Wylie |
རྟོགས་པར་བྱར་ཡོད་བྱ་བྲལ་ན།། ཉན་ཐོས་ལ་སོགས་ཅི་ཕྱིར་མིན།། བསྒོམས་པས་འབྲས་ཐོབ་རྫོགས་ཆེན་ན།། ཉན་ཐོས་ལ་སོགས་ཅི་ཕྱིར་མིན།། བརྟན་དུ་བྱར་ཡོད་བརྟན་པ་ན།། ཉན་ཐོས་ལ་སོགས་ཅི་ཕྱིར་མིན། ། བྱ་བྲལ་ངང་བརྟན་ནམ་མཁའ་བཞིན།། བརྟན་དང་མ་བརྟན་གཉིས་མེད་བརྟན།། མི་འགྱུར་དོན་གྱི་མཚོན་ཚོད་བརྟན།། རྨོངས་པ་ཁ་ཅིག་འདི་སྐད་ཟེར།། ཆོས་ཉིད་མི་སྐྱེ་རྟོགས་སྐྱེ་ཟེར།། སྐྱེ་དང་མི་སྐྱེ་སོ་སོའི་ཕྱིར། ། གཉིས་ཀ་རྫས་སུ་ཡོད་པར་ཐལ།། གཉིས་སྐྱེ་ཆོས་སྐྱེ་སུ་ཡི་ལུགས།། ཡང་ན་ཆོས་ཉིད་མི་སྐྱེ་བ།། ཡོད་ནས་མེད་སྐྱེ་མེད་མི་སྐྱེ།། ཡོད་ན་རྟག་སྟེ་མེད་ན་ཆད།། གལ་ཏེ་བསམ་གྱིས་མི་ཁྱབ་ན། ། རྟོགས་དག་སྐྱེ་མེད་དམ་བཅའ་འགལ།། རྨོངས་པ་ཚད་མས་ཆོས་རྟོགས་འདོད།། ཚད་དང་ཆོས་ཉིད་གཅིག་ཐ་དད།། ཐ་དད་གཉིས་ཀ་རྫས་སུ་ཐལ།། གཅིག་ན་རང་རྟོགས་ཚད་མས་བྱེད།། གང་གི་དམ་བཅའ་འགལ་བའོ། ། གལ་ཏེ་གཅིག་མིན་ཐ་དད་མིན་པ་ན།། འབེབས་མིན་མི་འབེབས་མིན་པར་འགྲོ།། དོན་མིན་ཀུན་རྫོབ་འབེབས་ཟེར་ན།། ཀུན་རྫོབ་དོན་དམ་ཕན་མི་ཕན།། ཕན་གདགས་ཀུན་རྫོབ་ཅི་ཕྱིར་ཡིན། ། མིང་ཀུན་ཀུན་རྫོབ་བདེན་མེད་ཐལ།། རྟོགས་བྱ་རྟོགས་བྱེད་ལྷན་སྐྱེས་ལ།། བྱ་བྱེད་མེད་པས་སྐྱེ་མེད་རྟོགས།། ཆོས་རྣམས་གཉིས་སུ་མེད་པ་ལ།། རྟོགས་བྱའི་དུས་སུ་རྟོགས་བྱེད་མེད།། རྟོགས་བྱེད་དུས་སུ་རྟོགས་བྱ་མེད། ། འཁོར་བའི་དུས་སུ་མྱང་འདས་མེད།། མྱང་འདས་དུས་སུ་འཁོར་བ་མེད།། འཁྲུལ་དང་མ་འཁྲུལ་དེ་དང་མཚུངས།། རྟོགས་བྱ་རྟོགས་བྱེད་ཐ་དད་ལ།། རྨོངས་པ་གཉིས་མེད་རང་བྱུང་ཟེར། ། འབྱུང་རྒྱུ་ཡོད་པས་འགག་རྒྱུ་ཡོད།། དེ་ནི་འཁྲུལ་པའི་རང་བྱུང་ངོ།། རྟོགས་པར་བྱ་བྱེད་གཉིས་བྱུང་ནས།། གཉིས་མེད་ཟེར་བའི་རྨོངས་པ་དང།། ཐབས་སྒོ་དུ་མས་རྟོགས་བྱས་ནས།། རང་བྱུང་བྱ་བྲལ་ཟེར་བ་དང། ། རྨོངས་པ་ཁ་ཅིག་འདི་སྐད་ཟེར།། རྟོགས་པ་རྐྱེན་དང་ཐབས་ལ་རབ།། རྟོགས་པའི་ཐབ་ནི་བྱ་བྲལ་ཞིང།། རང་བྱུང་ཡིན་ནོ་ཟེར་བ་ཡོད།། རྟོགས་དང་རྟོགས་དོན་སོ་སོ་ལ།། གཅིག་ནི་རང་བྱུག་གཅིག་རྐྱེན་བྱུང་བ་དང། ། གཅིག་ནི་བྱ་བྲལ་གཅིག་བྱས་པ།། ཟེར་ཏེ་དེ་ལ་འདི་སྐད་བརྟག། དེ་གཉིས་གཅིག་གམ་ཐ་དད་བརྟགས།། ཐ་དད་གཅིག་བེམ་གཅིག་རིག་སྟེ།། ཡང་ན་གཉིས་ཀ་རྫས་སུ་ཐལ་ལོ།། ཡང་ན་འདུས་བྱས་འདུས་མ་བྱས། ། ཡང་ན་རྒྱུ་འབྲས་འགལ་བའོ།། གཅིག་ནི་རྟོགས་རྐྱེན་རག་ལས་བཞིན།། ཆོས་ཉིད་རྐྱེན་ལ་རག་ལས་འགྱུར།། དེ་ལ་སོགས་པའི་རྐྱེན་རྣམས་བྱུང།། དེ་ནས་མི་རྟོག་ཞེས་ན་ནི།། ཆོས་ཉིད་མ་རྟོགས་གྲོལ་མེད་པས། ། འཁོར་བ་སྟེ་ཆད་ཉིད་དུ་འགྱུར།། དོན་དམ་ཀུན་རྫོབ་གཉིས་ཀ་རྟོགས་པར་མེད་ཟེར་ན།། བེམ་པོ་ཉིད་དུ་འགྱུར་བའོ།། ཡང་ན་ཆོས་ཉིད་བྱ་བ་བྲལ་བ་བཞིན་དུ།། རྟོགས་པ་ཡང་བྱ་བ་བྲལ་བར་ཐལ། ། ཀུན་རྫོབ་རྟོགས་སུ་ཡོད་དམ་མེད།། དོན་དམ་མི་རྟོགས་དོན་དམ་ཀུན་རྫོབ་གཉིས་ཀར་བསྟན།། ཨེ་མ་དོན་ཉིད་ཡེ་ནས་སྤྲོས་བྲལ་ལ།། ལྟོས་པ་གཉིས་ལ་བརྟེན་པ་མེད།། འཁྲུལ་ཡང་འཁྲུལ་པ་སོང་འགྱུར་མེད། ། ལྟར་སྣང་རང་ངོར་རང་དག་པས།། འདས་ཆོས་ཀུན་གྲུབ་ལྟོས་པ་མེད།། ཁྱོད་ཀྱིས་དེ་ལྟར་ཤེས་པར་གྱིས།། ཞེས་སྐྱེ་བ་མེད་པའི་གསང་ཐིག་སྟེ་བཅུ་བཞི་པའོ།།།། བཅོམ་ལྡན་འདས་རང་རིག་ངང་ལ་ཕྱག་འཚལ་ལོ། ། རང་གིས་རང་རིག་ཡེ་ཤེས་དང།། གཞན་གྱིས་གཞན་རིག་རྣམ་རྟོག་གཉིས།། བླུན་པས་ནམ་ཡང་ཤེས་མི་འགྱུར།། རིག་ཏུ་ཡོད་པའི་རང་རིག་དང།། གཉིས་མེད་བྱ་བྲལ་རང་རིག་གཉིས། ། སེམས་ཀྱི་ཡུལ་དང་རང་རིག་ཡུལ།། འཁྲུལ་པའི་སེམས་དང་བྱང་ཆུབ་སེམས།། སེམས་མིན་ལོགས་ནས་སེམས་འདོད་དང།། སེམས་དང་སེམས་ཉིད་རྟག་ཏུ་འདྲེས།། འབྱུང་རྒྱུ་ཡོད་པའི་རང་བྱུང་ནི། ། དུང་ཉིད་དཀར་པོར་རང་བྱུང་ལ།། བྱ་དང་བྱེད་པ་ག་ལ་ཡོད།། ཆུ་ཉིད་རང་རླན་ལ་སོགས་ལ།། བྱ་དང་བྱེད་པ་ཡོད་དམ་མེད།། ཡོད་ན་རང་རླན་ཅི་ཕྱིར་ཡིན།། བླུན་པོ་ཁ་ཅིག་འདི་སྐད་ཟེར། ། རིག་པར་བྱ་དང་བྱེད་པ་ཡིས།། བྱ་བྲལ་རྟོགས་པར་བྱེད་དོ་ཟེར།། བྱ་དང་བྱེད་པོ་གཉིས་འདུས་ནས།། བྱ་བ་ལ་རྟོགས་པར་བྱེད་པ་ན།། འདུས་ནས་བྱས་ཏེ་བྱས་ནས་བྱ་བྲལ་འདོད་པ་བླུན།། རིག་པ་བྱར་མེད་རིག་པ་མིན་ཞེ་ན། ། དཔེར་ན་དུང་གི་དཀར་པོ་ཡང།། དཀར་བར་བྱར་མེད་དཀར་མིན་ནམ།། དེ་ནི་དཀར་པོ་རང་ཡོད་དོ།། ཞེ་ན་འདིར་ཡང་གཉིས་མེད་ཡེ་ཤེས་དང།། རྣམ་པར་དག་དང་སྤྱོད་ཡུལ་དག། ལ་སོགས་མཚན་ཚོད་དེ་ལ་བྱ། ། རིག་པར་བྱ་དང་བྱེད་མེད་ན།། བྱ་བ་བྲལ་ཕྱིར་རང་རིག་གོ། གལ་ཏེ་རིག་པར་བྱ་ཡོད་ན།། རང་བྱུང་རང་རིག་ཅི་ཕྱིར་ཡིན།། རིག་པ་རྐྱེན་གྱིས་སྐྱེས་པ་ན།། རྐྱེན་ཞེས་གཉེན་པོས་ཅིས་མ་འཇིག། རང་རིག་ཆོས་ཉིད་དོན་རྟོགས་དང།། རྐྱེན་རིག་ཆོས་ཅན་བརྟག་རྟོགས་གཉིས།། རྟོགས་པར་འདྲ་སྟེ་འཁོར་འདས་གཉིས།། རང་རིག་རྒྱུན་ཏུ་མ་གནས་པས།། རྨོངས་པ་ཀུན་ལ་མི་འཐད་དེ།། དེ་ལ་འདི་སྐད་བརྟག་པར་བྱ། ། ཁྱོད་རང་ཉིད་ཀྱི་གཞུང་ལྟར་ན།། ད་ལྟར་རྟོགས་པ་ཡོད་དམ་མེད།། ཡོད་ན་རྒྱུན་དུ་གནས་མི་གནས།། གནས་ན་གཟུང་འཛིན་ཡོད་དམ་མེད།། ཡོད་ན་རྟོགས་པ་ཅི་ཕྱིར་ཡིན།། མེད་ན་མངོན་སུམ་ཉིད་དང་འགལ། ། རྟོགས་དང་སངས་རྒྱས་གཅིག་མི་གཅིག། གཅིག་ན་སངས་རྒྱས་སྐྱེ་རྒས་ཅན།། མ་རྒྱས་ཅི་གནོད་རྒྱས་ཅི་ཕན།། མི་ཤེས་མཁས་པ་འདི་སྐད་ཟེར།། རྐྱེན་གྱིས་རྟོགས་ཏེ་རང་རིག་ཡིན། ། རྟོགས་དགོས་བྱ་བྲལ་སྒོམ་དགོས་ལྷུན་གྱིས་གྲུབ།། དཔེར་ན་འཇིག་རྟེན་ཆོས་ལ་ནི།། མེ་ཡིན་འདི་ལས་གྲང་བ་མེད།། ཚིག་དེ་ཁྱོད་ལ་འཐད་མི་འཐད།། དེ་བས་རང་བྱུང་རྟེན་འབྱུང་གཉིས།། རྒྱུ་འབྲས་འཁོར་འདས་མཁས་པས་རིག། རང་བྱུང་ཐ་སྙད་ཡང་དག་རིག། ཐ་སྙད་འབྱུང་རྒྱུ་འབྱུང་བཞི་ཡོད།། དེ་ལས་དེ་བྱུང་དེ་ལྟར་བྱུང།། དེ་ནི་རྟེན་ཅིང་འབྲེལ་པར་འབྱུང།། ཡང་དག་རང་བྱུང་འདི་ལྟ་སྟེ།། འཁྲུལ་བློ་ཟད་པ་ཙམ་ཉིད་ལའོ། ། མདོར་ན་དངོས་པོའི་གནས་ལུགས་ནི།། བློ་དང་བློ་ཡུལ་མ་ཡིན་པས།། ལྟ་སྒོམ་སྤྱོད་འབྲས་དམ་ཚིག་དང།། ཤེས་རབ་སྙིང་རྗེ་བློ་ཡུལ་མིན།། དེ་ནས་དངོས་པོའི་གནས་ལུགས་ཏེ།། བློ་དང་བློ་ཡུལ་དག་པ་ཡིས། ། དག་པ་ཡིན་ཏེ་ཡང་དག་མིན།། བློ་ཡུལ་བྱུང་ནས་དག་པ་ནི།། དག་པ་ཡིན་ཞིང་ཡང་དག་ཡིན།། གལ་ཏེ་བཞི་ལ་བློ་ཡོད་ན།། བློ་དེ་ཇི་ལྟ་བུ་ཞིག་གིས།། ཡུལ་ནི་ཇི་ལྟ་བུ་ཞིག་གིས།། དེ་མེན་ལམ་ལ་ཅི་ཡོད་ཀྱང། ། དེ་ཉིད་མ་ཡིན་དེ་ལས་གོལ།། སྐྱེས་པ་དང་ནི་རང་བྱུང་ཡང།། ཚིག་འདྲ་འདྲ་ཡང་དོན་མི་འདྲ།། འཁྲུལ་བའི་རང་བྱུང་དག་སྐྱེས་ཅིག། ཆོས་ཉིད་རང་བྱུང་ཞེས་བྱ་བ།། མ་བྱུང་མ་