Wylie |
། འདོད་པའི་ཁམས་སུ་འཁྲུལ་ཀྱང་སྐུ་ལ་ཆགས་གྲུམ་མེད།། འདོད་པའི་ཁམས་སུ་འཁྲུལ་ཀྱང་གསུང་ལ་འགག་འགྲིབ་མེད།། འདོད་པའི་ཁམས་སུ་འཁྲུལ་ཀྱང་ཐུགས་ལ་སྐྱེ་ཤི་མེད། ། འདོད་པའི་ཁམས་སུ་ཁྲུལ་ཀྱང་ཞིང་ཁམས་སྟོར་བ་མེད།། ཆོས་ཀྱི་སྐུ་ཡི་ཡོན་ཏན་བརྗོད་པས་མི་ལང་སྟེ།། གཏི་མུག་མུན་པའི་གླིང་ན་རང་ཉིད་རང་ལ་གསང།། རང་གསང་ཐབས་ཀྱིས་ཆོད་པས་གཏི་མུག་མུན་པ་འདི། ། དཔལ་རྡཽ་རྗེ་འཛིན་པ་ཁྱོད་ཀྱིས་ཁྲོལ།། ཅེས་གསུངས་སོ།། ཕྱི་རྒྱུད་ཀྱི་ཡོན་ཏན་གྱི་ལེའུ་སྟེ་བརྒྱད་པའོ།།།། ཡང་དཔལ་རྡོ་རྗེ་འཛིན་པས་ཞུས་པས།། ཀྱེ་ཀྱེ་གསང་བའི་བདག་པོ་ལགས། ། ཕྱི་རྒྱུད་ཡུལ་གྱི་ཕྲ་རགས་བསྟན་དུ་གསོལ།། ཅེས་ཞུས་སོ།། གསང་བའི་བདག་པོས་གསུངས་པ།། དཔལ་རྡོ་རྗེ་འཛིན་པ་ཉོན་ཅིག། ཕྱི་རྒྱུད་ཡུལ་གྱི་མཚན་ཉིད་བརྟན་པ་ནི།། སྐུ་དང་ཡེ་ཤེས་གཉིས་མེད་ཆེན་པོ་དེ། ། གཉིས་མེད་ངང་ལ་གནས་ན་གཞི་ཡི་མཚན་ཉིད་ཡིན།། གཉིས་མེད་རྟོག་པ་ལངས་ན་སེམས་ཅན་མཚན་ཉིད་ཡིན།། གཉིས་མེད་མངོན་དུ་གྱུར་ན་འབྲས་བུ་ཆེན་པོ་ཡིན།། སྐུ་དང་ཡེ་ཤེས་གཉིས་མེད་དེ། ། མ་རྟོགས་རང་ལ་གསང་ན་འཁྲུལ་པའི་གཞི་ཡང་ཡིན།། སྐུ་དང་ཡེ་ཤེས་གཉིས་མེད་ལ།། མིང་མེད་མིང་དུ་བཏགས་ན་འཁྲུལ་བའི་གཞི་ཡང་ཡིན།། མིང་གི་བག་ཆགས་བརྟས་པ་འཁྲུལ་བའི་འབྲས་བུ་ཡིན། ། སྐུ་དང་ཡེ་ཤེས་གཉིས་མེད་ལ།། འགག་མེད་མ་འགགས་གཉིས་མེད་ཀྱིས།། སྣང་ཚུལ་ཐ་དད་རང་བཞིན་གཅིག་པ་ལ།། འགག་མེད་མིང་གི་བྱེ་བྲག་ཐ་དད་བཏགས།། དེ་ཡང་ཇི་ལྟར་བཏགས་པ་ནི།། སྐུ་ཡི་ཡོན་ཏན་ཁ་དོག་རྣམ་ལྔ་ལ། ། ཡེ་ཤེས་རྩལ་གྱི་འཁོར་ལོ་གསུམ་གཡོས་པས།། འཁོར་ལོ་གསུམ་རྩོལ་ཤུགས་མིང་གི་བྱེ་བྲག་ལྔ།། དེ་ཡང་ལྔ་གང་ཞེ་ན།། གསལ་དང་མི་གཡོ་རྒྱ་མ་ཆད།། མི་འགྱུར་གཡོ་འགུལ་ལྟ་བུར་བཏགས། ། གཡོ་འགུལ་དེ་ཡི་རྩལ་ཤུགས་ཀྱིས།། དང་པོ་ཅི་ཡིན་མནོ་བའི་ཡིད།། རབ་ཏུ་ཡིན་མིན་ལྟ་བུའི་ཡིད།། ཐ་མ་ཡིན་གདེང་ཡིད་དུ་སྐྱེས་པའོ།། ཡང་དང་པོ་ཅི་ཡིན་ཡིད་ལ་རྣམ་པ་གསུམ་སྟེ།། དེ་ཡང་གསུམ་གང་ཞེ་ན། ། སྐུ་ལ་ཅི་ཡིན་སྐྱེས་པ་དང།། ཡུལ་ལ་ཅི་ཡིན་སྐྱེས་པ་དང།། གསུང་ལ་ཅི་ཡིན་སྐྱེས་པའོ།། ཡང་ཡིན་མིན་ཡིད་ལ་རྣམ་གསུམ་སྟེ།། དེ་ཡང་གསུམ་གང་ཞེ་ན།། སྐུ་ལ་ཡིན་མིན་མིང་དུ་ལྟ་བ་དང། ། ཡུལ་ལ་ཡིན་མིན་ལྟ་བ་དང།། གསུང་ལ་ཡིན་མིན་མིང་དུ་ལྟ་བའོ།། ཡང་ཡིན་གདེང་ཡིད་ལ་རྣམ་པ་གསུམ།། དེ་ཡང་གསུམ་ང་ཞེ་ན།། སྐུ་ལ་མིང་མེད་མིང་དུ་བཏགགས་པ་ལ།། མིང་ལ་ཡིན་གདེང་ཡིད་དུ་སྐྱེས་པ་དང། ། ཡུལ་ལ་མིང་མེད་མིང་དུ་བཏགས་པ་ལ།། མིང་ལ་ཡིན་གདེང་ཡིད་དུ་སྐྱེས་པ་དང།། གསུང་ལ་མིང་མེད་མིང་དུ་བཏགས་པ་ལ།། མིང་ལ་ཡིན་གདེང་ཡིད་དུ་སྐྱེས་པའོ།། མིང་མེད་མིང་དུ་བཏགས་པས་མིང་གི་བག་ཆགས་བརྟས། ། མིང་གི་བག་ཆགས་མཐུ་བརྟས་པས།། དངོས་མེད་དངོས་སུ་སྣང་བ་སྟེ།། དེ་ཡང་ཇི་ལྟར་སྣང་བ་ནི།། སྐུའི་ཡོན་ཏན་དཀྱིལ་འཁོར་ཆེན་པོ་ལ།། ཁ་དོག་ལྔ་ཡི་མིང་བཏགས་མིང་དུ་འཁྲུལ། ། མིང་དུ་འཁྲུལ་ནས་དང་པོ་མིང་ལ་སྤྱོད།། ཡང་ཡེ་ཤེས་རྩལ་གྱི་འཁོར་ལོ་གསུམ་གཡོས་པས།། ཡིད་ཀྱི་རང་བཞིན་གཡོ་འགུལ་བཞག་ས་མེད་པ་ཡིས།། དཀྱིལ་འཁོར་ཆེན་པོ་དེ་ལ་མིང་མེད་མིང་དུ་བཏགས། ། དེ་ཡང་ཇི་ལྟར་བཏགས་པ་ནི།། དཀར་པོ་དང་ནི་སྔོན་པོ་དང།། དམར་པོ་དང་ནི་སེར་བོ་དང། ལྗང་ཀུའི་མིང་དང་ཁ་དོག་ལྔ་རུ་འཁྲུལ།། ཁ་དོག་ལྔ་ལ་སྤྱོད་ཅིང་དེ་ལ་འཁྲུལ་པའོ།། ཡང་ཡེ་ཤེས་རྩལ་གྱི་འཁོར་ལོ་གསུམ་གཡོས་པས། ། འགྱུ་བ་རྟེན་མེད་ལྔ་འཁྲུལ་མ་མྱོང་སྟེ།། རྟེན་མེད་ཡིད་ཀྱི་བག་ཆགས་ཆེར་བརྟས་ཏེ།། དཀྱིལ་འཁོར་ཆེན་པོ་གསལ་ལ་དྭངས་པ་ལ།། དཀར་པོ་ཤར་ལ་སྔོན་པོ་ལྷོ་རུ་བཏགས། ། དམར་པོ་ནུབ་ལ་སེར་པོ་བྱང་དུ་བཏགས།། ལྗང་ཀུ་སྟེང་འོག་ཕྱོགས་མཚམས་བཞི་ཡི་མིང་བཏགས་པས།། མིང་གི་བག་ཆགས་མཐུ་བརྟས་ནས།། དེ་ལ་གནས་ཤིང་དེ་ལ་སྤྱོད་པའོ།། ཡང་ཡེ་ཤེས་རྩལ་གྱི་འཁོར་ལོ་གསུམ་གཡོས་པས་རྩལ་གྱི་བགས་ཆགས་ཆེར་རྟས་ནས། ། སྐྱེ་མཆེད་མུ་བཞིའི་གནས་སུ་འཁྲུལ།། མུ་བཞིའི་གནས་ན་གནས་ཙམ་ན།། མིང་གི་བག་ཆགས་ཆེར་བརྟས་ནས།། མིང་གི་མུན་པས་སངས་རྒྱས་ཞིང་ཁམས་འགྲིབས། ། དབང་པོ་ལྔ་ཡི་ཡུལ་དུ་ད་རུང་མ་གྱུར་པས།། ཆོས་ཉིད་ཉན་ཤད་མེད་པས་དོན་དང་འཇལ་བ་དགའ།། གཟུགས་མེད་ཁམས་ཀྱིས་སྐུའི་ངོ་བོ་མེད་པས་ཐུབ་པའི་གསུང་མི་ཐོས།། ཡིད་ཀྱི་སྤྱོད་པ་ཕྲ་རགས་སྤྱོད་ཅིང་རྟོག་པ་ཐ་མར་བརྡལ། ། ཡིད་ཀྱི་རང་བཞིན་གཟུགས་བརྙན་རང་གི་རང་ལ་སྐུ།། གཟུགས་མེད་འདོད་པ་ཆེས་པས་གཟུགས་མེད་ཁམས།། གཟུགས་མེད་ཁམས་ཀྱི་ཕྱི་ཡི་སྣང་བ་ནི།། ཐ་དད་མ་ཡིན་གནས་རིགས་བཞི། ། གཟུགས་མེད་ཡིད་ལ་སྤྱོད་ཅིང་དེ་ལ་གནས་པའོ།། ཡང་ཡེ་ཤེས་རྩལ་གྱི་འཁོར་ལོ་གསུམ་གཡོས་པས།། ཡིད་ཀྱི་མིང་འདོགས་བག་ཆགས་ཆེར་རྟས་ཏེ།། གཟུགས་ཁམས་འོད་དང་ཆས་པར་འཁྲུལ་གཟུགས་ཁམས་ན་ཡང་ལྷ་རིགས་དྲུག་ཏུ་གནས། ། ཚད་མེད་དང་ནི་དགེ་རྒྱས་དང།། འཐབ་བྲལ་འོད་ཀྱི་ཕུང་པོ་དང།། རྒྱལ་ཆེན་རིགས་བཞི་སུམ་ཅུ་རྩ་གསུམ་ལྷ།། ཐག་བཟངས་རིགས་དང་དྲུག་ཏུ་འཁྲུལ། ། གཟུགས་ཁམས་ན་གནས་རིགས་བཅོ་བརྒྱད་དེ་དོན་ལ་ཅིག། གཟུགས་ཁམས་གནས་རིགས་བཅོ་བརྒྱད་ན།། མི་མཐུན་ཁྱད་པར་བསོད་ནམས་ཆེ་ཆུང་ཡོད།། ཆེ་ཆུང་ཇི་ལྟར་གནས་པ་ནི།། རྒྱལ་ཆེན་རིགས་བཞི་ཡན་ཆོད་ཕྱི་ཡི་སྣང་བ་གཅིག། དཔེར་ན་གསེར་ལ་གཡུས་སྤྲས་དངོས་མཚན་མེད།། སུམ་ཅུ་རྩ་གསུམ་གནས་ན་ཕྱི་ཡི་སྣང་བ་གཅིག། དེ་ཡང་ཇི་ལྟར་གཅིག་པ་ནི། ཡེ་ཤེས་རྩལ་གྱི་འཁོར་ལོ་གསུམ་གཡོས་པས། ། ཡིད་ཀྱི་མིང་འདོགས་བག་ཆགས་ཆེར་རྟས་ནས།། ཁ་དོག་ལྔ་ལ་མིང་བཏགས་དངོས་པོར་སྨིན།། དེ་ཡང་ཇི་ལྟར་སྨིན་པ་ནི།། དཀར་པོ་དངུལ་ལ་སྔོན་པོ་ལྕགས།། དམར་པོ་ཟངས་ལ་སེར་པོ་གསེར། ། སྔོན་པོ་བཻཌཱུརྻ་རུ་འཁྲུལ།། རིན་ཆེན་སྣ་ལྔར་འཁྲུལ་བས་དེ་ལ་གནས་ཤིང་སྤྱོད་པའོ།། ཡང་ཐག་བཟང་རིགས་ཀྱི་ཕྱི་ཡི་སྣང་བ་ནི།། རི་རབ་ཁོང་སེང་དཔག་བསམ་ལྗོན་པའི་ཤིང།། ཤིན་ཏུ་དྲི་ཞིམ་རིན་ཆེན་གསེར་གྱི་ས་གཞིའོ། ། ཡང་ཡེ་ཤེས་རྩལ་གྱིས་འཁོར་ལོ་གསུམ་གཡོས་པས།། ཡིད་ཀྱི་མིང་འདོགས་བག་ཆགས་ཆེར་གཡོས་ནས།། འདོད་ཁམས་གནས་རིགས་ཉི་ཤུའི་གནས་སུ་འཁྲུལ།། དེ་ཡང་ཇི་ལྟར་འཁྲུལ་ཞེ་ན། ། ཁ་དོག་ལྔ་ལ་མིང་བཏགས་མིང་སྨིན་པས།། མིང་གི་བག་ཆགས་བརྟས་པས་དངོས་མེད་དངོས་སུ་སྣང།། དེ་ཡང་ཇི་ལྟར་སྣང་བ་ནི།། དཀར་པོ་ནམ་མཁའ་སྔོན་པོ་ཆུ་རུ་སྣ།། དམར་པོ་མེ་ལ་སེར་པོས་རུ་སྣང། ། ལྗང་ཀུ་རླུང་དུ་བཏགས་པས་འདེགས་ཤིང་གཡོ་བ་དེ།། འབྱུང་བ་ལྔ་རུ་འཁྲུལ་ནས་ལྔ་རུ་སྤྱོད་པའོ།། ཕྱི་རྒྱུད་ཡུལ་གྱི་སྣང་བ་བསྟན་པའི་ལེའུ་སྟེ་དགུ་པའོ།། མང་དཔལ་རྡོ་རྗེ་འཛིན་པས་ཞུས་པ། ཀྱེ་ཀྱེ་གསང་བའི་བདག་པོ་ལགས། ། ཕྱི་ཡི་འཁྲུལ་ཚུལ་ཇི་ལྟར་འཁྲུལ་བ་ལགས། གསང་བའི་བདག་པོས་བསྟན་དུ་གསོལ།། གསང་བའི་བདག་པོས་གསུངས་པ་དཔལ་རྡོ་རྗེ་འཛིན་པ་ཁྱོད་ཉོན་ཅིག། སྐུ་ཡི་འཁྲུལ་ཚུལ་བསྟན་པ་ནི། ། ཐོག་མ་མེད་པའི་དུས་ཉིད་ན།། སངས་རྒྱས་སེམས་ཅན་མིང་མེད་དེ།། རང་བྱུང་སྐུ་ཡི་ངོ་བོ་བྱུང་བའི་ཚེ།། རང་གསལ་རྟོག་པ་མེད་པ་ལ།། ཆེ་བ་ལྔ་ཡི་ཡོན་ཏན་རང་བྱུང་ཚང་བར་བྱུང།། ཆེ་ལྔ་ཚང་བའི་སྐུ་ཡི་ངོ་བོ་ལ། ། འགྱུ་བ་རྟེན་མེད་ཡེ་ཤེས་རླུང་གཡོས་པས།། གཡོས་པ་དེ་ཡི་རྩལ་དུ་ཡིད་ཀྱི་ཐོལ་གང་བྱུང།། ཐོལ་གང་མིང་མེད་ཆུ་བུར་འབུར་བ་འདྲ།། ཐོལ་གང་མིང་མེད་སྐད་ཅིག་གང་འགྱུར་ཏེ། ། གྲངས་ཀྱི་སྔ་ཕྱི་གཉིས་མེད་གཅིག་ཏུ་བྱུང།། གཅིག་པོ་དེ་ལ་ཡིན་མེན་ལྟ་བ་རྣམ་གསུམ་སྟེ།། དང་པོ་ཅི་ཡིན་ལྟ་བ་དང།། བར་དུ་ཡིན་མིན་ལྟ་བ་དང།། གཞུག་ཏུ་ཡིན་གདེང་ལྟ་བའོ།། དེ་ཡང་ཇི་ལྟར་བལྟས་པ་ནི། ། ཡིད་བཞིན་སྐུ་ཡི་ངོ་བོ་ལ།། ནང་མེད་ནང་ན་ཡེ་ཤེས་ལྔ་རུ་གནས།། ཡེ་ཤེས་ལྔ་ཡི་ཆེ་བའི་ཡོན་ཏན་ལ།། མིང་མེད་མིང་དུ་བཏགས་པས་མིང་གི་བག་ཆགས་བརྟས།། དེ་ཡང་ཇི་ལྟར་བརྟས་པ་ནི།། ཡེ་ཤེས་རྩལ་གྱི་འཁོར་ལོ་གསུམ་གཡོས་པས། ། ཡེ་ཤེས་ལྔ་ཡི་ངོ་བོ་གསལ་བ་ལ།། ཡིད་ཀྱི་མིང་བརྟགས་མིང་གི་བག་ཆགས་བརྟས།། མེ་ལོང་ལྟ་བུའི་ཡེ་ཤེས་ལ།། གསལ་བྱེད་མགོ་རུ་བཏགས་པས་ཡན་ལག་མགོ་རུ་འཁྲུལ། ། མཉམ་པ་ཉིད་ཀྱི་ཡེ་ཤེས་གསལ་བ་ལ།། མཉམ་པའི་ལུས་སུ་བཏགས་ནས་ཡན་ལག་ལུས་སུ་འཁྲུལ།། སོ་སོར་རྟོག་པའི་ཡེ་ཤེས་གསལ་བ་ལ།། རྒྱ་མ་ཆད་དུ་བཏགས་ནས་ཡན་ལག་ལག་པར་འཁྲུལ། ། བྱ་བ་གྲུབ་པའི་ཡེ་ཤེས་འགྱུར་བ་མེད་པ་ལ།། འགྱུར་མེད་མཚན་མར་བཏགས་ནས་སྲིད་པའི་མཚན་མར་འཁྲུལ།། དབྱིངས་སྟོང་པའི་ཡེ་ཤེས་གསལ་ཞིང་ཡངས་པ་ལ།། ཡངས་ཞིང་འདེགས་པར་བཏགས་པས་འདེགས་པ་རྐང་པར་འཁྲུལ་བའོ། ། ཀྱེ་དཔལ་རྡོ་རྗེ་འཛིན་པ་ཉོན་ཅིག། སྐུ་དང་ཡེ་ཤེས་གཉིས་མེད།། གནས་པའི་དུས་སུ་གནས་པའི་གཞི་ཡང་ཡིན།། འཁྲུལ་པའི་དུས་སུ་འཁྲུལ་པའི་གཞི་ཡང་ཡིན། ། རང་ཉིད་རངས་སྤྱོད་འཁྲུལ་བ་ལྡོག་པའི་གཞི་ཡང་ཡིན།། རང་ཉིད་རང་ལ་བལྟམ་ན་རྟོག་པའི་གཞི་ཡང་ཡིན།། སྐུ་དང་ཡེ་ཤེས་ཆོད་ནས་འབྲས་བུ་མངོན་དུ་གྱུར།། རང་གིས་རང་བཞིན་མི་རྟོགས་བློ་ཡིས་བསླད་གྱུར་ན། ། གསལ་བ་ལྔ་ཡི་ཡོན་ཏན་ཡེ་ཤེས་རྣམ་ལྔ་ལ།། སྔ་བཞི་བཏགས་པས་དབང་པོ་ལྔ་ཡང་འཁྲུལ།། དེ་ཡང་ཇི་ལྟར་འཁྲུལ་བ་ནི།། མེ་ལོང་ལྟ་བུའི་ཡེ་ཤེས་གསལ་བ་ལ།། གསལ་བྱེད་མིང་དུ་བཏགས་པས་དབང་པོ་མིག་ཏུ་འཁྲུལ། ། མཉམ་པ་ཉིད་ཀྱི་ཡེ་ཤེས་གསལ་བ་ལ།། ཉན་བྱེད་རྣ་བ་བཏགས་པས་རྣ་བའི་དབང་པོར་འཁྲུལ།། སོ་སོར་རྟོག་པའི་ཡེ་ཤེས་སྣ་ཡི་དབང་པོར་འཁྲུལ།། བྱ་བ་གྲུབ་པའི་ཡེ་ཤེས་ལྕེ་ཡི་དབང་པོར་འཁྲུལ། ། དབྱིངས་སྟོང་པའི་ཡེ་ཤེས་ལུས་ཀྱི་དབང་པོར་འཁྲུལ་བའོ།། ཡང་དོན་སྙིང་ལྔ་ཡི་འཁྲུལ་ཚུལ་བསྟན་པ་ནི།། གསལ་བ་དག་པ་སྙིང་དུ་འཁྲུལ།། གཡོ་མེད་དག་པ་གློ་བར་འཁྲུལ།། རྒྱ་མ་ཆད་པ་མཆིན་པར་འཁྲུལ། ། མི་འགྱུར་བ་ལས་མཆེར་པར་འཁྲུལ།། གཡོ་ཞིང་འགུལ་བ་མཁལ་མར་འཁྲུལ་པའོ།། ཡང་གསལ་མི་གཡོ་རྒྱ་མ་ཆད།། འཁྲུལ་བ་ཀུན་གྱི་གཞི་ཡིན་ཏེ།། དེའང་ཇི་ལྟར་ཡིན་པ་ནི། ། གསལ་བ་དག་ལས་ཕོ་སུལ་གཉིས་སུ་འཁྲུལ།། མི་གཡོ་བ་ལས་ལོང་བྲོད་གཉིས་སུ་ནི།། རྒྱ་མ་ཆད་ལས་རྒྱུ་མའི་མིང་དུ་འཁྲུལ།། མི་འགྱུར་བ་ལས་གཉེ་མའི་མིང་དུ་འཁྲུལ།། གཡོ་ཞིང་འགུལ་བ་སྒང་པའི་མིང་དུ་འཁྲུལ་པའོ། ། ཡང་གསལ་དང་མི་གཡོ་རྒྱ་མ་ཆད།། མི་འགྱུར་གཡོ་ཞིང་འགུལ་བ་དེ།། འཁྲུལ་པ་ཀུན་གྱི་གཞི་ཡིན།། དེ་ཡང་ཇི་ལྟར་ཡིན་པ་ནི།། གསལ་བ་ལྔ་ལས་ནད་ལྔར་འཁྲུལ།། གཏིང་གསལ་ཆེན་པོ་གཡས་གཡོན་མེད་པར་གསལ་བ་ལ། ། གསལ་བ་དེ་ལས་རླུང་གི་ནད་དུ་འཁྲུལ།། མི་གཡོ་བ་ལས་བད་ཀན་ནད་དུ་འཁྲུལ།། རྒྱ་མ་ཆད་ལས་ཁྲག་གི་ནད་དུ་འཁྲུལ།། མི་འགྱུར་བ་ལས་མཁྲིས་པའི་ནད་དུ་འཁྲུལ། ། མི་འགྱུར་གཡོ་འགུལ་ལྟ་བུ་ལ།། ནད་ཀྱི་བྱེ་བྲག་འདུས་པའི་ནད་དུ་འགྱུར།། མི་འགྱུར་གཡོ་འགུལ་ལྟ་བུ་དེ།། ཆེ་བའི་ཡོན་ཏན་ཡིན་ཏེ་དོན་གྱི་སྣང་བ་ཅིག། དེ་ཡང་ཇི་ལྟར་ཅིག་པ་ནི།། ཡེ་ཤེས་རྩལ་གྱི་འཁོར་ལོ་གསུམ་གཡོས་པས། ། གསུམ་དུ་གཡོས་ཀྱང་གཅོད་ལུགས་གཉིས་ལས་མེད།། གསལ་བ་ལྔ་ལས་མིང་བཏགས་ཐུ་ལ་གཡོས་པའི་ཚེ།། ཡིད་ཀྱི་རྣམ་རྟོག་འཁྲུལ་པའི་ལམ་ཡིན་ནོ།། ལམ་གྱི་བག་ཆགས་ཆེར་བརྟས་མིང་ལ་ཞེན་པ་ནི། ། འཁྲུལ་པའི་འབྲས་བུ་དངོས་པོར་སྨིན་པའོ།། གསལ་བ་ལྔ་ཡི་ཡོན་ཏན་ཡེ་ནས་རྒྱས་པ་ལ།། རྒྱུད་ཆེན་འདི་ཡི་སྒོར་ཞུགས་ནས།། འཁོར་ལོ་གསུམ་དུ་ཡིད་གཡོས་དོན་ལ་གཡོ་བ་ནི། ། འཁྲུལ་བ་ལྡོག་པའི་ལམ་ཡིན་དོན་དང་འཇལ་བར་ངེས།། དེ་ཡང་ཇི་ལྟར་འཇལ་བ་ནི།། གསལ་དང་མི་གཡོ་རྒྱ་མ་ཆད།། མི་འགྱུར་འགག་པ་མེད་པ་དེ།། གཡོ་བ་མེད་ན་གཞི་ཡི་གནས་ལུགས་ཏེ། ། གཡོ་འགུལ་མིང་དུ་བཏགས་ན་འཁྲུལ་བའི་ལམ།། དངོས་པོ་ཀུན་གྱི་བག་ཆགས་དངོས་པོར་སྨིན་པ་དེ།། རང་སར་ཁྲོལ་ན་འབྲས་བུ་ཆེན་པོ་ཡིན།། རང་སར་ཁྲོལ་བའི་སྐྱེས་བུ་ཆེན་པོ་ལ།། བསྒོམ་བྱ་སྒོམ་བྱེད་གཉིས་མེད་དེ། ། ཤེས་རབ་ལམ་དུ་ཁྱེར་བ་ནི།། རྡོ་རྗེ་སེམས་དཔའ་ཉིད་དང་མཚུངས།། གསལ་གདང་དང་ལ་འཇོག་པ་ནི།། ཀུན་ཏུ་བཟང་པོ་ཉིད་དང་མཚུངས།། སངས་རྒྱས་ཆེ་བའི་ཡོན་ཏན་ནི།། ནམ་མཁའ་བཞིན་དུ་ཀུན་ལ་ཁྱབ། ། ཀུན་ལ་ཁྱབ་ཀྱང་རང་གསང་ཐབས་ཀྱིས་ཆོད།། རང་ཉིད་རང་ལ་གསང་བའི་མུན་པ་འདི།། རྡོ་རྗེ་འཛིན་པ་ཁྱོད་ཀྱིས་སོལ།། སྤྲུལ་པ་སྐུའི་ཕྱིའི་རྒྱུད་གསུམ།། སྣང་ཚུང་ཐ་དད་དོན་གྱི་ངོ་བོ་གཅིག། རིའི་མཐོ་དམན་ལུང་པའི་ཡངས་དོག། རྩི་ཤིང་ནགས་ཚལ་གཡང་ས་དང།། རིན་ཆེན་སྣ་ལྔ་རི་རབ་ཁོང་སེང་དང།། བྱེ་ཚན་མོ་དང་མེ་མར་མོ།། གླིང་བཞི་མུན་པའི་དཀྱིལ་འཁོར་དང།། ཤན་མ་རི་དང་སྤུ་གྲི་སོ། ། ཚ་གྲངས་ལ་སོགས་རོ་མྱགས་འདམ་ལ་སོགས།། རྟག་པ་ཐེར་ཟུག་དོན་གྱི་སྣང་བ་མིན།། སྨིག་སྒྱུའི་ཆ་རྣམས་རབ་རིབ་མིག་དང་མཚུངས།། སྐུའི་འཁྲུལ་པའི་སྣང་བ་ནི།། གཟུགས་ཁམས་འོད་དང་ཆས་བ་དང། ། ལེགས་པ་དང་ནི་མ་ལེགས་པ།། ཕྲད་པ་དང་ནི་ཟླུམ་པ་དང།། རིང་བ་དང་ནི་ཐུང་བ་དང།། རྐང་མངས་དང་ནི་རྐང་ཉུང་དང།། གནམ་ལ་འཕུར་བ་ས་ལ་འཛུལ་བ་རྣམས།། ཡང་དག་དོན་གྱི་སྐུ་མ་ཡིན། ། འགྱུར་མེད་དོན་གྱི་ངོ་བོ་མེད།། སྨིག་སྒྱུའི་ཆུ་དང་རབ་རིབ་མིག་དང་མཚུངས།། འཁྲུལ་སྣང་མི་བདེན་དོན་གྱི་སྣང་བ་འགྱུར་བ་མེད།། འཁྲུལ་སྣང་མི་བདེན་སྐུ་ལ་འགྱུར་བ་མེད།། འཁྲུལ་སྣང་མི་བདེན་གསུང་ལ་འགག་འགྲིབ་མེད། ། འདོད་པའི་ཁམས་སུ་ཇི་ལྟར་འཁོར་མོད་ཀྱང།། འགྱུར་མེད་རྒྱན་དང་ལྡན་པས་ན།། ཡོན་ཏན་རྒྱ་མ་ཆད་པའི་རྒྱུད་དུ་བསྟེན་པའོ།། ཕྱི་རྒྱུད་འཁྲུལ་སྣང་སྐུ་དང་སྦྱར་བའི་ལེའུ་སྟེ་བཅུ་པའོ། །།། དཔལ་རྡོ་རྗེ་འཛིན་པས་ཞུས་པ།། ཀྱེ་ཀྱེ་གསང་བའི་བདག་པོ་ལགས།། སྤྲུལ་པའི་སྐུ་ཡི་ངོ་བོ་ཡི།། ནང་རྒྱུད་འཁྲུལ་སྣང་ཇི་ལྟར་ལགས།། ཞེས་ཞུས་སོ།། གསང་བའི་བདག་པོས་བཀའ་སྩལ་པ། ། དཔལ་རྡོ་རྗེ་འཛིན་པ་ཁྱོད་ཉོན་ཅིག། ནང་རྒྱུད་གསུམ་གྱི་འཁྲུལ་ཚུལ་བསྟན་པ་ནི།། སྐུ་དང་ཡེ་ཤེས་གཉིས་མེད་ཆེན་པོ་དེ།། ནང་རྒྱུད་འཁྲུལ་པའི་གཞི་ཡང་ཡིན།། དེ་ཡང་ཇི་ལྟར་ཡིན་པ་ནི།། གསལ་བ་ལྔ་ཡི་ཡོན་ཏན་རང་ལ་གནས་པ་ལ། ། འཁོར་ལ་གསུམ་དུ་ཡིད་གཡོས་ཡིད་ཀྱི་རྩལ་ཤུགས་ཀྱིས།། གསལ་བ་ལྔ་ལ་མིང་བཏགས་མིང་གི་བག་ཆགས་བརྟས།། དེ་ཡང་ཇི་ལྟར་བཏགས་པ་ནི།། གསལ་བའི་རྩ་དང་མི་གཡོ་བ་ཡི་རྩ། ། རྒྱ་མ་ཆད་ཀྱི་རྩ་དང་མི་འགྱུར་རྩ།། མ་འགགས་གཡོ་ཞིང་ལྡོག་པའི་རྩ་དང་ལྔར་བཏགས་པའོ།། ཡང་རྩའི་དོན་ལ་གནས་ལུགས་རྣམ་ལྔ་སྟེ།། དེ་ཡང་ལྔ་གང་ཞེ་ན།། གསལ་བའི་རྩ་ནི་སྤྱི་བོའི་བཙུག་ན་གནས། ། གཡོ་བ་མེད་པའི་རྩ་ནི་སྙིང་གི་དཀྱིལ་ན་གནས།། རྒྱ་མ་ཆད་ཀྱི་རྩ་ནི་ལྟེ་བའི་དཀྱིལ་ན་གནས།། མི་འགྱུར་བའི་རྩ་ནི་མཚན་མའི་དཀྱིལ་ན་གནས།། གཡོ་ཞིང་འདེགས་པའི་རྩ་ནི་རྐང་པའི་དཀྱིལ་ན་གནས། ། རྩ་ཡི་གནས་ལུགས་མདོར་བསྡུས་རྣམ་ལྔ་ལ།། འཁོར་ལོ་གསུམ་དུ་ཡིད་གཡོས་ཡིད་ཀྱི་རྩལ་ཤུགས་ཀྱིས།། རང་གི་རྣམ་རྟོག་གཡོ་ཞིང་འགུལ་བ་ལ།། རྟོག་པ་སྐད་ཅིག་རྩ་གྲངས་མིང་དུ་བཏགས། ། དེ་ཡང་ཇི་ལྟར་བཏགས་པ་ནི།། ཉི་ཁྲི་ཆིག་སྟོང་མིང་བཏགས་དངོས་པོར་སྨིན།། རྩ་ཡི་ཡན་ལག་བརྗོད་པས་མི་ལང་ཀྱང།། རྩ་ཡི་མིང་རྣམས་མི་བདེན་རྩ་རྣམས་རང་སར་གྲོལ།། རྩ་རྣམས་རང་སར་ཇི་ལྟར་དགྲོལ་བ་ནི། ། རྩ་ཡི་གནས་ལུགས་མདོར་བསྡུས་རྣམ་ལྔའོ།། གསལ་བའི་རྩ་ནི་གཏིང་གསལ་ཆེན་པོར་གྲོལ།། མི་གཡོ་བའི་རྩ་ནི་གསལ་བའི་ངང་ལ་གནས།། རྒྱ་ཆད་མེད་པའི་རྩ་ནི་ཐམས་ཅད་དབྱེར་མེད་གནས་ལུགས་ཅིག། འགྱུར་བ་མེད་པའི་རྩ་ནི་གཉིས་མེད་འབྲས་བུ་ཆེ།། གཡོ་ཞིང་འདོགས་པའི་རྩ་ནི་མ་འགགས་ཡོན་ཏན་ཆེ།། རྩ་ཡི་རྩ་བ་ཆེ་བ་ལྔ་རུ་འདུས།། ཆེ་བ་ལྔ་ནི་སངས་རྒྱས་ཀུན་གྱི་མཚན།། ཆེ་བ་ལྔ་ཡི་དོན་རྟོགས་ལྔ་ལ་གནས་གྱུར་ན། ། དེ་ལྟར་གནས་ན་སངས་རྒྱས་ཀུན་གྱི་རྗེ་བཙན་ཡིན།། སྐྱེས་བུའི་གང་ཟག་བློ་དང་རྩལ་ལྡན་ན།། རྩ་བའི་མིང་མེད་རྩ་བའི་ངང་ལ་ཞོག། གསལ་བའི་མིང་མེད་གསལ་བའི་མིང་ཡང་བློ་ཡིན་པས། ། མིང་མེད་གསལ་བའི་མིང་དུ་མྱང་འདས་ཆེན་པོའི་སྐུ།། ཡང་རྡོ་རྗེ་འཛིན་པ་ཉོན་ཅིག། ཡང་དག་དོན་གྱི་འབྲས་བུ་ནི།། རྩ་ལ་སྦྱངས་བས་ཐོབ་པར་མི་འགྱུར་ཏེ།། གཏིང་བསལ་ཆེན་པོ་དོན་རྟོགས་འགྱུར་བ་མེད་པ་ལ། ། བདེ་སྟོང་གཉིས་མེད་ལམ་གྱི་ཕྱག་རྒྱར་ཆེ།། རྩ་ལ་འབྱོངས་ན་ནད་ཀྱི་ཟུག་རྔུ་ཆོམས།། གཏུམ་མོ་ལུས་ལ་སྤར་ན་གྲང་བའི་སྡུག་བསྔལ་ཞི།། བདེ་བ་ལུས་ལ་རྒྱས་ན་སྡུག་བསྔལ་ཞེན་པ་ལྡོག། ཐིག་ལེ་འབེབས་འདྲིལ་བདེ་བའི་མཐའ་རྒྱས་ན།། ཁམས་ཀྱི་ཟས་ལ་མ་བརྟེན་ལུས་ཀྱི་གཟི་མདངས་རྒྱས།། བདེ་སྟོང་དབྱེར་མེད་རླུང་གིས་འདེགས་ཤེས་ན།། རྐྱེན་གྱི་སྡུག་བསྔལ་མི་འབྱུང་ཚེ་ཡི་དངོས་གྲུབ་ཐོབ། ། དཔེར་ན་ཉི་མའི་སྙིང་པོ་བཞིན།། མེ་ཆུའི་བསྐལ་པ་དར་བའི་ཚེ།། འགྱུར་མེད་མཁའ་ལ་ཉི་ཟླ་བཞིན་དུ་གནས།། རྟོག་པ་མ་བསྐྱེད་ནང་ནས་ཤིན་ཏུ་གསལ་བར་འཆར།། ཤེས་རབ་ནང་ནས་ཤར་བའི་ཚེ། ། སྐད་ཅིག་མ་ཡིས་རྡོ་རྗེ་འཛིན་པའི་ས།། རྩ་ཡི་འཛིན་མེད་བདེ་བའི་ཆགས་མེད་ན།། ཕུང་པོ་ལྷག་མེད་མཉམ་པ་ཆེན་པོའི་ངང།། དེ་ཡི་ཕྱི་ན་རྩ་དང་ཐིག་ལེ་སྦྱར་བའོ།། ནང་རྒྱུད་རྩའི་གནས་ལུགས་བསྟན་པའི་ལེའུ་སྟེ་བཅུ་གཅིག་པའོ། །།། ཡང་དཔལ་རྡོ་རྗེ་འཛིན་པས་ཞུས་པ།། ཀྱེ་ཀྱེ་གསང་བའི་བདག་པོ་ལགས།། རྩ་ཡི་གནས་ལུགས་ཇི་ལྟར་གནས་པ་དང།། གཏུམ་མོ་ཇི་ལྟར་སྤོར་བ་དང། ། རླུང་གི་གཞུག་ལུགས་ཇི་ལྟར་བཞུགས་པ་དང།། ཐིག་ལེའི་འབེབས་འདྲིལ་ཇི་ལྟར་བགྱིད་པ་ལགས།། ཞེས་ཞུས་སོ།། གསང་བའི་བདག་པོས་གསུངས་པ།། རྡོ་རྗེ་འཛིན་པ་ཁྱོད་ཉོན་ཅིག། ཅེས་པ་རྩ་ཡི་གནས་ལུགས་ནི། ། སྤྱི་བོའི་གཙུག་ན་བདེ་བ་མི་འགྱུར་བའི་རྩ།། སྙིང་གི་དཀྱིལ་ན་གཡོ་མེད་མཉམ་པ་ཆེན་པོ་རྩ།། ལྟེ་བའི་དཀྱིལ་ན་རྒྱ་ཆད་ཕྱོགས་ལྷུང་མེད་པའི་རྩ།། མཚན་མའི་དབྱིངས་ན་འགྱུར་མེད་བདེ་བ་གཡོ་བའི་རྩ། ། རྐང་པའི་མཐིལ་ན་འདེགས་བྱེད་ཀུན་ལ་ཁྱབ་པའི་རྩ།། རྩ་ལྔའི་དབྱིངས་ན་ཐིག་ལེའི་འཁོར་ལོ་ལྔ་གནས་ཏེ།། དེ་ཡང་ཇི་ལྟར་གནས་པ་ནི།། བདེ་བ་ཆེན་པོ་འཁོར་ལོ་སྤྱི་བོའི་རྩ་ལ་གནས། ། ལོངས་སྤྱོད་ཆེན་པོའི་འཁོར་ལོའི་ཙིཏྟའི་རྩ་ལ་གནས།། སྤྲུལ་པ་ཆེན་པོའི་འཁོར་ལོ་ལྟེ་བའི་རྩ་ལ་གནས།། སྐུ་གསུམ་འགྱུར་མེད་རྩ་ནི་མཚན་མའི་རྩ་ལ་གནས།། སྐུ་གསུམ་ཡོན་ཏན་རྩ་ནི་རྐང་པའི་མཐིལ་ན་གནས། ། འཁོར་ལོ་ལྔ་ཡི་མཚན་ལྡན་དོན་ལ་སྦྱར་བ་ནི།། སྤྱི་བོ་བདེ་བ་ཆེན་པོའི་འཁོར་ལོ་ནི།། སྐུ་ལ་འགྱུར་མེད་ཐིག་ལེ་ཆེན་པོར་གནས།། སྙིང་ཁ་ཆོས་ཀྱི་འཁོར་ལོ་ལོངས་སྤྱོད་རྫོགས་པ་ན།། ཐིག་ལེ་འགྱུར་མེད་འཕྲིན་ལས་དོན་དང་ལྡན། ། ལྟེ་བ་སྤྲུལ་པའི་འཁོར་ལོ་ན།། ཐམས་ཅད་བསྐྱེད་པའི་འཁོར་ལོ་ཡུམ་གྱི་མཆོག། མཚན་མ་འགྱུར་མེད་བདེ་བའི་འཁོར་ལོ་ན།། ཐིག་ལེ་འབེབས་འདྲིལ་བདེ་བ་ཆེན་པའི་མཆོག། འདེགས་བྱེད་རླུང་གི་འཁོར་ལོ་ན།། བསྐྱོད་པའི་ཐིག་ལེ་གཏུམ་མོ་མེ་རུ་འབར།། དེ་ཡང་ཇི་ལྟར་འབར་བ་ནི།། རྡོ་རྗེ་འཛིན་པ་ཁྱོད་ཉོན་ཅིག། སྐུ་དང་ཡེ་ཤེས་གཉིས་མེད་དེ།། ཡིག་འབྲུའི་རྒྱུ་ལས་བསྐྱེད་པ་མ་ཡིན་ཏེ། ། ཕུང་པོ་ལྷག་མེད་དོན་དང་སྤྲད་པའི་ཕྱིར།། ཤེས་རབ་ཐབས་ལ་འགགས་མེད་དོན་དང་མི་འགལ་བས།། ཐིག་ལེ་འབེབས་འདྲིལ་གཏུམ་མོ་མེ་ལྟར་སྤར།། བདེ་སྟོང་དབྱེར་མེད་སྣང་བའི་ཞེན་པ་བཟློག། རྒྱུ་རྐྱེན་ཚིགས་ལས་འདས་པར་ལྟ་བའི་རྒྱབ་ཤད་བཅད།། གཉིས་མེད་དང་ལ་གནས་པས་སངས་རྒྱས་ཀུན་གྱི་རྗེ།། མཚན་མ་རང་སར་གྲོལ་བས་འབྲས་བུ་བླ་ན་མེད།། མ་འདྲེས་ཡོངས་སུ་རྫོགས་པས་ཡོན་ཏན་བླ་ན་མེད། ། གཉིས་མེད་རྡོ་རྗེ་འཆང་དང་མཇལ་བའོ།། ཐིག་ལེའི་གནས་བསྟན་པའི་ལེའུ་སྟེ་བཅུ་གཉིས་པའོ།།།། ཡང་དཔལ་རྡོ་རྗེ་འཛིན་པས་ཞུས་པ། ཀྱེ་ཀྱེ་གསང་བའི་བདག་པོ་ལགས།། རླུང་གིས་ཇི་ལྟར་འདེག་ཅིང་གཏུམ་མོ་ཇི་ལྟར་སྤར། ། ཐིག་ལེ་ཇི་ལྟར་དབབ་ཅིང་བདེ་བ་ཇི་ལྟར་རྒྱས།། ཉོན་མོངས་ཇི་ལྟར་གཞོམ་ཞིང་རིག་པ་ཇི་ལྟར་འཕེལ་བ་ལགས།། ཞེས་ཞུས་སོ།། གསང་བའི་བདག་པོས་གསུངས། ། རྡོ་རྗེ་འཛིན་པ་ཁྱོད་ཉོན་ཅིག། ཐབས་དང་ཤེས་རབ་མ་འགགས་པས།། འཁོར་ལོ་ལྔ་ཡི་དབྱིངས་ཉིད་དུ།། དཀར་དམར་ལྗང་ལ་སོས་པའི་ཡིག་འབྲུ་སྒོམ།། དེ་ཡང་ཇི་ལྟར་སྒོམ་པ་ནི། ། འབྱུང་བའི་དྭངས་མ་རླུང་ཡིན་ཏེ།། དང་པོ་ཆགས་ཀྱང་རླུང་གི་རྩལ་ལས་ཆགས།། ཐ་མ་འཇིག་ཀྱང་རླུང་གི་རྩལ་གྱིས་འཇིག། དཔེར་ན་སེང་གེའི་འཁོག་པ་རང་གི་འཇིག་པ་བཞིན།། རླུང་གནད་འདིས་ཟིན་འབྱུང་བ་ལྔ་ཡང་འཇིག། འབྱུང་མ་ཞིག་རང་གིས་བཤིག་པ་ནི།། ཉོན་མོངས་རྩད་ནས་ཆོད་པས་མཚན་མ་རང་སར་ཁྲོལ།། འབྱུང་བ་བཤིག་པའི་མན་ངག་བསྟན་པ་ནི།། འབྱུང་བ་ཀུན་གྱི་དྭངས་མ་རླུང་ཡིན་པས། ། རྩ་དང་ཐིག་ལེ་རླུང་གི་གནད་ཟིན་ནས།། ཇི་ལྟར་དགུག་ཅིང་མདའ་ལྟར་འཕང་དུ་ཡོད།། བསམ་གཏན་ཐབས་ཀྱི་སྦྱོར་བ་ནི།། རྩ་ཡི་ཡན་ལག་བརྗོད་པས་མི་ལང་ཀྱང།། རྩ་ཡི་རྒྱལ་པོ་ཨ་དྷཱུ་ཏི་ཡིན། དཔེར་ན་དམངས་དང་རྒྱལ་པོའི་ཚུལ་དུ་གནས། ། ཨ་ཝ་དྷཱུ་ཏིའི་གནས་ལུགས་ནི།། སོག་སྦུབས་ཁ་ཕྱེ་གཞུང་གི་དབྱིངས་ན་ག་ནས།། རྩ་ཡི་འདབ་མ་ཡན་ལག་རྩ་བ་ལྔ།། གཉིས་ནི་ལག་པ་གཉིས་ན་གནས།། གཉིས་ནི་རྐང་པ་གཉིས་ན་གནས། ། གཅིག་ནི་མཚན་མའི་དབྱིངས་ན་གནས།། རྩ་ལ་རླུང་གིས་བསྐྱོད་ནི་ཐིག་ལེ་རྒྱས་པར་ངེས།། དེ་ཡང་ཇི་ལྟར་རྒྱས་པ་ནི།། རྐང་པའི་མཐིལ་གཉིས་ལག་པའི་མཐིལ་གཉིས་དང།། མཚན་མའི་རྩེ་མོ་སྤྱི་བོའི་ཡང་སྟེངས་སུ། ། ཡི་གེ་ཡམ་བསམ་ཁ་དོག་ལྗང་ཁུའོ།། རླུང་གི་རྒྱུ་ལུགས་བརྗོད་པས་མི་ལང་པས།། རྒྱུ་ལུགས་མདོར་བསྡུས་རྩ་རྣམ་གསུམ་སྟེ།། དེ་ཡང་གསུམ་གང་ཞེ་ན།། གྱེན་དུ་རྒྱུའི་རླུང་ཐུར་དུ་སེལ་བའི་རླུང། ། རྩིབས་ལ་རྒྱ་བའི་རླུང་དུ་བསྟན་པའོ།། དེ་ཡང་གྱེན་དུ་རྒྱུ་བའི་རླུང་ལ་རྣམ་གཉིས་ཏེ།། དེ་ཡངག་ཉིས་གང་ཞེ་ན།། འདེགས་བྱེད་དོན་གྱི་རླུང་དང་སྣབས་ལུད་སེལ་བའི་རླུང།། འདེགས་བྱེད་དོན་གྱི་རླུང་ནི་ཤེས་རབ་ཆེན་པོ་ཡིན། ། སྣབས་ལུད་སེལ་བའི་རླུང་ནི་ཀུན་ལ་གནས་པའོ།། ཡང་ཐུར་དུ་རྒྱུ་བའི་རླུང་ལ་རྣམ་གཉིས་ཏེ།། དེ་ཡང་གཉིས་གང་ཞེ་ན། ཟས་རྣམས་འབྱེད་པའི་རླུང་དང་ངན་པ་སེལ་བའི། ། ཡང་རྩིབ་ལ་རྒྱུ་བའི་རླུང་ནི་རྣམས་གཉིས་ཏེ།། རླུང་གི་རླུང་དང་ནད་རྣམས་སེལ་བའི་རླུང། རླུང་གི་མདོར་བསྡུས་སྤྱི་བོའི་གཙུག་ཏུ་དྲང།། དེ་ཡང་ཇི་ལྟར་དྲང་བ་ནི།། ཚངས་པའི་བུ་ག་མ་འགགས་ཡང་སྟེངས་སུ། ། ཡི་གེ་ཧཱུ~ཾ་སྒོམ་ཁ་དོག་ལྗང་ཁུ་ཡིན།། ཡཾ་ལས་རླུང་བསྐྱོད་འདེགས་བྱེད་སྡུད་པའི་རླུང།། རྐང་པ་གཉིས་ནས་སྤར་ཞིང་ལག་པ་གཉིས་ནས་སྤུ།། མཚན་མའི་དབྱིངས་ནས་རླུང་བསྐྱོད་མེ་རུ་འབར་བ་ནི།། སྤྱི་བོའི་གཙུག་ནི་ཧཱུ~ཾ་ནི་འདྲེན་ཅིང་འཕེན་པའི་རླུང། ། འོག་ནས་མེ་འབར་སྟེང་ནས་དྲགས་བྱས་པས།། མེ་དང་རླུང་དུ་གཉིས་མེད་ཆེན་པོ་དེ།། རྩ་ཡི་རྒྱལ་པའི་ནང་བཞུགས་མེ་འབར་སྤྱི་བོའི་གཙུག། གཏུམ་མོ་མེ་འབར་བྱིན་བརླབས་ཆེན་པོ་དེས། ། སྤྱི་བོ་ཨ་བཞུ་ཐིག་ལེ་དཀར་ལག་དང།། ཐིག་ལེ་རྒྱས་ཤིང་བབས་པའི་ཡོན་ཏན་ལས།། ཐུགས་ཁའི་མཐིང་ལ་སྐྲན་པར་བབས། ཐིག་ལེ་གཉིས་མེད་འགྱུར་བའི་ཡོན་ཏན་ལས། ། འཕྲིན་ལས་བརྗོད་མེད་གཉིས་མེད་ཆེན་པོའོ།། དེ་ལས་གཉིས་མེད་ཐིག་ལེ་རྒྱས་པ་ལས།། ལྟེ་བ་སྤྲུལ་པའི་འཁོར་ལོ་དམར་ལ་གདངས་པར་བབས།། གཉིས་མེད་ཐིག་ལེ་ཆེན་པོའི་ཡོན་ཏན་ལས།། ཡབ་དང་ཡུམ་གྱི་ཚུལ་དུ་བྱུང་བ་སྟེ། ། ཡབ་ཡུམ་གཉིས་ཀྱི་བྱིན་བརླབས་ལས།། སྲས་ཀྱི་སྤྲུལ་པས་འགྲོ་བའི་སྡུག་བསྔལ་སྦྱང།། ཡབ་ཡུམ་གཉིས་མེད་བྱིན་བརླབས་ལས།། ལུས་ཀྱི་ཡན་ལག་བདེ་བ་ཕྱོགས་བཞིར་རྒྱས། ། རྩ་ཡི་རྒྱལ་པོ་ཐིག་ལེ་ཆེན་པོའི་དབུས།། ཡབ་ཡུམ་གཉིས་མེད་ཐིག་ལེ་རྒྱས་པ་ལས།། མཚན་མའི་ཐིག་ལེ་བདེ་བ་ཆེན་པོའི་རྩ།། མཚན་མའི་དབྱིངས་ནས་རྩ་ཡི་གནས་ལུགས་ནི།། རོ་མ་དང་ནི་རྐྱང་མ་དང། ། པདྨ་ཅན་དང་དུང་ཅན་མ།། ཕོ་རྩ་དང་ནི་མོ་རྩ་དང།། རྩའི་ཤི་ཤ་ངན་འགྲོའི་གནས།། དེ་ལྟར་རྩ་ཡི་གནས་ལུགས་ནི།། རང་སོར་བཅུ་གཉིས་དབྱིངས་ན་རོ་མ་གནས།། རོ་མ་མི་སློངས་རྣལ་འབྱོར་དོན་མེད་པས། ། ཕྱག་རྒྱ་མ་ཡི་དོན་དང་མི་ལྡན་ནོ།། སོར་བརྒྱད་དབྱིངས་ན་པདྨའི་རྩ་གནས་པས།། རྩ་ཡི་མགོ་བླང་རྩ་མདུད་གསོ་བྱས་ནས།། རྣལ་འབྱོར་བ་ཡིས་སུ་རུང་བའོ།། སོར་བཞིའི་དབྱིངས་ན་རྐྱང་མའི་རྩ་གནས་ཏེ། ། རྣལ་འབྱོར་མཚན་ལྡན་བདེ་བ་སྐྱོང་བར་ངེས།། མཚོན་གང་དབྱིགས་ན་དུང་ཅན་རྩ་གནས་ཏེ།། དུང་ཅན་རྩ་དང་ལྡན་པའི་ཕྱག་རྒྱ་མ།། རྣམ་འབྱོར་ལས་སུ་རུང་བ་ཉིད་དང་ཕྲད།། སྐལ་ལྡན་ལས་དང་སྐལ་བར་ལྡན་པའི་རྣལ་འབྱོར་ཏེ། ། གཉིས་མེད་བདེ་བ་ཆེན་པོ་སྤྱོད།། ལུས་ཀྱི་ནུས་པ་མི་འཚོར་བདེ་བ་ཕྱོགས་བཞིར་རྒྱས།། གཉིས་མེད་བདེ་ཆེན་བྱིང་རྨུགས་ཀུན་དང་བྲལ།། ཤིན་ཏུ་གསལ་དང་ཆགས་པའི་འཛིན་མེད་དེ། ། ཕྱག་རྒྱ་ཆེན་པོའི་རིགས་འཛིན་ཐོབ་པའོ།། ཤི་ཤ་དྲོད་མེད་ལས་སུ་མི་རུང་བས།། ཕྱག་རྒྱའི་དོན་དང་མི་ལྡན་ཐབས་ཀྱི་སྤང་བར་བྱ།། ཕོ་རྩ་དྲག་ལ་མྱུར་བ་དང།། མོ་རྩ་དལ་ལ་འཇལ་པ་གཉིས།། རྩ་ཡི་རིགས་ཆད་མ་ནིང་མ་ཡིན་པ། ། རྩ་རྣམས་ཀུན་གྱི་གནས་ལུགས་ཡིན།། དྲག་ལ་མྱུར་བ་འདུག་ན་ཕོ་རྩ་སྟེ།། རྣལ་འབྱོར་ལུས་ཀྱི་བྱ་བྱེད་བསྐྱུང།། དལ་ལ་འཇམ་ན་མོ་རྩ་ཡིན།། རྣལ་འབྱོར་ལུས་པོ་ཐབས་ཀྱིས་བསྒུལ། ། བསྒུལ་བ་དྲག་ན་ཐིག་ལེ་འཆོར།། ཐིག་ལེ་ལུས་དང་བྲལ་གྱུར་ན།། རྣལ་འབྱོར་ལས་སུ་རུང་བ་མིན།། ཐིག་ལེ་བཟློག་ཅིང་གནས་སུ་བསྟིམ།། དེ་ཡང་ཇི་ལྟར་བསྟིམ་པ་ནི།། རང་གི་རྩལ་ཤུགས་ཏིང་འཛིན་ཉམས་དང་སྦྱར། ། གཏུམ་མོ་ལུས་ལ་སྤར་བའི་ཚེ།། བདེ་བ་ལུས་ལ་རྒྱས་ཙམ་ན།། ཏིང་འཛིན་གཞན་ན་སྤྱི་བོའི་གཙུག་ཏུ་བསྐྱིལ།། དེ་བས་དྲག་ན་ཆོས་ཀྱི་འཁོར་ལོར་བསྐྱིལ།། དེ་བས་དྲག་ན་སྤྲུལ་པའི་འཁོར་ལོར་བསྐྱིལ། ། ཉམས་སུ་ལོངས་ན་རྡོ་རྗེ་རྩ་བ་བསྐྱིལ།། ཚད་དུ་སྐྱོལ་ན་བུམ་པའི་ཁ་ནས་བཟློག། ཐིག་ལེའི་གནས་ལུགས་བབས་སར་མི་བཞག་པར།། སྟོད་ཀྱི་འཁོར་ལོ་རྣམ་པ་གསུམ་དུ་བསྐྱལ།། དེ་ཡང་ཇི་ལྟར་བསྐྱལ་བ་ནི། ། ཧཱུ~ཾ་གི་ཡོན་ཏན་བརྗོད་མི་ལང།། སྤྱི་བོའི་གཙུག་གི་ཡི་གེ་ཧཱུ~ཾ་གནས་པ།། ཧཱུ~ཾ་གི་ཡི་གེ་སྡུད་དང་འདྲེན་པའི་སྒྲ།། ཡམ་གྱི་ཡི་གེས་འདེགས་དག་སྤོར་བའི་སྒྲ།། ཡི་གེ་གཉིས་ཀྱི་བྱིན་བརླབས་ལས། ། ཐིག་ལེ་འབེབས་འདྲིལ་འཁོར་ལོའི་དབྱིངས་སུ་བསྐྱོལ།། རྩ་དང་ཐིགས་ལེ་འབྱོངས་ཤིང་ཉམས་སུ་ལོང་ཙམ་ན།། ཕྱག་རྒྱ་མར་རྟེན་རང་གི་བདེ་བ་སྤོར།། རྡོ་རྗེ་འཛིན་པ་ཁྱོད་ཉོན་ཅིག། ཆོས་སྐུ་ཐིག་ལེ་ཉག་གཅིག་པོ། ། གཞུ་ལྟར་བཀུག་ལ་མདའ་ལྟར་འཕང་བ་ནི།། སྤྱི་བོ་བདེ་བ་ཆེན་པོའི་འཁོར་ལོ་ན།། ཡི་གེ་ཨ་གནས་ཐིག་ལེ་འགྱུར་མེད་དེ།། སྙིང་ཁ་ཆོས་ཀྱི་འཁོར་ལོ་ཡིས།། སྐུ་དང་ཡེ་ཤེས་གཅོད་པའི་ཕྲིན་ལས་མངའ་བདག་ཆེན་པོ་དེས། ། ཐིག་ལེ་གཞུ་ལྟར་བཀུག་ལ་སྟེང་གི་རླུང་གིས་ནན།། ཚངས་པའི་བུ་གའི་ཡང་སྟེངས་ཡི་གེ་ཧཱུ~ཾ་གནས་པ།། འདྲེན་པའི་རྩལ་དང་ལྡན་པ་ཁུང་ཁར་སུ་རུ་གཞུག། སྤྲུལ་པའི་འཁོར་ལོ་བྱིན་བརླབས་ཆེན་པོ་དང། ། རླུང་གི་འཁོར་ལོ་འདེགས་བྱེད་རྩལ་ཆེན་དང།། འཁོར་ལོ་ལྔ་ཡི་ཡོན་ཏན་ཆེན་པོ་དང།། སྟེང་གི་རླུང་དྲངས་འོག་གི་རླུང་གིས་འཕང།། ཆོས་ཀྱི་སྐུ་ཡི་ཕོ་བྲང་འོག་མིན་གནས་དག་ཏུ། ། གཏིང་གསལ་ཆེན་པོ་ངོ་བོ་གྱུར་མེད་དེ།། གཞུ་ལྟར་བཀུག་ལ་མདའ་ལྟར་འཕང་བའོ།། ནང་རྒྱུད་རྩལ་དང་ཐིག་ལེ་བསྟན་པའི་ལེའུ་སྟེ་བཅུ་གསུམ་པའོ།།།། ཡང་དཔལ་རྡོ་རྗེ་འཛིན་པས་ཞུས་པ། ། གསང་བ་རྒྱུད་ཀྱི་ངོ་བོ་དབྱེ་བ་བསྟན་དུ་གསོལ།། གསང་བའི་བདག་པོས་གསུངས་པ།། རྡོ་རྗེ་འཛིན་པ་ཁྱོད་ཉོན་ཅིག། གསང་བའི་རྒྱུད་གསུམ་བསྟན་པ་ནི།། སྐུ་དང་ཡེ་ཤེས་གཉིས་མེད་འདི།། གསང་བ་འཁྲུལ་པའི་གཞི་ཡང་ཡིན། ། དེ་ཡང་ཇི་ལྟར་འཁྲུལ་ཞེ་ན།། ཡེ་ཤེས་རྩལ་གྱི་འཁོར་ལོ་གསུམ་གཡོས་པས།། ཡིད་ཀྱི་ཕྲ་རགས་སེམས་ཀྱི་རྟོག་པ་ཡིས།། གསང་བ་ལྔ་ཡི་ཡོན་ཏན་འགྱུར་བ་མེད་པ་ལ།། མིང་མེད་མིང་དུ་བཏགས་པས་མིང་གི་བག་ཆགས་བརྟས། ། གཏིང་གསལ་ཆེན་པོ་ཡོན་ཏན་རང་གིས་རང་ལ་གསང།། གཏིང་གསལ་གཡོ་བ་མེད་པ་རང་གིས་རང་ལ་གསང།། གཏིང་གསལ་རྒྱ་ཆད་མེད་པ་རང་གིས་རང་ལ་གསང། ། གཏིང་གསལ་འགྱུར་བ་མེད་པ་རང་གིས་རང་ལ་གསང།། གཏིང་གསལ་འགག་པ་མེད་པས་རང་གིས་རང་ལ་གསང།། གཏིང་གསལ་ཆེན་པོའི་ཡོན་ཏན་འདི།། རྒྱ་ཆད་ཕྱོགས་ལྷུང་མེད་པས་ཀུན་ལ་ཁྱབ་པ་སྟེ། ། རང་གིས་རང་ལ་གསང་ལས་ཡོན་ཏན་མིང་གིས་བསྒྲིབས།། མིང་གི་གྲིབ་མ་མུན་པ་སྤྲོས་པ་ལས།། སྤྲུལ་པའི་སྐུ་ཡི་ངོ་བོ་གནས་ཤིང་མིང་ལ་སྤྱོད་པའོ།། ཆོས་ཀྱི་སྐུ་ཡི་ངོ་བོ་ནི།། རྨི་ལམ་འཁྲུལ་བའི་བག་ཆགས་བརྟས་མོད་ཀྱང། ། ལྟར་ནང་མི་བདེན་མིང་གི་གྲིབ་མ་ཡིན།། སྐུ་ལ་འགྱུར་མེད་རྡོ་རྗེ་སེམས་དཔའི་སྐུ།། གསུང་གི་འགག་འགྲིབ་ཀུན་དང་ཡེ་ནས་བྲལ།། ཐུགས་ཀྱི་སྐྱེ་ཤི་ཀུན་དང་བྲལ། ། ཡུལ་ནི་མཐོ་དམན་ཀུན་དང་བྲལ།། གཉིས་མེད་འདུ་འབྲལ་ཀུན་དང་བྲལ་བ་ལ།། རྣམ་རྟོག་ལྔའི་སྤྱོད་ཡུལ་གྱིས།། འགྱུར་མེད་འགྱུར་བ་ལྟར་དུ་སྣང།། འགྱུ་བ་ལྟར་དུ་སྣང་མོད་ཀྱང།། ཡང་དག་དོན་ལ་འགྱུར་བ་མེད་པས་ན། ། གསལ་བ་རྒྱ་མ་ཆད་དུ་བསྟན་པ་ཡིན།། གསལ་བ་རྒྱ་ཆད་མེད་པའི་དོན་རྟོགས་ན།། རྒྱུད་རྣམས་ཀུན་གྱི་རྩ་བ་ཡིན།། ཞེས་གསུངས་སོ།། གསལ་བ་རྣམ་པ་ལྔའི་རྒྱུད་བསྟན་པའི་ལེའུ་སྟེ་བཅུ་བཞི་པའོ། །།། ཡང་དཔལ་རྡོ་རྗེ་འཛིན་པས་ཞུས་པ།། ཀྱེ་ཀྱེ་གསང་བའི་བདག་པོ་ལགས།། ཡེ་ཤེས་རྒྱུད་ཀྱི་ངོ་བོ་དབྱེ་བ་བསྟན་དུ་གསོལ།། ཞེས་ཞུས་སོ།། དཔལ་གསང་བའི་བདག་པོས་གསུངས་བ།། ཡང་དཔལ་རྡོ་རྗེ་འཛིན་པ་ཉོན་ཅིག། ཡེ་ཤེས་རྒྲུད་ཀྱི་ངོ་བོར་དབྱེ་བ་བསྟན་པ་ནི།། སྐུ་དང་ཡེ་ཤེས་ངོ་བོ་གཉིས་མེད་དེ།། སྣང་ཚུལ་ཐ་དད་རང་བཞིན་གཅིག་པ་ལ།། ཡེ་ཤེས་རྩལ་གྱི་འཁོར་ལོ་གསུམ་གཡོས་པས།། གཉིས་མེད་གཅིག་ལ་ཐ་དད་ལྟར་མཐོང་བས། ། ད་ལྟ་ཐ་དད་ཚུལ་དུ་འབྲལ་བ་ལྟར།། འབྲལ་བ་ལྟར་དུ་སྣང་ཡང་དོན་ལ་འགྱུར་བ་མེད།། ཡིད་ཀྱི་ཕྲ་རགས་སེམས་ཀྱི་མིང་འདོགས་ཀྱིས།། མིང་གི་ཕུར་པ་མིང་གི་འདམ་ལ་ཆགས། ། མིང་གི་འཁྲུལ་སྣང་འདི་ལ་མ་ཞེན་ན།། ཆོས་ཀྱི་སྐུ་ཡི་ཡེ་ཤེས་གཡོ་བ་མེད་པ་དང།། ལོངས་སྤྱོད་རྫོགས་པའི་ཡེ་ཤེས་རྣོ་ལ་གཅོད་པ་དང།། སྤྲུལ་པའི་སྐུ་ཡི་ཡེ་ཤེས་རྟོག་པའི་དྲི་མ་གསུམ།། དབྱེར་མེད་གཅིག་སྟེ་རྒྱ་ཆད་མེད་པ་ལ། ། རྟོག་པའི་དབང་གིས་ཡེ་ཤེས་ཐ་དད་ལྟར།། ཐ་དད་ལྟར་དུ་སྣང་ཡང་དོན་ལ་འགྱུར་བ་མེད་པས།། ཡེ་ཤེས་ཆེན་པོའི་རྒྱུད་དུ་བསྟན་པའོ།། ཡེ་ཤེས་ཀྱི་རྒྱུད་བསྟན་པའི་ལེའུ་སྟེ་བཅོ་ལྔ་པའོ། །།། ཡང་རྡོ་རྗེ་འཛིན་པས་ཞུས་པ།། ཀྱེ་ཀྱེ་གསང་བའི་བདག་པོ་ལགས།། འཕྲིན་ལས་རྒྱུད་ཀྱི་ངོ་བོ་བསྟན་དུ་གསོལ།། ཞེས་ཞུས་སོ།། ཡང་གསང་བའི་བདག་པོ་གསུངས་པ།། རྡོ་རྗེ་འཛིན་པ་ཁྱོད་ཉོན་ཅིག། འཕྲིན་ལས་རྒྱུད་ཀྱི་ངོ་བོ་དབྱེ་བ་བསྟན་པ་ནི།། སྐུ་དང་ཡེ་ཤེས་གཉིས་མེད་དེ།། ཡང་དག་དོན་དང་སྦྱོར་བ་ལ།། གཅོད་པའི་འཕྲིན་ལས་རྣམ་ལྔ་སྟེ།། དེ་ཡང་ལྔ་གང་ཞེ་ན།། སྐུ་ལ་ལྷག་མ་མེད་པར་གཅོད་པའི་འཕྲིན་ལས་དང། ། གསུང་ལ་ལྷག་མ་མེད་པར་གཅོད་པའི་འཕྲིན་ལས་དང།། ཐུགས་ལ་ལྷག་མ་མེད་པར་གཅོད་པའི་འཕྲིན་ལས་དང།། ཡུལ་ལ་ལྷག་མ་མེད་པར་གཅོད་པའི་འཕྲིན་ལས་དང།། གཉིས་མེད་ལྷག་མ་མེད་པར་གཅོད་པའི་འཕྲིན་ལས་བསྟན་པའོ། ། རྡོ་རྗེ་འཛིན་པ་ཁྱོད་ཉོན་ཅིག། སྐུའི་འཕྲིན་ལས་ལ་ཡང་རྣམ་གསུམ་སྟེ།། དེ་ཡང་གསུམ་གང་ཞེ་ན།། ཁ་དོག་དབྱིབས་ལྡན་རེག་བྱ་མེད་པ་སྟེ། མེ་ལོང་ནང་གི་སྐུ་དང་མཚུངས། ། བྱེད་པས་མ་བྱས་རྒྱུ་རྐྱེན་ཀུན་དང་བྲལ།། ཉི་མའི་སྙིང་པོ་ཉིད་དང་མཚུངས་པའོ།། སྐུ་དང་ཡེ་ཤེས་གཉིས་མེད་དེ།། མན་ཤེལ་མེ་ལོང་བུར་དག་པ་སྟེ།། བློ་འོག་མུན་ཁྱབ་མེད་པར་ཀུན་ཏུ་གསལ། ། ཡེ་ཤེས་འགྱུར་མེད་འོད་ཀྱི་ཕུང་པོ་ལ།། ནང་མེད་པ་ཡི་ནང་ཉིད་ནས།། ཡོན་ཏན་ཕྱིར་རུ་འཆར་བས་ན།། མན་ཤེལ་དག་པ་ཉིད་དུ་མཚུངས།། ཡང་གསུང་གི་འཕྲིན་ལས་རྣམ་པ་གསུམ་སྟེ།། དེ་ཡང་གསུམ་གང་ཞེ་ན། ། སྐུའི་ངོ་བོ་སྟོན་པའི་གསུང་གི་འཕྲིན་ལས་དང།། ཡུལ་གྱི་ངོ་བོ་སྟོན་པའི་གསུང་གི་འཕྲིན་ལས་དང།། གཉིས་མེད་ངོ་བོ་སྟོན་པའི་གསུང་གི་འཕྲིན་ལས་སོ།། ཡུལ་གྱི་འཕྲིན་ལས་ལ་ཡང་རྣམ་པ་གསུམ་སྟེ། ། དེ་ཡང་གསུམ་གང་ཞེ་ན།། ཆོས་ཀྱི་སྐུ་ཡི་ཞིང་ཁམས་སྤྱོད་པའི་འཕྲིན་ལས་ནི།། ཕྱོགས་ལྷུང་རྒྱ་ཆད་མེད་པའི་ཆོས་ཉིད་ནམ་མཁའ་དེ།། གཞི་ཡི་ལྷུན་གྲུབ་ཡོན་ཏན་ཀུན་དང་ལྡན།། གསེར་ལ་གཡུས་སྤྲས་དག་པའི་དབྱིངས་དང་མཚུངས། ། ལོངས་སྐུའི་ཞིང་ཁམས་གཅོད་པའི་འཕྲིན་ལས་ནི།། མ་བྲིས་དཀྱིལ་འཁོར་མ་འདྲེས་ཡོངས་སུ་རྫོགས།། ཤིན་ཏུ་གསལ་དང་ཡོན་ཏན་ཀུན་དང་ལྡན།། མཁའ་ལ་འཇའ་ཚོན་དྭངས་པ་ཉིད་དང་མཚུངས། ། སྤྲུལ་པའི་སྐུ་ཡི་ཞིང་ཁམས་འབོད་པའི་འཕྲིན་ལས་ནི།། འབྱུང་ཆེན་ལྔ་ཡི་དཀྱིལ་འཁོར་མཚན་མ་རང་སར་གྲོལ་བའོ།། ཡང་ཐུགས་ཀྱི་འཕྲིན་ལས་རྣམ་གསུམ་སྟེ།། དེ་ཡང་གསུམ་གང་ཞེ་ན། ། ཆོས་ཀྱི་སྐུ་ཡི་ཡེ་ཤེས་གཅོད་པའི་འཕྲིན་ལས་ནི།། ཤིན་ཏུ་གསལ་ཞིང་གཡོ་བ་མེད་པ་དང།། རག་གསལ་འགྱུར་བ་མེད་པའི་ཡོན་ཏན་ཏེ།། དཔེར་ན་བུམ་པའི་ནང་གི་མེ་དང་མཚུངས།། ཡང་ལོངས་སྐུ་ཡེ་ཤེས་གཅོད་པའི་འཕྲིན་ལས་ནི། ། དངོས་མཚན་མེད་པའི་ཡེ་ཤེས་སྐྱེ་བ་སེར་རླུང་དང་འདྲ།། ཤིན་ཏུ་གསལ་ཞིང་གདང་བ་ནི།། དྲི་མེད་མན་ཤེལ་དག་པ་འདྲ་བ་སྟེ།། གཅོད་ཀྱི་རང་བཞིན་རང་གྲི་སོ་དང་མཚུངས་པའོ། ། ས་བཅུ་བྱང་ཆུབ་སེམས་དཔའ་སྤྱོད་པའི་འཕྲིན་ལས་ནི།། དད་པ་འགྱུར་མེད་སྙིང་རྗེ་ཆེན་པོ་དང།། དགེ་བཅུ་གཙོར་བྱས་ཉོན་མོངས་གཅོད་པ་དང།། ལྷང་ངེ་ལྷུམ་མེ་ལྷན་ནེར་གནས་པ་ནི།། མེ་ལོང་གཡའ་དག་ཉིད་དང་མཚུངས་པའོ། རྒྱ་གར་སྐད་དུ། ཛྙཱ་ན་ཏི་ལ་ཏནྟྲ། བོད་སྐད་དུ། ཡེ་ཤེས་ཐིག་ལེ་ཟག་ཐལ་གྱི་རྒྱུད། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། ཡེ་ཤེས་ཞིང་ཁམས་དག་པའི་གནས། ། སྟོན་པ་ཀུན་བཟང་རྫོགས་པའི་སྐུ།། གསང་བདག་རྡོ་རྗེ་སེམས་དཔའ་ལ།། ཡེ་ཤེས་ཟང་ཐལ་བསྟན་པ་ལ།། བཅོམ་ལྡན་འདས་ཀྱི་སྐུ་བསྟན་ཏེ།། གསང་བདག་ཆེ་ལ་བཀའ་སྩལ་པ། ། གཞི་ནི་ཕྱོགས་མེད་ཆེན་པོ་ལ།། རྒྱུན་དུ་ཕྱོགས་མེད་འཆར་བའི་གཞི།། ངོ་བོ་རང་བཞིན་རོལ་པར་ཤར།། འཕྲིན་ལས་ཅིར་ཡང་ཐོགས་པ་མེད།། སྣ་ཚོགས་སྣང་ཞིང་འགྱུར་བ་མེད།། ཐོགས་མེད་འགག་པ་མེད་པ་ལས། ། ཐམས་ཅད་སྣང་བའི་གཞི་མ་ཡིན།། ཞེས་གསུངས་སོ།། གསང་བའི་བདག་པོ་ཆེན་པོ་དེས།། བདེ་ཆེན་སྟན་ལས་བཞེངས་ནས་ཀྱང།། བཅོམ་ལྡན་འདས་ལ་འདི་སྐད་ཞུས།། མ་དག་འཁྲུལ་པ་དག་པ་འཇིག་རྟེན་དང། ། ཡང་དག་ཡེ་ཤེས་སྣང་བ་གསུམ།། དེ་ཡི་གནས་ལུགས་ཇི་ལྟར་ལགས།། ངོ་སྤྲོད་སྡུད་པ་ཇི་ལྟར་ལགས།། ཡེ་ཤེས་དབྱེ་བ་བཤད་པར་ཞུ།། ཞེས་གསོལ་པས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ། ལེགས་པར་ཉོན་ཅིག་གསང་བདག་ཆེ།། ངས་བཤད་པ་ལ་མ་སྐྲག་ཅིག། ཅེས་གསུངས་སོ།། ཡེ་ཤེས་ཟང་ཐལ་གྱི་རྒྱུད་ལས། གླེང་གཞིའི་ལེའུ་སྟེ་དང་པོའོ།།།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ། ལེགས་པར་ཉོན་ཅིག་གསང་བདག་ཆེ།། ཀུན་གཞི་སྤྱི་དབྱིངས་ལྷུན་གྲུབ་ལ། ལྷུན་གྲུབ་གཞི་མི་རྡུང་ལྔ་ལས།། རྩལ་ཤུགས་མ་ནི་རྡུང་འགྱུ་སྲེག། རིག་པའི་ཤེས་པ་ཕྲ་བ་ལ།། རང་སྣ་སྟོང་པའི་སྣང་བ་ལྟས། ། ཡིད་ལ་འགྱུས་པའི་རང་སྣང་གསལ།། ཁ་དོག་སྣ་ཚོགས་རང་གསལ་འབར།། འབར་བའི་ཀློང་ན་ཕྱི་ནང་སྣང་བྱེད་གསལ།། འོད་ལ་རིག་པའི་ཡེ་ཤེས་རང་ཤར་ནས།། ཐིག་ལེ་ཡེ་ཤེས་ཟང་ཐལ་ཆེན་པོར་ཤར། ། རང་ཤར་ཡིན་པས་ཆོས་ལས་འདས་པའི་སྐུ།། ཕྱི་ནང་མེད་པའི་ཡེ་ཤེས་ཟང་ཐལ་ལ།། རྒྱུ་རྐྱེན་གཉེན་པོ་རང་སར་གྲོལ་བས་ན།། ཁམས་གསུམ་ཀུན་གྱི་གཉེན་གཅིག་པོ།། ཕྱི་ནང་མེད་པའི་དུར་ཁྲོད་དུ། ། ཀུན་ཏུ་བཟང་པོ་དུར་དུ་ཞུགས།། དུར་གྱི་མིང་ནི་ཡངས་པ་ཅན།། ཁྲོད་ཀྱི་མིང་ནི་པདྨ་ཅན།། ཤིང་གི་མིང་ནི་ལྗོན་པ་སྟེ།། མཁའ་འགྲོའི་མིང་ནི་རྡོ་རྗེ་མཚོ།། མཆོད་རྟེན་མིང་ནི་རྡོ་རྗེ་རྩེགས།། རི་ཡི་མིང་ནི་ས་རིའི་རོ། ། སྒོམ་ཆེན་མིང་ནི་ནོར་བུའི་འོད།། ནོར་གྱི་མིང་ནི་རིན་པོ་ཆེ།། ཕྱི་ནང་མེད་པའི་དུར་ཁྲོད་ཡིན།། ཅེས་གསུངས་སོ།། ཡེ་ཤེས་ཐིག་ལེ་ཟང་ཐལ་གྱི་རྒྱུད་ལས། སངས་རྒྱས་དུར་དུ་ཞུགས་པའི་ལེའུ་སྟེ་གཉིས་པའོ། །།། དེ་ནས་བཅོམ་ལྡན་འདས་ཀྱིས་ནི།། ཐུགས་རྗེ་ཆེན་པོའི་ཀློང་ཡངས་ན།། སེམས་དཔའ་ཆེ་ལ་བཀའ་ཙལ་པ།། མིང་མ་ཐོགས་ཀྱི་སྤྱི་དབྱིངས་ནས།། སེམས་ཅན་འཁྲུལ་པའི་མཚན་ཉིད་ནི།། སྣ་ཚོགས་རང་སྣང་ཁ་དོག་ལས། ། མཐིང་ཁ་དཀར་པོ་སེར་ལེ་བརྒན།། ཡེ་ཤེས་ཆེ་བའི་རྩལ་སྣང་བས།། དུ་མ་ཡུལ་དང་འཁྲུལ་པས་ན།། འདོད་ཆགས་ཞེ་སྡང་གཏི་མུག་དང།། ང་རྒྱལ་ཁོང་ཁྲོ་ཕྲག་དོག་དང། ། གཞི་ཡི་དུས་ན་མཚན་ཉིད་འཛིན།། ལམ་གྱི་དུས་ན་དངོས་སུ་ཤར།། འབྲས་བུའི་དུས་ན་མཚན་མ་གྲོལ།། རང་གྲོལ་མ་ཤེས་སྣང་བས་སྒྲིབས།། མི་ཤེས་རྨོངས་པས་འདམ་དུ་བྱིང།། འཁོར་བའི་ཆུ་བོས་རྟག་ཏུ་གཡེང། ། ཆུ་བོ་བཞི་ནི་རྟག་ཏུ་འབར།། དུག་སོགས་སྔོན་པོར་གྲུབ་པ་ཡིས།། རང་རང་ལྷུན་གྱིས་མཚན་ཉིད་འཛིན།། ཞེན་པ་བློ་ཡི་འཁྲུལ་པ་བརྟས།། ཉམས་ཀྱི་སྣང་བས་ལུས་སུ་བཟུང།། ལུས་ཀྱི་མིང་ནི་འགྲོ་དྲུག་ལུས། ། གནས་ཀྱི་མིང་ནི་འཁོར་བའི་གནས།། དུར་ཁྲོད་མིང་ནི་མུ་ཁའི་དུར།། གཉིས་མེད་པ་ལ་གཉིས་འཛིན་པས།། སྒོམ་ཆེན་གྲོང་ཁ་ཡན་དུ་རྟགས།། ཁ་དྲག་ལམ་དུ་ཚོགས་པའི་ཚེ།། ཡེ་ཤེས་གསང་ལམ་མ་ཤེས་པས། ། དེ་ཚེ་མ་རྟོགས་མ་རིག་རྨོངས་པ་ཡིས།། འཁོར་བ་རྣམ་པར་རྟོག་ལས་བྱུང།། རྣམ་རྟོག་མེད་ན་སངས་རྒྱས་མིག་ཡང་མེད།། འགྲོ་དྲུག་མེད་ན་སྐུ་དྲུག་མིང་ཡང་མེད།། དུག་དྲུག་མེད་ན་ཡེ་ཤེས་ཆེན་པོ་དྲུག། ཡེ་ཤེས་བྱ་བ་མིང་ཡང་མི་ཐོགས་སོ།། ཕུང་པོ་ལྔ་པོའི་སྣང་བ་དག། མེད་ན་རིགས་ལྔའི་མིང་ཡང་མ་གྲུབ།། འབྱུང་བ་ལྔ་པོ་མེད་པ་ན།། ཡུམ་ཆེན་ལྔ་པོ་ག་ལ་གྲུབ།། བཅིངས་པ་མེད་ན་རྒྱ་ཆད་ཡིན།། ཕྱོགས་མེད་རྟོགས་ན་རང་གྲོལ་ཡིན། ། ཚོགས་བརྒྱད་ཚོགས་དྲུག་མེད་པ་ན།། སེམས་དཔའ་སེམས་མ་ཐུབ་པ་དྲུག། སྒོ་བ་སྒོ་མར་གྲུབ་པ་ཅི་ལ་རུང།། དེ་ལ་རང་རྒྱུད་མ་ཡི་འཁྲུལ་བ་ནི།། འགྲོ་དྲུག་རང་སོའི་མཚན་ཉིད་དབུས་གནས་སོ། ། ལྔ་ལྔས་བསྐོར་བས་འཁྲུལ་འཁོར་ཞེས་སུ་བསྟན།། ཅེས་གསུངས་སོ།། ཐིག་ལེ་ཡེ་ཤེས་ཟང་ཐལ་གྱི་རྒྱུད་ལས། འགྲོ་དྲུག་རང་ས་ངོ་སྤྲད་པའི་ལེའུ་སྟེ་གསུམ་པའོ།།།། དེ་ནས་ཡང་བཀའ་སྩལ་པ། ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག། དག་པ་འཇིག་རྟེན་འཁྲུལ་པ་རྣམ་པ་གཉིས།། ཡར་ལྡན་དག་དང་ངེས་པ་མེད་པ་ཡིས།། ལོངས་སྤྱོད་རྫོགས་པ་སྐུ་ཡི་ཞིང་ཁམས་བསྟན་པ་ཡང།། འབྱུང་ལྔ་རང་སར་མ་འཁྲུལ་བའི། ། འོད་ལྔ་དང་པོའི་དུས་ཡིན་ཏེ།། སྤྱོད་ཡུལ་དང་པོ་འཇུག་པའི་དུས་ཡིན་ཏེ།། འབྱུང་པ་ལྔ་རུ་མིང་མ་ཐོགས་པ་ཡི།། འོད་གསལ་སྣང་བ་འཇའ་ཚོན་དྭངས་པ་འདྲ།། འགྱུ་གཅོད་ཡིད་སྨྲིར་འགྱུས་པ་འདྲ། ། གཞི་ཡི་ཡོན་ཏན་རྒྱ་མཚོ་དྭངས་པ་འདྲ།། སྒྱུ་མ་ལྟ་བུའི་རྡོ་རྗེ་སེམས་དཔའ་དེ།། ལ་ཀའི་མི་རེང་འདྲ་སྟེ་རྟག་པ་དཀའ།། ཆོས་ཉིད་དང་སྣང་མེ་ལོང་གཡའ་དག་འདྲ།། འཁྲུལ་སྣང་ལོངས་སྐུ་ཆུ་ཟླའི་དཀྱིལ་འཁོར་ལྟ། ། གསལ་ལ་མ་འདྲེས་ཕྱི་ནང་མེད་པར་གནས།། འགྱུ་བ་ཐོགས་མེད་སྨིག་སྒྱུ་ལྟ་བུ་དང།། སྐུ་ཡི་ཆེ་བ་མཚན་དང་ཡོན་ཏན་རྒྱས།། དེ་འདྲའི་འཁྲུལ་སྣང་ལོངས་སྤྱོད་རྫོགས་སྐུ་ཡི།། ཆེ་བའི་ཡོན་ཏན་རང་རང་འཁོར་གྱིས་བསྐོར། ། མཚན་ཉིད་འཛིན་པ་རང་རང་སྟེ་ཆོམས་སྦྱོར།། རང་རྟགས་ཕྱག་མཚན་ཐ་དད་སོ་སོར་སྣོར།། འཁོར་ལོ་པདྨའི་ཞིང་ཁམས་བདེ་བ་གསལ།། ཤེས་རབ་དག་པས་རྡོ་རྗེ་སེམས་དཔའ་དང། ། འབྲས་བུ་མཐར་ཐུག་རྡོ་རྗེ་སེམས་དཔའ་དང།། འཁྲུལ་སྣང་ལོངས་སྐུ་རྡོ་རྗེ་སེམས་དཔའ་དང།། མིང་དུ་རྡོ་རྗེ་སེམས་དཔར་མཉམ་པ་ལས།། སྒྲ་མཐུན་དོན་ལ་མན་ངག་རྒྱས་པར་སྟོན།། ཞེས་གསུངས་སོ། ། ཡེ་ཤེས་ཐིག་ལེ་ཟང་ཐལ་གྱི་རྒྱུད་ལས། འཁྲུལ་སྣང་རྡོ་རྗེ་སེམས་དཔའི་ཞིང་ཁམས་ལ་ངོ་སྤྲད་པའི་ལེའུ་སྟེ་བཞི་པའོ།།།། དེ་ནས་ཡང་བཀའ་སྩལ་པ།། འབྲས་བུ་མཐར་ཐུག་རྡོ་རྗེ་སེམས་དཔའ་ཡི། ། དེ་ཡི་མཚོན་པའི་གདམས་ངག་ངོ་སྤྲད་བསྟན།། འབྱུང་བ་ལྔ་རུ་མིང་དུ་བཏགས་པ་དང།། ཚོགས་བརྒྱད་དྲུག་དང་སྒོ་ལྔ་ཕུང་པོ་ལྔ།། འབྱུང་བ་ལྔ་ནི་རྣམ་པ་གཉིས་སུ་སྣང།། ནང་འབྱུང་ཕྱི་འབྱུང་རྣམ་པ་གཉིས་སུ་སྣང། ། ཕྱི་ཡི་འབྱུང་བ་རྣམ་པ་ལྔ་པོ་དང།། མཚན་ཉིད་འཛིན་པས་བརྔས་མཚོན་ཏེ།། འོད་ལྔ་ཡུལ་ལྔ་རེ་རེ་ལ་ཡང་སྣང།། རང་སྣང་རང་གྲོལ་ཡུལ་དང་གཞལ་ཡས་ཁང།། མ་བྲིས་དཀྱིལ་འཁོར་སྒོམ་མི་དགོས། ། ཕུང་པོ་དག་ལ་རྟེན་བཅས་པ།། ཤ་ཁྲག་དྲོདདབུགས་སེམས་ཀྱི་མཚན་ཉིད་འཛིན།། ཡུམ་ལྔ་འོད་ལྔ་དག་ཏུ་ངོ་སྤྲོད་པས།། ཡུམ་དང་འོད་དུ་སྒོམ་པ་བྱ་མི་དགོས།། ཕུང་པོ་ལྔ་པོ་སྐུ་ལྔ་རིགས་ལྔར་ངོ་སྤྲད་པས། ། སྐུ་ལྔ་རིགས་ལྔ་སྒོམ་པ་བྱ་མི་དགོས།། རྣམ་ཤེས་ཚོགས་བརྒྱད་སེམས་དཔའ་བརྒྱད།། དེ་ཡི་ངོ་སྤྲོད་བྱས་པ་ཡི།། ཚོགས་བརྒྱད་གནས་གྱུར་སེམས་དཔའ་སྒོམ་དུ་མེད།། ཡུལ་བརྒྱད་རང་སྣང་སེམས་མ་བརྒྱད། ། སེམས་མའི་ངོ་སྤྲོད་བྱས་པ་ཡི།། གནས་འགྱུར་སེམས་མ་སྒོམ་དུ་གདོད་ནས་མེད།། ཚོགས་དྲུག་ཐུབ་པ་དྲུག་ཏུ་ངོ་སྤྲད་པས།། གནས་སུ་གྱུར་ཐུབ་པ་སྒོམ་དུ་ཡེ་ནས་མེད།། དེ་ལྟར་བསྒོམ་བྱ་སྒོམ་པའི་མཚན་ཉིད་ཀྱང། ། ཕྱིན་ཅི་ལོག་བཞི་རྟག་ཆད་མུ།། གནས་མ་བསྒྱུར་བར་ངོ་སྤྲད་པས།། སྒོམ་པ་སྒོམ་མ་སྒོམ་དུ་ཡེ་ནས་མེད།། ཕྲ་རབ་དག་གི་རྡུལ་ལ་ཡང།། དག་པ་འཇིག་རྟེན་སྣང་བ་ཡེ་ནས་རྫོགས།། རྫོགས་པར་ཤེས་ནས་བསྐྱེད་དུ་ཡེ་ནས་མེད། ། མ་ཤེས་བསྐྱེད་པས་སྤང་བླང་འདུ་འབྲལ་ཅན།། མཐར་ཐུག་རྡོ་རྗེ་སེམས་དཔའ་ཞེས་ཀྱིས་དེ་ལ་བྱ།། ཞེས་གསུངས་སོ།། ཐིག་ལེ་ཉག་གཅིག་ཡེ་ཤེས་ཟང་ཐལ་གྱི་རྒྱུད་ལས། ། འབྲས་བུ་རྫོགས་པར་ངོ་སྤྲད་པ་དག་པ་འཇིག་རྟེན་པའི་སྣང་བ་བསྟན་པའི་ལེའུ་སྟེ་ལྔ་པའོ།།།། དེ་ནས་ཡང་བཀའ་སྩལ་པ། ཡང་དག་ཡེ་ཤེས་སྣང་བ་བསྟན་པ་ནི།། ཕྱི་ནང་གཉིས་སུ་དབྱེར་མེད་པས། ། ཡེ་ཤེས་ཟང་ཐལ་ཆེན་པོ་དུག་ལྔ་རྩི་རུ་རང་སར་གྲོལ།། སྐུ་ལྔ་རྩི་རུ་དངོས་པོ་མེད།། དབྱེར་མེད་ཡེ་ཤེས་ཟང་ཐལ་ལ།། ཕྱི་ནང་མེད་པའི་ཡེ་ཤེས་བསམ།། མ་དག་སྣང་བ་རང་རྒྱུད་པ།། རང་རྒྱུད་མཚན་མར་རང་སར་གྲོལ། ། སྤྲུལ་གྱི་མདུད་པ་ལྔ་མདུད་འདྲ།། དྲི་མས་དྲི་མ་འཁྲུ་བ་དང།། ཀྱུས་ཀུས་ཀྱུས་ཀུ་འབྱིན་པ་ལྟར།། དུག་ལྔ་ལམ་དུ་ཕྱེར་བ་དང།། དུག་ལྔ་ངོ་སྤྲོད་བྱས་པ་ཡིས།། ཡེ་ཤེས་ཟང་ཐལ་ཁོང་ནས་འབར། ། ནམ་མཁའ་དག་ལར་རལ་གྲི་སྐོར་པ་ལྟར།། དུག་ལྔ་ཕྱོགས་མེད་རང་གྲོལ་གྱིས།། སྲོག་གི་སྤུ་གྲི་སོ་བརྡེབས་ཀྱིས།། བདག་གསོད་གཞན་སྒྲོལ་ཤེས་པར་བྱ།། ཉི་མ་ཟླ་བའི་རྟ་ལ་ཞོན།། ཐོག་གི་ཟླ་ནི་བརྡེག་པར་བྱ། ། གློག་གི་ཞགས་པས་བཅིང་བར་བྱ།། འཇའ་ཚོན་ཕུབ་ཆུང་སྟན་དུ་བཏིང།། ནམ་མཁའ་སྟོང་པ་གོས་སུ་གོན།། རླུང་གི་འཁོར་ལོ་གོང་དུ་བསྐོར།། དམིགས་པ་ཅན་ལ་འཕྲང་བར་བྱ།། སྣང་གསལ་རལ་གྲི་ཕྱག་ཏུ་ལོང། ། སྐྱེ་འགྲོའི་རྩེ་ཤིང་གཅད་པར་བྱའོ།། ཡེ་ཤེས་སྟོང་གསལ་ཆེན་པོ་ལ།། ཐུགས་རྗེ་ཉི་མའི་སྙིང་པོ་ལྟར།། ཐམས་ཅད་སེལ་བའི་འོད་པོ་ཆེ།། བདག་གསོད་གཞན་སྒྲོལ་ཐབས་ལ་མཁས།། བྱང་ཆུབ་སེམས་དཔའ་ཤེས་རབ་དག་པའི་རྡོ་རྗེ་སེམས་དཔའ་ལ་ངོ་སྤྲད་པའོ། ། ཞེས་གསུངས་སོ།། ཡེ་ཤེས་ཟང་ཐལ་ཐིག་ལེའི་རྒྱུད་ལས། དག་པ་འཇིག་རྟེན་པ་བསྐང་ལ་ངོ་སྤྲོད་པའི་ལེའུ་སྟེ་དྲུག་པའོ། །།། དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་རྡོ་རྗེ་སེམས་དཔར་སྐུ་སྤྲུལ་ནས། ཉིད་ཀྱིས་ཉིད་ལ་བཀའ་སྩལ་པ།། ཡེ་ཤེས་ཆེན་པོ་ཟང་ཐལ་ལ།། འདུས་བྱས་དག་གི་སྒྲ་མི་འཇུག། རང་སྣང་གསང་མཛོད་སྣང་བ་ལ། ། བར་དོ་འོད་ཀྱི་སྒྲ་མི་འཇུག། བློ་དངོས་གཉིས་མེད་རང་གྲོལ་ལ།། སྒོམ་པར་བྱ་བའི་བློས་མི་བསླད།། ཤེས་རབ་དག་པའི་ཡེ་ཤེས་ཡིན།། དབུགས་མེད་སྤྱན་གསུམ་རང་གྲོལ་ལ།། བར་དང་དོ་ཡི་སྒྲ་མི་འཇུག། ཆོས་ལས་གྲོལ་བའི་ཟང་ཐལ་ལ།། རྒྱུད་ཅེས་བྱ་བའི་ལྷད་ཀྱིས་བསླད།། འགྱུ་བ་རང་གྲོལ་ཡེ་ཤེས་ལ།། བསམ་ཞེས་བྱ་བ་ཚིག་གིས་བཅོས།། རང་གྲོལ་ཡེ་ཤེས་ཡིན་པ་ལ།། ཐོབ་ཅེས་བྱ་བས་སྦང་བླང་བྱུང། ། མཚན་མ་རང་གྲོལ་གྱི་དགོངས་པ་དེ།། རྒྱུད་ལས་བསྐྱེད་པར་བྱ་བ་མིན།། ལྷག་མཐོང་རིག་པའི་ཡེ་ཤེས་ཤར།། གཟུང་འཛིན་རྣམ་རྟོག་སྒྲིབ་པ་དག། སྒྲིབ་པ་ཀུན་ལས་རབ་ཏུ་གྲོལ།། སྐུ་གསུམ་ཤེས་རབ་ངང་ལས་འཁྲུངས། ། འཁྲུལ་པའི་མཚན་མ་རང་སར་གྲོལ།། མ་དག་དག་ལ་འཇིག་རྟེན་པའི།། སྣང་བ་རྣམ་གཉིས་རང་སར་གྲོལ།། ཕྱི་ནང་མེད་པར་ཐིག་ལེས་ཁྱབ།། ཁྱབ་བརྡལ་ཐིག་ལེ་ཡེ་ནས་བརྡལ།། མ་རིག་པ་ཡི་རྩ་བ་ནི། ། དང་པོ་ཐུགས་སར་གཏུགས་པ་ལ།། འཁྲུལ་པ་བ་དས་ཤེས་པར་བྱ།། བར་དུ་འདུག་སར་གནས་པ་ལ།། སྣང་བ་རྣམ་གསུམ་རབ་ཏུ་གཅེས།། ཐ་མ་འགྲོལ་བར་བཏང་བ་ལ།། འགྱུ་བ་སྣ་ཚོགས་འགྲོ་འོང་ལ། ། གཉིས་མེད་ཤེས་རབ་ཁྱེར་ཀ་གཅེས།། དུས་གསུམ་གཅིག་ཏུ་བསྲེ་བ་ལ།། ཐིག་ལེ་ཆོས་ཆེན་ཀློང་ཆེན་དུ།། བྱ་བཙལ་མེད་པའི་རྟ་ཕོ་ལ།། འགྱུ་བའི་ཁྱེའུ་ཆུང་ཞོན་ནས་སུ།། ཉི་ཟླ་གཉིས་ཀྱི་ལྕགས་ཆེན་དེ། ། སྐད་ཅིག་མ་ལ་རང་སར་ཐིམ།། དྷ་ཐིམ་དྷ་ཐིམ། ཞེས་གསུངས་སོ།། ཡེ་ཤེས་ཟང་ཐལ་ཐིག་ལེའུ་རྒྱུད་ལས།། བྱིན་གྱིས་བརླབས་ཀྱིས་བཤད་པའི་ཚུལ་མཚོན་པའི་ལེའུ་སྟེ་བདུན་པའོ། །།། དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གསང་བའི་བདག་པོ་ལེགས་པར་ཉོན།། ངོ་སྤྲོད་བསྡུས་པ་བདག་གིས་བསྟན།། ངོ་སྤྲོད་རྣམ་པ་གསུམ་ཡིན་ནོ།། དཔེ་དང་རྟགས་དང་དོན་དུ་བསྡུ། ། དཔེ་ནི་མན་ཤེལ་དྭངས་པ་སྟེ།། དང་པོ་སྤྱི་སའི་གཞི་རུ་བཞག། ཆོས་ལྔ་དག་དང་ལྡན་པ་སྟེ།། ཀུན་གྱི་གཞི་སའི་དཔེ་མཚོན་བསྟན།། སྣང་བ་རྣམ་གསུམ་དེ་རུ་བསྡུ།། དེ་ནས་རྟགས་ལ་ངོ་སྤྲད་པ།། འོད་དང་ཟེར་དང་འགྱུར་བའི་དཔེ་ཤེལ་དང་རྣམ་པ་བཞི་རུ་མཚོན། ། དག་དང་མ་དག་ཡང་དག་གསུམ།། བར་སྐབས་དེ་ནས་འཕྲོས་པས་ན།། ངོ་སྤྲོད་རྣམ་གསུམ་དེ་རུ་འདུས།། ཞེས་གསུངས་སོ།། ཡེ་ཤེས་ཐིག་ལེ་ཟང་ཐལ་གྱི་རྒྱུད་ལས། དཔེའི་ངོ་སྤྲོད་ཀྱི་ལེའུ་སྟེ་བརྒྱད་པའོ།།།། སར་ཨ་དྷ་ཐིམ་དྷ་ཐིམ། དེ་ནས་ཡང་བཀའ་སྩལ་པ། ཕྱི་ཡི་དཔེ་དོན་རྟགས་ཀྱི་བརྡ།། གསང་བདག་ཆེ་ལ་བསྟན་པ་ནི།། རང་ལུས་དཔེ་དོན་རྟགས་ཀྱིས་བརྡ། ། ངོ་སྤྲོད་བདག་གིས་བསྟན་པར་བྱ།། མིག་ནི་དཔེ་ཡི་ངོ་སྤྲོད་ཡིན།། དག་དང་མ་དག་ཡང་དག་གསུམ།། རྣམ་ཤེས་འོད་དང་ཟང་ཐལ་གསུམ།། རེ་རེ་ལ་ཡང་ལྔ་ལྔས་བསྐོར།། ངོ་སྤྲོད་གསུམ་གྱི་དཔེ་རུ་མཚོན། ། ཟང་ཐལ་ཐིག་ལེ་ཆོས་མིན་སྐུ།། འདི་ནི་ལོངས་སྐུའི་ཞིང་ཁམས་སོ།། མཚོན་གང་ནང་ན་སྒྱུ་མའི་སྐུ།། ཀུན་ཏུ་མི་འགག་ཐུགས་ཡིན་ཏེ།། དེ་ནི་ལོངས་སྐུའི་ངོ་སྤྲོད་དོ།། ཐིག་ལེ་ཉག་གཅིག་ངོ་སྤྲོད་ཡིན། ། རྣམ་ཤེས་འགག་པ་མེད་པ་ལ།། དུག་ལྔ་རང་བཞིན་རང་ཤར་བ།། འགྲོ་དྲུག་སྨིན་པའི་རྒྱུ་རྐྱེན་ཚང།། མ་དག་འཁྲུལ་པའི་དཔེས་མཚོན་ཡིན།། ཞེས་གསུངས་སོ།། ཡེ་ཤེས་ཐིག་ལེ་ཟང་ཐལ་གྱི་རྒྱུད་ལས། ནང་རང་ལུས་ཀྱི་བརྡའི་ངོ་སྤྲོད་པའི་ལེའུ་སྟེ་དགུ་པའོ།།།། མཧ་ལྷ་མཧ་ལྷ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། སེམས་དཔའ་ཆེན་པོ་ཁྱོད་ཉོན་ཅིག། གསང་བ་རྟགས་ཀྱང་ངོ་སྤྲོད་བསྟན་པ་ནི།། རྩ་ཡི་རྒྱལ་པོ་ཤེལ་གྱི་སྦུག་མ་ཅན། ། ཆོས་གསུམ་འགག་པ་མེད་པའི་ལམ་དུ་ཤར།། སྣང་སྲིད་གསལ་བ་འོད་སྲུངས་ཆེན་པོས་མཛོད།། འོད་གསལ་འཁོར་ལོ་ཐིག་ལེ་རང་ལ་འབར།། ཐིག་ལེ་སྣང་ལ་ཕབ་ཙམ་ན། ། ལྕེ་སྤྱང་མིག་འདྲ་ཨེ་ཡི་འོད་གསལ་ཏེ།། བར་དོའི་མཚོན་པ་བརྡ་ཡི་ངོ་སྤྲད་དེ།། ཕྱི་མར་མི་གདོད་ད་ལྟ་ཉིད་དུ་གསལ།། གསལ་བ་ཟང་ཐལ་འདི་ལ་འདུ་ཤེས་ན།། སངས་རྒྱས་ས་ཡང་སྐད་ཅིག་གཅིག་ལ་རྫོགས། ། འོད་གསལ་འཁོར་ལོ་སྐོར་བ་དང།། གནས་ཀྱི་བཙན་ཐབས་ཆེན་པོ་བསྟན་པ་གཅེས།། དེ་ཡང་རྟགས་ཀྱི་ངོ་སྤྲོད་ཡིན་པར་ཤེས།། རྩ་ཡིག་གནད་དང་ཕྱག་རྒྱའི་གནད།། སྒོམ་པ་འོད་གསལ་འཁོར་ལོ་བསྐོར་ཤེས་ན། ། བར་དོ་མེད་པའི་ཡེ་ཤེས་ཟང་ཐལ་འཆར།། ཞེས་གསུངས་སོ།། ཡེ་ཤེས་ཐིག་ལེ་ཟང་ཐལ་གྱི་རྒྱུད་ལས། ཐིག་ལེ་བཙན་ཐབས་སུ་བསྟན་པ་དང་འོད་གསལ་འཁོར་ལོ་བསྐོར་བའི་ལེའུ་སྟེ་བཅུ་པའོ། །།། དེ་ནས་ཡང་བཀའ་སྩལ་པ། སེམས་དཔའ་ཆེན་པོ་ཉོན་ཅིག། ཡང་ན་རྟགས་ལ་ངོ་སྤྲོད་འདི་ལྟ་སྟེ།། རྩ་ཡི་རྩལ་པོ་ཤེལ་གྱི་སྦུག་མ་ཅན།། ཉི་མ་ཟླ་བའི་ནང་ན་ཟུག་ནས་གནས།། དོན་གྱི་ངོ་བོ་ཐིག་ལེ་ཆོས་མིན་སྐུ། ། གངས་རི་བརྩེགས་པའི་གནས་དང་འབྲེལ་བ་ཡི།། ནུབ་དུས་འཆར་དུས་ཐིམ་དུས་མ་ཤེས་ན།། ཆགས་སྡང་བློ་ཡི་ཡུལ་ལས་འདའ་མི་སྲིད།། སྐྱེ་བ་གཅོད་པ་གནས་པ་གསུམ།། འདུ་འབྲལ་མེད་པར་འཁོར་བའི་རྩལ་དུ་འཆར། ། དེ་ཡི་རྩལ་དུ་དབུགས་ཀྱི་འགྲོ་འོངས་ཀྱང།། གསུམ་དུ་བྱུང་བས་སེམས་ཀྱི་རྟགས་སུ་ཤར།། གངས་རི་གཉིས་ལ་ཡོབ་ཆེན་ལྟ་བུའི་རྩ།། སྙིང་དང་རྩ་ཡི་བར་ན་གོང་དང་འདྲ། ། དེ་གཉིས་འབྲེལ་བའི་རྩ་ཡི་ནང་ནས་ནི།། འགག་མེད་ཐོགས་མེད་དབུགས་མེད་པའི།། ཟང་ཐལ་ཕྱོགས་མེད་འགྲོ་བ་ཡི།། གནད་ཀྱི་གདམས་པ་ཡིན་པར་མ་ཤེས་ན།། ཐིག་ལེ་ཉག་གཅིག་ཁས་ལེན་སྨོན་པ་ཡིན། ། དགའ་རབ་རྡོ་རྗེའི་རིག་པའི་གསང་ལམ་དང།། རྡོ་རྗེ་སེམས་དཔའ་ཡེ་ཤེས་གསང་ལམ་དུ།། ཀུན་ཏུ་བཟང་པོའི་ཐིག་ལེ་ཆོས་མིན་སྐུ།། ཐག་ཆོད་དོན་གྱི་ཡེ་ཤེས་མ་ཤར་ན།། དཔེ་ཡི་ངོ་སྤྲོད་ཚིག་གི་ན་ཡ་ཡིན། ། འགྲོ་དྲུག་འཁྲུལ་པའི་འདམ་ནས་ཐོན་པ་དཀའ།། རྟེན་གྱི་གསང་ལམ་རྟགས་ཀྱི་གསང་ལམ་དང།། ཡེ་ཤེས་གསང་ལམ་བཞི་པོ་མ་ཕྱེད་ན།། ཐིག་ལེ་ཡེ་བརྡལ་ཅི་ཁྱབ་བློ་ཡི་ཡུལ།། སེམས་འཛིན་སྒོམ་ཆགས་ཞི་དེས་ལྷ་ཡི་ཆོས། ། རང་རྒྱུད་ཆགས་སྡང་རང་ཁ་བློ་ཡི་ཆོས།། ཆོས་སྤྱོད་བཅུ་དང་མི་དགེ་ཀྱང།། ཐིག་ལེ་ཆོས་ཀློང་ཞལ་མི་མཐོང།། ཤེས་རབ་རིག་པ་མ་རིག་ཡིད་དང་བཞི།། གནད་ཀྱི་གདམས་ངག་དམ་པ་མ་ཤེས་ན། ། ཡེ་ཤེས་ཐུག་ཕྲད་འཆར་བའི་དུས་མི་མཆི།། རྣམ་རྟོག་ཡེ་ཤེས་ཟང་ཐལ་ངོ་སྤྲོད་མ་བསྟན་ན།། སྐུ་གསུམ་འདུ་འབྲལ་མེད་པའི་ངོ་མི་འཕྲད།། གཟུང་འཛིན་ཟང་ཐལ་འགྲོ་བའི་གནད་མེད་ན།། ཐིག་ལེ་ཉག་གཅིག་འཆར་བའི་དུས་མི་མཆི། ། ཞེས་གསུངས་སོ།། ཡེ་ཤེས་ཐིག་ལེ་ཟང་ཐལ་གྱི་རྒྱུད་ལས། རྟགས་ཀྱི་ངོ་སྤྲད་དང་དོན་གྱི་ཡེ་ཤེས་ངོ་བོ་སྤྲད་པའི་ལེའུ་སྟེ་བཅུ་གཅིག་པའོ།།།། དེ་ནས་ཡང་བཀའ་སྩལ་པ། ཉོན་ཅིག་རྡོ་རྗེ་སེམས་དཔའ་ཆེ།། ཡེ་ཤེས་དབྱེ་བ་བསྟན་པ་ནི།། གཞི་གནས་ཡེ་ཤེས་ལྷུན་གྲུབ་ནི།། རྒྱ་མ་ཆད་པའི་ཡེ་ཤེས་བཞི།། འགག་པ་མེད་པའི་གཞི་ཡིན་ནོ།། མ་དག་འཁྲུལ་པའི་ཡེ་ཤེས་ནི།། འཁྲུལ་པས་ཡེ་ཤེས་མིང་མ་ཐོགས། ། ལམ་གྱི་ཡེ་ཤེས་རྣམ་པ་བཞི།། རང་བྱུང་རང་རིག་ལྷག་མཐོང་དང།། ངོ་བོ་ཉིད་ཀྱི་ཡེ་ཤེས་ནི།། ཤེས་རབ་དག་པའི་ཡེ་ཤེས་ཡིན།། དག་པ་འཇིག་རྟེན་ཡེ་ཤེས་ནི།། མེ་ལོང་ཡེ་ཤེས་ལ་སོགས་ལྔ། ། ཇི་ལྟ་བ་དང་ཇི་སྙེད་མཁྱེན།། ངོ་བོ་ཉིད་ཀྱི་ཡེ་ཤེས་དང།། རྣམ་པ་བརྒྱད་དུ་རིག་པར་བྱ།། ཡང་དག་ཡེ་ཤེས་སྣང་བ་ནི།། ཡུལ་དང་ཡེ་ཤེས་ཟང་ཐལ་དང།། ཕྱོགས་ལྷུང་མེད་པའི་ཡེ་ཤེས་དང། ། ཡེ་ཤེས་ཁྱབ་བརྡལ་ཆེན་པོ་དང།། ངོ་བོ་ཉིད་ཀྱི་ཡེ་ཤེས་དང། རྣམ་པ་བཞི་རུ་འདུས་པ་ཡིན།། ཡེ་ཤེས་ཡེ་ཤེས་ཁྱད་པར་འཕགས།། ཡེ་ཤེས་ཟང་ཐལ་ཁྱད་པར་ཆེ།། ཕྱི་ནང་མེད་པར་སྣང་སྲིད་བརྡལ། ། ཡངས་སོ་ཆེ་ཡྀ་ཡེ་ཤེས་ཆེ།། ཞེས་གསུངས་སོ།། ཡེ་ཤེས་ཐིག་ལེ་ཟང་ཐལ་གྱི་རྒྱུད་ལས། ཡེ་ཤེས་ཀྱི་དབྱེ་བའི་ལེའུ་སྟེ་བཅུ་གཉིས་པའོ།།།། དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་ཏིང་ངེ་འཛིན་དེ་ལས་བཞེངས་ཏེ། གསང་བའི་བདག་པོ་ལ་བཀའ་སྩལ་པ། ཉོན་ཅིག་སེམས་དཔའ་རྡོ་རྗེ་འཛིན།། ཕྱོགས་འཛིན་མེད་པའི་ཐིག་ལེ་དེ།། འགག་པ་མེད་པའི་ཡེ་ཤེས་ཡིན།། ཡེ་ཤེས་ངོ་སྤྲོད་བསྟན་པ་ནི།། ཡེ་ཤེས་ཟང་ཐལ་ཆོས་ལས་འདས། ། འཁོར་བར་འདོགས་པར་འགྱུར་པ་ཡིན།། མྱང་འདས་འདོགས་པའང་འགྱུ་བ་ཕྱེ།། བློ་དངོས་གཉིས་ཀྱི་བར་མཚམས་སུ།། ཕྱི་ནང་གཉིས་ཀྱི་ལྟང་འཛིན་པ།། གཟུང་འཛིན་གཅོད་པའི་ཤེས་རབ་ཀྱིས། ། ཕྱི་ནང་མེད་པའི་ཟང་ཐལ་ལ།། ཕྱི་ནང་གཉིས་སུ་འབྱེད་པ་ནི།། ཐིག་ལེ་ཉག་གཅིག་ཀུན་ཁྱབ་ལ།། དུས་ལ་ལྟོས་པ་འཁྲུལ་པའི་བློ།། རྫོགས་ཆེན་ཐིག་ལེ་ཟང་ཐལ་ལ།། ཕྱོགས་མཚམས་སྟེང་འོག་འདོད་པ་གང། ། ཐམས་ཅད་མ་བསྒྲུབས་རྫོགས་ཆེན་ལ།། དགག་སྒྲུབ་བྱ་ན་གོལ་བ་ཡིན།། ཨེ་མ་ཧོ་རིགས་ཀྱི་བུ།། ངས་བཤད་པ་ལ་མ་སྐྲག་ཅིག། ཆོས་རྣམས་ཐམས་ཅད་ཐིག་ལེ་ཡེ་བརྡལ་ཡིན།། ཡིན་པར་ཤེས་པས་འཁོར་དུ་འཁོར་ས་མེད། ། ཐམས་ཅད་ཕྱི་ནང་མེད་པའི་ཆོས་མིན་ཀློང།། སངས་རྒྱས་འཁྲུལ་པས་མིང་དུ་བཏགས་པས་ནོར།། ཐིག་ལེ་ཕྱོགས་མེད་ཡེ་ཤེས་ཟང་ཐལ་ལ།། ལྟ་སྒོམ་འདོད་པས་ཀུན་ཏུ་བརྟགས་པས་བསླུས། ། ཕྱི་ནང་མེད་པའི་ཡེ་ཤེས་ཟང་ཐལ་ལ།། འབྲས་བུ་ཕྱི་དུས་མི་འདེབས་ད་ལྟ་ཉིད་དུ་གྲུབ།། ཐིག་ལེ་བར་མཚམས་མ་གྲུབ་ཟང་ཐལ་ལ།། བར་དོའི་གདམས་པ་རྫོགས་ཆེན་ལམ་པའི་ཆོས།། ལམ་ལ་རེག་ན་བག་ཆགས་ལས་ལ་རེ། ། ལས་ལ་རེ་ན་རང་བྱུང་ཡེ་ཤེས་བརྫུན།། སངས་རྒྱས་ཐུགས་རྗེ་དབྲི་བཀོལ་མེད་པ་ལ།། ཐུབ་དྲུག་འབྱུང་བར་འདོད་པ་ཡིད་སྨོན་བློ་ཡི་ཡུལ།། རྫོགས་ཆེན་བློ་ལས་གྲོལ་བའི་ཆོས་མིན་ཡིན། ། ཐུགས་རྗེ་དབྲི་བཀོལ་མེད་པ་ཡི།། ཐམས་ཅད་སྐུ་གསུམ་རོལ་པར་མ་ཤེས་ན།། ཐུགས་རྗེ་དུས་ལ་ལྟོས་ན་འཁྲུལ་པས་འཁྲུལ་པ་རྒྱུད།། ཅེས་གསུངས་སོ།། ཡེ་ཤེས་ཐིག་ལེ་ཟང་ཐལ་གྱི་རྒྱུད་ལས། ཐིག་ལེའི་རང་སྒོ་ལ་ངོ་སྤྲད་པའི་ལེའུ་སྟེ་བཅུ་གསུམ་པའོ། །།། དེ་ནས་བཅོམ་ལྡན་འདས་ཀྱིས། ཡངས་པ་ཅན་གྱི་གནས་ནས་བཞེངས་ནས། བྱང་ཆུབ་སེམས་དཔའ་བཛྲ་སཏྭ་ལ་བཀའ་སྩལ་པ། སྐུ་གསུམ་དབྱེ་བ་བསྟན་པར་བྱ་ཡིས། སེམས་དཔའ་ཆེན་པོ་ཉོན་ཅིག། ཆོས་སྐུའི་ཆོས་སྐུ་ལོངས་སྐུ་དང།། སྤྲུལ་པའི་སྐུ་རུ་དབྱེ་བར་བྱ།། ལོངས་སྐུའི་ཆོས་སྐུ་ལོངས་སྐུ་དང།། སྤྲུལ་པའི་སྐུ་ཡི་དབྱེ་བ་དང།། སྤྲུལ་སྐུའི་ཆོས་སྐུ་ལོངས་སྐུ་དང། ། སྤྲུལ་སྐུའི་དབྱེ་བ་བཤད་པར་བྱ།། ཆོས་སྐུ་ནམ་མཁའ་ལྟ་བུ་ལ།། ལོངས་སྐུ་སྤྲིན་གྱི་ཚུལ་དུ་སྣང།། སྤྲུལ་པའི་སྐུ་ནི་ཆར་ལྟ་བུ།། ཆོས་སྐུ་མཁའ་ཁྱབ་ཟང་ཐལ་ཡིན།། ཆོས་སྐུའི་ལོངས་སྐུ་ཐིག་ལེ་རང་གསལ་ཡིན། ། ཆོས་སྐུའི་སྤྲུལ་སྐུ་ཐུགས་རྗེ་ཕྱོགས་མེད་ཡིན།། འགག་མེད་ཐིག་ལེ་སྤྲུལ་པའི་སྐུ་དེ།། ངོ་སྤྲོད་ཐུགས་རྗེ་ཅན་ལ་གདབ།། ཐུགས་རྗེ་ཕྱོགས་རིས་མེད་པ་ཡིན།། ཕྱོགས་རིས་མེད་པའི་ཟང་ཐལ་ཆོས་མིན་སྐུ། ། ཐིག་ལེ་ཆོས་མིན་ཡངས་པའི་རང་ས་ན།། རིག་པ་ཆོས་མིན་ཡེ་ཤེས་ཆེན་པོ་དེ།། ཐིག་ལེ་ངོ་སྤྲོད་འདི་ལ་སྤྱད་ནུས་ན།། ཐིག་ལེ་སྒྲིབ་མེད་ཡེ་ཤེས་ཆོས་མིན་སྐུ།། བར་མཚམས་མེད་པའི་ཐིག་ལེ་ཁོང་ནས་ཤར། ། ལམ་གྱི་གདམས་ངག་འགྱུ་བ་མི་དགག་པར།། ཕྱོགས་ལྷུང་མེད་པའི་ཤེས་རབ་ཆེན་པོ་ཡིས།། ཆོས་ཀྱི་སྐུ་གསུམ་ངོ་སྤྲོད་ཆེན་པོ་ཡིན།། དེ་ལས་འདའ་དུས་སངས་རྒྱས་ཡུལ་མེད་མཐོང། ། རིག་པ་ཡུལ་མེད་འདི་ལ་ངོ་སྤྲོད་ན།། སངས་རྒྱས་རང་ཆས་ཡིན་པས་ཡུལ་མེད་ཡིན།། ཅེས་གསུངས་སོ།། ཡེ་ཤེས་ཐིག་ལེ་ཟང་ཐལ་གྱི་རྒྱུད་ལས། སྐུ་གསུམ་དབྱེ་བའི་ལེའུ་སྟེ་བཅུ་བཞི་པའོ། །།། ཀུན་ཏུ་བཟང་པོས་བཀའ་སྩལ་པ།། སེམས་དཔའ་ཆེན་པོ་ཁྱོན་ཉོན་ཅིག། ལོངས་སྐུའི་དབྱེ་བ་འདི་ལྟ་སྟེ།། ནོར་བུ་རིན་ཆེན་ལྟ་བུ་དེ།། ཐུགས་རྗེ་འདོད་ཡོན་འཆར་བའི་གཞི།། ཡོན་ཏན་སོ་སོར་སྣང་བ་ལྟར། ། ལོངས་སྐུའི་ཆོས་སྐུ་བསྟན་པ་ནི།། ཇི་ལྟ་བ་ཡི་ཡེ་ཤེས་ཡིན།། ལོངས་སྐུ་སྒྱུ་མའི་གཟུགས་སྐུ་ཡིན།། སྤྲུལ་སྐུ་ཇི་སྙེད་ཡེ་ཤེས་ཡིན།། སྒྱུ་མ་ལྷུན་གྲུབ་འོད་ཀྱི་ཕུང་པོ་ལ།། སྐུ་ལྔ་ལ་སོགས་བསམ་གྱིས་མི་ཁྱབ་པ། ། འཇིག་རྟེན་འདི་འམ་ཐམས་ཅད་ན།། ཏིལ་གྱི་གང་བུ་བཞིན་དུ་ནི།། ཡོངས་སུ་གང་ཞིང་བར་མཚམས་མེད།། ཡེ་ཤེས་སྒྱུ་མའི་སྦུབས་ཀྱི་ངོ་སྤྲོད་འདིས།། མ་ཧཱ་ཡོ་གའི་གོལ་གཞི་གོལ་ས་དང།། ཨ་ནུ་ཡོ་གའི་གོལ་གཞི་གོལ་ས་གཉིས། ། དབྱེར་མེད་རང་སར་མ་ཤེས་སྒྲིབ་པ་ཡིན།། རང་ལུས་ཐིག་ལེ་བརྡུངས་པས་གོལ་ས་ཆོད།། ཕྱི་ནང་མེད་པའི་ཐིག་ལེ་ཆོས་ཉིད་ཀློང།། འབྲས་བུ་མ་བཙལ་རང་ལ་གྲུབ་པས་ནོར་བུ་རིན་ཆེན་འདྲ། ཡེ་ནས་ཡོད་པ་མཐོང་བས་དབུལ་མོ་གཏེར་རྙེད་ཚུལ།། སངས་རྒྱས་ཐིག་ལེ་ཕྱོགས་མེད་སྐུ།། གཟུགས་སྐུ་མཉམ་ལ་མ་འདྲེས་པ།། ནོར་བུ་རིན་ཆེན་ཡོན་ཏན་འདྲ།། སྤྲུལ་སྐུ་སོ་སོར་ཤར་བ་ནི།། ནོར་བུ་རིན་ཆེན་ཐུགས་རྗེ་འདྲ། ། ནོར་བུ་རིན་ཆེན་ཕྱོགས་མེད་དེ།། གཉིས་མེད་ཆོས་སྐུའི་ངོ་སྤྲོད་ཡིན།། ཅེས་གསུངས་སོ།། ཡེ་ཤེས་ཐིག་ལེ་ཟང་ཐལ་གྱི་རྒྱུད་ལས།། ལོངས་སྐུའི་དབྱེ་བ་ངོ་སྤྲད་པའི་ལེའུ་སྟེ་བཅོ་ལྔ་པའོ། །།། དེ་ནས་ཡང་བཀའ་སྩལ་པ། སེམས་དཔའ་ཆེན་པོ་ཁྱོད་ཉོན་ཅིག། སྤྲུལ་པ་སྐུ་ཡི་དབྱེ་བ་བསྟན་པ་ནི།། ཉི་མ་འོད་དང་ཟེར་དང་གསུམ།། ཡོན་ཏན་ཕྱོགས་མེད་མཐུན་པར་གྲུབ།། སྤྲུལ་པ་སྐུ་ཡི་ཆོས་སྐུ་ནི། ། ཐིག་ལེ་ཆོས་མིན་ཀུན་གྱི་གཞི།། དམྱལ་བའི་གནས་ན་ལྷུན་གྱིས་གྲུབ།། རྒྱ་ཆད་ཕྱོགས་སུ་མ་ལྷུང་བས།། དོན་ནི་ལྷུན་གྱིས་གྲུབ་པ་ཡིན།། འགྲོ་དྲུག་ཆོས་ཀྱི་སྐུ་ཡི་གཞིར།། ལྷུན་གྱིས་གྲུབ་པར་བཤད་པ་ཡིན། ། རྒྱ་མ་ཆད་པས་ལྷུན་གྱིས་གྲུབ།། ཉི་མའི་སྙིང་པོ་སྟོང་གསལ་དེ།། ཤར་གླིང་ལ་སོགས་རྒྱུ་བའི་དུས།། རྒྱ་མ་ཆད་པས་གར་ཡང་སྣང།། ཕྱོགས་སུ་མ་ལྷུང་གར་ཡང་རྒྱུ།། ངོ་བོ་རྟོག་མེད་ཟང་ཐལ་དེ། ། ཀུན་ལ་དབྲི་བཀོལ་འབྱེད་པ་མེད།། རྟོག་མེད་མཉམ་པར་ལྷུན་གྱིས་གྲུབ།། ཟེར་ནི་ཕྱོགས་མེད་འཆར་བའི་རྒྱུ།། དབྲི་བཀོལ་མེད་པས་ཡོངས་ལ་སྣང།། སྣང་གསལ་ཡངས་པའི་ཟེར་དུ་ཤར།། སྤྲུལ་པའི་སྐུ་ཡི་ལོངས་སྐུ་ནི། ། སྣང་བ་འགག་མེད་རང་དུ་གསལ།། རང་གསལ་རང་གདངས་ཆེན་པོ་འདི།། རྟག་ཏུ་འདི་ལྟར་ལྟ་སྤྱོད་ན།། ལོངས་སྐུའི་ངོ་སྤྲོད་ཆེན་པོ་ཡིན།། སྤྲུལ་པའི་ངོ་སྤྲོད་བསྟན་པ་ནི།། ཉི་མའི་འོད་ཀྱི་སྣང་བ་དེ། ། ཉི་མ་ཕྱེད་ཀྱི་དུས་དག་ན།། རང་རང་མཐོངས་ཀྱི་དབྱིངས་སུ་གྲུབ།། བསམ་བ་མི་འདྲ་སྣ་ཚོགས་ཤར།། ཉོན་མོངས་བརྒྱད་ཁྲི་བཞི་སྟོང་སྨིན།། རྩ་བ་དུག་ལྔ་དག་ལ་འདུས།། དེ་ཡང་གསུམ་འདུས་གསུམ་པོ་གཅིག། གཅིག་པོ་མ་རིག་དེ་ཉིད་ཅི་ལས་གྲུབ།། རྩ་གཅད་རྩེ་གཅད་སྐེད་གཅོད་ཀྱི།། ཐོག་མ་བར་དང་མཐར་གཅོད་པའི།། ཡེ་ཤེས་ངོ་བཟུང་ངོ་སྤྲོད་སྟོན།། གཅིག་པོ་མཚན་མ་རང་སར་གྲོལ།། གཉིས་མེད་ཐིག་ལེ་ཟང་ཐལ་སྐུ། ། ཕྱོགས་ལྷུང་མེད་པའི་ཡེ་ཤེས་ཤར།། རྒྱ་མ་ཆད་ཀྱི་ཆོས་སྐུར་གསལ།། ལྷུན་གྱིས་གྲུབ་པས་རང་སར་གྲོལ།། རང་སྣང་དག་ལས་མེད་ཙམ་ན།། རིག་པ་ཡུལ་མེད་ཅེས་ཀྱང་བྱ།། ཆོས་ལ་བདག་མེད་ཅེས་ཀྱང་བྱ། ། སངས་རྒྱས་ཡུལ་མེད་ཅེས་ཀྱང་བྱ།། གཟིགས་སྣང་མཐའ་ལས་གྲོལ་བ་ཡིན།། ཞེས་གསུངས་སོ།། ཡེ་ཤེས་ཐིག་ལེ་འཁོར་ལོ་ཁོང་འབར་གྱི་རྒྱུད་ལས། ལེའུ་སྐབས་ཏེ་བཅུ་དྲུག་པའོ། །།། སརྦ་མ་ལ་ད་དཱུ་ཨ་སིང་ཤ་ཥཾ་ཙ་ལ་ཨཱ། དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་བདེ་ཆེན་རང་འབར་གྱི་ཏིང་ངེ་འཛིན་ལས་བཞེངས་ནས། རྡོ་རྗེ་སེམས་དཔའ་ལ་བཀའ་སྩལ་པ། ཀྱེ། སེམས་དཔའ་ཆེན་པོ་ཁྱོད་ཉོན་ཅིག། སྐུ་གསུམ་དབྱེར་མེད་བསྟན་པ་ནི།། རྒྱ་མཚོ་དྭངས་པའི་དུས་ཉིད་ན།། དར་དང་རླབས་དང་སྦུ་བ་དང།། ཆབ་རོམ་སྣ་ཚོགས་ཅིར་སྣང་ཡང།། ཆུ་བོ་དག་ལས་འདས་པ་འམ།། རྒྱ་ཆད་ཕྱོགས་སུ་ལྷུང་བ་ནི། ། ཕྲ་རབ་རྡུལ་ཙམ་མ་མཐོང་ངོ།། དེ་བཞིན་འགྲོ་བ་རིགས་དྲུག་དང།། ལོངས་སྤྱོད་རྫོགས་པ་སྒྱུ་མའི་སྐུ།། སྣ་ཚོགས་མཚན་མར་སྣང་བ་རྣམས།། ཐིག་ལེ་ལྷུན་གྲུབ་ཡེ་བརྡལ་ཡིན།། དབྱེ་རྒྱུ་རྡུལ་ཡང་མི་རྙེད་དེ། ། རྒྱ་མ་ཆད་པར་རྟོགས་ཙམ་ན།། རྟོགས་པ་རང་གྲོལ་ཞེས་ཀྱང་བརྗོད།། ཕྱོགས་མེད་ཡེ་ཤེས་རང་ལ་ཤར།། རང་ཤར་རང་སྣང་ཞེས་སུ་བཤད།། དབྱེར་མེད་ཀློང་ནས་རང་གྲོལ་བས།། ཕྱི་ནང་སྣང་སྲིད་དུབ་ཆུབ་བརྡལ། ། ཐིག་ལེ་ཀུན་ཁྱབ་ཅེས་སུ་བསྟན།། དཔེར་ན་ཐག་པ་སྦྲུལ་འཁྲུལ་གྲོལ།། འཁྲུལ་པ་འཇུག་ལྡོག་རང་གྲོལ་ཡིན།། དབྱེར་མེད་འདུ་འབྲལ་མེད་ཅེས་བྱ།། སྣང་སྲིད་ཐིག་ལེར་བརྡལ་བས་བར་མཚམས་མཚོན་པར་དཀའ། ། ཐིག་ལེ་འགག་མེད་ཡིན་པར་རོལ་པ་ཅིར་ཡང་འཆར།། རོལ་པ་རང་སར་གྲོལ་བས་མཚན་མའི་ཡུལ་མ་མཐོང།། བློ་ཆུང་བྱིས་པས་ཕྱོགས་སུ་བཟུང་བ་འཁྲུལ།། ཕྱོགས་མེད་རང་གྲོལ་སྣང་སྲིད་ཐིག་ལེར་འབར། ། འབར་བའི་རྒྱལ་པོ་འདི་ལ་དབྱེ་བ་ཡེ་ནས་མེད།། ཅེས་གསུངས་སོ།། ཐིག་ལེ་འཁོར་ལོ་འབར་བ་ཟང་ཐལ་གྱི་རྒྱུད་ལས། སྐུ་གསུམ་འདུ་འབྲལ་མེད་པའི་ཀློང་བྱ་བཙལ་དང་བྲལ་བར་བསྟན་པའི་ལེའུ་སྟེ་བཅུ་བདུན་པའོ། །།། མཧ་ལྷ་ཨ་སྟེ། དེ་ནས་ཡང་བཀའ་སྩལ་པ། སེམས་དཔའ་ཆེན་པོ་ཉོན་ཅིག། ཡེ་ཤེས་རླུང་ཆེན་ངོ་སྤྲོད་བསྟན་པ་ནི།། དཔེ་དོན་གཉིས་སུ་ངོ་སྤྲད་དེ། ། ཁྱུང་ཆེན་ནམ་འཕངས་གཅོད་པ་དེ།། རྩོལ་དང་རློམ་པ་མ་ཡིན་ཏེ།། གཤོག་པ་ཐང་ལྷོད་མེད་པ་ཡིན།། སྐད་ཅིག་རི་རབ་ཁང་སྟེང་ལྟར།། མ་རིག་འགག་མེད་གཟུང་འཛིན་ཀློང།། ཆགས་ཞེན་གཉིས་ཀྱི་རྩ་བ་ཅན། ། རླུང་གིས་ཐམས་ཅད་སྨིན་པར་བྱེད།། དངོས་པོ་མེད་པས་དགུང་མཐའ་སླེབ།། བགྲོད་པ་མེད་པར་སྟོང་གསུམ་འགྲོ།། འོང་པ་མེད་པར་རང་སར་ལྡོག། འགྱུ་བ་རླུང་གི་རྟ་ཕོ་ཅན།། རླུང་གི་རྟ་ཕོ་སྒྲོལ་བ་ན། ། འཕྱེ་བོ་རྟ་དང་ཕྲེལ་བ་ཡིན།། ལོང་བ་རྟ་དང་བྲལ་བ་ལྟར།། ཡེ་ཤེས་རླུང་ཆེན་གཅོད་པའི་ཡིད།། གཟུགས་སོགས་ལེན་པར་བྱེད་པ་དེ།། འཕྱེ་བོ་རྟ་བྲལ་མན་ངག་གིས།། གཟུགས་སོགས་རང་སྣང་དཔལ་གྱི་མགོན། ། ཡེ་ཤེས་ལུས་ལ་རིག་པ་འཇུག། སྦྱོང་བར་བྱེད་པ་རླུང་ཡིན་པས།། རླུང་གི་ངོ་སྤྲོད་བསྟན་པ་ཡིན།། ཅེས་གསུངས་སོ།། ཡེ་ཤེས་ཐིག་ལེ་ཟང་ཐལ་གྱི་རྒྱུད་ལས། རླུང་གི་ངོ་སྤྲོད་བསྟན་པའི་ལེའུ་སྟེ་བཅོ་བརྒྱད་པའོ། །།། ཧ་ཡ་ཀཱ་རཱ། དེ་ནས་བཅོམ་ལྡན་འདས་ཀྱིས། རྡོ་རྗེ་སེམས་དཔའ་ཁྱོད་ཉོན་ཅིག། རླུང་གི་ཐམས་ཅད་སྦྱོང་བ་ཡིན།། རླུང་རྟོགས་ཅན་གྱི་དཔེ་བསྟན་པ།། གཞི་དང་ལམ་དང་འབྲས་བུ་དང། ། དེ་ཉིད་རང་སར་གྲོལ་བ་གཞི།། དེ་ཡི་མཚོན་པ་བསྟན་པ་ནི།། དཔེར་ན་བྱ་ཁྱུང་རུམ་དུ་འཇུག་པའི་དུས།། ཕ་མ་གཉིས་ཀྱང་རླུང་ལས་གྲུབ།། བུ་ཡང་རླུང་གི་རྒྱུ་རུ་གནས།། ཕ་མ་སྲེད་ལེན་སྦྱོར་བའི་ཚེ། ། གཞི་རླུང་འདུས་པ་བུ་ཡི་རླུང་དུ་སྦྱར།། ཁྱུང་མོའི་མངལ་ཁའི་ནང་དུ་ནི།། རླུང་གི་སྒོ་ང་ཞབས་རྡོལ་གྲུབ།། ཞབས་རྡོལ་མ་ཡི་མངལ་སྒོར་གཏད།། སྒོ་ངའི་དབྱིབས་ནི་རྒྱ་མདུད་འདྲ།། མདོག་ནི་ལྗང་ཁུ་ཐལ་ཁར་གནས། ། ཕ་མ་གཉིས་ནི་རླུང་ཟ་བས།། གཟན་མ་མི་དགོས་དེ་ལྟར་ཡིན།། རྩོལ་བ་མེད་པར་མཁའ་ལ་ལྡིང།། ཚང་གི་མིང་ནི་མ་ཐོགས་སོ།། ཁྱུང་ལ་ཡུལ་མེད་དེ་ལྟ་ཡིན།། བུ་ཡང་རླུང་ཟ་ཆེན་པོར་བྱུང། ། མངལ་གྱི་སྦུག་གུའི་རླུང་གིས་ནི།། བུ་ཡི་གསོས་སུ་འགྱུར་བས་ན།། ཁྱུང་ཕྲུག་མངལ་དུ་གཤོག་རྫོགས་པས།། རླུང་ཆེན་འགོམས་པ་བྱུང་པ་ཡིན།། ཁྱུང་ཕྲུག་མངལ་ནས་ཚར་བ་དང།། བུ་གུའི་ནང་ནས་ངམ་གྲོག་དང། ། བར་སྣང་སྟོང་པའི་གཡང་མཐོང་བས།། ཁྱུང་ཕྲུག་གཤོག་པ་ཐང་གཅོད་པས།། སྒོང་རྒྱ་ཆག་པ་དེ་ལྟར་ཡིན།། ཁྱུང་ཕྲུག་མ་དང་མཉམ་པ་དང།། རྩོལ་བ་མེད་པར་མཁའ་ལ་ལྡིང།། མིས་མ་མཐོང་བ་དེ་ལྟར་ཡིན། ། དེ་ཡི་དོན་ནི་འདི་ལྟ་སྟེ།། དང་པོ་ལྷུན་གྲུབ་འགག་མེད་རླུང།། འཁྲུལ་པའི་གཞི་རླུང་ཞེས་སུ་བཤད།། དེ་ནས་འཁྲུལ་པ་ལམ་གྱི་རླུང།། ཕྱོགས་མེད་གཡོ་བའི་རླུང་ཆེན་ཡིན།། འཇུག་པའི་རླུང་དང་གཡོ་བའི་རླུང། ། གཅོད་པའི་རླུང་དུ་བྱུང་བས་ནི།། མཚན་མ་ལམ་པའི་རླུང་ཞེས་བྱ།། ཁམས་གསུམ་རླུང་གི་སྲིད་པས་ན།། ལྷུན་གྲུབ་རླུང་ནི་འཁོར་བ་ཡིན།། ཕ་དང་མ་ནི་ལྷུན་གྲུབ་འགག་མེད་ཡིན།། དེ་ལས་བུ་ནི་ཕྱོགས་མེད་ཤར། ། གཟུང་འཛིན་གཉིས་སུ་སྦྱོར་བས་ནི།། རླུང་ཆེན་འགག་པ་མེད་པ་དེས།། འཁོར་བའི་ས་བོན་བསྐྱེད་པ་ཡིན།། འཁོར་བ་སྨིན་པ་རླུང་གིས་བྱ།། རླུང་གིས་སྣ་ཚོགས་གྲུབ་པར་བྱེད།། ཁམས་གསུམ་སེམས་ཅན་དག་ཏུ་འགྲུབ། ། དེས་ན་རླུང་ལ་ངོ་སྤྲད་པས།། རླུང་གསུམ་རྩ་བ་གཅིག་ཏུ་འདུས།། གཅིག་པོ་ཡེ་ཤེས་ཟང་ཐལ་རླུང།། ཟང་ཐལ་རླུང་དུ་ངོ་སྤྲད་པས།། འགྱུ་བ་ཞབས་རྡོལ་རླུང་བྲལ་དེས།། དབུགས་མེད་ཟང་ཐལ་ཐོགས་མེད་པས། ། འབྱུང་བ་ལྔ་ཡི་མ་གྲུབ་པས།། ཡེ་ཤེས་ཟང་ཐལ་ཡིན་པའི་རྟགས།། ཕུང་པོ་ལྔས་ནི་མ་བསྒྲིབས་པས།། ཐིག་ལེ་ལྷུན་གྲུབ་ཡིན་པའི་རྟགས།། ཆུ་བོ་བཞིས་ནི་ཁྱེར་མ་ནུས།། ཡེ་ཤེས་འབའ་ཞིག་ཡིན་པའི་རྟགས། ། རྒྱུ་རྐྱེན་ཀ་ནས་མ་གྲུབ་པས།། སྐུ་གསུམ་འདུ་འབྲལ་མེད་པའི་རྟགས།། རླུང་ལས་ཡེ་ཤེས་ངོ་སྤྲད་ནས།། ཐིག་ལེ་ཉག་གཅིག་རང་འབར་བས།། ཡེ་ཤེས་རང་གྲོལ་ཡིན་པའི་རྟགས། ། རྒྱུ་ལམ་འབྲས་བུ་དབྱེར་མེད་པས།། གཞི་ནི་ལྷུན་གྱིས་གྲུབ་པའི་རླུང།། ལམ་ནི་རང་བྱུང་རླུང་དུ་ཤར།། འབྲས་བུ་མཚན་མ་སྣ་ཚོགས་གཅོད་པའི་རླུང།། རླུང་ཆེན་དེ་ལ་ངོ་སྤྲད་ན།། གཞི་ལམ་འབྲས་བུ་དབྱེར་མེད་པས། ། ཡེ་ཤེས་ངོས་བཟུང་རླུང་དུ་བཤད། ཅེས་གསུངས་སོ།། ཡེ་ཤེས་ཐིག་ལེ་ཟང་ཐལ་གྱི་རྒྱུད་ལས།། ཡེ་ཤེས་རླུང་ལ་ངོ་སྤྲད་པའི་ལེའུ་སྟེ་བཅུ་དགུ་པའོ།།།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ། སེམས་དཔའ་ཆེན་པོ་ཁྱོད་ཉོན་ཅིག། གོ་བར་དཀའ་བ་བརྡ་ཡི་དོན།། ཟབ་མོ་དགྲ་རུ་བརྗོད་པ་ཉམས།། ཡེ་ཤེས་ཟང་ཐལ་ཕྱི་ནང་མེད་པའི་མཁའ།། གཞན་སྣང་མེད་པས་སྒྲིབ་པའི་མིང་ཡང་མེད། ། ལྕེ་སྤྱང་མིག་ཅན་རླུང་ལས་གྲུབ་པའི་སྐུ།། ཉི་ཟླའི་འོད་ཙམ་བྱིན་རླབས་འགག་མེད་སྐུ།། སེང་གེའི་རྩལ་ཅན་མཚན་མ་ཟིལ་གྱིས་གནོན།། རྩལ་གསུམ་ལུས་ལ་རྫོགས་པས་སྐུ་གསུམ་འདུ་འབྲལ་མེད། ། ཐོག་མེད་དཔའ་བ་སྟག་མོ་ཚང་མ་ལྟར།། དཔའ་བརྟུལ་ཡེ་ཤེས་ཐོགས་མེད་གཅད་པ་གཅེས།། དངོས་མེད་གཡོ་བ་ལས་ཀྱི་རླུང་དང་འདྲ།། འཇིག་རྟེན་ཆགས་འཛིན་རླུང་གི་རྩལ་ལས་ཤར།། འཁོར་བ་མྱ་ངན་རྟོག་པ་རླུང་གིས་གདམས། ། སྐྱེ་འཆིའི་རྒྱུན་གྱིས་རླུང་གིས་རྟག་ཏུ་འདེབས།། དབུགས་དང་བྲལ་བས་གཉིས་མེད་ཟང་ཐལ་འཆར།། ཡར་ལྡན་ཡོན་ཏན་མར་ལྡན་སྐྱོན་དུ་འཆར།། གཉིས་མེད་ཟང་ཐལ་ཕྱི་ནང་ཐིག་ལེར་བརྡལ། ། ཡེ་ཤེས་ཟང་ཐལ་འུབ་ཆུབ་འདུ་འབྲལ་མེད།། ཅེས་གསུངས་སོ།། ཡེ་ཤེས་ཐིག་ལེ་ཟང་ཐལ་གྱི་རྒྱུད་ལས། གནས་ལུགས་ལ་ངོ་སྤྲད་པའི་ལེའུ་སྟེ་ཉི་ཤུ་པའོ།།།། དེ་ནས་ཡང་བཅོམ་ལྡན་འདས་བདེ་བ་ཅན་གྱི་གནས། རིན་པོ་ཆེ་པདྨའི་གདན་ལས་བཞེངས་ནས། རྡོ་རྗེ་སེམས་དཔའ་ལ་བཀའ་སྩལ་པ། ཀྱེ་ཀྱེ་ཧོ། ངས་བཤད་པ་ཡི་རྒྱུད་ཆེན་འདི།། ཡེ་ཤེས་ཐིག་ལེ་འདུ་འབྲལ་མེད། ། ཟང་ཐལ་ཡིན་པས་ཆོས་མིན་སྐུ།། ཕྱི་ནང་མེད་པས་ཐིག་ལེའི་རྒྱུད་དུ་ཟུང།། ཡེ་ཤེས་ཟང་ཐལ་རང་ལ་ཤར།། ཡེ་ཤེས་རང་ཤར་རྒྱུད་དུ་ཟུང།། འབྲས་བུ་ཕྱི་ནང་དུས་མི་འདེབས་པས།། ཐོབ་མེད་ནོར་བུའི་རྒྱུད་དུ་ཟུང། ། ཞེས་གསུངས་སོ།། ཡང་བཀའ་སྩལ་པ། འཁོར་བ་རང་གྲོལ་ཡེ་ཤེས་བསྟན།། ཡེ་ཤེས་འཁོར་ལོའི་རྒྱུད་དུ་ཟུང།། ཡེ་ཤེས་གསང་བ་རང་ལ་ཤར།། འཁོར་བ་མཚན་མ་རང་སར་གྲོལ།། གསང་བ་འཁོར་ལོའི་རྒྱུད་དུ་ཟུང། ། ཞེས་གསུངས་ནས། མྱ་ངན་ལས་འདས་སོ།། དེ་ནས་རྡོ་རྗེ་སེམས་དཔའ་ཐུགས་མྱ་ངན་གྱི་ཟིན་ནས། ཀྱེ་མ་ཀྱེ་ཧུད། ཐུགས་རྗེ་ཆེན་པོ་མྱ་ངན་ལས་འདས་སོ།། བདག་ལ་ནི་སྐྱབས་མེད་དོ། ། མགོན་དང་དཔུང་གཉེན་མེད་དོ།། ཀྱི་ཧུད་ཅེས་བརྗོད་པས། རིན་པོ་ཆེའི་ཤོག་བུ་ལ། རིན་པོ་ཆེས་བྲིས་པའི་རྒྱུད་འདི་རང་སྣང་རྣམ་དག་གི་ནམ་མཁའ་ལ་བབས་སོ།། བྱིན་གྱིས་བརླབས་ནས་བཤད་པའི་རྒྱུད། ། ཡེ་ཤེས་ཐིག་ལེ་ཟང་ཐལ་འདི།། རྡོ་རྗེ་སེམས་དཔའ་ལ་བྱིན་གྱིས་བརླབས་ཀྱིས་རྗེས་སུ་ཡི་རང་བའི་ལེའུ་སྟེ་ཉེར་གཅིག་པའོ།།།། རྫོགས་སོ།།།། མིསསིང་
CLOSE WINDOW