Wylie |
། ཐམས་ཅད་དེ་ལ་དབྱེར་མེད་པས།། གོང་གི་ཐམས་ཅད་བློ་ཡུལ་ཡིན།། བདག་འཛིན་བློ་ནི་གྲོལ་བ་ན།། ཡོད་མེད་གང་གིས་གང་ལ་གདགས།། བདག་གཞན་ཡུལ་སེམས་གཉིས་མེད་པས།། རྟག་ཆད་གཉིས་ཀྱི་མཐའ་ལས་གྲོལ། ། བདག་མེད་བེམ་པོའི་མཐའ་ལས་གྲོལ།། ཡུལ་མེད་རིག་པའི་མཐའ་ལས་གྲོལ།། དེ་དག་ཐམས་ཅད་དབྱེར་མེད་པས།། མཐའ་རྣམས་མ་སྤངས་ངང་གིས་དག། ལྟ་སྒོམ་སྤྱོད་འབྲས་ལྷུན་གྱིས་གྲུབ། ། ནམ་མཁའ་ལྟ་བུའི་སྒོམ་པ་དང།། དེ་ཙམ་དུ་མེད་སྒོམ་པ་དང།། ཡོད་མིན་མེད་མིན་སྒོམ་པ་དང།། བྱ་བྲལ་ལྷུན་རྫོགས་དེ་ཉིད་དོ།། ཨེ་མ་དེ་དག་ཐམས་ཅད་འཁྲུལ་པ་སྟེ།། སྒོམ་པ་མེད་དུ་མ་རུང་བས། ། ཁ་ཅིག་གཉིས་ཀ་ཡོད་པར་བསྒོམ།། ཁ་ཅིག་ཡུལ་ཡོད་སེམས་མེད་བསྒོམ།། ཁ་ཅིག་ཡུལ་མེད་སེམས་ཡོད་བསྒོམ།། ཁ་ཅིག་གཉིས་ཀ་མེད་པར་བསྒོམ།། དེ་ཡི་བྱེ་བྲག་མུ་བཞི་སྟེ།། བདག་མེད་སྒོམ་པ་དམན་པ་སྟེ། ། ཡུལ་མེད་སྒོམ་པ་དེ་བས་དམན།། སེམས་ཡོད་སྒོམ་པ་དེ་ཡང་དམན།། གཉིས་ཀ་མེད་པ་ཤིན་ཏུ་དམན།། ལྟ་སྒོམ་ལ་སོགས་གང་འདོད་ཀྱང།། ཅུང་ཟམ་གཉིས་ཀ་ཡོད་པ་དགེ། ཁ་ཅིག་གཉིས་མེད་ཟེར་ནས་སྒོམ། ། དེ་ནི་མུན་པའི་མཐོ་ཡོར་ཡིན།། སྒོམ་དང་བསྒོམ་བྱ་གྲོལ་བ་ཡིས།། ཐམས་ཅད་རང་གྲོལ་སྒོམ་པའི་མཆོག། དེ་དག་ཐམས་ཅད་ཀུན་གྲོལ་ན།། དེ་ཚེ་མཁས་པས་སྒོམ་པ་ཡིན།། སྐལ་ལྡན་རང་རིག་མངོན་སངས་རྒྱས། ། རང་རིག་གྲོལ་བ་བདེ་བའི་མཆོག། དེ་ལས་གཞན་ནི་ཡོད་མ་ཡིན།། བླུན་པོས་ཁྱད་པར་མེད་འདྲ་ཡང།། ཡུལ་མེད་ཡང་དག་མ་ཤེས་ཏེ།། སེམས་ཉིད་མ་རྙེད་ངང་བཞག་དང། ། ཐམས་ཅད་སེམས་དེ་གང་ན་གང།། སྣང་ཉིད་སྟོང་ལ་སྟོང་ཉིད་སྣང།། སྐྱེད་ཙམ་ཉིད་ན་སྐྱེ་བ་མེད།། འགྲོ་ན་ཐོང་ལ་འདུག་ན་ཞོག། ཆོས་རྣམས་ནམ་མཁའ་ལྟ་བུ་ལ།། སེམས་ཉིད་ཡུལ་མེད་སྒྲོ་སྐུར་དང། ། སྣང་སྟོང་གཉིས་དང་གཉིས་མེད་སོགས།། སྒྲོ་སྐུར་ཐམས་ཅད་འདི་ན་མེད།། ནམ་མཁའ་ལྟ་བུར་སུ་འདོད་བློ།། ཀུན་རྫོབ་ཡིན་ཏེ་དོན་དམ་མིན།། སྐྱེ་མེད་ཙམ་ཡང་མ་ཡིན་ཏེ།། འདོད་དང་མི་འདོད་ཅི་ཡང་མིན། ། ཅི་ཡང་མིན་པ་མཐའ་ཡིན་ཏེ།། ཡོན་མིན་མེད་མིན་གཉིས་ཀ་དང།། གཉིས་ཀ་མིན་པ་ཡང་མིན་ཏེ།། མཁས་པས་སྤྱི་ཡང་མ་དབྱེ་སྒོམ།། དེ་ཀུན་སྒོམ་པ་མེད་མ་རུང།། འདིར་ནི་ཡོད་མེད་གཉིས་ཀས་འཆིང། ། སེམས་དང་ཆོས་ནི་གཉིས་མེད་ན།། སྒོམ་དུ་ཡོད་མེད་གཉིས་སུ་མེད།། ཡོད་དང་མེད་པ་རྨོངས་པའི་སྒྲ།། དེ་ཡིས་ཡང་དག་དོན་མི་མཐོང།། ལྟ་སྒོམ་ལ་སོགས་བསམ་ཡས་ཀྱང།། ཡང་དག་དྲུག་ལ་ཡོད་མ་ཡིན། ། ཞེས་རིག་པའི་ཉི་མའི་གསང་ཐིག་སྟེ་བཅུ་པའོ།།།། བཅོམ་ལྡན་འདས་ཡོན་ཏན་ལྷུན་གྲུབ་ངང་ལ་ཕྱག་འཚལ་ལོ།། སྲིད་གསུམ་སེམས་ཅན་ཐམས་ཅད་ལ།། རྟོགས་དང་ཡོན་ཏན་བསམ་མི་ཁྱབ།། ཡོད་པ་ཟང་ཕྱིར་རིམ་པ་ཡིས། ། ཐིག་བསྒོམ་ང་དུ་གསུང་འགྱུར་ཡང།། རྟོག་དང་སྒོམ་པ་མ་ལུས་པ།། ཐམས་ཅད་གསང་སྔགས་འདི་ཡིས་འཇིག། དེ་བས་གསང་སྔགས་བདག་ཉིད་ཆེ།། ཞིག་པ་དག་ནས་ལྷུན་གྱིས་གྲུབ། ། དེ་ཡོད་པས་ན་དེ་