སྐྱེས་སྙིང་པོ་སྟེ། ། འདི་ལས་འདི་འབྱུང་འདི་ལྟར་འབྱུང།། འདི་ཡིས་འདི་འབྱུང་འདི་དུས་འབྱུང།། འབྱུང་བྱ་འབྱུང་བྱེད་མེད་པ་ཡིས།། རྒྱུ་རྐྱེན་མེད་པར་རང་བྱུང་སྟེ།། གལ་ཏེ་དེ་རྣམས་གང་ཡོད་ཀྱང།། རང་བྱུང་མན་ཏེ་རྟེན་འབྱུང་ཡིན། ། མདོར་ན་རྟེན་འབྱུང་དངོས་ཡིན་ནོ།། རང་འདས་ཆོས་ཡོད་མ་སྲིད་ཅིང།། དེ་བས་བློ་བུར་བློ་དག་པས།། འདས་པའི་ཆོས་རྣམས་ལྷུན་གྲུབ་སྟེ།། ཡུལ་སེམས་དམིགས་པ་ཅི་ཡང་མེད།། ཁྱོད་ཀྱིས་དེ་ལྟར་ཤེས་པར་གྱིས། ། ཞེས་རང་བྱུང་དང་རྟེན་འབྱུང་ཁྱད་པར་གྱི་གསང་ཐིག་སྟེ་བཅོ་ལྔ་པའོ།།།། བཅོམ་ལྡན་འདས་དང་རིག་ངང་ལ་ཕྱག་འཚལ་ལོ།། ཐེག་པའི་བྱེ་བྲག་བསམ་ཡས་ཀྱང།། མདོར་བསྡུས་གཞི་ལྔ་ལམ་ལྔ་ཡིན། ། རིག་པའི་གཞི་ལྔ་འདི་ལྟ་སྟེ།། ཤིན་ཏུ་སོ་སོར་རིག་པ་དང།། སོ་སོར་མ་ཡིན་རང་རིག་དང།། སོ་སོར་ཡང་དག་རང་རིག་དང།། སོ་སོར་མ་ཡིན་རང་རིག་གོ། གཞི་ནི་བྱ་བའི་རང་རིག་སྟེ། ། ཅིག་ནི་རང་རིག་བྱ་བྲལ་ཡིན།། གཞི་ནི་འཛིན་པས་བསགས་པ་སྟེ།། ཅིག་ནི་རྟོག་པ་དག་པའོ།། ཞིན་བདག་ཡོད་རང་རིག་སྟེ།། གཅིག་ནི་བདག་མེད་དངོས་ཞིའི་རིག། བདག་དང་རང་དང་རིག་དང་གསུམ། ། ཆོས་ཉིད་རིག་པ་མ་ཡིན་པ།། གསུམ་ནི་སོ་སོ་མ་ཡིན་པ།། བླུན་པས་བདག་མེད་རང་རིག་འདོད།། དེ་ནི་མཁས་ཏེ་མི་ཤེས་པའོ།། དེ་ལ་ལམ་ལྔ་འདི་ལྟ་སྟེ།། ཤིན་ཏུ་སོ་སོ་ཉན་ཐོས་སྤོང།། སོ་སོ་མ་ཡིན་རང་རྒྱལ་འགེགས། ། ཕྱེད་སྤྱོད་ཕྱེད་སྒྲུབ་སེམས་ཙམ་སྟེ།། ཡུལ་སེམས་མ་གྲུབ་དབུ་མ་སྦྱངས།། ཡུལ་སེམས་གཉིས་མེད་བྱ་བྲལ་བསྔགས།། ལམ་ལྔ་དེ་ལྟར་ཤེས་པར་གྱིས།། རང་རིག་ལྔ་ནི་འདི་ལྟ་སྟེ།། ཤིན་ཏུ་སོ་སོའི་རང་རིག་ནི། ། དོན་དམ་ཀུན་རྫོབ་གཉིས་ཀར་ནི།། ཡུལ་སེམས་སོ་སོར་འབྲེལ་བ་ཡོད།། ཡུལ་ཉིད་སོ་སོ་སེམས་སོ་སོ།། དེ་ཀུན་འབྲེལ་བ་མཚུངས་པར་ལྡན།། སེམས་ནི་ཡང་དག་ཡུལ་བརྗོད་བྲལ།། དེ་ཡི་འབྲེལ་བ་གོང་དང་མཚུངས། ། སོ་སོ་ཡང་དག་རང་རིག་ནི།། ཡུལ་ནི་ཀུན་རྫོབ་འཁྲུལ་སྣང་སྟེ།། སེམས་ནི་རག་རིག་ཡང་དག་གསལ།། དེ་ཡི་འབྲེལ་བ་རྒྱུན་དང་ལྡན།། སོ་སོ་ཡང་དག་རང་རིག་ནི།། རང་ངམ་གཞན་ཞེས་བཏགས་པ་ཀུན། ། བཏགས་པས་རང་གིས་སྟོང།། ཐམས་ཅད་སྤྲོས་བྲལ་བདག་ཉིད་ཅིག། སོ་སོ་མ་ཡིན་རང་རིག་ནི།། ཡུལ་སེམས་སོ་སོ་མ་ཡིན་ཏེ།། ཐམས་ཅད་སོ་སོ་མ་ཡིན་པས།། རིག་དང་རིག་བྱ་སོ་སོ་མིན། ། ངོ་བོ་གཉིས་སུ་མེད་པར་འབྲེལ།། གཉིས་ནི་རང་རིག་རིག་པ་སྟེ།། ཐེག་པ་སེམས་ཙམ་རང་གི་རིག། ཐེག་པ་དབུ་མ་རང་གིས་རིག། གཞན་ནི་གཉིས་ཀྱི་བྱེ་བྲག་སྟེ།། རིག་པ་བྱ་བ་བྲལ་བ་ནི།། ཆོས་ཉིད་དོན་རིག་ལྷུན་གྱིས་གྲུབ། ། དེ་ནི་ཆེ་བ་ལྔ་དང་ལྡན།། ས་བཅུ་ཕ་རོལ་ཕྱིན་བཅུ་རྫོགས།། ལམ་ལྔ་གཟུངས་དང་ཏིང་འཛིན་རྫོགས།། གཞི་ནི་ཆོས་ཅན་ཅིག་ཆོས་ཉིད།། གཞི་ནི་རྟེན་འབྱུང་ཅིག་རང་བྱུང།། གཞི་ནི་སྐྱེས་པ་ཅིག་སྐྱེ་མེད། ། གཞི་ནི་འཁོར་བའི་ལམ་ཡིན་ཏེ།། གཅིག་ནི་རྣམ་དག་ལམ་ཆེན་ཡིན།། རེ་རེ་ལ་ཡང་ལམ་ལྔ་སྟེ།། མདོར་སྡུས་ལྔ་ནི་འདི་ལྟའོ།། ཤིན་ཏུ་སོ་སོ་ཚོགས་ཀྱི་ལམ།། སོ་སོ་མ་ནིང་སྦྱོར་བའི་ལམ། ། སོ་སོ་ཡང་དག་མཐོང་བའི་ལམ།། སོ་སོ་རང་དག་སྒོམ་པའི་ལམ།། སོ་སོ་མ་ཡིན་མཐར་ཕྱིན་ལམ།། འབྲས་བུ་ལྔ་ནི་འདི་ལྟ་སྟེ།། སོ་སོ་རང་རེའི་