Wylie |
། ལྷ་དང་དཀྱིལ་འཁོར་མེད་ཅིང་དུས་གསུམ་བདེ་བདེ་གཤེགས་མེད།། མཆོད་བཤགས་བསྟོད་པ་མེད་ཅིང་ཕྱག་དང་བསྐོར་བ་མེད།། གཞི་ལམ་འབྲས་བུ་མེད་ཅིང་ལྟ་སྒོམ་སྤྱོད་པ་མེད། ། ཐམས་ཅད་ཡོད་པ་མ་ཡིན་འཁོར་བའི་འཆིང་མ་ཡིན།། ཐམས་ཅད་དྲང་བའི་དོན་ཏེ་ཤེས་རབ་མཆོག་ལ་འདྲེན།། ཤེས་རབ་ཕ་རོལ་ཕྱིན་མཆོག་ངོ་བོ་ལ།། ཐམས་ཅད་དུས་གཅིག་རྫོགས་ཏེ་ལྷུན་གྱིས་གྲུབ། ། དེ་ཡོད་ཀུན་ཡོད་དེ་མེད་ཀུན་མེད་པས།། ཕ་རོལ་ཕྱིན་མཆོག་རྫོགས་ཆེན་སྤགས་ཏེ་ཆེ།། མི་འབྱེད་མི་གཡོ་མི་འཛིན་མ་གོས་དང།། སྐྱོན་ཡོན་དག་སྟེ་དུས་ཉིད་ཐམས་ཅད་པའོ།། བྱ་བྲལ་ཀུན་འདུས་མི་གཡོ་འདོད་པ་ཟད། ། དེ་མེད་བཟློག་པའི་སྒོ་ནས་ཐམས་ཅད་བྲལ།། ཤེས་རབ་ཕ་རོལ་ཕྱིན་མཆོག་ང་ཉིད་ལ།། ས་ལམ་ཐམས་ཅད་ལྷུན་གྲུབ་ང་ཉིད་ཡིན།། མི་འགྱུར་ཀུན་གཞིའི་སེམས་ཀྱི་ས་གཞི་ལ། ། དེ་ཉིད་ཡང་དག་མཐོང་བ་རབ་ཏུ་དགའ།། དེ་ལ་གཟུང་འཛིན་དག་པ་དྲི་མ་མེད།། དེ་ཉིད་རྒྱ་མ་ཆད་པ་འོད་བྱེད་པའོ།། རྟོགས་པའི་ཡེ་ཤེས་འབྱུང་བ་འོད་འཕྲོ་བ།། བློ་ཡི་སྤྱོད་ཡུལ་མ་གྱུར་སྦྱངས་དཀའ་བ། ། རང་གིས་ངོ་བོར་གྱུར་པ་མངོན་གྱུར་བ།། འདོད་པའི་བློ་མ་སྐྱེས་པས་རིང་དུ་སོང།། མི་སྐྱེ་མི་འགག་གཡོ་བ་མེད་པའི་ས།། སྐྱོན་རྣམས་ཀུན་གྱིས་མ་གོས་ལེགས་པའི་བློ་གྲོས།། ཐམས་ཅད་ཆོས་ཀྱི་དབྱིངས་ལས་མི་ཕྱེད་སྤྲིན། ། ཐོག་མ་ཐ་མ་མེད་པ་ཀུན་ཏུ་འོད།། གང་ཡང་མ་སྤངས་པདྨ་ཅན།། རྣམ་རྟོག་མཚན་མ་སྤྱོད་ཅིང་ཐོག་མེད་འཁོར།། ཐམས་ཅད་ཐིག་ལེར་འབྱེད་མེད་དབྱེ་བ་མེད།། སེམས་དང་ཆོས་སུ་འདྲེས་པས་ལྷུན་གྱིས་གྲུབ། ། ཡེ་ནས་ཐིག་ལེར་དབྱེར་མེད་ཚོགས་ཀྱི་ལམ།། རྟོགས་པའི་ཡེ་ཤེས་དབྱེར་མེད་སྦྱོར་བའི་ལམ།། ཆོས་ཉིད་དོན་རྟོགས་བདེ་ཆེན་མཐོང་བའི་ལམ།། ཡིད་ཀྱི་གཡོ་བ་ཟད་པ་སྒོམ་པའི་ལམ།། བྱ་བྱེད་མེད་པ་མཐར་ཕྱིན་པ་ཡི་ལམ། ། རྣམ་དག་ལམ་ཆེན་ཤེས་རབ་མཆོག་མེད་པ།། བགྲོད་པས་འཁོར་བའི་ལམ་སྟེ་གྲོལ་མི་སྲིད།། བཟློག་པའི་སྒོ་ནས་དེ་མེད་ཐམས་ཅད་མེད།། ཅེས་ཤེས་རབ་ཕ་རོལ་ཕྱིན་པའི་གསང་ཐིག་སྟེ་བདུན་པའོ། །།། རང་རིག་ལྟ་བའི་ངང་ལ་ཕྱག་འཚལ་ལོ།། ལྟ་སྒོམ་སྤྱོད་འབྲས་ལ་སོགས་པའི།། བྱས་པའི་ཆོས་རྣམས་ཐམས་ཅད་འཇིག། ཤེས་རབ་མཆོག་གི་ཆོས་རྣམས་ཡིན།། དེ་ཡོད་ན་ནི་ཆོས་རྣམས་མེད། ། དེ་མེད་ན་ནི་ཆོས་རྣམས་ཡོད།། བདག་དང་ཆོས་རྣམས་ནམ་མཁའི་ངོ་བོ་ཤེས།། ཤེས་ནས་ཤེས་བྱེད་རྣམ་དག་ན།། ཤེས་རབ་ཕ་རོལ་ཕྱིན་མཆོག་ལྡན་པ་ཡིན།། ཆོས་ནི་བྱེད་པ་བྲལ་བ་ཡིན། ། ཉིད་ནི་བྱ་བ་བྲལ་བ་ཡིན།། བྱ་བྱེད་གཉིས་མེད་ཆོས་ཀྱི་སྐུ།། བྱ་བྲལ་དུས་སུ་སྐུ་གསུམ་རྫོགས།། དེ་ལ་མྱ་ངན་འདས་ཞེས་ཏེ།། གཞན་དུ་ཐེག་སྨད་བསམ་ཡས་པས།། རང་རང་འབྲས་བུ་སངས་རྒྱས་འདོད། ། འདོད་པས་འཁོར་བ་མ་རྟོགས་ཏེ།། འཁོར་བའི་མཐའ་ལས་དེ་ནི་མཐའ།། ངེས་པའི་ཤེས་པ་མ་སྐྱེས་ཤིང།། རང་ཚིག་ཚད་དང་མ་ལྡན་ཏེ།། གཟུང་འཛིན་མཚན་མ་མ་གྲོལ་བས།། གང་གི་གར་སྐྱེ་མི་ཤེས་པ། ། འོལ་ཕྱིར་ཕྱོགས་སུ་གར་བསྒོམས་ཀྱང།། ལོང་བའི་གོམ་པ་བཞིན་ཏེ་ཕྱལ་བར་གོལ།། ཆོས་དང་སེམས་གཉིས་སོ་སོར་མི་འགྱུར་བ།། དེ་ནི་རྟག་པའི་མཐའ་སྟེ་གྲོལ་བ་མེད།། ཐམས་ཅད་གདོད་ནས་མེད་པས་བློ་ཡུལ་མེད། ། དེ་ནི་ཆད་པའི་མཐའ་སྟེ་གྲོལ་བ་མེད།། སྣང་ལ་རང་བཞིན་མེད་ཅེས་ཡུལ་ཅན་ངེས་མེད་འཆིངས།། ནམ་མཁའ་ལྟ་བུར་ཆོས་རྣམས་མཐའ་བྲལ་བསྒོམ།། མཐའ་བྲལ་འདོད་པ་མཐའ་སྟེ་ནམ་མཁའ་མཐའ་ཡས་སྐྱེ། ། གཉིས་མེད་མ་རྟོགས་དྲན་རྟོག་མེད་པ་བསྒོམ།། འདུ་ཤེས་མེད་པའི་ཁྲོད་དུ་དེ་ཉིད་སྐྱེ།། འདི་བསྒོམས་ངེས་མེད་གཅིག་དང་དུ་མ་བྲལ།། བསྒོམ་མེད་བློ་ཡུལ་ཅི་ཡང་མེད་པར་སྐྱེ། ། ཐམས་ཅད་སེམས་ཡིན་ཅིང་སྣང་ཅིར་མེད་ན།། རྣམ་ཤེས་མཐའ་ཡས་གནས་སུ་དེ་སྐྱེ་ངེས།། བྱང་ཆུབ་དོན་གཉེར་ལྷ་ཡི་དཀྱིལ་འཁོར་བསྒོམ།། གཟུགས་ཁམས་ལྷ་ཡི་གནས་སུ་དེ་སྐྱེ་ངེས།། འདོད་པའི་མངོན་སོང་ཟབ་མོའི་བསྐྱེད་རིམ་གྱིས། ། སྣ་ཚོགས་ཅི་སྒོམ་འདོད་ཁམས་གནས་སུ་སྐྱེ།། འདོད་པ་མ་ཟད་བར་དུ་ཁམས་གསུམ་སྟེ།། དྲང་བའི་དོན་དུ་རང་རང་གྲོལ་བར་གསུངས།། རེ་རེས་འབྲས་བུའི་མིང་རེ་བཏགས་ནས་སུ། ། དེ་ནི་ཡང་དག་རྡོགས་པའོ།། འཆི་ཀ་མ་ལས་ཀྱི་རིན་པོ་ཆེ།། རིག་པ་ལུ་གུ་རྒྱུད་དུ་གྲང་པ།། ཐིག་ལེ་འདུས་པའི་བུ་གཞན་དོན་རྫོགས་སོ།། ཐིག་ལེ་འདུས་པའི་བུ། ཀུན་ཏུ་བཟང་པོས་སྐུ་གསུམ་བསྲེ་བའི་མན་ངག། ཆོས་ཐམས་ཅད་ཆོས་སྐུ་མཁའ་ཁྱབ་དྭ་ངས་པར་ལ་བཟླ་བ་ནི། རིག་པ་ཁོང་གསལ་གྱི་སྒོ་ནས་ཡེ་ཤེས་ཡོན་ཏན་དུ་བསྟན་པ་དང། ཡེ་ཤེས་ཡོན་ཏན་གྱི་སྒོ་ནས་ཐུགས་རྗེའི་རྩལ་སྣང་བར་བསྟན་པའོ། ། ཆོས་ཀྱི་སྐུ་ལ་རིག་པའི་རྩལ་མ་འགགས་པས། མེ་ལོང་ལྟ་བུའི་ཡེ་ཤེས། དེ་ལས་འཕྲོ་འགྱུར་མེད་པས་མི་འགྱུར་བས།། ཆོས་སྐུ་ལ་ཐམས་ཅད་མཁྱེན་པའི་ཡེ་ཤེས་དང་ལྡན་པས། ། སངས་རྒྱས་སྤྱན་ཞེས་བྱ་བའི་སྤྱན་ཞེས་བྱའོ།། ཆོས་ཀྱི་སྐུའི་ཤེས་རབ་མི་གཡོ་བས་མཉམ་པ་ཉིད་ཀྱི་ཡེ་ཤེས།། ཡེ་ཤེས་དེ་ཐུགས་རྗེའི་རླན་དང་མ་བྲལ་བས་ཆུ།། ཐམས་ཅད་ལ་ཐུན་མོང་ཁྱབ་པས་མཱ་མ་ཀི་ཞེས་བྱའོ། ། ཆོས་ཀྱི་སྐུ་ཀུན་ལ་ཁྱབ་པས་སོ་སོར་རྟོག་པའི་ཡེ་ཤེས།། ཡེ་ཤེས་དེས་ཐམས་ཅད་སྐྱོབ་པར་བྱེད་ཅིང་ཐུགས་རྗེ་སྨིན་པར་བྱེད་པ་མེ།། སེམས་ཅན་ཀུན་གྱི་དྲོད་ལ་ཁྱབ་པར་གནས་པས་ན་གོས་དཀར་མོ་ཞེས་བྱའོ། ། ཆོས་ཀྱི་སྐུ་ལ་མ་བཙལ་བར་མཁྱེན་པའི་ཡེ་ཤེས་ལྷུན་གྱིས་གྲུབ་པས།། བྱ་བ་གྲུབ་པའི་ཡེ་ཤེས།། ཡེ་ཤེས་དེའི་ཐུགས་རྗེའི་དབང་གིས་ཐམས་ཅད་སྒྲོལ་བས་རླུང།། ཕྱིར་མི་ལྡོག་པས་དམ་ཚིག་སྒྲོལ་མ་ཞེས་བྱའོ། ། ཆོས་ཀྱི་སྐུའི་ཡེ་ཤེས་ལོངས་སྐུ་ལ་རྫོགས་པས་ཆོས་ཀྱི་སྐུའི་ཡེ་ཤེས།། ཡེ་ཤེས་དེས་ཀུན་ལ་ཁྱབ་པས་ཐམས་ཅད་ཀྱི་གཞི་མ་ལྟ་བུ་སྟེ་ནམ་མཁའ་ཆོས་ཉིད་དེ་དུས་གསུམ་དུ་མི་འགྱུར་བས་ཀུན་ཏུ་བཟང་མོ་ཞེས་བྱའོ། ། དེ་ཆོས་ཀྱི་ཟུང་ལྔ་ཡ་བཅུ་དང་ལྡན་པ་དེ།། རྩལ་གྱི་སྒོ་ནས་ཡོན་ཏན་དུ་བསྟན་པའོ།། ཡོན་ཏན་གྱི་སྒོ་ནས་རྩལ་དུ་བསྟན་པ་ནི།། ལོངས་སྤྱོད་རྫོགས་པའི་སྐུ་ལྔ་ལ།། རིགས་རེ་རེ་ལ་འདུལ་བའི་ངོ་གང་ཐ་དད་པ་རེ་རེ་བྱུང་བས་ནི། ། དཔེར་ན་ཉི་མའི་སྙིང་པོ་གཅིག་ལ་ཡུལ་གྱི་དབང་དུ་རྩིས་པ་ལྟ་བུ་སྟེ།། ཡུལ་རེ་རེ་ན་ཉི་མ་རེ་རེ་སྣང་བ་དང་འདྲ་སྟེ།། དེ་བཞིན་དུ་ཆོས་ཀྱི་སྐུ་གཅིག་གི་ཀུན་ལ་ཁྱབ་པར་བསྟན་པ་ནི། ། ཡོན་ཏན་གྱི་སྒོ་ནས་རྩལ་དུ་བསྟན་པའོ།། ཡེ་ཤེས་ལྔ་ལུས་ལྔ་ལ་ཐིམ་པའི་དུས་ན། ཡེ་ཤེས་ལུས་ཅན་ནོ།། ཡེ་ཤེས་ལྔའི་སྣང་བ་འོད་ལྔ་རུ་འཆར་རོ།། དེ་ལ་འགྲོ་དྲུག་ཏུ་སྐྱེ་བའི་རྒྱུ་དྲུག་དང། ལམ་ལྔ་དང། ཡུལ་དྲུག་དང། འབྲས་བུ་དྲུག་ཏུ་སྨིན་པ་ནི།། བར་དོར་གདམས་ངག་ལས་ཤེས་པར་བྱའོ།། བར་དོར་འཁྲུལ་པ་ལྡོག་པའི་རྐྱེན་གསུམ་འཆར་ཏེ།། བླ་མའི་གདམས་ངག་རྐྱེན་དུ་འཆར་བ་དང།། རང་སྣང་རྐྱེན་དུ་འཆར་བའོ། ། དེ་གསུམ་ཡང་གདམས་ངག་ལས་ཤེས་པར་བྱའོ།། ད་ལྟ་ནི་ཆོས་སྐུ་མཁའ་ཁྱམ་ཉམས་སུ་མྱོང་བ་ཡིན་ནོ།། དཔེར་ན་ཁྱུང་སྒོ་ང་ན་གནས་པ་འདྲའོ།། སྒོང་རྒྱ་རལ་བས་མ་དང་མཉམ་མོ། ། དཔེ་དེ་བཞིན་དུ་ཡེ་ཤེས་ཁོང་གསལ་ཉམས་སུ་མྱོང་ངོ།། དབུགས་ཆད་ནས་རྐྱེན་གསུམ་འཆར་བས་དངོས་སུ་སངས་རྒྱས་སོ།། དེ་ཡང་གདམས་ངག་ལས་ཤེས་པར་བྱའོ།། ད་ནི་སྤྲིན་པར་ཉི་མ་ལྟ་བུ།། ད་ལྟ་ན་ཉམས་ཐོགས་ན་གནས་སོ། ། མངོན་དུ་བར་མ་དོར་འགྱུར།། འཁྲུལ་པ་ལྡོག་པའི་ཐབས་ནི་ད་ལྟ་ཡིན།། སངས་རྒྱས་མངོན་དུ་འགྱུར་བའི་དུས་བར་དོ་ཡིན།། སངས་རྒྱས་ནས་འབྲས་བུ་ནི་གདམས་ངག་ལས་ཤེས་པར་བྱའོ། ། གཞི་འཁྲུལ་གཞི་གདེང།། ལྡོག་པའི་ཐབས་གསུམ་གྱིས་བསྟན།། གནས་ལུགས་ལ་མཐའ་ཡས།། འགྲོ་དྲུག་གཡང་ས་གཅད།། གནས་ལུགས་ལས་འདོད་ཁམས་གཟུགས།། གཟུགས་མེད་ཁམས་གསུམ། ། ལོངས་སྤྱོད་སྐུའི་གནས་ལུགས།། སྤྱི་ནི་འོད་སྲུངས་ཆེན་པོ་ཡིན།། དགོས་ནི་འོད་སྲུངས་ཆུང་ངུ་ཡིན།། ཐིག་ལེ་འདུས་པའི་སྙན་བརྒྱུད་འདི།། སྟོན་པ་གསུམ་དང།། རིགས་འཛིན་གསུམ་གྱི་བྱིན་རླབས། ། ལྕེ་བཙུན་བདག་ལ་ཐུགས་ཀྱི་བཅུད་ཐིགས་པ།། དབང་ཆེན་ཐོབ་པས་ཆོས་སྨྱོ་འོང་སྟེ་མཆི།། ཟས་སྐོམ་མི་ལ་ཚཽལ་ཡང་གདམས་ངག་གཅིག་མ་ཤོར།། དགོས་དགུ་མི་ལ་ཚོལ་ཡང་གསང་གཏེར་འདི་མ་ཤོར། ། ཉལ་ས་མི་ལ་ཚོལ་ཡང་ཐུགས་ཀྱི་བཅུད་མ་བསྟན།། གྲོང་སྦྲང་རྟག་ཏུ་བྱེད་ཀྱང་ཁ་རུ་འབྱིན་མ་མྱོང།། ཐུགས་ལ་གབ་བོ།། ཐིག་ལེ་འདུས་པའི་སྙན་བརྒྱུད་རྫོགས་སོ།།།།
CLOSE WINDOW