CLOSE WINDOW

Gpb037.013: བྱང་ཆུབ་སེམས་ཕྱོགས་ཆེན་པོ་ནམ་མཁའ་མཛོད་ཀྱི་རྒྱུད་ཅེས་བྱ་བ
Wylie

རྒྱ་གར་སྐད་དུ།།།། བོ་དྷི་ཙིཏྟ་དེ་ཤི་ཀ་ཨེ་ཀ་ཤ་མ་ཧཱ་ཀོ་ཤ་ཏནྟྲ་ནཱ་མ། བོད་སྐད་དུ། བྱང་ཆུབ་སེམས་ཕྱོགས་ཆེན་པོ་ནམ་མཁའ་མཛོད་ཀྱི་རྒྱུད་ཅེས་བྱ་བ། དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་དུ། རིག་པ་ཆོས་ཀྱི་སྐུས། རང་གི་རྩལ་ཤེས་རབ་ལོངས་སྤྱོད་རྫོགས་པའི་སྐུ་རིགས་ལྔའི་བདེ་བར་གཤེགས་པ་རྣམས་ལ། ཏིང་ངེ་འཛིན་གྱིས་བཤད་པ་མེད་པར་བཤད་པའོ། ། དེ་ནས་རིགས་ལྔའི་བདེ་བར་གཤེགས་པ་རྣམས་ཀྱི། འོག་མིན་ལྕང་ལོ་ཅན་གྱི་ཕོ་བྲང་དུ། སངས་རྒྱས་གཞོན་ནུ་མཚན་རབ་ཏུ་ཤེས་པ་ལ། ཏིང་ངེ་འཛིན་གྱིས་བཤད་པ་མེད་པ་བཤད་པའོ། དེ་ནས་བྱང་ཆུབ་ཡིད་འདྲེས་ཀྱི་ཚུལ་དུ། སངས་རྒྱས་གདུགས་དམ་པ་ཉིད་ཀྱི་ཐུགས་ལས་ཕྱུང་སྟེ་ལྗགས་ཀྱི་རྩེ་ལས་སྤྲོས་ནས། རྫོགས་པ་ཆེན་པོ་ནམ་མཁའ་མཛོད་ཀྱི་རྒྱུད།། ཆོས་ཉིད་ནམ་མཁའ་འདི་གསུང་བར་མཛད་དོ། ། དེ་ཡང་བསྐལ་པ་བཟང་པའི་བྱང་ཆུབ་སེམས་དཔའ་འོད་ཟེར་ཞི་བས། བཅོམ་ལྡན་འདས་ལ་གསོལ་པ། ཐུགས་ཡེ་ཤེས་ཀྱི་དཀྱིལ་འཁོར་རང་བྱུང་དུ་འོད་འབར་བ། མཁྱེན་པའི་ཤེས་རབ་ཕྱིར་མི་ལྡོག་པ་དྲུག་དང་ལྡན་པ། སེང་གེ་ལྟ་བུའི་ལྟ་སྟངས་ཅན། གཟི་བྱིན་ཁོང་ནས་འཆར་བ། དཔལ་བདེ་བ་ཆེན་པོ་ལ་ཕྱག་འཚལ་ལོ།། སྐུ་གསུང་རྒྱལ་བའི་དགོངས་པ་མཐར་ཕྱིན་པ།། ཡོན་ཏན་དཔག་མེད་སྐུ་ལ་ཕྱག་འཚལ་འདུད། ། མཐའ་ཡས་མུ་མེད་ཆོས་ཀྱི་དོན་བརྗོད་པ། ཤེས་རབ་མཐར་ཕྱིན་རང་བཞིན་རྣམ་པར་དག། བདེ་ཆེན་འགྱུར་མེད་སྐུ་ལ་ཕྱག་འཚལ་འདུད།། མཉམ་ཉིད་མི་གཡོ་འགྱུར་མེད་ཆོས་ཀྱི་སྐུ། ཐུགས་རྗེའི་འོད་ཟེར་སྤྱན་གསུམ་རྣམ་པར་དག། ཡོན་ཏན་རྒྱས་པ་གསེར་གྱི་མདོག་འདྲ་ལ།། ཉི་མ་སྟོང་གི་འོད་ཟེར་འཕྲོ་བའི་ཚེ།། བྱང་ཆུབ་མྱུ་གུ་སྤྲུལ་པ་གྲངས་མེད་འཕྲོ།། འགྲོ་དོན་མཐར་ཕྱིན་ཁྱོད་ལ་ཕྱག་འཚལ་བསྟོད། ། རྡོ་རྗེ་རྩེ་མོ་ནམ་མཁའི་མཐའ་དང་མཉམ།། རྡོ་རྗེའི་གདན་ནི་ཟབ་ཅིང་གཏིང་དཔག་དཀའ།། རྡོ་རྗེའི་སྐུ་ནི་སྣ་ཚོགས་ཅིར་ཡང་སྟོན།། རྡོ་རྗེའི་གསུང་ནི་རྣམ་པ་ཅིར་ཡང་སྒྲོགས།། རྡོ་རྗེའི་ཐུགས་ནི་འགྱུར་མེད་མྱ་ངན་འདས། ། བདག་འདྲ་དམན་པས་བསྟོད་པར་མི་འོས་ཀྱང།། ཉིད་ཀྱི་ཞལ་མཐོང་གསུང་ཐོས་ཐུགས་མཁྱེན་པས།། འགྲོ་བ་མཐའ་མེད་དྲང་བའི་དོན་སླད་དུ།། ཀུན་བཟང་རྫོགས་ཆེན་སྐུ་ལ་ཕྱག་འཚལ་འདུད། ། ཅེས་དམ་པའི་དབུའི་གཙུག་ཏོར་དུ་བཞག་ནས། བསྐལ་པ་བང་པོའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འོད་ཟེར་ཉེ་བར་ཞི་བས། ཡི་དམ་གྱི་ལྷ་ལ་ཕྱག་འཚལ་ཏེ་སྨྲེ་སྔགས་དྲག་ཏུ་བཏོན་ནས་ཡི་དམ་གྱི་ལྷ་ལ་ཕུལ་བས། བཛྲ་ས་མ་ཡ་ཛཱ་ཞེས་མདུན་གྱི་ནམ་མཁའ་ལ་འོད་ཀྱི་སྐུ་སྣང་བ་ཟེར་དང་བཅས་པར་བྱོན་ནས་ལུང་བསྟན་པ།། ལྟ་བ་གཅོད་པར་བྱེད་པ་འདི་ལུང་སྟོན་ཏོ།། ཀྱེ་ཧོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཁྱོད་རང་གི་འོད་ཟེར་ཉེ་བར་ཞི་བ་ནི། བྱང་ཆུབ་སྙིང་པོ་འབྲི་གུ་ཏ་ཆེན་པོ་བག་ཆགས་ཀྱི་སྦུབས་སུ་ཉེ་བར་ཞི་བས། འབྲི་གུ་ཏའི་སྒྲིབ་ཤིང་དུ་བག་ཆགས་ཉེར་ལེན་གྱི་ཕུང་པོ་འབྱུང་བས། སྣང་བ་སྒྲིབ་ཤིང་དུ་འཆར་གྱིས། ཁྱོད་འདི་ནས་ལྷའི་ཡུལ་ཡངས་པ་ཆེན་པོའི་གྲོང་ཁྱེར་བདེ་བ་ཅན་དང་པད་མོ་ཅན་གྱི་གནས་སུ་སོང་ལ། སངས་རྒྱས་མི་འཁྲུགས་པ་ཞེས་བྱ་བ་བཞུགས་ཀྱི།། དེ་ལ་བརྐྱང་ཕྱག་ཕུལ་ལ་ཞུས་ཤིག། ཡང་དག་པར་རྫོགས་པའི་སངས་རྒྱས་མི་ཕྱེད་པའི་ལྟ་བ་ལུང་སྟོན་པར་འགྱུར་རོ།། ཞེས་ལུང་བསྟན་པས། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འོད་ཟེར་ཉེ་བར་ཞི་བས། ལྷའི་ཡུལ་ཡངས་པ་ཆེན་པོ་གྲོང་ཁྱེར་བདེ་བ་ཅན་པདྨོ་བདེ་བ་ཅན་དུ་ཕྱིན་པ་དང། རང་གི་འབྲི་གུ་ཏ་གྱེན་དུ་བགྲེང་པ་དང། བག་ཆགས་ཀྱི་ཕུང་པོ་ཡེ་ཤེས་ཀྱི་དབང་དུ་གྱུར་ཏེ། དེ་མ་ཐག་ཏུ་སངས་རྒྱས་མི་འཁྲུགས་པའི་ཞལ་མཐོང་སྟེ། བརྐྱང་ཕྱག་ཕུལ་ནས་ཐལ་མོ་སྦྱར་ཏེ་གསོལ་བ་བཏབ་པ། ཡི་གེ་དགུ་ལྡན། རྟོགས་པ་དྲུག་ལྡན། རང་ས་བཞི་ལྡན། མཆོངས་ས་ལྔ་ལྡན། ཡེ་ཤེས་ཅིག་ཆོད། སྣང་བ་རང་ལོག། འཇུག་པ་རང་ས། དུས་ཚོད་རྒྱལ་ས། ཆོས་ཆེན་པོ་ཡང་གསང་བ་རྨད་དུ་འབྱུང་བ་བསྟན་དུ་གསོལ་ཞེས་གསོལ་ཏོ།། བཛྲ་ས་མ་ཛཿཞེས་ལུང་བསྟན་པ། ཀྱེ་མ་ཧོ་བྱང་ཆུབ་སེམས་དཔའ་ཉོན་ཅིག། ལྟ་བའི་རྫོང་ལ་གྲུབ་མཐའི་གཏེར་སྦོས་ཤིག། སྤྱོད་པ་རང་བྱུང་གི་རྫོང་ལ་ཡེ་ཤེས་ཐུག་ཕྲད་ཀྱི་གཏེར་སྦོས་ཤིག། གཞིའི་ཐིག་ལེ་བཟང་པོ་ལ།། ལྟ་བའི་ཡི་གེ་དགུ་པ་གཅེས་སོ།། ལམ་གྱི་ཐིག་ལེ་བཟང་པོ་ལ།། བདེ་གཤེགས་ཀྱི་ཉིང་ཁུག་གཅེས་སོ། ། འབྲས་བུའི་ཐིག་ལེ་བཟང་པའི་རྩེ་མོ་ལ།། སྒོམ་ཉམས་དྲུག་པའི་མན་ངག་གཅེས་སོ།། སྨིན་པར་བྱེད་པ་བཟང་པོའི་རྒྱན་ལ།། གསང་བའི་དཀྱིལ་འཁོར་གསུམ་གྱི་བསྡུས་དོན་གཅེས་སོ།། བཟང་པོ་རྒྱན་དང་ལྡན་པ་ལ། ། རྐང་མེད་མཁའ་ལ་འགྲོ་བ་གཅེས་སོ།། ཡེ་ཤེས་ཟང་ཐལ་གྱི་དགོངས་པ་ལ།། ལམ་ལ་བར་ཆད་ཀྱི་སྒྲིབ་པ་མེད་དོ།། བྱང་ཆུབ་ཀྱི་སྙིང་པོ་ལ་སྐྱེ་ཤི་མེད་པས་འཁྲུལ་བའི་བར་དོ་མེད་དོ།། སྐུ་གསུམ་རང་བཞིན་གྱིས་རྣམ་པར་དག་པ་ལ། ལས་དགེ་སྡིག་གིས་ཕན་གནོད་མེད་དོ།། དེ་ནས་བྱང་ཆུབ་སེམས་དཔའ་འོད་ཟེར་ཉེ་བར་ཞི་བས། སངས་རྒྱས་མི་འཁྲུག་པ་ལ་བསྟོད་པ་ཕུལ་ཏེ་ཞུས་པ། ཨེ་མ་ཧོ་སངས་རྒྱས་བདེ་ཆེན་སྐུ། ། ཉོན་མོངས་སྐྱོན་གྱིས་མ་གོས་ཤེས་རབ་གསུང།། མ་ཆགས་སྐྱོན་གྱིས་མ་གོས་སྐུ་མདོག་དཀར།། ཐེག་པ་ཀུན་གྱི་ནང་ནས་ཡངས་ཆེ་བ།། གླང་ཆེན་གཤིབས་པའི་གདན་ལ་སྐྱིལ་མོ་ཀྲུང། ། ཐུགས་མཆོག་རྣམ་དག་སྤྲོས་མེད་ཐམས་ཅད་མཁྱེན།། དྲི་མེད་དག་པའི་སྐུ་ལ་ཕྱག་འཚལ་བསྟོད།། ཅེས་ཞུས་ཕྱག་ཕུལ་ནས། བྱང་ཆུབ་སེམས་དཔའ་འོད་ཟེར་ཉེ་བར་ཞི་བས། ལྟ་བའི་རྒྱལ་པོ་ནམ་མཁའི་མཐའ་དང་མཉམ་པ་འདི་གསུངས་སོ། ། ན་མོ་བུདྡྷ་ཡ།། ན་མོ་དྷརྨཱ་ཡ། ན་མོཿསཾ་གྷཱ་ཡོ། ཞེས་དཀོན་མཆོག་གསུམ་ལ་ཞུ་ཕྱག་ནས་འདི་དག་ཟབ་ཏུ་གསུངས་སོ།། ཐོག་མའི་རངས་བསྟན་པའི་ཕྱིར།། ལྟ་བའི་ཡི་གེ་དགུ་པ་བཤད། ། གཞི་ཡི་མཚན་ཉིད་བསྟན་པའི་ཕྱིར།། བདེ་གཤེགས་ཐུགས་ཀྱི་ཉིང་ཁུ་བཤད།། དགོངས་པ་གཏན་ལ་དབབ་པའི་ཕྱིར།། བསམ་གཏན་རྩེ་མོ་དྲུག་པ་བཤད།། སྣང་བ་རང་ལོག་འབྱུང་བའི་ཕྱིར། ། འབྱུང་བ་ལྔ་སྦྱོར་མན་ངག་བཤད།། འཇུག་པ་རང་སར་གནས་པའི་ཕྱིར།། འཇུག་པ་བཞི་སྦྱོར་མན་ངག་བཤད།། དུས་ཚོད་རྒྱལ་ས་འཛིན་པའི་ཕྱིར།། རྒྱལ་པོ་བཀའ་ཡི་བརྡ་ཆོས་བཤད།། ཡེ་ཤེས་ཟང་ཐལ་ཡིན་པའི་ཕྱིར། ། མཆོངས་པ་ལྔ་ཡི་མན་ངག་བཤད།། ཐམས་ཅད་གཏན་ལ་དབབ་པའི་ཕྱིར།། སྒོམ་ཉམས་དྲུག་པའི་མན་ངག་བཤད།། ཀྱེ་ཀྱེ་བྱང་ཆུབ་སེམས་དཔའ་རྣམས།། ཟབ་མོའི་དོན་ལ་འཇུག་པ་ནི་འདི་ལྟ་སྟེ། ། དམ་ཚིག་ཆལ་པ་སྙིང་རྗེ་མེད་འགྱུར་ན།། ཀུན་ཏུ་བཟང་པའི་ཚིག་འདྲ་སྨྲ་བ་ཡང།། འཁྲུལ་པའི་སེམས་ཀྱི་ལོག་འདྲེས་དབང་དུ་འགྱུར།། ཞེས་གསུངས་སོ།། སེམས་ཕྱོགས་ཆེན་པོ་ནམ་མཁའ་མཛོད་ཀྱི་རྒྱུད། ། ཆོས་ཉིད་ནམ་མཁའ་ལས། གླེང་གཞིའི་བྱུང་ཚུལ་གྱི་ལེའུ་སྟེ་དང་པོའོ།།།། དེ་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་དགོངས་པ་མཐའ་ཐུག་པར་གསུངས་པ་འདི་ལ་དོན་དགུས་བསྟན་ཏེ།། དགུ་གང་ཞེ་ན། ཚིག་ལྔ། རྟོགས་པ་ལྔ། ཡོན་ཏན་གསུམ། སྦྱོར་སྒྲོལ་གཉིས། མན་ངག་ཅིག། དགོངས་པ་གཞི་གཉིས། ལོ་ཟླ་བ་དྲུག། ཡིད་ཆེས་པའི་གཏན་ཚིགས་བཞི། ཡོངས་སུ་གདམས་པ་དང་དགུས་བསྟན་ནོ། ། དངོས་པོ་གཞིའི་ཚད། སྐུ་ལས་འདས་པའི་ཡེ་ཤེས། ཤེས་རབ་ཁྱད་པར་གྱི་ཚད། ཆོས་ལས་འདས་པའི་སངས་རྒྱས། ངོ་བོ་ཉིད་ཀྱི་སྐུ། སྣང་བ་དག་པའི་ཚད། འབྱུང་བ་ལས་འདས་པའི་རང་མདངས་གཞལ་ཡས་ཁང་དང་བཅས་པ། དགོངས་པ་དག་པའི་ཚད། ཚིག་ལས་འདས་པའི་སྐུར་སྣང། བྱེད་པ་པོའི་མཐར་མ་ལྷུང་བའི་ཚད། ཡིད་ལས་འདས་པའི་ཤེས་རབ་བོ།། གཞི་མི་འགྱུར་བའི་ཤེས་རབ། སྲོག་ཏུ་གྱུར་བའི་རླུང། ཡེ་ཤེས་མཁྱེན་པ་མི་འགོག་པའི་ཕྱིར་གྱེན་དུ་རྒྱུ་བའི་རླུང། ཐུགས་རྗེས་རང་བྱུང་དུ་འབྱུང་བའི་ཕྱིར། མཐུར་དུ་རྒྱུ་བའི་རླུང། འབྲས་བུ་འབྱིན་པའི་ཕྱིར་མེ་དང་མཉམ་དུ་གནས་པའི་རླུང། རང་བྱུང་སྟོབས་དང་ལྡན་པའི་ཕྱིར་ཀུན་ཏུ་ཁྱབ་བྱེད་ཀྱི་རླུང་དང་ལྔའོ། ། སྐུ་གསུམ་ཡོན་ཏན་དང་ལྡན་པ་གསུམ་ལས། སྐུའི་གཟུགས་བརྙན་རི་མོ་དང་ལྡེར་གཟོ།། མཚན་མ་གདུལ་བྱ་ལ་སྣང་བར་བསྟན་པའོ།། གསུང་གི་སྒྲ་སྙན་རྒྱུད་ལུང་མན་ངག། ཕྱི་ནང་གི་སྒྲོ་འདོགས་གཅོད་པའོ།། ཐུགས་ཀྱི་བྱིན་བརླབས་སྦྱོར་བ་དང་སྒྲོལ་བའོ།། དེའི་མན་ངག་སྲོག་ཡོད་དེ་རྒྱུ་བ་མེད་པ། སྐུ་ཡོད་ལ་གཟུགས་བརྙན་མེད་པ། ཐུགས་ཡོད་དེ་དྲན་རྟོག་མེད་པའོ། ། སྦྱོར་བའི་མན་ངག་བསྟན་པའི་སྙིང་པོ་ཅིག་འབྱུང་བར་བསྟན་ཏེ། སྐུ་གསུམ་ཡེ་ཤེས་ལྔ་ལྡན་གྱི་མཐའ་ཡེ་ཤེས་རང་བྱུང་གི་མར་མེད་སྐྱ་ཅིག་པ། བདག་དང་བདག་ཉིད་ཐ་མི་དད་པ་བཞུགས་པ། རྟོགས་སྒོམ་ཐ་མི་དད་པར་བཞུགས་པ། རྒྱུ་འབྲས་ཐ་མི་དད་པར་བཞུགས་པ། དུས་གསུམ་ཐ་མི་དད་པར་བཞུགས་པའོ།། དེའི་ཕྱིར་སྐྱེ་ཤི་མེད་པའི་སྲོག་འཛིན་པའི་ཕྱིར། མི་འགྱུར་བའི་རྡོ་རྗེའི་སྐུ་བླངས་ཏེ།། ཆོས་ཉིད་རྒྱ་མཚོ་དང་འདྲ་བའི་ཀློང་ཡངས་པར་བསྒྲལ་ཏེ་སྟོང། རྒྱལ་བའི་སྐུ་ནི་གཟུགས་ཅན་མ་ཡིན་ལ་འགྲོ་འོང་མེད་པ། དུས་ཐམས་ཅད་པ། རྟག་པར་བཞུགས་པའི་ཡེ་ཤེས་སོ།། སངས་རྒྱས་ཐུགས་རྗེ་ཡས་བབས་པས། སྣང་བ་སུམ་བརྩེགས་ཡས་བབས་པས། མས་ཆགས་ཆགས་ལྟར་སྣང་ངོ།། དེའི་སྟེང་དུ་སྐུ་དང་ཡེ་ཤེས་སུམ་བརྩེག་བཞི་བཞག་ཏུ་བཞུགས་སོ།། བཞེངས་སོ།། བཞེངས་བཞུགས་མི་མངའ་འོ།། ལོ་ཟླ་བ་དྲུག་ལ། ང་ནི་རིག་པ་ཆོས་ཀྱི་སྐུ། སྣང་མེད་སྣང་སྲིད་ཀུན་གྱི་བདག། ཟབ་ཅིང་གཏིང་དཔག་དཀའ་བ་སྟེ།། ཆུང་ཆེའི་ལྟོ་བ་ཁྱེངས་པ་མེད།། དེ་ཕྱིར་སྣང་སྲིད་ལྟོ་རུ་ཟོས་ཀྱང་ང་མ་འགྲངས།། རིག་པའི་སྙིང་པོ་ཏིལ་འབྲུའི་ཆ་དང་མཐུན། ། དེ་ཡི་རང་ལུས་མཚོན་པ་སྤུ་རིས་ཙམ།། དེ་ཡི་རང་གདངས་ནམ་མཁའི་མཐའ་དང་མཉམ།། དེ་ཡི་སྙིགས་མ་འཁྲུལ་པའི་འབྱུང་བ་ལྔ།། ཤེས་རབ་ཟབ་མོ་རྟོགས་པའི་སྐྱེས་བུ་ཡིས།། དང་པའི་ལུས་ལས་འབྱུང་བ་རང་སར་ཐིམ། ། འབྱུང་བ་ཁྱུར་མིད་བྱས་ཀྱང་ཡངས་དོག་མེད།། རིག་པའི་གདངས་ནི་ནམ་མཁའི་མཐའ་དང་མཉམ།། རིག་པ་དངོས་མེད་ཡིན་པར་ཆོས་ཤེས་ན།། རང་གདངས་རང་ལུས་ཡིན་པར་རང་གིས་ཤེས། ། དེ་ན་ནམ་མཁའ་གོས་སུ་གོན་ཡང་ང་མ་གཡོགས།། འགྱུར་མེད་ཆོས་ཀྱི་སྐུ་ནི་ཐམས་ཅད་འབྱུང་བའི་གཞི།། ས་གཞི་ལྟ་བུའི་ཆོས་ཉིད་ཐ་དད་མེད།། རང་བྱུང་རང་གྲོལ་བཙལ་མེད་རང་ལ་རྫོགས། ། དེ་བཞིན་འགྱུར་མེད་ཆོས་སྐུ་རང་རྫོགས་ལ།། ཕྱི་ནང་སྣོད་བཅུད་སྣང་སྲིད་འཁོར་འདས་ཀུན།། རང་གི་ཐུགས་རྗེས་རང་གི་རྩལ་དུ་ཤར།། སྐད་ཅིག་མ་འགགས་ཆོས་ཉིད་གདན་དུ་སྣང།། དེ་ཕྱིར་ས་གཞི་གདན་དུ་གཏིངས་ཡང་ང་ཤོང་ཙམ། ། རང་རིག་རྒྱལ་པོ་མ་འགགས་ཡོངས་སུ་གསལ།། ཐབས་ཀྱི་ཡེ་ཤེས་མ་བསྒྲིབས་ཀུན་ལ་ཤར།། ཤེས་རབ་འགྱུར་མེད་རྒྱ་མཚོ་གཏིང་དང་མཉམ།། ཐབས་དང་ཤེས་རབ་གཉིས་མེད་སྦྱོར་བ་ལས། ། ཐུགས་རྗེའི་རོལ་པ་གང་ལ་ཅིས་འདུལ་བ།། འགྲོ་བའི་དོན་དུ་ཉག་གཅིག་ཀུན་ཏུ་གྲགས།། ཆོས་པ་རྣམས་ཀྱི་ཐ་དད་མཐོང་བས་གོལ།། དེ་ཕྱིར་ཉི་ཟླ་ལག་ཏུ་ཐོགས་ཀྱང་ང་མ་མཐོང། ། སྐྱེ་མེད་ནམ་མཁའ་ལྟ་བུའི་མཁའ་ཀློང་ནས།། ཤེས་རབ་ཟབ་མོ་འབྲུག་གི་སྒྲ་ལྟར་སྒྲོགས།། གངས་དཀར་རྩེ་ལ་སེང་ཆེན་འཕྱོ་བ་ལྟར།། ང་རོ་དྲག་པོ་བར་སྣང་ཁམས་སུ་སྒྲོགས།། སྐྱེ་མེད་ཀློང་ནས་སྒྲ་ཆེན་རང་བྱུང་བས། ། བཙལ་མེད་བགྲོད་མེད་ཐུགས་རྗེས་དབྱིངས་སུ་འབྱིན།། ཐེག་དམན་བློ་ཆུང་འཁྲུག་པའི་མུན་ཁུང་དུ།། ཤེས་རབ་སྒྲོན་མ་བཏེག་ཀྱང་རང་གི་བསྒྲིབས།། ཤེས་རབ་བློ་ཆུང་ཐེག་པ་མས་བགྲོད་རྣམས། ། རྒོད་ཕོ་གཤོག་ཆག་ནམ་འཕངས་མི་ཆོད་ལྟར།། བཙལ་མེད་ཆོས་ལ་རྩོལ་བའི་ནད་ཀྱིས་ཟིན།། འབྲུག་གི་སྒྲ་སྐད་གྲགས་ཀྱང་ངས་མ་ཐོས།། ཡོན་ཏན་བཞི་ལ། ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག། ངའི་རིག་པ་ཆོས་ཀྱི་སྐུ་ཡེ་ཤེས་ཀྱི་མར་མེ་སྐྱ་ཅིག་པ་ནི། ། ནམ་མཁའ་ལྟར་ཁྱབ་པའི་ཡེ་ཤེས་མ་འགགས་པའོ།། ས་གཞི་ལྟར་ཐམས་ཅད་འབྱུང་བའི་གཞི་མ་འགགས་པའོ།། ཉི་ཟླ་ལྟར་ཐབས་ཤེས་རབ་ཀྱི་སྒོ་མ་འགགས་པའོ། ། ཆུ་བོ་གངྒའི་རྒྱུན་བཞིན་དུ་ཐུགས་རྗེ་ད་བྲི་བསྒོམ་མི་མངའ་འོ།། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་དབུགས་ཕྱིན་ཏེ། དངོས་པོ་ཡེ་ཤེས་སྦྱོར་བའི་ཏིང་ངེ་འཛིན་ལས་བཞེངས་ཏེ། ། ཆོས་ཀྱི་སྐུའི་ཡེ་ཤེས་ལྔ་དང། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་འབྱུང་བ་ལྔ་རང་རང་སོ་སོའི་དོན་བྱེད་ཀྱང། གཅིག་ཏུ་མ་འབྱོར་ན་ཐུགས་ནམ་མཁའི་མཐའ་དང་མཉམ་པ་མི་འབྱུང་ངོ།། ཞེས་དོན་ཐུགས་སུ་ཆུད་ནས་སྦྱོར་བ་མཛད་དོ། ། རིགས་ཀྱི་བུ་ཉོན་ཅིག། ཆོས་ཐམས་ཅད་ལ་ཤེས་པར་བྱ་བའི་ཡུལ་ནི་ཡོད་ལ། སྤྱད་པར་བྱ་བའི་ཆོས་ནི་མེད་དོ།། དེ་ཅིའི་ཕྱིར་ཞེ་ན། གཞི་དོན་གྱི་ཀུན་གཞི་ལ་བག་ཆགས་བཟང་པོའི་ས་བོན་བཏབ་པས། ཆོས་ཐམས་ཅད་མ་བཅིངས་པ་སྟེ། ཤེས་རབ་ཀྱི་རྩལ་སྦྱང་དུ་ཡོད་པའོ།། སྤྱད་པར་བྱ་པའི་ཆོས་ནི་གང་ལང་མེད་དེ།། རང་ཤེས་རིག་གི་རྒྱལ་པོ་འབའ་ཞིག་ཏུ་ཟད་དོ།། ལྟ་བ་རྒྱ་མ་ཆད་པའི་རིག་པ་དངོས་མེད་ཀྱི་ཡེ་ཤེས་ཡིན་ལ། ། འབྲས་བུ་ཉེ་བར་གྲུབ་པ་ཆོས་ཐམས་ཅད་ཀྱི་ཤེས་རབ་ཀྱི་ཡུལ་དུ་ཟིན་པ་ཡིན་ནོ།། དེ་ཡང་དམ་ཚིག་གི་གཟུང་ཤོར་ཅིང་ཐུགས་རྗེའི་རླན་མེད་ན་ཐེག་པ་ཆེན་པོའི་མིང་མེད་དོ། ། ཞེས་དགའ་རབ་རྡོ་རྗེས་རྡོ་རྗེ་ཆོས་ལ་གདམས་པའོ།།།། སེམས་ཕྱོགས་ཆེན་པོ་ནམ་མཁའ་མཛོད་ཀྱི་རྒྱུད་ལས། ལྟ་བའི་ཡི་གེ་དགུ་པའི་ལེའུ་སྟེ་གཉིས་པའོ།། དེ་ནས་རྡོ་རྗེ་འཆང་ཆེན་པོས་གསུངས་པ། ། བདེ་གཤེགས་ཐུགས་ཀྱི་ཉིང་ཁུ་འདི།། སངས་རྒྱས་སྙིང་པོར་བཞག་པ་ཡིན།། རྒྱུ་ལ་འབྲས་བུ་རྫོགས་པ་སྟེ།། འབྲས་བུ་སྙིང་པོར་འདྲིལ་བ།། སྙིང་པོ་ལམ་དུ་ཁྱེར་བ།། རྟོགས་པ་རྒྱུད་ལ་སྨིན་པ།། རྐ་མེད་མཁའ་ལ་འགྲོ་བར་བྱ། ། བལྟར་མེད་སྐུ་ལ་བལྟ་བར་བྱ།། གྲོགས་མེད་གཅིག་པུར་གནས་པར་བྱ།། འདི་ནི་དགོངས་པ་མདོར་བསྡུས་ཡིན།། རང་ས་བཞི་ལྡན་བསྟན་པ་ནི།། འདས་པའི་སངས་རྒྱས་བཞུགས་ཚུལ་ནི། ། ཆོས་ཉིད་རང་སྣང་སུམ་བརྩེགས་ལ།། རང་བྱུང་རིག་པའི་རྒྱལ་པོ་ཉིད།། དགོངས་པ་རང་སྣང་དོན་ལ་བཞེངས་བཞུགས་སོ།། དེའི་ཚེ་རང་སྣང་རྟོགས་པའི་འཁོར་རྣམས་དང་ཐབས་ཅིག་ཏུ་བཞུགས་སོ། ། དེའི་ཚེ་རང་སྣང་བ་བསམ་བྲལ་གྱི་དོན་ལ།། སོ་སོ་གོ་གོའི་གནས་སུ་ཡེ་ཤེས་ཀྱི་དཀྱིལ་འཁོར་ལྔ་ལ། ལྷ་སུམ་ཅུ་རྩ་གཉིས་རྫོགས་པར་ཤེས་པའི་ངོ་བོ་གཅིག་ཏུ་བཞུགས་སོ།། དེའི་ཐུགས་རྗེས་རང་བྱུང་དུ་བསྟན་པ་ནི། ། སངས་རྒྱས་མཉམ་སྦྱོར་དགོངས་པ་ཡིན།། དེའི་འཁྲུལ་རྟོག་གཅད་པ་ནི།། མྱ་ངན་འདས་པ་ཐོག་མ་སངས་རྒྱས་ཀྱི།། གཞི་དགོངས་པ་རང་གནས་སུ་འབྱུང་བས། ད་ལྟའི་གང་ཟག་རྟོགས་པ་རྒྱུད་ལ་སྨིན་ན། ། ཚིག་གི་དོན་མི་འབྱོར་རོ།། ཞེས་བྱང་ཆུབ་སེམས་དཔའ་སྤྲིན་གྱི་ཤུགས་ཅན་གྱིས་གསུངས་སོ།། སེམས་ཕྱོགས་ཆེན་པོ་ནམ་མཁའ་མཛོད་ཀྱི་རྒྱུད་ལས། བདེ་གཤེགས་ཐུགས་ཀྱི་ཉིང་ཁུ་རང་ས་བཞི་ལྡན་བསྟན་པ་སྟེ་ལེའུ་གསུམ་པའོ། །།། དེ་ནས་རྡོ་རྗེ་འཆང་ཆེན་པོས། བསམ་གཏན་རྩེ་མོ་དྲུག་པ་འདི་གསུངས་སོ།། སརྦ་བྷི་དྷུ་ཨེ་ཀྲ་བྷི་བྷི། ཆོས་ཐམས་ཅད་ཀྱི་སྒྲ་དབྱངས་རྣམ་པ་གསུམ་ནས་བཅས་ཏེ། འཇིག་རྟེན་ཡོངས་སུ་བསྟན་པ་རྒྱས་པའོ། ། ཐོག་མེ་སངས་རྒྱས་ཉག་གཅིག་མངོན་དུ་འབྱུང་བའི་དུས་སུ། ཐུགས་རྗེའི་བྱིན་གྱིས་བརླབས་ཀྱིས་རང་བྱུང་བ་ནི། ནམ་མཁའ་རྣམ་པར་དག་པའི་ཀློང་ནས། ཧ་ཀྲ་མ་ཞེས་པའི་སྒྲའོ། ། བར་སྣང་རྣམ་པར་དག་པ་ནས་ཀ་ལ་པིང་ཀའི་སྒྲ་བྲག་ཆའི་ཚུལ་དུ་བབས་ཏེ། དེ་འགྲོ་བ་རྣམ་པར་དག་པས་སྒྲ་འགྱུར་གསུམ་པ་མན་ངག་ཏུ་བསྒྱུར་བ། རྒྱུད་གཉིས་སུ་གྲགས་ཏེ། དེ་ལ་ནི་ཧ་ཀྲ་མའི་རྒྱུད་ཅེས་ཡོངས་སུ་གྲགས་སོ། ། དེ་ལ་རྒྱུད་གཉིས་ལས། སྒྲའི་དོན་རྣ་བ་ནས་བརྒྱུད་པ་ནི། ཀུན་ཏུ་བཟང་པོའི་སྒོམས་ཉམས་དྲུག་པ་གཟུང་སྟེ། དེ་བཞིན་གཤེགས་པའི་བསམ་གཏན་རྩེ་མོ་དྲུག་པར་བསྟན་པ་གཟུང་ངོ།། དེ་ཡང་ཇི་ལྟར་གཟུང་ན་འཛིན་པར་བྱེད་པའི་སྒྲ་དྲུག་གི་མན་ངག་དང། ། གཟུང་བར་བྱ་བའི་མན་ངག་ཚིགས་གསུམ་གྱིས་བཟུང་ངོ།། བཛྲ་མ་ཎི་མ་ཨ་ཏྲི་ཤ་བཛྲ་ས་མ་ཎ། ཞེས་པའི་སྒྲས་གཟུང་སྟེ། སངས་རྒྱས་ཉག་གཅིག་གི་དགོངས་པ་ལ་ཡར་བསྐྱལ་ལོ། ། དེ་ཡང་ཇི་ལྟར་བསྐྱལ་ཞེ་ན། སརྦ་བྷི་ཧུ་རྦ་ཞེས་པའི་སྒྲ་ནི། ཕྱི་ནང་སྣོད་བཅུད་འཁོར་འདས་རྒྱུ་འབྲས་ཀུན་ལ་འཇུག་པའི་སྒྲ་ལ་བྱ་སྟེ། སྒྲ་ཁྱབ་པའི་བདག་ཉིད་ཅན་ནོ། ། བཻཌཱུརྻ་ཞེས་པའི་སྒྲ་ནི། སྟོང་པའི་སྒྲ། གྲགས་པའི་སྒྲ། དབུ་མའི་སྒྲའོ།། ཨེ་ཀ་ནི་རིག་པ་ཆོས་ཀྱི་སྐུའོ།། བྷ་བྷ་ནི་རྒྱུ་གཉིས་སུ་བགྲགས་པའོ།། དེ་ལ་བྷི་དྷརྱ་དགོངས་པ་ལ་སྦྱར་ན།། ཨ་ནི་སྟོང་དང་མི་སྟོང་གི། དབུས་དང་མཐའ་གཉིས་ཡོད་མ་ཡིན།། བར་འདི་དབུ་མ་ཆེན་པོ་སྟེ།། སྟོང་ཉིད་ཡེ་ཤེས་ཆེན་པོ་ཉིད།། ཆོས་ཉིད་མཐའ་གཉིས་མ་སྤངས་བར།། ཆོས་སྐུ་རང་བྱུང་སྟོང་པ་ཉིད།། མཐའ་བཞི་ལས་ནི་གྲོལ་བ་ཡིན། ། རྩ་བའི་དོན་དང་སྦྱར་བ་ནི།། ཧ་ཀྲ་མ་ནི་བྱ་ཞེས་བྱ།། རྒྱུད་པ་གཉིས་སུ་བསྟན་པ་ཡིན།། དེ་ནས་རྒྱས་པར་བཤད་པ་ནི།། དེ་ཁོ་ན་ཉིད་ཡོངས་སུ་རྒྱས་པར་བཤད་པ་ཡིན།། དེ་ནི་གསང་བ་སྨད་དུ་བྱུང་བའི་ཡི་གེར་བཀོད་པ་སྟེ། ། བསྟན་པ་དར་ཞིང་རྒྱས་པར་བཞག་གོ། བཛྲ་མ་ཎི་ཨ་ཤྟི་ཤྟ་མ་རྩེ་ཏི་ཤོ་ཏ་ཎཾ། ཞེས་པའི་སྒྲ་ལས་དྲངས་ན། རྡོ་རྗེ་སེམས་དཔའི་བྱང་ཆུབ་ཀྱི་སྙིང་པོ། དྲི་མེད་དག་པའི་རིག་པ་ཆེན་པོ། བསམ་གཏན་རྩེ་མོ་དྲུག་པ་ཞེས་བྱབ། བཅོམ་ལྡན་འདས་དྲུག་པ་རྡོ་རྗེ་འཆང་གིས་གསུངས་པ། སྐབས་དང་པོ་བྱུང་ཚུལ་བསྟན་པའོ།། དེ་ནས་ཡང་དག་དགོངས་པའི་མཆོག། ཐབས་མཁས་དག་གིས་བསྟན་པ་ནི། ། སྐྱེ་འགག་མེད་པའི་ཤེས་རིག་ལ།། རྡོ་རྗེ་རྩེ་མོ་རྣམ་པར་འཕྲོ།། ཡང་དག་མཐའ་ལ་ལྷུན་གྱིས་གྲུབ།། བསམ་གཏན་དྲུག་པའི་རྩེ་མོ་ནི།། ཡོངས་སུ་རྫོགས་པའི་རྩེ་མོ་ཅིག། འགྱུར་མེད་རྡོ་རྗེའི་གདན་ལ་བཞག། ཅེས་གསུངས་སོ།། སྐབས་གཉིས་པ་ཆོས་ཀྱི་འབྱུང་གནས་བསྟན་པའོ།། བཛྲ་མ་ཧཱ་ཙེ་ཏི་ཤོ་ཧ། སཾ་དྷརྨ་དྷཱ་ཏུ། ཞེས་པའི་སྒྲ་ལས་དྲངས་ནས་བསམ་གཏན་རྩེ་མོ་དྲུག་པ་ཞེས་བྱ་སྟེ།། རང་ལས་བྱུང་བའི་ཆོས་སྐུ་ནི། ། སངས་རྒྱས་ཀུན་གྱི་རྩེ་མོ་མཆོག། རང་ལས་འབྱུང་བས་གཞན་དབང་མེད།། བྱ་བཙལ་མེད་པས་རྩེ་མོ་མཆོག། ཡིན་ཚུལ་ཤེས་པས་ལྟ་བ་ཡིན།། འགྱུར་བ་མེད་པས་རྩེ་མོའི་མཆོག། གཅིག་པུར་འདུག་པས་ཉམས་བླངས་ཡིན། ། བཏང་བཞག་མེད་པས་རྩེ་མོ་མཆོག། བཏང་སྙོམས་བཞག་པས་སྤྱོད་པ་ཡིན།། ཡེ་ཤེས་ཐུག་ཕྲད་རྩེ་མོ་མཆོག། ཕྱིར་མི་ལྡོག་པས་འབྲས་བུ་ཡིན།། སྐུ་གསུམ་རྫོགས་པ་རྩེ་མོ་མཆོག། རྡོ་རྗེ་འཆང་གི་ཐུགས་ཀྱི་མཆོག། དགོངས་པ་ཀུན་གྱི་རྩེ་མོ་བཤད།། ཡོངས་སུ་རྫོགས་པའི་སྐབས་གསུམ་པའོ།། དེ་ནས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དོན། དེ་ཡོངས་སུ་རྒྱས་པར་བཤད་ནས། རིག་པ་ཆོས་ཀྱི་སྐུ་ལ་ཐ་དད་དུ་དབྱེར་མེད་ཀྱང། ཤེས་རིག་གང་ཟག་གི་བློ་ལ་གོ་བར་བྱ་བའི་ཕྱིར་གཉིས་སུ་བསྟན་ཏེ། རིག་པ་དང་རིག་པ་ལས་བྱུང་བའི་ཡེ་ཤེས་གཉིས་ཏེ། དེ་ཡང་གང་ཟག་གཅིག་གི་རྒྱུད་ལ་སྦྱར་ཏེ་བསྟན་ན། རིག་པའི་རྟེན་དང། གནས་དང། མཐུན་པའི་དཔེ་དང་གསུམ་ཡིན་ནོ།། ཡང་རིག་པ་ལས་བྱུང་བའི་ཡེ་ཤེས་ཀྱི་རྟེན་དང། གནས་དང། མཐུན་པའི་དཔེ་དང་གསུམ་མོ།། དེ་ལ་རིག་པ་ངོ་བོ་ཉིད་ཀྱི་སྐུའི་རྟེན་ནི། བག་ཆགས་ཀྱི་ཀུན་གཞིའོ། ། གནས་ཙིཏྟ་རིན་པོ་ཆེའི་གཞལ་ཡས་ཁང་ངོ།། དཔེ་ནི་ཉའི་མིག་ལྟ་བུའོ།། ངོ་བོ་ནི་འགྱུར་བ་མེད་པའོ།། རང་བཞིན་ནི་ཤེས་བྱ་ལ་འགག་པ་མེད་པའོ།། ཐུགས་ནི་ཡེ་ཤེས་སྒྱུ་མ་ལྟ་བུའི་སྐུའོ། ། རིག་པ་ལས་ཡེ་ཤེས་ཀྱི་རྟེན་ནི་ཆོས་ཉིད་ཀྱི་ཀུན་གཞིའོ།། གནས་ནི་རི་རབ་ཀྱི་ཁོང་སེང་ན་གནས་སོ།། མཐུན་པའི་དཔེ་ནི་འཇའ་ཚོན་ལྟ་བུའོ།། ངོ་བོ་ནི་སྣང་ལ་རང་བཞིན་མེད་པའོ།། རང་བཞིན་ནི་མི་སྣང་ལ་རང་བཞིན་ཡོད་པའོ། ། ཐུགས་རྗེ་ནི་མ་འདྲེས་ལ་ཡོངས་སུ་རྫོགས་པའོ།། རིག་པ་ངོ་བོ་ཉིད་ཀྱི་སྐུ་དང།། ཡེ་ཤེས་ཆོས་ཀྱི་སྐུ་གཉིས།། མར་མེ་དང་འོད་ཀྱི་ཚུལ་ཏེ།། མཐོང་བྱ་དང་མཐོང་བྱེད་དོ། ། དེའི་འབྲས་བུ་ཡོངས་སུ་སྨིན་པ་ནི།། སྐུ་དག་ཡེ་ཤེས་སོ།། རིག་པ་དང་ཐ་དད་དུ་གྲོལ་བའོ།། དངོས་པོ་དོན་གཏན་ལ་དབབ་པའི་དོན་བཞི་བསྟན་པའོ།། ང་ནི་གང་ཟག་གི་རྒྱུད་ལས།། འབྲས་བུར་སྨིན་པར་བྱ་སྟེ། ། ཆོས་ཉིད་སྣང་བ་སུམ་བརྩེག་གི་གདན་ལ། སྐུ་དང་ཡེ་ཤེས་སུམ་བརྩེགས་སུ་བཞུགས་པ་ནི། ལྟ་བ་དང་གྲུབ་མཐའ་ཐ་མི་དད་པར་བཞུགས་སོ།། དགོངས་པ་ནི་མ་བཅས་མཉམ་བཞག་ཏུ་གནས་པར་བྱ་སྟེ། དེ་ཡང་ཕྱི་སྒོ་བཅད་ཀྱང་རུང་མ་གཅད་ཀྱང་རུང་སྟེ། གང་ལྟར་བདེ་བར་བྱ་བཅོས་མེད་པར་བཞག་གོ། དེ་ལྟར་གནས་པའི་དུས་ན།། རྐང་མེད་མཁའ་ལ་འགྲོ་བ་ནི། ལྟ་བའི་རྒྱབ་ཤ་ཆོད་པ་ཡིན།། བལྟར་མེད་སྐུ་ལ་ལྟ་བ་ནི། འབྲས་བུའི་རྒྱབ་ཤ་གཅོད་པ་ཡིན།། གྲོགས་མེད་གཅིག་པུར་གནས་པ་ནི།། སྒོམ་པའི་རྒྱབ་ཤ་གཅོད་པ་ཡིན།། རྟོགས་པ་ཉམས་སུ་བླངས་པའི་སྐབས་ལྔ་བསྟན་པའོ།།།། འབྲས་བུའི་དུས་ཚོད་ཤེས་པ་ནི། ། དུས་ཀྱི་སྦྱོར་བ་ངེས་པ་སྟེ།། སྣང་བ་རང་ལོག་བྱུང་བའི་ཚེ།། འབྱུང་བ་ལྔ་སྦྱོར་དྲན་པར་གྱིས།། འཇུག་པ་རང་ས་བྱུང་བའི་ཚེ།། འཇུག་པ་བཞི་སྦྱོར་དྲན་པར་གྱིས།། དུས་ཚོད་རྒྱལ་ས་བྱུང་བའི་ཚེ།། ཡེ་ཤེས་ཆིག་ཆོད་དྲན་པར་གྱིས། ། བསམ་གཏན་རྩེ་མོ་དྲུག་པ་རྒྱས་པར་བསྟན་པའི་སྐབས་དྲུག་པ་བསྟན་པའོ།། ཞེས་སེམས་ཕྱོགས་ཆེན་པོ་ནམ་མཁའ་མཛོད་ཀྱི་རྒྱུད་ལས། བསམ་གཏན་རྩེ་མོ་དྲུག་པའི་ལེའུ་སྟེ་བཞི་པའོ། །།། དེ་ནས་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོས། ལས་ཀྱི་མཐའ་ཟད་པའི་ཚེ། སྣང་བ་རང་ལོག་ཏུ་བསྟན་པ་ནི། དང་པོ་སངས་རྒྱས་རྒྱུ་མེད་པས།། རང་བྱུང་དབྱིངས་ནས་ཡེ་ཤེས་སྐུ།། རང་སྣང་མཁའ་ལ་འོད་གསལ་བས། ། ཡེ་ཤེས་སྣང་བ་སུམ་བརྩེགས་ཤར།། མ་རིག་རྟག་ཏུ་རྟོགས་པའི་བློས།། སྙིགས་མའི་འབྱུང་བ་ལྔ་རུ་ལོག། རྟོགས་པའི་ཡེ་ཤེས་སྐད་ཅིག་གིས།། ལོག་རྟོག་མཁའ་ལ་སྤྲིན་དེངས་བཞིན། ། ཡེ་ཤེས་སྣང་བ་རང་སར་ལོག། རང་བྱུང་རང་སྣང་རྒྱལ་བའི་སྐུ།། བཞི་བཞག་རང་གྲོལ་དགོངས་པ་ཡིན།། སྣང་བ་རང་ལོག་གི་དགོངས་པ་བསྟན་པའོ།། དེ་ནས་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོས་འདི་གསུངས་སོ། ། འབྱུང་ལྔ་སྦྱོར་བས་མན་ངག་གི། རང་སྣང་འོད་དུ་ཤར་བ་ཡིས།། འཁོར་བའི་གྲོང་ཁྱེར་བཟློག་པ་ཡིན།། སྐུ་མཆོག་རྡོ་རྗཻ་འོད་སྣང་བས།། ཡེ་ཤེས་ལུས་ལ་འཇུག་པ་ཡིན།། ཆོས་ཀྱི་སྐུ་ལ་གཟུགས་མེད་པས། ། དག་པའི་ཡེ་ཤེས་རིན་ཆེན་སྐུ།། འཇའ་ཚོན་ལྟ་བུའི་ཁ་དོག་ཀྱང།། རིན་པོ་ཆེ་ཡི་སྦུབས་སུ་ཐིམ།། འཇུག་པའི་མཚན་ཉིད་རྣམ་གཉིས་ཏེ།། ཡུལ་དང་གནས་ལ་འཇུག་པ་དང།། སྐུ་དང་ཡེ་ཤེས་འཇུག་པ་དང། ། ཡུལ་གནས་འཇུག་པའི་མཚན་ཉིད་ནི།། འབྱུང་བ་ལྔ་སྦྱོར་མན་ངག་སྟེ།། བཏང་སྙོམས་ཆེན་པོ་ཐབས་མཁས་པས།། ཁམས་གསུམ་དབང་དུ་བསྡུ་བའི་ཕྱིར།། བཅུད་ཀྱི་འཇིག་རྟེན་ཐམས་ཅད་རྒྱུ། ། བདག་ཉིད་ཅིག་པའི་འབྲེལ་བར་ལྡན།། རྒྱུ་དྲུག་སྐུ་དང་ཡེ་ཤེས་སྦྱོར།། སྣོད་ཀྱི་འཇིག་རྟེན་ཐམས་ཅད་རྐྱེན།། དེ་ལས་བྱུང་བའི་འབྲེལ་བར་ལྡན།། འཁྲུལ་སྣང་རྒྱལ་བའི་ཞིང་ཁམས་སྦྱོར།། ཕྱི་ནང་འབྱུང་བ་རྣམ་པ་ལྔ། ། ཕ་ནི་རླུང་ཡིན་ཐམས་ཅད་བྱེད།། མ་ནི་ས་ཡིན་ཀུན་འབྱུང་གནས།། བུ་ནི་མེ་ཡིན་སྨིན་པར་བྱེད།། བུ་མོ་ཆུ་ཡིན་སྡུད་པར་བྱེད།། སྙིང་པའི་འབྱུང་བ་རྣམ་པ་ལྔས།། མཐུན་སྣང་དག་སྣ་དག་ལ་སྦྱོར། ། སྐུ་དང་ཡེ་ཤེས་འཇུག་པ་ནི།། དུས་མ་འགྱུར་བར་སྣང་མ་འགྱུར།། མན་ངག་གཏན་ཚིགས་རྣམ་པ་གསུམ།། སྣ?ང་བ་ཡུལ་གྱི་གཏན་ཚིགས་བརྡས། འབྲས་བུའི་དཀྱིལ་འཁོར་གཏན་ལ་འབེབས།། དགྲགས་པ་སྒྲ་ཡི་གཏན་ཚིགས་བརྟས། སེང་གེ་ང་རོ་ལྟ་བུ་ཡིས། ལྟ་བ་ངན་པ་ཟིལ་གྱི་གནོན། མཚོན་པ་ཚིག་གི་གཏན་ཚིགས་བརྡས།། བློ་ངོས་གཉིས་སུ་མེད་པར་སྦྱོར།། ཞེས་སེམས་ཕྱོགས་ཆེན་པོ་ནམ་མཁའ་མཛོད་ཀྱི་རྒྱུད་ལས། སྣང་བ་རང་ལོག་དང། འབྱུང་བ་ལྔ་སྦྱོར་དང། སྦྱོར་བའི་མན་ངག་བསྟན་པའི་སྟེ་ལེའུ་ལྔ་པའོ།།།། དེ་ནས་འབྱུང་བ་རང་སའི་མན་ངག་འདི་གསུངས་སོ།། རྒྱུ་རྐྱེན་མེད་པའི་ཡེ་ཤེས་ལ།། མཚན་མའི་དངོས་པོ་ཐ་དད་འབྱུང། ། སྐུ་གཅིག་དྲུག་ཏུ་འབྱུང་བའི་ཕྱིར།། ཡུལ་དྲུག་རྣམ་པར་སྤྱོད་པ་བྱུང།། ཕྱི་ནང་སྣོད་བཅུད་ཐམས་ཅད་ཀུན།། རྒྱུ་རྐྱེན་རང་ལས་བྱུང་བའི་ཕྱིར།། འཇུག་པའི་མཚན་ཉིད་ཤེས་པར་བྱའོ། ། ལས་ལ་དགེ་སྡིག་མེད་པར་ཤེས།། གནས་ལ་མཐོ་དམན་མེད་པར་ཤེས།། དུས་ལ་སྔ་ཕྱི་མེད་པར་ཤེས།། ཆོས་ཉིད་ལ་ནི་བར་དོ་མེད།། རིག་པ་དག་ལ་སྐྱེ་ཤི་མེད།། ཡེ་ཤེས་སྐད་ཅིག་མ་མེད་པས།། ལྟ་བ་དག་གིས་ཐག་བཅད་ནས། ། དང་པོའི་འབྱུང་སར་གནས་བཅས་ཏེ།། ཕྱི་ནང་སྣོད་བཅུད་མ་ལུས་ཀུན།། ཡེ་ཤེས་ཆེན་པོའི་ངང་དུ་འདུས།། རྒྱུ་རྐྱེན་བྲལ་བའི་ཆོས་སྐུར་གནས།། ཐིག་ལེ་ཉག་གཅིག་འཇུག་པ་ཤེས། ། ཞེས་སེམས་ཕྱོགས་ཆེན་པོ་ནམ་མཁའ་མཛོད་ཀྱི་རྒྱུད་ལས།། འཇུག་པ་བཞི་སྦྱོར་གྱི་མན་ངག་གི་ལེའུ་སྟེ་དྲུག་པའོ།།།། དེ་ནས་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོས།། འཕགས་པ་འཇམ་དཔལ་འཕྲུལ་གྱི་གབ་ཚེ་གསུམ་བསྐོར་གྱི་མན་ངག་བསྟན་པ། ། པྲཛྙ་པ་ར་མི་ཏ། དུས་ཚོད་རྒྱལ་ས་བསྟན་པ་ནི།། སྣང་གསལ་སྒྲོན་མ་ནུབ་པའི་ཚེ།། འཁོར་འདས་དང་སྙིགས་འབྱེད་པའི་དུས།། དཔའ་བོས་རང་ས་ཟིན་པ་ཡིན། ། ཆོས་ཉིད་ཡངས་པའི་བྱེ་ཐང་ལ།། ལྟ་བ་མང་པོ་བང་བསྐྱེ་བས།། མཉམ་ཉིད་ཁྱབ་བརྡལ་ཟངས་ཀྱིས་ཐལ།། གསང་བའི་མཛོད་གསུམ་ལྡེ་མིག་དང་བཅས་པ་འདི་ལྟ་སྟེ། ནམ་མཁའི་མཐོངས་ཁུངས་སྒོ་ཕྱེ་ནས། ། ལྟ་བ་རིན་པོ་ཆེ་ནམ་མཁའི་མཐའ་དང་མཉམ་པའི་མཛོད་བསྟན། སའི་རས་མ་སྒོ་ཕྱེ་ནས། རང་བྱུང་དབང་གི་ཆུ་བོ་ཆེན་པོ་བཞིའི་མཛོད་བསྟན། འཁྲུལ་གྱི་བང་མཛོད་བཞིའི་སྒོ་ཕྱེ་ནས། སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བའི་མཛོད་བསྟན། དོན་གྱི་མན་ངག་བཞིར་བསྟན་ཏེ། རྒྱལ་པོའི་ཕོ་བྲང་གིས་རིན་པོ་ཆེའི་རྒྱལ་ས་བསྟན།། རྒྱལ་པོའི་དཀོར་མཛོད་གསུམ་གྱིས་རྒྱལ་བའི་བླ་ནོར་བསྟན། རྒྱལ་པོའི་བསྟན་བཀའ་ཆོས་བདུན་གྱིས་ཡིག་ཚང་གསེར་དང་འཕྲ་མེན་བསྟན། རྒྱལ་པོའི་བརྡ་ཆོས་བཞིས་རྗེས་བློན་གྱི་མངའ་རིས་བསྟན་ཏོ།། སྟོང་ཉིད་ནམ་མཁའི་རྫོངས། ཉི་ཟླ་གཉིས་ཀྱི་སྐར་ཁུང་བསྟོད་དེ། རིན་པོ་ཆེའི་གཏེར་སྦས་ནས། ཡོན་ཏན་གྱི་སྒོ་མོ་ལ་རིག་པ་འཕྲུལ་གྱི་སྒོ་ལྕགས་བཅུ་སྟེ།། རེ་དོགས་མེད་པའི་འོབས་ཀྱིས་སྐོར་ཏེ། ཁྱེའུ་སྣང་བ་རིགས་བྱེད་ཀྱི་མཁར་གྱི་རྩེ་རྗེ་མཛད་དོ།། མགྱོགས་ཀྱི་རྟ་ཕོ་ལྔས་མཐའི་དགྲ་བཏུས་ཏེ། ། དབང་སྒྱུར་གྱི་བློན་པོ་གཉིས་ཀྱིས་གྲོས་ཀྱི་ཐག་གཅད་དེ། རྒྱལ་པོ་རྫོང་ལ་བཞུགས་སོ།། སྐྱེ་མེད་ནམ་མཁའི་མཐོངས་སུ་འགྱུར་མེད་རིག་པའི་མཛོད་གསུམ་སྦས་ཏེ། ལྡེ་མིག་མཐའི་མོན་བུས་ཁྱེརེ་ནས། བློན་པོ་གྲོང་ཁ་ཡས་པས། རིགས་ཀྱི་བུ་རིན་པོ་ཆེའི་སྐས་ལ་འཛེགས་ལ། མཐའི་མོན་བུ་ཚོ་ལ་སྒོ་ཕྱེ་ཞིག། སྐྱེ་མེད་ནམ་མཁའི་སགོ་ཕྱེ་བས། པདྨ་སྟོང་གི་དཀྱིལ་འཁོར་རང་སྣང་འོད་དང་བཅས་པ། རིན་པོ་ཆེ་དྲཝ་བའི་མིག་ཚགས་མཐོང་བར་འགྱུར་རོ།། སའི་རས་མའི་སྒོ་ཕྱེ་ནས། གསེར་གྱི་མེ་ཏོག་པདྨ་འདབ་མ་སྟོང་དང་ལྡན་པ། འོད་ཟེར་བྱེ་བ་འབུམ་དང་ལྡན་པ། སྤྲུལ་པ་བྱེ་བ་ཁྲག་ཁྲིག་སྣ་ཚོགས་དུ་མ་དང་བཅས་པ། ཞིང་ཁམས་ཆེན་པོ་ལྔ་དང་ལྡན་པར་འོད་གསལ་བ་ནི། རྣམ་དག་སྟུག་པོ་བཀོད་པའི་ཞིང་ཁམས་ནས། མཚོན་རྫོགས་རྡོ་རྗེ་འཆང་གི་ཞིང་ཁམས་སུ། ཉི་མ་སྟོང་གི་འོད་ཟེར་འཆར་བ་ལྟར། བལྟས་པས་མི་སྐྱོ་བར་ངོ་མཚར་གྱུར་པ་དེ་ཀུན་བཟང་དབྱེ་བ་མེད་པའི་ཞིང་ཁམས་སུ། སྤྲུལ་པ་བྱེ་བ་འབུམ་དང་ལྡན་པ། ཉི་ཟེར་གྱི་གྲངས་ལྟ་བུ་ལ། སྐུ་ཕྲ་མོ་རྡུས་ཕྲ་རབ་ལས། མཚན་དང་དཔེ་བྱད་རྫོགས་པར་གནས་པ་ཤ་སྟག་ཏུ་གྱུར་ཏེ། དེ་བཅུ་པ་ཆོས་ཀྱི་སྤྲིན་གྱི་ཞིང་ཁམས་ལ་སྣང་བར་འགྱུར་ཏེ། དེའི་འོད་ཟེར་རེ་རེའི་རྩེ་མོ་ལ་སྐུ་ཕྲ་མོ་ཡུངས་འབྲུ་ཙམ་ལ། མཚན་དང་དཔེ་བྱད་རྫོགས་པ་རེ་རེ་འབྱུང་སྟེ། དེ་རྣམས་ཀྱང་ཞིང་ཁམས་ཆེན་པོ་གསུམ་ལ་སྣང་བར་འགྱུར་རོ། ། དེ་འགྲོ་བ་འདུལ་བའི་ཞིང་ཁམས་དྲུག་ལ་དུ་མར་སྣང་བའི་དུས་ན་སྤྲུལ་པའི་སྐུར་གྱུར་ཏེ། ཐུགས་རྗེས་སེམས་ཅན་གྱི་དོན་མཛད་དོ།། ཡང་ཕྲ་མོ་དེ་རྣམས་སེམས་ཅན་ལ་ཡང་སྣང་ཞིང་འབྱུང་བ་དེ། ། དག་སྣང་ལོག་ནས། འཁྲུལ་སྣང་འཆར་བའི་དུས་སུ། སེམས་ཅན་གྱི་གཟུགས་རེག་འབྱར་དུ་ཡོང་བ་ཡང་དེ་ལས་འབྱུང་ངོ།། སའི་རས་མ་སྒོ་ཕྱེ་ནས་རང་བྱུང་གི་ཆུ་བོ་བཞིའི་མཛོད་བསྟན་པ་ནི། རིག་པ་རྩལ་གྱི་དབང་དང། རྒྱལ་ཐབས་སྤྱི་བླུགས་ཀྱི་དབང་དང། ཡེ་ཤེས་རང་རྫོགས་ཀྱི་དབང་དང། ཡེ་ཤེས་ལྷུན་གྲུབ་ཀྱི་དབང་དང་བཞི་སྟེ། རིག་པ་རྩལ་གྱི་དབང་ནི་མཛོད་གསུམ་སྒོ་ཕྱེའོ། ། རྒྱལ་ཐབས་སྤྱི་བླུགས་ཀྱི་དབང་ནི། གསེར་གྱི་མེ་ཏོག་བཞི་ཡས་ཤར་ནས། ཞིང་ཁམས་ཆེན་པོ་གསུམ་ལ་སྤྱོད་པར་དབང་ངོ།། ཡེ་ཤེས་རང་རྫོགས་དབང་ནི། ཆོས་ཉིད་ཀྱི་སྣང་བ་ལ་སྐུ་གསུམ་རང་ལུགས་སུ་གནས་པར་སྣང་བར་གནས་པའོ། ། ཡེ་ཤེས་ལྷུན་གྲུབ་ཀྱིས་དབང་ནི། འབྲས་བུ་ཕྱིར་མི་ལྡོག་པར་ཤེས་པའོ།། འཕྲུལ་གྱི་ཡང་མཛོད་བཞིའི་སྒོ་ཕྱེ་བའི་དུ་སུ། ཤེས་རབ་ཀྱིས་ཆོས་ལ་དབང་བྱུང་བ་ནི། འཕྲུལ་གྱི་ཡང་མཛོད་བཞི། དེའི་ལྡེ་མིག་བཞི། དེ་ལ་ལྟ་བའི་སྐྱོབས་བཞི་སྟེ་བཅུ་གཉིས་བསྟན་པའོ།། དེ་ནས་རྒྱལ་པོའི་བླ་ནོར་བསྟན་པ། སན་རྔ་བ་རོ་ཧ་ན། མན་ཧོའི་སྒྲ་ལས་དྲངས་ནས། སང་སྐྲི་ཏའི་སྐད་དེ། སྡིག་པ་མེད་པའི་ཤེས་རབ་ཀྱིས། སྙིང་རྗེ་མེད་པའི་སེམས་ཅན་བསད་དེ། སྲོག་མེད་པའི་སྐུ་ལ་སྦྱར་ནས། གནས་མེད་པའི་ཀློང་དུ་བསྐྱལ་ཏེ། ལྗོན་ཤིང་གི་མྱུ་གུ་ཚ་བ་མེད་པའི་མེས་བསྲེགས་ཏེ། དཔག་བསམ་གྱི་ལྗོན་ཤིང་གཏན་ནས་བསྐམས་སོ། ། ཤྟ་ཊས་རི་ཤ་ཨོ་ཨ། དུས་ཚོད་རྒྱལ་ས་འཛིན་པའི་ཕྱིར།། རྒྱལ་པོ་བཀའ་ཡི་བརྡ་ཆོས་བཤད།། རྒྱལ་པོ་ཕོ་བྲང་ན་བཞུགས་པའི་དུས་སུ། རྒྱལ་པོའི་ཆོས་བཞི་སྟེ། རྒྱལ་པོ་གདན་ས་འཛིན་ན། བཙུན་མོས་གྲོས་ཀྱི་གཞི་གཟུང་ཞིག། རྒྱལ་བུས་ནང་བློན་གྱིས་ཤིག། བློན་པོས་ཕྱི་བློན་གྱིས་ཤག། དམངས་ལོངས་སྤྱོད་ལ་ཞུགས་ཤིང།། རྒྱལ་པོ་བཙུན་མོ་ལ་སྙོམས་པར་འཇུག་ན། རྒྱལ་བུས་སྒོ་སྲུངས་ཤིག། བློན་པོ་བཙོན་དུ་ཟུང་ཞིག། རྒྱལ་པོའི་མངའ་རིས་ལ་དགྲ་རྐུན་མི་ཡོང་གིས།། ཕྱི་སྒོ་སྡོམས་ལ་ཞོག་ཅིག། དམངས་བདེ་བ་ལ་ཁོད་ཅིག། རྒྱལ་པོ་དམངས་ལ་དབྱ་སྡུད་ན། བཙུན་མོ་ས་གཞི་གཟུང་ཞིག། རྒྱལ་བུས་མཐའ་སྐྱོངས་ཤིག། བློན་པོས་ཤགས་ཐོབ་ཅིག། དམངས་ཞབས་ཏོག་ལ་ཆོས་ཤིག། བློན་པོ་མཐར་སྤྱུགས་ཤིག། རྒྱལ་པོ་གནད་ས་འཁོ་ན། བཙུན་མོ་གཞི་ལ་བཞུགས་ཤིག། རྒྱལ་བུའི་གཡུལ་བཀྱེས་ཤིག། དམངས་རང་ཤི་ཐབས་བརླག་ལ་ཐོང་ཞིག། དེ་བས་ན་རྒྱལ་པོས་རྒྱལ་ས་ཟིན་ཏོ།། བློ་བདེའོ།། རྒྱ་ནག་པོའི་གབ་རྩེ། མཁྱེན་རབ་ཀྱི་བདག་པོ་འཕགས་པ་འཇམ་དཔལ་གྱིས། ཐུགས་རིན་པོ་ཆེའི་ཀློང་དུ་བསྐོར་བས། འཕྲུལ་གྱི་གབ་ཚེ་གསུམ་བསྐོར་གྱི་མན་ངག། ཆོས་བཞི་དང་ལྡན་པར་རྒྱས་པར་བསྟན་པའོ།། ཞེས་སེམས་ཕྱོགས་ཆེན་པོ་ནམ་མཁའ་མཛོད་ཀྱི་རྒྱུད་ལས། རྒྱལ་པོའི་ཆོས་བཞི་བསྟན་པ་སྟེ་ལེའུ་བདུན་པའོ། །།། དེ་ནས་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོ།། ཡེ་ཤེས་ཆིག་ཆོད་དུ་བསྟན་པ། རྒྱུ་ལས་འབྲས་བུ་རྫོགས་པ་སྐུ་གསུམ་ཡེ་ཤེས་ལྔའི་བདག་ཉིད།། སྐུ་གསུམ་གྱི་སྙིང་པོར་སྤྱན་གསུམ་རྫོགས་ཏེ། སྤྱན་གསུམ་བག་ཆགས་ཀྱི་བདག་ལ་རྫོགས་པའི་ཕྱིར།། སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ།། མྱ་ངན་འདས་མེད་འཁོར་བ་མེད།། བདག་མེད་ཡེ་ཤེས་རྫོགས་པའི་སྐུ།། འགྲོ་བ་ཀུན་གྱི་སྙིང་པོར་ཤར། ། སངས་རྒྱས་ལམ་དུ་ཁྱེར་བའི་ཕྱིར།། འགྲོ་དྲུག་སྲང་ལ་མཐོ་དམ་མེད།། རང་བྱུང་དགའ་བའི་དབྱིངས་ན་གསལ།། དེ་ཡང་ཆོས་ཐམས་ཅད་ཀྱི་འབྱུང་གནས།། དགོས་པའི་མདོར་བསྡུས་རྣམ་པ་བཞིར་འབྱུང་སྟེ། ། གང་ཞེ་ན། རྒྱ་ཆད་ཕྱོགས་ལྷུང་མེད་པའི་ལྟ་བ། ལྟ་བ་ཐམས་ཅད་ཀྱི་ཐུགས་རང་བྱུང།། གསལ་བ་བཅོས་སུ་མེད་པའི་དགོངས་པ།། ཆུ་བོ་རྒྱུན་གྱི་ཏིང་ངེ་འཛིན་རང་བྱུང། རང་བྱུང་བྱས་པ་མེད་པའི་སྤྱོད་པ། བདེ་བ་ཆེན་པའི་ཉམས་བག་གིས་གནས་པ་རང་བྱུང།། སྐུ་གསུམ་ཕྱིར་མི་ལྡོག་པའི་འབྲས་བུ། ཉི་མ་ཟེར་འོད་དང་བཙས་ནས་རང་བྱུང། དེ་ནི་ལྟ་བའི་ཚུལ་བཞི་ཞེས་བྱའོ།། རྐང་མེད་མཁའ་ལ་འགྲོ་བས་སྣང་བ་རྒྱ་ཡིས་བཏབ། མ་བགྲོད་པར་ཕྱིན་པའི་ས་ལ་འདུག་གོ། བལྟར་མེད་སྐུ་ལ་བལྟས་པས་འབྲས་བུ་ཚད་དང་ལྡན། ལྟ་བ་ཆོས་ཉིད་སྟོང་པ་དག། གྲུབ་མཐའ་སྐུ་གསུམ་རང་བྱུང་གི་དགོངས་པ་ལ་འདུག་གོ། གྲོགས་མེད་གཅིག་པུར་གནས་པར་སྣང་བ་གྲོགས་སུ་འཆར། ། སྣང་བ་ཐུགས་ཕྲད་ལ་ཤེས་རབ་ཐུགས་ཕྲད་སྐྱེས།། བག་ཆགས་ཀྱིས་གོས་པ་མེད་པར་འདུག་གོ། རྟོགས་པ་རྒྱུད་ལ་སྨིན་པས་མངལ་གྱི་མན་ངག་གོ། སྒོ་བཞི་རང་ལས་འབྱུང་བས་སྒོ་གསུམ་རྒྱུད་ལ་སྐྱེས། ། སྣང་བ་ཡེ་ཤེས་ཀྱིས་བག་ལ་ཞ་བའི་མན་ངག་གོ། མཐོང་སྣང་རིམ་གྱིསའཆར་གྱིས་གཅིག་པུར་དལ་བར་སྡོད།། ཕུང་པོ་སྒྲིབས་ཤིང་ཡིན་གྱི་སྣང་བའི་སྒྲིབ་ཤིང་སོལ། ། དགོངས་པ་རྩེ་གཅིག་པའི་མན་ངག་གོ། སངས་རྒྱས་ཀྱི་ལས་ལ་བགྲོད་མི་དགོས་ཀྱིས། རྗེ་བློན་བྲལ་པས་ཆོག། ཆུ་ཟླ་རྐྱེན་དང་སྤྲོད་ལ་ནམ་མཁའ་གུད་དུ་ཆོད། སེམས་དང་ཡེ་ཤེས་ཕྱེ་ནས་སྣང་བས་ཆོག། ཀུན་ཏུ་འོད་ཀྱི་ས་ལ་སྦྱངས་མི་དགོས་ཀྱིས།། འཁྲུལ་སྣང་འགགས་པས་ཆོག། འབྲས་བུ་གྲུབ་མི་དགོས་ཀྱིས། སྐུ་གསུམ་འདུ་འབྲལ་མེད་པ་ནམ་མཁའ་ཉི་མ་ལྟ་བུའོ།། སྒྲིབ་པ་སྦྱང་མི་དགོས་ཀྱིས། རྒྱུ་རྐྱེན་མེད་པའི་ཡེ་ཤེས་ལ་དྲི་མ་མེད་དེ། མན་ཤེལ་དང་སྣང་བའི་ཚུལ་ལོ།། སངས་རྒྱས་རང་ལ་འབྱུང་གི་གཞན་དུ་མ་ཚོལ་ཅིག། ཆོས་ལ་སངས་རྒྱས་མེད་པར་བསྟན་པ་སྐྲ་ཤད་དང་སོལ་བ་ལྟ་བུའོ།། དེ་ནས་སངས་རྒྱས་གཞོན་ནུ་མཚན་རབ་ཏུ་ཤེས་པས་ཡར་གཟིགས་པས་སངས་རྒྱས་གཞོན་ནུ་བུམ་པའི་སྐུ་མཐོང། མར་གཟིགས་པས་འགྲོ་དྲུག་གི་སྡུག་བསྔལ་མཐོང།། ཐད་ཀར་གཟིགས་པས་སེམས་ཅན་གྱི་དེ་བཞིན་གཤེགས་པའི་སྐུ་གསུང་ཐུགས་མཁྱེན་ནས། ཡེ་ཤེས་ཆིག་ཆོད་དུ་གསུང་པའོ།། ཞེས་སེམས་ཕྱོགས་ཆེན་པོ་ནམ་མཁའ་མཛོད་ཀྱི་རྒྱུད་ལས། ཡེ་ཤེས་ཆིག་ཆོད་དུ་བསྟན་པ་སྟེ་ལེའུ་བརྒྱད་པའོ།།།། དེ་ནས་མཆོངས་པ་ལྔ་བཤད་པ་ནི། ། རྡོ་རྗེ་སེམས་དཔའ་འགྲོ་དྲུག་མེ་ལོང་ལ་གཟུགས་བརྣན་ཤར་བ་བཞིན་མཁྱེན་ཏེ། ལས་དགེ་སྡིག་ལས་འདས་པ་འདི་གསུངས་སོ།། འཁོར་བ་ཞེ་ལ་མནན་པའི་ཕྱིར།། མཆོངས་པ་ལྔའི་མན་ངག་བཤད་དོ། ཀུན་ཏུ་བཟང་པོའི་སྐུའི་སྤྲུལ་པ་བསྟན་པ། རིན་ཆེན་ཤེལ་གྱི་མི་བོ་ཅིག། དང་པོ་འགག་མེད་ཀློང་ནས་ཡོངས།། བར་དུ་བགྲོད་མེད་ལམ་ལ་གནས།། ཐ་མར་སྐྱེ་མེད་ངང་དུ་འགྲོ།། གོམས་པ་ལྔ་ཡིས་ཕ་རོལ་ཕྱིན། ། རིན་ཆེན་ཤེལ་གྱི་མི་བོ་དེ།། ཁྱུང་ཆེན་གཤོག་རྫོགས་རྟ་རུ་ཞོན།། རྩོལ་བ་མེད་པར་དབྱིངས་སུ་ཕྱིན།། གཡོན་ན་གླང་ཆེན་འགྱུར་མེད་འདུར།། གླང་ཆེན་འགྱུར་མེད་ཁྲི་སྟེང་ས་ན།། བཙུན་མོ་རྒྱན་བཟང་འོད་དུ་འབར། ། ཤེས་རབ་དབྱིངས་ན་ཐབས་ལྡན་རྫོགས།། གཡས་ན་སེང་ལྕམ་དཀར་མོ་མཆོང།། སེང་ལྕམ་དཀར་མོའི་གདན་སྟེང་ན།། གཡུ་ཡི་མི་ཕོ་ཟུར་ཕུད་ཅན།། རྐང་མེད་མཁའ་ལ་སྟོབས་ཀྱིས་འགྲོ། ། ཕྱིན་པ་མེད་པར་དབྱིངས་སུ་གཅོད།། འགྲོད་མེད་ལམ་དུ་འཇུག་ཙམ་ན།། རིག་པའི་ཡེ་ཤེས་གཞུ་བདུངས་ནས།། ཤེས་རབ་མདའ་ལྔ་སྟོང་ལ་རྒྱུས།། མདའ་གཅིག་ནམ་མཁའི་མཐོངས་སུ་འཕེན།། ནམ་མཁའི་མཐའ་ལ་ཐུག་པ་མེད། ། ཕ་ནི་ཐབས་མཆོག་དཔག་ཏུ་མེད།། སྐྱེ་འགག་མེད་པའི་ཡེ་ཤེས་ཡིན།། མདའ་གཅིག་རྒྱ་མཚོའི་གཏིང་དུ་འཕེན།། ཟབ་ཅིང་གཏིང་དཔག་དཀའ་བའི་དབྱིངས།། མ་ནི་ཤེས་རབ་བརྗོད་ལས་འདས། ། འགྱུར་བ་མེད་པའི་ཆོས་ཉིད་ཡིན།། མདའ་གཅིག་ཉི་ཟླའི་བར་དུ་འཕེན།། ཉི་ཟླ་གཉིས་ཀྱིས་བརྗིད་མཉམ་པས་ཐབས་དང་ཤེས་རབ་ཟུང་དུ་འབྲེལ།། མདའ་གཅིག་འགྲོ་དྲུག་ཡོངས་ལ་འཕེན། ། འགྲོ་དྲུག་སྲང་ལ་བཏབ་ཙམ་ན།། འགྲོ་དྲུག་སྲང་ལ་མཐོ་དམན་མེད།། རང་བྱུང་བདེ་བའི་དབྱིངས་སུ་བསྐུལ།། མདའ་གཅིག་འཇིག་རྟེན་ཁམས་སུ་འཕེན།། ཡེ་ཤེས་སྣང་བས་རང་ལོག་ཡིན།། བདེ་གསལ་ཆེན་པོའི་ས་ལ་བཀོད། ། གོམས་པ་ལྔ་ཡིས་ཕ་རོལ་ཕྱིན།། འཁྲུལ་སྣང་འདི་ལ་འགོམས་མཆོངས་བྱེད།། དག་པའི་སྣང་བ་ཡོད་པའི་ཕྱིར།། སེམས་ཅན་འདི་ལ་འགོམས་མཆོངས་བྱེད།། སངས་རྒྱས་དམ་པ་ཡོད་པའི་ཕྱིར། ། ལྷ་རྣམས་ཀུན་ལ་འགོམས་འཆོངས་བྱེད།། འཕགས་པའི་དང་པོ་ཡོད་པའི་ཕྱིར།། བྱང་ཆུབ་སེམས་ལ་འགོམས་མཆོངས་བྱེད།། ལྷུན་གྲུབ་ཡེ་ཤེས་ཡོད་པའི་ཕྱིར།། དམ་པའི་ཆོས་ལ་འགོམས་མཆོངས་བྱེད། ། ཆོས་ལས་འདས་པ་ཡོད་པའི་ཕྱིར།། སྐད་ཅིག་གོམས་པ་ལྔ་རྫོགས་པས།། ཡུལ་ནི་རྣམ་པར་དགའ་བའི་ཞིང།། མཁར་ནི་འགྱུར་བ་མེད་པའི་མཁར།། གྲོགས་ནི་འདུ་འབྲལ་མེད་པའི་གྲོགས།། གདན་ནི་ཕོ་འགྱུར་མེད་པའི་གདན། ། གོས་ནི་དངས་མ་ལྔ་ཡི་གོས།། ཟས་ནི་ཟག་མེད་ཏིང་འཛིན་ཟས།། སྐུ་ནི་ཤེས་རབ་འགྱུར་མེད་སྐུ།། རྡོ་རྗེ་རྒྱ་གྲམ་ཁྲི་སྟེངས་ནས།། དཔའ་བོ་ཆེན་པོ་བདག་ཉིད་སྐུ།། མཚན་མའི་གཟུགས་མེད་གཟུགས་ཀྱི་སྐུ། ། ངོ་མཚར་རྨད་བྱུང་རོལ་པའི་ཐུགས།། སྨྲ་བསམ་བརྗོད་མེད་ཤེས་རབ་གསུང། རྟོགས་པའི་ཡེ་ཤེས་སྐད་ཅིག་རྫོགས།། ཞེས་སེམས་ཕྱོགས་ཆེན་པོ་ནམ་མཁའ་མཛོད་ཀྱི་རྒྱུད་ལས། མཆོངས་པ་ལྔའི་མན་ངག་བསྟན་པའི་ལེའུ་སྟེ་དགུ་པའོ།།།། དེ་ནས་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོས།། སྒོམ་ཉམས་དྲུག་པའི་མན་ངག་འདི་གསུངས་སོ།། ས་མ་ཨ་ཏི་བི་ཙ་ར། བཛྲ་ན་མ་ཎི་བི་ཧུ་རུ་རུ། སྟོང་པ་ཆེན་པོའི་ཡེ་ཤེས་སྐུའི་བདག་ཉིད་གསང་བ་ཡང་ཁོལ་དུ་བྱུང་བ། བདག་དང་བཅས་པའི་དཔལ་རྡོ་རྗེ་སེམས་དཔས། ཐུགས་ཀྱི་མན་ངག་ཟབ་མོ་བསྟན་པ།། དག་པ་ཆོས་ཀྱི་སྐུ་ནི་མ་བསྒྲིབས་ཡོངས་སུ་གསལ། ། ཤེས་རབ་རིག་པའི་སྐུ་ནི་ཟབ་ཅིང་གཏིང་དཔག་དཀའ།། རང་བྱུང་ཐུགས་རྗེའི་སྐུ་ནི་མཚན་དང་དཔེ་བྱད་ལྡན།། ཐུགས་རྗེ་འོད་ཟེར་སྐུ་ནི་འགྲོ་བ་ཀུན་ལ་སྣང།། རྒྱུ་རིག་པ་ཆོས་ཀྱི་སྐུ། འབྲས་བུ་སྐུ་དང་ཡེ་ཤེ་མེ་ལོང་དང་བྱད་ཀྱི་ཚུལ་དུ། རྒྱུ་ཆོས་ཀྱི་སྐུ་ལ་ཤར་བས་རྒྱུ་འབྲས་བུར་སྨིན་ནོ།། དེ་ནས་ཡང་རྒྱུའི་དུས་ན་འབྲས་བུ་ལྷུན་གྱིས་རྫོགས་འབྲས་བུ་རྒྱུའི་ངང་དུ་ཤར་ཏེ། རྒྱུ་དང་འབྲས་བུ་ཐ་མི་དད་པ་ཞེས་བྱའོ། ། དེ་ཡང་རང་གི་རྒྱུད་ལ་སྦྱར་ན།། ཆོས་ཉིད་དགའ་བའི་ས་ནས་རང་ཤེས་རིག་གི་རྒྱལ་པོ་རྡོ་རྗེ་ཀུན་ཏུ་བཟང་པོ། ངང་གི་གཡོ་བར་ཡོངས་ཀྱིས་འོད་གསལ་བར་བཞུགས་པ་ནི། རྒྱུ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་མ་བཙལ་ལྷུན་གྱིས་རྫོགས། ། འབྲས་བུ་ཡེ་ཤེས་ཀྱི་དཀྱིལ་འཁོར་མ་བསྒྲིབས་པར་ཡོངས་སུ་གསལ།། ཐུགས་རྗེ་བྱེད་པ་མེད་པའི་ཤེས་རབ་ཀུན་ལ་སྙོམས་སོ།། མི་ནུབ་རྒྱལ་མཚན་ལྟ་བ་ནམ་མཁའི་རྒྱལ་བོ། རང་རིག་རྒྱལ་པོ་གྲུབ་མཐའི་གཏེར་དུ་བཞག་པ། སེམས་ཀྱི་གཏེར་དུ་དགོངས་པའི་གནས་བསྟན་པ། སྙིང་པོའི་ཡང་སྙིང་རིན་པོ་ཆེ་གསང་བའི་སྦུབས་བསྟན་པ། འབྲས་བུ་རིན་པོ་ཆེ་ལྷུན་གྱིས་གྲུབ་པར་བསྟན་པ། དེའི་སྐྱོན་དང་ཡོན་ཏན་བསྟན་པ་དང། མན་ངག་གིས་ཡིད་ཆེས་པར་བསྟན་པའོ།། དང་པོ་ལྟ་བ་རང་གི་ངོ་བོར་བསྟན་པ་ནི། འོག་མིན་གྱི་གནས་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ན། རིན་པོ་ཆེ་གསང་བའི་ཕོ་བྲང་ན། རིན་པོ་ཆེ་གསང་བའི་སྦུབས་ཕྱི་ནང་མེད་པར་གསལ་བའི་དང་ན། རང་ཤེས་རིག་གི་རྒྱལ་པོ་རྡོ་རྗེ་ཀུན་ཏུ་བཟང་པོ། ངང་གིས་མི་གཡོ་བ་ཡོང་གི་འོད་གསལ་བ། རྒྱུ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་རང་རྫོགས།། རྒྱུ་འབྲས་བུར་སྨིན་པ་ཡེ་ཤེས་ཀྱི་དཀྱིལ་འཁོར་རང་ཤར། ཐུགས་རྗེ་འབྱེད་པ་མེད་པའི་ཤེས་རབ་རང་བྱུང་བ་ནི། རྒྱུ་རང་བྱུང་གི་ཡེ་ཤེས་ཞེས་བྱ་བའོ།། སྐུ་གསུམ་ཡེ་ཤེས་གསུམ་བརྩེགས་ཀྱི་དགོངས་པ་ཡས་བབས་པ། ཆོས་ཉིད་སྣང་བ་གསུམ་གྱི་ཞིང་ཁམས་མས་ཆགས་པའི་ཕྱིར། ཐེག་པ་ཆེན་པོ་སྣང་སྲིད་གཞི་བཞག་དང། གཞི་བཞེངས་སུ་བསྟན་པ་ནི། མི་ནུབ་རྒྱལ་མཚན་ལྟ་བ་ནམ་མཁའ་རྒྱལ་པོ་ཞེས་བྱའོ། ། འགག་པ་མེད་པའི་ལྟ་བ་ཉིད་ནམ་མཁའ་དང་ཉི་མའི་ཚུལ་དུ་བཞུགས་སོ།། གྲུབ་མཐའི་གཏེར་དུ་བཞག་པ་ནི། རང་གི་རྒྱུད་ལ་སྦྱར་ཏེ་བསྟན་ན་ལྟ་བ་རིན་པོ་ཆེའི་གཏེར།། སྙིང་པོ་ཡེ་ཤེས་སྒྲོན་མའི་མཆོག། བདེར་གཤེགས་རྣམས་ཀྱི་ཡེ་ཤེས་སྐུ། རྒྱལ་བ་རྣམས་ཀྱི་གཏེར་དུ་བཞག། ཅེས་སེམས་ཀྱི་གཏེར་དུ་སྙིང་པོ་ཡེ་ཤེས་ཀྱི་སྐུ་བཞག་གོ། དེ་ཡང་མཉམ་བཞག་གི་དུས་སུ། འབྲས་བུ་ཡེ་ཤེས་ཀྱི་དཀྱིལ་འཁོར་ཉིད། རྒྱུ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ལ། ཁ་ནང་དུ་བལྟས་པའི་དུས་སུ། མཉམ་པ་ཉིད་གཉིས་སུ་མེད་པའི་དགོངས་པ་ཞེས་བྱ་སྟེ། ངང་ཀུན་ཏུ་བཟང་པོ་མ་བཅོས་པར་བཞག། དེའི་དུས་སུ་མིག་གི་ཡུལ་འགྱུར་བཟློག་པའི་མན་ངག་གིས་བཅོས་པས་ཤེས་པ་བསྟན་པར་འགྱུར་རོ། ། ཡང་ཡིད་རྟོག་པའི་རྗེས་སུ་འབྲངས་ནས། ཡིད་ཀྱི་ཡུལ་འགྱུར་བ་བཅད་པས། རྣམ་རྟོག་རྒྱུན་གཅོད་པར་བྱེད་དོ།། ཡང་རྒྱུ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཉིད། ། འབྲས་བུ་ཡེ་ཤེས་ཀྱི་དཀྱིལ་འཁོར་ལ་ཁ་ཕྱིར་བལྟས་པའི་དུས་སུ་སྣང་བ་རྒྱས་འདེབས།། མཚན་མ་ཟིལ་གྱིས་གནོན་ཏེ།། ཐུགས་རྗེ་འབྱེད་པ་མེད་པའི་ཤེས་རབ་ཀུན་ལ་སྙོམས་སོ།། སྒོམ་པའི་གནས་བསྟན་པ་ནི། འདིར་མཚན་མའི་གནས་ཅིག་སྟོན་ཏེ། རྟོགས་པ་དང་ལྡན་པ་རྣམས་སོ།། རྩ་བ་རང་གི་རིག་པ་འགྱུར་བ་མེད་པའི་ཡེ་ཤེས་དེ། ཀུན་གཞི་སེམས་ཀྱི་བྲག་ཕུག་ཙིཏྟའི་གཞལ་ཡས་ཁང་དུ་སྒོམ་པར་བསྟན་པའོ། ། སྒོམ་པའི་དམིགས་པ་བསྟན་པ་ནི། སྒོ་ང་དཀར་པོ་ཁ་ནང་དུ་བསྟན་པའི་དུས་ན། ཡེ་ཤེས་སེམས་པའི་སྙིང་པོའི་དཀར་པོ་དང་བཅས་པར་བསྒོམ་པ་ནི