ལྔ་ལས་གྲུབ་པའི་ལུས།། ཕ་དང་མ་ཡི་ཐིག་ལེ་དེ།། དང་པོ་མཛོད་སྤུའི་བུ་གར་ཆགས།། དེ་ལས་རྩ་གཉིས་ཆགས་པ་ནི།། རང་སྣང་མེ་ལོང་གཉིས་སུ་ཤར། ། དེ་ལས་རྩ་གཉིས་གྱེས་པ་ནི།། ཀུན་གཞིའི་དབུས་སུ་གྲུབ་པ་ཡིན།། སྟོད་ན་རྩ་ཕྲན་བརྒྱད་ཁྲི་བཞི་སྟོང་གནས།། ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་བརྡ།། ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་ཡང། ། རང་ལས་ཤར་བར་བསྟན་པ་ཡིན།། སྨད་ནས་རྩ་བྲན་བརྒྱད་ཁྲི་བཞི་སྟོང་ཤར།། ཉོན་མོངས་བརྒྱད་ཁྲི་བཞི་སྟོང་ཡང།། རང་བྱུང་འཁོར་བའི་བརྡ་རུ་ཤར།། སྟོད་སྨད་གཉིས་སུ་ཤར་བ་ཡང།། འཁོར་འདས་གཉིས་ཀྱི་བརྡ་རུ་བསྣན། ། སྟོང་དུ་སྒོ་དགུར་ཤར་བ་ཡང།། ཐེག་དགུ་རང་ལ་གྲུབ་པའི་བརྡ།། རྩ་ཡི་འཐེན་ཐག་བཅུ་གཅིག་ཀྱང།། བཅུ་གཅིག་ས་རྣམས་བགྲོད་དུ་མེད་པའི་བརྡ།། མགྲིན་གནས་རྩ་ཆེན་བཅུ་དྲུག་ཀྱང། ། བཅུ་དྲུག་ས་རྣམས་རང་ལ་རྫོགས་པའི་བརྡ།། ཁ་སྣ་གསུམ་གྱི་རྩ་རུ་འདུག་པ་ནི།། དབུགས་ཀྱི་རྒྱུན་སྲང་གཅིག་ཡིན་པས།། ཐེག་དགུ་གསུམ་འདུས་ངོ་བོ་གཅིག། རྩ་གསུམ་འདུ་འབྲལ་མེད་པར་འཁྲིལ། ། སྐུ་གསུམ་སྤྱན་གསུམ་འདུ་འབྲལ་མེད་པའི་བརྡ།། ཞེས་གསུངས་སོ།། ཐིག་ལེ་འདྲེ་རྒྱུད་ཆེན་པོ་ལས།། ལུས་ཀྱི་རྫོགས་ལུགས་བསྟན་པའི་ལེའུ་སྟེ་སོ་ལྔ་པའོ།།།། རྡོ་རྗེ་མཁའ་འགྲོས་གསོལ་པ། ། རྡོ་རྗེ་སེམས་དཔའ་སྟོན་པའི་གཙོ།། སྐུ་གསུམ་རྫོགས་ལུགས་བསྟན་དུ་གསོལ།། ཅེས་ཞུས་པས། རྡོ་རྗེ་སེམས་དཔས་བཀའ་སྩལ་པ།། ཉོན་ཅིག་རྡོ་རྗེ་མཁའ་འགྲོ་མ།། གངས་རི་བརྩེགས་པའི་རྩེ་མོ་ན།། སྲོག་ཆགས་རྒྱལ་པོ་སེང་གེ་དེ། ། རྩལ་གསུམ་ལུས་ལ་རྫོགས་པར་གནས།། སྡེར་ཆགས་མང་པོའི་འཁོར་གྱིས་བསྐོར།། ཨུ་དུམ་འབར་བ་ཟས་སུ་ཟ།། ཉིན་མོ་མཚན་མོ་མིང་མ་ཐོགས།། ལྟོགས་འཁྱགས་གཉིས་ནི་མ་གྲུབ་བོ། ། ཨུམ་དུམ་འབར་བ་ཟས་ཀྱི་ཆོ་ག། གངས་དཀར་བརྩེགས་པ་གནས་ཀྱི་མཆོག། སེང་གེ་དཀར་མོ་སྲོག་ཆགས་མཆོག། ཅེས་བརྡ་བསྟན་པའོ།། སྤྱི་བོ་བདེ་ཆེན་གཞལ་ཡས་ཁང།། ཀླད་པ་གངས་རི་བརྩེགས་པའི་སྟེང། ། དེ་ཡི་དབུས་ན་ཆོས་མིན་རྒྱལ་པོའི་ཐིག་ལེ་གནས།། སྐུ་གསུམ་རང་གྲོལ་བདེ་ཆེན་རྫོགས།། གཟུགས་སྐུ་གཉིས་ཀྱི་འཁོར་གྱིས་བསྐོར།། རྩ་འདབ་སུམ་ཅུ་རྩ་བཞི་ལ།། ཐིག་ལེ་ཆོས་མིན་ཁྱབ་ཅིང་བརྡལ། ། ཁྱབ་བརྡལ་ཆེན་པོའི་འཁོར་ལོ་ཡིན།། ཕྱི་ནང་མེད་དཔས་ཆོས་མིན་སྐུ།། གཉིས་མེད་ཟང་ཐལ་འུབ་ཆུབ་སྐུ།། སྣང་ཞིང་སྲིད་པ་རྣམ་དག་པས།། འཁོར་བར་རང་གྲོལ་ཆོས་ལས་མིན།། བདེ་བ་ཆེན་པོ་གནས་ཀྱི་མཆོག། ཡེ་ཤེས་ཟང་ཐལ་བདུད་རྩིའི་མཆོག། ཐིག་ལེ་ཆོས་མིན་འབྲས་བུའི་མཆོག། ཅེས་གསུངས་སོ།། ཐིག་ལེ་འདྲེ་རྒྱུད་ཆེན་པོ་ལས།། ཐིག་ལེ་ཆོས་མིན་རང་ལ་རྫོགས་པའི་ལེའུ་སྟེ་སོ་དྲུག་པའོ། །།། དེ་ནས་རྡོ་རྗེ་མཁའ་འགྲོ་མས་ཞུས་པ།། སྟོན་པ་རྡོ་རྗེ་སེམས་དཔའ་ལགས།། ལོངས་སྐུའི་རྫོགས་ལུགས་བསྟན་དུ་གསོལ།། ཅེས་ཞུས་པས། རྡོ་རྗེ་སེམས་དཔས་བཀའ་སྩལ་པ། ། ཉོན་ཅིག་རྡོ་རྗེ་མཁའ་འགྲོ་མ།། དུག་གི་དཔོན་པོ་ཧ་ལའི་ཚལ།། ནམ་མཁའི་འཇའ་ཚོན་གནས་མཆོག་ན།། རྨ་བྱ་རྒྱལ་པོ་རབ་དགའ་གནས།། སྤུ་ཁ་ལྦ་དང་རབ་ཏུ་ལྡན།། ཧ་ལ་འབར་བའི་སྔགས་བཏབ་ཟ། ། སྲོག