CLOSE WINDOW

Gpb037.035: ཐིག་ལེ་འདུས་པའི་རྒྱུད་ཕྱི་མའི་ཕྱི་མ
Wylie

། བདག་རྟག་ཡོད་པར་འདོད་པ་དང།། རྒྱུ་མེད་འབྲས་ཡོད་འདོད་པ་དང།། འབྲས་མེད་རྒྱུ་ཡོད་འདོད་པ་དང།། དབང་ཕྱུག་ཡོད་པར་འདོད་པའོ།། དེ་ནི་རལ་པ་ཅན་གྱི་ལུགས། ། དབང་ཕྱུག་མཐུ་ཐོགས་མེད་པ་ཡིས།། འགྲོ་བ་དུས་གཅིག་སྐྱེད་པར་བྱེད།། བྲམ་ཟེ་གྲངས་ཅན་གཅེར་བུ་བ།། དངོས་པོ་རྟག་ལ་རང་བཞིན་འགྱུར།། སྐྱེས་བུ་བདག་གིས་གཞན་མི་སྐྱེད།། གཞན་གྱིས་ཀྱང་ནི་བདག་མི་སྐྱེད། ། ཙ་ར་ཀ་པ་རླུང་ཚུབ་འདྲ།། མུ་རྡུག་པ་དེ་ཆད་པར་འདོད།། དེ་ལ་འདི་ལྟར་རྟག་པ་སྟེ།། བློ་བུར་ནམ་དུ་འབྱུང་བའི་ཕྱིར།། འཁོར་བའི་མཐའ་ལ་ཐུག་པ་མེད།། ཡང་ན་ཐིམ་པ་དེ་འབྱུང་ངམ།། དེ་ལས་གཞན་ཞག་འབྱུང་བ་ཡིན། ། དེ་ཉིད་འབྱུང་ན་རྟག་པར་ཐལ།། དེ་མི+ེན་འབྱུང་ན་རྒྱུ་ཡོད་མེད།། མིན་པར་འབྱུང་ན་རྩོལ་དོན་མེད།། བེམ་པོ་ལས་རིག་འབྱུང་གྱུར་ན།། རྒྱུ་འབྲས་མི་མཐུན་སྐྱོན་བསམ་ཡས། ། རལ་ཅན་དབང་ཕྱུག་བྱེད་འདོད་པ།། དབང་ཕྱུག་དེ་བྱེད་ཡོད་དམ་མེད།། དབང་ཕྱུག་བྱེད་པ་མེད་པ་ནི།། དབང་ཕྱུག་གིས་བྱེད་ཅི་ཡི་ཕྱིར།། བྱེད་པ་མེད་ལ་བྱེད་འབྱུང་ན།། རྟག་པ་ལས་ཀྱང་ཆད་འབྱུང་ཞིང། ། ཆད་པ་ལས་ཀྱང་རྟག་འབྱུང་འགྱུར།། དེ་འབྱུང་ངེས་མེད་རྟག་མི་བཏུབ།། དེ་ལ་བྱེད་པ་ཡོད་ཅ་ན།། བྱེད་པ་ཡོད་ཕྱིར་མི་རྟོག་མོད།། གྲངས་ཅན་དངོས་པོ་རང་མི་རྟག། རང་བཞིན་ཅིར་ཡང་འགྱུར་བ་སྟེ། ། བདེ་དང་སྡུག་བསྔལ་མྱོངའགྱུར་ན།། དངོས་པོ་རྟག་པ་ཅི་ལ་ཕན།། གལ་ཏེ་ཅིར་ཡང་མི་འགྱུར་ན།། འཁོར་བ་མྱང་འདས་རྒྱ་ཆད་དེ།། མྱང་འདས་རྟག་གམ་འཁོར་བ་རྟག། འཁོར་བ་རྟག་ན་མངོན་སུམ་འགལ། ། འདས་རྟག་ནམ་མཁའ་ཅི་ལ་ཕན།། གལ་ཏེ་འཁོར་འདས་གཉིས་མེད་ནས།། དངོས་རྟག་རང་བཞིན་འགྱུར་བ་ན།། དམྱལ་ཡང་སངས་རྒྱས་སངས་རྒྱས་དམྱལ།། སྐྱེ་བོ་ཉིད་དེ་ཁྱད་པར་མེད།། དེ་ཕྱིར་རྟག་ཆད་ལ་སོགས་འཁྲུལ། ། འཁྲུལ་ནས་དེ་སོགས་སྣང་དུ་ཟད།། དེ་སོགས་གཉིས་མེད་དོན་དམ་ཆོས།། ཀུན་བཟང་ཐུགས་ཐིག་སྐལ་ལྡན་བློ་ལ་ཤར།། ཞེས་ཕྱིར་རྒོལ་གཅོད་པའི་གསང་ཐིག་སྟེ་གསུམ་པའོ།། བཅོམ་ལྡན་འདས་བྱ་བྲལ་ངང་ལ་ཕྱག་འཚལ་ལོ། ། ཆཽས་སྐུ་སྤྲོས་བྲལ་ལྷུན་གྱི་གྲུབ་པ་ལ།། རྣམ་རྟོག་བདག་ཏུ་འཛིན་པ་དེ་ཉིད་འཁྲུལ།། འཁྲུལ་པ་དེ་ཉིད་རང་བཞིན་དག་པ་ལས།། གང་གིས་གང་ཡང་སྦྱང་ཞིང་ཐོབ་ཏུ་མེད། ། ཡང་ན་དག་པ་ཉིད་ཀྱིས་དེ་ཉིད་རྟོགས་པ་ལས།། རྟོག་བྱ་རྟོག་བྱེད་མེད་དེ་ངང་གིས་དག། ལྷུན་གྲུབ་བྱ་བྲལ་རྫོགས་པ་ཆེན་པོའི་ངང།། ཡེ་ནས་མ་བཅོས་རང་བྱུང་རང་ཞི་སྟེ།། བྱ་དང་བྱེད་མེད་འདུ་མ་བྱས་པ་ལ། ། བྱིས་པའི་བློ་ཅན་ལྡོངས་པས་མ་རྟོགས་ཏེ།། འཁོར་བ་སྤོངས་ཤིང་བྱང་ཆུབ་སྒྲུབ་པར་མཐོང།། དོན་ལ་བཙལ་ཞིང་བསྒྲུབ་པར་གང་མཐོང་བ།། ལྡོངས་པས་ནམ་མཁའ་ཚོལ་ཏེ་རྙེད་མ་ཡིན།། གལ་ཏེ་རྙེད་ན་དེ་ཉིད་འདུས་བྱས་ཡིན། ། ཅི་ཕྱིར་ཐོབ་འདོད་ཆོས་དང་གང་ཟག་སྟེ།། དོན་གྱི་དོན་དམ་ཐོབ་བམ་ཀུན་རྫོབ་ཀྱིས།། འོན་ཏེ་འཁྲུལ་གྱིས་བྱང་ཆུབ་ས་ཐོབ་བམ།། བྱང་ཆུབ་ཀྱི་འཁྲུལ་པ་ཐོག། དོན་གྱིས་དོན་ཉིད་ཐོབ་ན་དོན་མ་ཡིན། ། ཐོབ་དང་ཐོབ་བྱ་ཡོད་ཕྱིར་རྫས་ཡོད་མོད།། ཐོབ་དང་ཐོབ་བྱ་ངང་གིས་དག་པ་ལ།། བྱང་ཆུབ་ཐོབ་ཅེས་རྒྱལ་བས་གསུངས་པ་ལས།། སྒྲ་ཕྱིར་འབྲངས་ནས་ཐོབ་ཏུ་ཡོད་འདོད་པ།། མ་རིག་དེ་ནི་འཐོམས་ཏེ་འཁོར་བར་འཁྱམས། ། གལ་ཏེ་ཀུན་རྫོབ་ཉིད་ཀྱི་དོན་རྟོགས་ནས།། རྒྱུ་འབྲས་མི་མཐུན་འགལ་ཏེ་རྟེན་འབྲེལ་ཡིན།། ཡང་དག་དོན་རྟོགས་ནུས་ཕྱིར་འཁྲུལ་མ་ཡིན།། དོན་ལ་ཕན་འདོགས་ཀུན་རྫོབ་ཅི་ཕྱིར་ཡིན། ། གདགས་ཡོད་ཡང་ན་དོན་དམ་ཅི་ཕྱིར་ཡིན།། དོན་དམ་ཉིད་ཀྱིས་ཀུན་རྫོབ་རྟོགས་གྱུར་ན།། རྟོགས་བྱེད་དོན་དམ་མ་ཡིན་རྟོགས་ཡང་ཀུན་རྫོབ་མོད།། གལ་ཏེ་ཀུན་རྫོབ་ཅིག་གིས་རྐྱེན་བྱས་ནས། ། དོན་དེ་རྟོགས་ན་དེ་ཡང་གཉེན་པོར་འཇིག། ཁ་ཅིག་རྐྱེན་མེད་པར་ནི་རྟོགས་འགྱུར་ན།། ཐོག་མ་ཉིད་དུ་རྟོགས་ཅི་ཕྱིར་མིན།། རྐྱེན་ལ་རྐྱེན་ཅིག་གམ་ཏེ་ཡོད་མིན་ན།། རྐྱེན་གྱིས་མེད་དུས་སུ་ཞིག་ཅི་ཕྱིར་མིན། ། དེ་བས་རྟོག་བྱ་རྟོགས་བྱེད་དག་པ་ལ།། ཡང་དག་དོན་རྟོགས་བདེ་ཆེན་འགྲུབ།། ཅེས་གསུངས། བྱང་སེམས་ཆོས་རྣམས་ཐམས་ཅད་དབྱེར་མེད་ལ།། ལྡོངས་པ་བདག་ཅིག་ཆོས་ཀྱིས་སངས་རྒྱས་འདོད།། རྒྱུ་རྐྱེན་རྟེན་འབྲེལ་གཉེན་པོས་ཅི་ཕྱིར་མིན། ། བདག་དང་ཆོས་དང་འབྲས་བུར་དབྱེར་མེད་དང།། ཤེས་དང་གནས་དང་བརྟན་པ་ཐོབ་པ་ལ།། གཞི་དང་ལམ་དང་འབྲས་བུར་རྒྱལ་བས་བསྔགས།། ཤེས་བྱ་ཤེས་བྱེད་ངང་གིས་དག་པ་དང། ། གནས་བྱ་གནས་བྱེད་ངང་གིས་དག་པ་དང།། བདག་གཞན་འདུ་ཤེས་དག་ནས་མི་འབྱུང་ན།། བྱང་ཆུབ་ཐོབ་ཅེས་རྒྱལ་བས་གསུངས་པ་ལ།། སྒྲ་ཕྱིར་འབྲངས་ནས་ཐོབ་དང་རྟོགས་འདོད་པ། ། ལྡོངས་པས་དེ་ཡང་འཁོར་བའི་ཆིངས་མས་བཅིངས།། དེ་བས་ཤེས་བྱ་ཤེས་བྱེད་དག་པ་ལ།། ཕ་རོལ་པྱིན་དང་ས་བཅུ་ལམ་ལྔ་རྫོགས།། སྐུ་དང་ཡེ་ཤེས་ཡོན་ཏན་མ་ལུས་རྫོགས།། མ་སྤངས་མཚན་དང་མི་གནས་དཔེ་བྱད་རྫོགས། ། དེ་ལས་གཞན་ནི་ཡེ་ཤེས་མ་ཡིན་ཏེ།། གཟུང་འཛིན་སྒྲིབ་པ་ཡེ་ཤེས་ག་ལ་ཡིན།། བྱ་བྱེད་འདུ་བྱས་བྱེད་ཡེ་ཤེས་ག་ལ་ཡིན།། རེ་དོག་དུག་གསུམ་ཡེ་ཤེས་ག་ལ་ཡིན།། སྤྱན་དང་ཡེ་ཤེས་དོན་ནི་མ་སྒྲིབ་པའི། ། སྒྲིབ་པའི་དོན་ནི་གཟུང་འཛིན་གཉིས་ལས་མེད།། དོན་ལ་ལྟ་དང་མཐོང་བ་ཡོད་མ་ཡིན།། འཁྲུལ་པའི་བློ་ལ་བལྟ་དང་མཐོང་བ་ཡོད།། བྱ་བྱེད་མེད་པ་ལྟ་སྒོམ་ལ་སོགས་མཆོག། རྟག་པར་འདོད་ན་འཁྲུལ་དེ་རྟོགས་མི་འགྱུར། ། རྟག་ཡུལ་མེད་པར་རྟོགས་འགྱུར་ག་ལ་སྲིད།། དགའ་རབ་རྡོ་རྗེ་ཐུགས་ཀྱི་དཀྱིལ་འཁོར་དུ།། རྡོ་རྗེ་སེམས་དཔའི་ཐུགས་ཀྱི་ཐིག་པ་བབས།། ཞེས་བརྟེན་འབྲེལ་བཅད་པའི་གསང་ཐིག་སྟེ་བཞི་པའོ། ། བཅོམ་ལྡན་འདས་བདེ་ཆེན་ངང་ལ་ཕྱག་འཚལ་ལོ།། ཨེ་མ་འཁྲུལ་པ་ཟད་པའི་མཁས་པ་ངོ་མཚར་ཆེ།། ཡེ་ཤེས་གཉིས་ཏེ་མཚན་ཉིད་རྟགས།། མཚན་ཉིད་ཐོག་མཐའ་སྐྱེ་འཇིག་མེད། ། བརྟགས་པས་འཁྲུལ་པ་ཟད་པའོ།། རང་བྱུང་དེ་ཉིད་ཐོག་མེད་དང།། བློ་བུར་བྱུང་བ་གཉིས་ཡིན་ནོ།། ཐོག་མེད་མི་འགག་བློ་བུར་འགག། རྟོག་པའི་ཡེ་ཤེས་འགག་ཅེ་ན།། རྟོག་པའི་ཡེ་ཤེས་ཞེས་བྱ་བ། ། འཁྲུལ་པ་ཟད་པ་རྩ་མ་སྟེ།། གང་ལ་སྐྱེ་དང་འགག་པ་མེད།། ཟད་ཡོད་འཕེལ་བ་ཡོད་ཅེ་ན།། དོན་མཐོང་ཟད་དང་འཕེལ་བ་མེད།། ཇི་སྲིད་ཚིག་ཡོད་འཁྲུལ་པའི་སེམས།། ཉན་བཤད་དགོས་པ་མེད་ཅེ་ན། ། བྱང་ཆུབ་སེམས་ལ་ཕན་གནོད་མེད།། འཁྲུལ་སེམས་དགོས་མེད་ཅི་ཡི་ཕྱིར།། འཁྲུལ་པ་ཟད་ཅིང་འཁྲུལ་ལ་ཕན།། ཁ་ཅིག་སྔགས་པ་འདི་སྐད་ཟེར།། ཉོན་མོངས་མི་སྤོངས་འཕགས་པར་འདོད།། སྙིང་རྗེ་ལྡན་ཕྱིར་བྱམས་ཕྱིར་དང། ། སེམས་དགེ་བ་ལ་ཉེས་པ་མེད།། ཆོས་འཕགས་ལ་སོགས་ཅི་ཕྱིར་མིན།། དེ་ནས་ཉོན་མོངས་ལམ་ཞེ་ན།། སྔགས་པ་དམ་ཚིག་བསྲུང་མི་བསྲུང།། ཉམས་ན་དམྱལ་བར་འགྲོ་མི་འགྲོ།། འགྲོ་ན་ཉོན་མོངས་མེད་འགྲོའམ། ། ཡོད་འགྲོ་ཉོན་མོངས་ཅི་ཕྱིར་ལམ།། དེ་ལ་དེ་ཡང་ཡོད་མ་ཡིན།། དེ་བས་གསང་སྔགས་ཞེས་བྱ་བ།། འཁྲུལ་པ་ཟད་དང་བློ་ཡུལ་མིན།། བྱ་བ་བྲལ་དང་འབྲས་བུའམ།། འབྲས་བུ་ལམ་དུ་འདོད་པ་ཡང། ། འདོད་ན་བློ་ཡུལ་བྱ་བྱེད་ནི།། བརྟགས་པ་ཡིན་ཏེ་ཡང་དག་མེད།། བསམ་མི་ཁྱབ་ལ་འཁྲུལ་པ་བྱུང།། འཁྲུལ་པ་ཟད་ལ་བསམ་མི་ཁྱབ།། དེ་ལ་འབྲས་བུ་ཞེས་བྱ་སྟེ།། མདོར་ན་བྱ་བྲལ་འབྲས་བུ་སྟེ། ། རྣམ་པར་དག་པ་ལམ་ཞེས་ཏེ།། འབྲས་བུ་ལམ་ཞེས་དེ་ལ་བྱ།། བྱ་བྱེད་ཡོད་པ་ག་ལ་ཡིན།། དུམ་བུར་གནས་པ་ལམ་ཞེས་ཏེ།། དཔེར་ན་བྱོལ་སོང་ཁ་ཅིག་གིས།། མ་ཡི་རུམ་ན་གཉིད་ལོག་དང།། མ་རུམ་ཕྱིར་ཐོན་རེས་འཇོག་དང། ། རྫུས་སྐྱེས་ལྷ་འགའ་གཉིད་མེད་བཞིན།། སྲོད་དང་ཐོ་རངས་ཉིན་པར་བཞིན།། ནམ་མཁའ་དྭངས་ལ་སྤྲིན་འབྱུང་བཞིན།། ནམ་དུ་འབྱུང་འགྱུར་ཞེས་ན་ཡང།། ཇི་བཞིན་པ་དེ་ཁྱད་པར་ཆེ། ། རིག་པ་ཡོད་མེད་དག་མ་དག། འདྲ་སྟེ་མི་འདྲ་བས་ནད་པ།། འཁོར་བ་སངས་རྒྱས་བརྟག་པ་དང།། ཆོས་ཉིད་མི་སྦྱོར་མི་འབྱེད་དེ།། ཅི་ཕྱིར་དེ་ལ་རང་བཞིན་མེད།། སྦྱོར་དང་འབྱེད་པ་ལྟ་ཅི་སྨོས།། རང་བཞིན་ཤེས་པས་གཉིས་མེད་མཐོང། ། ཆོས་ཉིད་གཉིས་སུ་མེད་པ་ལ།། སངས་རྒྱས་ཞེས་ཀྱང་བསྟོད་མི་བྱ།། སེམས་ཅན་ཞེས་ཀྱང་སྐྱོན་མི་བརྗོད།། དོན་ལ་གཉིས་མེད་རྟགས་ཐ་དད།། དྲངས་པའི་དྲོན་འཁོར་འདས་གཉིས་གསུངས་ཏེ། ། ངེས་དོན་ཡེ་ནས་ཐིག་ལེ་དབྱེར་མེད་ལ།། དབྱེར་མེད་རྟོགས་པས་དབྱེ་བའི་བློ་ཟད་དེ།། སངས་རྒྱས་ཞེས་ཏེ་ངེས་པར་གཞན་མེད་དོ།། སངས་རྒྱས་ཡོན་ཏན་དེ་ལ་བརྩིར་མི་རུང།། སེམས་ཅན་སྐྱོན་ཀྱང་དེ་ལ་བརྩི་མི་རུང། ། སངས་རྒྱས་ཡོན་ཏན་སུ་འདོད་པ།། དེ་ལ་ནམ་ཡང་ཡོན་ཏན་མེད།། སེམས་ཅན་སྐྱོན་རྣམས་སུ་སྤོངས་བ།། དེ་ནི་སྐྱོན་ལས་གྲོལ་མི་སྲིད།། གཉིས་སུ་མེད་པས་སྐྱོན་ཡོན་བརྟག། དེ་ལ་ཡོན་ཏན་ཞེས་བྱའོ།། རྨོངས་པ་ཁ་ཅིག་ཡོན་ཏན་དུ།། ཁས་ལེན་པ་དེ་རྨོངས་པ་ཡིན།། ཆོས་ཉིད་གཉིས་མེད་སྤྲོས་བྲལ་ལ།། སྐྱོན་ཡོན་སུས་བརྗོད་རྨོངས་པ་ཡིན།། སྐྱོན་ཡིན་དག་ན་ཡོན་ཏན་ཏེ། ། སྤྲོས་བྲལ་ལྷུན་གྲུབ་ཆོས་ཀྱི་སྐུ།། དེ་རྟོགས་ལོངས་སྤྱོད་རྫོགས་སྐུ་ཡིན།། མ་སྤངས་མི་གནས་སྤྲུལ་སྐུའོ།། གཟུང་འཛིན་དག་པ་སངས་པ་སྟེ།། གཉིས་མེད་དོན་རྒྱས་རྒྱས་པའོ།། བྱེད་པ་མེད་པའི་ཆོས་ཡིན་ཏེ། ། བྱ་བ་མེད་པ་ཉིད་ཡིན་ནོ།། ཡེ་ནས་དག་པ་ཞི་མ་མྱ་ངན་འདས།། དེ་རྟོགས་སྒྲུབ་པ་ལམ་གྱི་ཆོས།། དབྱེ་བ་མེད་པ་འདུན་པ་སྟེ།། མ་གོས་པ་ནི་དགེ་བ་ཡིན།། གཟུང་འཛིན་རང་དག་གཉིས་མེད་ཆུབ།། ཡེ་དོན་རྟོགས་པས་ཉོན་མོངས་བཅོམ། ། རང་གིས་རང་རིག་རང་སངས་རྒྱས།། ཉན་བྱེད་མེད་པས་ཡང་དག་ཉན།། ཐོས་པ་མེད་པས་ཆོས་ཉིད་ཐོས།། སྐྱོན་ཡོན་དག་པས་ཐམས་ཅད་རྫོགས།། ཞེས་ཡོན་ཏན་བསམ་གྱིས་མི་ཁྱབ་པའི་གསང་ཐིག་སྟེ་ལྔ་པའོ། །།། བཅོམ་ལྡན་འདས་བདེ་བའི་འབྱུང་གནས་དེ་ལ་ཕྱག་འཚལ་ལོ།། ཐེག་འཕྲན་མ་ལུས་ཐམས་ཅད་ཀུན་ཀྱིས་ཀྱང།། བདེ་ལེགས་ཇི་སྙེད་མ་ལུས་ཀུན་གྱིས་བསྔོས།། བདེ་གཤེགས་བྱང་ཆུབ་རྟོག་པ་ཉིད་ལ་འདུས། ། རྟོགས་པ་སུ་འདོད་དེ་ལ་བྱང་ཆུབ་མེད།། རྒྱུ་རྐྱེན་འདོད་པས་ཉེ་བའི་སངས་རྒྱས་བསྲིངས།། ཀུན་ཀྱང་རྟོགས་པར་འདོད་པ་ཁྱད་པར་མེད།། ཐབས་སྒོ་དུ་མས་རྟོགས་འདོད་འདོད་པས་ཉམས། ། རྒྱུ་ཡི་ཐེག་པ་ཞེས་ཀྱང་དེ་ལ་བྱ།། ཐེག་ཆེན་འདི་ནི་རྟོགས་བྱ་རྟོགས་བྱེད་དང།། ཐོབ་བྱ་ཐོབ་བྱེད་ལ་སོགས་དབྱེར་མེད་པས།། བྱ་བྲལ་ལྷུན་རྫོགས་བདེ་བ་ཆེན་པོའི་ངང།། གནས་དང་དུས་ནི་གང་དང་གང་དུ་ཡང། ། རྒྱུ་དང་རྐྱེན་ནི་ཅི་དང་ཅི་བྱུང་བ།། དེ་ནི་རྒྱུ་ཡི་ཐེག་པར་ཤེས་པར་གྱིས།། རང་བྱུང་ཡེ་ཤེས་གཉིས་མེད་ལྷན་ཅིག་སྐྱེས།། གང་ལ་གང་གིས་རག་ན་ཇི་ལྟར་ལས།། གང་དང་གང་བྱུང་དེ་དེ་ཉིད། ། ཐམས་ཅད་མ་ཕྱེད་ཡུལ་དང་བྲལ།། ཡུལ་ཉིད་ཡུལ་བྲལ་རང་གིས་ངང།། དེ་ནི་འབྲས་བུའི་ཐེག་པའོ།། ཆེ་ལྔ་ལྡན་པར་འབྲས་བུར་བརྟགས།། འཁྲུལ་པ་གཉེན་པོས་ཞིག་པ་ལ།། རྟོགས་པ་རྐྱེན་གྱིས་སྐྱེས་པར་མཐོང། ། མ་སྐྱེས་མི་འགག་དོན་ལ་གོལ།། རྐྱེན་གྱིས་སྐྱེས་པ་ཐམས་ཅད་འཇིག་རྟོགས་ལས་སངས་རྒྱས་གཞན་མེད་པས།། སངས་རྒྱས་སྐྱེ་འཇིག་ཅན་འདོད་པ།། དེ་ཡང་རྒྱུ་སྟེ་བྱང་ཆུབ་མེད།། འཁྲུལ་བློ་གཉིས་སུ་མེད་ཅེས་བྱ་བ་ལས། ། དོན་ལ་སྐྱེ་འཇིག་ག་ལ་ཡོད།། གཟུང་འཛིན་གཉིས་སུ་མི་བྱེད་པས།། ཆད་པ་མ་ཡིན་རྟག་པ་ཡང།། གཉིས་སུ་གནས་པ་མ་ཡིན་ཏེ།། གཟུང་འཛིན་གཉིས་ཀྱིས་བློ་གྲོལ་བས།། ཆོས་ཉིད་དོན་རྟོགས་བེམ་པོ་མིན། ། རིག་བྱ་རིག་བྱེད་གཉིས་མེད་པས།། རིག་པར་མི་འགྱུར་སྐྱོན་མ་གོས།། གཟུང་འཛིན་དག་པ་རང་ཉིད་ལ།། སངས་རྒྱས་ཞེས་སུ་བཏགས་པ་ཡིན།། འཁོར་འདས་གཉིས་སུ་མེད་ཅེས་བྱ། ། སངས་རྒྱས་གང་ལས་ཇི་ལྟར་སྐྱེ།། རྟོག་པ་སྐྱེ་བར་རྨོངས་པར་འདོད།། དེ་ནི་འབྲས་བུའི་ཐེག་པ་མིན།། རང་གི་གཉེན་པོར་རང་ཤར་ནས།། གཟུང་འཛིན་རང་དག་ལྷུན་རྫོགས་ཆེ།། དེ་ནི་འབྲས་བུའི་ཐེག་པའོ། ། འཁྲུལ་པ་རང་དུ་རང་ཟད་དང།། རྟོག་པ་འཁྲུལ་ལས་སྐྱེས་པ་གཉིས།། ངོ་བོ་གཅིག་སྟེ་ཁྱད་པར་ཆེ།། གཅིག་ནི་འཁོར་བ་རང་དག་ཡིན།། གཅིག་ནི་སངས་རྒྱས་རྒྱུས་བསྐྱེད་ཡིན།། གཅིག་ནི་ཁྱད་པར་ཤིན་ཏུ་ཆེ། ། འཁོར་བ་རང་ཉིད་དག་པ་ལས།། སངས་རྒྱས་འདོད་པས་བློ་ཆུང་བཅིངས།། དགེ་བ་དཔག་མེད་བྱེད་པ་དང།། མཚམས་མེད་ལྔ་པོ་བྱེད་པ་ཡང།། འཁྲུལ་པ་གང་དག་ངེས་མེད་དེ།། མ་དག་པར་དུ་ཁྱད་པར་ཆེ། ཐིག་ལེ་འདུས་པའི་རྒྱུད་ཕྱི་མའི་ཕྱི་མ། ཐོག་མའི་སྟོན་པ་འོད་མི་འགྱུར་བ་ལ་ཕྱག་འཚལ་ལོ།། འོད་སྲུངས་ཞེས་བྱ་བའི་སྟོན་པས།། སྟོན་