། སྐུ་གསུང་ཐུགས་ཕྱག་རྒྱའི་དཀྱིལ་འཁོར་བཅས་པར་སྒོམ་པ་དེ་ནི་སྐུ་རྡོ་རྗེ་ཡིན། འབྲས་བུ་ཡེ་ཤེས་ཀྱི་དཀྱིལ་འཁོར་ཉིད་རྒྱུ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ལ་ཁ་ནང་དུ་བསྟན་པའི་དུས་ན། སྙིང་པོ་བྱང་ཆུབ་ཀྱི་སྐུ་གསལ་བ་རྣམ་པ་གསུམ་དང་ལྡན་པར་བཞུགས་པ་ནི། སངས་རྒྱས་ཐམས་ཅད་དང་མི་ཕྱེད་པར་བཞུགས་པའི་དགོངས་པའོ།། ཡང་རྒྱུ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཉིད་འབྲས་བུ་ཡེ་ཤེས་ཀྱི་དཀྱིལ་འཁོར་ལ་ཁ་ཕྱིར་བལྟས་པའི་དུས་ན། ཐུགས་རྗེ་འབྱེད་པ་མེད་པའི་ཤེས་རབ་ཀུན་ལ་ཁྱབ་དེ། ། ནམ་མཁའི་མཐོངས་ནས་ཉི་མའི་སྙིང་པོ་ཤར་བ་ལྟ་བུའོ།། དེ་ལ་ཐུགས་རྗེ་ཡོན་ཏན་དུ་འབྱོང་བར་བསྟན་པ་ནི། ཐུགས་རྗེ་འབྱུང་བའི་སྒོ་བཞི། འཆར་སྒོ་གསུམ་ནས་འཆར་ཏེ། ཐུགས་རྗེ་འབྱུང་བའི་སྒོ་བཞི་ནི། སྙིང་པོ་བྱང་ཆུབ་མཆོག་གི་སྐུ་ལ་མཉམ་པར་བཞག་པའི་ཚེ། ཤེས་རབ་འགག་པ་མེད་པར་ཤར་བ་ནི། ཡོན་ཏན་རིན་པོ་ཆེ་མ་རྫོགས་པའི་རྩལ་རང་སྣང་བ་ནི། སྤྲུལ་སྐུ་རིན་ཆེན་འབྱུང་ལྡན་གྱི་སྐུ་དང་ཡེ་ཤེས་ལ་སྣང་ངོ། ། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཞིང་ཁམས་ནས། མ་ཐ་དམྱལ་བའི་འཇིག་ཚོགས་ཡན་ཆད། སྟོང་གསུམ་གྱི་སྟོང་ཆེན་པོ་འཇིག་རྟེན་གྱི་ཁམས་འཁོར་བུ་དང། ཀུན་ཁྱབ་དང། སྤངས་ཐོན་དང། ཉེ་རིང་མེད་པར་སྣང་བ་ནི། འོད་དཔག་ཏུ་མེད་པའི་ཞིང་ཁམས་ཏེ། སྣང་བ་མཐའ་ཡས་ཀྱི་སྐུ་དང་ཡེ་ཤེས་ལ་སྣང་བའོ།། བགྲོད་པ་མེད་པར་ལྷུན་གྱིས་གྲུབ་པའི་ས་རྣམས་ནོན་པ་ནི། དོན་གྲུབ་ཆེན་པོའི་ཞིང་ཁམས་ཏེ། དོན་ཡོད་གྲུབ་པའི་སྐུ་དང་ཡེ་ཤེས་ལ་སྣང་བའོ།། རང་ཤེས་རིག་གི་རྒྱལ་པོ་རྡོ་རྗེ་ཀུན་ཏུ་བཟང་པོ། དུས་གསུམ་དུ་ཕོ་འགྱུར་མེད་པར་བཞུགས་པ་ལ། ལས་ཀྱིས་སྒྲིབ་ཏུ་མེད། ཐུགས་རྗེས་སྐྱབ་ཏུ་མེད། བདུད་དང་མུ་སྟེགས་ཀྱིས་བར་དུ་བཅད་དུ་མེད། ཕྱ་དང་དབང་ཕྱུག་གིས་གྲོགས་བྱར་མེད། དེ་ནི་མི་བསྐྱོད་པའི་ཞིང་ཁམས་དེ། རྡོ་རྗེ་སེམས་དཔའི་སྐུ་དང་ཡེ་ཤེས་ལ་སྣང་བའོ། ། ཐམས་ཅད་འབྱུང་བའི་གཞིར་རང་བྱུང་བ་ནི། སྙིང་པོ་ལྔ་དང་དྭངས་མ་ལྔ་ལས་ཐམས་ཅད་འབྱུང་བའི་ཕྱིར་རང་བྱུང་བའོ།། ཐམས་ཅད་སྨིན་པར་བྱེད་པ་ནི། སྐུ་ཡོད་པ་ལས་ཡེ་ཤེས་འཆར། ཡེ་ཤེས་ཐུགས་རྗེ་ཆེ་བའི་སྟོབས་ཀྱིས་དགོངས་པ་ལ་མཉམ་པར་བཞག་པའི་དུས་སུ། ཉམས་སུ་མྱོང་བའི་ཤེས་རབ་ཁྱད་པར་ཅན་རང་གི་རྒྱུད་ལ་སྐྱེ་བར་འགྱུར་རོ།། དེའི་འཆར་སྒོ་གསུམ་ལ། རྒྱུ་ལས་འབྲས་བུ་ཁ་ནང་དུ་བལྟས་པའི་དུས་ན། སྣང་བ་ལྡོག་སྟེ་འཆར་བ་དང། རིག་པ་ཆོས་ཉིད་ལ་ཁ་ནང་དུ་བལྟས་པའི་དུས་ན་འཆར་བ་དང། ཤེས་པ་ཕྱིན་པ་ལ་འཆར་བ་དང་གསུམ་མོ།། དེའི་སྐྱོན་དང་ཡོན་ཏན་བསྟན་པ་ནི། སྟོང་པ་ཉིད་ལ་ལྟ་ཉེས་ན། ཤེས་རབ་ཆུང་རྣམས་ཕུང་བར་འགྱུར།། རྒྱལ་བ་རྣམས་ཀྱི་སྟོང་ཉིད་ནི། ལྟ་ཀུན་ངེས་པར་འབྱིན་པ་དེ། མེ་ལོང་ནང་གི་གཟུགས་བརྙན་བཞིན། རྒྱལ་བ་རྣམས་ཀྱི་ཡེ་ཤེས་སྐུ།། རྒྱུ་གཉིས་འབྲས་བུ་རང་ཤར་བས། འབྲས་བུ་རྒྱུ་རུ་མི་ལྡོག་པའོ།། དེ་ཡང་གང་ཟག་སྟོང་པ་ཉིད་ལ་ལྟ་བ་དང། དེ་ནི་གསོ་རུ་མི་རུང་ཞེས་བཤད་པས།། ཅི་སྟོང་པ་ཉིད་ནི་བསླན་དཀའོ།། རྟོག་པ་ནི་གཞི་ལ་བློའོ།། འོ་ན་སྒོམ་པ་དེས་རྟོགས་པར་མི་འགྱུར་རམ་ཞེ་ན། རྟོགས་པར་མི་འགྱུར་བའི་དོན་ནི། ཤེས་རབ་ཀྱི་སྐུ་རེག་བྱ་མིན་པས་ནི་གཞི་ལ་སླ་བའོ།། རང་བཞིན་མ་འགགས་པས་ནི་མཐའ་བཞི་རྟོགས་པ་དང་བྲལ་བ། བསྒོམས་པས་དེ་ཡང་མ་ཧཱ་ཡོ་ག་ལྟར་ཏིང་ངེ་འཛིན་དང། ཆོ་གས་བསྐྱེད་པ་ནི་མ་ཡིན་ཏེ། རྒྱུ་དག་པའི་དབྱིངས་ཉིད་ནས་འབྲས་བུ་ཡེ་ཤེས་ཀྱི་དཀྱིལ་འཁོར་རང་སྣང་བའི་དུས་ན། རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་སེམས་ཅན་ལ་དགོངས་ཏེ་རིམ་གྱིས་འཆར་བ་དང། ཐམས་ཅད་མཁྱེན་པའི་ཡེ་ཤེས་སངས་རྒྱས་ཉག་གཅིག་གི་སྣང་བ་སྟེ། ཆིག་ཆོད་དུ་འཆར་བ་དུས་མཚུངས་སུ་འབྱུང་བར་འགྱུར་རོ།། དེ་ལ་མན་ངག་གིས་ཡིད་ཆེས་པར་བྱེད་པ་བཞི་སྟེ། རིགས་འཛིན་རྣམས་བརྡས་བརྒྱུད་པ་ལས། གཞི་ཀློང་དུ་གྱུར་པའི་མན་ངག་དང། རྐྱེན་གདེང་དུ་གྱུར་པའི་མན་ངག་དང། ཐུགས་རྗེས་ཉམས་སུ་བླངས་པའི་མན་ངག་དང། རྗེས་འཇུག་འདའ་དཀར་ཐུགས་ཀྱི་མན་ངག་དང་བཞི་ལས། ངང་ཀུན་ཏུ་བཟང་པོ་ཆོས་ཉིད་ཀྱི་ཀློང་ནས་བསམ་པ་གསུམ་རྟོག་མེད་གནས་པའི་དུས་ན། གཞི་ཀློང་དུ་གྱུར་པའི་མན་ངག་གོ། སྤྲུལ་པའི་སྐུ་རྡོ་རྗེ་སེམས་དཔའི་ཐུགས་ཁ་ནས། སྐུ་གསུམ་རང་རྫོགས་སུ་ཤར་བའི་དུས་ན། རང་གི་ཤེས་བྱ་ལ་རང་དབང་སྒྱུར་བས། རྐྱེན་གདེང་དུ་གྱུར་པའི་མན་ངག་གོ། དགའ་རབ་རྡོ་རྗེས་སེམས་དཔའི་ཞལ་མཐོང་བའི་དུས་སུ། འཆང་མེད་རྡོ་རྗེའི་ལུང་བསྟན་པའི་ཆོས་ཉམས་སུ་བླངས་པས། བཀའ་དང་མཐུན་པའི་དོན་ཐུགས་སུ་ཆུད་དེ། དགའ་རབ་རྡོ་རྗེའི་ཉམས་ཀྱི་མན་ངག་གོ། ཕྱིས་རྗེས་སུ་འཇུག་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཚུལ་གོང་མ་བཞིན་གནས་པར་བྱས་ཏེ། བཀའ་ཇི་བཞིན་པར་སྤྱད་པས་འབྲས་བུ་ཡང་མངོན་དུ་འབྱིན་ནུས་ཏེ། བཀའ་དེ་ལས་མི་འདའ་བས། འདའ་ཀ་ཐུགས་ཀྱི་མན་ངག་གོ། བདེར་གཤེགས་རྣམས་ཀྱི་དགོངས་པ་མདོར་བསྡུས་ཏེ་བསྟན་པའོ། ། ཞེས་སེམས་ཕྱོགས་ཆེན་པོ་ནམ་མཁའ་མཛོད་ཀྱི་རྒྱུད་ལས། སྒོམ་ཉམས་དྲུག་པའི་ལེའུ་སྟེ་བཅུ་པའོ།། དེ་ནས་གསང་བའི་བདག་པོ་རྡོ་རྗེ་སྙིང་པོ་དང། དགའ་རབ་རྡོ་རྗེས་མགྲིན་གཅིག་ཏུ་འདི་སྐད་ཅེས་དྲིའོ། ། རྒྱུ་དག་པ་ལས་འབྲས་བུ་རྫོགས་པ་འབྱུང། འབྲས་བུ་གཉིས་སུ་མེད་པ་ལས། ཐུགས་རྗེས་འོད་ཟེར་གྱི་སྐུ་སྨིན་པ་འབྱུང་བའི་ཆོས། ལྷུན་གྲུབ་ཡོངས་སུ་རྫོགས་པའི་ལྟ་བ་ལ། སྒོམ་ཞིང་བསྒྲུབ་ཏུ་མེད་པར་མ་སྤྱད་ན་དེའི་མན་ངག་གང་གིས་གཟུང། རྟོགས་པའི་དོན་ལ་སྒོམ་དུ་མེད་ཀྱང། གང་ཟག་གི་རྒྱུ་ལ་སྒོམ་སྒྲུབ་ཉམས་སུ་བླངས་ནས། བདེ་བར་གཤེགས་པའི་སྤྱན་རྣམ་པ་ལྔ་རང་གི་རྒྱུད་ལ་འཆར་ནུས་ན། དེ་ཅིའི་རྒྱུ། དེ་ཅིའི་རྐྱེན། ལུས་མ་བོར་བར་རིན་པོ་ཆེ་གསང་བའི་སྦུབས་སུ་སངས་རྒྱས་ན། དེའི་གནད་མན་ངག་གང་གིས་ཟིན། འཁྲུལ་པའི་སྣང་བ་མ་སྤངས་པར། སྐད་ཅིག་མ་ལ་ཆོས་ཉིད་སྣང་བ་རྣམ་པར་དག་ན། དེའི་མན་ངག་གང་གིས་སྟོན། ཞེས་ཞུས་པ་ལས། རྒྱལ་བའི་བཀའ་དམ་པས་གནད་བཞི་གསུངས། རང་བྱུང་ཡེ་ཤེས་སྐུ་གསུམ་ཡེ་ཤེས་ལྔ་ལྡན་མཚོན་ངེས་པར་ཤེས་པ་དང། སྒོམས་ཉམས་དྲུག་གི་མན་ངག་དང། རྐྱེན་ཉམས་སུ་བླངས་པས། དུས་མ་འགྱུར་བར་སྣང་བ་འགྱུར་བ་དང། སྣང་བ་གཞི་བཞག་གི་མན་ངག་གིས་གནད་གཅད་པར་བྱའོ།། ཞེས་སེམས་ཕྱོགས་ཆེན་པོ་ནམ་མཁའ་མཛོད་ཀྱི་རྒྱུད་ལས། གནད་བཞི་རྒྱལ་བ་བཀའི་ལེའུ་སྟེ་བཅུ་གཅིག་པའོ།།།། དེ་ནས་སྟོན་པ་རྡོ་རྗེ་འཆང་ཆེན་པོས་འདི་སྐད་གསུངས་སོ།། ཡི་གེ་དགུ་པ་མ་ཤེས་ན། གཞི་སྟོངས་པའི་སྐྱོན་དུ་འགྱུར་རོ།། ཐུགས་ཀྱི་ཉིད་ཁུ་མ་ཤེས་ན། ། གཞིའི་མཚན་ཉིད་མི་ཤེས་སོ།། རྩེ་མོ་དྲུག་པ་མ་ཤེས་ན།། དགོངས་པ་གཏན་ལ་མི་ཕེབས་སོ།། སྣང་བ་རང་ལོགས་ཤེས་ན། ཐ་དད་ཀྱི་སྐྱོན་དུ་འགྱུར་རོ།། འཇུག་པ་རང་ས་མ་ཤེས་ན། གྲུབ་མཐའ་སླར་ལོག་གི་སྐྱོན་དུ་འགྱུར་རོ།། དུས་ཚོད་རྒྱལ་ས་མ་ཤེས་ན། ཐེག་པ་གཞན་དང་ཆ་མི་ཕྱེད་དོ།། མཆོངས་ས་ལྔ་ལྡན་མ་ཤེས་ན། ཡེ་ཤེས་ཟང་ཐལ་མི་རྟོགས་སོ།། སྒོམས་ཉམས་དྲུག་པ་མ་ཤེས་ན། དགོངས་པའི་དོན་འཆལ་བར་འགྱུར་རོ།། གནད་ཀྱི་བཀའ་བཞིན་མ་ཤེས་ན། གནད་མི་ཆོད་དོ།། ཞེས་གསུངས་ནས། འཁོར་རྣམས་དགྱེས་ནས་རྗེས་སུ་ཡི་རངས་ཏེ། ཆོས་ཀྱི་དྲི་མ་མེད་པ་ཆེན་པོའི་ངང་དུ་ཐིམ་མོ། ། སེམས་ཕྱོགས་ཆེན་པོ་ནམ་མཁའ་མཛོད་ཀྱི་རྒྱུད་ལས། དོན་མ་ལུས་པར་བསྡུས་ནས་བསྟན་པ་རྗེས་སུ་ཡི་རང་པའི་ལེའུ་སྟེ་བཅུ་གཉིས་པའོ།། སེམས་ཕྱོགས་ཆེན་པོ་ནམ་མཁའ་མཛོད་ལས། ཆོས་ཉིད་ནམ་མཁའ་མཛོད་ཀྱི་རྒྱུད་ཅེས་བྱ་བ་རྫོགས་སོ། །།། རྒྱ་གར་སྐད་དུ། ཨ་ཏི་མ་ཧཱ་བོ་དྷཱི་ཙིཏྟ་ཀོཥ་དྷརྨ། མཱུ་ལ་ཨཱ་ཀཱ་ཤ་དྭཏ་ཛྙཱ་ན་ཨ་ཀཱ་ཤ་ནཱ་མ། བོད་སྐད་དུ། རྫོགས་པ་ཆེན་པོ་བྱང་ཆུབ་ཀྱི་སེམས་མཛོད་ཀྱི་ཆོས། ། ཐ་དད་ན་འབྲེལ་བ་མེད་དེ་དབབ་ཏུ་མི་འདོད་པར་ཐལ་ལོ།། འབྲེལ་པ་ཡོད་ཟེར་ན།། བདག་ཉིད་གཅིག་གམ་འདྲིའོ།། བདག་ཉིད་གཅིག་ན།། བདག་རིག་པ་གཅིག་གམ། ། རིག་པ་བདག་ཏུ་གཅིག། བདག་རིག་པ་གཅིག་ན།། གོང་སྐྱོན་འོང།། དེ་ལས་བྱུང་བའི་འབྲེལ་བ་ཡོད་ཟེར་ན།། རྒྱ་ཆད་པའི་སྐྱོན་འོང་ངོ།། དེ་ལས་བྱུང་ན་རིག་པ་བདག་ལས་བྱུང་ངམ།། བདག་ལས་རིག་པ་བྱུང། ། བྱུང་བའི་སྐྱོན་འོང།། སྤྲུལ་ཤུགས་ནས་བྱུང་བའི་འབྲེལ་པ་དང་འདྲ་སྟེ།། ལྡོག་ཏུ་མི་འདོད་པའི་སྐྱོན་འོང་སྟེ་རྒྱ་ཆད་པར་ཐལ།། མི་ཤི་བའི་ལུས་ལ་རིག་པ་མི་འབྱུང་བ་དང་འདྲ་སྟེ།། ཕྱིས་དོན་བྱེད་མི་ནུས་པའི་སྐྱོན་འབྱུང་ངོ། ། ཡང་ན་བདག་ཉིད་ལས་རིག་པ་བྱུང་ན་བྱུང་པའི་ནད་ཀས།། འབྲེལ་མེད་དུ་ཐལ་ལོ།། རིག་པ་ལས་བདག་བྱུང་ན།། ཤེས་རིག་རྫས་སུ་ཐལ་ལོ།། རང་གི་ཤེས་པར་བྱ་བ་ནི།། ཐིག་ལེ་ལྷུན་གྲུབ་ཆོས་ཅན་ཞེས་དམ་བཅའ། ། ཅིའི་ཕྱིར་མ་འགགས་རག་ཤར་བའི་ཕྱིར།། ཐིག་ལེ་རྫས་ཡོད་དུ་ཐལ་ཟེར་ན།། ལྷུན་གྲུབ་རྫས་ཡོད་མ་སྤངས་པའི་ཕྱིར།། འཇིག་པར་ཐལ་ཟེར་ན་ལྷུན་གྲུབ་འཇིག་མ་བཀག་ཅེས་བྱ། ། ཁྱོད་ལྷུན་གྲུབ་མིན་ནམ་ཞེས་འདྲི།། ཡིན་ཟེར་ན་འདོད་ཐོག། མིན་ཟེར་ན་མུ་སྟེགས་རྟག་ཆད་དུ་ཐལ་ཞེས་འགལ་ལོ།། སྒྲའི་འཁོར་ལོ་ལས་བརྒལ་བ་དང་པོའོ།།།། འཐད་པ་སྒྲུབ་པས་གཏོར་ཟེར་ནས། ། སྣང་བ་འདི་རང་མི་ཤར་དུ་འཐད་དེ།། འཐད་པས་འོ་ན་འཐད་པས་སྣང་བ་ཤར་མང་དུ་འབྱུང་བར་ཐལ།། བྱ་བ་བྱེད་པའི་རིག་པས་གཏོང་ཟེར་ན།། འཁྲུལ་པའི་ཤེས་པ་ལ་ཐག་བས་སྦྲུལ་གྱི་བྱ་བ་བྱས་ནས་འཁྲུལ་ཏེ། ། རྟན་དུ་སྦྲུལ་གྱི་བྱ་བ་བྱེད་པར་ཐལ།། ལྟོས་པའི་རིག་པས་གཏོང་ཟེར་ན།། འཕང་ལས་ལྟོས་ན་མདུང་རིང།། མདུང་ལས་ལྟོས་ན་མདའ་རྒྱང་རིང་སྟེ།། ངེས་པ་མེད་པར་ཐལ་ལོ།། རྒྱུད་ཀྱི་གཏན་ལ་འབེབས་ཟེར་ན། ། རྒྱུད་རང་ཡིན་ནམ་ལོགས་པ་གཅིག་དྲིའོ།། རང་ཡིན་ཟེར་ན་གཏན་ལ་དབབ་པ་དང་འབེབས་པ་མི་རུང་སྟེ། རལ་གྲི་རལ་གྲི་རང་གིས་སོ་ལ་ཆོད་པ་ཐལ་ལོ།། གཉིས་ཡིན་གོང་དུ་འབྲེལ་རྟག་གོ། དེ་ཡང་ལུང་ཡང་དེ་འགྲོའོ།། མཚོན་པ་གཉིས་པའོ།།།། ཚད་མས་གཏན་ལ་འབེབས་ཟེར་ན། ཚད་མ་དེ་རང་ཡིན་ནམ་མིན་ཅེས་འདྲིའོ།། རང་ཡིན་ཟེར་ན་གཏན་ལ་དབབ་ཏུ་མི་བཏུབ་སྐྱོན་གཏང་སྟེ། ། གསེར་གྱི་སེར་པོ་གཏན་ལ་འབེབས་པ་དང།། སེར་པོས་གསེར་གཏན་ལ་འབེབས་པ་དང་ཅེས་འབྱུང་ངོ།། ཚད་མ་ལོགས་ཅིག་ཡིན་ནོ་ཟེར་ན། ཆོས་ཚད་མ་དང།། དོན་ཚད་མ་དང་འཇལ་བྱའི་ཤེས་པ་ཅིག། གཞལ་བྱའི་ཡུལ་མང་དུ་སྨྲ་ན་འདི་སྐད་བྱའོ།། འུབ་ཀྱི་བསྡུས་ནས་ཡུལ་ལ་འཇལ་ལམ།། ཤེས་པ་ལ་མཇལ།། གཉིས་ཀ་ལ་འཇལ་ཅེས་འདྲི།། ཡུལ་ལ་འཇལ་ན་ཡུལ་ཉམས་སུ་མྱོང་ནས་འཇལ་ལམ། ། མ་མྱོང་ནས་འཇལ།། མ་མྱོང་ནས་འཇལ་ན་མོ་གཤམ་བུ་ཆེ་ཆུང།། རི་བོང་རྭ་རྣོ་རྟུལ་ཀྱང་ཤེས་པར་ཐལ།། ཤེས་སོ་ཟེར་ན་དབང་པོའི་མངོན་སུམ་གྱིས་གསལ།། ཅེས་སྐྱོན་བཏང་ངོ།། ནམས་སུ་མྱོང་ནས་འཇལ་ན། ། ཆུ་བོའི་རོ་མྱོང་ཡང།། ཆུ་བོའི་རོལ་ཚོལ་བ་དང་འདྲ་སྟེ་ཐུག་མེད་དུ་ཐལ་ལོ།། ཤེས་པ་ལ་འཇལ་ན་ཤེས་པ་དངོས་པོ་ཡོད་ནས་འཇལ་ལམ་མེད་ཀྱང་འཇལ།། དངོས་པོ་ཡོད་ཟེར་ན་མངོན་སུམ་གྱིས་གསལ། ། མེད་ནས་འཇལ་ན་རི་བོང་རྭ་ལ་མཐོ་ཚད་གཞལ་དུ་བཏུབ་པར་ཐལ།། ཡོད་རུང་མེད་རུང་འཇལ་ན།། ལུང་དུ་མ་བསྟན་པར་ཐལ་ལོ།། མཚོན་པ་གསུམ་པའོ།།།། དེ་ལྟར་སྒྲོས་བཏགས་ཆམ་ལ་ཕེབས་ནས། ། རང་གི་མཚན་ཉིད་བསྟན་པར་བྱ།། རང་སྣང་དུ་རང་ཤར་བས།། ཡུལ་ལས་གཞལ་དུ་མེད།། རང་བྱུང་ཡེ་ཤེས་ཤར་བས།། ནང་ལ་གཞལ་དུ་མེད།། འདུ་འབྲལ་མེད་པས་ཡུལ་དང་ཡུལ་ཅན་དུ་གཞལ་དུ་མེད། ། ཐམས་ཅད་ཡེ་ནས་རང་སར་གྲོལ་བས་འབྲེལ་བ་རྩིར་མེད།། ཤེས་རིག་གི་ཡུལ་ལས་གྲོལ་བས།། རྒྱུད་ལུང་རིག་པས་གཏན་ལ་དབབ་ས་མེད།། ཅེས་གསུངས་སོ།། མཚན་པ་བཞི་པའོ།།།། ཤེས་པ་འཁྲུལ་ཏེ། ། རྒྱལ་བ་རིགས་ལྔ་འོད་དཀར་དམར་ལྔ་རྟེན་པས་འཁྲུལ།། བསྒྲུབས་པས་གོལ་ཏེ།། རང་སྣ་ཆོས་སྐུ་ལ་བདེ་བ་འདོད་ཅིང་སྒྲུབ་པས་འཁྲུལ།། སྒོམ་པས་རླག། ཡེ་ནས་རང་གསལ་སྒོམས་བས་རང་གསལ་སྟོང་པས་རླག། ཡུལ་ཅན་གྱི་གོལ་ཏེ་སྤང་བླང་གི་ལན་ནོ།། སྣང་བ་སྒྲིབ་གཡོགས་ཀྱི་ཆོད།། སྣང་བ་རང་གསལ་ལ་འབྱུང་བ་ལྟར་མཐོང་བས་ཆོད།། རང་བྱུང་མིན་ཏེ་ཡེ་ཤེས་མེད།། ཆོས་ཉིད་ཡིན་ཏེ་སྐུ་མིན།། སྙིང་པོ་ཡིན་ཏེ་ཡེ་ཤེས་མིན། ། དེ་ལྟར་ཤེས་པ་ནི་རང་བྱུང་ཡིན་ལ་ཡེ་ཤེས་ཡིན།། ཆོས་སྐུ་ཡིན། སྙིང་པོ་ཡིན། ཐིག་ལེ་ཡིན། ཉག་གཅིག་ཡིན། ཞེས་གསུངས་སོ།། འདའ་ཧེ་ནའི་འདུ་ཁང་དུ།། མཁས་པ་འཇམ་དཔལ་བཤེས་གཉེན་ལ་ཐིག་ལེ་ཉག་གཅིག་གྲུབ་མཐའ་བསྟན། ། རྩོལ་བའི་སྒྲའི་འཁོར་ལོ་འདི།། ཆུ་སྲིན་པིར་གྱི་གྲེ་བ་རུ།། རུ་སྦལ་ནག་པོ་འི་ཆུད་པ་བཞིན།། བསྐལ་པ་ཁྲུགས་ཀྱང་ཁར་མ་དབྱུང།། ཞེས་གདམས་སོ། ། རྨོངས་པས་མི་གོ་དྲིས་ལན་ཁོང་དུ་ཆུད།། སྦྱངས་པའི་སྒྲ་དང་སོང་འགྱུར་འབྱུང་བ་དང།། བྱུང་བ་ཅན་དང་སྒྲ་སྐྱོན་རྣམས་བརྒྱུད།། མན་ངག་ཁོང་དུ་བཅས་ཏེ་འགའ་ཙམ་བྲིས་པའོ།། མཚོན་ཆའི་འཁོར་ལོ་དུམ་བུ་བཞི་པ་རྫོགས་སོ། །།། རྒྱ་གར་སྐད་དུ། ཨབྷི་ཥིཉྩ་གུ་རུ་རཏྣ་ཏནྟྲ། བོད་སྐད་དུ། དབང་བསྐུར་བླ་མ་རིན་པོ་ཆེའི་རྒྱུད། བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔལ་ལ་ཕྱག་འཚལ་ལོ། ། དབང་བསྐུར་བླ་མ་རིན་པོ་ཆེའི་རྒྱུད་འདི་ལ་སྤྱི་དོན་གསུམ་གྱིས་བསྟན་ཏེ། དེ་ལ་དང་པོ་རྡོ་རྗེ་སེམས་དཔའི་ཚེ་བསྒྲུབ་བསྟན་པ་དང། གཉིས་པ་དབང་རིན་པོ་ཆེ་བསྐུར་བར་བསྟན་པ་དང། གསུམ་པ་སངས་རྒྱས་ཀྱི་གདམས་པ་བསྟན་པའོ།། དེ་ཡང་དང་པོར་ཚེ་བསྟན་ཏེ། ཚེ་བསྒྲུབ་ལ་ཡང་གསུམ་སྟེ། མཎྜལ་བྲི་ཞིང་རྒྱན་དགོང་པ་དང།། རྫས་དང་ཡོ་བྱད་སོགས་པར་བསྟན་པ་དང།། ཡེ་ཤེས་ལྷའི་སྔགས་དང་ཕྱག་རྒྱ་ས་ཚེ་དགུ་གཅིང་བ་སྟིམ་པར་བསྟན་པའོ། །།། དང་པོ་མཎྜལ་འདོམ་གང་གྲུ་བ་ནི།། དེ་ལ་ཤར་དུ་སོར་བཞི་སྟོད་དེ་ལྷའི་ཕོ་བྲང་བཀོད།། ཨོཾ་ཨཱཿཧཱུཾ་སྭཱ་ཧཱ་ཞེས་ཆ་ག་ཆ་ག་གདབ།། ཕྱི་མའི་ཐིག་ནི་ཞི་བའི་དཀྱིལ་འཁོར་བཞིན། ། དབུས་སུ་ཕོ་བྲང་ཟླུམ་པོ་ལ་རྡོ་རྗེ་རྒྱ་གྲམ་གྲི་བར་བྱ།། ཕྱོགས་བཞི་མཚམས་བརྒྱད་རིན་པོ་ཆེ།། དེ་ཡི་ཕྱི་རིམ་པདྨ་དྲུག། གྲུ་ཆད་སྒོ་བྱུང་ལྡན་པར་བྲི།། དེ་ནས་དྷཱི། ས་དང་ཡོ་བྱད་བཀོད། ། དབུས་ཀྱི་ཕོ་བྲང་ཟླུམ་པོ་ལ།། གསེར་གྱི་བུམ་པ་བཟང་པོ་རུ།། ཛ་གད་ཆང་གིས་གཏམ་ལ་བཞག། ཨ་མྲི་ཏ་དང་རིན་པོ་ཆེ།། གསེར་གྱི་སྐུ་ཡ་གཙུག་ལ་བཞག། དེ་ཡི་མགུལ་པ་དར་གྱིས་བཅིངས། ། གཟུངས་ཐག་རྣ་བཞི་ཕྱོགས་བཞིར་གདགས།། ཙན་དན་ཤིང་གིས་ཁ་བརྒྱན་ལ།། དབུས་སུ་རྨ་བྱའི་རྒྱལ་མཚན་གཟུགས།། འབྲང་རྒྱས་གྲུ་བཞི་རྒྱས་པ་ལ།། དབུས་ཀྱི་ཚེ་ནི་ཟླུམ་པོར་བྱ།། མར་གྱིས་ལེགས་པར་བྱུགས་བྱས་ལ། ། རྩེ་མོར་རྣམ་པར་རྒྱལ་བར་གཟུགས།། འདུ་བ་རྣམ་བཞིའི་ན་ད་སེལ་ལོ།། དེ་ཏིང་རྨ་བྱའི་རྒྱལ་མཚན་གཟུགས། འབྱུང་པོ་གདོན་བགེགས་ཞི་བར་བྱེད།། དེའི་གཏིང་མེ་ལོང་རྒྱལ་མཚན་གདགས། ། ཡེ་ཤེས་ཀུན་ཏུ་གསལ་བའི་རྟགས།། དེ་ནི་དབུས་ཀྱི་ཕོ་བྲང་ངོ།། ཕྱོགས་བཞི་རིན་ཆེནའཁོར་ལོ་ལ།། རིན་ཆེན་བུམ་པ་བཞི་བཀོད་དེ།། བགེགས་བསྐྲད་བྱིན་བརླབས་བྱས་ནས་ནི།། བུམ་པའི་ཡོ་བྱད་བླུགས་པར་བྱ། ། ཁ་རྒྱན་མགུལ་ཆིངས་གོང་བཞིན་བྱ། རང་རང་ལྷ་ཡི་སྔགས་ཀྱིས་མཚན།། དེ་ནས་ཚེ་ཡི་སྙིང་པོ་ནི།། འབྲུ་བཅུད་འདི་དག་རྟག་པར་བཟླས།། ཨོཾ་ཚེ་ཀུ་རུ་ཛྙཱ་ན་པཉྩ་བཛྲ་ས་ཏྭ་ཧཱུཾ། རྟག་པར་ཟློས་ན་དངོས་གྲུབ་འབྱུང། ། རྡོ་རྗེ་སེམས་དཔའི་ཚེ་དང་ལྡན།། ཨོཾ་ཚེ་ཀུ་རུ་ཛྙཱ་ན་པཉྩ་རཏྣ་མཱ་ལེ་ཏྲེ། ཨོཾ་ཚེ་ཀུ་རུ་ཛྙཱ་ན་པཉྩ་པདྨ་དྷ་ར་དྷྲི། ཨོཾ་ཚ་ཀུ་རུ་ཛྙཱ་ན་པཉྩ་ས་མན་དྷ་ར་ཧ། ཞེས་ལྷ་མོ་སོ་སོའི་བསྙེན་པ་དབུལ་ལོ།། དེ་ནས་ས་མ་ཏི་བསྐུལ་བ་འདི་སྐད་དོ། ། ཧཱུཾ་བཅོམ་ལྡན་མགོན་པོ་ཡེ་ཤེས་ཚེ་དཔག་མེད།། ཐུགས་རྗེ་ཡོན་ཏན་སྐུ་མཆོག་བསམ་མི་ཁྱབ།། སྐུ་མདོག་དཀར་ལ་གངས་རི་འཚེར་བ་འདྲ།། རིན་ཆེན་རྒྱན་དང་དོ་ཤལ་སེ་མོ་དོ། ། ཡིད་བཞིན་རིན་ཆེན་དབུ་རྒྱན་འཕྲེང་བ་བསྣམས།། གཡས་པ་སྐྱབས་སྦྱིན་ཕྱག་རྒྱ་ཀུན་ལ་སྙོམས།། གཡོན་པ་མཆོད་སྦྱིན་ཕྱག་རྒྱ་བུམ་པ་བསྣམས།། འགྲོ་བ་ཡོངས་ཀྱི་ཚེ་ལ་དབང་སྒྱུར་ཞིང། ། རྣལ་འབྱོར་ཚེ་ཡི་དབང་གྲུབ་སྩལ།། ཧཱུཾ་བཛྲ་དྷྲིག། ཅེས་བདག་རྡོ་རྗེ་སེམས་དཔར་གྱུར་ཏེ། ཤར་ཕྱོགས་རྡོ་རྗེ་བརྩེགས་པའི་ཞིང་ཁམས་ན།། རྡོ་རྗེ་མི་བསྐྱོད་ཡབ་ཡུམ་རང་བྱུང་བ།། ཕྱག་ན་རིན་ཆེན་དངུལ་གྱི་བུམ་པ་འཛིན། ། བདུད་རྩིའི་ཆུ་རྒྱུན་རྒྱུན་གྱི་ཏིང་འཛིན་གྱིས།། སེམས་ཅན་ཞེ་སྡང་ལས་ཀྱི་བག་ཆགས་འཁྱུད།། འགྲོ་བ་ཡོངས་ཀྱི་ཚེ་དཔལ་བསྐྱེད་མཛད་པ།། འགྱུར་མེད་ཚེ་ཡི་དངོས་གྲུབ་སྩལ་དུ་གསོལ།། ལྷོ་ཕྱོགས་རིན་ཆེན་བརྩེགས་པའི་ཞིང་ཁམས་ནས། ། རིན་ཆེན་འབྱུང་