་ཆགས་རྒྱལ་པོ་རྨ་བྱ་ཡི།། ཟས་ཀྱི་རྒྱལ་པོ་བོང་ང་ཡིན།། གནས་ཀྱི་རྒྱལ་པོ་ཧ་ལའི་ཚལ།། འཁོར་ནི་རྨ་བྱ་རྣམས་ཀྱིས་བསྐོར།། ཅེས་བརྡ་བསྟན་པའོ།། དེ་ཡི་དོན་ནི་འདི་ལྟ་སྟེ།། མགྲིན་པ་ལོངས་སྤྱོད་འཁོར་ལོ་ན། ། དུག་ལྔའི་ཁང་བཟངས་བྱ་བའི་གནས།། སྟོན་པའི་རྒྱལ་པོ་རྡོ་རྗེ་སེམས་དཔའ་གནས།། ཁ་དོག་ལྔ་ཡི་བདག་ཉིད་ཅན།། དུག་ལྔ་ཡེ་ཤེས་ལྔ་དང་ལྡན།། ལོངས་སྐུའི་རྒྱལ་པོ་རང་ཆས་ཡིན།། ལམ་གྱི་རྒྱལ་པོ་དུག་ལྔ་ཡིན། ། གནས་ཀྱི་རྒྱལ་པོ་ལོངས་སྤྱོད་འཁོར་ལོ་ཡིན།། རྩ་ཆེན་བཅུ་དྲུག་སེམས་དཔའ་སེམས་མ་ཡིན།། ལོངས་སྐུ་སྒོམ་པས་ཡིད་སྨོན་འདུས་བྱས་ཡིན།། ཞེས་གསུངས་སོ།། ཐིག་ལེ་འདྲེ་རྒྱུད་ཆེན་པོ་ལས། ལོངས་སྐུ་རྫོགས་ལུགས་ཀྱི་ལེའུ་སྟེ་སོ་བདུན་པའོ།།།། དེ་ནས་རྡོ་རྗེ་མཁའ་འགྲོ་མས།། བཅོམ་ལྡན་རྡོ་རྗེ་སེམས་དཔའ་ལ།། སྤྲུལ་སྐུའི་རྫོགས་ལུགས་བསྟན་དུ་གསོལ།། ཅེས་ཞུས་པས། རྡོ་རྗེ་སེམས་དཔས་བཀའ་སྩལ་པ། ། ལེགས་པར་ཉོན་ཅིག་མཁའ་འགྲོ་མ།། རྒྱ་མཚོ་ཆེན་པོའི་ཀློང་དཀྱིལ་ན།། བྲག་དང་གངས་ཀྱི་ས་མཚམས་སུ།། འདབ་ཆགས་རྒྱལ་པོ་ཁྱུང་ཆེན་གནས།། ཟས་ཀྱི་རྒྱལ་པོ་ཀླུ་ཆེན་ཟ། ། འཁོར་ཀྱང་ཀླུ་ཟ་མང་པོས་བསྐོར།། མཚོ་བྲན་དྲུག་གི་དབུས་ཤེད་ན།། སྲིད་པ་དྲུག་གི་མཚོ་དཀྱིལ་ན།། ཁྱུང་གི་རྒྱལ་པོ་དེ་ན་བཞུགས།། ངོ་མཚར་ཆེ་སྟེ་མཐོང་བ་ཉུང།། ཞེས་གསུངས་སོ།། དེ་ཡི་དོན་ནི་འདི་ལྟ་སྟེ། ། ཀུན་གཞི་སྲིད་པའི་མཚོ་མོ་ལ།། སྙིང་ག་རིན་ཆེན་ཟུར་བརྒྱད་ན།། འཁོར་བ་མྱ་ངན་འདས་སྦྱོར་བ།། འགག་པ་མེད་པའི་ཤེས་རབ་ཤར།། ཉམས་མྱོང་རྒྱལ་པོ་ཡེ་ཤེས་རླུང།། སྤྲུལ་སྐུ་ཐུགས་ཕྲད་ཐམས་ཅད་གསལ། ། ཐུབ་པ་དྲུག་གི་གཙོ་བོ་སྟེ།། ཀུན་གཞི་ཕྱོགས་མེད་ཟང་ཐལ་ན།། ཐིག་ལེ་ཟང་ཐལ་རང་གསལ་གནས།། ཡེ་ཤེས་རླུང་གིས་འཐོར་བར་འགྱུར།། རྩ་བརྒྱད་ཐིག་ལེའི་ཡོན་ཏན་ལས།། ཐིག་ལེ་ཡེ་ཤེས་བརྒྱད་གནས་སོ། ། འབྲས་བུ་རང་ཤར་ངོ་མཚར་ཆེ།། ཞེས་གསུངས་སོ།། ཐིག་ལེ་འདྲེ་རྒྱུད་ཆེན་པོ་ལས། སྤྲུལ་པ་སྐུའི་རྫོགས་ལུགས་བསྟན་པའི་ལེའུ་སྟེ་སོ་བརྒྱད་པའོ།།།། དེ་ནས་རྡོ་རྗེ་མཁའ་འགྲོ་མས། ། བཅོམ་ལྡན་རྡོ་རྗེ་སེམས་དཔའ་ལ།། སྐུ་གསུམ་འབྲེལ་བ་ཇི་ལྟར་ལགས།། ཞེས་ཞུས་པས། རྡོ་རྗེ་སེམས་དཔས་བཀའ་སྩལ་པ།། ཉོན་ཅིག་རྡོ་རྗེ་མཁའ་འགྲོ་མ།། སྔོན་ཡུལ་ཡངས་པ་ཅན་ཞེས་བྱ་བ་ན།། སྲིད་པའི་རྒྱལ་མོ་མེ་ལོང་གདོང་ཞེས་བྱ་བ་གསེར་གྱི་ནོར་བུ་རིན་པོ་ཆེ་རྒྱན་སྣ་ཚོགས་འཕྲོ་བ་ཅིག་ཡོད་དེ། དེ་ལ་མིང་བཏགས་པས། སྲིད་པའི་མུན་སེལ་འོད་འབར་བ་ཞེས་བྱ་བར་བཏགས་སོ།། དུས་ནམ་ཞིག་ན་ཉི་མ་ནུབ་པས། ནོར་བུ་ལ་ཉི་མ་སྟོང་ཤར་བས། མུན་པ་སྨག་རུང་གྲོལ་ལོ།། ཞེས་བརྡ་བསྟན་ཏོ།། དེ་ཡི་དོན་ནི་འདི་ལྟ་སྟེ།། ཀུན་གཞི་རིན་ཆེན་དཔེ་དང་འདྲ།། ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་གསུམ།། ཉི་མ་འོད་དང་ཟེར་བཞིན་གསལ། ། འདུ་འབྲལ་མེད་པའི་བྱིན་རླབས་བརྒྱུད།། བདེ་ཆེན་མཛོད་ན་སྙིང་པོ་གནས།། དེ་ཡི་ཟེར་ལ་ལོངས་སྐུར་གནས་ཏེ་མགྲིན།། དེ་ཡི་འོད་ལས་སྤྲུལ་སྐུ་སྙིང།། རྩ་ཡི་རྒྱལ་པོ་རྟེན་གྱི་ཐག་པས་སྦྲེལ། ། རང་ཆས་སྐུ་གསུམ་ངོ་སྤྲོད་བསྟན་པ་ཡིན།། ཞེས་གསུངས་སོ།། ཐིག་ལེ་འདྲེ་རྒྱུད་ཆེན་པོ་ལས། སྤྲུལ་སྐུ་རྫོགས་ལུགས་བསྟན་པའི་ལེའུ་སྟེ་སོ་དགུ་པའོ།།།། དེ་ནས་རྡོ་རྗེ་མཁའ་འགྲོ་མས། ། བཅོམ་ལྡན་རྡོ་རྗེ་སེམས་དཔའ་ལ།། དེ་ལྟར་མ་རིག་ཇི་ལྟར་ལགས།། ཞེས་ཞུས་པས། རྡོ་རྗེ་སེམས་དཔས་བཀའ་སྩལ་པ།། ཉོན་ཅིག་རྡོ་རྗེ་མཁའ་འགྲོ་མ།། སྔོན་ཡུལ་ཡངས་པའི་དུར་ཁྲོད་དུ།། རྒན་མོ་ལོང་མ་གཅིག་ལ་རྟ་རླུང་གི་གཤོག་པ་ཅན་བྱ་བ་ཅིག་ཡོད་པས། སྔར་རྒན་མོས་ཞོན་ཏེ་འོངས་པས།། རྒན་མོས་རྟ་མ་ཐུབ་ནས་རྒན་མོ་ཕྱིའི་རྒྱ་མཚོར་བསྐྱལ་ལོ།། དེར་རྒན་ནོ་སྡུག་བསྔལ་གྱིས་ཟིན་ནོ།། ཞེས་བརྡ་བསྟན་པའོ། ། ཀུན་གཞི་འཕྲུལ་གྱི་མེ་ལོང་ནས།། མ་རིག་པ་ཡི་འཛིན་པ་རྒྱས།། སྲིད་གསུམ་རླུང་གིས་རྟ་པོས་བསྐྱོད།། སྲིད་གསུམ་རྩ་བ་དེ་རུ་སྨིན།། རླུང་ངོ་མ་ཤེས་འཁོར་བ་སྨིན།། སྡུག་བསྔལ་ཆུ་བོ་གཞུང་དང་འདྲ། ། ལྟེ་བུག་རྩ་དང་གསང་བའི་རྩ།། འོག་སྒོའི་རྩ་ནི་བརྒྱད་ཁྲི་དང།། བཞི་སྟོང་དག་ཏུ་སྲིད་པས་ན།། ཉོན་མོངས་བརྒྱད་ཁྲི་བཞི་སྟོང་སྨིན།། གསང་བའི་བུག་པ་གསུམ་ཤར་བ།། ངན་འགྲོ་རྣམ་གསུམ་སྒོ་རུ་ཤར། ། ཅེས་གསུངས་སོ།། ཐིག་ལེ་འདྲེ་རྒྱུད་ཆེན་པོ་ལས། ངན་འགྲོ་རང་ལུས་ལ་ངོ་སྤྲོད་པའི་ལེའུ་སྟེ་བཞི་བཅུ་པའོ།།།། རྡོ་རྗེ་མཁའ་འགྲོ་མས་ཞུས་པ།། སྒྲ་ཡི་གདམས་པ་གསུང་དུ་གསོལ།། ཅེས་ཞུས་པས། ། རྡོ་རྗེ་སེམས་དཔས་བཀའ་སྩལ་པ།། ཉོན་ཅིག་རྡོ་རྗེ་མཁའ་འགྲོ་མ།། སྒྲ་ཡི་དོན་ནི་འདི་ལྟ་སྟེ།། སྔོན་ཡུལ་གསལ་ལྡན་ཞེས་བྱ་བ་ན།། རྒྱལ་པོ་གཅིག་ལ་རིན་པོ་ཆེའི་འཕྲེང་བ་གཅིག་ཡོད་པས། དེ་ལ་ངོ་སྤྲད་ན་དགོས་དགུ་འབྱུང་ངོ། ། ཀ་ཁ་ག་གྷ་ང། ཙ་ཚ་ཛ་ཛྷ་ཉ། ཏ་ཐ་ད་དྷ་ན། ཊ་ཋ་ཌ་ཌྷ་ཎ། པ་ཕ་བ་བྷ་མ། ཡ་ར་ལ་ཝ། ཤ་ཥ་ས་ཧ། ཀྵ། ཨ་མ་ཊ་ཐ་ཌ་ཎ། ཛྷ་བཻ་ཧཱུཾ་བྷེ། དེ་ལ་སྒྲ་ཕྱི་ལྟར་བཤད་པ་དང། ནང་ལྟར་བཤད་པ་དང། གསང་བ་ལྟར་བཤད་པ་དང། རང་གི་ངོ་བོ་ལྟར་བཤད་པའོ།། དེ་ཡང་སྒྲའི་དབྱིངས་དང། སྒྲའི་སྒྲུབ་བྱེད་དང། སྒྲ་ཕན་ཕའི་རྐྱེན་ཅན་དང།། སྒྲུབ་པར་བྱེད་པའི་ཚད་མའོ།། ཞེས་གསུངས་སོ། ། ཐིག་ལེ་འདྲེ་རྒྱུད་ཆེན་པོ་ལས།། སྒྲ་འདུས་པའི་ལེའུ་སྟེ་ཞེ་གཅིག་པའོ།།།། དེ་ནས་རྡོ་རྗེ་མཁའ་འགྲོ་མས།། གསང་བའི་བདག་པོ་ཆེན་པོ་ལ།། སྒྲ་ཡི་འཁོར་ལོ་ཇི་ལྟར་ལགས།། ཞེས་ཞུས་པས། རྡོ་རྗེ་སེམས་དཔས་བཀའ་སྩལ་པ།། ཉོན་ཅིག་རྫོ་རྗེ་མཁའ་འགྲོ་མ།། ཀ་ནི་སྐུ་གསུང་འབྱུང་བའི་སྒྲ།། འཕྲིན་ལས་ཀུན་གྱི་བདག་པོ་བསྒྲུབ།། སྐུ་གསུམ་ཡིན་པ་དེ་སེལ།། ཡི་གེ་ཞེ་གཉིས་དབྱིངས་སུ་བཤད། ། གྲོགས་ནི་འདོགས་དང་གོང་འོག་བཙན།། སྒྲུབ་བྱེད་སྐུ་གསུམ་འདུ་འབྲལ་མེད།། མཐུན་རྐྱེན་ཉི་མའི་སྙིང་པོའོ།། ཨ་ནི་སྐྱེ་བ་མེད་པ་སྒྲུབ།། དབྱིངས་ནི་ཡི་གེ་རྩ་བཞི་པོ།། ཕན་པའི་རྐྱེན་ནི་བཞི་སྟོང་ངོ། ། བསྒྲུབ་བྱ་རང་གི་སོ་ལ་བཞག། གཞན་སེལ་སྐྱེ་བ་ཅན་དུ་བཤད།། མ་ནི་མཉམ་ཉིད་ཆེན་པོས་སྒྲུབ།། མི་མཉམ་པ་ཡི་སྒྲ་དག་སེལ།། གྲོགས་ནི་རང་གི་འདོགས་ལས་ཤེས།། དབྱིངས་ནི་ཡི་གེའི་འཁོར་ལོར་ཤེས། ། ཤས་ནི་ཤེས་རབ་སྒྲུབ་པར་བྱེད།། ཤེས་རབ་མ་ཡིན་གཞན་སེལ་ཏེ།། ཕན་པའི་རྐྱེན་ནི་གོང་འོག་ལྟོས།། དབྱིངས་ནི་གོང་དུ་ཤེས་པར་བྱ།། ཧས་ནི་ཐིག་ལེ་འགག་མེད་སྒྲུབ།། མི་འགག་པ་ཡི་ཐིག་ལེ་སེལ། ། གྲོགས་དང་དབྱིངས་ནི་གོང་དུ་བསྟན།། ཅེས་གསུངས་སོ།། ཐིག་ལེ་འདྲེ་རྒྱུད་ཆེན་པོ་ལས། གཞིའི་ཡི་གེའི་འཁོར་ལོ་བསྟན་པའི་ལེའུ་སྟེ་ཞེ་གཉིས་པའོ།།།། དེ་ནས་རྡོ་རྗེ་མཁའ་འགྲོ་མས།། གསང་བའི་བདག་པོ་ཆེན་པོ་ལ། ། སྒྲ་ཡི་ལྷག་མ་གསུང་དུ་གསོལ།། ཅེས་ཞུས་པས། བཀའ་སྩལ་པ། ཉོན་ཅིག་རྡོ་རྗེ་མཁའ་འགྲོ་མ།། ཀ་ཁ་ལ་སོགས་པ་ཐམས་ཅད་ཀྱང།། དབྱིངས་ནི་རང་རང་ཚོམ་བུ་གཅད།། སྒྲུབ་བྱེད་འ་མོས་འབོད་པ་ཡིན། ། ཕན་རྐྱེན་འདོགས་ཀྱིས་ཤེས་པར་གྱིས།། གཞན་སེལ་གནོད་པ་མི་མཐུན་པ།། ཡི་གེ་ཉི་ཤུ་རྩ་ལྔ་དང།། ཁ་ཡར་ཡི་གེ་དྲུག་པོ་ནི།། དབྱིངས་ཀྱི་ཁྱུད་ནས་རན་ཏུ་འབྲེལ།། ཅེས་གསུངས་སོ། ། ཐིག་ལེ་འདྲེ་རྒྱུད་ཆེན་པོ་ལས།། ཀ་ཁ་ལ་སོགས་རྐྱང་པའི་ལེའུ་སྟེ་ཞེ་གསུམ་པའོ།།།། དེ་ནས་རྡོ་རྗེ་མཁའ་འགྲོ་མས།། བཅོམ་ལྡན་རྡོ་རྗེ་སེམས་དཔའ་ལ།། འདོགས་ཀྱི་སྒྲ་རྣམས་གསུང་དུ་གསོལ། ། ཅེས་ཞུས་པས། རྡོ་རྗེ་སེམས་དཔས་བཀའ་སྩལ་པ།། ཉོན་ཅིག་རྡོ་རྗེ་མཁའ་འགྲོ་མ།། ཤ་ཏ་མ་ལེ་ཀ་ར། ག་ཡི་སྒྲ་ལས་གྲུབ་པ་ནི།། གི་གུ་ཡིན་པར་ཤེས་པར་བྱ།། ར་དང་ན་ལས་སྒྲུབ་པ་ནི།། ན་རོ་ཡིན་པར་ཤེས་པར་བྱ། ། ང་ཡི་སྒྲ་ལས་སྒྲུབ་པ་ནི།། འགྲེང་བུ་ཡིན་པ་ཤེས་པར་བྱ།། ཞ་ཡི་སྒྲ་ལས་ཕུལ་བ་ནི།། ཞབས་བསྐྱེད་དག་ཏུ་རབ་ཏུ་བསྟན།། ཡ་ཡི་སྒྲ་ལས་སྒྲུབ་པ་ནི།། ཡ་ཏག་དག་ཏུ་ཤེས་པར་བྱ།། ར་ཡི་སྒྲ་ལས་སྒྲུབ་པ་ནི། ། ར་ཏའི་སྒྲ་ཞེས་བཤད་པ་ཡིན།། ཨ་ཡི་མིག་གི་སྒྲ་ཡིས་ནི།། ཡི་གེའི་མིག་ཏུ་བྱུང་བ་ཡིན།། དཔུང་པ་བརྩེགས་དང་རྐང་པ་བཤད།། ལག་པ་བེར་ཀ་རིས་སྒྲུབ།། ཅེས་གསུངས་སོ།། སྔོན་གངས་དཀར་གྱི་ལྟོངས་ན་སྲོག་ཆགས་མང་པོ་གནས་སོ། ། སྲོག་ཆགས་དབྱིངས་སུ་རབ་ཏུ་བཤད།། དེ་ནང་སྒྲུབ་པའི་སྲོག་ཆགས་ནི།། སེང་གེ་དཀར་མོ་ཞེས་སུ་གྲགས།། ཕ་རྐྱེན་གཡུ་ཡི་རལ་པ་ཅན། ། གཞན་སེལ་དབྱེ་ལས་སོགས་པའོ།། དེ་ནི་སྒྲ་ཡི་ཚད་མའོ།། ཞེས་གསུངས་སོ།། ཐིག་ལེ་འདྲེ་རྒྱུད་ཆེན་པོ་ལས། སྒྲའི་ལེའུ་སྟེ་ཞེ་བཞི་པའོ།།།། དེ་ནས་རྡོ་རྗེ་མཁའ་འགྲོ་མས།། སྟོན་པ་རྡོ་རྗེ་སེམས་དཔའ་ལ། ། ལོག་དང་འཐུག་དང་རིང་པོ་དང།། ཆེ་དང་ཐུང་བའི་ཡི་གེ་དང།། ཕོ་ཡིག་མོ་ཡིག་བཤད་དུ་གསོལ།། ཅེས་ཞུས་པས། རྡོ་རྗེ་སེམས་དཔས་བཀའ་སྩལ་པ།། ཉོན་ཅིག་རྡོ་རྗེ་མཁའ་འགྲོ་མ།། ཊ་ལོག་རིག་པ་རང་གྲོལ་ལོ། ། ཐ་ལོག་ཐིག་ལེ་རང་ལ་ཤར།། ན་ལོག་རྟོག་པ་རང་ས་ཟིན།། དྷ་ལོག་དུས་གསུམ་གཅིག་ཏུ་རྟོགས།། ཎ་ལོག་མཉམ་ཉིད་རང་སྣང་ངོ།། རང་རང་བརྩེགས་པ་འཐུག་པོ་སྟེ།། ཐིག་ལེ་ཡེ་ཁྱབ་རྩོལ་མེད་ཡིན། ། གང་ལ་འ་བརྒྱན་རིང་པོ་སྟེ།། ཡེ་ཤེས་རྒྱུན་ཆད་མེད་པ་ཡིན།། གང་ལ་ཧས་བརྒྱན་ཆེན་པོའི་སྒྲ།། ཆོས་སྐུ་འདུ་འབྲལ་མེད་པའོ།། ཧཱུཾ་ཞེས་བྱ་བ་ཐུང་ངུ་སྟེ།། ཆོས་མིན་ཀློང་དུ་འདུས་པའོ།། ཞེས་གསུངས་སོ། ། ཐིག་ལེ་འདྲེ་རྒྱུད་ཆེན་པོ་ལས། སྒྲ་རང་སོའི་ལེའུ་སྟེ་ཞེ་ལྔ་པའོ།།།། དེ་ནས་རྡོ་རྗེ་མཁའ་འགྲོ་མས།། བཅོམ་ལྡན་རྡོ་རྗེ་སེམས་དཔའ་ལ།། དེ་རྣམས་སྒྲུབ་བྱེད་སེལ་བ་རྣམས།། གོ་རིམ་ངེས་པ་བསྟན་དུ་གསོལ། ། ཅེས་ཞུས་པས། རྡོ་རྗེ་སེམས་དཔས་བཀའ་སྩལ་པ།། ཉོན་ཅིག་རྡོ་རྗེ་མཁའ་འགྲོ་མ།། འདྲེན་དང་འབྲེལ་གཅོད་མཁྱེན་པའི་སྒྲ།། སྟོད་ཀྱི་གྲོགས་སུ་ཤེས་པར་གྱིས།། སྡུད་དང་འབྲེལ་དང་ཁྱབ་བའི་སྒྲ། ། སྨད་ཀྱི་གྲོགས་སུ་ཤེས་པར་གྱིས།། སྒྲུབ་བྱེད་དབྱིངས་དང་ཕན་རྐྱེན་དང།། གནོད་པ་ཅན་སེལ་ཚད་མའི་སྒྲ།། རང་རང་གྲོགས་ཀྱི་སྐབས་སུ་སྦྱར།། ཅེས་གསུངས་སོ།། ཐིག་ལེ་འདྲེ་རྒྱུད་ཆེན་པོ་ལས། འདོགས་ཀྱི་སྒྲའི་ལེའུ་སྟེ་ཞེ་དྲུག་པའོ། །།། དེ་ནས་རྡོ་རྗེ་མཁའ་འགྲོ་མས།། སྟོན་པ་རྡོ་རྗེ་སེམས་དཔའ་ལ།། ཡེ་ཤེས་རྒྱལ་པོ་རྟོག་འདས་པའི།། གནས་ལུགས་བདག་ལ་བཤད་དུ་གསོལ།། ཅེས་ཞུས་པས། རྡོ་རྗེ་སེམས་དཔས་བཀའ་སྩལ་པ། ། ཉོན་ཅིག་རྡོ་རྗེ་མཁའ་འགྲོ་མ།། རང་བྱུང་ཡེ་ཤེས་ཆོས་མིན་ལ།། རང་རིག་ཡེ་ཤེས་ས་ལེ་གསལ།། ལྷག་མཐོང་རིག་པའི་ཡེ་ཤེས་ཀྱིས།། སྣང་སྲིད་སྟོང་གསུམ་ཐིག་ལེས་ཁྱབ། ། འབྲེལ་ཁྱབ་དྭངས་པ་ནམ་མཁའི་དཔེ།། ཆོས་ལས་མ་བྱུང་འབྱུང་བའི་སེམས།། རྒྱུད་ལས་མ་བསྟེན་ངོ་བོའི་སྐུ།། ལུང་དང་མ་འབྲེལ་ཀུན་ཁྱབ་ལ།། མན་ངག་རྟོག་གེའི་ཚད་མ་ཅི།། མངོན་དང་ལྐོག་གིས་དོན་མི་མཐོང། ། མངོན་སུམ་འཁྲུལ་པ་རང་ག་འདི།། འདི་ཉིད་རང་ཤར་ཐིག་ལེ་ཡིན།། དཀོན་གྱུར་བར་དོན་འདི་རང་ཤར།། སྒོམ་པས་ལྐོག་གྱུར་མུན་པ་འཇིལ།། མངོན་སུམ་རང་ཤར་སྒོམ་མི་དགོས།། ཐ་སྙད་ཚིག་གི་སྒྲ་ལས་གྲོལ། ། ཉམས་མྱོང་ཕྱོགས་རྟོགས་ཚད་མ་ཅི།། ཉམས་གྲོལ་གྱུར་ན་ཚད་མའི་དོན།། དབྱེར་མེད་སྟོང་པར་དབུ་མའི་སྒྲ།། ཕྱོགས་ཆ་མ་གྲུབ་ཕྱོགས་མེད་ལ།། དེ་ནི་ཐིག་ལེ་ཡེ་བརྡལ་ཡིན།། རྒྱ་མཚོ་དར་དང་རླབས་ནང་ཆུ། ། སྤྲིན་དང་ཆར་པ་མཁའ་སྣང་ཉིད།། དུག་ལྔ་རྒྱུད་དྲུག་ཐིག་ལེར་བརྡལ།། མ་རིག་པ་ཉིད་ཡེ་ཤེས་གཞི།། ཞེས་གསུངས་སོ།། ཐིག་ལེ་འདྲེ་རྒྱུད་ཆེན་པོ་ལས། གནས་ལུགས་རང་ཤར་གྱི་ལེའུ་སྟེ་ཞེ་བདུན་པའོ། །།། དེ་ནས་རྡོ་རྗེ་མཁའ་འགྲོ་མས།། རྡོ་རྗེ་སེམས་དཔའ་སྟོན་པའི་རྒྱལ།། དེ་ཡི་ལམ་ནི་བསྟན་པར་ཞུ།། ཞེས་ཞུས་པས།། རྡོ་རྗེ་སེམས་དཔས་བཀའ་སྩལ་པ།། ཉོན་ཅིག་རྡོ་རྗེ་མཁའ་འགྲོ་མ། ། མ་རྟོག་མ་རིགས་མ་རྟོགས་པས།། དེ་ཡི་རང་ཤར་ལམ་གྱི་མཆོག། ཐུན་ཚད་གཟུང་དང་སེམས་སྒོམ་རྣམས།། དེ་ནི་ལམ་གྱི་གོལ་ས་ཡིན།། རང་གྲོལ་ལམ་གྱི་རྒྱལ་པོ་ལ།། འཇུག་རྩོལ་བྱེད་པ་ལམ་སྒྲིབ་ཡིན། ། གོང་དུ་ཐོབ་འདོད་སྒྲིབ་པ་གཉིས།། དེ་ཉིད་མ་ཤེས་གོལ་པ་ཡིན།། གོལ་དང་སྒྲིབ་པ་རང་ཤར་ལ།། རང་གྲོལ་རང་ཤར་ལམ་ཆེན་པོ།། རིག་པའི་གསང་ལམ་བཞི་ཤེས་ནས།། དེ་ནི་རང་གྲོལ་རང་བྱུང་ཡིན། ། ཐིག་ལེ་ཆོས་མིན་རང་ལ་གནས།། རང་གནས་རྡོ་རྗེ་གསང་བའི་ལམ།། འཕོ་བ་དུས་ཀྱི་གདམས་ངག་ཡིན།། འཕོ་བ་རང་གྲོལ་མྱ་ངན་འདས།། གཞན་ལས་མ་བྱུང་རང་ལས་ཤར།། ཞེས་གསུངས་སོ།། རྣམ་རྟོག་དུག་ལྔ་ཡེ་ཤེས་ལྔ་རུ་སྤྲོད། ། རྒྱུ་རྐྱེན་དཔེ་ལས་འདས་པར་མ་ཤེས་ན།། དཔེ་ལས་འདས་པས་དོན་གྱི་དཔེ་དེ་འགོག། དཔེ་ཟླ་མེད་པས་ཉག་གཅིག་པོ།། མ་བཅོས་ཕུང་པོ་རྫོགས་ཆེན་སྐུ་ལྔར་རྫོགས།། སྤྱན་ལྔ་སྐུ་ལྔ་ཡེ་ཤེས་ལྔ། ། ཨ་ནུ་མན་ཆད་དག་ལས་གྲོལ་བ་ཡི།། རང་སྒོའི་ཐིག་ལེའི་ངོ་སྤྲོད་རབ་ཏུ་གཅེས།། ཞེས་གསུངས་སོ།། ཐིག་ལེ་འདྲེ་རྒྱུད་ཆེན་པོ་ལས། ལམ་གྱི་ལེའུ་སྟེ་ཞེ་བརྒྱད་པའོ།།།། དེ་ནས་རྡོ་རྗེ་མཁའ་འགྲོ་མས། ། སྟོན་པ་རྡོ་རྗེ་སེམས་དཔའ་ལ།། འབྲས་བུའི་དོན་ནི་ཇི་ལྟར་ལགས།། ཞེས་ཞུས་སོ།། ཞུས་པས་སྟོན་པས་བཀའ་སྩལ་པ།། ཉོན་ཅིག་རྡོ་རྗེ་མཁའ་འགྲོ་མ།། སྤྱི་དང་རང་གི་མཚན་ཉིད་གཉིས།། སྤྱི་ནི་ལྐོག་གྱུར་མུན་པ་འཇིལ། ། ཅི་ཕྱིར་ཕྱི་དུས་འདེབས་པའི་ཕྱིར།། ལོག་རྟོག་ཕྱི་དུས་འདེབས་པ་དང།། ཕྱོགས་རྟོགས་ཕྱི་དུས་འདེབས་པ་གཉིས།། འཁོར་བ་རྣམ་པ་བཞི་ཡིན་ཏེ།། རྒྱུ་ལྟར་འཁོར་བ་མུ་སྟེགས་དང། ། མ་རྟོགས་པ་ཡི་འབྲས་བུའོ།། མཚན་ཉིད་སྡེ་གསུམ་དཀར་པོར་འཁོར།། མཐོ་རིས་ཐར་པའི་ལམ་ཡང་གནས།། རྒྱུ་ལྟར་འཁོར་བ་ཐོག་མའི་དུས།། འབྲས་བུ་ལྟར་འཁོར་གསང་སྔགས་པ།། ལོངས་སྐུའི་འབྲས་བུ་ཐོབ་པ་ཡིན། ། དག་པ་ཡང་དག་མ་དག་གསུམ།། ཡང་དག་འབྲས་བུ་ཡང་དག་གསུམ།། སྔ་མ་ཕྱི་མ་ད་ལྟ་གསུམ།། སྒོམ་མཁན་བསྒོམ་བྱ་སྒོམ་དུས་གསུམ།། སྤྱོད་མཁན་སྤྱད་བྱ་སྤྱོད་དུས་གསུམ།། ཐོབ་མཁན་ཐོབ་བྱ་ཐོབ་དུས་གསུམ། ། གནས་ས་རྟོགས་ས་གོལ་ས་གསུམ།། གཞི་དང་ལམ་དང་འབྲས་བུ་གསུམ།། རང་ཡིན་རང་སྣང་རང་སྒྲོལ་ལ།། རང་ཤར་རང་བྱུང་རང་རིག་ཡིན།། དུས་གསུམ་དབྱེར་མེད་ཆེན་པོ་ཡིན། ། བསྲེ་བ་འདྲེས་པའི་འདྲེས་ཚད་གསུམ།། རང་སྒོ་ཟང་ཐལ་ཆོས་མིན་གསུམ།། མ་རིག་གཟུང་འཛིན་ཆགས་སྡང་གསུམ།། བག་དང་ཆགས་དང་འཁོར་བར་གསུམ།། མཐོ་རིས་ངན་སོང་རྣམ་པ་གསུམ། ། སངས་རྒྱས་སེམས་ཅན་སྤྱི་ས་གསུམ།། ཆོས་དང་སྡིག་པ་སློབ་དཔོན་གསུམ།། དེ་གསུམ་གང་སྔ་འབྲེལ་བ་གཅེས།། ཟང་ཐལ་དབྱེར་མེད་ཆོས་མིན་གསུམ།། ཤེས་རབ་ཡེ་ཤེས་ཐིག་ལེ་གསུམ།། རང་བྱུང་རང་གནས་རང་རིག་གསུམ། ། ཉི་མ་འོད་དང་ཟེར་དང་གསུམ།། བྱིན་དང་རླབས་དང་རྒྱུད་པ་གསུམ།། སྟོན་པ་བསྟན་པ་འཁོར་དང་གསུམ།། གནས་དང་དུས་དང་ཆོས་དང་གསུམ།། ལུང་དང་རྒྱུད་དང་མན་ངག་གསུམ། ། སྡིག་པ་བག་ཆགས་ལས་དབང་གསུམ།། དགེ་བ་ལས་དབང་འབྲས་བུ་གསུམ།། སྒོམ་པ་བརྟན་པ་ལས་འབྲས་གསུམ།། ཐོག་མ་ཐ་མ་བར་དོ་གསུམ།། སངས་རྒྱས་ཆོས་དང་དགེ་འདུན་གསུམ།། ཚུལ་ཁྲིམས་སྦྱིན་སོགས་མི་ལུས་གསུམ། ། མཚམས་མེད་དམྱལ་བའི་ལས་འབྲས་ཀུན།། འཁྲུལ་པའི་དོན་དང་གནས་ལུགས་གཅེས།། འཁྲུལ་བ་འཁྲུལ་གཞི་དངོས་པོའི་དོན།། ཐམས་ཅད་འདི་རུ་ཤེས་པར་གྱིས།། རང་གཞི་རང་འཁྲུལ་རང་དངོས་གསུམ། ། གཞི་དང་ལམ་དང་འབྲས་བུ་གསུམ།། ཐམས་ཅད་རང་ཤར་ཡིན་གྱིས་དེ་ལྟར་ཤེས་པར་གྱིས།། ཞེས་གསུངས་སོ།། ཐིག་ལེ་འདྲེ་རྒྱུད་ཆེན་པོ་ལས། གནས་ལུགས་འཁྲུལ་བ་འབྲས་བུའི་ལེའུ་སྟེ་ཞེ་དགུ་པའོ། །།། དེ་ནས་བཅོམ་ལྡན་རྡོ་རྗེ་སེམས་དཔའ་ཡིས།། ཐུན་མོང་དངོས་གྲུབ་བསྟན་པ་ནི།། རྡོ་རྗེ་སློབ་དཔོན་སྨོད་པ་དང།། སངས་རྒྱས་བསྟན་པ་འཇིག་པ་དང།། རྣལ་འབྱོར་དམ་སྲི་བྱེད་པ་ལ། ། འགལ་བ་ཆན་ལ་དབབ་པ་གསུངས།། དེ་དག་དགུག་པར་བྱ་བ་ནི།། རྐང་རྗེས་ས་དང་རོ་རས་ལ།། རྒྱ་མཚོ་ཆུ་ཡིས་གཟུགས་བྲིས་ལ།། རླུང་གིས་ཁྱེར་བའི་ཤིང་ལོ་ལ།། དེ་ལ་གོང་དང་འདྲ་བར་བྲིས། ། ནུབ་ནས་བྱུང་བའི་རླུང་མར་ལ།། ཉི་མ་ནུབ་ཏུ་ཉེ་བ་ལ།། ལྕགས་ཀྱུས་ཁྲིད་ནས་དགུ་ཡི་ནུབ།། རང་གི་འོག་ཏུ་བཅུག་གྱུར་ན།། དེ་དག་ཁུགས་པར་གདོན་མི་ཟ།། དེ་ནས་གསད་པར་བྱ་བ་ནི།། དེ་ཡི་ནང་པར་བཏོན་ནས་ནི། ། དུག་གི་ཤིང་བུ་སྣ་ཚོགས་དང།། ཕུར་བུ་ལྕགས་ཕུར་སྙིང་ཁར་གཟུགས།། གནས་ལྔ་དག་ཏུ་བཏབ་ལ་བཞག། གུ་གུལ་དུད་པས་མྱོས་སུ་གཞུག། ཡུངས་ཀར་དུག་ཆུས་ཡང་ཡང་བྲན།། དེ་ནས་གཟུགས་དེ་ཐིག་བཏབ་ལ། ། ཉི་ཤར་དུས་ཚོད་མཚོན་གྱིས་གཏུབས།། ཕོ་མོའི་མཚན་མ་ཐད་ཀར་གཏུབ།། དེས་ནི་སྙིང་འགས་འཆི་བར་འགྱུར།། དེ་ནས་མནན་པའི་ལས་བྱ་སྟེ།། རྔ་ལ་སྦྲུལ་དང་སྦལ་པ་གཡོགས། ། རྡོ་རྗེ་བྱ་ཁྱུང་ཐུགས་ཀར་བཏགས།། རྟ་མཆོག་གཙུག་གི་ཁ་ལའོ།། རང་ལུས་ཕྱག་ན་རྡོ་རྗེའོ།། གོང་གི་ལིང་ག་མིང་རུས་བཅས།། རྣམ་སྣང་དག་དང་བཅས་པ་ཡིས།། རི་ལུ་བརྒྱ་དང་རྩ་བརྒྱད་བྱས། ། ཆུ་མིག་རེ་རུ་དོར་བྱས་ན།། མནན་གཏད་བརྒྱ་དང་རྩ་བརྒྱད་ཡིན།། ཁ་རལ་ཞབ་མས་རྐང་པ་དཀྲི།། ཉིན་མོ་ནུབ་ནས་མཚན་མོ་འདྲེས།། ཆུ་དང་གྲིབ་མ་བསྟུན་པར་བྱ།། དེ་ནས་བསྐྲད་པའི་ལས་བྱ་ན། ། རྟ་དྲེའུ་གཉིས་ཀྱི་མཚུལ་པ་ལ།། དགྲ་ཡི་མིང་རུས་གཟུགས་སུ་བྲི།། ཉི་ཤུ་ལྔ་ལ་འཐབ་ཏུ་གཞུག། དུག་ཆུས་བྲན་ནས་ཆུ་ལ་ནི།། ཤར་རླུང་དག་དང་བཅས་ལ་བསྐུར།། དེས་ནི་སྐྲོད་པར་གདོན་མི་ཟ།། དབྱེ་བར་བྱ་བའི་ལས་དག་ནི། ། འུག་པའི་མགོ་དང་བྱ་རོག་མགོ། གཉིས་པར་མིང་རུས་གཟུགས་བྱས་ལ།། དམར་ཐག་ཆད་པའི་དུས་དག་ཏུ།། ཐོད་པ་གཉིས་པོ་འཐབ་ཏུ་གཞུག། དགྲ་བོ་དབྱེ་བར་གདོན་མི་ཟ།། བཅིང་བ་དག་གིས་ལས་བཤད་པ། ། གྲོ་གའམ་ཡང་ན་རོ་རས་ལ།། དགྲ་ཡི་མིང་རུས་གཟུགས་སུ་བྲི།། ལྕགས་ཀྱུའི་ཕྱག་རྒྱས་བསྡམས་བྱས་ནས།། ཞགས་པའི་ཕྱག་རྒྱས་སྔོན་དམར་བསྡམ།། གུ་གུལ་ནག་པོས་བདུག་པར་བྱ། ། ཉིན་མཚན་གུང་གི་དུས་ཚོད་ལ།། རང་གི་རྐང་པས་ཁྲིད་ནས་ནི།། དོང་ཁུང་ནང་དུ་བཅུག་བྱས་ན།། ངེས་པར་འགྲོ་མི་ཤེས་པར་འགྱུར།། གལ་ཏེ་སྐམས་པའི་ལས་བྱས་ན།། དུག་དང་སྐེ་ཚེ་ལན་ཚྭ་དང།། འབྲུ་མར་ཤིང་མར་རབ་བསྲེགས་ལ། ། ཐོད་པ་དུམ་བུ་དྲུག་པ་རུ།། དགྲ་གཟུགས་བཅུག་ལ་བཞག་ནས་ནི།། དུག་གི་ཚེར་མས་གཟུགས་ལ་དབུག། གོང་མས་ཐོད་པ་དགང་བར་བྱ།། ཚེར་མའི་མེ་ཡིས་བསྐམ་བྱས་ལ། ། དགྲ་ཡི་སྒོ་འམ་རྒྱ་རམ་མནན།། ངེས་པར་སྐམས་པར་འགྱུར་བ་ཡིན།། ཞེས་གསུངས་སོ།། ད་ནི་བརྟུལ་ཞུགས་བརྟན་པར་བྱ།། ཕ་དང་ཁུ་བོ་མེས་པོ་དེ།། རབ་བསྟུན་མྱུར་དུ་བསྒྲལ་བྱས་ན།། རྡོ་རྗེ་སེམས་དཔའི་ཞལ་ཡང་མཐོང། ། མ་དང་སྲིང་མོ་བུ་མོ་དེ།། འདོད་ཆགས་རབ་ཏུ་སྦྱར་བྱས་ན།། སྣང་བ་མཐའ་ཡས་དངོས་གྲུབ་ཐོབ།། ཚངས་པ་ཆེན་པོའི་ཚེ་ཚད་ཐུབ།། རྡོ་རྗེ་སློབ་དཔོན་དག་ལ་ནི།། བརྫུན་ཚིག་སྣ་ཚོགས་སྨྲས་པ་ན། ། ངེས་པར་སྐྱེ་མེད་དངོས་གྲུབ་ཐོབ།། རྡོ་རྗེ་སློབ་དཔོན་མ་མཆེད་ལྕམ།། གསད་གཅད་ཚིག་ཏུ་བརྗོད་པ་ནི།། དོན་ཡོད་གྲུབ་པའི་དངོས་གྲུབ་ཐོབ།། ཁྱིམ་ཚེས་སློབ་མའི་ནོར་བརྐུས་ན།། རིན་ཆེན་འབྱུང་ལྡན་དངོས་གྲུབ་ཐོབ། ། རིག་པ་བརྟུལ་ཞུགས་ཆེན་པོ་བྱས།། ཐིག་ལེ་ཉག་གཅིག་དངོས་གྲུབ་ཐོབ།། རང་རིག་ཡེ་ཤེས་བརྟུལ་ཞུགས་བྱས།། འགྲོ་དྲུག་རང་གྲོལ་དངོས་གྲུབ་ཐོབ།། སྣང་བ་རྒྱ་ཡན་བརྟུལ་ཞུགས་སྤྱད། ། སྐྱེ་བ་མེད་པའི་དངོས་གྲུབ་ཐོབ།། རིག་པར་རང་གྲོལ་བརྟུལ་ཞུགས་སྤྱོད།། འཆི་མེད་རྡོ་རྗེའི་དངོས་གྲུབ་ཐོབ།། ཆོས་ཉིད་འོད་གསལ་བརྟུལ་ཞུགས་སྤྱད།། སྐྱེ་བ་མེད་པའི་དངོས་གྲུབ་ཐོབ།། འཁོར་བ་རང་སྣང་བརྟུལ་ཞུགས་སྤྱད། ། ཐམས་ཅད་མཁྱེན་པའི་དངོས་གྲུབ་ཐོབ།། གཟུང་འཛིན་གཉིས་ཀྱི་བརྟུལ་ཞུགས་སྤྱད།། ཐེག་པ་ཆེན་པོའི་དངོས་གྲུབ་ཐོབ།། ཚེས་བརྒྱད་སྲོག་ལ་འུག་མིག་བླངས། ། མིག་ལ་བྱུགས་ན་མི་མེད་མཐོང།། འུག་པའི་མིག་དང་སྲིན་བྱ་དང།། བྱི་བའི་མིག་གསུམ་བསྲེས་བྱས་ལ།། མངར་གསུམ་དག་ལ་རི་ལུ་བྱ།། སྲོད་ལ་ཟླ་གཅིག་སྲན་ཙམ་མུར།། མུན་པ་ཐམས་ཅད་མཐོང་བར་འགྱུར། ། ས་གཡོས་བྱུང་བའི་དུས་སུ་ནི།། རང་གི་འདོམས་ནས་ས་བླངས་ཏེ།། གནས་ལྔར་གཏོར་བར་བྱས་འགྱུར་ན།། ཚེ་ནི་འདབ་ཏུ་འགྱུར་བའོ།། ཉི་མ་ཤི་བའི་དུས་དག་ཏུ།། སྐྱོབས་སུ་འགྲོ་བྱས་འཆི་ལས་ཐར། ། ཆོས་སྟོན་སྦྱིན་པས་ཕྱུག་པོར་འགྱུར།། སྙིང་རྗེ་སྐྱེས་ན་སེམས་བསྐྱེད་ན།། ཚེ་རིང་མཐོ་རིས་ཐོབ་པར་འགྱུར།། ཟླ་བ་ཤི་ནའང་དེ་བཞིན་ནོ།། མདོ་བཏོན་པས་ནི་དགྲ་ལས་གྲོལ།། ལྕེ་སྤྱང་མིག་དང་འུག་པ་དང། ། བྱི་ལ་ཕ་ཝང་རི་བོང་དང།། ནུབ་མོ་མཐོང་བའི་མིག་དག་ལ།། མངར་གསུམ་དང་སྦྱར་རི་ལུ་བྱས།། གནམ་སྟོང་དག་ནས་བཟུང་ནས་སུ།། ཟླ་བ་གཅིག་ཏུ་ཟོས་འགྱུར་ན།། སྐྱེ་བ་སྔ་ཕྱི་དྲན་པ་དང།། མུན་པའི་འཇིགས་ལས་གྲོལ་བར་འགྱུར། ། ཆུ་ཡི་བྱི་བ་སྔོན་མོ་བླངས།། ཨ་མུ་ཀ་ཡི་དྲི་ཆུ་དྲོན་མོ་བླུགས།། གཡག་པོ་རུ་རུའི་རང་བཅུག་ན།། དྲི་ཆུ་འགགས་ནས་འཆི་བར་འགྱུར།། རྟ་དང་དྲེའུ་ཁྱིའི་འབྲས་བུ་དང།། མཛོ་དང་རྟོལ་གྱི་མཁྲིས་པར་སྦྱར། ། དགྲ་ལ་བྱིན་ན་སྐྱེ་བརྒྱུད་ཆད།། སྐྱེ་བ་སྔ་ཕྱི་དྲན་པའི་མིག། ནུབ་མོ་སོ་སོར་འཆི་བའི་སྙིང། ཨུ་རིངས་ཐོད་པའི་མིག་ཕྱུང་ནས།། སླ་ང་བྱི་རླིང་ནང་དུ་བཙོ།། དེ་ཟོས་རིམས་ནད་ཐམས་ཅད་ཐུབ། ། མི་ཡི་ཚིལ་བུ་རྟ་ཚལ་དང།། ཁྱི་ཚིལ་རྩི་བོ་ཆེ་དང་སྦྱར།། གླ་རྩི་མུ་ཟི་སྦྱར་བྱུགས་ན།། འབྲུམ་བུའི་གདོན་དང་ས་བདག་ཐུབ།། ཅེས་གསུངས་སོ།། ཐིག་ལེ་འདྲེ་རྒྱུད་ཆེན་པོ་ལས། ཐུན་མོང་ཁྱད་པར་སྦྱོར་བའི་ལེའུ་སྟེ་ལྔ་བཅུ་པའོ། །།། དེ་ནས་རྡོ་རྗེ་མཁའ་འགྲོ་མ་རྣམས་ཀྱིས་བསྐོར་བ་ལན་མང་དུ་བྱས་ནས།། རྡོ་རྗེ་སེམས་དཔའ་སྟོན་པ་ཀུན་གྱི་རྗེ།། བདག་ཅག་མཁའ་འགྲོའི་གས་རྣམས་ལ།། འདྲེ་རྒྱུད་ཆེན་པོ་བཤད་པ་ལེགས། ། སངས་རྒྱས་པ་ཡི་འབྲས་བུ་ཐོབ།། བདག་ཅག་རབ་ཏུ་ཡི་རང་ངོ།། མགོན་པོ་གསང་བའི་བདག་པོ་ཁྱོད་ཉིད་ཀྱིས།། འགྲོ་བ་རྣམས་ཀྱི་དོན་དུ་གསུངས་པ་ཡི།། འདྲེ་རྒྱུད་ཆེན་པོ་བསྟན་པ་འདི། ། བདག་གིས་ལེགས་པར་གཟུང་བར་བྱ།། སྟོན་པ་རྡོ་རྗེ་སེམས་དཔའ་ཡིས།། མཁའ་འགྲོ་རྣམས་ལ་བཀའ་སྩལ་པ།། ཡང་གཏེར་བླ་ན་མེད་པའི་ཆོས།། གསང་བ་བླ་ན་མེད་པ་མངོན་དུ་གྱུར་བའི་རྒྱུད། ངས་ཁྱོད་ལ་བསྟན་ཏོ། ། ལེགས་པར་བསྟན་ཏཽ།། རབ་ཏུ་ལེགས་པར་ཆོངས་ཤིག། ལེགས་པར་ཟུང་ཞིག། བསྒྲུབ་པའི་ཆོས་མ་ཡིན་པ་ཁོང་དུ་ཆུད་པར་གྱིས་ཤིག། ཅེས་གསུངས་ནས། མི་མངོན་དབྱིངས་སུ་གཤེགས་སོ། ། ཐིག་ལེ་འདྲེ་རྒྱུད་ཆེན་པོ་ལས། ཡོངས་སུ་གཏད་པའི་ལེའུ་སྟེ་ང་གཅིག་པའོ།།།། ཡོངས་སུ་གཏད་པའི་རྫོགས་སོ།།།། རྒྱ་རྒྱ་རྒྱ། ཐིག་ལེ་འདྲེ་རྒྱུད་རིན་པོ་ཆེ་སྤུངས་པ་ཞེས་བྱ་བ་བླ་མ་ངོམ་བི་ཝས། གུ་རུ་རྣལ་འབྱོར་པ་རམ་རྟ་འདམ་ལ། ལྷོ་སྟག་ཚང་སེར་གེར་བརྒྱུད། དེས་རྣལ་འབྱོར་པ་ལ་བརྒྱུད་དོ།། དེས་སྟ་སྟོན་བརྒྱུད་དོ།། ཨྠི+ྀ།།།།

CLOSE WINDOW