CLOSE WINDOW

Gpb037.018: སྐུ་གསུམ་ཡེ་ཤེས་ལྔ་ལྡན་གྱི་རྒྱུ་འཇམ་དཔལ་ཡེ་ཤེས་རྒྱན་གྱི་དགོངས་པ་ཞེས་བྱ་བ
Wylie

། རང་བྱུང་ལྷུན་རྫོགས་གྲུབ་པའི་སངས་རྒྱས་ལ།། སྣང་སྲིད་སྟོབས་ཀྱིས་བསྒྲལ་བས་མཐོང་བས་གྲོལ།། ཨ་ཏི་ཡོ་གས་བདེ་ཆེན་བྱང་ཆུབ་འདི།། བརྗོད་ལས་འདས་པས་ཡང་དག་བསྟན་པའི་སྐུ། ། སྟོན་ཆེན་ལ་སོགས་སྟོང་པའི་རླུང་གནས་པ།། འཇུག་སྒོ་ལྟ་སྤྱོད་ཁྱད་པར་ཆེ་སྟེ་འཕགས།། ལྟ་ཕུགས་སྒྲོག་པས་བྱེ་བྲག་མེད་ཀྱིས་ཀྱང།། སོ་སོའི་བཞེད་གཞུང་རོལ་པའི་རྒྱན་གྱིས་འཕགས། ། མཉམ་པ་ཆེན་པོ་མཉམ་པ་ཁྱོད་ལས་འཕགས།། ང་ནི་བྱང་ཅུབ་སྙིང་པོར་གནས་པའི་ཚེ།། བྱང་ཆུབ་ཆོས་ལ་བྱང་ཆུབ་བསྒྲུབ་མེད་མི་གནས་སོ།། དེ་བཞིན་གཤེགས་པ་རྣམས་ཀྱི་ཡེ་ཤེས་ལ།། སེམས་ཅན་དག་གི་ཆོས་མེད་མི་གནས་པ། ། ཨ་ཏི་ཡོ་ག་བྱ་བཙལ་འདས་པ་ལ།། བཟང་ངན་ཆེ་ཆུང་མི་གནས་སོ།། ལུང་ལས་འདས་པའི་ཆོས་ཉིད་ཡིན།། སེམས་ལས་འདས་པའི་སངས་རྒྱས་ལ།། ཀུན་གཞི་ལས་འདས་ཆོས་སྐུ་ཡིན། ། ལྟ་བ་རླབས་ཀྱིས་སྤྱོད་པའི་དགོངས་པའོ།། འཕགས་པ་གསང་སྔགས་བསམ་གྱིས་མི་ཁྱབ་པའི་མདོ་ལས།། ཁྱུང་ཆེན་གཤོག་རྫོགས་ཀྱི་དགོངས་པ་བསྟན་པའི་ལེའུ་སྟེ་གཉིས་པའོ།། བཅོམ་ལྡན་འདས་ནམ་མཁའ་རྣམ་པར་དག་པས་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། བཀའ་སྩལ་པ། རྡོ་རྗེ་འདུས་པ་ཡེ་ཤེས་སྐུ།། ཚིག་ཅིག་མཚོན་པས་དོན་ཆེན་གསུང་རྣམ་པར་དག་པས་ལམ་ཆེན་པོ།། སངས་རྒྱས་ཉིད་ཀྱིས་ཡོངས་མ་གསུངས། ། བགྲོད་མེད་ལམ་ལ་རབ་གནས་པ།། ཡེ་ཤེས་ལུས་ཅན་དྲི་མ་མེད།། མ་སྐྱེས་གསང་བའི་དཀྱིལ་འཁོར་རྫོགས།། རྣམ་དག་ལམ་ལ་རབ་གནས་པ།། མགོན་པོ་ཤེས་རབ་ཕ་རོལ་ཕྱིན། ། སངས་རྒྱས་ཉིད་ཀྱི་དགོངས་པ་འདི།། ཀུན་གྱིས་རིག་པ་མ་ཡིན་ཏེ།། ལྷ་ལས་རྫོགས་ཏེ་འགྲོ་བ་རྣམས།། བྱང་ཆུབ་སེམས་དཔའ་མི་རིག་སྟེ།། ཆོས་པ་རྣམས་ཀྱི་དོན་མི་རྙེད།། སངས་རྒྱས་ལམ་ལ་མི་གནས་ཏེ། ། ལམ་ལ་བགྲོད་པ་རྩོལ་བའི་གནད།། སངས་རྒྱས་ཉིད་ལས་འབྲས་བུ་མེད།། འབྲས་བུ་བསྒྲུབ་པའི་བྱང་སེམས་དོན་མི་རྙེད།། དེ་ཕྱིན་མགོན་པོ་དྲི་མེད་ངས།། ཐུགས་ཀྱི་དཀྱིལ་འཁོར་རང་བྱུང་བ།། ཡེ་ཤེས་ལྷུན་རྫོགས་མེ་ལོང་བཞིན། ། སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ།། དྲི་མེད་རང་བྱུང་འོད་གསལ་བས།། དུས་གསུམ་གཅིག་སྟེ་རྟག་པར་བཞུགས།། རང་ལས་བྱུང་བའི་ཡེ་ཤེས་ལྔ།། གསང་བའི་དཀྱིལ་འཁོར་ཐུགས་ཀྱི་མཆོག། མཚན་ཉིད་མེ་ཆུ་ས་རླུང་ལྔ།། རང་ལས་བྱུང་བའི་ཆོས་ཉིད་ལྔ།། ལས་ལ་མ་རྨོངས་ཐབས་ཀྱི་ཞིང།། བྱེད་པ་པོ་ཉིད་རྡོ་རྗེས་ཏེ།། སྐྱེ་འགག་མེད་པའི་ཡེ་ཤེས་ཡིན།། བྱེ་པ་པོ་ཉིད་རང་བཞིན་གྱིས།། རྣམ་པར་དག་ནས་སངས་རྒྱས་པས། ། འདུས་བྱས་ཆོས་ནི་ཡེ་ནས་མེད།། ང་ཡི་ཤེས་རབ་རང་བཞིན་གྱིས།། རྣམ་པར་དག་པ་ང་ཡིས་ཆོས།། ཐམས་ཅད་རྣམ་པར་མི་རྟོག་ཡིན།། དེ་ནས་བཅོམ་ལྡན་རྡོ་རྗེ་འཆང།། ནམ་མཁའ་ལ་ནི་སྤྲིན་བཞིན་དུ། ། སྣ་ཚོགས་སྣང་བ་ཡེ་ཤེས་སྐུ།། སྤྲོས་དང་བྲལ་བའི་ཆོས་ཉིད་ལ།། ཡེ་ཤེས་ཀུན་གྱི་རྒྱན་སྣང་བ།། ནམ་མཁའི་སྤྲིན་དང་ཆར་གྱི་ཚུལ།། ཨེ་མ་བདེ་གཤེགས་བཅོམ་ལྡན་འདས།། སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ། ། རྟག་པར་དཀའ་བ་སྙིང་པོའི་དོན།། རབ་ཏུ་མི་རྟོག་གནས་མེད་པའོ།། ཨེ་མ་གཟུང་འཛིན་རྣམས་ཡངས་པ།། ཚིག་དང་ཡི་གེའི་སྤྱོད་ཡུལ་མིན།། ཆོས་བདག་མེད་པའི་མཉམ་པ་ཉིད།། རང་རིག་གཟོད་ནས་མ་སྐྱེས་པའོ། ། ཨེ་མ་རང་རིག་མཉམ་པ་ཉིད་ཀྱི་ཀློང།། མིང་དུ་བཏགས་པའི་ཆོས་རྣམས་ཀུན།། མཉམ་ཉིད་རྟོགས་ལས་གཞན་མེད་དོ།། ཨེ་མ་ཆོས་ཀུན་རང་རིག་ཡེ་ཤེས་ཏེ།། ངེས་པ་མེད་དེ་དངོས་རྟོགས་བྲལ། ། དེ་ཉིད་དག་པའི་རང་བཞིན་པས།། མཁས་པ་ཅི་དགར་སྒོམ་པས་འགྲུབ།། ཨེ་མ་ཆོས་ཀུན་སྣང་བ་ཀུན།། རང་རིག་ངོ་བོ་བརྗོད་དུ་མེད།། དེ་ཉིད་རང་རིག་ཡེ་ཤེས་ནི།། མཁས་པས་རྟོགས་པས་སྒོམ་པར་འགྱུར། ། ཨེ་མ་ཆོས་ཀུན་སྟོང་པའི་བདག། རང་གི་ངོ་བོ་བརྗོད་དུ་མེད།། བརྗོད་མེད་དེ་ཉིད་སྣ་ཚོགས་པས།། ཆོས་རྣམས་ཀུན་ལ་ཁྱབ་པར་གནས།། ཨེ་མ་ཧོ། མི་གནས་ཡེ་ཤེས་དངོས་པོའི་མཐའ་དང་བྲལ། ། སྐུ་དང་ཡེ་ཤེས་རོལ་པའི་མཛད་སྤྱོད་ཀུན།། ནམ་མཁའ་དག་པར་ཀློང་ནས་ཅི་ཡང་སྣང།། ཞེས་གསུངས་སོ།། འཕགས་པ་བསམ་གྱིས་མི་ཁྱབ་པའི་མདོ་ཆེན་པོ་ལས།། ནམ་མཁའ་རྣམ་པར་དག་པའི་དགོངས་པ་བསྟན་པའི་ལེའུ་སྟེ་གསུམ་པའོ། ། བཅོམ་ལྡན་འདས་ཉི་ཟླ་ཁ་སྦྱོར་གྱི་ཏིང་ངེ་འཛིན་ལ་སྙོམས་པར་བཞུགས་ནས། ཆོས་ཐམས་ཅད་འགག་པ་མེད་པའི་དེ་བཞིན་ཉིད་དུ་ངས་བསྟན་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་དེ་ཁོན་ཉིད་ཀྱི་ཏིང་ངེ་འཛིན་ལ་བཞེངས་ཏེ་བཀའ་སྩལ་པ། ཤེས་རབ་ལྡན་པ་མཁའ་ལ་ཁྱུང་ཆེན་བཞིན།། རང་གི་ངོ་བོ་བརྗོད་དུ་མེད།། མི་གནས་མྱ་ངན་འདས་པའོ།། རྫུ་འཕྲུལ་ལྡན་པ་རྒྱ་མཚོའི་ལྟོ་འགྲོ་བཞིན། ། གངས་ལ་ཉི་མ་ཤར་བ་འདྲ།། མེ་ལོང་མན་ཤེལ་བཞིན་ཏེ་སྙིང་པོ་མེད།། རྒྱལ་བ་མྱ་ངན་འདས་པའི་དགོངས་པ་ཡིན།། བྱང་ཆུབ་སེམས་དཔའ་མི་དམིགས་བྱང་ཆུབ་སེམས་མི་དམིགས། ། རང་བྱུང་ཡེ་ཤེས་རབ་ཀྱིས་གྲོལ་བ་ནི།། སྤྲུལ་གྱི་སྙིང་པོ་བཞིན་ཏེ་གཞན་གྱི་སྤྱོད་ཡུལ་མིན།། རང་བྱུང་དབྱིངས་ནས་རིག་པ་གསལ་ཤར་བ།། ཐབས་དང་ཤེས་རབ་གསལ་བ་ཉི་ཟླ་ཁ་སྦྱོར།། ནམ་མཁའི་སྤྲིན་དང་ཆར་གྱི་ཚུལ། ། བྱས་པའི་ཆོས་མིན་མེ་ལོང་ཡེ་ནས་གནས།། ཐུགས་རྗེ་རྩེ་གཅིག་ཡེ་ནས་རྣམ་པར་དག། རུས་སྦལ་མིག་གིས་ཉི་མ་མི་མཐོང་ལྟར།། ཆོས་རྣམས་ཀུན་གྱི་དེ་ཉིད་མཐོང་བ་མེད།། རྟགས་ཀྱི་ཡེ་ཤེས་ཚོན་གང་བ། ། རྟོག་པའི་ཀླུངས་སུ་སུ་འདྲིས་པ།། ཡེ་ཤེས་དྲི་མ་མེད་པ་ཡིན།། ལུང་དུ་བསྟན་པ་བདེ་གནས་པ།། གོལ་སྒྲིབ་པ་དར་ཤ་ཆོད་པ་ཡི།། ཆོས་ལ་བློ་ནི་མི་གནས་ན།། རྟག་ཆད་ཚིག་ལས་འདས་པ་ཡིན། ། མ་བྱུང་མ་སྐྱེས་འོད་ཀྱི་སྙིང་པོ་ལ།། བཀོད་པ་ལྷ་ཡི་དཀྱིལ་འཁོར་རྩལ་མི་དགོས།། རང་སྣང་བཞིན་རྣམ་པར་དག་པའི་ཆོས་སྐུ་ལ།། ཁྲུས་དང་གཙང་སྦྲ་མེ་ཏོག་བྱུག་མི་འཚལ།། མཁའ་ལ་ཉི་མའི་དཀྱིལ་འཁོར་གསལ་བ་ལས། ། འོད་དང་སྣང་བ་གཞན་ནས་བཙལ་མི་འཚལ།། ཤེས་རབ་རིག་པ་བཞི་ནས་ཤར་བ་ལ།། རྣ་བས་ཉན་ཅིང་ཚིག་ཕྱིར་འབྲང་མི་འཚལ།། ནོར་བུ་རིན་ཆེན་རང་ལ་ཡོད་བཞིན་དུ།། གཞན་ལ་བརྟེན་ནས་བཙལ་བས་དོན་མི་རྙེད། ། དྲི་མ་མེད་པའི་ཆོས་སྐུ་ལ།། བཀྲུས་པས་མི་འདག་ནས་མཁའ་འདྲ།། རྐྱེན་དང་བྲལ་བའི་སྙིང་པོ་ལ།། བྱང་ཆུབ་སྙིང་པོ་ཡོངས་ཀྱིས་མེད།། རྡོ་རྗེ་སེམས་དཔའི་བྱང་ཆུབ་ནི། ། རང་གི་རིག་པ་ཆེན་པོ་མཁྱེན།། རང་རིག་ཉིད་མའི་སྙིང་པོ་བཞིན།། དུས་གསུམ་གཅིག་སྟེ་བསྟན་པར་ཞུགས།། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྣང་ལ་མི་གནས་པ་རྣམས་ནི། ཡེ་ཤེས་ཀྱི་སྐུ་དྲི་མ་མེད་པའོ། ། བཀོད་པ་མེད་པར་སྣང་བ་ཅན། སངས་རྒྱས་ཀྱི་སྐུ་དྲི་མ་མེད་པ་ཐབས་ཤེས་རབ་ཟུང་དུ་འབྲེལ་བའོ།། མ་བཀོད་པར་མཐའ་དང་དབུས་མེད། ཕྱོགས་དང་རིས་མེད། མཐོ་དམན་དང་ཡངས་དོག་མེད་པར་སྣང་བ་ནི། སྤྲོས་དང་བྲལ་བའི་ཆོས་ཉིད་ཀློང་ཡོངས་སུ་དག་པའོ།། འདོད་པའི་མཐའ་ཐམས་ཅད་དང་བྲལ་བས་ནི་ཏིང་འཛིན་གྱིས་རྩེ་གཅིག་པའི་ཟས་སོ།། ཡེ་ཤེས་ཀྱི་སྐུ་དྲི་མ་མེད་པ་དང། ཀློང་ཀུན་ཏུ་བཟང་པོ་འདུ་འབྲལ་མེད་པར་བརྟག་པར་བཞུགས་པ་ནི་གྲཽགས། ཁྱད་པར་ཅན་ནོ།། དགོས་པའི་འདུ་ཤེས་ཐམས་ཅད་དང་བྲལ་བ་ནི་དགོངས་པ་ཉག་གཅིག། རྡོ་རྗེའི་ཚིག་གཅིག་གིས་ཐག་ཆོད་ནས་དགོངས་པ་ལ་དོར། ། དོན་ཀློང་དུ་དྲིལ་བདག་ཉིད་ཆེན་པོ་ཁོ་ན་ཉིད་དོ།། འཕགས་པ་གསང་སྔགས་ཆེན་པོ་བསམ་གྱིས་མི་ཁྱབ་པའི་མདོ་ལས། ཉི་ཟླ་ཁ་སྦྱོར་གྱི་དགོངས་པ་མཐའ་གཏུགས་པའི་ལེའུ་སྟེ་བཞི་པའོ། ། བཅོམ་ལྡན་འདས་རིན་པོ་ཆེ་ལྟ་བུའི་ཏིང་ངེ་འཛིན་ལ་སྙོམས་པར་བཞུགས་ནས། རང་བྱུང་གི་ཡེ་ཤེས་ལ་ཡོན་ཏན་ཐམས་ཅད་འབྱུང་བ་ནི། ཟད་མད་རིན་ཆེན་གཏེར་གྱི་དབྱིག། སྐྱེ་མེད་ཀློང་ན་འོད་གསལ་བ། ། ནམ་མཁའི་མཐོངས་ནས་ཉི་ཤར་འདྲ།། དངོས་མེད་གསལ་བ་ཆུ་ཟླ་བཞིན།། བདག་དང་བདག་ཉིད་ཆེན་པོའི་ཐུགས།། སྣང་ལ་མི་མངོན་འཇའ་ཚོན་འདྲ།། སྐུ་གསུང་ཐུགས་ཀྱི་རྡོ་རྗེའི་བདག། ཙུ་ཏའི་ཤིང་དང་གེལ་བའི་ཤིང། ། ལོ་མ་མེ་ཏོག་འབྲས་བུར་བཅས།། ཡོན་ཏན་སོ་སོའི་དོན་བྱེད་པ།། ནད་རྣམས་ཀུན་གྱི་གསོས་སུ་ཆེ།། གཉེན་པོ་གཉེན་པོ་འཇོམས་པ་ཡིས།། ཉོན་མོངས་ལྔ་དང་མཚམས་མེད་ལྔ།། དེ་ཡིས་གཉེན་པོ་དེ་ཡིས་འཇོམས། ། དེ་ཉིད་རྣམ་པར་གྲོལ་བའི་ལམ།། སངས་རྒྱས་ཐོག་མཐའ་བདག་མེད་པས།། གཟུང་འཛིན་གཉིས་མེད་མྱ་ངན་འདས།། ཕྱི་ནང་སྣོད་བཅུད་རང་གྲོལ་བ།། གཞན་ལ་ལྟོས་འགྱུར་ཆོས་མ་ཡིན། ། གླང་ཆེན་འདམ་དུ་བྱིང་བ་ལ།། སྐྱེས་བུ་རང་གིས་བཅིངས་པ་གཉིས།། གཞན་གྱིས་ཡང་དགག་ལ་འགྱུར།། བདེ་བ་ཆེན་པོ་བདེ་ལ་རྟག་སྤྱོད་པ།། རྣམ་པར་སྣང་མཛད་རྟག་པ་ཀུན་ཏུ་བཟང།། ཇི་ལྟར་བརྗོད་པ་ཐ་སྙད་རྩོལ་བའི་གནད། ། ཆོས་ཀྱི་ཡང་དག་དོན་དེ་བརྗོད་ནུས་ཀྱང།། ཆོས་ཀྱི་ཡང་དག་དོན་ལ་གནས་མི་ནུས།། དེ་ཕྱིར་ཆོས་སྤྱོད་སངས་རྒྱས་དོན་ལ་སྒྲིབ།། ཆོས་ཀྱི་བློ་ཡིས་ཐེ་ཚོམ་ཀུན་གསལ་བས།། ཆོས་ལ་མི་གནས་ཐ་མལ་ཤེས་པར་བཞག། ཐ་མལ་ཤེས་པ་བློ་ཡིས་བཅོས་པ་མིན།། བདེ་དང་སྡུག་བསྔལ་བློ་ལ་རྟོག་པ་མེད།། མགོན་པོ་དྲི་མེད་སྐུ་ནི་དེ་བཞིན་ནོ།། རྣམ་པར་དག་པའི་སྐུ་བདེ་བ་ཆེན་པོ་ལ་ཡེ་ཤེས་ཀྱི་གྲོགས་བྱར་མེད་དོ། ། ཀ་དག་པའི་ཡེ་ཤེས་རང་རང་སྣང་བ་ལ་བསླད་པར་བྱ་བའི་ཆོས་མེད་དོ།། ཐབས་ཀྱི་རྒྱལ་པོར་སྟོབས་ཀྱི་རིག་པ་ཤར་བས་ཆེ་བའི་ཡོན་ཏན་གཞན་གྱིས་དཔག་ཏུ་མེད་དོ།། ཤེས་རབ་ཟབ་མོ་ཆུ་བོ་གངྒཱའི་རྒྱུན་བཞིན་མི་འཆད་པས་ཐུགས་རྗེ་ལ་འབྲི་བཀོལ་མེད་དོ། ། ཡང་དག་པར་རྫོགས་པའི་སངས་རྒྱས་ལ་སྒྲིབ་པ་སྦྱང་དུ་མེད་དོ།། ཅིས་ཏེ་ངན་སོང་གི་མཐའ་ལས་གྲོལ་བའོ།། ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ལམ་མེད་དོ། ། ཅིས་ཏེ་བགྲོད་པར་བྱ་བའི་ལམ་ལས་འདས་པའོ།། ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ཚོགས་བསག་ཏུ་མེད་དོ།། ཅིས་ཏེ་ན་དངོས་པོའི་མཚན་མ་གང་ལ་ཡང་མི་གནས་པའོ། ། ཡང་དག་པར་རྫོགས་པའི་སངས་རྒྱས་ལ་སྒྲིབ་པ་སྦྱང་དུ་མེད་དོ།། ཅིས་ཏེ་ཉི་མའི་སྙིང་པོ་ལ་མུན་པའི་གནས་མེད་དོ།། དེའི་ཕྱིར་ལྷག་མཐོང་རིག་པའི་ཡེ་ཤེས་ཀྱིས།། མ་རིག་པ་བདར་ཤ་བཅད། ། ཆོས་སྤྱི་དང་རང་གི་མཚན་ཉིད་ཀྱིས་ཐེ་ཚོམ་གྱི་བདར་ཤ་བཅད།། ལམ་གྱི་ཡེ་ཤེས་ཀྱིས་ལམ་གྱི་བདར་ཤ་བཅད།། ཅེས་པའོ།། འཕགས་པ་གསང་སྔགས་བསམ་གྱིས་མི་ཁྱབ་པའི་མདོ་ལས།། ཡིད་བཞིན་ནོར་བུ་རིན་པོ་ཆེའི་དགོངས་པ་མཐར་ཕྱིན་པའི་ལེའུ་སྟེ་ལྔ་པའོ། ། བཅོམ་ལྡན་འདས་རྒྱ་མཚོ་གདངས་པའི་ཏིང་ངེ་འཛིན་ལ་སྙོམས་པར་བཞུགས་པའི་དུས་སུ། ཆོས་ཐམས་ཅད་ཐིག་ལེ་ཆེན་པོའི་ཀློང་དུ་