མེད་དོ།། མུན་པ་སྣ་བ་ཇི་བཞིན་ནོ།། ཀུན་གྱིས་དེ་ལྟར་མ་རྟོགས་པས།། རྟོགས་དང་སྒོམ་པ་ཟབ་ཅིང་འཕེལ།། དེ་ཡི་འཁོར་བ་འཕེལ་འགྱུར་ཏེ།། འཁོར་བའི་རང་བཞིན་ཤེས་རྟོགས་ཉིད། ། ཤེས་རྟོགས་ལྟ་བུའི་སྡིག་པ་མེད།། ཤེས་རྟོགས་ཟད་པས་འཁོར་བཟང།། ཤེས་རྟོགས་ཟད་པས་ཆོས་ཉིད་མཐོང།། འཁོར་བའི་ཆོས་ཀུན་ཤེས་རྟོགས་ཡིན།། ཤེས་རྟོགས་ཟད་ན་མྱ་ངན་འདས།། རྡོ་རྗེ་སེམས་པའི་བདག་ཉིད་ཚེ། ། རང་རིག་ཐབས་ཀྱི་རྒྱལ་པོར་ཤར།། ཐེག་པ་གསུངས་པའི་དོན་དང་ལྡན།། བདེ་བར་གཤེགས་པས་འགྲོ་དོན་གྲུབ།། འཁྲུལ་པ་ཟད་དང་མ་ཟད་ཀྱིས།། འཁོར་འདས་རྟོགས་དང་མ་རྟོགས་དང། ། གཉིས་དང་གཉིས་མེད་རྒྱུན་དང་དུ་མ།། བློ་དེ་ཟད་དང་མ་ཟད་དང།། ལྡང་མི་ལྡང་ལ་བྱས་པ་ལས།། ཐམས་ཅད་དེ་ཡིན་གཞན་ན་མེད།། དཔེར་ན་ནམ་མཁའི་རང་བཞིན་ལ།། དངས་དང་མ་དངས་ག་ལ་ཡོད། ། སྤྲིན་ཉིད་བྱུང་དང་མ་བྱུང་གིས།། གསལ་དང་མི་གསལ་ལ་སོགས་བརྗོད།། དཔེར་ན་ཉི་མའི་ངོ་བོ་ལ།། གྲང་དྲོ་ལ་སོགས་མེད་མོད་ཀྱི།། སྤྲིན་ཉིད་ཟད་དང་མ་ཟད་ཀྱིས།། ཉི་མ་གྲང་དྲོར་མཐོང་ཞིང་བརྟགས་དེ་བཞིན་རྣམ་དག་ཡེ་ཤེས་ལ། ། སྐྱེ་འཆིའི་རྒྱུ་རྐྱེན་ཡོད་མིན་ཏེ།། ཡིད་ཀྱི་གཡོ་བ་ཡོད་ཀྱིས།། རྟོགས་བརྟན་འཁོར་བ་ལ་སོགས་ཀུན།། མཁས་པས་དེ་ལྟར་ཤེས་པར་གྱིས།། དེ་ཡང་ཐམས་ཅད་རང་བྱུང་བའོ། ། འཁྲུལ་བློ་ཟད་དང་མ་ཟད་ཀྱིས།། དཔེ་དོན་ཁྱད་པར་ཤིན་ཏུ་ཆེ།། མདོར་ན་ཆོས་ཉིད་ཅེས་བྱ་བ།། རྟག་ཏུ་ཡོད་ན་རྫས་སུ་གོལ།། རྟག་ཏུ་མེད་ན་ཆད་པ་ཉིད།། རིག་ན་སེམས་ཡོད་མ་རིག་སྟེ།། མ་རིག་བེམ་པོ་ཉིད་དུ་འགྱུར། ། དེ་བས་ཚུལ་ནི་བཞི་སྒོ་ནས།། མཁས་པས་འདི་བཞིན་ཤེས་པར་བྱོས།། གནས་ཚུལ་འཁྲུལ་ཚུལ་རྟོགས་ཚུལ་རྟོགས་པ་བརྟན་ཚུལ་དང་བཞི་ལ། མཁས་པས་ལུགས་བཞིན་འདི་ལྟ་སྟེ།། ཆོས་དང་ཆོས་མིན་དབྱེར་མེད་ཅིང། ། སེམས་དང་སེམས་མིན་དབྱེར་མེད་ན།། ཆོས་ཀྱི་དབྱིངས་སམ་བྱ་ཆུབ་སེམས།། ཡིན་པས་ཀུན་གྱི་རྩ་བ་ཡོད།། དབྱེར་མི་ཕྱེད་པས་རྫོགས་ཆེན་ཆེ་ལྔས་སྤགས།། ཤེས་རིག་རྡུལ་ཙམ་བྱུང་ན་ཆེ་ལྔ་སངས་རྒྱས་བྲལ། ། རིག་པ་ཡོད་པས་མ་རིག་སངས།། ཡུལ་སེམས་གཉིས་གནས་མི་གནས་ཤིང།། ཡུལ་སོགས་ལྟོས་སམ་མ་ལྟོས་ཤིང།། རྟོགས་ལྟ་ལ་སོགས་རག་ལས་དང།། བསྒོམ་དུ་ཡོད་པས་བྱ་བྲལ་མིན། ། དེ་བས་ཐམས་ཅད་དབྱེར་མེད་པས།། ལྷན་ཅིག་སྐྱེས་ལ་ཅི་ཅི་སྤོང།། དབྱེར་མི་ཕྱེད་ལ་གང་གང་གནས།། དེ་དེ་ཉིད་ལ་ཇི་ལྟར་ལྟོས།། གཉིས་སུ་མེད་ལ་རག་ཅི་ལས།། བསྒོམ་དུ་མེད་ལ་སངས་ཅི་རྒྱ། ། བློ་ཉིད་རང་གྲོལ་འཁོར་བདག། བླུན་པོས་དེ་ལྟར་མ་ཤེས་ཏེ།། ཤེས་རིག་ཡོད་པའི་བདག་མེད་སྨྲ།། བདག་མེད་ཤེས་པ་སུ་ཡི་ཡིན།། ཡུལ་མེད་ཅི་ཞིག་ཉམས་སུ་མྱོང།། ཉམས་མྱོང་སྤྲོས་པ་ཅི་ཕྱིར་བྲལ། ། བླུན་པོ་དེ་ནི་མུན་པ་འཇལ།། དེ་ནི་ནམ་ཡང་ཐརང་པ་མེད།། དེ་བས་སྐལ་ལྡན་ཁྱོད་ཀྱིས་ནི།། མ་བཅོས་ཕྱེད་ལྔའི་དོན་ལ་ལྟོས།། མ་བསྒྲིབས་ཡེ་ཤེས་དོན་ལ་ལྟོས།། འགྱུར་མེད་གནས་ལུགས་དོན་ལ་ལྟོས། ། སེམས་མེད་དམིགས་མེད་དོན་ལ་ལྟོས།། ཞེས་ཆེ་བ་ལྔའི་གསང་ཐིགས་བསྟན་པ་སྟེ་བཅུ་གཅིག་པའོ།། བཅོམ་ལྡན་འདས་བྱ་བྲལ་གཉིས་མེད་ངང་ལ་ཕྱག་འཚལ་ལོ།། བྱ་བྲལ་གཉིས་སུ་མེད་པ་ཡང། ། གཏན་ལ་ཅིས་འབེབས་ཅི་ཡེ་ཤེས།། གཞན་གྱི་བློ་ལ་ཅི་ཡིས་སྒྲུབ།། སྒྲུབ་ཏུ་ཡོད་ན་བྱ་བྲལ་མིན།། མེད་ན་གཏེ་ཆད་ངལ་དོན་མེད།། ཞེས་ན་གཏན་ལ་དབབ་དང་ཤེས་ཡོད་ན།། བྱ་བྲལ་གཉིས་མེད་ནམ་དུ་མེད། ། བློ་ལ་གྲུབ་པར་འདོད་པ་ཡང།། འདོད་པས་བྱེ་བྲལ་གཉིས་མེད་བསྲིངས།། མ་གྲུབ་རྣམ་རྟོགས་འཁྲུལ་པས་བཅིངས།། བཅིངས་པ་ཅི་གྲོལ་ཞེས་ན་ཡང།། རྣམ་རྟོག་རང་བྱུང་རང་ཞི་སྟེ།། བླུན་པས་དེ་ལྟར་མ་རྟོགས་པས། ། ལུང་དང་མན་ངག་རང་རིག་ཏུ།། སེམས་དཔས་ཡིད་ཆེས་བསྐྱེད་ཕྱིར་བཤད།། གཉིས་མེད་མི་གནོད་རང་སྣང་ཡིན།། དེ་བས་འདི་ལྟར་ཤེས་པར་གྱིས།། ལུང་ནི་ངང་སྟེ་མན་རང་བཞིན།། རང་རིག་བདག་ཉིད་ཆེན་པོའོ། ། རང་བྱུང་ངང་སྟེ་རང་བཞིན་ངང།། གཉིས་མེད་བདག་ཉིད་ཆེན་པོའོ།། བྱ་བ་བྲལ་བ་ངང་ཉིད་དེ།། བྱེད་པ་བྲལ་བ་རང་བཞིན་ནོ།། གཉིས་སུ་མེད་པས་བདག་ཉིད་ཆེ།། ཤེས་བྱ་ཡོད་པས་ངང་དང་བྲལ། ། འབེབས་པོ་ཡོད་པས་རང་བཞིན་བྲལ།། དེ་གཉིས་ཡོད་པས་བདག་ཉིད་བྲལ།། སྐུ་གསུམ་བྲལ་བར་མཁས་པས་རིག། རང་བྱུང་ལ་ཡང་རྣམ་གཉིས་ཏེ།། འབྱུང་བྱ་འབྱུང་བྱེད་ཡོད་པ་དང། ། འབྱུང་བྱ་འབྱུང་བྱེད་མེད་པ་ཡིས།། འཁོར་འདས་གཉིས་སུ་མཁས་པས་རིག། འཁྲུལ་པ་ཡིན་ཕྱིར་མི་བདེན་དང།། དངོས་གཤིས་ཡིན་ཕྱིར་བདེན་པ་སོ།། མ་བྱུང་རང་བྱུང་ཅི་ཕྱིར་ན།། བྱ་བྱེད་མེད་པས་རང་བྱུང་ཡིན། ། འཁྲུལ་པ་ཡང་དེ་དང་འདྲ་ཞེས་ན།། འཁྲུལ་པ་ཤེས་བྱ་ཤེས་བྱེད་ཡོད།། མདོར་ན་སྐྱེས་པའི་རང་བྱུང་དང།། མ་སྐྱེས་པ་ཡི་རང་བྱུང་ངོ།། སྐྱེས་པ་འགག་དང་སྐྱེ་འགག་མེད།། རྣམ་རྟོག་རང་འབྱུང་རང་ཞིག། འཁོར་འདས་གཉིས་སུ་བཏགས་པ་ལས།། གཞན་ནི་ཅི་ཡང་ཡོད་མ་ཡིན།། མ་སྐྱེས་པ་ཡི་རང་བྱུང་ལ།། ཆོས་ཉིད་རང་བྱུང་ཡེ་ཤེས་ཡིན།། བློ་སྐྱེས་པ་ཡི་རང་བྱུང་ལ།། འཁྲུལ་པ་ཞེས་ཏེ་འཁོར་བ་ཡིན།། རྣམ་རྟོག་རང་ཉིད་ཞིབ་ལ། ། རྟོགས་པའི་ཡེ་ཤེས་མྱ་ངན་འདས།། རྟོགས་མེད་རྟོགས་པ་ཅི་ཕྱིར་ན།། དོན་དང་ཡང་དག་ཡིན་པའི་ཕྱིར།། ལྟ་བ་མེད་པར་ལྟ་བ་དང།། རིག་པ་མེད་པར་རིག་པ་ནི།། ཡང་དག་རིག་པར་སེམས་པས་སྔགས། ། འདི་ནི་སྦྲུལ་གྱི་དུག་བཞིན་ཏེ།། དབྱུང་བར་རིག་པ་མིན་པར་ཁོག། རང་བྱུང་རང་ཞི་བ་རྒྱུ་དང་གཉེན་པོ་ཅི་ཡང་མེད།། དེ་བས་མཁས་པ་བློ་ལྡན་གྱིས།། གཅིག་པོ་དེ་ཉིད་ཤེས་པར་གྱིས། ། གཉིས་པ་ཐམས་ཅད་འཁྲུལ་པའི་བློ།། རང་གི་ངོ་བོ་ཤེས་པར་གྱིས།། དེ་ལས་གཞན་ཡོད་མ་ཡིན་ནོ།། ཞེས་དང་རང་བཞིན་བདག་ཉིད་ཆེན་པོའི་གསང་ཐིག་སྟེ་བཅུ་གཉིས་པའོ།།།། བཅོམ་ལན་འདས་སྐུ་བཞིའི་བདག་ཉིད་ཆེ་ལ་ཕྱག་འཚལ་ལོ། ། མ་འདྲེས་ཡོངས་རྫོགས་ཚུལ་བཞི་འདི་ལ་སྟེ།། རྫོགས་ཆེན་གནས་ཚུལ་འཁྲུལ་ཚུལ་རྟོགས་ཚུལ་ཚུལ་བརྟན་ཚུལ་བཞི།། སྐུ་བཞིའི་ངོ་བོར་འབྱུང་བའོ།། མཚོན་ཚོད་མི་སྤོང་མཚོན་པ་འདུས། ། གནས་ཚུལ་ཡོད་པར་གནས་པ་དང།། མེད་པར་གནས་དང་གཉིས་ཀར་གནས།། དབྱེར་མེད་གནས་པ་རྫོགས་པ་ཆེ།། འཁྲུལ་ཚུལ་རྣམ་རྟོག་ཀུན་རྫོབ་སྟེ།། རང་བཞིན་རྟོགས་དང་ཆེད་བྱས་རྟོགས། ། ཡང་དག་ཀུན་རྫོབ་ལོག་པ་རྫོབ།། ཤེས་རབ་རྣམ་གསུམ་ལ་སོགས་པའོ།། རྟཽགས་ཚུལ་རྟོགས་སུ་ཡོད་པ་དང།། རྟོགས་སུ་མེད་དང་གཉིས་ཀ་དང།། གཉིས་ཀ་མེད་དང་གཉིས་མེད་དོ།། རྟོགས་ཡོད་རྫས་དེ་རྟག་པ་ཉིད། ། རྟོགས་མེད་ཆད་དེ་རྟུག་པོའོ།། གཅིག་ཡོད་གཅིག་མེད་བེམ་པོ་སྟེ།། གཉིས་ཀ་ཡོད་ན་རིག་པ་ཉིད།། གཉིས་སུ་མེད་པ་བྱ་བ་བྲལ།། དེ་ལ་མཚོན་ན་ཆོས་ཉིད་རྟོགས།། གཞན་ནི་ཆོས་ཅན་རྟོགས་པའོ། ། འཁྲུལ་པས་ཆོས་ཉིད་རྟོགས་ནུས་ན།། འཁྲུལ་པ་ཉིད་ཀྱང་ཅི་ཕྱིར་ཡིན།། ཆོས་ཉིད་ཆོས་ཉིད་ཇི་ལྟར་རྟོགས།། རྟོགས་ན་སྤྲོས་བྲལ་ཇི་ལྟར་ཡིན།། བརྟན་ཚུལ་ལ་ཡང་རྣམ་གཉིས་ཏེ།། བློ་ཡོད་པ་ཡི་བརྟན་པ་དང། ། བློ་མེད་པ་ཡི་བརྟན་པ་སྟེ།། མདོར་ན་བརྟན་དུ་ཡོད་པ་དང།། བརྟན་དུ་མེད་དག་གཉིས་ཀ་དང།། གཉིས་ཀ་མ་ཡིན་དབྱེར་མེད་ལ།། མཚོན་ཚོད་བརྟག་ཅེས་མཁས་པས་རིག། མདོར་ན་ཆོས་རྣམས་ཐམས་ཅད་ཀུན། ། ཀུན་རྫོབ་རྣམ་གཉིས་འཁྲུལ་པ་སྟེ།། ཡང་དག་འབྲས་བུ་ཐོབ་པ་མེད།། དོན་དམ་བདེན་པ་རྣམ་གཉིས་ལ།། རྗེས་ཐོབ་མཉམ་བཞག་རྣམ་གཉིས་ཏེ།། མཉམ་བཞག་མི་འགྱུར་རྒྱུན་དུ་གནས། ། རྗེས་ཐོབ་དུམ་བུ་རྒྱུན་ལ་སྦྱོར།། ཁྱེད་ཀྱིས་དེ་ལྟར་ཤེས་པར་གྱིས།། ཞེས་མ་འདྲེས་ཚུལ་བཞིའི་གསང་ཐིག་སྟེ་བཅུ་གསུམ་པའོ།།།། བཅོམ་ལྡན་འདས་སྐྱེ་མེད་རྡོ་རྗེའི་སྐུ་ལ་ཕྱག་འཚལ་ལོ།། མེད་དང་སྐྱེ་མེད་གཅིག་གམ་ཐ་དད་ཡིན། ། གཅིག་ན་ཆད་དེ་ཐ་དད་ཇི་ལྟར་དང།། མི་སྐྱེ་བ་ཡི་རྒྱུ་གཅིག་ཡོད་དམ་མེད།། མེད་ན་ཆད་དེ་ཡོད་ན་རྟག་པར་ཐལ།། མེད་དང་སྐྱེ་མེད་མཚོན་ཚོད་མི་གཅིག་སྟེ།། ཆོས་ཉིད་ཡོད་མེད་གཉིས་སུ་མེད་པ་ལ། ། ལྷན་སྐྱེས་ཞེས་ཏེ་མཚོན་ཚོད་གཉིས་སུ་མེད།། འཁྲུལ་བློ་སྣ་ཚོགས་སྐྱེ་བར་སྣང་བ་འདི།། དོན་ལ་མི་བདེན་ཕྱིར་ན་སྐྱེ་བ་མེད།། འཁྲུལ་བ་ཡིན་ཕྱིར་ཡོད་མེད་གཉིས་མེད་ལ།། མཚོན་ཚོད་སྐྱེ་བ་མེད་ཅེས་དེ་ལ་གདགས། ། སྐྱེ་བའི་རྒྱུ་ཡང་མ་རིག་གཟུང་འཛིན་ཏེ།། དེ་བས་སྐྱེ་བ་མེད་པ་ལས།། ཐམས་ཅད་སྐྱེ་བ་འཁྲུལ་བའི་ཆོས།། སྐྱེས་ཙམ་ཉིད་ན་དོན་མ་སྐྱེས།། ཁ་ཅིག་སྐྱེ་མེད་རྟོགས་སྐྱེ་ཟེར།། རྟོགས་སྐྱེ་སྐྱེ་མེད་ཅི་ཞིག་ཡིན། ། རྟོགས་མེད་སྐྱེ་མེད་ཡོད་དམ་མེད།། མེད་ན་སྐྱེ་མེད་ཅི་ལ་གདགས།། ཡོད་ན་སྐྱེ་མེད་རྟག་པ་མེད།། དེ་བས་མཁས་པས་འདི་ལྟར་སྟེ།། རྟོགས་དང་བློ་མ་སྐྱེས་པ་སྐྱེ་མེད་དོ།། རྟོགས་བློ་སྐྱེས་ན་འགག། རྟོགས་པར་བྱར་ཡོད་བྱ་བྲལ་ན།། ཉན་ཐོས་ལ་སོགས་ཅི་ཕྱིར་མིན།། བསྒོམས་པས་འབྲས་ཐོབ་རྫོགས་ཆེན་ན།། ཉན་ཐོས་ལ་སོགས་ཅི་ཕྱིར་མིན།། བརྟན་དུ་བྱར་ཡོད་བརྟན་པ་ན།། ཉན་ཐོས་ལ་སོགས་ཅི་ཕྱིར་མིན། ། རྒྱས་བཏབ་པོ།། རྒྱ་རྒྱ་རྒྱ།།།། རྒྱ་གར་སྐད་དུ། ཨ་ཏི་སནྡྷི་མ་ཧཱ་ཏནྟྲ། བོད་སྐད་དུ། ཨ་ཏི་རྫོགས་པ་ཆེན་པོའི་རྒྱུད། དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། ། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བྱང་ཆུབ་ཤིང་དྲུང་གནས་མཆོག་ཏུ།། སྤྲུལ་སྐུ་དགའ་རབ་རྡོ་རྗེ་ནི།། མེ་ཏོག་པདྨའི་གདན་ལ་བཞུགས།། སངས་རྒྱས་ལུས་ཀྱི་རྒྱན་ཡང་རྫོགས།། ཕྱག་མཚན་འགྱུར་མེད་རྡོ་རྗེ་བསྣམས། ། ཞི་དང་ཁྲོ་བོའི་མཚན་མཆོག་མངའ།། སྙིང་རྗེ་ཆེན་པོས་གཞན་དོན་མཛད།། ཆོས་དང་ཡུལ་ལ་དམིགས་པ་ཡིས།། སྙིང་རྗེས་འགྲོ་བའི་དོན་ཡང་མཛད།། ཐབས་ཀྱི་སྒཽ་ནས་ཐམས་ཅད་འདུལ། ། བྱིན་བརླབས་ཉི་མའི་འོད་ལྟར་འཚར།། ཁུ་བྱུག་གསུང་འདྲ་དུས་ཚོད་འཛིན།། ཐམས་ཅད་རང་ལ་རྫོགས་པའི་དུས།། བརྡ་དང་སྒྲ་དང་ཚིག་དང་དོན་གྱིས་བསྡུས།། ཨེ་མ་ཧོ་ཡང་གསང་རྨད་དུ་བྱུང་བའོ། ། ཨ་ཏི་རྫོགས་པའི་རྒྱུད་ལས། སྟོན་པས་གླེང་སླང་བའི་ལེའུ་སྟེ་དང་པའོ།།།། དེ་ནས་འཇམ་དཔལ་བཤེས་གཉེན་གྱིས།། ཀྱེ་སྟོན་པ་དགའ་རབ་རྡོ་རྗེ་ལགས།། རྒྱུད་ཀྱི་ངོ་བོ་བསྟན་དུ་གསོལ།། ཅེས་ཞུས་པས། ཐུགས་རྒྱུད་ཞལ་བརྒྱུད་ཞུས་ལན་གསུམ་གསལ།། དགོངས་ཏེ་གསུམ་ཉིད་རྣམ་པར་གསུངས།། ཆོས་གསུམ་ཕུན་སུམ་ཚོགས་པས་རྒྱུད་ཅེས་བྱ།། ཞེས་གསུངས་པས། དེའི་དོན་འདི་བསྟན་དུ་གསོལ། ། ཅེས་ཞུས་པས། ཐུགས་སུ་རྒྱུད་པ་ཀུན་བཟང་རྒྱུད།། ཞལ་ནས་གསུངས་པའི་རྒྱུད་དག་ནི།། རྡོ་རྗེ་སེམས་དཔས་གསུངས་པའོ།། ཞུས་ལན་ཕྲ་མེད་འཕེལ་རྒྱས་རྒྱུད།། དགའ་རབ་རྡོ་རྗེ་བདག་གིས་བཤད། ། བྱིན་རླབས་ཉི་མའི་འོད་ལྟར་ཤར།། སྐྱེས་བུའི་ཐུགས་ལ་གང་ཤར་བ།། ཀུན་ཏུ་བཟང་པོའི་ཐུགས་རྒྱུད་རྫོགས།། སྣང་ལ་རང་བཞིན་མེད་པའི་དོན།། ཆུ་ཟླའི་དཀྱིལ་འཁོར་ལྟ་བུར་བཤད།། སྒྱུ་མ་ལྟ་བུའི་གསུང་གི་བརྒྱུད། ། རྡོ་རྗེ་སེམས་དཔའི་ཞལ་བརྒྱུད་རྫོགས།། དཔལ་ལྡན་སངས་རྒྱས་པདྨའི་ནང།། སྐྱེས་པའི་ཚུལ་གྱིས་སྐུར་བསྟན་པ།། བྱིན་རླབས་དུག་ལ་སྔགས་ལྟར་ཤར།། འཕེལ་རྒྱས་ཕྲ་མིན་རྒྱུད་འདི་རྫོགས། ། ཞེས་གསུངས་སོ།། ཨ་ཏི་རྫོགས་པའི་རྒྱུད་ལས། རྒྱུད་ཀྱི་ཞུས་ལན་གྱི་ལེའུ་སྟེ་གཉིས་པའོ།།།། དེ་ནས་ཡང་ཞུས་པ། རྒྱུད་ལུང་འབྲེལ་བར་བཤད་པར་ཞུ།། ཞེས་གསུངས་པས། གསུང་གི་བསྒྱུར་ཞིང་གང་མཚོན་པ། ། སྐྱེས་བུ་རྒྱལ་པོའི་བཀའ་ལུང་རྫོགས།། བྱིན་གྱིས་བརླབས་ཀྱི་ཐུགས་དག་ལ།། ངེས་པའི་ཤེས་པ་སྐྱེས་པ་འདི།། སྐྱེས་བུའི་རྒྱལ་པོའི་བྱིན་ལུང་རྫོགས།། སྐྱེས་བུས་གདམས་པའི་ལུང་ཕོག་པས། ། ངེས་པར་བྱིན་རླབས་ཕྲན་མིན་ལུང་ཡང་རྫོགས།། སྙིང་པོའི་དོན་ལ་བཀོལ་བ་མེད།། རང་བྱུང་ཡེ་ཤེས་འཕོ་འགྱུར་མེད།། རིག་པའི་ཡེ་ཤེས་གཡོ་བ་མེད།། རང་རིག་ཡེ་ཤེས་འགག་པ་མེད།། ཐིག་ལེའི་ཡེ་ཤེས་སྐྱེ་འགག་མེད། ། དོན་དེ་ཐུགས་ལ་གང་འཛིན་པ།། སྐྱེས་བུ་ང་ཡི་བཀའ་ལུང་རྫོགས།། རྒྱ་ཆེན་ལུང་ལ་ཟབ་པ་རྒྱུད།། རྒྱ་ཆེ་རིག་པའི་སྣང་བ་ལ།། ཟབ་པ་ཡེ་ཤེས་ངོས་བཟུང་བཤད་པ་ཡི།། དེ་དོན་ངེས་པར་བསྟན་པ་ཡིན། ། ཞེས་གསུངས་སོ།། ཨ་ཏི་རྫོགས་པའི་རྒྱུད་ལས། རྒྱུད་ལུང་སྦག་ཏུ་བཤད་པའི་ལེའུ་སྟེ་གསུམ་པའོ།།།། དེ་ནས་བཀའ་སྩལ་པ། ཐིག་ལེ་ཉག་གཅིག་ཏུ་བཤད་པ་དང། གཉིས་སུ་བཤད་པ་དང། གསུམ་དུ་བཤད་པ་དང། བཞི་དང་ལྔ་རུ་བཤད་པ་བསྟན་དུ་གསོལ།། ཞེས་ཞུས་པས། བཀའ་སྩལ་པ། ཐིག་ལེ་ཉག་གཅིག་གཅིག་ཏུ་བཤད་པ་ནི།། ཐིག་ལེ་ཉག་གཅིག་ཡེ་ཤེས་ཆེན་པོ་སྟེ།། རྒྱ་ཆེ་ལྟ་བ་ལ་ཟླའི་དོན་དུ་བཤད་པ་ཡང། ། གཞི་མ་དངོས་པོའི་གནས་ལུགས་ལ།། རྟོགས་དང་མ་རྟོགས་གཉིས་སུ་མེད།། སངས་རྒྱས་སེམས་ཅན་གཉིས་སུ་མེད། དག་དང་མ་དག་གཉིས་སུ་མེད།། སྣང་དང་མ་སྣང་གཉིས་སུ་མེད། ། བསྒོམ་དང་མ་བསྒོམ་གཉིས་སུ་མེད།། སྐྱོན་དང་ཡོན་ཏན་གཉིས་སུ་མེད།། ཐབས་དང་ཐིག་ལེ་རང་སྣང་ལ།། གཉིས་སུ་འཛིན་པ་འཁྲུལ་བ་ཡིན།། རྒྱ་ཆེ་ནམ་མཁའ་ལྟ་བུ་ཡིན།། ཕྱོགས་མཚམས་བསྒྲུབས་པས་ག་ལ་གྲུབ། ། ཐམས་ཅད་ཕྱོགས་མེད་ཁྱབ་བརྡལ་ལ།། རྣམ་རྟོག་བློ་ཡི་ག་ལ་སྨོད།། ལྡོངས་པས་ནམ་མཁའ་ག་ལ་སྙེགས།། གྲང་ནད་ཅན་གྱི་སྐྱེས་བུ་ལ།། ག་པུར་དུག་ཏུ་ངེས་པར་འགྱུར།། བློ་ཆུང་ཤེས་རབ་ཆུང་བ་ལ། ། ཉག་གཅིག་བསྟན་པས་སྐུར་པར་འགྱུར།། ཨེ་མའོ་ཐམས་ཅད་གཅིག་པ་ལ།། སྒྲོ་བཏགས་ཆོས་ཀུན་ཐིག་ལེར་གཅིག། སྣ་ཚོགས་ཐིག་ལེ་ཉག་གཅིག་ངང།། ཞེས་གསུངས་སོ།། ཨ་ཏི་རྫོགས་པའི་རྒྱུད་ལས། ཐིག་ལེ་རྒྱ་ཆེ་བ་རུ་བཤད་པའི་ལེའུ་སྟེ་བཞི་པའོ།།།། ཐིག་ལེ་ཟབ་པར་བཤད་པར་ཞུ།། ཞེས་ཞུས་པས། བཀའ་སྩལ་པ། ཟབ་ཅིང་ཡངས་ལ་རྒྱ་ཆེ་བ།། ཟབ་མོ་སངས་རྒྱས་དགོངས་པ་སྟེ། ། དེ་དག་ཉམས་སུ་ལེན་པ་ལ།། ཐིག་ལེ་གཉིས་སུ་བཤད་པར་བྱ།། སྣང་བ་མ་འགགས་ཐིག་ལེའི་རྒྱན།། རོལ་པ་ཡིན་པར་ཤེས་པར་བྱ།། རིག་པ་ཡེ་ཤེས་མ་འགགས་རྩལ།། འགག་པ་མེད་པར་ཤེས་པར་བྱ། ། སྣང་བ་ཐིག་ལེའི་གནད་དུ་མ་ཤེས་པ།། མངལ་ཁ་རྒྱ་ཡིས་གང་ལ་ཐེབས།། སྣང་བ་སྟོང་པར་བསྒོམས་པས་བསམ་ངོ་ཡིད་སྨོན་ཡུལ།། རིག་པ་ཡེ་ཤེས་གནད་དུ་མ་ཤེས་ན།། འགྱུ་བ་སྟོང་པར་བསྒོམས་པས་རིག་པ་རྐྱང་སྒོམས་ཡིན། ། ཉན་ཐོས་གང་ཟག་བདག་མེད་རྟོགས་དང་ཁྱད་པར་མེད།། འགྲོ་དྲུག་གཡང་ས་ཆོད་པར་ག་ལ་འགྱུར།། རྟ་བརྒྱུགས་འདྲོག་ལ་མེ་ཏོག་ཆོད་པ་བཞིན།། གང་ལྟར་བལྟས་པས་ཡེ་ཤེས་ཤར་ན་སངས་རྒྱས་དགོངས་པ་ཡིན། ། ཐབས་དང་ཤེས་རབ་གཉིས་ནི་བཙུན་མོ་ཟོ་ཆུ་ཁྱུད་མོ་འདྲ།། རྣམ་རྟོག་ཡེ་ཤེས་གཉིས་ནི་མེ་ལ་ཤིང་བསྣན་འདྲ།། ཡེ་ཤེས་གནད་དུ་གཟིར་ན་རྒྱ་མཚོ་ཉ་མོ་འདྲ།། ཡེ་ཤེས་བྱིན་རླབས་མུན་པ་ཉི་མ་འདྲ། ། མ་འདྲེས་རང་སར་གནས་པ་ཟ་འོག་སྣལ་བུ་འདྲ། ཞེས་གསུངས་སོ།། ཨ་ཏི་རྫོགས་པའི་རྒྱུད་ལས། ཡེ་ཤེས་དང་རྣམ་རྟོག་གཉིས་བརྡར་བསྟན་པའི་ལེའུ་སྟེ་ལྔ་པའོ།།།། ཐིག་ལེ་གསུམ་དུ་བཤད་པ་ནི། ། གཞི་དང་ལམ་དང་འབྲས་བུ་གསུམ།། གཞི་ལམ་རྣམ་གསུམ་ཤེས་བྱ་སྟེ།། དབྱིངས་ཀྱི་ཐིག་ལེ་སྟོང་པ་ལ།། ཡེ་ཤེས་ཐིག་ལེ་གསལ་ལ་འཚེར།། རྩལ་གྱི་ཐིག་ལེ་ལྗང་ལ་སྒྲམ།། འདུ་འགྲོ་ལས་ཀྱི་ཐིག་ལེ། ། དཀོད