འབྲས་བུ་ལྔའོ།། སོ་སོའི་འབྲས་བུ་དགྲ་བཅོམ་པའོ། ། སོ་སོ་མ་ནིང་འབྲས་བུ་བསེ་རུ་ལྟ་བུའོ།། སོ་སོ་ཡང་དག་འབྲས་བུ་ཤེས་དག་པ་སྟེ།། བླ་མེད་བྱང་ཆུབ་པའོ།། སོ་སོ་རང་དག་འབྲས་བུ་བདག་ཉིད་བེ་བའོ།། སོ་སོ་མ་ཡིན་འབྲས་བུ་ལྷུན་གྲུབ་པའོ།། རིག་ལྔ་ལམ་ལྔའི་བྱེ་བྲག་ནི། ། ཉོན་མོངས་ལྔ་དང་འགྲོ་བ་ལྔ།། འབྱུང་བ་ལྔ་དང་ཕུང་པོ་ལྔ།། འཁོར་འདས་ཀྱི་བསྡུས་པའི་ཆོས།། རིག་པའི་གཞི་ལྔར་རྒྱལ་པས་གསུངས།། དེ་ལས་གཞན་པའི་ཆོས་མེད་ཀྱིས།། དེ་ཡི་བྱེ་བྲག་ཤེས་པར་གྱིས། ། སྐལ་ལྡན་བློ་ལ་གོ་བར་གྱིས།། ཞེས་གཞི་ལྔ་ལམ་ལྔའི།། གསང་ཐིག་སྟེ་བཅུ་དྲུག་པའོ།།།། བཅོམ་ལྡན་འདས་གཅོད་བྱེད་རྒྱལ་པོ་ལ་ཕྱག་འཚལ་ལོ།། ཨེ་མ་འཆིང་བར་མ་བྱེད་དང།། ཐོང་ཐོང་ཆགས་སྡང་ཐོང། ། རྟོགས་བྱེད་མེད་ཀྱིས་མ་ཆགས་ཤིག། རྟོགས་ཡུལ་མེད་ཀྱིས་མ་ཆགས་ཤིག། རྟོགས་པ་ལྟ་བུའི་སྡིག་པ་མེད།། སྒོམ་མཁན་མེད་པས་མ་ཆགས་ཤིག། སྒོམ་ཡུལ་མེད་ཀྱིས་མ་ཆགས་ཤིག། སྒོམ་པ་ལྟ་བུའི་སྡིག་པ་མེད། ། སངས་རྒྱས་མེད་ཀྱིས་མ་ཆགས་ཤིག། སངས་རྒྱས་ལྟ་བུའི་སྡིག་པ་མེད།། ཐམས་ཅད་ཆོས་ནི་གཉིས་མེད་ལ།། རྒྱ་བའི་བདག་མེད་མ་ཆགས་ཤིག། རྒྱ་བའི་ཡུལ་མེད་མ་ཆགས་ཤིག། མ་སྡང་སྡང་བས་ཐམས་ཅད་འཆིང། ། ཆོས་རྣམས་ཐམས་ཅད་དབྱེར་མེད་ལ།། འཁོར་བ་མ་སྤོངས་སྤོངས་ཡུལ་མེད།། སྤོང་བའི་བདག་ཀྱང་ཡོད་མ་ཡིན།། དོན་ལ་ཡུལ་དང་རྣམ་རྟོག་མེད།། ཡོད་ན་སྡང་བས་ཅི་ཞིག་ཕན། ། ཉོན་མོངས་མེད་ཀྱིས་མ་སྡང་ཞིག། ཡོད་ན་སྡང་བས་ཅི་ཞིག་ཕན།། མེད་ན་སྡང་བ་བྱ་མི་དགོས།། དེ་ཀུན་འཁྲུལ་པའི་སྣང་བ་ཡིན།། འཁྲུལ་པ་ཡན་ཕྱིར་སྤངས་སྒྲུབས་མེད།། བྱ་དང་བྱེད་པ་འཁྲུལ་པ་ཡིན། ། འཁྲུལ་པ་ཡིན་ཕྱིར་བྱ་བྱེད་མེད།། བྱ་དང་བྱེད་པ་འཁྲུལ་པ་ཡིན།། འཁྲུལ་པ་ཡིན་ཕྱིར་བྱ་བྱེད་མེད།། ཐོང་འཁྲུལ་ལ་དམ་པར་མ་འཛིན་དང།། དེ་ཀུན་དམ་པར་མི་འཛིན་ན།། ཡིད་ཀྱི་གཡོ་བ་ཇི་ལྟར་འབྱུང། ། ཡིད་ཉིད་དམ་པ་མ་ཡིན་ན།། གཡོ་དང་མི་གཡོ་སུ་ཡི་ཡིན།། ཡིད་གཅིག་དམ་པར་ཡོད་མཐོང་ནས།། གཡོ་ལ་སྡང་ཞིང་མི་གཡོ་ཆགས།། བླུན་པོ་དེ་ཡིས་དོན་མི་མཐོང།། དེ་བས་ཆགས་སྡག་ཀུན་གྱི་གཞི། ། བདག་གཞན་ལེགས་པར་བཏང་བར་བྱོས།། དོན་ལ་བཏང་བྱ་བཏང་བྱེད་མེད།། དེ་ཉིད་ལེགས་པར་བཏང་བ་ཡིན།། ཐིག་ལེ་བདག་གཞན་ཡོངས་མེད་ཀྱིས།། ཡོད་ན་ཐིག་ལེ་ཡོང་མིན་གྱིས།། ཐོང་ཐོང་ཉེས་པའི་རྩ་བ་ཐོང། ། བདག་ཉིད་གྲོལ་ན་སངས་རྒྱས་གཞན་མེད་དེ།། བདག་ཉིད་གྲོལ་བའི་དུས་ཉིད་དུ།། དེ་མ་ཐག་ཏུ་ཆགས་པ་ཟད།། དེ་མ་ཐག་ཏུ་འཁོར་བ་དག། དེ་མ་ཐག་ཏུ་མངོན་སངས་རྒྱས། ། དེ་བས་སྐལ་ལྡན་སྐྱེས་བུ་ཡིས།། བདག་ཉིད་ཐོང་ལ་མ་རྟོགས་ཅིག། བདག་ཉིད་ཐོང་ལ་མ་སྒོམ་ཞིག། བདག་གིས་ཆགས་སྡང་མ་སྤོངས་བར།། བདག་ཉིད་བཏང་བར་བྱས་ན་བདེ།། དེ་ནི་ཀུན་བཟང་རྡོ་རྗེ་སེམས། ། ཆགས་སྡང་བྲལ་བ་ནམ་མཁའ་བཞིན།། བྱ་བྲལ་ལྷུན་གྲུབ་བདེ་ཆེན་ལ།། ཕ་རོལ་ཕྱིན་བཅུ་ས་བཅུ་རྫོགས།། ལམ་ལྔ་སྐུ་གསུམ་ཡེ་ཤེས་རྫོགས།། དུས་གསུམ་བདེ་གཤེགས་ཐམས་ཅད་ཀྱིས།། བྱ་བྲལ་ལྷུན་གྲུབ་རྫོགས་པས་བསྔགས། ། ཨེ་མ་དོན་ལ་ཡེ་ནས་ཆགས་སྡང་མེད།། ཆགས་སྡང་ཐམས་ཅད་འཁྲུལ་བའི་བློ།། དེ་བས་ཆགས་སྡང་ཡོད་ཀྱི་བར།། འཁོར་འདས་གཉིས་སུ་ཤེས་པར་གྱིས།། ཞེས་ཆགས་སྡང་