སངས་རྒྱས་ཏེ། རྒྱ་མཚོ་ལ་གཟའ་སྐར་བཀྲ་བའི་ཚུལ་དུ་བཤད་དེ། ཇི་ལྟར་རྒྱ་མཚོ་དྭངས་བ་ལ།། ཉི་ཟླ་གཟའ་སྐར་ཤར་བ་ཡང།། རང་གི་ངོ་བོ་མ་འདྲེས་སོ་སོར་གསལ།། དེ་བཞིན་ཆོས་ཉིད་རྣམ་དག་སྤྲོས་དང་བྲལ་བ་ལ། ། རིག་པ་ཡེ་ཤེས་ཆོས་རྣམས་ཀུན་གྱི་བདག། སྐྱེ་མེད་ཀློང་ན་མ་འདྲེས་སོ་སོར་གསལ།། སྐུ་གསུམ་རྒྱལ་བའི་དགོངས་པ་མཐར་ཕྱིན་པ།། ཨ་ཏིའི་ཀློང་ནས་རང་བཞིན་རྣམ་པར་དག། ཨ་ཏི་ཡོ་ག་བདེ་ཆེན་བྱང་ཆུབ་མཆོག། ཡེ་ཤེས་ལུས་ལ་སྤྲུལ་པའི་སྐུར་བསྟན་པ།། རྡོ་རྗེ་སེམས་དཔའ་སངས་རྒྱས་ཀུན་གྱི་དངོས།། རིག་པ་ཡེ་ཤེས་རང་བྱུང་དབྱིངས་གསལ་ཏེ།། སྐད་ཅིག་གཅིག་ལ་བདག་ཉིད་སངས་རྒྱས་ཏེ།། དེ་ཕྱིར་སངས་རྒྱས་ཆོས་ལ་མི་གནས་སོ། ། ཆོས་ནི་སེམས་ཅན་རྣམས་ཀྱི་ལྟ་བ་ཡིན།། མཚོན་པའི་བྱང་ཆུབ་ཆོས་ཡིན་ཀྱང།། རྫོགས་པའི་ལྟ་བ་ཆོས་མ་ཡིན།། ཐོག་མའི་མགོན་པོ་དྲི་མེད་ཀྱང།། ཆོས་ལ་བརྟེན་པས་མ་ཡིན་ཏེ། ། མི་བསྐྱོད་དབྱིངས་ནས་རང་བྱུང་བའོ།། དེ་ཕྱིར་ཆོས་ཀྱི་སངས་མི་རྒྱ།། ཆོས་ནི་ཚིག་ཕྱིར་འབྲང་ཞིང་དོན་ལ་གཡེལ།། རང་བྱུང་ཡེ་ཤེས་ཉིད་ནི་ཚིག་གི་མཐའ་དང་བྲལ།། དེ་ཕྱིར་ཡང་དག་དོན་ལ་ཚིག་མེད་ཡི་གེ་མེད། ། སེམས་ཅན་རྣམས་ནི་ཐོག་མའི་ཆོས་ལ་རབ་བརྟེན་ལ།། ཆོས་རྣམས་ཀུན་གྱི་མ་བཅིངས་མ་བཀྲོལ་བའི།། ཡེ་ཤེས་རྒྱལ་པོ་ཚིག་ལས་འདས་པ་སྟེ།། སྨྲ་བའི་ཁྱུ་མཆོག་གཞན་གྱི་དྲིང་མི་འཇོག། རང་རིག་རྒྱལ་པོ་ཚིག་ལས་འདས་རྟོགས་ན། ། ཕྱི་ནང་སྣོད་བཅུད་བདག་ཉིད་ཆེན་པོར་ལྡོག། ང་དྲི་མ་མེད་པ་ཡེ་ཤེས་ཀྱི་སྐུ་ལ།། དགེ་བ་དང་སྡིག་པ་གཉིས་མེད་དོ།། ང་གདོད་ནས་སྙིང་པོ་བྱང་ཆུབ་ཏུ་གནས་པ་ལ།། འབྲས་བུ་ཐོབ་པ་དང་མ་ཐོབ་པ་གཉིས་མེད་དོ། ། ང་བསྟོད་པ་ཆེན་པོ་ཡེ་ཤེས་ཀྱི་སྙིང་པོ་སྤྱན་དུ་གནས་པ་ལ།། བདེ་བ་དང་སྡུག་བསྔལ་བ་གཉིས་མེད་དོ།། ང་རང་རིག་པའི་ཡེ་ཤེས་ཆོས་ཉིད་སྐྱེ་བ་མེད་པའི་དབྱིངས་ན། ། དུས་གསུམ་འདུ་འབྲལ་མེད་པར་བཞུགས་པ་ལ།། གནས་དབྱེན་པ་དང་མི་དབྱེན་པ་གཉིས་སུ་མེད།། ཆོས་ཀྱི་སྐུ་བདེ་བ་ཆེན་པོའི་ངང་ནས།། ཡེ་ཤེས་ཀྱི་རྩལ་མ་འདྲེས་པས་སོ་སོར་གསལ་བས་ནི། ། རྒྱ་མཚོ་ལ་གཟའ་སྐར་ཤར་བ་ལྟ་བུའོ།། ཞེས་སྟོན་པ་བཅོམ་ལྡན་འདས་ཀྱིས་གསུངས་ནས་མི་སྣང་བར་གཤེགས་སོ།། འཕགས་པ་གསང་སྔགས་ཆེན་པོ་བསམ་གྱིས་མི་ཁྱབ་པར་བསྟན་པའི་མདོ་ལས།། རྒྱ་མཚོ་ལ་གཟའ་སྐར་ཤར་བའི་ལེའུ་སྟེ་དྲུག་པའོ། ། བྱང་ཆུབ་ཀྱི་སེམས་ཏིང་ངེ་འཛིན་དྲུག་པ་ཞེས་ཀྱང་བྱ།། མན་ངག་གི་དགོངས་པ་ལ་བཟླ་ཞེས་ཀྱང་བྱའོ།། འཕགས་པ་གསང་སྔགས་ཆེན་པོ་བསམ་གྱིས་མི་ཁྱབ་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སོ། ། རྒྱ་གར་གྱི་མཁན་པོ་བི་མ་ལ་མི་ཏྲ་དང།། བོད་ཀྱི་ལོ་ཙྪ་བ་གཉགས་ཛྙཱ་ན་ཀུ་མ་རས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ། སླད་ཀྱིས་ཨ་ཙརྱ་བཻ་རོ་ཙ་ན་དང། སྣུབས་སངས་རྒྱས་ཡེ་ཤེས་ཀྱིས་བསྒྱུར་ཏེ་གཏན་ལ་ཕབ། ཨྠི+ྀ།། སངས་རྒྱས་འདུས་པ་མན་ངག་གི་རྒྱུད་ཅེས་བྱ་བ། ཎ་མྟོ་བྷ་རི། དཔག་བསམ་གྱི་ལྗོན་ཤིང་ལ། གཡུ་ཡི་བྱ་ཁུ་བྱུག་སྒྲ་སྒྲོག་པའི་མན་ངག། བཅོམ་ལྡན་འདས་བདུད་རྩི་ཡེ་ཤེས་ཀྱི་སྙིང་པོ་ལ་ཕྱག་འཚལ་ལོ།། བདག་མེད་ཤེས་རབ་འོད་གསལ་བ།། མཁའ་ལྟར་དངོས་མེད་ཡེ་ཤེས་སྐུ།། མི་བསྐྱོད་རྡོ་རྗེ་བྱང་ཆུབ་སེམས།། འགྲོ་མགོན་རྡོ་རྗེ་སེམས་དཔར་བཤད། ། རྡོ་རྗེ་སེམས་དཔས་ཡེ་ཤེས་རང་བྱུང་དུ་བསྟན་པའི་ལེའུ་སྟེ་དང་པོའོ།། མཱཔྟཡནྱཎར། བཛྲ་ཨཎ་ཛྷ་སུ་པྲཱ་ཊཱི། རང་སྣང་གི་ནམ་མཁའ་ལ་གསེར་གྱི་བྱ་ཁྱུང་ལྡིང་བའི་མན་ངག། སྤྲོས་མེད་རང་བཞིན་འོད་གསལ་བ། ། སེམས་ཕྱོགས་ཀྱི་སྙན་བརྒྱུད་ྀཐི།།། ། རྒྱ་གར་སྐད་དུ།། ཏྲི་ཀཱ་ཡ་བཉྩ་ཛྙཱ་ན་ཏན་ཏྲ་མ་ཉྫུ་ཤྲཱི་ཛྙཱ་ན་ཨ་ལཾ་ས་མ་ཏི་ནཱ་མ།། བོད་སྐད་དུ།། སྐུ་གསུམ་ཡེ་ཤེས་ལྔ་ལྡན་གྱི་རྒྱུ་འཇམ་དཔལ་ཡེ་ཤེས་རྒྱན་གྱི་དགོངས་པ་ཞེས་བྱ་བ། ། འཇམ་དཔལ་ཡེ་ཤེས་ཀྱི་སྐུ་བདེ་བ་ཆེན་པོ་ལྷུན་གྱིས་གྲུབ་པ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན།། བཅོམ་ལྡན་འདས་ཐུགས་རྗཻ་ཆེན་པོ་དང་ལྡན་པ་དེ། ། ལྕང་ལོ་ཅན་གྱི་གནས་རི་བོ་ཆེན་པོ་དེ་ན།། རྡོ་རྗེ་རྣམ་འབྱོར་མ་ལྔ་དང་ཐམས་ཅིག་ཏུ་བཞུགས་སོ།། དེའི་ཚེ་སེམས་དཔའ་ཆེན་པོ་གསང་བའི་བདག་པོས་འདི་སྐད་ཅེས་གསོལ་ཏོ།། ཀྱེ་ཀྱེ་བཅོམ་ལྡན་འདས་ཐུགས་རྗེ་དང་ཐབས་སུ་ལྡན་པ། ། བདག་ཅག་རྡོ་རྗེ་མཁའ་འགྲོ་མ་དང་བཅས་པ་ལ།། སྐུ་གསུམ་ཡེ་ཤེས་ལྔའི་དོན་བཤད་དུ་གསོལ།། ཞེས་ཞུས་སོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། གསང་བའི་བདག་པོ་ཉོན་ཅིག། སྐུ་གསུམ་ཡེ་ཤེས་ལྔའི་དགོངས་པ་དོན་ཕྱིན་ཅི་མ་ལོག་པ་འདི།། མཁའ་འགྲོ་མ་ལྔ་ལ་བཤད་པར་བྱའོ།། སྐུ་གསུམ་ཡེ་ཤེས་ལྔའི་རྒྱུད་འཇམ་དཔལ་ཡེ་ཤེས་རྒྱན་གྱི་དགོངས་པ་ལས།། གླེང་གཞིའི་ལེའུ་སྟེ་དང་པོའོ། །།། དེ་ནས་ཡང་གསང་བའི་བདག་པོས་འདི་སྐད་ཅེས་གསོལ་ཏོ།། ཀྱེ་ཀྱེ་ཐུགས་རྗེ་ཆེན་པོ།། ཆོས་སྐུ་རིན་པོ་ཆེ་ལྟ་བུ་བཤད་དུ་གསོལ་ཞེས་ཞུས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ། རིགས་ཀྱི་བུ་གོ་བར་དཀའ་བའི་ཚིག་འདི་ཡིད་ལ་ཟུང་ཞིག། དྷརྨ་ཀཱ་ཡ་རཏྣ་མ་ལ་ཨཱ།། སྣང་བ་ཆེན་པོ་གསལ་བ་ཆེ།། དག་པའི་ནམ་མཁའ་མཐའ་དང་བྲལ།། སྦྲོས་བྲལ་ཆོས་ཉིད་འགྱུར་བ་མེད། ། མཐའ་དང་དབུས་མེད་ཕྱོགས་ཆ་ཀུན་དང་བྲལ།། རང་སྣང་ཆོས་དབྱིངས་དག་པའི་ཞིང།། དང་པོའི་སངས་རྒྱས་རྒྱུ་མེད་པས།། སངས་རྒྱས་ཐོག་མ་ཐ་མ་མེད།། སྟོང་པ་ཡེ་ཤེས་སྙིང་པོ་ཅན།། མཐའ་ལ་མི་གནས་རྡོ་རྗེའི་སྐུ། ། ཡེ་ཤེས་མིག་གཅིག་དྲི་མ་མེད།། ནོར་བུ་ཆེན་པོ་རིན་ཆེན་རྟོག། སྦྲོས་དང་བྲལ་བའི་ཆོས་ཉིད་ལ།། གཟུང་འཛིན་བྲལ་བའི་རིག་པ་གསལ།། ངོ་བོ་རང་བཞིན་ཐུགས་རྗེའི་བདག། ཡེ་ནས་སྐུ་གསུམ་འོད་དུ་གསལ། ། རང་བཞིན་ལྷུན་གྱིས་གྲུབ་པའོ།། ཞེས་སྐུ་གསུམ་ཡེ་ཤེས་ལྔའི་རྒྱུད།། འཇམ་དཔལ་ཡེ་ཤེས་རྒྱན་གྱི་དགོངས་པ་ལས།། ཆོས་སྐུའི་གནས་ལུགས་བསྟན་པའི་ལེའུ་སྟེ་གཉིས་པའོ། །།། དེ་ནས་ཡང་གསང་བའི་བདག་པོས་ཞུས་པ།། ཀྱེ་ཀྱེ་བཅོམ་ལྡན་རྡོ་རྗེ་འཆང།། ལོངས་སྐུའི་སྣང་བ་ཇི་ལྟར་ཤར།། བདག་ཅག་རྣམས་ལ་བཤད་དུ་གསོལ།། ཞེས་ཞུས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ། ཆོས་སྐུ་རྣམས་དག་དབྱེར་མེད་ཀྱང།། ཡེ་ཤེས་སྐུ་སྟེ་རང་བྱུང་བ།། སངས་རྒྱས་སྐུ་ལྔའི་བདག་ཉིད་ཅན།། མཚན་ཉིད་སོ་སོའི་ཚུལ་འཛིན་པ།། ཤེས་རབ་སྟོབས་བཅུ་ཡེ་ཤེས་སྐུ།། བཞི་བཅུ་རྩ་གཉིས་མཚན་འཆང་བ། ། སྐུ་གཅིག་ཀུན་ཏུ་ཁྱབ་པའི་སྐུ།། འབྱུང་བའི་ཐིག་ལེ་འོད་དུ་གསལ།། ཁ་དོག་ལྔ་ཡི་བདག་ཉིད་ཅན།། རིགས་ལྔའི་སངས་རྒྱས་ཡུམ་དང་བཅས།། མཚན་ཉིད་འཛིན་པའི་ཚོམ་བུ་ལྔ།། ཆོས་ཉིད་མཁའ་ལ་འོད་གསལ་བ། ། གསལ་འཚེར་ལྷུན་སྡུག་གཟི་བརྗིད་འབར།། གསལ་དང་དྲོ་དང་བསིལ་བ་དང།། ཡང་དང་ཁྱབ་པའི་བདག་ཉིད་ཅན།། རྣམ་རྟོག་མི་མངའ་ཅིར་ཡང་ས་ལེ་མ་ཁྱེན།། མངོན་ཤེས་དྲུག་ལྡན་ཆོས་ཀྱི་སྦྱན། ། ཡི་གེ་དྲུག་པ་རྡོ་རྗེའི་སྒྲ།། ས་ཡི་སྙིང་པོ་འགྲོ་བ་འཛིན།། མཁའ་ལ་ཉི་ཤར་མུན་པ་སེལ།། བྱ་བཙལ་མེད་པའི་ངང་དུ་སྐྱེལ།། སརྦ་ཏ་ཐཱ་ག་ཏ་ཀུ་ལ་པཉྩ་མཎྜལ་ལ་དྷཱ་ཏུ།། ཞེས་སྐུ་གསུམ་ཡེ་ཤེས་ལྔའི་རྒྱུད། ། འཇམ་དཔལ་ཡེ་ཤེས་རྒྱན་གྱི་དགོངས་པ་ལས།། ལོངས་སྐུའི་གྲུབ་ཚུལ་བསྟན་པའི་ལེའུ་སྟེ་གསུམ་པའོ།། དེ་ནས་གསང་པའི་བདག་པོས་ཞུས་པ།། ཀྱེ་ཀྱེ་བཅོམ་ལྡན་ཐུགས་རྗེ་ཅན།། སྦྲུལ་སྐུ་སྣང་བ་ཇི་ལྟར་གྲུབ། ། སྦྲུལ་པའི་སྐུ་ཉིད་ཇི་ལྟར་ཤར།། བདག་ཅག་རྣམས་ལ་བཤད་དུ་གསོལ།། ཞེས་ཞུས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། ཡེ་ཤེས་ལྔ་ཡི་མཚན་ཉིད་ལས།། འབྱུང་བའི་དྭངས་མ་འོད་དུ་སལ། ། དེ་ཡི་སྣང་བ་སྣོད་དུ་གྲུབ།། སྙིགས་མའི་འབྱུང་བ་ཞེས་སུ་གྲགས།། མཁའ་ལ་རླུང་བརྟེན་དེ་ལ་ཆུ་ཡི་ཕུང་པོའི་བརྟེན།། དེ་ལས་ས་ཆེན་པོ་འདི་བརྟེན་སྲིད་པའི་སྒོ་ང་གྲུབ།། རྐྱེན་རྣམས་ཚོགས་ནས་ལས་ཀྱི་འཁྲུལ་འཁོར་རབ་ཏུ་འབྱུང། ། སྣ་ཚོགས་གཟུགས་ཅན་ཡིད་ལས་སྐྱེས།། སྤྲུལ་སྐུའི་ཞིང་ཁམས་སོ་སོར་གསལ།། མ་རིགས་འཁྲུལ་འཁོར་འདི་ལ་ཟང་ཅིང་འབྲི་བ་མེད།། སངས་རྒྱས་འགྲོ་བའི་ཚུལ་འཛིན་པ། ། དཔལ་ལྡན་སངས་རྒྱས་པདྨ་སྐྱེས།། སྤྲུལ་པའི་འཁོར་ལོ་སྣ་ཚོགས་འཆད།། བསོད་ནམས་ཚོགས་དང་ཡེ་ཤེས་ལྔ་ལྡན་དྲུག། འདུལ་བའི་ཕྱག་མཚན་སོ་སོར་ཐ་དད་སྣང།། ཀུན་ཏུ་བཟང་པོ་བློ་གྲོས་བཟང། ། དངོས་པོ་ཀུན་གྱི་རང་བཞིན་འཛིན།། རྣམ་གྲོལ་གསུམ་ལ་མཁས་པའོ།། སྐྱེ་མེད་ཆོས་ཏེ་སྣ་ཚོགས་སྟོན།། མགོན་པོ་སེམས་ཅན་ཀུན་གྱི་མཆོག། སེམས་ཅན་ཐམས་ཅད་རབ་སྒྲོལ་བྱེད།། རྒྱ་མཚོར་ཆུ་བྲན་འདུ་བ་བཞིན། ། ཐམས་ཅད་རང་སར་དབྱེར་མེད་ཐིམ།། ཨ་ཧྲོ་མ་ཡང་དྷ་དུ་མ་ལ་ཨ་སེང།། ཞེས་སྐུ་གསུམ་ཡེ་ཤཻས་སྔའི་རྒྱུ་འཇམ་དཔལ་ཡེ་ཤེས་རྒྱན་གྱི་དགོངས་པ་ལས།། སྤྲུལ་སྐུའི་སྣང་བ་ཤར་ཚུལ་བསྟན་པའི་ལེའུ་སྟེ་བཞི་པའོ། །།། དེ་ནས་ཡང་གསང་བའི་བདག་པོས་མཁྱེན་བཞིན་དུ་ཞུས་པ།། ཀྱེ་བཅོམ་ལྡན་འདས་ཐུགས་རྗེ་དང་ཐབས་སུ་ལྡན་པ།། སྐུ་གསུམ་སྣང་བ་བཤད་པ་ལེགས།། ཡེ་ཤེས་ལྔ་རྣམས་བཤད་དུ་གསོལ། ། ཅེས་ཞུས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། ཡེ་ཡིས་ཤེས་པ་གཅིག་ཡིན་ཀྱང།། མཚན་ཉིད་རྣམ་པ་ལྔ་དང་ལྡན།། ང་ལ་རང་བཞིན་མེད་པས་ན།། ཆོས་དབྱིངས་ཡེ་ཤེས་ལྷུན་གྱིས་གྲུབ།། ང་ལ་ཡོན་ཏན་མི་འགག་བས། ། མེ་ལོང་ཡེ་ཤེས་ལྷུན་གྱིས་གྲུབ།། ང་ལ་སྐྱེ་འགག་མེད་བས་ན། མཉམ་ཉིད་ཡེ་ཤེས་ལྷུན་གྱིས་གྲུབ།། ང་ཡི་ཤེས་རབ་སྦྱོད་པས་ན།། སོ་སོར་རྟོགས་པའི་ཡེ་ཤེས་ཡིན།། ང་ལ་ཐོག་པ་མེད་པས་ན། ། བྱ་བ་གྲུབ་པའི་ཡེ་ཤེས་ཡིན།། སྟོང་པ་ཡེ་ཤེས་རྩལ་སྣང་བ།། མཚན་ཉིད་འཛིན་པའི་ཡེ་ཤེས་ལྔ།། རིག་པའི་ཀླཽང་ནས་འོད་གསལ་པ།། དཀར་དང་དམར་དང་སེར་དང་ལྗང།། མཐིང་ཁ་རྣམ་པར་ཡེ་ནས་གྲུབ། ། སྣང་ལ་དངོས་མེད་མེ་ལོང་བཟུགས་བརྙན་འདྲ།། ནམ་མཁའ་མེ་ལོང་ཆུ་བོ་དང།། སྤུ་གྲི་སོ་དང་རླུང་བཞིན་ནོ།། སརྦ་ཛྙ་པཉྩ་ཀ་ལ་དྷ་ཏུ་ཨ།། ཞེས་སྐུ་གསུམ་ཡེ་ཤེས་ལྔའི་རྒྱུད།། འཇམ་དཔལ་ཡེ་ཤེས་རྒྱན་གྱི་དགོངས་པ་ལས། ། ཡེ་ཤེས་ལྔའི་འདུག་ཚུལ་བསྟན་པའི་ལེའུ་སྟེ་ལྔ་པའོ།།།། དེ་ནས་ཡང་གསང་བའི་བདག་པོས་མཁྱེན་བཞིན་དུ་ཞུས་པ།། ཀྱེ་བཅོམ་ལྡན་འདས་ཀུན་ཏུ་བཟང།། སྐུ་གསུམ་ཡེ་ཤེས་ལྔ་ཡི་བདག་པོ་དེ། ། བག་ཆགས་སྦུབས་ཇི་ཇི་ལྟར་གནས།། བདག་ཅག་རྣམས་ལ་ལེགས་པར་གསུངས།། ཞེས་ཞུས་སོ།། དེ་ནས་བཅོམ་ལྡན་བདས་ཀྱིས་བཀའ་སྩལ་པ།། གསང་བའི་བདག་པོས་ཞུས་པ་ལེགས། ། ཐུགས་རྗེ་རྩལ་གྱི་འཆར་ལུགས་དང།། སྲིད་པ་བཞི་ཡི་འཛིན་ལུགས་དང།། སྡུང་བྱེད་ལུས་ཀྱི་འཆག་ལུགས་དང།། གསོ་བྱེད་བཅུད་ཀྱི་འཆག་ལུགས་བཞིས།། དངོས་པོ་གདོས་པ་ཅན་འདི་གྲུབ། ། སྤྲུལ་པའི་སྐུ་རུ་སྣང་རུ་སྣང་བའོ།། དེ་ལ་ཇི་ལྟར་གནས་ཤེ་ན།། ཟླ་བའི་གདན་ལ་ཉི་མའི་དབུ་རྒྱན་ཅན།། རིན་ཆེན་གུར་ཕུབ་ཟུར་གསུམ་རེ་ཐག་བཞི།། རྟོག་མེད་རིག་པ་ཆོས་ཀྱི་སྐུ།། ཡེ་ཤེས་ལྔ་ཡི་གཞལ་ཡས་ན། ། ལོངས་སྤྱོད་རྫོགས་པའི་སྐུ་རུ་བཞུགས།། ཐུགས་རྗེ་འོད་ཀྱི་ཀུན་ཏུ་ཁྱབ།། རྟགས་ཀྱི་སྒྲོན་མ་སྦྲུལ་པའི་སྐུ།། མཆོག་གི་དང་པོ་སྐུ་གསུམ་འཆང།། རྣམ་པར་རྟོག་མེད་ལྷུན་གྱིས་གྲུབ།། བསམ་གཏན་ཆེན་པོའི་ཏིང་འཛིན་གནས། ། ཡེ་ཤེས་བཞི་ཡིས་བདག་གཉིད་ཅན།། ཁྱུང་ཕྲུག་སྒོ་ངའི་ཚུལ་དུ་གནས།། མ་རིག་སྒོ་ལྔའི་སྦུབས་འབྱེད་པ།། ངོ་བོ་གནས་དང་ལམ་དང་སྒོ།། སྐྱོན་དང་ཡོན་ཏན་རྣམས་ཀྱིས་དབྱེ།། དོན་གསུམ་ཐེ་ཚོམ་མེད་པའི་བློ་ས། ། རང་གི་མཚན་ཉིད་ཉམས་ལ་སྦྱར།། དུས་བཞི་མཉམ་སྦྱོར་དགོངས་པ་ནི།། ངང་དང་རང་བཞིན་བདག་ཉིད་ཆེན་པའི་དོན་ལ་བཞག། ཅེས་སྐུ་གསུམ་ཡེ་ཤེས་ལྔའི་རྒྱུད།། འཇམ་དཔལ་ཡེ་ཤེས་རྒྱན་གྱི་དགོངས་པ་ལས། ། བག་ཆགས་སྦུབས་བསྟན་པའི་ལེའུ་སྟེ་དྲུག་པའོ།། དེ་ནས་ཡང་གསང་བའི་བདག་པོའི་ཞུས་པ།། ཀྱེ་ཀྱེ་བཅོམ་ལྡན་མཁྱེན་གསལ་རིག། སྤྲུལ་པའི་སྐུ་ཡི་ཞིང་ཁམས་ནས། ། ལོངས་སྐུའི་ཞིང་དུ་ཇི་ལྟར་གྲོལ། བདག་རྣམས་ལ་གསུང་དུ་གསོལ།། ཞེས་ཞུས་སོ།། དེ་ནས་ཡང་གསུང་པས་སྲིད་པའི་སྒོམ་པ་ལས་རྒལ་བ།། སྐད་ཅིག་ཐམས་ཅད་བྱེ་བྲག་ཕྱེད།། གྲོལ་བ་ཐར་པ་རྣམ་གྲོལ་ལུས། ། འཇུག་དང་སྣང་དང་ཤེས་རབ་གྲོལ།། དོན་གྱི་ངོ་ལ་གནས་པ་དང།། འགག་དང་སྐྱེ་དང་གནས་དང་ཤེས།། ཐུགས་རྗེ་འབྱུང་དང་རང་སར་གཤེགས།། ཡུལ་གྱི་མཚན་མ་རྣམ་ཤེས་ཉིད་ལས་གྲོལ།། ཤེས་པ་ལྔ་ནི་འོད་ཟེར་ལྔ་ལ་འདུ། ། འོད་ཟེར་ལྔ་པོ་རིག་ཀྱི་སྐུ་ལ་འདུ།། སྐུ་ལྔ་ཡེ་ཤེས་ལྔ་ཡི་ངང་དུ་གྲོལ།། ཡེ་ཤེས་ལྔ་ཉིད་མཚོན་གྱི་དྲུག་བུ་བཞིན།། བཞི་པོ་རིམ་བཞི་གཅིག་གིས་སྐྱོད་པ་ཡིས།། གནས་དང་ལམ་དུ་བྱུང་སྟེ་སྒོ་རུ་འཐོན། ། དེ་ཡི་སྣང་བ་རིམ་མིན་ཅིག་ཅར་འཆར།། སྐྱེ་བ་རིམ་སྐྱེ་ཤེས་པ་ཐད་ཀར་ཆོད།། ལོངས་སྐུ་འོད་གསལ་ཐུགས་རྗེ་སྤྲུལ་སྐུ་འབྱུང།། སྐུ་ཡི་འོད་དང་གསུང་གི་ཟེར།། རྣམ་གྲོལ་ཞི་བ་ཞི་བ་ཉིད།། ཅེས་སྐུ་གསུམ་ཡེ་ཤེས་ལྔའི་རྒྱུད། ། འཇམ་དཔལ་ཡེ་ཤེས་རྒྱན་གྱྀ་དགོངས་པ་ལས།། གྲོལ་ཚུལ་བསྟན་པའི་ལེའུ་སྟེ་བདུན་པའོ།།།། དེ་ནས་ཡང་ཞུས་པ།། ཀྱེ་ཀྱེ་བཅོམ་ལྡན་འདས་མཐའ་ལས་འདས།། ལོངས་སྐུའི་ཞིང་ནས་ཆོས་སྐུར་ཇི་ལྟར་གྲོལ། ། བདག་ཅག་རྣམས་ལ་བཤད་དུ་གསོལ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། ནམ་མཁའ་ལས་བྱུང་རང་བྱུང་བ།། ཤེས་རབ་ཡེ་ཤེས་མི་བོ་ཆེ།། གཟི་བརྗྀད་ཕུང་པོ་ལྟ་ན་སྡུག། ལོངས་སྤྱོད་རྫོགས་སྐུ་ཀུན་གྱིས་རྒྱལ།། མྱ་ངན་འདས་པ་མྱ་ངན་འདས།། ལེགས་པར་མྱ་ངན་འདས་དང་ཉེ།། བདེ་སྡུག་གསལ་ནས་མཐར་གྱུར་བ།། མི་མངོན་མི་སྣང་གསལ་བྱེད་མིན། ། མི་འགྱུར་ཀུན་འགྲོ་ཁྱབ་པ་པོ།། ཀྱེ་སེམས་དཔའ་ཆེན་པོ།། ཡེ་ཤེས་རླུང་གི་ཤེས་རབ་མཁའ་ལ་འདེགས།། སྙིགས་མ་ལྔ་པོ་དྭངས་མའི་ངང་དུ་གྲོལ་དྭངས་མ་ལྔ་པོ་རང་རང་མ་ལ་གནས།། ཤེས་རབ་སྤྱན་གསུམ་རྣམ་པར་དག། མ་རྨུགས་གསལ་བའི་རྟོགས་མཐའ་བྲལ།། རང་རིག་ཡེ་ཤེས་ཡིན་པ་ལ།། བག་ཆགས་ལུས་ཀྱི་རྟོག་པ་མེད།། རྡོ་རྗེ་ཟླ་བ་དྲི་མེད་འོད།། འབྱེད་པ་མེད་པའི་ཤེས་རབ་གསལ།། རྣམ་པར་དག་པ་བདག་མེད་ཆོས། ། སྡུག་བསྔལ་གསུམ་གྱི་སྡུག་སྔལ་ཞི།། ཡང་དག་མཐའ་ལ་རྣམ་པར་གནས།། ཆོས་སྐུ་ཆོས་ཉིད་དབྱེར་མེད་པ།། ཡེ་ཤེས་སྦྱན་ནི་ལོངས་སྐུར་གསལ།། སྲོག་མེད་སྐུ་ལྔ་སྤྲུལ་སྐུར་གནས།། དབྱེར་མེད་ཤེས་རབ་ངང་ལ་གསལ། ། ཅེས་སྐུ་གསུམ་ཡེ་ཤེས་ལྔའི་རྒྱུད།། འཇལ་དཔལ་ཡེ་ཤེས་རྒྱན་གྱི་དགོངས་པ་ལས།། ཆོས་སྐུའི་ངང་དུ་གཟུགས་སྐུ་གཉིས་གྲོལ་བའི་ལེའུ་སྟེ་བརྒྱད་པའོ།།།། གསང་བའི་བདག་པོས་ཡང་ཞུས་པ། ། བཅོམ་ལྡན་མགོན་པོ་འདུ་འབྲལ་མེད།། ཡུལ་སྦུབས་གཟགས་ཅན་གྲོལ་བ་བཞི།། གཅིག་ལས་གཅིག་རྫོགས་བདག་ཅག་རྣམས་ལ་ཤོད།། ཅེས་ཞུས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ། མ་རྟོགས་འཁྲུལ་བའི་སྣང་བ་ཡིན།། རྙིགས་མ་འབྱུང་བ་ལྔ་ཡི་ངོ་བོས་སྟོང།། དྭངས་མ་ལྔ་པོ་འོད་གསལ་པ།། ཆོས་ཉིད་སྣང་བ་དེ་ལས་མེད།། རང་ལས་སྣང་ཞིང་རང་བཞིན་མེད།། རང་སྣང་རྣམ་པར་དག་པ་ཡིན། ། ཉོན་མོངས་ལས་གྲུབ་གདོས་པ་ཅན།། མ་རྟོགས་བག་ཆགས་སྦུབས་སུ་བཤད།། དེ་ཉིད་སྟོང་ཞིང་ཡེ་ཤེས་གསལ།། བཞི་བཅུ་རྩ་གཉིས་ལྷུན་གྱིས་གྲུབ།། བུམ་པ་ནང་གི་མར་མེ་བཞིན།། འོད་ཀྱིས་སྦུབས་སུ་ང་ཡིས་བཤད། ། བྱུང་ཡང་རིག་པ་རང་ལས་བྱུང།། ཐིམ་ཡང་རིག་པའི་ངང་དུ་ཐིམ།། གནས་ཀྱང་རིག་པའི་ངང་དུ་གནས།། ཆོས་སྐུ་ཕྱིན་ནང་མདུན་རྒྱབ་མེད།། རིན་ཆེན་སྦུབས་སུ་ང་ཡིས་བཤད།། སོ་སོར་རྟོགས་པའི་ཤེས་རབ་ཀྱིས། ། གཅོད་པས་ཤེས་རབ་སྦྱན་ཞེས་བྱ།། ཕྱི་ནང་ཆོས་ཀྱི་དོན་རྟོགས་པ།། ཆོས་ཀྱི་སྤྱན་ན་སོ་སོར་གསལ།། དེ་དག་སྟོང་ཞིང་ཡེ་ཤེས་གསལ།། འགྱུར་བ་མེད་པའི་ངང་གནས།། ཡེ་ཤེས་སྤྱན་དུ་ང་ཡིས་བཤད། ། སེམས་ཀྱི་རྟོགས་པ་ཆོད་པ་ནི།། བློ་ཡིས་མཐའ་ལས་གྲོལ་བ་ཡིས།། འཁྲུལ་པའི་སྣང་བ་ངོ་བོས་སྟོང།། མ་གྲུབ་མི་གནས་དག་པས་ན།། འཁོར་བའི་མཐའ་ལས་གྲོལ་བ་ཡིན།། གཟུང་འཛིན་མི་གནས་གཉིས་མེད་མྱ་ངན་འདས། ། ཆོས་ཀྱི་མཐའ་ལས་གྲོལ་བ་ཡིན།། ཞེས་སྐུ་གསུམ་ཡེ་ཤེས་ལྔའི་རྒྱུད།། འཇམ་དཔལ་ཡེ་ཤེས་རྒྱན་གྱི་དགོངས་པ་ལས།། ཡུལ་སྦུབས་གཟིགས་ཅན་གྲོལ་བ་བཞིན་ཉིད་དུ་བསྟན་པའི་ལེའུ་སྟེ་དགུ་པའོ། །།། དེ་ནས་མཁའ་འགྲོ་མ་ཞེ་སྡང་རྡོ་རྗེ་མ་དང།། ང་རྒྱལ་རྡོ་རྗེ་མ་དང།། འདོད་ཆགས་རྡོ་རྗེ་མ་དང།། ཕྲག་དོག་རྡོ་རྗེ་མ་དང།། གཏི་མུག་རྡོ་རྗེ་མ་དང་ལྔ་དགྱེས་ནས་འདི་སྐད་ཅེས་བརྗོད་དོ། ། ཨེ་མ་ཧོ་བདེ་གཤེགས་བཅོམ་ལྡན་འདས།། སྙིང་པོ་དོན་གྱི་རྒྱུད་གསུངས།། སྣོད་ཀྱི་འཇིག་རྟེན་དབྱིངས་སུ་གྲོལ།། སེམས་ཀྱི་རྟོགས་པ་ཆོས་སྐུར་གྲོལ།། དུག་གསུམ་སྐུ་གསུམ་ངང་དུ་གྲོལ། ། དུག་ལྔའི་ངོ་བོ་ཡེ་ཤེས་ལྔ་རུ་གྲོལ།། བདག་ཅག་མཁའ་འགྲོ་རྣམས་ཀྱང།། མི་གནས་པའི་ཡེ་ཤེས་ཀྱི་ངང་དུ་མཆིའོ།། ཨེ་མ་ཧོ་གསང་བ་རྨད་དུ་བྱུང་བའི་ཆོས།། མ་སྤངས་མ་སྦྱངས་མ་བསྒྱུར་བར།། བདེ་ཆེན་ངང་ལ་གནས་པ་ངོ་མཚར་ཆེ། ། ཐབས་མཁས་ཐུགས་རྗེའི་བདག་པོ་ཁྱོད་ལ་འདུད།། ཅེས་བརྗོད་ནས།། མཁའ་འགྲོ་མ་མི་རྟོགས་པའི་ངང་དུ་གཤེགས་སོ།། སྟོན་པ་རྡོ་རྗེ་སེམས་དཔས་བསྟན།། ཞུ་བ་པོ་ཕྱག་ན་རྡོ་རྗེ་ཞུས། ། ཉན་པ་པོ་མཁའ་འགྲོ་མ་ལྔས་མཉན།། སྦས་པ་པོ་མེ་རི་འབར་བའི་ཁ་ལ་སྦས་སོ།། དེ་བཞིན་གཤེགས་པ་གསེར་འོད་དམ་པས།། རོ་ལངས་བདེ་བ་ལ་ལུང་བསྟན་ཏེ་མཇུག་བསྡུས་སོ།། སྐུ་གསུམ་ཡེ་ཤེས་ལྔའི་རྒྱུད། ། འཇམ་དཔལ་ཡེ་ཤེས་རྒྱན་གྱི་དགོངས་པ་ལས།། རྗེས་སུ་ཡི་རང་བའི་ལེའུ་སྟེ་བཅུ་པའོ།།།། སྐུ་གསུལ་ཡེ་ཤེས་ལྔ་ལྡན་གྱི་རྒྱུད་འཇམ་དཔལ་ཡེ་ཤེས་རྒྱན་གྱི་དགོངས་པ་ཞེས་བྱ་བ་རྫོགས་སོ། །།། རྒྱ་གར་སྐད་དུ།། མ་ཎི་རནྟ་ཏན་ཏྲ།། བོད་སྐད་དུ།། ནོར་བུ་རིན་པོ་ཆེའི་རྒྱུད།། དཔལ་ཡིད་བཞིན་ལྷུན་གྲུབ་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ།། སྟོན་པ་རྡོ་རྗེ་སེམས་དཔའ་ཡིས།

CLOSE WINDOW