་པ་རྒྱན་གྱི་ཐིག་ལེ།། གཉིས་མེད་རང་གསལ་གྱི་ཐིག་ལེ།། ལམ་གྱི་ཐིག་ལེ་རྣམ་གསུམ་སྟེ།། རང་སྣང་འོད་ཟེར་གྱི་ཐིག་ལེ་ལ།། ཆགས་པ་སྣ་ཚོགས་སྐྱེ་བ་ཨེ་མ་ཧོ།། རིག་པ་རྩལ་གྱི་ཐིག་ལེ་ལ། ། ཞེན་པ་དངོས་པོར་ཤར་བ་ཨེ་མ་ཧོ།། དབྱེར་མེད་སྙིང་པོའི་ཐིག་ལེ་ལ།། གཉིས་སྣང་ཉམས་སུ་མྱོང་བས་འབྲས་བུ་སྣ་ཚོགས་སུ་གྲུབ་པ་ཨེ་མ་ཧོ།། འབྲས་བུའི་ཐིག་ལེ་རྣམ་གསུམ་སྟེ།། ལྷུན་གྲུབ་རྟོགས་པའི་ཐིག་ལེས་ཐམས་ཅད་མཁྱེན། ། རང་བྱུང་རང་ལ་སྣང་བའི་ཐིག་ལེས་བདེ་ཆེན་རང་ལ་ཤར།། རང་རིག་ཡེ་ཤེས་རྒྱུན་གྱི་ཐིག་ལེས་བྱིན་རླབས་ལ་རྒྱུན་ཆད་མེད།། སྣང་བ་རྣམ་ཤེས་ཡིད་དང་གསུམ།། འཁོར་བ་སངས་རྒྱས་གནས་ལུགས་གསུམ། ། རྒྱུད་དང་ལམ་དང་འབྲས་བུ་གསུམ།། བྱིན་བརྒྱུད་སྙན་བརྒྱུད་ཐུགས་བརྒྱུད་གསུམ།། སྙིང་པོ་འོད་དང་ཟེར་དང་གསུམ།། རྣོ་དང་མྱུར་དང་ཟབ་དང་གསུམ།། བསྟན་དང་རྒྱ་ཆེ་ཕྲ་དང་གསུམ། ། མན་ངག་གདམས་ངག་སྙན་རྒྱུད་གསུམ།། ཐིག་ལེ་གསུམ་དུ་བཤད་པའོ།། ཞེས་གསུངས་སོ།། ཨ་ཏི་རྫོགས་པའི་རྒྱུད་ལས། ཟབ་མོ་གསུམ་དུ་བཤད་པའི་ལེའུ་སྟེ་དྲུག་པའོ། །།། ཡང་བཀའ་སྩལ་པ། ཟབ་མོ་བཞི་རུ་བསྟན་པ་བཤད་དུ་གསོལ།། ཞེས་ཞུས་པས། བཀའ་སྩལ་པ། དངོས་པོ་གཅིག་ལ་བཞིར་དབྱེ་བ།། ལེའུ་དག་གི་དཔེ་བཞིན་ནོ།། དཔེ་དང་དོན་དང་ཚིག་དང་ནི། ། བརྡ་ཡི་ང་གྲོལ་བར་བཤད་པའོ།། ཆོས་ཀྱི་སྐུ་ཡི་དོན་དང་ནི།། རང་སྣང་ལོངས་སྤྱོད་རྫོགས་པའི་སྐུ།། སྤྱིར་ཡང་སྤྲུལ་པའི་སྐུ་ལ་ངོ་སྤྲད་པས།། དེ་ཡི་ཡོན་ཏན་ངོ་བོ་ཉིད་ཀྱི་སྐུ།། ཡེ་ཤེས་བཞི་ཡི་དོན་ཀྱང་རང་སོར་འབྲེལ། ། འབྱུང་བ་ལྔ་ནི་ཆོས་སྐུའི་བརྡ།། ཤིང་སྤངས་མ་ནི་ག་ལ་འབྱུང།། རྣམ་རྟོག་མེད་ན་ཡེ་ཤེས་ག་ལ་སྐྱེ།། རྣམ་རྟོག་ཡེ་ཤེས་ཡིན་ན་བཀའ་རྒྱུད་ཟབ་མོ་གང་ལ་དགོས།། འབད་པ་མེད་པར་ཡེ་ནས་གྲོལ། ། སྤྲུལ་པའི་སྐུ་ལ་རྣམ་རྟོག་སྐྱེས་ནས་ཡེ་ཤེས་གསལ།། དཔེར་ན་མེ་ལ་ཤིང་བསྣན་འདྲ།། ཟུང་དུ་ཞུགས་པས་ལོངས་སྤྱོད་རྫོགས་པའི་སྐུ།། ཇི་ལྟར་སྦྱང་ཀྱང་ཟད་པ་མེད།། ངོ་བོ་ཉིད་ཀྱི་སྐུ་ཡི་གང་དུ་གནས། ། ཡེ་གྲོལ་བཞི་ཡི་སྐུ་བཞི་དེ།། རྒྱ་ཆེ་བ་ཡི་དོན་དུ་བཤད་པ་ཡིན།། ཟབ་མོ་ཉམས་སུ་ལེན་ན་རང་གྲོལ་སྐུ་བཞིའི་ངོ་སྤྲོད་ན།། རྣམ་རྟོག་ཝལ་གྱི་སྐྱེས་པའི་དུས་ཉིད་ན།། རང་རིག་ཡེ་ཤེས་ངོ་སྤྲོད་ཀྱིས།། རྣམ་རྟོག་དྭངས་ནས་ཡེ་ཤེས་གསལ། ། འགྱུ་བ་མེད་ན་ཡེ་ཤེས་ག་ལ་གསལ།། འགྱུ་བ་དྭངས་པས་ཡེ་ཤེས་གསལ།། རང་གྲོལ་སྤྲུལ་པའི་སྐུ་ཡི་ངོ་སྤྲོད་ཡིན།། རང་གྲོལ་ལོངས་སྐུའི་ངོ་སྤྲོད་ནི།། འགྱུ་བ་དྭངས་ནས་འོད་གསལ་ལ། ། ལྷན་ནེ་བརྟན་པར་གནས་པ་དེ།། དེ་ནི་ལོངས་སྐུའི་ངོ་སྤྲོད་དོ།། འགྱུ་བ་འོད་གསལ་གཉིས་སུ་མེད།། གང་གི་ཕྱོགས་སུ་མ་ལྷུང་བ།། དེ་ནི་ཆོས་སྐུའི་ངོ་སྤྲོད་ཡིན།། ཐིག་ལེ་ཡེ་ཤེས་ཟང་ཐལ་ལ།། རྒྱུ་དང་རྐྱེན་གྱིས་མ་བསྐྱེད་པར། ། རང་བཞིན་ཤུགས་ཀྱི་ཤར་བ་དེ།། ངོ་བོ་ཉིད་ཀྱི་སྐུ་ཡི་ངོ་སྤྲོད་ཡིན།། ཞེས་གསུངས་སོ།། ཨ་ཏི་རྫོགས་པའི་རྒྱུད་ལས། ཐིག་ལེ་བཞི་སྦྱོར་ངོ་སྤྲོད་ཀྱི་ལེའུ་སྟེ་བདུན་པའོ།།།། དེ་ནས་ཡང་བཀའ་སྩལ་པ། ཐིག་ལེ་ལྔ་སྦྱོར་བཤད་པ་ནི།། དབྱིངས་ཀྱི་ཐིག་ལེ་འོད་གསལ་བ།། རང་བྱུང་ཡེ་ཤེས་ལམ་དུ་གཞུག། ཡེ་ཤེས་ཐིག་ལེ་ཆེན་པོ་དེ།། རིག་པའི་ཡེ་ཤེས་མ་བུ་སྨད།། གཉིས་སུ་སྣང་བའི་ཡེ་ཤེས་དེ། ། ལྷག་མཐོང་རིག་པའི་ཡེ་ཤེས་ཀྱིས།། གཟུང་འཛིན་ཐག་པ་གཅད་པར་བྱ།། དེ་ནི་ལྷུན་གྲུབ་ཐིག་ལེ་ཡིན།། སྙིང་པོ་གཡོ་མེད་ཡེ་ཤེས་ཀྱིས།། དང་དུ་ཕྲད་ན་གཟུང་འཛིན་འཆད།། དབྱིངས་ཉིད་རྣམ་དག་ཐིག་ལེ་ཡིན། ། ཡེ་ཤེས་ཟང་ཐལ་ཆེན་པོར་བཟླ།། བལྟ་བའི་སྒོང་རྒྱ་རལ་པ་ཡིན།། ལྷུན་གྱི་གནས་པའི་ཐིག་ལེ་ཡིན།། སྒོ་ལྔ་ཆགས་སྡང་མདུད་བ་ལ།། ལྷག་མཐོང་རིག་པའི་ཡེ་ཤེས་ཀྱིས།། རལ་གིས་བཅད་དེ་གཏང་བར་བྱ། ། སྣང་བ་འོད་གསལ་གི་ངོ་སྤྲོད་དོ།། དཀར་དམར་འདོད་ཆགས་ཀྱི་མདུད་པ་ལ།། རང་བྱུང་རང་སྣང་གི་ཡེ་ཤེས་ཀྱིས།། ལྕགས་ཀྱུས་བཟུང་བ་གཏང་བར་བྱ།། ཆོས་སྐུ་འོད་གསལ་གྱི་ངོ་སྤྲོད་དོ། ། སེམས་འགྱུ་བ་རྣམ་རྟོག་གི་མདུད་པ་ལས།། ཉམས་མྱོང་སྒོམ་པའི་སྒོང་རྒྱ་རལ།། རང་རིག་ཡེ་ཤེས་ཀྱི་ངོ་སྤྲོད་བྱས།། སྙིང་པོ་ཡེ་ཤེས་སྣང་མེད་ཀྱིས།། ཆགས་འཛིན་སྒོམ་པའི་ཞེན་པ་སྤངས།། རང་སྣང་ཐིག་ལེའི་ངོ་སྤྲོད་དོ། ། ཡིད་འགྱུས་བག་ཆགས་ཀྱི་མདུད་པ་ལ།། འོད་གསལ་གསང་ལམ་གྱི་ངོ་སྤྲོད་ཀྱིས།། རྒྱས་འདེབས་སྤྱོད་པའི་སྒོང་རྒྱ་ར་ལ།། རང་ལ་ཤར་བའི་འོད་གསལ་སྐྱེས།། མཚན་མ་ལམ་གྱི་གོལ་ས་ཆོད། ། ཀུན་གཞི་ཟང་ཐལ་གྱི་ཐིག་ལེ་དང།། མཚན་མ་རང་སྣང་གི་ཐིག་ལེ་གཉིས།། བསྲེས་པ་མེད་པར་དཀྲུག་གིས་འདྲེས།། འབྲས་བུ་སྤངས་ཐོབ་དུས་ཀྱི་སྒོང་རྒྱལ་ཨེ་མ་ཧོ།། ཞེས་གསུངས་སོ།། ཨ་ཏི་རྫོགས་པའི་རྒྱུད་ལས། ཐིག་ལེ་ལྔ་སྦྱོར་དུ་བཤད་པའི་ལེའུ་སྟེ་བརྒྱད་པའོ།།།། དེ་ནས་ཡང་བཀའ་སྩལ་པ། འགག་གི་རྣམ་པ་བསྟན་པར་བྱ།། ཞེས་གསུངས་སོ།། སེམས་འཛིན་ཕྲ་མོ་རྩོམ་པ་ནི།། ཡེ་ཤེས་ཟང་ཐལ་སྐྱེ་བའི་འགག། ཚོགས་དྲུག་བཀག་ནས་དབུགས་ལ་གཏོང།། ཆོས་ཉིད་འོད་གསལ་སྐྱེ་བ་འགག། དབུགས་ལ་གཏོད་ཅིང་རླུང་ལ་སྦྱོང།། རང་བྱུང་ཡེ་ཤེས་སྐྱེ་བ་འགག། ཕུང་པོ་ལྷ་དང་ལྷ་མོར་བསྒོམ།། སྐུ་ཡིས་དམ་ཚིག་རྟེན་པ་དེས། ། ཆོས་སྐུ་འོད་གསལ་སྐྱེ་མེད་འགག། ངག་གི་བཟླས་བརྗོད་འཕྲོ་འདུ་སྦྱོང།། གསུང་གི་དམ་ཚིག་རྒྱུན་དུ་སྤྱོད།། དེས་ནི་རང་རིག་ཡེ་ཤེས་འགག། དམ་རྫས་རྣམ་ལྔ་རྒྱུན་དུ་རྟེན།། ཐུགས་ཀྱི་དམ་ཚིག་རྒྱུན་མི་གཅོད། ། ལྷག་མཐོང་རིག་པའི་ཡེ་ཤེས་འགག། རྒྱ་ཆེ་ལྟ་བ་ཁ་འགྱང་ཁྱེར།། འགྱུ་དྭངས་ཡེ་ཤེས་སྐྱེ་བ་འགག། འགག་མེད་ཐིག་ལེ་ལེ་འདི་ཡིན་གྱིས།། ཐུབ་པར་མོས་ལ་སྦྱར་པར་གྱིས།། ཞེས་གསུངས་ནས། ཆོས་ཉིད་རང་སྣང་གི་དབྱིངས་སུ་གཤེགས་སོ།། ཨ་ཏི་རྫོགས་པའི་རྒྱུད་ལས་ལེའུ་དགུ་པའོ།།།། ཨ་ཏི་རྫོགས་པའི་རྒྱུད་རྫོགས་སོ།།།། རྒྱ་གར་སྐད་དུ། ཨ་ཏི་ལ་བྷེ་ད། བོད་སྐད་དུ།
CLOSE WINDOW