Wylie |
། གཉིས་མེད་ཆེན་པོ་དེའི་དོན་ལྟ་ནུས་ན།། མ་རིག་རྟོག་པའི་དབང་གིས་སྡིག་པ་ཅི་སྤྱད་ཀྱང།། གཉིས་མེད་ཆེན་པོ་འདི་ཡི་དོན་རྟོགས་ན།། ལས་ཀྱི་དབང་དུ་མི་འགྱུར་བས། ། ལས་ཀྱི་རིགས་ཀྱི་ལྷ་དང་མཐུན་པའོ།། སྐུ་དང་ཡེ་ཤེས་གཉིས་མེད་ཆེན་པོ་དེ།། ལྟ་བས་ཐག་ཆོད་ནས་གསལ་བར་གནས་པའི་ཚེ།། ཡིག་འབྲུ་ལ་སོགས་ཐུགས་ཁའི་སྤྲོ་བསྡུ་དང།། ལྷ་ཡི་སྐུ་དང་ཁྲོ་བོའི་ཆ་བྱད་རྣམས། ། འགྲོ་བའི་དོན་ལ་ཅིར་ཡང་མཛད་པས་ན།། རྣམ་པར་སྣང་མཛད་དེ་བཞིན་ཉིད་ཀྱི་རིགས།། ཡང་དག་དོན་གྱི་ལྷ་ལྔ་འདི།། ཐ་དད་མ་ཡིན་རང་གི་ངོ་བོར་གཅིག། སྐུ་ལ་འགྱུར་བ་མེད་པས་རྡོ་རྗེ་སེམས་དཔའ་ཡིན། ། གཉིས་མེད་གཅོད་དང་ལྡན་པ་ལ།། ཇི་ལྟར་བསམས་པ་འབྱུང་བས་ན།། དེས་ན་རིན་ཆེན་འབྱུང་ལྡན་ཡིན།། ཆོས་སྐུ་ཁ་དོག་དབྱིབས་ལྡན་ཏེ།། དངོས་མེད་མཁའ་ལ་མེ་ལོང་ནང་གི་སྐུ།། སྣང་ལ་རང་བཞིན་མེད་པ་དེ། ། ངོ་བོ་ཐ་དད་བརྗོད་པའི་མཐའ་ལས་འདས།། དེས་ན་སྣང་བ་མཐའ་ཡས་ཡིན།། སྐུ་དང་ཡེ་ཤེས་གཉིས་མེད་དེ།། སྙམ་བྱེད་མེད་པར་ཆོད་གྱུར་ན།། འཇིག་རྟེན་འདི་ཡི་དོན་ལ་རྟེན་པ་མ་ཡིན་ཏེ། ། གཉིས་མེད་ཆེན་པོ་རང་ལ་ཡོད་པ་རང་གིས་རྟོགས་པ་དང།། ཡང་དག་དོན་གྱི་འབྲས་བུ་གྲུབ་པས་ན།། དེས་ན་དོན་ཡོད་གྲུབ་པ་ཡིན།། གཉིས་མེད་འགྱུར་བ་མེད་པ་དེ་རྟོགས་ནས།། འགྲོ་བའི་དོན་ལ་ཅིར་ཡང་མཛད་པས་ན། ། དེས་ན་རྣམ་པར་སྣང་མཛད་ཡིན།། རིགས་ལྔའི་སངས་རྒྱས་དོན་གྱི་ངོ་བོ་ལྔ།། རང་ལ་ཡེ་ནས་ཚང་བས་ཡང་དག་དོན་གྱི་ལྷ།། དེ་ལྟར་རྟོགས་ན་ལྷ་དབང་ལུས་ལ་བསྐུར།། མཚན་མའི་ལྷ་ཚོགས་སེམས་ཀྱི་ཆོ་འཕྲུལ་རྣམས། ། རྟོགས་པའི་དུས་མེད་ནམ་མཁའི་མཐའ་མ་ཚོལ།། དེ་ཡང་རང་གི་དོན་དུ་བསྒྲུབས་ན་འཁྲུལ།། གཏིང་གསལ་ཆེན་པོ་མཆོད་པའི་རྣལ་འབྱོར་རྣམས།། དབང་བསྐུར་བྱིན་བརླབས་བྱེད་པ་དང། ། སྙིང་རྗེ་ཐུགས་རྗེས་འགྲོ་དོན་བྱེད་པ་རྣམས།། ཇི་ལྟར་བསྒོམས་ཀྱང་ཐུགས་རྗེ་འགག་པ་མེད།། རང་དོན་འཛིན་པ་འདུག་ན་སངས་རྒྱས་དགོངས་པ་མིན།། འགྲོ་བ་རྣམས་ལ་བྱིན་བརླབས་འཕོག་མི་སྲིད། ། ཆགས་མེད་འཛིན་མེད་སེམས་ཀྱི་གཏོད་ཕུར་ཕྱུང།། བདག་དོན་ལྷུན་གྱིས་གྲུབ་ན་གཞན་དོན་ལྷུན་གྱིས་གྲུབ།། རང་གི་རེ་དོགས་མ་ཆོད་ན།། སེམས་ཅན་སྐྱབས་ཀྱང་མི་སྐྱོབས་པས།། དབང་བསྐུར་བྱས་ཀྱང་དོན་མེད་འགྱུར། ། ཞེས་གསུངས་སོ།། ལྷ་དབང་ལུས་ལ་བསྐུར་བའི་ལེའུ་སྟེ་སོ་གཉིས་པའོ།།།། ཡང་དཔལ་རྡོ་རྗེ་འཛིན་པས་ཞུས་པ། ཀྱེ་ཀྱེ་གསང་བའི་བདག་པོ་ལགས།། དྲག་པོའི་དབང་དང་ཞི་བའི་དབང། ། རྒྱས་པའི་དབང་དང་གསུམ་པ་འདི།། དམིགས་པའི་མཚན་མ་གང་གིས་བསྐུར་བར་བགྱི།། ཞེས་ཞུས་སོ།། གསང་བའི་བདག་པོས་གསུངས་པ། རྡོ་རྗེ་འཛིན་པ་ཁྱོད་ཉོན་ཅིག། དྲག་པོའི་དབང་དང་ཞི་བའི་དབང། ། རྒྱས་པའི་དབང་དང་རྣམ་གསུམ་གྱི། དམིགས་པའི་མཚན་མ་གང་གིས་བསྐུར་བ་ནི།། དྲག་པོའི་དབང་མི་དམིགས་པའི་མཚན་མ་ནི།། རྣལ་འབྱོར་རྩལ་དང་ལྡན་པ་དེས།། ཡི་དམ་ལྷ་དང་ཁྲོ་བོའི་སྐུ་རུ་སྒོམ། ། ཤིན་ཏུ་འཇིགས་ཤིང་རྔམ་པའི་སྐུ།། སྐུ་མདོག་རིགས་ཀྱི་ཁྱད་པར་བསམ།། ཐོད་པ་དུམ་བུ་གསུམ་པོ་ལ།། མཁའ་འགྲོ་མཉེས་པའི་གཏོར་མས་དགང།། ཁྲོ་བོ་མཉེས་པའི་ཞལ་ཟས་དང།། བདུད་རྩི་དམར་ལ་དྭངས་པར་བསམ། ། དགོངས་རྒྱུད་དེ་ལྟར་ཟིན་པ་དང།། རྣལ་འབྱོར་རྩལ་དང་ལྡན་པ་དེས།། སློབ་མའི་ཚོགས་ཀྱང་རང་ལྟར་སྒོམ་དུ་གཞུག། གདུག་པ་ཟིལ་གྱིས་ནོན་པ་ཡིས།། ཁྲོ་བོ་སྔགས་དགོད་འདི་བགྲང་ངོ། ། ཨོཾ་ཧ་ལ་ཧ་ལ། ཧུ་ལུ་ཧུ་ལུ། ཧཱུ~ཾ་ཧཱུ~ཾ། ཕཊ་ཕཊ། སྭཱ་ཧཱ། ཞེས་བརྗོད་དོ།། སློབ་མའི་ཚོགས་ཀྱང་བརྗོད་དུ་གཞུག། དེ་ནས་གཏོར་མ་མགོ་ཐོག་ཏུ་བཞག་ལ། དྲག་པོའི་དབང་བསྐུར་ཞིང་ཨོཾ་ཧཱུ~ཾ་ཕཊ། ཅེས་བརྗོད་ལ། ཁྲོ་བོ་ཆེན་པོའི་དབང་ཐོབ་པར་ཤོག་ཅིག། ཅེས་པའི་སྨོན་ལམ་གདབ་བོ།། དེས་ནས་དྲག་པའི་དབང་ཐོབ་པར་འགྱུར་རོ།། ཞི་བའི་དབང་བསྐུར་བ་ནི།། རྣལ་འབྱོར་པ་རྩལ་དང་ལྡན་པ་དེ་ཉིད་ཀྱིས། ། གཉིས་སུ་མེད་པས་ཆོད་པ་ལ།། གཏིང་གསལ་ཆེན་པོའི་ངང་བཞག་སྟེ།། ལག་པའི་མཐིལ་གྱིས་དབང་བསྐུར་ལ།། གོང་གི་ཡིག་འབྲུ་བརྗོད་ཅིང་ཏིང་འཛིན་གསལ་བར་སྒོམ།། ཆོས་ཉིད་ཉོན་མོངས་ཞི་བའི་དབང་བསྐུར་རོ། ། ཡང་ཞི་བའི་དབང་བསྐུར་དམིགས་པའི་མཚན་མ་ནི།། རིན་པོ་ཆེའི་མན་ཤེལ་དག་པས་བསྐུར།། ཡིག་འབྲུ་དགོངས་རྒྱུད་གོང་དང་མཐུན་པར་བྱམ།། ཞེས་གསུངས་སོ།། དབང་གསུམ་ཉིད་མཉམ་པའི་ངང་ལ་བཞུགས་ནས། ཆོས་རྟགས་ཀྱི་ཕྱག་རྒྱ་མཛད་ནས། ཚིག་བཤད་འདི་གསུངས་སོ།། ཨ་ཨ་ཨཿརིན་པོ་ཆེའི་མན་ཤེལ་དག་པས་བསྐུར།། ཡིག་འབྲུ་དགོངས་རྒྱུད་དང་མཐུན་པར་བྱ།། ཞེས་གསུངས་སོ། ། དབང་གསུམ་གྱི་དམིགས་པ་མཚན་མ་བསྟན་པའི་ལེའུ་སྟེ་སོ་གསུམ་པའོ།།།། དེ་ནས་ཡང་གསང་བའི་བདག་པོ་ཆེན་པོ་དང། ཆོས་ཀྱི་སྐུའི་ཕོ་བྲང། ཆོས་ཉིད་བརྡལ་བའི་གཞལ་ཡས་ཁང་དེ་རུ། ཆོས་ཉིད་མཉམ་པའི་གང་ལ་བཞུགས་ནས། ཆོས་བརྟགས་ཀྱི་ཕྱག་རྒྱ་རྒྱ་མཛད་མཛད་ནས།། ཚིགས་བཅད་འདི་གསུངས་སོ།། ཨ་ཨ་ཨ། རིན་ཆེན་གསེར་གྱི་རྒྱ་མདུད་འདི།། ཁམས་གསུམ་འཁོར་བའི་སྡུག་བསྔལ་མི་བཟད་པ། ། མན་ངག་འདི་ཡི་བྱིན་བརླབས་ཀྱིས།། ཀུན་གྱི་ཟུག་རྔུ་ཆོམས་པར་ཤོག། མན་ངག་འདི་ཡི་བྱིན་བརླབས་ཀྱིས།། སེམས་ཅན་དམྱལ་བའི་སྡུག་བསྔལ་མི་བཟད་པ།། སྐད་ཅིག་ཙམ་གྱིས་རླག་ཅིང་ཞི་བར་ཤོག། ཡི་དྭགས་རྣམས་ཀྱི་བཀྲེས་སྐོམ་དང།། བྱོལ་སོང་རྣམས་ཀྱི་གཏི་མུག་དང།། སྐྱེ་འགྲོ་མི་ཡི་ཞེ་སྡང་དང།། ལྷ་མ་ཡིན་གྱི་འཐབ་རྩོད་དང།། འདོན་ཡོན་ལྷ་ཡི་ལྟུང་བ་རྣམས།། སྐད་ཅིག་ཙམ་གྱིས་ཞི་བར་ཤོག། འཁྲུལ་པ་གཅོད་པའི་སྒྲོན་མ་འདིས།། ཁམས་གསུམ་འཁོར་བའི་མུན་པ་སེལ་བར་ཤོག། ཅེས་གསུངས་ནས་ཆོས་ཉིད་མཉམ་པའི་ངང་ལ་བཞུགས་སོ།། གསང་བའི་བདག་པོ་ཆེན་པོ་དེས་སྨོན་ལམ་བཏབ་པའི་ལེའུ་སྟེ་སོ་བཞི་པའོ། །།། ཡང་དེའི་ཚེ་དེའི་དུས་ན། དཔལ་རྡོ་རྗེའི་འཛིན་པ་དེས། ཐུགས་ཀྱི་སྤྲུལ་པ་བརྗོད་པས་མི་ལང་བ་བཀྱེ་ནས། རིན་པོ་ཆེ་བརྗོད་པས་མི་ལང་བ་དང། མེ་ཏོག་བརྗོད་པས་མིང་ལང་བ་དང། ། མཆོད་པའི་རྫས་ཁྱད་པར་ཅན་བརྗོད་པས་མི་ལང་བ་བྱིན་གྱིས་བརླབས་ནས། སྒྲའི་རོལ་མོ་བརྗོད་པས་མི་ལང་བ་སྒྲོགས་ཤིང། བསྟོད་པ་འདི་དག་གསུངས་སོ།། ཀྱེ་ཀྱེ་གང་བའི་བདག་པོ་ལགས། ། རིན་ཆེན་གསེར་གྱི་རྒྱ་མདུད་འདི།། འགྲོ་བའི་དོན་དུ་གསུངས་པ་ངོ་མཚར་ཤིན་ཏུ་ཆེ།། ཨ་ལ་ལ་ཧོ། སངས་རྒྱས་འོད་དཔག་མེད་ལ་ཕྱག་འཚལ་ལོ།། མགོན་པོ་ཐུགས་རྗེ་ཅན་ལ་ཕྱག་འཚལ་བསྟོད། ། དངོས་མེད་དག་པའི་སྐུ་ལ་ཕྱག་འཚལ་བསྟོད།། བརྗོད་མེད་དག་པའི་གསུང་ལ་ཕྱག་འཚལ་བསྟོད།། སྒྲིབ་མེད་དག་པའི་ཐུགས་ལ་ཕྱག་འཚལ་བསྟོད།། གསང་བའི་བདག་པོ་ཆེན་པོ་ཡི།། སྐུ་གསུང་ཐུགས་ལ་ཕྱག་འཚལ་བསྟོད། ། ཅེས་གསུངས་ནས་དགྱེས་པ་ཆེན་པོ་མཛད་དོ།། གསང་བའི་བདག་པོ་ལ་བསྟོད་པའི་ལེའུ་སྟེ་སོ་ལྔ་པའོ།།།། རིན་ཆེན་གསེར་གྱི་རྒྱ་མདུད་འདི།། ཀུན་ཏུ་བཟང་པའི་དགོངས་པ་ཡིན། ། རྡོ་རྗེ་སེམས་དཔའི་ཞལ་ཆེམས་ཡིན།། ཤེལ་གྱི་ཁྱེ་ཆུང་གསུང་བགྲོས་ཡིན།། བཻ་རོ་ཙ་ནའི་ཡིད་དམ་ཡིན།། ཁྲི་སྲོང་ལྡེ་བཙན་ཕྱག་བཞེས་ཡིན།། སྤྲ་དྲོ་སྐྱེར་ཆུའི་གཏེར་ཆོས་ཡིན།། དགེ་བཤེས་ཆོས་སྙིང་དངོས་གྲུབ་ཡིན། ། རྣལ་འབྱོར་ཉི་མ་འབར་གྱི་རྒྱུད་པ་ཡིན།། བསྐལ་ལྡན་ལས་འཕྲོ་ཅན་དང་འཕྲད་པར་ཤོག། རིན་པོ་ཆེ་གསེར་གྱི་རྒྱ་མ་དུད་ཅེས་བྱ་བ་རྫོགས་སོ།།།། རྒྱ་གར་སྐད་དུ། བོ་དྷོ་ཙིཏྟ་ཨ་ཏི་བྷྲ་མ་ན་མ། བོད་སྐད་དུ། བྱང་ཆུབ་སེམས་གསང་བའི་ཐིག་པ་ཞེས་བྱ་བ། བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ།། བདག་མེད་གཉིས་མེད་མི་ཤེས་སངས་རྒྱས་པས། ། ཞེན་པ་བཟློག་ཕྱིར་རྐྱེན་བཤད་བསམ་ཡས་ཀྱང།། ཆོས་ཉིད་ངང་ལ་བརྗོད་བྱ་བརྗོད་བྱེད་མེད།། རྟོག་དང་ལྟ་སྒོམ་ལ་སོགས་པའི།། བསླབ་པ་མ་ལུས་ཀུན་འཇིག་པ། གསང་བ་བ་ཡི་སླབ་པ་ཡིན། ། རྟོག་པ་ལ་སོགས་སུ་འདོད་པ།། དེ་ལ་དེ་བསོག་ནམ་ཡང་མེད།། སྐྱེས་ན་འགག་ཅིག་འགག་ན་སྐྱེ།། དེ་ནི་བདག་བཅས་འཁྲུལ་པའི་བློ།། བདག་མེད་གང་སྐྱེ་སྐྱེ་རྒྱུ་ཅི།། མ་སྐྱེ་མི་འགགཅིར་མི་རིག། བུས་པ་མ་རབས་རྟོགས་པར་འདོད།། གང་གིས་གང་རྟོགས་ཇི་ལྟར་རྟོགས།། རྟོག་པ་བདག་མེད་སྐྱེ་མེད་ཅིང།། བདག་སྐྱེ་འཁོར་བ་ཅི་ཕྱིར་མིན།། བློ་དང་བློ་ཡུལ་མ་ཡིན་པའི།། འཁོར་བ་སྐྱེ་འགག་རྒྱུ་ཅི་ཞིག། དེ་བས་རྟོགས་པས་འཁོར་བར་འཆིངས།། ཤེས་རྟོགས་ལྟ་བུའི་སྡིག་པ་ནི།། སྟོང་གསུམ་མ་ལུས་སྲོག་བཅད་པས།། སྡིག་པས་དེ་བརྟུལ་ཆར་མི་ཕོད།། ལྟ་སྒོམ་འབྲས་བུ་དེ་དང་མཚུངས།། རྟོག་བྱ་རྟོག་བྱེད་གཉིས་མེད་ཅིང། ། རྟོགས་ལྟ་ལ་སོགས་མི་སྐྱེ་ན།། དགོས་ཆེན་རྐྱེན་དུ་དེ་བསོགས་གསུངས།། མ་རྟོགས་མ་སྒོམས་མ་ཤེས་ན།། རྡོ་རྗེ་ཀུན་ཏུ་བཟང་པོ་ཡིན།། བདག་མེད་དམིགས་དང་རྣམ་ཤེས་ཇི་ལྟར་བསྐྱེད། ། དྲན་བྱ་དྲན་བྱེད་མེད་དེ་ཤེས་དང་མི་ཤེས་བྲལ།། རྟོགས་བྱ་རྟོགས་བྱེད་མེད་དེ་དགོས་ཆེད་དེ་རྟོགས་བརྗོད།། རྟོགས་པ་མ་སྐྱེས་པ་ནི་རྟོགས་པའི་མཆོག། འཆིང་གྲོལ་མེད་པ་གྲོལ་བའི་དམ་པ་ཡིན། ། བཅིངས་ན་གྲོལ་ཞིང་གྲོལ་ན་འཆིང།། ཡུལ་སེམས་གཉིས་སུ་མེད་པ་ནི།། བྱང་ཆུབ་སེམས་ཞེས་བདེ་གཤེགས་གསུང།། ཡུལ་སེམས་གཉིས་སུ་འདོད་པ་དང།། ཡུལ་མེད་སེམས་ལ་གསལ་སྟོང་དང།། ཡོད་མེད་རྟག་ཆད་འཁྲུལ་པའི་སེམས། ། འཁྲུལ་དང་མ་འཁྲུལ་གཉིས་མེད་ལ།། མ་འཁྲུལ་དགོས་ཆེད་གཉིས་ཡོད་འཁྲུལ།། དེ་དེ་ཉིད་དགོས་ཆེད་ཀྱིས།། དེ་མཚོན་འཁྲུལ་པ་བློ་བུར་དང།། མེད་པ་དང་ནི་ཅིར་མི་རུང། ། སྐབས་ཀྱིས་རེ་ཞིག་བརྗོད་པར་ཟད།། ཡུལ་སེམས་གཉིས་སུ་མེད་པ་ན།། དེ་མན་ཆོས་མེད་གཉིས་སུ་མེད།། སྣོད་བཅུད་རབ་འབྲིང་ཐ་མ་ཡིས།། བཤད་དུ་ཡོད་དང་བཤད་དུ་མེད།། བཤད་བྱ་བཤད་བྱེད་གཉིས་སུ་མེད། ། རྟོགས་སུ་ཡོད་དང་རྟོགས་སུ་མེད།། རྟོགས་བྱ་རྟོགས་བྱེད་གཉིས་སུ་མེད། སྒོམ་སྤྱོད་འབྲས་བུ་ལ་སོགས་མཚུངས།། བྱ་བ་མེད་པས་གྲོལ་བ་གྲོལ།། བྱ་མེད་ལྷུན་གྲུབ་རྫོགས་པ་ཆེ།། རྟོག་སྒོམ་འབྲས་བུ་འདོད་པ་དང། ། ཐར་པར་འདོད་པའི་ཡིད་ཅན་ལ།། བྱང་ཆུབ་ནམ་ཡང་ཡོད་མ་ཡིན།། རྡོ་རྗེ་སེམས་དཔའི་གསང་བའི་ཐིགས་པ་འདི།། དགའ་རབ་རྡོ་རྗེའི་ཐུགས་ལ་དབྱེར་མེད་ཐིམ།། ཞེས་ལྟ་བ་ལྷག་པ་བྱང་ཆུབ་སེམས་ཀྱི་གསང་བའི་ཐིགས་པ་ཞེས་བྱ་བ་སྟེ་དང་པོའོ། །།། བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ།། འཁོར་འདས་རྣམ་པ་གཉིས་ལ་ཡང།། ཆོས་ཅན་རྟོགས་དང་ཆོས་ཉིད་རྟོགས། ། བྱ་བ་ཡོད་དང་ལྷུན་གྱིས་གྲུབ།། དོན་རྟོགས་རྟགས་རྟོགས་འདུས་མ་བྱས།། བྱང་ཆུབ་སེམས་དང་འཕྲུལ་པའི་སེམས།། རང་བྱུང་རྟེན་བྱུང་ལ་སོགས་ཀྱིས།། འཁོར་འདས་གཉིས་སུ་ཤེས་མེད་ཤེས། ། སྨན་བདོ་ཙམ་ན་དུག་བདོ་སྤང།། སྨན་བདོ་ཙམ་ན་དུག་མི་གནས།། སྨན་བདོ་ཙམ་ན་དུག་ཀྱང་མེད།། སྨན་བདོ་ཙམ་ན་དུག་མ་སྤངས།། དེ་བཞིན་ཆོས་རྣམས་ཐམས་ཅད་ཀྱང།། སྣང་བདོ་ཙམ་ན་སྟོང་བདོ་སྟེ། ། སྣང་བདོ་ཙམ་ན་སྣང་མི་གནས།། གཉིས་དང་གཉིས་མེད་ལ་སོགས་དག། ཀུན་ཡིན་གང་ཡང་མ་ཡིན་དང།། གང་མ་ཡིན་ན་ཀུན་མི་གནས།། ཀུན་ཡིན་ན་ནི་གང་མིན་མན།། དེ་བས་བྱ་བྲལ་ཤེས་མེད་དང། ། བརྗོད་མེད་ཀུན་བཟང་རྡོ་རྗེ་དགྱེ།། ཤེས་བརྗོད་ལྟ་བུའི་སྡིག་པ་མེད།། བརྗོད་བྱ་རྗོད་བྱེད་ལ་སོགས་དང།། ཤེས་བྱ་ཤེས་བྱེད་གཉིས་མེད་ན།། ཆད་མེད་ཐམས་ཅད་ལྷུན་གྲུབ་སྐུ།། མཉམ་ཉིད་བསམ་འདས་གཉིས་མེད་དུ། ། རང་ཉིད་ཤེས་ཤིང་མ་གྱུར་ན།། ཚིག་ཏུ་ཇི་སྐད་བརྗོད་གྱུར་ཡང།། དབུལ་བོས་ཕྱུག་པོའི་ནོར་འགྲངས་འདྲ།། རང་ལ་མ་ཕན་གདུང་བས་འཛིན།། དེ་བས་རང་ཉིད་གཉིས་མེད་ན། ། ཤེས་བྱ་ཤེས་བྱེད་ལ་སོགས་མེད།། སྦྱངས་ནས་རྟོགས་ཐོབ་ཕྱིར་འདོད་དང།། རྟོགས་ཐོབ་ཐབས་ལ་བརྟེན་པ་དང།། བྱ་བ་མ་བྲལ་ཐབས་ཀྱིས་ཀྱང།། ཡང་དག་འབྲས་བུ་ཐོབ་པ་མེད།། བྱ་མེད་བྱེད་བྲལ་འབྲས་བུ་དེ། ། ཆོས་ཉིད་དོན་རྟོགས་བདེ་ཆེན་འགྲུབ།། འདོད་པ་མ་ཟད་འབྲས་བུ་དང།། འདོད་པས་གྲུབ་པའི་འབྲས་བུ་དང།། འདོད་པ་མེད་པས་ལེན་པ་ནི།། བྱ་བྲལ་ལྷུན་གྲུབ་ཤེས་པར་གྱིས།། མདོར་ན་ཆོས་རྣམས་ཐམས་ཅད་ནི། ། འཁོར་དང་མྱ་ངན་འདས་པ་སྟེ།། འཁོར་བའི་སེམས་རིག་འཁྲུལ་བའི་སེམས།། མྱ་ངན་འདས་རིག་བྱང་ཆུབ་སེམས།། སེམས་ཀྱི་ཡུལ་དང་རང་རིག་ཡུལ།། སྤྱོད་ཡུལ་དག་དང་མ་དག་གྱིས། ། འཁོར་འདས་གཉིས་སུ་རྒྱལ་བས་མན་ངག།། སྤྱོད་ཡུལ་དག་པའི་རྣལ་འབྱོར་ནི།། འཁོར་བར་ནམ་ཡང་མི་འཁོར་ཏེ།། རྟོགས་པ་བརྟེན་པར་མ་གྱུར་ན།། རྟེན་ནི་ཁམས་གསུམ་གནས་གྱུར་ཀྱང།། སེམས་དགོངས་རྣམ་དག་རྫོགས་སངས་རྒྱས། ། གལ་ཏེ་བརྟན་པར་མ་གྱུར་ན།། ཚོགས་དྲུག་འཇུག་པ་ལྷོད་པ་ཡིས།། དམྱལ་བའི་གནས་སུ་དེ་མི་སྐྱེ།། ཆོས་ཉིད་རྟོགས་དང་ལྡན་པ་ཡིས།། བྱོལ་སོང་གནས་སུ་དེ་མི་སྐྱེ། ། འདོད་པའི་གདུང་བ་ལྷོད་པ་ཡིས།། ཡི་དྭགས་གནས་སུ་དེ་མི་སྐྱེ།། འདོད་ཡོན་ལྔ་ལ་ཆགས་མེད་ཅིང།། སྤྱོད་ཀྱང་བསྟན་པོར་མ་མཐོང་སྟེ།། འཁྲུལ་ཞིག་རང་བཞིན་མེད་རྟོགས་པས།། ལྷ་ཡི་གནས་སུ་དེ་མི་སྐྱེ། ། མི་ཡི་ལུས་ཀྱི་རྟོགས་མཐུ་ཡིས།། གལ་ཏེ་རྟེན་ན་མི་ལུས་ཏེ།། གང་དུ་སྐྱེས་ཀྱང་རྣམ་དག་གསལ།། གང་དུ་གསལ་ཡང་མངོན་སངས་རྒྱས།། དེ་ལ་འཁོར་བའི་མིང་མི་གདགས།། དེ་བས་གསང་སྔགས་བདག་ཉིད་ཆེ། ། དོན་མེད་སྒྲ་ཕྱིར་དེ་འབྲངས་ནས།། དེ་ནི་འཐོམས་ནས་དམྱལ་བར་འགྲོ།། དེ་རྟོགས་དམྱལ་བའི་ས་བོན་ཟད།། དེ་རིང་ཕན་ཆོད་རྒྱལ་བའི་སྲས།། གཟུང་འཛིན་དབེན་པ་རྒྱལ་བ་སྟེ།། དེ་ན་རྟོག་པའི་སྲས་ཞེས་བྱའོ། ། རྟོག་པ་ཟད་ལ་རྟོགས་ཞེས་སྟེ།། རྟོག་པ་སྐྱེས་ན་འགག་པར་ངེས།། དེ་ནི་སྐྱེ་འཇིག་འཁོར་བའི་ཆོས།། མངོན་པར་ཤེས་པ་ལ་ཡང་གཉིས།། ཆོས་ཅན་མངོན་པར་ཤེས་པ་དང།། ཆོས་ཉིད་མངོན་པར་ཤེས་པ་སྟེ། ། ཤེས་པར་བྱ་བྱེད་གཅིག་ལས་མེད།། གཅིག་པོའི་དོན་དེ་འདི་ལྟར་སྟེ།། ཤེས་བྱ་ཤེས་བྱེད་གཉིས་ཡོད་ན།། ཆོས་ཅན་ཡིན་དེ་ཆོས་ཉིད་མིན།། དེ་རང་ཉིད་ལ་བྱེ་བྲག་མང།། ཐེག་པ་རེ་ལ་ལྟ་བ་རེ།། དེ་རེ་སྒོམ་རེ་མངོན་ཤེས་ཏེ། ། ཆཽས་ཉིད་མངོན་པར་ཤེས་པ་ནི།། ཤེས་དང་ཤེས་བྱ་གཉིས་མེད་ལ།། ཆོས་ཅན་ཤེས་བྱ་ཡང་དག་ལྡན།། དེ་སྤངས་ན་ཡང་དེ་མེད་དེ།། དེ་ཡོད་ན་ཡང་དེ་མེད་དོ།། རྣམ་པ་དག་ན་ལམ་ཆེན་རྙེད། ། གཉིས་སུ་མེད་ན་བདེ་ཆེན་ཐོབ།། གཟུང་འཛིན་དག་ན་ཡེ་ཤེས་ཆེ།། བྱ་བ་བྲལ་ན་རྫོགས་པ་ཆེ།། བྱེད་པ་བྲལ་ན་ལྷུན་གྱིས་གྲུབ།། སེམས་དང་ཆོས་ཉིད་ཡེ་ནས་གཉིས་མེད་ལ།། རྟོག་པར་འདོད་པས་ནམ་ཡང་ཐར་པ་མེད། ། མདོར་ན་སེམས་ཅན་སངས་རྒྱས་ཀྱང།། སེམས་ཆོས་གཉིས་སུ་ཡོད་མེད་ལས།། རྡོ་རྗེ་ཀུན་བཟང་མི་གསུང་ངོ།། སེམས་དང་ཆོས་ནི་གནིས་མེད་ན།། ལྟ་རྟོགས་ལ་སོགས་གང་གིས་ཀྱང། ། དེ་བས་བྱ་བྲལ་ལྷུན་རྫོགས་མོད།། དེ་བས་དམན་པའི་ཐེག་ཕྲན་ཀུན།། སེམས་ཀྱི་ཆོས་རྟོགས་རྟོགས་པས་དམན།། དེ་བས་བྱ་བྱེད་དྲང་དོན་མོད།། ཅེས། ཆོས་སེམས་གཉིས་སུ་མེད་པའི་གསང་ཐིགས་སྟེ། །།། མན་ངག་གཉིས་པའོ།། བཅོམ་ལྡན་འདས་ལོག་པར་དད་སེལ་ལ་ཕྱག་འཚལ་ལོ།། རྩོད་དང་གདམས་དག་བཤད་དང་གསུམ།། དབྱེ་བ་འདི་ཡིས་ཤེས་པར་བྱ།། རང་བཞིན་དག་པའི་ཀུན་གཞི་དང། ། རྟོགས་པ་དག་པའི་ཀུན་གཞི་དང།། འཛིན་པས་བསགས་པའི་ཀུན་གཞི་ལ།། འཁོར་བའི་ཀུན་གཞི་འདས་པའི་གཞི།། གཉིས་ཀའི་ཀུན་གཞི་དབྱེ་བ་ཡིས།། འབྱུང་བ་དང་ནི་འབྱུང་ཆེན་དང།། འབྱུང་ཆུང་གཞི་སྟེ་སོ་སོར་དབྱེ། ། འབྱུང་བ་ཆོས་ཉིད་འབྱུང་ཆེན་ནམ་མཁའ་ལ།། འབྱུང་ཆུང་རེ་རེ་ལ་ཡང་ལྔ།། ཆོས་ཉིད་འཁོར་འདས་ཀུན་གྱི་གཞི།། བྱང་སེམས་འདས་པ་ཀུན་གྱི་གཞི།། འཁྲུལ་སེམས་འཁོར་བ་ཀུན་གྱི་གཞི། ། སེམས་དག་སེམས་ལས་བྱུང་བ་དང།། སེམས་དང་སེམས་ལས་ཐིམ་པ་དང།། འཁོར་འདས་གཉིས་སུ་མཁས་པས་རིག། ཅི་ཡི་ཕྱིར་ན་སེམས་ཤེས་ན།། སེམས་བྱུང་བ་ཡི་སེམས་ཞེས་དང།། སེམས་ཐིམ་པ་ཡི་སེམས་ཞེས་དང། ། སེམས་འཛིན་པ་ཡི་སེམས་ཞེས་སོ།། གང་ལྟར་བྱུང་ཡང་དེ་དེ་ཉིད།། དེ་དེ་ཉིད་ཀྱང་འཁོར་འདས་གཉིས།། ཕྱི་དང་ནང་གི་མུ་སྟེགས་ཏེ།། འཁོར་བ་ཡིན་པར་རྒྱལ་བས་གསུངས།། འདས་པ་གཉིས་ཏེ་དོན་དང་རྟགས། ། དྲང་དོན་ངེས་དོན་ཞེས་ཀྱང་གསུངས།། ལམ་དང་ལམ་གྱི་གྲོགས་ཀྱང་གསུངས།། ལམ་ནི་རྣམ་པར་དག་པ་སྟེ།། དེ་མཚོན་གལ་ཏེ་སྲིད་པ་ཡིས།། ལམ་གྲོགས་ཨ་ནུ་མན་ཆོད་ལ།། ནང་གི་མུ་སྟེགས་ཞེས་བྱ་སྟེ། ། བསམ་ཡས་བསྡུ་ན་བཞི་རུ་འདུས།། ཕྱལ་དང་རྒྱང་འཕན་མུ་རྡུག་དང།། མུ་སྟེགས་བཞི་སྟེ་རྟག་ཆད་གཉིས།། ཕྱལ་བ་དགེ་སྡིག་རྒྱུ་འབྲས་དང།། སྔ་ཕྱི་མི་ཤེས་ཀུན་ཏུ་རྨོངས།། རྒྱང་འཕན་རྒྱུ་འབྲས་མི་ཤེས་ཏེ། ། འདི་ཡི་བཙན་ཕྱུག་མཐུ་སྟོབས་བསྒྲུབ།། མུ་རྡུག་པ་ཡི་རྒྱུ་འབྲས་མེད།། སྣང་སྲིད་འདི་ནི་བློ་བུར་བ།། དཔེར་ན་རླུང་ཚུབ་ལྟ་བུའོ།། དེ་བས་ཐམས་ཅད་ཆད་པར་འདོད།། མུ་སྟེགས་པ་ནི་རྟག་པར་འདོད། ། རྫོགས་སོ།།།། ཐིག་ལེ་ཉག་གཅིག་སྐུ་ལ་ཕྱག་འཚལ་ལོ།། ཤིན་ཏུ་རྣལ་འབྱོར་བརྒྱུད་པའི་རྒྱུད།། མན་ངག་ཐིག་ལེ་ཕྱི་རྒྱུད་ལས། ། ཐིག་ལེ་ཉག་གཅིག་བསྟན་པ་ནི།། སྟོན་པ་ཀུན་ཏུ་བཟང་པོ་ཡིས།། རྡོ་རྗེ་སེམས་དཔའ་ཉིད་ལ་བཤད།། དེ་ནས་དགའ་རབ་རྡོ་རྗེ་ལ།། ཚིག་རྒྱུད་གསལ་བར་བྱེད་པའི་དོན།། བྱིན་གྱིས་བརླབས་ཀྱིས་བཤད་པའི་དོན། ། ཆོས་ཀྱི་དབྱིངས་དང་འོག་མིན་གནས།། རྡོ་རྗེ་གདན་དུ་གསུངས་པའི་རྒྱུད།། ཉིད་ལས་མི་ཞན་རྒྱལ་སྲས་སྤྲུལ།། དབང་མེད་དད་པས་འདུས་པའི་འཁོར།། ངོ་བོ་ཉིད་ཀྱི་བསྟན་པ་དང།། ཐུགས་རྗེ་རང་ཤར་བསྟན་པ་དང། ། ཐ་དད་མོས་པའི་བསྟན་པ་དང།། རང་སྣང་འབྱེད་པ་མེད་པའི་དུས།། ཐུགས་རྗེ་འགག་པ་མེད་པའི་དུས།། འགྲོ་བ་མེད་པའི་དུས་གསུམ་དུ།། ཐིག་ལེ་འདུས་པའི་རྒྱུད་དུ་བསྟན་པའོ།། ཞེས་གསུངས་སོ། ། དེ་ནས་རོ་ལངས་བདེ་བ་ཡིས།། རྡོ་རྗེ་སེམས་དཔའ་ལ། ངོ་སྤྲོད་རྒྱུད་ཕྱི་མ་དང། ཕྱི་མའི་ཕྱི་མ་རྣམས་སུ་བཤད་པའོ།། ངོ་སྤྲོད་སྦས་པ་བདག་ལ་ཞུ།། ཞེས་གསུངས་སོ།། དེའི་ཚེ་དེའི་དུས་ན། རྣལ་འབྱོར་དབང་ཕྱུག་དགའ་རབ་རྡོ་རྗེ་ལ། ། རྡོ་རྗེ་སེམས་དཔས་ལུང་བསྟན་པའི་རྒྱུད།། དམ་པའི་ངོ་སྤྲོད་ཡང་དག་བཤད།། ཅེས་གསུངས་སོ།། ཐིག་ལེ་འདུས་པའི་ཕྱི་མའི་རྒྱུད་ལས། གླེང་གཞིའི་ལེའུ་སྟེ་དང་པོའོ། །།། དེ་ནས་ཡང་དག་བཤད་བྱ་བ།། ཉོན་ཅིག་ཐུགས་རྗེ་འགྲོ་བའི་མགོན།། ཐིག་ལེ་འདུས་པའི་ཕྱི་རྒྱུད་འདི།། ཐེག་པ་ཐམས་ཅད་ཀྱི་ཡང་རྗེ།། ལྟ་བ་ཐམས་ཅད་ཀྱི་ཡང་རབ།། ལུང་ཐམས་ཅད་ཀྱི་རྒྱལ་པོ། རྒྱུད་ཐམས་ཅད་ཀྱི་སྤྱི་འགྲེལ། མན་ངག་ཐམས་ཅད་ཀྱི་བཅུད་ཕྱུང་བ། ཐེག་པ་ཐམས་ཅད་ཀྱི་ཡང་རྩེའི། གདམས་པ་མཐར་ཐུག་རྗེན་པར་སྟོན་པའོ།། ཞེས་གསུངས་སོ།། དེའི་ཚེ་རོ་ལངས་བདེ་བ་རྗེས་སུ་ཡི་རང་ནས། གདམས་པའི་དོན་འདི་བཤད་དུ་གསོལ།། ཅེས་ཞུས་པས། ཐེག་པ་ཀུན་གྱི་ཡང་རྩེ་ནི།། རྒྱུད་ལུང་ཐམས་ཅད་ཀྱི་དོན་དམ་འདིའོ།། རྡོ་རྗེ་སེམས་དཔའ་ངོ་བོས་བཤད།། རྒྱུད་ལུང་ཐམས་ཅད་བརྡ་ཡི་དོན། ། དོན་འདི་རྟོགས་ན་ཐེག་པ་ཐམས་ཅད་ཀྱི་ཡང་རྩེའོ།། ལྟ་བ་ཐམས་ཅད་ཀྱི་ཡང་རབ་ནི། ཐེག་པ་འོག་མ་པ་ལ་སོགས་པ་གཞན་ནི་དམིགས་ཡུལ་ཡིན། འདི་ནི་དམིགས་པར་བྱ་བའི་ཡུལ་མིན་པས།། བསམ་པའི་ཡུལ་ལས་གྲོལ་བ་ཡི། ། རིག་པའི་ཡེ་ཤེས་རང་དུ་འཆར།། དེས་ན་ལྟ་བ་ཐམས་ཅད་ཀྱི་ཡང་རབ།། ལུང་ཐམས་ཅད་ཀྱི་རྒྱལ་པོ་ནི། ལུང་ནི་ཨ་ནུ་ཡོ་ག་ལ་བྱ་སྟེ། ལུང་དེ་འཛིན་པའི་དོན་རིག་པའི་ཡེ་ཤེས་སུ་འདུས་པས། དེས་ན་ལུང་ཐམས་ཅད་ཀྱི་ཡང་རབ་བོ།། རྒྱུད་ཐམས་ཅད་ཀྱི་སྤྱི་འགྲེལ་ནི། ཏནྟྲ་སྡེ་བསམ་གྱིས་མི་ཁྱབ་ཀྱང། ཐིག་ལེའི་དོན་འདུ་འབྲལ་མེད་པས་ན། རྒྱུད་ཐམས་ཅད་ཀྱི་སྤྱི་འགྲེལ་ལོ།། མན་ངག་ཐམས་ཅད་ཀྱི་བཅུད་ནི། ཉམས་བླངས་རིག་པའི་ཡེ་ཤེས་སུ།། ཐམས་ཅད་མ་ལུས་འདུས་བ་ན།། མན་ངག་ཐམས་ཅད་ཀྱི་བཅུད་དོ།། ཐེག་པའི་ཡང་རྩེ་ནི་རིམ་པ་དགུའོ།། ཡང་རྩེ་ནི་རིག་པ་ཕྱི་ནང་མེད་པའི་དོན་བསྟན་པའོ། ། ཞེས་གསུངས་སོ།། ཐིག་ལེ་འདུས་པ་ལས། ཡིད་ཆེས་ངེས་པ་ལྟ་བའི་ལེའུ་སྟེ་གཉིས་པའོ།།།། དེ་ནས་ཡང་དག་བཤད་བྱ་བ།། ཉོན་ཅིག་ཐུགས་རྗེ་འགྲོ་བའི་མགོན།། ངོ་སྤྲོད་རྐང་གྲངས་བསྟན་པ་ནི། ། སྒྲུབ་པ་མ་ཧཱ་ཡོ་ག་ལོ་ངོ་སྤྲད་པ་དང།། ལུང་ཨ་ནུ་ཡོ་ག་ལ་ངོ་སྤྲད་པ་དང།། རྫོགས་ཆེན་ལ་ངོ་སྤྲད་པ་དང།། སེམས་ཕྱོགས་ལ་ངོ་སྤྲད་པ་དང།། ཨ་ཏི་ལ་ངོ་སྤྲད་པ་དང།། འཁྲུལ་པ་ལ་ངོ་སྤྲད་པ་དང། ། འཁྲུལ་པ་གཞི་ལ་ངོ་སྤྲད་པ་དང།། ཀུན་ཏུ་བཟང་པོ་ལ་ངོ་སྤྲད་པ་དང།། རྡོ་རྗེ་སེམས་དཔའ་ལ་ངོ་སྤྲད་པ་དང།། དགའ་རབ་རྡོ་རྗེ་ལ་ངོ་སྤྲད་པ་དང།། འགྲོ་བ་རིགས་དྲུག་ལ་ངོ་སྤྲད་པ་དང། ། ཐུབ་པ་དྲུག་ལ་ངོ་སྤྲད་པ་དང།། སྦུགས་གསུམ་སྤྱན་གསུམ་ལ་ངོ་སྤྲད་པ་དང།། གྲོལ་བའི་དགོངས་པ་ལ་ངོ་སྤྲད་པ་དང།། དེ་ནས་ཡང་དེའི་ཚེ་དེའི་དུས་ན། རོལ་ལངས་བདེ་བ་རྗེས་སུ་ཡི་རང་བ་སྐྱེས་ནས། ། ལེགས་པར་གདམས་པ་བསྟན་དུ་གསོལ།། ཅེས་ཞུས་སོ།། ཐིག་ལེ་འདུས་པའི་ཕྱི་རྒྱུད་ལས། དགའ་རབ་རྡོ་རྗེ་ལ་ལུང་བསྟན་པ་ནི།། སྣང་ལ་རང་བཞིན་མེད་པ་སྒྱུ་མའི་སྐུ།། སྒྱུ་མའི་སྒྲ་དང་སྒྱུ་མའི་གསུང། ། སྒྱུ་མའི་ཐུགས་ལ་རོལ་པས་ན།། བཙལ་བ་མེད་པར་ལྷུན་གྱིས་གྲུབ།། ཕྱི་ནང་དུ་ཡེ་ཤེས་གསལ།། རྒྱུ་རྐྱེན་སྒྱུ་མ་ཡུལ་ལ་རོལ་པ་ཡ་ཆ།། རྡོ་རྗེ་སེམས་དཔའ་ཡི་དམ་ལྷ་མེད་པས།། རྡོ་རྗེ་སེམས་དཔའ་རྟོགས་པའི་གང་ཟག་ལ། ། རྩོལ་གྲུབ་ཆོས་ལ་མ་བརྟེན་པ་ཡ་ཆ།། རིག་པ་ཆོས་ལ་མ་རྟེན་སྒྱུ་མའི་སྐུ།། འོད་ལ་ཐོགས་རྡུགས་མེད་པ་ཡ་ཆ།། ཞེས་གསུངས་སོ།། ཐིག་ལེ་འདུས་པའི་ཕྱི་རྒྱུད་ལས། སྒྲུབ་པ་མ་ཧཱ་ཡོ་ག་ལ་ངོ་སྤྲད་པའི་ལེའུ་སྟེ་བཞི་པའོ། །།། དེ་ནས་ཡང་དག་བཤད་བྱ་བ།། རོ་ལངས་བདེ་བ་ཆེན་པོ་ཉོན།། ཨ་ནུ་ཡོ་གའི་ངོ་སྤྲོད་ནི།། རྡོ་རྗེ་སེམས་དཔའ་རང་རིག་རྟོགས།། བཙལ་དུ་མེད་པས་ཡུལ་ལས་གྲོལ། ། འཛིན་པ་མེད་པས་སེམས་ལས་གྲོལ།། སྐྱེ་འགག་མེད་པས་རང་སར་གྲོལ།། ཕྱི་ནང་མེད་པས་ཐིག་ལེར་གསལ།། ཕྱི་ནང་མེད་པའི་ཐིག་ལེ་ལ།། རིག་པར་རང་གྲོལ་གཉིས་སྣང་མེད།། ཕྱི་ནང་མེད་པས་ཐིག་ལེ་ཆོས་མིན་ཏེ། ། རྒྱུ་ལས་མ་བྱུང་ཡེ་ཤེས་གསལ།། ལུང་ལས་མ་བྱུང་འཛིན་པ་མེད་པ་ཡ་ཆ།། ཞེས་གསུངས་སོ།། ཐིག་ལེ་འདུས་པའི་ཕྱི་རྒྱུད་ལས། ལུང་ཨ་ནུ་ཡོ་ག་ལ་ངོ་སྤྲད་པའི་ལེའུ་སྟེ་ལྔ་པའོ། །།། དེ་ནས་ཡང་དག་བཤད་བྱ་བ།། རོ་ལངས་བདེ་བ་ཆེན་པོ་ཉོན།། རྫོགས་པ་ཆེན་པོའི་ངོ་སྤྲད་པ།། ཐིག་ལེ་འགག་མེད་མ་རྟོགས་ན།། རྣམ་པར་རྟོག་པ་ངོ་མ་ཤེས།། ཡོན་ཏན་ཆེན་པོར་ངོ་སྤྲད་པས། ། ཐམས་ཅད་རང་ལ་རྫོགས་པར་འདོད། ཐིག་ལེ་བརྟལ་ཁྱབ་ངོ་སྤྲད་པས།། སྐྱོན་དང་ཡོན་ཏན་རྣམ་རྟོག་ནི། ཐམས་ཅད་རང་ལ་རྫོགས་པར་འདོད།། བསྒོམ་བྱ་སྒོམ་བྱེད་སུན་འདོན་ཏེ།། སོ་སོ་སྐྱེ་བོར་གོལ་ཏེ་ཡ་ཆ། ། སྐྱོན་དང་ཡོན་ཏན་རྣམ་བཏགས་ཏེ།། སྐྱོན་ཡོན་ཕྱེ་བ་མེད་པས་ལུང་མ་བསྟན།། ཅེས་གསུངས་སོ།། ཐིག་ལེ་འདུས་པའི་རྒྱུད་ཕྱི་མ་ལས། རྫོགས་པ་ཆེན་པོ་ལ་ངོ་སྤྲད་པའི་ལེའུ་སྟེ་དྲུག་པའོ། །།། དེ་ནས་ཡང་དག་བཤད་བྱ་བ།། ཉོན་ཅིག་རོ་ལངས་བདེ་བ་ཆེན་པོ་ཁྱོད།། སེམས་ཕྱོགས་ངོ་སྤྲད་བསྟན་པ་ནི།། སེམས་ཅན་ཆུ་དང་འདྲ་སྟེ་ཐམས་ཅད་སྡུད།། རིག་པ་མེ་དང་འདྲ་སྟེ་ཐམས་ཅད་གཅོད། ། ཤེས་རབ་རླུང་དང་འདྲ་སྟེ་དངོས་མེད་གྲོལ།། སེམས་ནི་དབུགས་ལ་རྟེན་ཏེ་མཆི།། རིག་པ་ཡིད་ལ་གནས་ཏེ་རང་བྱུང་ཤེས།། སྐྱེ་འཆི་མེད་པས་རང་བྱུང་ཡིན།། སེམས་ལ་སངས་རྒྱས་རེ་བ་ཕུང་བ་ཡ་ཆ། ། རིག་པ་སྐྱེ་འཆི་མེད་པ་ཡ་ཆ།། སེམས་ཀྱི་སྣང་བ་འབྱུང་ལྔ་ཡིན་པས་ཡ་ཆ།། འབྱུང་ལྔ་འཆག་འཇིག་ཡོད་པ་ཡ་ཆ།། རིག་པའི་སྣང་བ་འོད་ལྔ་ཡིན་པ་ཡ་ཆ།། འོད་ལ་ཐོག་རྡུག་མེད་པ་ཡ་ཆ།། སེམས་ནི་ཆགས་སྡང་ལྔ་ལ་བརྟེན་པ་ཡ་ཆ། ། རིག་པ་ཡེ་ཤེས་ལྔ་ལ་གནས་པ་ཡ་ཆ།། སེམས་ནི་སྐྱེ་འགག་ཡོད་པ་ཡ་ཆ།། རིག་པ་འདུ་འབྲལ་མེད་པ་ཡ་ཆ།། སེམས་ལ་ཡེ་ཤེས་ཟེར་ནས་བསྒྲུབ་པ་ཡ་ཆ།། བསྒྲུབས་པས་གོལ་བ་ཡ་ཆ། ། སྤྱད་པས་འཆལ་པ་ཡ་ཆ།། སེམས་ལ་བརྟེན་པ་ཡ་ཆ།། སེམས་ལ་བརྟེན་པའི་འབྲས་བུ་ནི།། ཆགས་སྡང་ལྔ་ཡི་ངོ་བོ་སྟེ།། འགྲོ་དྲུག་རྒྱུ་ལས་ཐར་པ་ཡ་ཆ།། ཞེས་གསུངས་སོ།། ཐིག་ལེ་འདུས་པ་ཕྱི་མའི་རྒྱུད་ལས། སེམས་ཕྱོགས་ལ་ངོ་སྤྲད་པའི་ལེའུ་སྟེ་བདུན་པའོ།།།། དེ་ནས་ཡང་དག་བཤད་བྱ་བ།། དགའ་རབ་རྡོ་རྗེ་ཁྱོད་ཉོན་ཅིག། ཨ་ཏིའི་དོན་ལ་ངོ་སྤྲད་པ།། ཨ་ནི་སྐྱེ་མེད་ཐིག་ལེ་ལ།། ཏི་ནི་འགྱུར་མེད་འོད་གསལ་བས། ། ཨ་ནི་སྣང་ལུགས་ཆེན་པོ་སྟེ།། ཏི་ནི་ཆོས་ཉིད་སྣང་ལུགས་སོ།། སྣང་བ་འོད་གསལ་ཐོགས་རྡུགས་མེད།། རིག་པ་འགྱུར་མེད་རང་བཞིན་སྣང།། སྐྱེ་མེད་རྟོགས་པའི་རྣལ་མ་ལ།། ངང་གིས་མ་བཅོས་ཆོས་སྐུར་གསལ། ། རིག་པ་འགྱུར་མེད་ཏི་རུ་སྣང།། སྐྱེ་བ་མེད་པས་ཨ་རུ་སྣང།། ཏི་ནི་ཡིན་པར་གསལ་བར་ཡ་ཆ།། ཨ་ནི་སྐྱེ་བ་མེད་པ་ཡ་ཆ།། ཏི་ནི་འོད་གསལ་འགག་པ་མེད་པ་ཡ་ཆ།། ཞེས་གསུངས་སོ།། ཐིག་ལེ་འདུས་པ་ཕྱི་མའི་རྒྱུད་ལས། ཨ་ཏི་ལ་ངོ་སྤྲད་པའི་ལེའུ་སྟེ་བརྒྱད་པའོ།།།། དེ་ནས་ཡང་དག་བཤད་བྱ་བ།། དགའ་རབ་རྡོ་རྗེ་ཁྱོད་ཉོན་ཅིག། འཁྲུལ་བའི་གཞི་ལ་ངོ་སྤྲད་པ་ནི།། ཐོག་མ་མེད་པ་དུས་ཀྱི་དབྱིངས། ། སྒྲུབ་རྩལ་མིང་ཡང་མ་གྲུབ་པའི།། ཆཽས་དབྱིངས་དམ་པ་ཟད་མེད་པའི།། རོལ་པ་ལ་འགགས་པ་མེད་པ་ལས།། རང་ཤར་ཆེན་པོའི་སྟོན་པ་འཁྲུངས་པ་ཡ་ཆ།། རང་ཤར་ཆེན་པོའི་སྟོན་དེ། རྣོན་པོའི་སྟོན་པ་ཞེས་སུ་གྲགས། ། རིག་པ་རྣོ་ལ་གཅོད་པ་ཡ་ཆ།། འགྱུ་བ་ཐོལ་གང་སྟོན་པར་ཤར།། སྟོན་པ་འོད་སྲུངས་སུ་སྐུ་འཁྲུངས་པ་ཡ་ཆ།། སྟོན་པ་འོད་སྲུངས་ཀྱིས་ནང་ཀྱིས་བསླུས་པ་ཡ་ཆ།། འདོད་ལ་ཆགས་སྡང་སྐྱེས་པ་ཡ་ཆ། ། འདོད་ལ་ཆགས་སྡང་འཁྲུལ་པའི་རྒྱུ་རུ་འཁྲུལ་པ་ཡ་ཆ།། གཞི་འོད་གསལ་འགག་པ་མེད་པ་ཡ་ཆ།། འདོད་ལ་ཆགས་པས་ལུས་སུ་གྲུབ་པ་ཡ་ཆ།། སྐྱེ་མེད་རང་འོད་ཡིན་པ་ལ།། དཀར་དམར་ལྔ་རྒྱུར་སྣང་བ་ཡིས། ། བུང་བ་མེ་ཏོག་ཕྱེ་ལེབ་མེ་རུ་རུ་སྨིག་སྒྱུས་བསླུས་པ་ཡ་ཆ།། ཞེས་གསུངས་སོ།། ཐིག་ལེ་འདུས་པ་ཕྱི་མའི་རྒྱུད་ལས། འཁྲུལ་པ་འཁྲུལ་གཞི་ལ་ངོ་སྤྲད་པའི་ལེའུ་སྟེ་དགུ་པའོ། །།། དེ་ནས་ཡང་དག་བཤད་བྱ་བ།། ཉོན་ཅིག་རོ་ལངས་བདེ་བ་ཁྱོད།། ཀུན་བཟང་ངོ་སྤྲོད་བསྟན་པ་ནི།། ཕྱི་ནང་གསང་བ་གསུམ་དུ་ངོ་སྤྲད་ཅེས་གསུངས་སོ།། ཕྱི་ཡི་ཀུན་བཟང་ངོ་སྤྲད་པ།། གྲགས་པ་སྒྲ་ཡི་ཀུན་བཟང་ངོ། ། ནང་དུ་ཀུན་བཟང་ངོ་སྤྲད་པ།། རིག་པའི་ཡེ་ཤེས་ཁོ་ནའོ།། གསང་བའི་ཀུན་བཟང་ངོ་སྤྲད་པ།། ཐིག་ལེ་གཉིས་སྣང་མེད་པའོ།། རང་གི་མཚན་ཉིད་འདི་ལྟ་སྟེ།། རྣ་བ་ཆོས་ཉིད་ཀུན་བཟང་ཕྱི། ། རིག་པའི་ཤེས་རབ་ཀུན་བཟང་ནང།། ཕྱི་ནང་མེད་པར་ཤར་བ་ལ།། ཀུན་ཏུ་བཟང་པོ་གསང་བ་སྟེ།། ཕྱི་ཆོས་ཉིད་འདོད་པ་དེས།། ཀུན་བཟང་མཐོང་བ་མེད་པ་ཡ་ཆ།། མཐོང་བ་མ་ཡིན་རང་ཆས་ཡིན་པ་ཡ་ཆ། ། ཐིག་ལེ་བར་མཚམས་མེད་པ་ཡ་ཆ།། ཞེས་གསུངས་སོ།། ཐིག་ལེ་འདུས་པའི་ཕྱི་རྒྱུད་ལས། ཀུན་ཏུ་བཟང་པོ་ཕྱི་ནང་གསུམ་དུ་ངོ་སྤྲད་པའི་ལེའུ་སྟེ་བཅུ་པའོ།།།། དེ་ནས་ཡང་དག་བཤད་བྱ་བ།། ཉོན་ཅིག་རོ་ལངས་བདེ་བ་ཁྱོད། ། རྡོ་རྗེ་སེམས་དཔའི་ངོ་སྤྲོད་བསྟན་པ་ནི།། ཕྱི་ནང་གསང་བ་གསུམ་དུ་བཤད།། ཕྱི་ལྟར་བཤད་པ་དེ་ཉིད་དོ།། ནང་དུ་རང་བྱུང་ཡེ་ཤེས་ལ།། གསང་བ་ཐིག་ལེ་རང་ཤར་རོ།། ཕྱི་ཡི་ཆོས་ལ་རྟོག་སྤྱོད་པ། ། དེ་ནི་ང་ཡི་དོན་མེད་རྙེད།། རང་གྲོལ་ཤེས་ནས་རྟོགས་པ་ཡ་ཆ།། རང་གི་མཚན་ཉིད་ལྟ་བ་ནི།། རྟག་གི་ཡེ་ཤེས་སེམས་དཔའ་ཕྱི།། དོན་ནི་རང་རིག་ཡེ་ཤེས་ནང།། ཕྱི་ནང་མེད་དེ་གསང་བའོ།། ང་ནི་རང་བྱུང་ཡེ་ཤེས་ཁྱོད་ཉོན་ཡིན་པ་ཡ་ཆ། ། ཞེས་གསུངས་སོ།། ཐིག་ལེ་འདུས་པའི་ཕྱི་མའི་རྒྱུད་ལས། རྡོ་རྗེ་སེམས་དཔའ་ངོ་སྤྲོད་ཀྱི་ལེའུ་སྟེ་བཅུ་གཅིག་པའོ།།།། དེ་ནས་ཡང་དག་བཤད་བྱ་བ།། ཉོན་ཅིག་རོ་ལངས་བདེ་བ་ཁྱོད། ། རང་གི་མཚན་ཉིད་མ་ཤེས་ན།། སྤྱི་ཡི་དགོངས་པ་འདུག་གེ་ན།། འདུག་ན་སྤྱི་དང་ཁྱད་པར་མེད།། མེད་ན་གཅིག་རྟོགས་ཀུན་ཀྱང་གྲོལ།། དེས་ན་རང་གི་མཚན་ཉིད་ལ།། ངོ་སྤྲོད་གསེར་ལ་ནག་ཚུར་འདྲ། ། དཔེར་ན་ནེ་ཙོས་ཆོས་བཤད་འདྲ།། མིག་ནི་ཀུན་ཏུ་བཟང་པོ་ལ།། རྣམ་ཤེས་དགའ་རབ་རྡོ་རྗེ་ལ།། སྣང་བ་རྡོ་རྗེ་སེམས་དཔའ་འོ།། རྣ་བ་ཀུན་ཏུ་བཟང་པོ་ལ།། རྣམ་ཤེས་དགའ་རབ་རྡོ་རྗེའོ།། དགྲ་ནི་རྡོ་རྗེ་སེམས་དཔའ་ལ། ། སྣ་ནི་ཀུན་ཏུ་བཟང་པོའོ།། རྣམ་ཤེས་དགའ་རབ་རྡོ་རྗེ་ལ།། དྲི་ནི་རྡོ་རྗེ་སེམས་དཔའ་འོ།། ལྕེ་ནི་ཀུན་ཏུ་བཟང་པོ་ལ།། རྣམ་ཤེས་དགའ་རབ་རྡོ་རྗེའོ།། རོ་ནི་རྡོ་རྗེ་སེམས་དཔའ་ལ། ། ལུས་ནི་ཀུན་ཏུ་བཟང་པོའོ།། རེག་ནི་དགའ་རབ་རྡོ་རྗེ་ལ།། ཆོས་ནི་རྡོ་རྗེ་སེམས་དཔའ་འོ།། ཡིད་ཀྱི་རྣམ་ཤེས་དགའ་རབ་རྡོ་རྗེ་ལ།། ཡུལ་ནི་རྡོ་རྗེ་སེམས་དཔའ་འོ།། དབྱེར་མེད་ཀུན་ཏུ་བཟང་པོ་ལ། ། ཡིད་ནི་དགའ་རབ་རྡོ་རྗེ་འོ།། རྣམ་ཤེས་རྡོ་རྗེ་སེམས་དཔལ་ལ།། དབྱེར་མེད་ཀུན་ཏུ་བཟང་པོའོ།། ཀུན་གཞི་ཀུན་ཏུ་བཟང་པོ་ལ།། རྣམ་ཤེས་དགའ་རབ་རྡོ་རྗེ་སྟེ།། ཡིད་ཀྱི་རྣམ་ཤེས་རྡོ་རྗེ་སེམས་དཔའ་འོ།། སྒོ་ལྔ་ཡེ་ཤེས་རྣམ་པ་ལྔ། ། ལོངས་སྐུའི་ངོ་སྤྲོད་བསྟན་པའོ།། ཡིད་དང་ཡིད་ཀྱི་རྣམ་ཤེས་ནི།། སྤྲུལ་པ་སྐུ་ཡི་ངོ་སྤྲོད་བསྟན་པའོ།། ཀུན་གཞི་ཆོས་སྐུའི་ངོ་སྤྲོད་བསྟན་པའོ།། ཐོད་རང་གི་འདུག་ཚུལ་ཡིན་པ་ལ།། སྣང་བ་ལ་སྒྲུབ་པ་ཡ་ཆ། ། སེམས་ལ་རེ་བ་སྙིང་རེ་རྗེ།། ཞེས་གསུངས་སོ།། ཐིག་ལེ་འདུས་པའི་རྒྱུད་ཕྱི་མ་ལས། ཀུན་ཏུ་བཟང་པོ།། རྡོ་རྗེ་སེམས་དཔའ། དགའ་རབ་རྡོ་རྗེ། སྟོན་པ་གསུམ་རང་ལ་ངོ་སྤྲད་པའི་ལེའུ་སྟེ་བཅུ་གཉིས་པའོ། །།། དེ་ནས་ཡང་དག་བཤད་བྱ་བ།། ཉོན་ཅིག་རོ་ལངས་བདེ་བ་ཁྱོད།། འགྲོ་བ་རིགས་དྲུག་ངོ་སྤྲད་ནི།། དམིགས་པའི་ཡུལ་དང་མཐུན་པ་ནི།། དམིགས་པའི་འོད་ཟེར་སེར་པོ་ལ།། ཆགས་པས་མི་ཡི་ལུས་སུ་སྐྱེ། ། དམིགས་བྱའི་འོད་ཟེར་ལྗང་ཁུ་ལ།། ཆགས་པས་ལྷ་དང་ལྷ་མ་ཡིན།། དམིགས་པ་རང་སྣང་འོད་ཟེར་མཐིང་ཁ་ལ།། ཆགས་པས་བྱོལ་སོང་སྐྱེས་པའོ།། དམིགས་པ་རང་སྣང་དམར་པོ་ལ།། ཆགས་པས་ཡི་དགས་སྐྱེས་པའོ། ། དམིགས་པ་འོད་ཟེར་དཀར་པོ་ལ།། ཆགས་པས་དམྱལ་བར་སྐྱེས་པའོ།། སྤྱི་ཡི་མཚན་ཉིད་བསྟན་པ་ནི།། དུག་ལྔ་ཆགས་པའི་རྒྱུ་ཡིན་ཏེ།། འོད་ལྔ་འབྱུང་བ་ལྔ་པོའོ།། རང་གི་མཚན་ཉིད་བསྟན་པ་ནི། ། ལུས་ནི་འོད་ཟེར་ལྗང་ཁུར་འཕྲོ།། སྣ་ནི་འོད་ཟེར་སེར་པོར་འཕྲོ།། མིག་ནི་འོད་ཟེར་མཐིང་ཁར་འཕྲོ།། རྣ་བ་འོད་ཟེར་དཀར་པོར་འཕྲོ།། ལྕེ་ནི་འོད་ཟེར་དམར་པོའོ།། དེ་ལ་ཆགས་ནས་འགྲོ་དྲུག་ལ། ། རོལ་བ་འགག་མེད་བསམ་མི་ཁྱབ།། སྒོ་ལྔ་གྲོལ་ན་འོད་ལས་གྲོལ།། རྣམ་ཤེས་གྲོལ་ན་རྒྱུད་ལས་གྲོལ།། ངོ་བོ་གྲོལ་ན་གཞི་ལས་གྲོལ།། སྒོ་ལྔ་ཟང་ཐལ་ཆེན་པོ་ཡིན་པ་ཡ་ཆ།། རྣམ་ཤེས་རང་གྲོལ་ཡིན་པ་ཡ་ཆ། ། དབྱེར་མེད་ཐིག་ལེ་བསམ་བྱ་མིན་པ་ཡ་ཆ།། ཞེས་གསུངས་སོ།། ཐིག་ལེ་འདུས་པ་ཕྱི་མའི་རྒྱུད་ལས། འགྲོ་དྲུག་རང་གྲོལ་ངོ་སྤྲད་པའི་ལེའུ་སྟེ་བཅུ་གསུམ་པའོ།།།། དེ་ནས་ཡང་དག་བཤད་བྱ་བ། ། ཉོན་ཅིག་དགའ་རབ་རྡོ་རྗེ་ཁྱོད།། ཐུབ་པ་དྲུག་གི་ངོ་སྤྲད་པ།། དབང་པོ་བརྒྱ་བྱིན་བྱ་བ་གྲུབ་པའོ།། ཐག་བཟངས་རིས་ནི་རང་རིག་ཡེ་ཤེས་སོ།། ཤཱཀྱ་ཐུབ་པ་མཉམ་ཉིད་ཡེ་ཤེས་སོ།། ཁ་འབར་སོ་སོར་རྟོག་པའོ། ། རྟ་མཆོག་སྟོང་ཉིད་ཡེ་ཤེས་སོ།། གླང་མགོ་མེ་ལོང་ཡེ་ཤེས་སོ།། དེ་ཡང་སྤྱི་ཡི་མཚན་ཉིད་ཡིན་པ་ཡ་ཆ།། དབང་པོ་བརྒྱ་བྱིན་རབ་ལུས་ཡིན་པ་ཡ་ཆ།། ཐག་བཟངས་ཡིད་དུ་སྣང་བ་ཡ་ཆ། ། ཤཱཀ་ཐུབ་སྣ་རུ་སྣང་བ་ཡ་ཆ།། ཁ་འབར་ལྕེ་རུ་སྣང་བ་ཡ་ཆ།། རྟ་མཆོག་མིག་ལ་གནས་པ་ཡ་ཆ།། གླང་མགོ་ཅན་རྣ་བ་ཡིན་པས་ཡ་ཆ།། ཐུབ་དྲུག་གཞན་ནས་ཚོལ་བ་དེ།། དེ་ཡང་ཡིད་སྨོན་བློ་ཡི་ཆོས།། ཞེས་གསུངས་སོ། ། ཐིག་ལེ་འདུས་པའི་རྒྱུད་ཕྱི་མ་ལས།། ཐུབ་པ་དྲུག་ལ་ངོ་སྤྲད་པའི་ལེའུ་སྟེ་བཅུ་བཞི་པའོ།།།། དེ་ནས་ཡང་དག་བཤད་བྱ་བ།། ཉོན་ཅིག་དགའ་རབ་རྡོ་རྗེ་ཁྱོད།། སྦུབས་གསུམ་དག་ལ་ངོ་སྤྲོད་བསྟན་པ་ནི། ། ཕྱི་ནང་གསང་བ་གསུམ་དུ་བསྟན།། ཅེས་གསུངས་སོ།། ཕྱི་ཡི་སྦུབས་ནི་འོད་གསལ་བ།། ལོངས་སྐུའི་སྦུབས་ནི་སྣང་བའོ།། ནང་གི་སྦུབས་ནི་རང་ལུགས་སོ།། སྣང་གསུམ་རང་རྟགས་སྣང་བའོ། ། གསང་བའི་སྦུབས་ནི་རིག་པ་ལ།། ཡེ་ཤེས་གསུང་ཐུགས་རང་གྲོལ་ལོ།། ཕྱི་ཡི་སྤྱན་གསུམ་བསྟན་པ་ནི།། གཡས་པ་ཐབས་དང་གཡོན་པ་ཤེས་རབ་སྤྱན།། དབུས་ན་ཡེ་ཤེས་སྤྱན་གནས་པ།། དེ་ནི་ཕྱི་ཡི་སྤྱན་གསུམ་བསྟན་པ་ནི། ། ནང་གི་སྤྱན་གསུམ་བསྟན་པ་ནི།། སྙིང་ཁར་ཐབས་ལ་དམར་པོར་ཤེས།། ཟུང་དུ་འབྲེལ་བ་ཡེ་ཤེས་སྤྱན།། གསང་བའི་སྤྱན་གསུམ་བསྟན་པ་ནི།། ཐིག་ལེ་ཡེ་གསལ་ཐབས་ཀྱི་སྤྱན།། དེ་ཉིད་དངོས་མེད་ཤེས་རབ་སྤྱན། ། འདུ་འབྲལ་མེད་པ་ཡེ་ཤེས་སྤྱན།། སྤྱན་གསུམ་རང་ཆས་ཡིན་པ་ལ།། གཞན་ནས་ཐོབ་ཏུ་རེ་བ་ཡ་ཆ།། གྲོལ་བའི་དགོངས་པ་ཕྱི་ནང་གསང་བ་གསུམ།། འོད་ལས་གྲོལ་བ་ཟལ་ཐལ་ཡུལ། ། ལུས་ལས་གྲོལ་བ་ཡེ་ཤེས་སྤྱན།། རིག་པ་གྲོལ་བ་ཡེ་ཤེས་ཏེ།། དེ་ནི་སོལ་བ་རྣམ་གསུམ་ཡིན།། ཞེས་གསུངས་སོ།། ཐིག་ལེ་འདུས་པའི་རྒྱུད་ཕྱི་མ་ལས། གྲོལ་བའི་དགོངས་པ་བསྟན་པའི་ལེའུ་སྟེ་བཅོ་ལྔ་པའོ། །།། དེའི་ཚེ་དེའི་དུས་ན། རོ་ལངས་བདེ་བས།། རྡོ་རྗེ་སེམས་དཔའ་ལ་རྒྱུད་འདི་ནི་ཡི་གེ་མ་བུ་ལ་མ་བརྟེན་པས། འདི་ལ་ཚིག་ཙམ་དུ་ཇི་ལྟར་རྟགས་པར་བགྱི། ཞེས་ཞུས་པས། རྒྱུད་འདི་ནི་སྲིད་གསུམ་གསལ་བར་བྱེད་པས་ཐིག་ལེ་འདུས་པར་ཟུང་ཞིག། ཡེ་ཤེས་རབ་འབྲངས་རྡོ་རྗེའི་རྒྱུད་དུ་ཟུང།། ཐིག་ལེ་ཟང་ཐལ་རྒྱུད་དུ་ཟུང།། ཐིག་ལེ་རྗེས་སྟོན་རྒྱུད་དུ་ཟུང།། ཞེས་གསུངས་པས། རོ་ལངས་བདེ་བ་རྗེས་སུ་ཡི་རང་བའི་ལེའུ་སྟེ་བཅུ་དྲུག་པའོ། །།། ཚིག་དང་ཡི་གེ་ལ་འཇམ་དཔལ་ཤྲཱི་སིང་ཧས་བྲིས་པའོ།། ངོ་བོའི་རྒྱུད། ཐུགས་རྗེའི་རྒྱུད། ཚིག་དང་ཡི་གེའི་རྒྱུད་ལ། འདི་ཚིག་དང་ཡི་གེའི་རྒྱུད་དོ།། རྫོགས་སོ། །།།
CLOSE WINDOW