པ་མར་མེ་མཛད་ལ་གདམས་པའི་རྒྱུད།། ཐོག་མ་མེད་པའི་དུས་ཉིད་ན། ། སྟོན་པ་འོད་མི་འགྱུར་བ་མྱ་ངན་ལས་འདས་སོ།། དེའི་ཞལ་སྐྱིན་དུ་ཡང་འོད་སྲུངས་སྐྱེས་སོ།། ཀྱེ་སྟོན་པ་མར་མེ་མཛད་ལ་གདམས་པ་བསྟན་ཏེ།། ཐོག་མ་སངས་རྒྱས་སེམས་ཅན་དང།། ཉི་མ་ཟླ་བའི་མིང་ཡང་མེད། ། འཁྲུལ་པ་མེད་པའི་དུས་ཉིད་ན།། སྟོན་པ་གསལ་བ་ཐུགས་རྗེའི་རང་བཞིན་ཅན།། འཁྲུལ་པ་སྨིན་པའི་ཐུགས་རྗེ་ཅན།། ལྷུན་གྲུབ་གཡོ་བའི་རླུང་ཆེན་དེས།། ཐམས་ཅད་ལྷུན་གྲུབ་སྐྱོད་པར་བྱེད། ། རྒྱབ་གྱེས་པ་ཡི་དུས་ཉིད་དེ།། མ་ནིང་རླུང་དུ་གཅོད་པར་བྱེད།། སྣང་བ་སྲིད་པ་བསྐལ་པ་གསུམ།། སྣང་བ་འོད་དུ་སྣང་བ་འོ།། སྲིད་པའི་སྒོ་ང་ལྔ་རུ་སྲིད།། བསྐལ་པ་རྣམ་པ་གསུམ་དུ་སྲིད།། ཅེས་གསུངས་སོ། ། རྩ་བའི་སྣང་བ་སྲིད་པའི་བསྐལ་བ་དང།། རླུང་གི་སྣང་བ་སྲིད་པའི་བསྐལ་པ་དང།། ཐིག་ལེ་སྣང་བ་སྲིད་པའི་བསྐལ་པ་དང།། ང་ཡིས་ཁྱོད་ལ་ལུང་བསྟན་ནོ།། ཞེས་གསུངས་སོ།། ཐིག་ལེ་འདུས་པའི་རྒྱུད་ཕྱི་མའི་ཕྱི་མ་ལས། འོད་སྲུང་ཀྱི་ལུང་བསྟན་པའི་ལེའུ་སྟེ་དང་པོའོ།།།། དེ་ནས་སྟོན་པ་མར་མེ་མཛད་ཅེས་བྱ་བ་དེས། ཞུས་པ་མ་ཡིན་པར་ལུང་བསྟན་པ་འདི་ལྟར་རོ།། ཡེ་ཤེས་ཀྱི་སྣང་བ་ནི་འོད་མའི་འོད་མི་འགྱུར་བ་སྟེ། ། སྣང་བ་ནི་འོད་དུ་སྣང་བའོ།། སྲིད་པ་ནི་རྟོགས་པ་མངོན་དུ་གྱུར་པ་སྲིད་པའོ།། བསྐལ་པ་ནི་ལྷུན་གྲུབ་འགག་མེད་ཀྱི་བསྐལ་པའོ།། ཞེས་གསུངས་སོ།། ཐོག་མའི་སྣང་བ་སྲིད་པ་བསྐལ་པ་ལ་ངོ་སྤྲད་པའོ། ། ཞེས་གསུངས་སོ།། ཐིག་ལེ་འདུས་པའི་རྒྱུད་ཕྱི་མའི་ཕྱི་མ་ལས། ཐོག་མའི་སངས་རྒྱས་འོད་མི་འགྱུར་བ་ངོ་སྤྲད་པའི་ལེའུ་སྟེ་གཉིས་པའོ།།།། དེ་ན་སྟོན་པ་འོད་སྲུངས་ཀྱི་སྣང་བ་ན། འོད་ལྔ་སྣང་ལ་རང་བཞིན་མེད་པའོ། ། ཡིད་ནི་ཇི་ལྟ་བ་དང་ཇི་སྙེད་པ་མཁྱེན་པ། ཡིད་ནི་རྣམ་ཤེས་ལྔ་མི་སྣང་ལ་རང་བཞིན་ཡོད་པའོ།། ལུས་ནི་སྣང་ལ་རང་བཞིན་མེད་པའོ།། དེའི་གདང་ལས་ཡེ་ཤེས་ལྔའི་སྣང་བ། རིགས་ལྔའི་སྣང་བ་ཁྱེའུ་ལྔ་ནི། སྣང་ལ་རང་བཞིན་མེད་པའོ།། ཡུལ་ལྔ་སྣང་ལ་རང་བཞིན་མེད་པའོ།། ཡུལ་འོད་ལྔ་སྣང་ལ་རང་བཞིན་མེད་པའོ།། ཡིད་རང་བྱུང་གི་ཡེ་ཤེས་སུ་རང་ཤར་བའོ།། དེ་ནི་སྟོན་པ་འོད་སྲུངས་ཉིད་རང་ས་ཟིན་པ་ལ་ངོ་སྤྲད་པའོ། ། ཞེས་གསུངས་སོ།། ཐིག་ལེ་འདུས་པའི་རྒྱུད་ཕྱི་མའི་ཕྱི་མ་ལས། སྟོན་པ་འོད་སྲུངས་ལ་ངོ་སྤྲད་པའི་ལེའུ་སྟེ་གསུམ་པའོ།།།། དེའི་བྱིན་རླབས་ལས། ཐུགས་རྗེའི་སྟོན་པ་རྣམ་པ་བདུན་འཁྲུངས་པ་ཡ་ཆ། འདོད་ཆགས་ཀྱི་སྟོན་པ་དང། ཞེ་སྡང་གི་སྟོན་པ་དང། གཏི་མུག་གི་སྟོན་པ་དང། ང་རྒྱལ་གྱི་སྟོན་པ་དང། ཁོང་ཁྲོའི་སྟོན་པ་དང། ཕྲག་དོག་གི་སྟོན་པ་དང།། དགའ་རབ་རྡོ་རྗེ་དང་བདུན་ནི། སྟོན་པ་རྣམ་བདུན་ནོ།། ཡང་སྟོན་པ་རྣམ་པ་བདུན་ནི། གཏི་མུག་གི་སྟོན་པ་ཀུན་ཏུ་བཟང་པོ། འདོད་ཆགས་ཀྱི་སྟོན་པ་སྣང་བ་མཐའ་ཡས། ཞེ་སྡང་གི་སྟོན་པ་རྡོ་རྗེ་སེམས་དཔའ། ང་རྒྱལ་གྱི་སྟོན་པ་རིན་ཆེན་འབྱུང་ལྡན། ཕྲག་དོག་གི་སྟོན་པ་དོན་ཡོད་གྲུབ་པ། ཁོང་ཁྲོའི་སྟོན་པ་མི་ཕམ་མགོན་པོ། ངོ་བོ་ཉིད་ཀྱི་སྟོན་པ་དགའ་རབ་རྡོ་རྗེ་དང་བདུན་ནོ།། མ་བཙལ་ལྷུན་གྱིས་གྲུབ་པའོ།། སྣང་བ་ནི་ཡེ་ཤེས་ལྔའོ། ། སྲིད་པ་ནི་རིགས་དྲུག་ངོ་བཽ་དང་བདུན། བསྐལ་པ་ནི་རང་སྣང་ངོ་མ་ཤེས་པའོ།། ཞེས་གསུངས་སོ།། སྟོན་པ་དྲུག་འགྲོ་དྲུག་ནས་ཐིག་ལེའི་ཀློང་རང་གྲོལ་བ་ཡ་ཆ། ཞེས་གསུངས་སོ།། ཐིག་ལེ་འདུས་པའི་རྒྱུད་ཕྱི་མའི་ཕྱི་མ་ལས། འགྲོ་དྲུག་ངོ་སྤྲད་ཀྱི་ལེའུ་སྟེ་བཞི་པའོ།།།། དེ་ནས་ཡང་དག་བཤད་བྱ་བ།། ཉོན་ཅིག་སྟོན་པ་མར་མེ་མཛད།། སྒོ་ང་ལྔ་ཡི་དོན་བཤད་པ།། ཤ་ཡི་སྒོ་ང་གཏི་མུག་ཕག་དང་སྦྲུལ།། རུས་པའི་སྒོ་ང་བྱ་ཡི་རྒྱུ། ། འོད་ཀྱི་སྒོ་ང་གཟུགས་ཀྱི་རྒྱུ།། ཐིག་ལེའི་སྒོ་ང་མི་ཡི་རྒྱུ།། སྣང་བའི་སྒོ་ང་དམྱལ་བའི་རྒྱུ།། སྒོ་ང་ལྔ་ལ་ངོ་སྤྲད་པས།། ཤ་ཡི་སྒོ་ང་ཐུགས་རྗེའི་སྐུ།། རུས་པའི་སྒོ་ང་རྡོ་རྗེའི་སྐུ།། འོད་ཀྱི་སྒོ་ང་མངོན་བྱང་སྐུ། ། ཡིད་ཀྱི་སྒོ་ང་ལོངས་སྤྱོད་སྐུ།། ཐིག་ལེ་སྒོ་ང་ཆོས་སྐུའོ།། ཐིག་ལེ་གཅིག་ཏུ་ངོ་སྤྲད་པས།། སྒོ་ང་ལྔ་པོ་སྐུ་ལྔར་གྲོལ།། ཅེས་གསུངས་སོ།། ཐིག་ལེ་འདུས་པའི་རྒྱུད་ཕྱི་མའི་ཕྱི་མ་ལས། སྲིད་པའི་སྒོ་ང་རང་གྲོལ་ངོ་སྤྲད་པའི་ལེའུ་སྟེ་ལྔ་པའོ། །།། དེ་ནས་ཡང་དག་བཤད་བྱ་བ།། རྩ་ཡི་སྣང་བ་བསྟན་པ་ནི།། རྩ་ཞེས་བྱ་བ་སྟོང་པའོ།། སྲིད་པ་རྣམ་པ་ལྔ་ཡིན་ཏེ།། སྤྱི་གཙུག་བདེ་བ་ཆེན་པོའི་རྩ།། འཁོར་ལོ་ལྟ་བུའི་དབྱིབས་སུ་སྲིད། ། སུམ་ཅུ་སོ་གཉིས་དག་ཏུ་སྐལ།། སྐལ་བར་བྱེད་པ་མ་རིག་རླུང།། མགྲིན་པ་ལོངས་སྤྱོད་ཆེན་པོའི་རྩ།། རྒྱ་གྲམ་ལྟ་བུའི་དབྱིབས་སུ་སྲིད།། གྲངས་ནི་བཅུ་དྲུག་དག་ཏུ་སྲིད།། མ་རིག་རྨོངས་པས་བཅུ་དྲུག་བསྐལ། ། སྙིང་ཁ་ཆོས་ཀྱི་འཁོར་ལོའི་རྩ།། རིན་ཆེན་ཟུར་བརྒྱད་དབྱིབས་སུ་སྲིད།། གྲངས་ནི་རྣམ་པ་བརྒྱད་དུ་གྲགས།། ངོ་མ་ཤེས་པས་བརྒྱད་དུ་སྐལ།། ལྟེ་བ་སྤྲུལ་པའི་འཁོར་ལོའི་རྩ།། པདྨ་ལྟ་བུའི་དབྱིངས་སུ་སྲིད། ། གྲངས་ནི་དྲུག་ཅུ་རྩ་བཞིར་གྲགས།། མ་རིག་ངོ་མ་ཤེས་ཏེ།། དྲུག་ཅུ་རེ་ཞི་བསྐལ།། གསང་བ་ཡེ་ཤེས་འཁོར་ལོའི་རྩ།། དབྱིངས་ནི་རྡོ་རྗེ་པདྨར་སྲིད།། གྲངས་ནི་རྣམ་པ་བཞི་རུ་གྲགས།། ངོ་མ་ཤེས་བས་བཞི་རུ་བསྐལ། ། རླུང་གི་རྩ་ནི་སྤྱི་བོའི་གཙུག་ན་གནས།། ས་ཡི་རྩ་ནི་མགྲིན་པ་ན།། ཆུ་ཡི་རྩ་ནི་སྙིང་ཁ་ན།། ནམ་མཁའི་རྩ་ནི་ལྟེ་བ་ན།། མེ་ཡི་རྩ་ནི་གསང་བ་ན།། དེ་ལས་སྤྲོས་པ་བསམ་མི་ཁྱབ།། རླུང་གི་རྩ་ལས་འཁོར་ལོ་ལྟ་བུའི་རྩ། ། དབྲལ་བའི་འཇིའུ་རུས་པ་ལ།། གྲངས་ཀྱང་སུམ་ཅུ་རྩ་གཉིས་ཡོད།། ལྟག་ཁུར་འགྲམ་པ་གཡས་གཡོན་ན།། གོང་དང་འདྲ་བ་རྩ་དང་རླུང།། ཐིག་ལེ་རྣམས་ནི་རབ་ཏུ་གསལ།། ཤར་ན་ས་ལ་ལྷོ་ན་ཆུ། ། ནུབ་ན་མེ་ལ་བྱང་ནས་རླུང།། དབུས་ན་ནམ་མཁའ་ཇི་བཞིན་ནོ།། མགྲིན་པའི་རྩ་ལས་འཕྲོས་ནས་ནི།། མཁུར་ཚོས་གཡས་ན་ས་ཡི་རྩ།། གཡོན་ན་ཆུ་ཡི་རྩ་གནས་སོ།། ཨོལ་སྐོང་གཡས་ན་མེ་ཡི་རྩ། ། གཡོན་ན་རླུང་གི་རྩ་སྟེ་རྒྱ་གྲམ་འདྲ།། དབུས་ན་ནམ་མཁའ་དེ་བཞིན་ནོ།། སྙིང་ཁའི་རྩ་ལས་འཕྲོས་པ་ནི།། ཨན་གོང་གཡས་པ་ས་ཡི་རྩ།། གཡོན་པ་ཆུད་དེ་དཔུང་གཡས་མེ།། དཔུང་གཡོན་རླུང་ལ་དབུས་ན་ནམ་མཁའི་རྩ། ། རིན་ཆེན་ཟུར་བརྒྱད་དབྱིབས་སུ་སྣང།། ཞེས་གསུངས་སོ།། ལྟེ་བ་སྤྲུལ་པའི་རྩ་བས་ནི།། འཕྲོ་སྟེ་ཕྱི་གཡས་ས་ཡི་རྩ།། གཡོན་པ་ཆུ་ལ་དཔུང་མོ་གཡས་པ་མེའི་རྩ།། གཡོན་པ་རླུང་གི་རྩ། ། དབུས་ན་དེ་བཞིན་ནམ་མཁའི་རྩ།། གསང་བའི་རྩ་ལས་འཕྲོས་པ་ནི།། རྩི་བ་མ་གཡས་པ་ས་སྟེ་གཡོན་པ་ཆུ།། བུམ་པའི་རྩེ་མོ་མེ་ཡི་རྩ།། རྩ་བ་རླུང་གི་རྩ་རུ་སྣང།། ཐིག་ལེ་བྲོད་འབེབས་དེ་ནས་བྱུང།། རླུང་ལ་བདེ་བས་ཡོད་པས་ན། ། བདེ་བ་རྒྱས་པ་དེ་ལས་བྱུང།། རྩ་ཡི་ངོ་བོ་བསྟན་པ་ནི།། བདེ་བ་སྟོང་པ་དེ་ནས་བྱུང།། ཐིག་ལེའུ་ངོ་བོ་འོད་གསལ་ལས།། ཡེ་ཤེས་ངོས་བཟུང་དེ་ནས་བྱུང།། ཞེས་གསུངས་སོ།། ཐིག་ལེ་འདུས་པའི་རྒྱུད་ཕྱི་མའི་ཕྱི་མ་ལས། རྩ་དང་རླུང་ཐིག་ལེ་སྤྱིའི་རྣམ་པར་བསྟན་པའི་ལེའུ་སྟེ་དྲུག་པའོ།།།། དེ་ནས་ཡང་དག་བཤད་བྱ་བ།། རྒྱས་པའི་རྩ་ལ་ལ་བསམ་མི་ཁྱབ།། བསྡུས་པ་རྣམ་པ་ལྔ་ཡིན་ནོ། ། སྤྱི་གཙུག་བྱ་བ་གྲུབ་པའི་རྩ།། རླུང་ཡང་བྱ་བ་གྲུབ་པའི་རླུང།། ཐིག་ལེ་བྱ་བ་གྲུབ་པའོ།། མགྲིན་པ་མེ་ལོང་ལྟ་བུའི་རྩ།། སྙིང་ཁ་མཉམ་པ་ཉིད་ཀྱི་རྩ།། ལྟེ་བ་སྟོང་པ་ཉིད་ཀྱི་རྩ།། གསང་བ་སོ་སོར་རྟོགས་པའི་རྩ། ། ཐམས་ཅད་འདུས་པའི་ངོ་བོའི་རྩ།། གཉིས་པོ་ཟུང་དུ་འབྲེལ་བའོ།། ཞེས་གསུངས་སོ།། ཐིག་ལེ་འདུས་པའི་རྒྱུད་ཕྱི་མའི་ཕྱི་མ་ལས། རྩ་རྟགས་ལ་ངོ་སྤྲོད་པའི་ལེའུ་སྟེ་བདུན་པའོ།།།། དེ་ནས་རང་གི་མཚན་ཉིད་བསྟན་པ་ན། ། རིག་པའི་ཟང་ཐལ་ཆེན་པོའི་ཐིག་ལེ་ཡིན།། དེ་ཉིད་སྟོང་པ་རྩ་ཞེས་བྱ།། དེ་ལས་གཡོ་བ་རླུང་ཞེས་བྱ།། རྒོད་ན་རྩ་ལས་ངོ་སྤྲད་ཀྱིས།། བྱས་པས་བསམ་པ་རྡུག་པ་ཡ་ཆ།། བྱིང་ན་རིག་པའི་རང་སྒོ་ལས། ། བསམ་རྡུག་ལྷ་ཁང་ལྟད་མོ་ཆེ་བ་ཡ་ཆ།། འཕྲོ་ན་རིག་པ་ཟང་ཐལ་ལྟོས།། འགྲོ་ས་མེད་པ་ཡ་ཆ།། རྩོལ་ན་རང་བྱུང་ཡེ་ཤེས་ལྟོས།། རྩོལ་བས་གཏོར་བ་ཡ་ཆ།། སྒྲུབ་ན་ལྷུན་གྲུབ་འཕོང་ར་ལྟོས། ། བསྒྲུབ་པས་བརླག་པ་ཡ་ཆ།། སྒྱུར་ན་རྩ་དང་རླུང་ལ་ལྟོས།། རང་གྲོལ་ཡིན་པ་ཡ་ཆ།། སྦྱོང་ན་ཀུན་བཟང་ལྟད་མོ་ལྟོས།། སྦྱང་བས་སྟོར་བ་ཡ་ཆ།། འགེགས་ན་ཡེ་ཤེས་ཁོང་འཆར་ལྟོས།། བཀག་པས་འོད་གསལ་རྟོར་པ་ཡ་ཆ། ། ཞེས་གསུངས་སོ།། ཐིག་ལེ་འདུས་པའི་རྒྱུད་ཕྱི་མའི་ཕྱི་མ་ལས། རང་གི་མཚན་ཉིད་ལ་ངོ་སྤྲད་པའི་ལེའུ་སྟེ་བརྒྱད་པའོ།།།། དེ་ནས་ཡང་དག་བཤད་བྱ་བ།། ཐིག་ལེ་སྣང་བ་སྲིད་པ་དང། བསྐལ་པ་རྣམས་ནི་འདི་ལྟ་སྟེ།། ཕྱི་ནང་གསང་བ་གསུམ་དུ་བཤད།། སྣང་བ་ཐིག་ལེ་ལྔ་ཡིན་ཏེ།། དབྱིངས་ཀྱི་ཐིག་ལེ་རྣམ་ལྔའོ།། སྲིད་པ་ནང་གི་ཐིག་ལེ་ལྔ།། བསྐལ་པ་ཆག་སྡང་བཅུ་རུ་བསྐལ། ། ཅེས་གསུངས་སོ།། ཐིག་ལེ་འདུས་པའི་རྒྱུད་ཕྱི་མའི་ཕྱི་མ་ལས། ཐིག་ལེ་ཁ་སྦྱོར་གྱི་གདམས་ངག་གི་ལེའུ་སྟེ་དགུ་པའོ།།།། གསང་བའི་ཐིག་ལེ་བསྟན་པ་ནི།། སྣང་བ་ཟང་ཐལ་ཐིག་ཅེས་བྱ། ། ཐུགས་རྗེ་མི་འགག་ལཻ་ཞེས་བྱ།། གཉིས་སུ་མེད་པས་ཉག་ཅེས་བྱ།། ལྷུན་གྱིས་གྲུབ་པས་ཐིག་ཅེས་བྱ།། སྣང་བ་འོད་གསལ་ལེ་ཞེས་བྱ།། རིག་པ་ཟང་ཐལ་ཐིག་ཅེས་བྱ།། འགྱུ་བ་མི་འགག་ལེ་ཞེས་བྱ།། དབྱེར་མི་ཕྱེད་པས་ཉག་ཅེས་བྱ། ། ལྷུན་གྱིས་གྲུབ་པས་གཅིག་ཅེས་བྱ།། ཞེས་གསུངས་སོ།། ཐིག་ལེ་འདུས་པའི་རྒྱུད་ཕྱི་མའི་ཕྱི་མ་ལས། ཐིག་ལེ་ཉག་གཅིག་ངོ་སྤྲད་པའི་ལེའུ་སྟེ་བཅུ་པའོ།།།། དེ་ནས་ཡང་དག་བཤད་བྱ་བ། ། རིག་པའི་ལེ་དང་སེམས་ཀྱི་ལེ།། སེམས་ཀྱི་ལེ་ནི་ཆགས་སྡང་ངོ།། བླངས་པས་འཁོར་བར་འཁྱམས་པ་ཡ་ཆ།། རིག་པའི་ལེ་ནི་ཤེས་རབ་ཆེན་པོ་སྟེ།། སྐུ་གསུམ་རོལ་བར་ཤེས་པ་ཡ་ཆ།། བླངས་པས་ཟང་ཐལ་ཆེན་པོར་གནས། ། ཞེས་གསུངས་སོ།། ཐིག་ལེ་འདུས་པའི་རྒྱུད་ཕྱི་མའི་ཕྱི་མ་ལས། རིག་པ་དང་སེམས་ཀྱི་སྣང་བ་བསྟན་པའི་ལེའུ་སྟེ་བཅུ་གཅིག་པའོ།།།། དེ་ནས་ཡང་དག་བཤད་བྱ་བ།། ཉོན་ཅིག་སྟོན་པ་མར་མེ་མཛད། ། རླུང་གི་སྣང་བ་སྲིད་པ་སྐལ་པ་གསུམ།། སྣང་ལ་ལྗང་ཁུ་འགག་མེད་ལ།། དབྱིངས་ནི་འོད་མ་བཀུག་པར་སྲིད།། སྐལ་པ་ཕྱི་ནང་གསུམ་དུ་བསྐལ།། གླིང་བཞི་འདེག་པ་འབྱུང་ལྔའི་རླུང། ། ཡང་ཞིང་གཡོ་བ་རླུང་གི་རླུང།། རླན་ཞིང་སྡུད་པ་གཡོ་བ་ཆུ་ཡི་རླུང།། དྲོད་འབེབས་གཡོ་བ་མེད་ཡི་རླུང།། སྲ་ཞིང་གཡོ་བ་ས་ཡི་རླུང།། སྟོང་ཁྱབ་གཡོ་བ་ནམ་མཁའི་རླུང།། ལྔ་ནི་རྩ་བ་འབྱུང་ལྔའི་རླུང། ། ཟུང་དུ་འཇུག་པ་བཅུ་མིང་ཅན།། རང་བྱུང་ཡེ་ཤེས་འགག་མེད་རླུང།། ཕྱི་ཡི་རླུང་དུ་བཤད་པའོ།། ཞེས་གསུངས་སོ།། ཐིག་ལེ་འདུས་པའི་རྒྱུད་ཕྱི་མའི་ཕྱི་མ་ལས། ཕྱི་རང་འབྱུང་གི་རླུང་ལ་ངོ་སྤྲད་པའི་ལེའུ་སྟེ་བཅུ་གཉིས་པའོ། །།། ནང་གི་རླུང་ལྔ་བསྟན་པ་ནི།། འཁོར་ལོ་ལྔ་ན་རླུང་ལྔ་གནས།། ས་ཡི་རླུང་དང་ཆུ་ཡི་རླུང།། མེ་ཡི་རླུང་དང་ནམ་མཁའི་རླུང།། རླུང་གི་རླུང་སྟེ་རྩ་བ་ཡི།། རླུང་ལྔ་དག་ཡན་ལག་ལྔ།། ལྔ་ཡི་བདག་ཉིད་བཅུ་མིང་ཅན། ། ནང་གི་རླུང་ལ་ངོ་སྤྲད་པའི་ལེའུ་སྟེ་བཅུ་གསུམ་པའོ།།།། གསང་བའི་རླུང་ལ་ངོ་སྤྲད་དེ།། རིག་པ་གཡོ་བ་རླུང་གི་རླུང།། དེ་ཉིད་སྡུད་པ་ཆུ་ཡི་རླུང།། རིག་པ་སྨིན་པ་མེ་ཡི་རླུང། ། རིག་པ་བསྟན་པ་ས་ཡི་རླུང།། ཀུན་ལ་ཁྱབ་པ་ནམ་མཁའི་རླུང།། ཟུང་དུ་ཞུགས་པས་བཅུ་མིན་ཅན།། ཐུགས་རྗེ་མི་འགག་རླུང་གི་རླུང།། རིག་པ་ཁོང་གསལ་མེ་ཡི་རླུང།། སྨིན་ནས་བསྟན་པ་ས་ཡི་རླུང། ། ཐམས་ཅད་སྡུད་པ་ཆུ་ཡི་རླུང།། མཁའ་ཁྱབ་དྭངས་པ་ནམ་མཁའི་རླུང།། དེ་ནི་གསང་བའི་ངོ་སྤྲོད་དོ།། ཐིག་ལེ་འདུས་པའི་རྒྱུད་ཕྱི་མའི་ཕྱི་མ་ལས། རླུང་ལྔ་ལ་ངོ་སྤྲད་པའི་ལེའུ་སྟེ་བཅུ་བཞི་པའོ། །།། དེ་ནས་སྟོན་པ་མར་མེ་མཛད་ཀྱིས་རྗེས་སུ་ཡི་རང་ནས་མངོན་པར་བསྟོད་པ།། སྟོན་པའི་རྒྱལ་པོ་འོད་སྲུངས་ཀྱིས།། རྒྱུད་ཀྱི་རྒྱལ་པོ་རྩ་རླུང་རྒྱུད།། ཐམས་ཅད་ཕྱི་ནང་ལ་བཟླ་བསྟན་པ།། ལྟ་སྒོམ་སྤྱོད་པ་ལ་བཟླས་ནས། ། རང་གི་འདུག་ཚུགས་ངོ་སྤྲད་པ།། ཨེ་མ་ཧོ་ངོ་མཚར་ཆེའོ།། ཞེས་གསུངས་སོ།། ཐིག་ལེ་འདུས་པའི་རྒྱུད་ཕྱི་མའི་ཕྱི་མ་ལས། རྗེས་སུ་ཡི་རང་བའི་ལེའུ་སྟེ་བཅོ་ལྔ་པའོ།།།། རྫོགས་སོ། །།། ཐིག་ལེ་འདུས་པའི་བུའི་མན་ངག། གཞན་དོན་དུ་བསྟན་པ། འཆི་ཁ་མ་ལས་ཀྱི་རིན་པོ་ཆེ། སློབ་དཔོན་དགའ་རབ་རྡོ་རྗེས་སྨྲས་པ། བྱང་ཆུབ་སེམས་དཔའ་ཁྱོད་ལམ་དུ་འཇུག་པའི་ཚེ།

CLOSE WINDOW