Wylie |
། ཨ་ནུ་ཆོས་སྐུ་ཡེ་ནས་གཅིག་པ་ལ།། གཉིས་སུ་རང་ཤར་གཉིས་མེད་རང་མཆོད་དོ།། ཨ་ཏི་སྤངས་པ་དེ་ཡི་བསོགས་དང་བྲལ།། སོང་གྱུར་རྒྱས་གྲུབ་ཐོབ་བྱང་དབྱེ་བ་མེད།། ཉན་ཐོས་རང་རྒྱལ་དོན་དམ་སེམས་ཅན་དམིགས། ། མདོ་སྡེ་སེམས་ཙམ་གཞན་དོན་ཆོས་ལ་དམིགས།། དབུ་མ་ཡན་ཆོད་དོན་ལ་བདག་གཞན་མེད།། དམིགས་པ་མེད་དེ་གཉིས་སུ་ཤེས་པར་བྱ།། ཞེས་ལྟ་བའི་ཁྱད་ཀྱི་གསང་ཐིག་སྟེ་བརྒྱད་པའོ། །།། བཅོམ་ལྡན་འདས་བྱ་བྲལ་ངང་ལ་ཕྱག་འཚལ་ལོ།། ཨེ་མ་བདག་འཛིན་མ་བྲལ་བར་དུ་བུ་ན།། རྟོགས་ཀྱང་འཆིང་ལ་མ་རྟོགས་འཆིང།། སྒོམས་ཀྱང་འཆིང་ལ་མ་སྒོམས་འཆིང།། བདག་འཛིན་མ་བྲལ་བར་དུ་ནི། ། བསྐལ་པའི་བར་དུ་དཀའ་སྤྱད་ཀྱང།། གྲོལ་བར་མི་འགྱུར་རྩོལ་བས་རླགས།། གཟུང་འཛིན་གཉིས་སུ་མེད་པ་ན།། སེམས་ཆོས་འདྲེས་ཏེ་ལྷུན་གྱིས་གྲུབ།། བདག་འཛིན་གྲོལ་བ་རང་ཉིད་ལ། ། རྟོགས་དང་ལྟ་སྒོམ་ལ་སོགས་རྫོགས།། གཞན་ནི་ཅི་ཡང་ཡོད་མ་ཡིན།། གལ་ཏེ་ཡོད་ན་འཆིང་བའི་དངོས།། བདག་མེད་རྟོགས་ལྟ་སུ་ཡི་སྒོམ།། བདག་ཡོད་འཆིང་བའི་དངོས་པོ་མེད།། རང་བྱུང་ངོ་བོ་བཞིན་གནས་ཏེ། ། དང་པོ་ངང་གིས་གནས་པའི་གནས་ལུགས་ཀྱང།། གནས་པར་བྱ་དང་བྱེད་མེད་གནས་རྒྱུ་མེད།། གཉིས་པ་འཁྲུལ་ཏེ་འཁོར་བ་སྣ་ཚོགས་ཀྱང།། འཁྲུལ་བ་བྱ་དང་བྱེད་མེད་འཁྲུལ་རྒྱུ་མེད།། གསུམ་པ་རང་བཞིན་འཁྲུལ་ཏེ་རང་བྱུང་རྟོགས་པ་ཡང། ། རྟོགས་པར་བྱ་དང་བྱེད་མེད་རྟོག་རྒྱུ་མེད།། བཞི་པ་བདག་ཉིད་ཆེན་པོའི་འབྲས་བུ་ཡང།། ཐོབ་བརྟན་བྱ་བྱེད་མེད་དེ་བརྟན་རྒྱུ་མེད།། དེ་ལྟར་བཞི་པོ་གང་དུ་ཡང། ། བྱ་བ་ཡོད་ན་རྐྱེན་ཅིག་ཡོད།། བྱེད་པ་ཡོད་ན་ཐབས་ཅིག་ཡོད།། དེ་ལྟར་ཡོད་ན་དེ་ཡོད་པས།། དེ་ཡོད་འདུས་བྱས་གཉེན་པོས་འཇིག། གཞི་ལ་བྱ་བ་མེད་པ་བཞིན་དུ།། ལམ་ལ་བྱ་བ་ཡོད་པ་ཡིས། ། དེ་བཞིན་ཉིད་ཀྱི་དོན་ལས་གོལ།། གཞི་ལ་བྱེད་པ་མེད་བཞིན་དུ།། ལམ་ལ་བྱེད་པ་འདོད་པ་ཡིས།། དེ་བཞིན་ཉིད་ཀྱི་དོན་ལས་གོལ།། གཞི་ལ་བྱ་རྒྱུ་མེད་པ་ལ།། ལམ་ལ་བྱ་རྒྱུད་འདོད་པ་ཡིས།། དེ་བཞིན་ཉིད་ཀྱི་དོན་ལས་གོལ། ། གཞི་ལ་མེད་པ་ཅི་བྱུང་ཡང།། དེ་བཞིན་ཉིད་ཀྱི་དོན་ལས་གོལ།། དེ་བས་བྱ་བྲལ་རྫོགས་ཆེན་སྤགས།། དེ་བས་བྱེད་བྲལ་ལྷུན་གྲུབ་སྤགས།། དེ་བས་རྒྱུ་མེད་རྐྱེན་བྲལ་ཆེ།། བྱ་མེད་རྐྱེན་དེ་གང་གི་རྐྱེན། ། བྱེད་མེད་ཐབས་དེ་གང་གི་ཐབས།། དེ་ཡོད་བྱ་བྲལ་ཅི་ཕྱིར་ཡིན།། དེ་མིན་སངས་རྒྱས་ག་ལ་ཡིན།། གཞི་ལ་རྟོགས་མེད་རྟོགས་དོན་གོ་ལ།། ཞེན་ན་རྟོགས་ཞེས་བྱ་ཡང།། འཁྲུལ་པ་ཟད་པ་ཙམ་ལ་སྟེ། ། གང་གིས་ཅི་རྟོགས་རྟོགས་དོན་ཅི།། གལ་ཏེ་ཡོད་ན་གོལ་བ་མོད།། དེ་བས་རང་བྱུང་འདི་ལྟ་སྟེ།། འཁྲུལ་པ་པོ་ང་འཁྲུལ་བྱ་ང།། རྟོགས་པ་པོ་ང་རྟོགས་བྱ་ང།། བཤད་པ་པོ་ང་བཤད་པ་ང།། རང་ཉིད་རང་ཤར་རང་ཉིད་དག། བྱ་བྱེད་ཡོད་པ་ག་ལ་ཡིན།། གལ་ཏེ་ཡོད་དོ་ཞེ་ན་ཡང།། བྱས་པ་ཐམས་ཅད་མི་རྟག་པས།། སངས་རྒྱས་དོན་མེད་ལྷུན་གྲུབ་ཅིང།། གཞི་ལ་མེད་པ་བྱུང་བ་ན།། རང་བྱུང་ཡིན་ཡང་མི་རྟག་སྟེ།། འཁྲུལ་པས་བྱ་བྱེད་རྒྱུ་རྐྱེན་མཐོང། ། གཞི་ཉིད་བསམ་གྱིས་མི་ཁྱབ་པ།། བྱུང་ན་ཅི་བྱུང་མི་རྟག་པའོ།། རྒྱུད་ནི་གཞི་ཡིན་འབྲེལ་བར་སྟོན།། ལུང་ནི་ལམ་ཡིན་ཐོག་ཏུ་ཕེབས།། མན་ངག་འབྲས་བུ་ལ་ཟློས་པའོ།། གཟུང་དང་འཛིན་པའི་རྣམ་པ་དག། མཚན་མ་མེད་ཅིང་རྡུལ་དང་བྲལ།། དེ་ནི་རྡོ་རྗེ་སེམས་དཔའ་ཡིན།། འཁོར་འདས་ཀུན་གྱི་རང་བཞིན་ཡང།། ཡེ་ནས་མཉམ་ཉིད་བྱ་བྲལ་ཏེ།། འཁྲུལ་ནས་དངོས་པོར་སྣང་བ་ཡིན།། སོང་གྱུར་རེད་པ་ཅི་ཡང་མེད། ། དངོས་པོའི་གནས་ལུགས་འགྱུར་མེད་ཡིན།། ཞེས་དེ་བཞིན་ཉིད་ལས་གོལ་ཚུལ་གྱི་གསང་ཐིག་སྟེ་དགུ་པའོ།། བཅོམ་ལྡན་འདས་ཐམས་ཅད་མཁྱེན་པའི་ངང་ལ་ཕྱག་འཚལ་ལོ།། ཁམས་གཏན་གོལ་སྒྲིབ་བསལ་བ་ནི། ། རྟག་ཆད་བེམ་རིག་བཞི་ཡིན་ཏེ།། ཡུལ་སེམས་གཉིས་ཀ་ཡོད་པ་རྟག། ཡུལ་མེད་སེམས་ཡོད་རིག་པ་ཡིན།། གཉིས་ཀ་མ་གྲུབ་ཆད་པ་ཡིན།། སེམས་མེད་ཡུལ་ཡོད་བེམས་པོ་ཡིན། ། བདག་ཡོད་ཤེས་པ་མི་འཕྲོ་ན།། འདུ་ཤེས་མེད་དེ་བེམ་པོ་ཡིན།། ཤེས་པ་སྣ་ཚོགས་དྲན་པ་ཡང།། སྐྱེ་མེད་སྐྱེ་བ་མ་འགགས་པ།། རིག་པ་ཡིན་ཏེ་དེ་ཡང་རྟག། མུ་རྟུག་མུ་སྟེགས་རྒྱང་འཕན་ཕྱལ།། སྐྱེ་མཆེད་མུ་བཞིའི་གནས་སུ་སྐྱེ། ། ཕྱིའི་བསྐྱེད་རིམ་གཟུགས་ཁམས་སྐྱེ།། ནང་ཟབ་བསྐྱེད་རིམ་འདོད་ཁམས་སྐྱེ།། དེ་ཡང་རིམ་པས་འཇུག་པར་བྱ།། དང་པོར་མངོན་པར་བྱང་ཆུབ་ལྔས།། ཧེ་རུ་ཀ་ནི་ཡབ་ཡུམ་སྒོམ། ། རྗེས་ལ་ཐིག་ལེ་ན་ད་བསྒོམ།། དེ་ནི་ཕྱི་ནང་བསྐྱེད་རིམ་མོ།། རྫོགས་དང་ཡོངས་རྫོགས་ངོ་བོ་ཉིད།། རིམ་ལྔའི་ཚུལ་དུ་མི་འགལ་དགོད།། དང་པོ་སེམས་ཉིད་རྩད་བཅད་པས།། གང་དུ་མ་གྲུབ་ངང་ལ་བཞག། འདུ་ཤེས་མེད་དེ་མུ་རྟུག་ཆད།། དེ་ནས་ཤེས་པ་སྣ་ཚོགས་ཏེ།། སྐྱེད་ཙམ་ཉིད་ན་རང་བཞིན་མེད།། ཐམས་ཅད་སེམས་ཏེ་སྣང་ཞིང་སྟོང།། རྣམ་ཤེས་མཐའ་ཡས་མུ་སྟེགས་རྟོགས།། ཆོས་རྣམས་ནམ་མཁའ་ལྟ་བུ་སྟེ། ། སྒྲོ་དང་སྐུར་བ་ཀུན་ལས་འདས།། སེམས་སུ་མི་འཛིན་ཡུལ་མི་རྟོག། ནམ་མཁའ་མཐའ་ཡས་ཕྱལ་བ་ཆད།། བདག་གཞན་ཡོད་མེད་ལ་སོགས་ཀྱི།། འདུ་ཤེས་གང་དུ་མི་སྐྱེ་སྟེ།། མི་སྐྱེ་བར་ཀྱང་འདོད་པ་མེད། ། ཡོད་མེན་མེད་མིན་མུ་རྡུག་ཆད།། གང་ཡང་ཡོད་པ་མ་ཡིན་ཏེ།། ཇི་སྐད་སྨྲས་ཀྱང་སྒྲོ་བཏགས་ཡིན།། དོན་གྱི་ངོ་བོ་ཅི་ཡང་མེད།། ཅི་མེད་སྐྱེ་མཆོད་ཕྱལ་བ་ཆད།། བསྐྱེད་རིམ་ཕྱི་ནང་རྒྱང་མ་ཆད།། གཞི་གཉིས་གཉིས་བེམ་རིག་པའོ། ། གཉིས་ནི་རྟག་སྟེ་གཉིས་ནི་ཆད།། གཞི་མ་གཉིས་གཉིས་ཐུན་རྒྱང་བསླབ།། དེ་ནས་ཡང་དག་འདི་ལྟ་སྟེ།། དང་པོ་དངོས་པོའི་གནས་ལུགས་ལ།། གནས་དང་གནས་བྱ་གཉིས་མེད་དེ། ། ཐམས་ཅད་དེ་ལ་དབྱེར་མེད་པས།། གོང་གི་ཐམས་ཅད་བློ་ཡུལ་ཡིན།། བདག་འཛིན་བློ་ནི་གྲོལ་བ་ན།། ཡོད་མེད་གང་གིས་གང་ལ་གདགས།། བདག་གཞན་ཡུལ་སེམས་གཉིས་མེད་པས།། རྟག་ཆད་གཉིས་ཀྱི་མཐའ་ལས་གྲོལ། རྩ་རླུང་ཐིག་ལེ་གཏན་པ་རྩ་རླུང་གི་རྩ་བ་རྫོགས་སོ།།།། གསང་སྐོར་གྱི་མན་ངག་ལ། རྩ་དང་རླུང་དང་ཐིག་ལེ་གསུམ་ལམ་དུ་བཀྱེར་བའི་ཐབས་ལ། ད་ལྟར་ང་དང་མཐུན་པའི་ཆོས་གསུམ་ལ། སྙིང་སྟོབས་པའི་ནང་ན་ཁྲག་གི་དྭངས་མ་ཏིག་ལེ་འོད་དུ་གནས་སོ།། དབུགས་ཀྱི་དྭངས་མ་དྲོད་ལ་གནས་སོ།། ཐིག་ལེའི་དྭངས་མ་གསལ་ལ་དྭངས་པར་གནས་སོ།། དེ་གསུམ་ནི་ཐམས་ཅད་འབྱུང་བའི་གཞིའོ། ། དེ་ལ་རྩ་བཞིར་གྱེས་པ་ན། ཆོས་ཉིད་རང་བྱུང་རྩ་དང་གཅིག། གཉིས་སུ་མེད་པ་ཡེ་ཤེས་ཀྱི་རྩ་དང་གཉིས།། བློ་བུར་རྒྱུད་ལ་འཛིན་པའི་རྩ་དང་གསུམ།། སྐྱོན་ཡོན་དབང་པོ་དྭངས་མ་འབྱེད་ཅེས་ཀྱང་བྱ། ། རྩ་བཞིར་གྱེས་སོ།། རྩ་དེ་རྣམས་ཀྱི་ཁ་དོག་ནི། ཆོས་ཉིད་རང་བྱུང་གི་རྩ་ནི་དཀར་པོར་གནས།། གཉིས་སུ་མེད་པ་ཡེ་ཤེས་ཀྱི་རྩ་ནི་མཐིང་ཁ་རུ་གནས་སོ།། བློ་བུར་རྒྱུད་ལ་འཛིན་པ་དམར་པོར་གནས། ། སྐྱོན་ཡོན་དབང་པོ་དང་འབྱེད་ཀྱི་རྩ་བ་ནི་སེར་པོར་གནས་སོ།། རྩ་དེ་རྣམས་ཀྱི་རྒྱུ་ལུགས་ནི། ཆོས་ཉིད་ཀྱི་རྩ་བ་ནི་རླུང་ལ་རྒྱུ།། བློ་བུར་རྒྱུད་ལ་འཛིན་པའི་རྩ་ནི་བག་ཆགས་ལ་རྒྱུའོ།། སྐྱོན་ཡོན་དྭངས་འབྱེད་རྩ་ནི་དབང་པོ་ལྔ་ལ་རྒྱུའོ། ། དེ་རྣམས་རྣམ་པར་ཤེས་པ་ལ་རྒྱུ་བ་བསྟན་པ་ནི།། ཆོས་ཉིད་ཀྱི་རྩ་ནི་ཀུན་གཞི་རྣམ་ཤེས་ལ་རྒྱུ། གཉིས་སུ་མེད་པའི་རྩ་ནི་ཡིད་ཀྱི་རྣམ་ཤེས་ལ་རྒྱུ། བློ་བུར་རྒྱུད་ལ་འཛིན་པའི་རྩ་ནི་ཉོན་མོངས་པའི་ཡིད་ལ་རྒྱུའོ། ། སྐྱོན་ཡོན་དབང་པོ་དྭངས་འབྱེད་ཀྱི་རྩ་ནི་སྒོ་ལྔའི་རྣམ་ཤེས་ལ་རྒྱུ། རྩ་དེ་རྣམས་ཀྱི་མདོག་ཆོས་གསུམ་དུ་འདུས་སོ།། དེ་ཡང་ཁ་དོག་ནི་དར་དཀར་གྱི་སྐུད་པ་དང་འདྲ་བ། སྦོམ་ཕྲའི་ཚད་ནི་རྟ་རྔ་བཅུར་གཤགས་པ་ཙམ་མོ།། དེ་ལ་ཉོན་མོངས་པ་ཅན་ཞེ་སྡང་རྒྱུའོ།། འོད་དམར་པོ་ལས་འདོད་ཆགས་རྒྱུའོ།། འོད་ལྗང་ཁུ་ལས་ཕྲག་དོག་རྒྱུའོ།། འོད་སེར་པོ་ལས་ང་རྒྱལ་རྒྱུའོ།། འོད་མཐིང་ཀ་ལས་གཏི་མུག་རྒྱུའོ། ། དེ་རྣམས་ཀྱི་དབུས་ན་དྲན་པ་ཐམས་ཅད་དུ་འཆར་བ། ཐིག་ལེ་འདུས་པའི་རྒྱུད་ལས། སེམས་ཅན་དྲན་ཞི་ཙིཏྟའི་དཀྱིལ།། སེམས་ཉིད་འོད་ཀྱི་ཐིག་ལེར་གསལ།། ཆོས་གསུམ་ངོ་བོ་འོད་དུ་ཤར། ། ཞེས་པས་སོ།། དེ་ནི་ཀུན་གཞིའི་རྣམ་ཤེས་ཀྱི་རྟེན་ཡིན།། ཀུན་གཞི་ཆ་ཕྲ་མོ་ཡང་དེ་ལས་བྱུང།། ཉོན་མོངས་པའི་ཡིད་ཀྱང་དེ་ལས་བྱུང།། རྣམ་པར་ཤེས་པའི་ཚོགས་ཀྱང་དེའི་ཆ་ལས་བྱུང་ངོ།། དེ་རྣམས་རིག་པའི་ཡེ་ཤེས་ཡིན་པར་རྟོགས་ན་མངོན་དུ་འགྱུར་རོ། ། ང་ནི་ངོ་སྤྲད་དོ། ཆོས་ཉིད་རང་བྱུང་གི་རྩ་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སུ་ངོ་སྤྲད། གཉིས་སུ་མེད་པ་ཡེ་ཤེས་རྩ་ནི་རང་རིག་པའི་ཡེ་ཤེས་སུ་ངོ་སྤྲད། བློ་བུར་རྒྱུད་པའི་རྩ་ནི་རིག་པའི་ཡེ་ཤེས་ཁོ་ནའོ། ། སྐྱོན་ཡོན་དབང་པོ་དང་དབྱེ་རྩ་ནི་འབྲས་བུ་ཆོས་ཀྱི་སྐུའི་ཡེ་ཤེས་སུ་ངོ་སྤྲད་དོ།། འོད་ལྔ་ལས་རྩ་ལྔ་དུག་ལྔ་འབྱུང་བའི་ངོ་སྤྲད་པས། འོད་དཀར་པོ་མེ་ལོང་ལྟ་བུའི་ཡེ་ཤེས་སུ་ངོ་སྤྲད། འོད་དམར་པོ་འདོད་ཆགས་སོ་སོར་རྟོག་པའི་ཡེ་ཤེས་སུ་ངོ་སྤྲད། འོད་སེར་པོ་ང་རྒྱལ་མཉམ་པ་ཉིད་ཀྱི་ཡེ་ཤེས་སུ་ངོ་སྤྲད། འོད་ལྗང་ཁུ་ཕྲག་དོག་བྱ་བ་གྲུབ་པའི་ཡེ་ཤེས་སུ་ངོ་སྤྲད། འོད་མཐིང་ཀ་གཏི་མུག་ཆོས་ཀྱི་དབྱིངས་སུ་ངོ་སྤྲད། དེ་ནས་ཕྱི་ནང་བར་དོ་ངོ་ཤེས་ནས།། ཚེ་རྟེན་སྲོག་རྟེན་ཆོད་མཆོད་པ་ཞེས་བྱའོ།། དོན་གསུམ་དུ་གནས་པ་དེ་ནི་ཀུན་གཞི་ཞེས་བྱ་བའོ།། དབྱིངས་དང་ཡེ་ཤེས་ཞེས་བྱའོ། ། རྟགས་ཐབས་དང་ཤེས་རབ་ཏུ་ཡང་ལྡན་ལ།། འབྲས་བུ་སྐུ་གསུང་ཐུགས་རྫོགས་པས།། ཆོས་ཀྱི་སྐུ་རུ་རྟོགས་པ་ཞེས་ཀྱང་དེ་ལ་བྱའོ།། ཐིག་ལེ་སྒོམ་པའི་རིམ་པ་ལ།། ཨའི་རྒྱས་གདབ་སེམས་ཅན་དབུགས་ལས་རྒྱུ། ། རྟོག་པ་སྣ་ཚོགས་སྐྱེ།། གཟུང་བའི་ཡུལ་དུ་སྣང་ངོ།། དེས་འགྲོ་དྲུག་ཏུ་འཁྱམས་སོ།། དེ་ལ་དབུགས་ལྟས་འགྱུ་བ་བགྲལ།། ཨའི་རྒྱས་གདབ་ངོ་སྤྲད།། དེ་ནས་བྱང་ཆུབ་སེམས་ནི་རྩལ་ཞོན་ནས་ཕྲག་ལ་རྒྱུ། ། དབུགས་ཀྱི་རྟ་ལ་འགྱུ་བ་རྣམ་པར་རྟོག་པ་སྐྱེ། རྟོགས་པས་མ་རིག་པ་སྣ་ཚོགས་གཅོད་ཅེས་གསུངས་སོ།། ད་ནི་འགྱུ་བ་ཀློང་དུས་བསད་དེ། ཆོས་གསུམ་ཨའི་གནས་སུ་དག། འགྱུ་བ་དབུགས་ཀྱི་བསྒྲལ། ། སེམས་དང་འགྱུ་བ་ཀློང་དུ་བསད་ཅེས་བྱའོ།། རྣམ་རྟོག་རིག་པའི་ཕུག་གཏིབ།། ཆོས་གསུམ་ཨའི་གནས་སུ་དག། འོད་ལ་རྣམ་རྟོག་སྐྱེ་བ་མ་རིག་པས་བཅས་པས།། འོད་ལྔ་ཨའི་རྒྱས་གཏབ།། གཏབ་པས་རིག་པའི་ཕུག་གཏིབ་པའོ། ། འོད་གསུམ་གྱི་རྩལ་ལ་ཁ་དོག་ལྔ་རུ་སྣང་བས།། ཐམས་ཅད་ཡུལ་དུ་སྣང་བར་བྱེད།། བསྡུས་པས་ཆོས་གསུམ་ཨའི་རྒྱས་གདབ།། སྣང་བའི་རྩ་བ་བཅད་ཅེས་བྱའོ།། དུག་གསུམ་ཆཽས་གསུམ་དུ་སྦྱོར་བ་དང་སྒྲོལ་བ་ཡང་ཡིན། ། དབུགས་དང་འགྱུ་བ་ཡེ་ཤེས་རླུང་དུ་སྦྱོར་བ་དང་སྒྲོལ་བ་ཡང་ཡིན།། རྣམ་རྟོག་དང་རིག་པའི་ཡེ་ཤེས་ཀྱི་རྩལ་དུ་སྦྱོར་བས་སྒྲོལ་བ་ཡང་ཡིན།། ཐོབ་མ་མྱོང་བའི་ལུས་ཐོབ་པ་ཡང་ཡིན། ། ཡེ་ཤེས་རང་ས་ཟིན་པས།། མྱོང་མ་མྱོང་བའི་ཡུལ་མཐོང་བ་ཡང་ཡིན།། ཆོས་ཉིད་མ་དང་མཇལ་བས།། ཤེས་མ་མྱོང་བའི་གཏམ་ཤེས་པ་ཡང་ཡིན།། རང་དབང་རང་གིས་ཐོབ་པས།། རྟོགས་མ་མྱོང་བའི་དོན་རྟོགས་པ་ཡང་ཡིན། ། སྐུ་གསུམ་ཐིག་ལེར་རྫོགས་པས།། སྦྱོར་སྒྲོལ་མཆོད་པ་ཆེན་པོའི།། ཐིག་ལེ་ཡང་གསང་སྒོར་ཕྲ་མོའི་གདན་བསྡུས་པ།། ཆོས་གསུམ་ལམ་དུ་སྡུས་པ། ཡང་གསང་སྐོར་རྫོགས་ཆེན་ཨ་ཏི་ལམ་མེད་ལམ་ཆེན་པོ། སྟོན་པ་གསུམ་གྱི་བྱིན་བརླབས། རིགས་འཛིན་གསུམ་གྱི་བྱིན་རྒྱུད་རྫོགས་སོ།།།། ཐིག་ལེ་སྐོར་དང་ཇ་ཉོག་གི་བསམ་པ་མ་བུ་མ་ལུས་པ་སྙན་དུ་རྒྱུད་པའི་དཔེའི་སྐོར་རོ། ། སྙན་རྒྱུད་ཡེ་ཤེས་ངོས་བཟུང་ཐིག་ལེ་རྗེན་པར་སྟོན་ནོ།། དཔེའི་རྒྱུད་དང་སྙན་རྒྱུད་ངོ་སྤྲོད་གཉིས།། སྤང་ཆེན་ཞོ་ལྷག་བདེ་ཆེན་གྱི་དབེན་ཚ་རུ།། དཔེ་ཡང་རྫོགས་ནས་གདམས་པ་གནང་བ་ལགས་སོ།། སྤེལ་ན་རྡོ་རྗེ་དམྱལ་བར་འགྲོ། ། རྒྱས་བཏབ་པོ།། རྒྱ་རྒྱ་རྒྱ།།།། རྒྱ་གར་སྐད་དུ། ཨ་ཏི་སནྡྷི་མ་ཧཱ་ཏནྟྲ། བོད་སྐད་དུ། ཨ་ཏི་རྫོགས་པ་ཆེན་པོའི་རྒྱུད། དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ།
CLOSE WINDOW