གཅོད་པའི་གསང་ཐིགས་བསྟན་པ་སྟེ་བཅུ་བདུན་པའོ། ཆོས་ཉིད་རང་སྣང་གི་དབྱིངས་སུ་གཤེགས་སོ།། ཨ་ཏི་རྫོགས་པའི་རྒྱུད་ལས་ལེའུ་དགུ་པའོ།།།། ཨ་ཏི་རྫོགས་པའི་རྒྱུད་རྫོགས་སོ།།།། རྒྱ་གར་སྐད་དུ། ཨ་ཏི་ལ་བྷེ་ད། བོད་སྐད་དུ། ཨ་ཏི་སྤྱི་གཅོད་ཀྱི་རྒྱུད། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ།། རོ་ལངས་བདེ་བ་རངས་པ་ན།། པན་ཙ་ཨ་མྲི་ཏ་བིན་དུ་པྲ་ཤ་བིན་ཏུ། ནམ་ཤྲཱི་ཕ་ལ་མུནྟྲ་མནྟྲ་ཨེ་ཀ་འདུ་ཏི་ཧ་ལི་ན་མ། རོལ་བ་རྒྱུན་གྱི་ཐིག་ལེའི་ཀློང་ནས།། བྱང་ཆུབ་ཤིང་དྲུང་དུ་སྐུ་སྤྲུལ་ནས།། དེ་ཡིས་འཇམ་དཔལ་བཤེས་གཉེན་དག་ལ་བརྒྱུད།། མཐིང་ཀ་ཤུ་གུ་དག་ལ་བྲིས་པའི་གླེགས་བམ་འདི།། འཇམ་དཔལ་བཤེས་གཉེན་ཁྱོད་ལ་གདམས་པར་བྱ། ། ཞེས་གསུངས་སོ།། གླེང་གཞིའི་ལེའུ་སྟེ་དང་པོའོ།།།། ཐོག་མའི་སངས་རྒྱས་འོད་མི་འགྱུར་བ། རྟོགས་ཏེ་སངས་རྒྱས་མ་བྱུང། མ་རྟོགས་ཏེ་སེམས་ཅན་མ་བྱུང་བའི་དུས་ན། གཞི་དངོས་པོའི་གནས་ལུགས་ཇི་ལྟར་ལགས། སྣང་བ་ནི་ཇི་ལྟར་སྣང། མིང་དུ་འདོགས་ན་ཇི་ལྟར་འདོགས། དེ་ལས་འཁྲུལ་པ་ཇི་ལྟར་ལགས། ཞེས་ཞུས་པས། ཨ་ཏི་སྤྱི་གཅོད་བསྟན་པར་བྱ།། ཞེས་གསུངས་སོ། ། ཨ་ཏི་སྤྱི་གཅོད་ཀྱི་རྒྱུད་ལས། གླེང་གཞིའི་ལེའུ་སྟེ་གཉིས་པའོ།།།། དེ་ནས་བཀའ་སྩལ་པ། སྣང་བ་ནི་རང་བཞིན་གྱི་སྣང་བ་ཞེས་བྱའོ།། དུས་དེ་ཙམ་ན་གནས་པའི་རྟོགས་མེད་ཀུན་གཞི་ཞེས་ཀྱང་བྱའོ། ། མིང་དུ་འདོགས་ན་མི་ཟད་པའི་མཛོད་ཀྱང་བྱའོ།། སྤྱི་ས་ཆེན་མོ་འཁོར་བའི་གཞི་ལ། སེམས་ཅན་གྱི་ཐུག་པ། ཆོས་ཉིད་སྤངས་པའི་ཀློང་ཞེས་ཀྱང་བྱ། རང་སྣང་གི་ནམ་མཁའ་ཞེས་ཀྱང་བྱའོ།། དེའི་རྩལ་ལས་ཤེས་པ་རྐྱང་པ་ཁྱབ་པའི་ཤེས་པ། རྒྱུ་བའི་ཤེས་པ། མི་རྒྱུ་བའི་ཤེས་པ། ལུང་མ་བསྟན་གྱི་ཤེས་པ་ཞེས་ཀྱང་བྱ་སྟེ། དུས་དེ་ཙམ་ན་ཐོག་མཐའ་མེད་པའི་སྙིང་པོ་ཞེས་ཀྱང་བྱའོ།། ཞེས་གསུངས་སོ།། ཨ་ཏི་སྤྱི་གཅོད་ཀྱི་རྒྱུད་ལས། གླེང་གཞིའི་ལེའུ་སྟེ་གསུམ་པའོ།།།། གཡོ་བ་ནི་སྤྱི་ས་ཆོས་ཀྱི་སྐུ་རྟོག་མེད་ཀྱི་སྦུབས་ནས་གཡོས། སྒོ་ནི་གསུམ་ནས་འབྱུང་སྟེ། གསལ་བ་རྟོག་མེད་ཀྱི་སྒོ། སྟོང་པ་མཚན་མེད་ཀྱི་སྒོ། གསལ་སྟོང་བཙད་མེད་ཀྱི་སྒོ་ནས། རྣོན་པོའི་སྒོ་བྱེད་ནས་ཁྱབ་པའི་རིག་པ་བྱུང་སྟེ། རིག་པ་རྐྱང་པ་དེ་ལ་འགྲོ་བའི་སྒོ་མེད་པས། མ་ནིང་གི་སྒོ་བྱ། རྒྱུ་བའི་རིག་པའི་ཕྱིར་ཐོན། རྟུལ་པོའི་སྒོ་ཕྱེ། མཚན་མའི་རིག་པ་ཤར། རྣོ་བཏུལ་གཉིས་མེད་ཀྱི་སྒོ་འགགས་པས།། མྱོང་བའི་རིག་པ་སྨིན་ནོ།། ཡན་ལག་སྒོ་དབྱེ། རིག་པ་སྨིན་ཏེ། ཆོས་དབྱིངས་རང་བྱུང་གི་སྦུབས་ཞེས་བྱ་སྟེ།། སྣ་ཚོགས་ལ་འཇུག་གོ། ཞེས་གསུངས་སོ།། ཨ་ཏི་སྤྱི་གཅོད་ཀྱི་རྒྱུད་ལས། རིག་པ་དངོས་སུ་སྨིན་ནས་འཁྲུལ་པའི་དཔེ་སྟེ་ལེའུ་བཞི་པའོ།།།། དེ་ནས་མཚན་དང་དཔེ་བྱད་ལོངས་སྐུར་འཁྲུལ་པ་བཀའ་སྩལ་པ། གསལ་བ་སྣོད་ཀྱི་སྒོ། སྟོང་པ་བཅུད་ཀྱི་སྒོ། འཛིན་པ་མ་ཞུགས་པའི་སྒོ། ཁ་དོག་གསལ་བ་ཡན་ལག་གི་སྒོ། མཚན་མ་རིག་པར་ཤར། མྱོང་བའི་རིག་པ་སྐྱེས། རྒྱུ་བའི་རིག་པ་ཡུལ་འོད་ལྔ་ལ་ཤར་ཏེ། དང་པོ་ཅི་ཡིན་མཉམ་དུ་ཤེས་པས། བར་དུ་ཡིན་མིན་གྱི་ཤེས་པ། ཐ་མར་ཡིན་གདེངས་ཀྱི་ཤེས་པས་གཅད་པས། ཡིད་འཁོར་ལོ་གསུམ་ཞེས་ཏེ་དེ་ལ་བྱའོ།། དུས་དེ་ཙམ་ན་ཡར་སངས་མ་རྒྱས། མར་འཁོར་བར་མ་འཁྱམས་པས་ལུང་མ་བསྟན་གྱི་སྒོ་ཞེས་བྱའོ།། བར་དེར་ཀུན་ཏུ་བཟང་པོས་རིག་པ་ཡེ་ཤེས་ཀྱི་ལྡེ་མིག་ཅིག། འཕགས་པ་བློ་གྲོས་མི་ཟད་པ་ཞེས་བྱ་བ་མུན་པ་སྨག་ཏུ་གྱུར་པ་ཁང་པ་དགུ་རིམ་གྱི་ནང་ན་ཡོད་དོ།། དེ་ལྟ་རུ་ཕྱིན་པ། ཁང་པ་དག་པོ་ན་མུན་པ་གནག་ལ་འཇིགས། ། གཉིས་པ་ན་ཡམ་ནག་པོ་ཟ་ཚུལ་གྱི་དབུ།། གསུམ་པ་ན་བདུད་ལྷ་སྦྱིན་གྱིས་སྲོག་གཅོད། བཞི་པ་ན་སྲིན་པོའི་རྒྱལ་པོའི་དབུགས་ལེན། ལྔ་པ་ན་གིང་ལ་དཀར་པོ་ཕྱག་ན་དུང་གི་འཁར་བ་བསྣམས་ནས་བརྡེག་ཅིང་གསོད། དྲུག་པ་མུན་པའི་ནང་ན་མེ་རླུང་གི་མ་བསྐྱོད་པར་འདུག། བདུན་པ་ཉི་ཟླ་ཕྲུག་གཅིག་ལ་ཤར་ནུབ་མེད་པར་འདུག། བརྒྱད་པ་ན་ནོར་བུ་རིན་པོ་ཆེ་ལྷའི་བུ་རྣམས་རྩེ་ཞིང་སྣང། དགུ་པར་ཕྱིན་པས་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་འོད་འབར་བའི་རྩར་འཕགས་པ་བློ་གྲོས་མི་ཟད་པ་ཞུགས་ནས། ཀུན་ཏུ་བཟང་པོས་བཀའ་སྩལ་པ། འགྲོ་བའི་ལམ་ནོར་ཐར་པའི་གོ་ཡང་འགག། མ་རིག་རྨོངས་པ་ཐུགས་རྗེའི་ཞགས་པ་བཟུང། ། འཕྲུལ་གྱི་སྒོ་མ་ཕྱེད་པས་མུན་པའི་ནང་དུ་འཁྱམས།། ཞེས་ཞུས་པས། འཕགས་པ་བློ་གྲོས་མི་ཟད་པས་བཀའ་སྩལ་པ། ཐམས་ཅད་འབྱེད་པ་འཁྲུལ་གྱི་ལྡེ་མིག་འདི།། ཡིད་བཞིན་ནོར་བུའི་ནང་ནས་སྟོན་ལ་སྦྱིན། ། ཉི་ཟླའི་སྒོ་ཕྱེ་སྣང་སྟོང་དབྱེར་མེད་འབྱུང།། ཤེས་རིག་སྒྲཽ་བཏགས་དགྲ་ལ་ལྟོས།། མེ་མར་འོད་ལ་ལྟ་ནམ་མཁའ་གསེར་གྱི་སྒྲོན་མ་ལྟོས།། ཞེས་གསུངས་ནས། འཕགས་པ་བློ་གྲོས་མི་ཟད་པ་མི་སྣང་བར་འགྱུར་རོ། ། མཚན་དང་དཔེ་བྱད་ལས་ཀུན་ཏུ་བཟང་པོར་སངས་རྒྱས་པའི་ལེའུ་སྟེ་ལྔ་པའོ།།།། ཁམས་གསུམ་གྱི་སེམས་ཅན་སེམས་ཅན་དུ་འཁྲུལ་པ་གསུངས་པ་ནི། གཞི་རིན་པོ་ཆེ་གསེར་གྱི་སྒྲོན་མ་ནས། མི་ཟད་པའི་ནོར་ལ་སྤྱད་པས། ཀུན་ལ་སྙོམས་པའི་ཟང་མ་ལ་སྦྱིན། ལས་ཀྱི་ལུས་བླངས་རྒྱུ་རྐྱེན་དུས་ཀྱང་མཚུངས།། མ་རིག་ལེ་ལོས་སྙོམས་ལས་དམར་ལ་སྦྱར།། སྲིད་ལེན་གཉིས་ཀྱི་དུས་མཚུངས་རིག་པ་ཡུལ་དང་མཚུངས། ། འབྱུང་དུ་ཐབས་མེད་རི་དྭགས་རྒྱར་ཚུད་འདྲ།། མ་རིག་རྨོངས་པའི་སེམས་ཆགས་སྡུག་བསྔལ་མེད་སྐྱེས་དང།། ལས་ཀྱི་ཕྱིར་ཐོན་བག་ཆགས་སྣ་ཚོགས་ལྟས།། ཕ་དང་མར་བལྟས་དགྲ་དང་གཉེན་དུ་བཟུང། ། ཡུལ་ཁང་ཁྱིམ་ཁང་དག་ལ་རྟེན་བཅས་ནས།། མ་བཅད་ཡུལ་ལ་ང་དང་བདག་གིར་གཟུང་འཛིན།། མི་སྡོད་དབུགས་ཆད་གར་འགྲོ་ཤེས་པར་གྱིས།། འགྲོ་དྲུག་ལས་ཀྱི་སྡུག་བསྔལ་ཆ་མཆིས་སམ། ། འགྲོ་དྲུག་རྟག་ཏུ་འཁྱམས་པས་དོན་དང་རྩང་ཕྲད་དེ།། དེ་བས་མན་ངག་གདམས་པ་འདི་ལ་ལྟོས།། ཞེས་གསུངས་སོ།། ཨ་ཏི་སྤྱི་གཅོད་ཀྱི་རྒྱུད་ལས། ཁམས་གསུམ་དུ་འཁྲུལ་བའི་ལེའུ་སྟེ་དྲུག་པའོ། །།། མན་ངག་གདམས་པ་བསྟན་དུ་གསོལ།། བཀའ་སྩལ་པ། ཕྱིའི་མེ་ལོང་ལྟས་ཙམ་ན།། འགྲོ་དྲུག་སྲིད་པ་ཝ་ལེ་གསལ།། འགྲོ་དྲུག་སྙིང་པོ་སྦུབས་ན་གནས།། མ་དག་འཁྲུལ་པའི་སྣང་བ་དེ།། རང་གྲོལ་ཡིན་པར་རྟོགས་ཙམ་ན། ། རང་བྱུང་ཡེ་ཤེས་དགོངས་པ་ཐོབ།། ནང་གི་མེ་ལོང་ལྟས་ཙམ་ན།། རྒྱུད་དྲུག་ཆགས་སྡང་ཝ་ལེ་གསལ།། རྒྱུད་དྲུག་རང་གི་སྦུབས་སུ་གསལ།། རྒྱུད་དྲུག་རང་གྲོལ་དུ་ཤེས་ཙམ་ན། ། རང་རིག་ཡེ་ཤེས་ཀྱི་དགོངས་པ་ཐོབ།། གསལ་བའི་མེ་ལོང་ལྟས་ཙམ་ན།། འགྱུ་བ་ཐོགས་མེད་དུ་ཝ་ལེ་གསལ།། རང་ཤར་ཡེ་ཤེས་ཀྱི་སྦུབས་སུ་གསལ།། འགྱུ་བ་རང་གྲོལ་དུ་ཤེས་ཙམ་ན།། ལྷག་མཐོང་ཡེ་ཤེས་ཀྱི་དགོངས་པ་ཤར། ། ལྷུན་གྲུབ་སྲིད་པའི་མེ་ལོང་གི་ནང་ན་ཐམས་ཅད་གསལ།། ཡེ་ཤེས་དྲི་མེད་ཀྱི་དཀྱིལ་འཁོར་དུ་ཐམས་ཅད་རྒྱས།། མཚན་མ་སྣ་ཚོགས་ཀྱི་མེ་ལོང་དུ་ཐམས་ཅད་མཆི།། ཆོས་སྐུ་མེ་ལོང་གི་ནང་ན་རྟོག་པ་སྐྱེ་མི་སྲིད། ། སྤྲུལ་སྐུ་མེ་ལོང་གི་ནང་ནས།། འགྱུ་བ་མེད་ན་ཡེ་ཤེས་གསལ་མི་སྲིད།། འབྲས་བུ་ཐིག་ལེ་ཉག་གཅིག་ལ།། སྐུ་གསུམ་འགྲུབ་མི་སྲིད།། རྣལ་འབྱོར་ཡེ་ཤེས་ངོས་ཟིན་དུས་སུ་ཤེས་པ་རྒྱུན་གཉིས་སུ་འཆར་མི་སྲིད་དོ། ། ཞེས་གསུངས་སོ།། ཨ་ཏི་སྤྱི་གཅོད་ཀྱི་རྒྱུད་ལས། མེ་ལོང་གནད་དུ་བརྡེག་པའི་ལེའུ་སྟེ་བདུན་པའོ།།།། ཡང་བཀའ་སྩལ་པ། རིག་པ་ཆོས་ཉིད་ཀྱི་སྐུའི་དོན་རྟོགས་ན། ། འགྱུ་བ་ཉག་ཐལ་བཅད་པས་དམྱལ་བ་ཡང་རྫོགས་པས་ཕྱིར་གཅད།། ཐིག་ལེ་རང་གྲོལ་དུ་ཤར་བས་ལྷ་མ་ཡིན་རྫོགས་ཏེ་སྤྱིར་བཅད།། བྱང་ཆུབ་སེམས་ཀྱི་འོད་གསལ་རིན་པོ་ཆེ་ལ་ལོངས་སྤྱད་པས་ལྷ་རྫོགས་ཏེ་སྤྱིར་བཅད། འགྲོ་དྲུག་རང་གྲོལ་དུ་ཤེས་ན། ཁམས་གསུམ་ལུས་དང་བག་ཆགས་འཁྲུལ་ཏེ་མཆིའོ།། ཞེས་གསུངས་སོ།། ཨ་ཏི་སྤྱི་གཅོད་ཀྱི་རྒྱུད་ལས། འགྲོ་དྲུག་གཡང་ས་བཅད་པའི་ལེའུ་སྟེ་བརྒྱད་པའོ། །།། ཡང་བཀའ་སྩལ་པ། འོད་གསལ་དུ་བུ་བཅད་ནས་རིག་པ་ལ་སྟེགས་བཅས་པས། མུ་སྟེགས་ཀྱི་ལྟ་བ་སྤྱིར་བཅད། ཐིག་ལེ་ཟང་ཐལ་ཡིད་ལ་འདོགས་པས། ཡི་དགས་རྫོགས་ཏེ་ཕྱིར་བཅད། ཐིག་ལེ་སྦྱོར་བ་ལས་བྱོལ་ནས་ཟང་ཐལ་དུ་སོང་བས། བྱོལ་སོང་རྫོགས་ཏེ་ཕྱིར་བཅད། དེ་ལ་ཞེན་པ་མི་མངའ་བས། མི་ཡང་རྫོགས་ཏེ་ཕྱིར་བཅད། རང་དོན་འོད་གསལ་ཟབ་མོ་ལ་སྤྱད་པས། རང་སངས་རྒྱས་སངས་རྒྱས་ཀྱི་ལྟ་བ་སྤྱིར་བཅད། སྒྲིབ་པ་ཐམས་ཅད་ཟང་ཐལ་དུ་བྱང་ནས། འོད་གསལ་དུ་སེམས་དཔའ་བྱང་ཆུབ་སེམས་དཔའི་ལྟ་བ་སྤྱི་བཅད། ཀྲི་ཡ་ནི་འོད་གསལ་དུ་བཀྲི་ནས་ཡང་དག་པའི་དོན་རྟོགས་པས། ཀྲི་ཡའི་ལྟ་བུ་སྤྱིར་བཅད། འོད་གསལ་རྒྱ་ཆུང་དུ་མ་ཡིན་ཏེ་སྣང་སྲིད་ཡོ་ག་འོད་གསལ་དུ་རྟོགས་པས། ཡོ་གའི་ལྟ་བ་སྤྱིར་བཅད།། ཐམས་ཅད་མ་ལུས་པར་འོད་གསལ་ཆེན་པོའི་ངང་དུ་རྫོགས་པས་ཡོ་གསལ་བས།། མ་ཧཱ་ཡོ་གའི་ལྟ་བ་སྤྱི་བཅད། སྐྱེ་བ་མེད་པས་ཨ་གཉིས་སུ་མེད་པས་ནུ་རྩེས་བྱས་ཏེ། ཐམས་ཅད་གཉིས་སུ་མེད་པས། ཨ་ནུའི་ལྟ་བ་སྤྱིར་བཅད། ཐམས་ཅད་འོད་གསལ་ངང་རྫོགས་པས།། ལྟ་བ་ཐམས་ཅད་ཆེ་བས་ན། ། རྫོགས་ཆེན་གྱི་ལྟ་བ་སྤྱིར་བཅད་པས།། བདེ་བར་གཤེགས་པ་སྐུ་དང་ཡེ་ཤེས་སུ་འཁྲུལ་པའི་གོལ་ས་བཅད། ཅེས་གསུངས་སོ།། ཨ་ཏི་སྤྱི་གཅོད་ཀྱི་རྒྱུད་ལས། མཚན་མ་ལམ་གྱི་གོལ་ས་བཅད་པའི་ལེའུ་སྟེ་དགུ་པའོ། །།། ཡང་བཀའ་སྩལ་པ། ཡེ་ཤེས་ངོས་བཟུང་བཤད་པར་བྱ།། ཞེས་གསུངས་སོ།། དེ་ནས་འགག་པ་མེད་པས་ཡེ་ཤེས་ཀྱི་སྐྱེ་བ་བཤད་པ། དང་པོ་ཡེ་ཤེས་ངོས་བཟུང་བ་ལ་གསུམ་སྟེ། འགྱུ་བ་དེ་ལ་ཞག་གཅིག་ཏུ་བལྟ་བ་དང་གཅིག། ནུབ་གཉིས་པ་འོད་གསལ་ཐུན་དུ་བཅུག་ལ་བསྐོར་བ་དང་གཉིས། ནུབ་གསུམ་པ་འོད་གསལ་གྱི་ལམ་དུ་གཟུད་པ་དག་གསུམ་མོ།། དང་པོ་ཞག་གཅིག་ཏུ་ལྟས་པས། འགྱུ་བ་བུན་ལོང་གི་སོང་ནས། མཚན་མ་ཞི་བ་ནི་ཞི་གནས་རྩེ་གཅིག་གི་བསམ་གཏན་ཞེས་བྱ་སྟེ། གང་ཟག་བདག་མེད་ཉན་ཐོས་དང་ཁྱད་མེད་དོ།། སྣང་བ་འདི་སྟོང་པ་ལ་མེ་ལོང་གི་སྐོར་མ་ལྟར་མཐོང་བ་ནི། ཆོས་ཀྱི་བདག་མེད་ཀྱི་བསམ་གཏན་དེ། དེས་ཀྱང་སངས་མི་རྒྱ་བས། ཕལ་ཆེར་ལྟ་བ་ཁ་རྐྱངས་དང་དེ་གཉིས་ན་གནས་སོ།། དབུ་མའི་ལྟ་བར་ཀྱང་མ་བསླེབས་སོ།། ནུབ་གཉིས་པ་འོད་གསལ་དུ་བསྐོར་བ་ལ་གསུམ་སྟེ། ། སྣང་བ་འོད་གསལ་དུ་ཐུན་གསུམ་དུ་བསྐོར་བས་ནི་ཕྱི་ནང་རང་སྣང་དུ་ངོ་སྤྲད་དེ། རྟ་དཀྱུས་པའི་འདྲོག་ལ་མེ་ཏོག་ཆད་པ་དང་འདྲའོ།། ཐུན་གསུམ་ཚོགས་བདུན་བསྐོར་བས་ནང་སྣང་བར་རང་གྲོལ་ཏེ། དུག་ལ་སྔགས་ཀྱི་ཐེབས་པ་དང་འདྲའོ།། ཐུན་གསུམ་དུ་འགྱུ་བ་གསང་ལམ་འོད་གསལ་དུ་བསྐོར་བས་གསུང་སྣང་བར་གྲོལ་དུ་ཤར་ཏེ། ག་པུར་ཚ་བ་ནད་ཀྱིས་ཟོས་པ་དང་འདྲའོ།། དེ་ནི་ཐུན་ཚད་བཟུང་བ་བསྟན་པའོ། ། ད་ནི་འོད་གསལ་ལམ་དུ་བཟུད་པ་བསྟན་ཏེ། ནུབ་ཐ་མ་ལ་ཐུན་གོང་དུ་བཤད་པ་འཁོར་ལོ་དེ་བསྐོར་བའི་གཏིང་ལ་ཇི་ཙམ་གནས་ལྟ་བ་ཤིན་ཏུ་གཅེས་ཏེ། འཁོར་ལོ་དང་གནས་པ་གསུམ་ཆ་གསུམ་གཉིས་མགོ་ལ་འཆར་རམ། ཕྱེད་འཆར་རམ། བཞི་ཅར་འཆར་རམ། ལྔ་ཆ་འམ། དྲུག་ཆའམ། ཇི་ཙམ་འཆར་བ་ནི། ལམ་དུ་འཛུད་པ་ཡིན་ཏེ། དབང་པོ་རབ་འབྲིང་རྟགས་དང་སྦྱར། མི་འཁོར་བའི་དབང་མེད་པའི་ཐབས་ནི་གོང་མ་སྣང་བ་བུན་ནེ་བདེ་ལམ་བཞག་པར། མིག་རྩ་མཐོང་བྱེད་དུ་གྱུར་པ་ལ་སྣང་བ་གཏད་པས། འགྱུ་བ་དེ་ཀྱུས་ཙེར་བྱུང་བའི་དུས་སུ། འབྲས་བུ་དྲིལ་སྐུ་ལ་བསྐོར་བསྐུལ། སྣང་བ་ལ་ཡན་དུ་ཆུག། ཡང་བསྐུལ་གྱིན་བསྐོར། བཙུན་མོ་ཟོ་ཆུ་རྒྱུད་མ་འདྲ་བ་མི་དམིགས།། སྐྱི་སེར་འདྲ་བའི་འགྱུ་བ། འཁོར་ལོ་ལྟ་བུའི་ཉམས། ཉི་ཟླ་ལྟ་བུའི་དོན། དཔེར་ན་འཁོར་ལོ་སྒྱུར་བའི་རྒྱལ་པོ་དེ་རིན་པོ་ཆེ་གསེར་གྱི་ཁང་པ་ལ་སོགས་པ་དང། རིན་པོ་ཆེའི་སྟེང་རྣམས་ནས་འགྲོ་བ་ལས་ཐོག་མི་འགྲོ་བ་བཞིན། འགྱུ་བ་འོད་གསུམ་དུ་བསྐོར་ན་འོད་གསལ་གྱི་མ་ལ་ལས་མི་འདྲའོ།། གསལ་གདབ་སྒྲར་འགྱུར་དུ་བསྐོར། ཝལ་གྱི་བྱུང་བའི་དུས་སུ་མལ་དུ་གཞུག། ཆུ་བོ་རྒྱུན་གྱི་རྣལ་འབྱོར་ཅེས་ཀྱང་དེ་ལ་བྱ།། རྫོགས་པ་སྤྱི་གཅོད་ཅེས་ཀྱང་དེ་ལ་བྱ།། ཞེས་གསུངས་སོ།། ཡེ་ཤེས་ངོས་བཟུང་བའི་ལེའུ་སྟེ་བཅུ་པའོ།།།། ཡང་བཀའ་སྩལ་པ། རྟགས་ཀྱི་རིམ་པ་བཤད་པར་བྱ། འགྱུ་བ་ངོས་ཟིན་ན་ཡེ་ཤེས་མི་འཆར་མི་སྲིད་དེ། དང་པོ་ལུས་འདར་སྙམ་བྱེད་པ་དང། འགྱུ་བ་དེ་ངོས་ཟིན་པའི་རྟགས། དེ་ནས་ལུས་འགུལ་མི་ཤེས་པ་སྙམ་བྱེད་པ་འམ་ཐང་ང་མ་འོང་སྟེ། འགྱུ་བ་དེ་སངས་ཏེ་འོང་བའི་རྟགས། དེ་ནས་འདག་པ་ལ་སྒོར་ཕོར་བཏབ་པའམ། སྤོས་དང་སྤོས་རྒྱ་ལྟ་བུ་འོང་སྟེ། ཡེ་ཤེས་འཆར་བའི་རྟགས།། འགྱུ་བ་དེ་ལ་འཁོར་ལོ་མ་བསྐོར་ཀྱང་འོད་གསལ་སྐམ་དུ་ཞུགས་པ་ནི། འོད་གསལ་ལམ་དུ་ཚུད་ནས་བརྟན་པ་ཐོབ་པའོ།། བཀྲག་ཤེས་མདངས་གསལ་རིག་པ་ཁོང་ནས་གྲོལ།། སྐྲན་དང་ནད་ཀྱང་འབྱང་བར་བྱེད་པའི་གདམས་པ་འདི།། རྣལ་འབྱོར་ཉམས་སུ་ལེན་པ་འགའ་རྣམས་ལ། ། བླ་མ་དམ་པའི་རྐྱེན་དུ་ཤར་ནས་ཀྱང།། མྱུར་དུ་གདམས་པ་འདི་དང་ཕྲད་པར་ཤོག། ཅེས་གསུངས་སོ།། འཇམ་དཔལ་བཤེས་གཉེན་རྗེས་སུ་ཡི་རང་བའི་ལེའུ་སྟེ་བཅུ་གཅིག་པའོ།།།། ཨ་ཏི་རྫོགས་པ་གསང་བ་སྤྱི་གཅོད་ཀྱི་རྒྱུད་ལས། ཉམས་ཀྱི་གདམས་ངག་ལྷུག་པ་རིན་པོ་ཆེ་སྒྲོན་མེ་ཞེས་བྱ་བ་ཨ་ཏི་སྤྱི་རྒྱུད་དེ་རྫོགས་སོ།།།། རྒྱ་གར་སྐད་དུ། བེ་ཧཱུ་ཏེ་ཙཀྲ་ཏནྟྲ།
CLOSE WINDOW