ལྡན་ཡབ་ཡུམ་རང་བྱུང་བ།། ཕྱག་ན་རྡོ་རྗེ་བཻརྱའི་བུམ་པ་བསྣམས།། བདུད་རྩིའི་ཆུ་རྒྱུན་རྒྱུན་གྱི་ཏིང་འཛིན་གྱིས།། སེམས་ཅན་ང་རྒྱལ་ལས་ཀྱི་བག་ཆགས་འཁྲུད། ། འགྲོ་བ་ཡོངས་ཀྱི་ཚེ་དཔལ་བསྐྱེད་མཛད་པ།། འགྱུར་མེད་ཚེ་ཡི་དངོས་གྲུབ་སྩལ་དུ་གསོལ།། ནུབ་ཕྱོགས་པདྨ་བརྩེགས་པའི་ཞིང་ཁམས་ན།། སྣང་བ་མཐའ་ཡས་ཡབ་ཡུམ་རང་བྱུང་བ།། ཕྱག་ན་རིན་ཆེན་བྱི་རུའི་བུམ་པ་བསྣམས། ། བདུད་རྩིའི་ཆུ་རྒྱུན་རྒྱུན་གྱི་ཏིང་འཛིན་གྱིས།། སེམས་ཅན་འདོད་ཆགས་ལས་ཀྱི་བག་ཆགས་འཁྲུད།། འགྲོ་བ་ཡོངས་ཀྱི་ཚེ་དཔལ་བསྐྱེད་མཛད་པ།། འགྱུར་མེད་ཚེ་ཡི་དངོས་གྲུབ་སྩལ་དུ་གསོལ། ། བྱང་ཕྱོགས་རྒྱ་གྲམ་བརྩེགས་པའི་ཞིང་ཁམས་ན།། དོན་ཡོད་གྲུབ་པ་ཡབ་ཡུམ་རང་བྱུང་བ།། ཨིནྡྲ་ནཱི་ལེའི་བུམ་པ་ཕྱག་ན་བསྣམས།། བདུད་རྩིའི་ཆུ་རྒྱུན་རྒྱུན་གྱི་ཏིང་འཛིན་གྱིས།། སེམས་ཅན་ཕྲག་དོག་ལས་ཀྱི་བག་ཆགས་འཁྲུད། ། འགྲོ་བ་ཡོངས་ཀྱི་ཚེ་དཔལ་བསྐྱེད་མཛད་པ།། འགྱུར་མེད་ཚེ་ཡི་དངོས་གྲུབ་སྩལ་དུ་གསོལ།། ཅེས་བརྗོད་པས་ཕྱི་སྣོད་ཀྱི་འཇིག་རྟེན་འབྱུང་པ་ལྔས་བསྡུས་པ་ཐམས་ཅད་བུམ་པ་ཆོས་ཀྱི་དབྱིངས་སུ་བསྡུས། ནང་བཅུད་ཀྱི་འཇིག་རྟེན་འགྲོ་བ་རིགས་དྲུག་གི་སེམས་ཅན་ཐམས་ཅད་རིགས་ལྔ་སངས་རྒྱས་ཀྱི་སྐུ་སྐྱེ་ཤི་མེད་པའི་ཚེར་བསྡུས་ཏེ་གནས་སོ།། དེ་ནས་རིགས་དྲུག་གི་སེམས་ཅན་གྱི་ཚེ་བུམ་པའི་ལྷ་ལ་བསྡུས་པ་དེ། བདག་གི་ཕུང་པོ་ཁམས་དང་སྐྱེ་མཆེད་ལ་བསྡུས་ཏེ། སེམས་ཅན་གྱི་རིག་པ་བྱང་ཆུབ་ཀྱི་སེམས་དང། བདག་གི་རིག་པ་བྱང་ཆུབ་ཀྱི་སེམས་གཉིས་སུ་མེད་པར། བདག་གི་ཙིཏྟ་རིན་པོ་ཆེ་གུར་ཕུབ་པའི་ནང་བསྟིམས་པའི་དུས་ན། འགྱུར་མེད་རྡོ་རྗེ་ལྟ་བུའི་ཚེ་ཞེས་བྱ་བའོ།། འགྲོ་དྲུག་བྱང་ཆུབ་སེམས་དེ་ཡང།། བདག་གིས་བྱང་ཆུབ་སེམས་སུ་གཅིག། ཅེས་འབྱུང་སྟེ། ཚེ་དགུག་པ། ཧཱུཾ་བཅོམ་ལྡན་མགོན་པོ་ཡེ་ཤེས་ཚེ་དཔག་མེད། ། ཐུགས་རྗེ་སྐུ་མཆོག་ཡོན་ཏན་བསམ་མི་ཁྱབ།། སྐུ་མཆོག་དཀར་སེར་གསེར་གྱི་རི་བོ་འདྲ།། རིན་ཆེན་བརྒྱན་འཕྲེང་དོ་ཤལ་སེ་མོ་དོ།། ཡིད་བཞིན་རིན་ཆེན་དབུ་རྒྱན་འཕྲེང་བས་བརྒྱན། ། གཡས་པ་སྐྱབས་སྦྱིན་ཕྱག་རྒྱ་ཀུན་ལ་སྙོམས།། གཡོན་པ་མཆོད་སྦྱིན་ཕྱག་རྒྱ་བདུད་རྩིའི་བུམ་པ་བསྣམས།། འགྲོ་བ་ཡོངས་ཀྱི་ཚ་ལ་དབང་སྒྱུར་ཞིང།། ཚེ་ཟད་ཚེ་ཉམས་མོད་ལ་འཚོ་བར་མཛོད། ། ཚེ་དཔག་མེད་ཀྱི་ཡུམ་ཆེན་ལོཙྩ་ནི།། ཚེ་ཡི་དབང་པོ་རྒྱུད་འཕེལ་ཚོགས་པའི་སྤྱན།། དཀར་མོ་མདོག་བཟང་འགྲོ་བའི་ཚེ་གསོ་མ།། ཕྱག་ན་རིན་ཆེན་ཤེལ་གྱི་བུམ་པ་བསྣམས།། འཇིག་རྟེན་རིགས་དྲུག་གནས་ནས་ཚེ་ཁུག་ལ། ། ཚེ་ཟད་ཚེ་ཉམས་མོད་ལ་འཚོ་བར་མཛོད།། ན་མོ་བྷ་ག་ཝ་ཏེ། ཨ་པ་ར་མི་ཏ། ཨཱ་ཡུ་ཛྙཱ་ན། སན་དར་སན་དར། སུ་པ་རི་ཤོ་ར་ཙམ་ཡ། ཏ་ཐཱ་ག་ཏཱ་ཡ། ཏད་ཡ་ཐཱ། ཨོཾ་མ་ཧཱ་ས་མ་ཡ། བེ་རེ་བེ་རེ་སྭཱ་ཧཱ། ཚེ་ཟད་མོད་ལ་གསོས་ཤིང་དར་ཅིང་རྒྱས་པར་གྱུར་ཅིག། རྡོ་རྗེ་སེམས་དཔའ་ལ་ཚེ་བསླང་བ་ནི། ཧཱུཾ་བསྐལ་པ་གྲངས་མེད་འདས་པའི་སྔོན་རོལ་ནས།། ཚེ་བསགས་པས། སྐྱེ་ཤི་ལས་འདས་རྣལ་འབྱོར་ཆེན་པོའི་མཐུ། ། རྒྱལ་བས་རྟོགས་དཀའ་དེ་ཉིད་སྐུ་གསུང་ཐུགས།། བཅོམ་ལྡན་ཚེ་ཡི་དངོས་གྲུབ་འདིར་སྩོལ་ཅིག། ཀུན་ཏུ་བཟང་པོ་བཟང་མོའི་སྦྱོར་བ་ཡིས།། བྱང་ཆུབ་སེམས་ནི་ཅིར་ཡང་བསྒྱུར་དུ་བཏུབ།། སྣ་ཚོགས་ཅིར་ཡང་བསྒྱུར་བའི་ཚེ་འཕེལ་མ། ། བཅོམ་ལྡན་ཚེ་ཡི་དངོས་གྲུབ་འདིར་སྩོལ་ཅིག། ཁྲོ་བོ་ཁྲོ་མོའི་ཐུགས་ཀ་ནས།། ལྕགས་ཀྱུ་དཀར་དང་དམར་གྱི་ཚོགས་བཀྱེ་ནས།། བདེ་བར་གཤེགས་པའི་ཐུགས་ཁ་མན་ཆད་ནས། ། མཐུ་ཆེན་ལྷ་ཀླུ་གནོད་སྦྱིན་གང་ཡང་རུང།། གཤིན་རྗེ་དམར་པོ་ལག་ནས་ཚེ་དྲོངས་ཤིག། བཅོམ་ལྡན་འདས་ཚེ་ཡི་དངོས་གྲུབ་སྩལ་དུ་གསོལ།། ཨོཾ་ཨཱ་ཡུ་ཛྙཱ་ན་བྲུཾ་ནི་ཛ། ཨོཾ་བཛྲ་ཨཱ་ཡུ་ཥེ་ཨ། ཨཱ་ཡུ་ཛྙཱ་ན་བྲ་ཏི་ཀུ་རུ་ཏྲ། ཨོཾ་བཛྲ་ཨཾ་ཀུ་ཤ་ཧཱུཾ། སརྦ་ཏ་ཐཱ་ག་ཏ་ཧྲི་ད་ཡ། བཛྲ་ཨདྷི་ཏིཥྛ་ཏྭཾ། ཚེ་ལ་འཚེ་བའི་བགེགས་བསྐྲད་པ་དང། དབང་བསྐུར་བ། བྱམས་དང་ལྡན་པ་གསང་བ་རིགས་ཀྱི་ཡུམ།། ཚེ་ལ་དབང་བསྐུར་བྱིན་གྱིས་རློབ་པར་མཛོད། ། རྟ་མགྲིན་ཁྲོ་བོ་ཆེན་པོས་བགེགས་ཚོགས་བསྐྲད།། མི་འགྱུར་བརྟན་པར་དབང་བསྐུར་བྱིན་གྱིས་རློབས།། བུདྡྷ་ལོ་ཙྪ་ན་ཨོཾ། བཛྲ་ལོ་ཙྪ་ཧཱུཾ། རཏྣ་ལོ་ཙྪ་ན་ཏྲཾ། པདྨ་ལོ་ཙྪ་ཧྲི། ཀརྨ་ལོ་ཙྪ་ན་ཨ། ཞེས་དབང་བསྐུར་རོ།། ཚེ་སྟིམ་པ། དབང་གི་རྒྱལ་པོ་རྟ་མཆོག་དཔལ།། གསང་བ་ཡུམ་བཞིའི་མཁའ་དབྱིངས་ནས།། རིགས་ཀྱི་ཡུམ་དང་རོལ་པ་མཛད།། རྒྱས་འདེབས་མས་ནི་རྒྱས་བཏབ་ནས།། ཇི་ལྟར་རྒྱལ་པོའི་ཕྱག་རྒྱ་ལ། ། བྲན་རྣམས་འདའ་བར་མི་བྱེད་ལྟར།། བདག་ཉིད་གསང་བས་རྒྱས་བཏབ་པས།། སུ་ཡང་འདའ་བར་མི་བྱེད་ཅིག། ཚེ་འཛིན་མས་ནི་ཚེ་ཟུང་ཞིག། བདུད་དང་གཤིན་རྗེ་གང་ལ་ཡང།། ཚེ་དཔལ་མི་ཤོར་དམ་དུ་ཟུང། ། སྦེད་བྱེད་མས་ནི་ཚེ་སྦོས་ཤིག། སྦེད་བྱེད་གཟུང་བའི་ཚེ་སྦས་ནས།། མཐུ་ཆེན་གཤིན་རྗེ་གང་གིས་ཀྱང།། ཚེ་ལ་ཡེ་འབྲོག་བྱེད་འགྱུར་མེད།། སྤེལ་བྱེད་མས་ནི་ཚེ་སྤེལ་ཅིག། སྤེལ་བྱེད་གསང་བས་ཚེ་སྤེལ་ན། ། ཚེ་དང་གཟི་བྱིན་རྒྱས་པར་སྤེལ།། ཚེའི་བུམ་པ་བསྟན་པ། བཅོམ་ལྡན་མགོན་པོ་ཡེ་ཤེས་ཚེ་དཔག་མེད།། མཁའ་དབྱིངས་རྣམ་དག་ཡུམ་ཀྱི་གཞལ་ཡས་ན།། རྡོ་རྗེ་ཡེ་ཤེས་དཔལ་གྱི་གཡུང་དྲུང་སྐུ། ། བྱང་ཆུབ་བདེ་མཆོག་རོལ་པ་ཐབས་ཀྱི་གཙོ།། གཉིས་མེད་རོལ་བ་ཐུགས་ཀྱི་དཀྱིལ་འཁོར་ནས།། བྱང་ཆུབ་སེམས་རྒྱུད་ཡེ་ཤེས་ཐུགས་རྗེ་ཡིས།། སྐལ་ལྡན་རྣམས་ལ་ཚེ་ཡི་དངོས་གྲུབ་སྩོལ།། སྤྲོས་པས་འཇིག་རྟེན་ཀུན་གྱི་བཀྲག་དང་ལྡན། ། མནན་པས་ཁམས་གསུམ་ཡོངས་ཀྱི་མདངས་དང་ལྡན།། བསྡུས་པས་སྲིད་པ་གསུམ་གྱི་དབང་དང་ལྡན།། བཅིངས་པས་འབྲལ་མེད་རྡོ་རྗེ་ལུ་གུ་རྒྱུད།། བརྟན་པས་མི་འགྱུར་རྡོ་རྗེ་ལྷུན་པོ་འདྲ། ། བདག་ནི་སྐལ་ལྡན་རྡོ་རྗེ་བདེ་ཆེན་ཏེ།། ཁམས་གསུམ་བརྗིད་མཆོག་ཚེ་ཡི་དངོས་གྲུབ་སྩལ་དུ་གསོལ།། དེ་ནས་ཚེ་བརྟན་ཞིང་བཀྲ་ཤིས་པར་བྱ་བའི་ཕྱིར། རྡོ་རྗེ་སེམས་དཔའི་ཚེ་སྒྲུབ་གཞུང་དང་མཐུན་པར་བྱས་ནས། རྣལ་འབྱོར་ཚེའི་པོ་ཏི་ཐོབ་པར་བྱེད་པ་ནི། རྡོ་རྗེ་སེམས་དཔའི་ཚེ་བསྒྲུབ་བསྟན་པའོ། ཞེས་ཡེ་ཤེས་བླ་མ་རིན་ཆེན་བསྟན་པའི་རྒྱུད་དང་པོའོ།། རྡོ་རྗེ་སེམས་དཔའི་ཚེ་སྒྲུབ་བསྟན་པའི་ལེའུ་སྟེ་ལེ་ལག་དང་པོའོ། །།། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དབང་བསྐུར་བའི་ཐབས་བསྟན་ཅིང་བཀྲུ་དང་བསྟན་དང་རྫོགས་པ་དང།། མཐར་ཕྱིན་པ་ཡི་གདམས་ངག་གོ། ཞེས་འབྱུང་སྟེ། སློབ་མ་སྣོད་དང་ལྡན་བྱའི་ཕྱིར།། ཡེ་ཤེས་བདུད་རྩི་ཆེན་པོ་ཡིས།། ཕྱི་ནང་གསང་བའི་ཁྲུས་ཀྱང་ཞེས་འབྱུང་སྟེ། ལུས་ངག་ཡིད་གསུམ་གྱིས་ཁྲུས་ཀྱི་ཆོ་ག་བྱས་ཏེ། སྣོད་དག་པར་བྱས་ནས། གསང་སྔགས་ཀྱི་སྣོད་དུ་རུང་བར་བྱས་ལ། དབང་བསྐུར་བར་བྱའོ།། དེ་ཡང་ཡེ་ཤེས་སྤྱི་བླུགས་ཀྱི་དབང་རྫོགས་པར་བྱ་བ་ལ། ལོངས་སྤྱོད་རྫོགས་པའི་སྐུ་ལྔས་དབང་བསྐུར་ཏེ། ཤར་གྱི་བུམ་པ་བླངས་ཏེ། ཧཱུཾ། ཤར་ཕྱོགས་ཆོས་དབྱིངས་དངུལ་གྱི་བུམ་པ་ནི། ། རྡོ་རྗེ་མི་བསྐྱོད་ཡབ་ཡུམ་སྐུ་བསྟན་པ།། བྱང་ཆུབ་སེམས་དཔའི་འཁོར་དང་བཅས།། སྙིང་པོ་དོན་གྱི་བཅུད་བསྡུས་ནས།། སྤྱི་བོ་ནས་ནི་དབང་བསྐུར་བས།། ཞེ་སྡང་འཁོར་བའི་རྒྱུན་བཅད་ནས། ། མེ་ལོང་ལྟ་བུའི་ཡེ་ཤེས་ཀྱིས།། དབང་མཆོག་དེས་ནི་དབང་བསྐུར་རོ།། བཛྲ་ཀ་ལ་ཤ་ཨ་བྷི་ཥཉྩི་ཧཱུཾ། ལྷོ་ཕྱོགས་ཆོས་དབྱིངས་གསེར་གྱི་བུམ་པ་ན།། རིན་ཆནེ་འབྱུང་ལྡན་ཡབ་ཡུམ་སྐུ་བསྟན་པ།། རིན་ཆེན་སེམས་དཔའ་འཁོར་དང་བཅས། ། སྙིང་པོ་དོན་གྱི་བཅུད་བསྡུས་ནས།། སྤྱི་བོ་ནི་དབང་བསྐུར་བས།། ང་རྒྱལ་འཁོར་བའི་རྒྱུན་བཅད་ནས།། མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱིས།། དབང་མཆོག་དེས་ནི་དབང་བསྐུར་རོ། ། རཏྣ་ཀ་ལ་ཤ་ཨ་བྷི་ཥཉྩི་ཏྲཾ། ནུབ་ཕྱོགས་ཆོས་དབྱིངས་ཟངས་ཀྱི་བུམ་པ་ནི།། སྣང་བ་མཐའ་ཡས་ཡབ་ཡུམ་སྐུ་བསྟན་པ།། པདྨའི་སེམས་དཔའི་འཁོར་དང་བཅས།། སྙིང་པོ་དོན་གྱི་བཅུད་བསྡུས་ནས།། སྤྱི་བོ་ནས་ནི་དབང་བསྐུར་བས། ། འདོད་ཆགས་འཁོར་བའི་རྒྱུན་བཅད་ནས།། སོ་སོར་རྟོག་པའི་ཡེ་ཤེས་ཀྱིས།། དབང་མཆོག་དེས་ནི་དབང་བསྐུར་རོ།། པདྨ་ཀ་ལ་ཤ་ཨ་བྷི་ཥཉྩི་ཧྲི། བྱང་ཕྱོགས་དབྱིངས་ཨིནྡྲའི་བུམ་པ་ན། ། དོན་ཡོད་གྲུབ་པ་ཡབ་ཡུམ་སྐུ་བསྟན་པ།། ལས་ཀྱི་སེམས་དཔའི་འཁོར་དང་བཅས།། སྙིང་པོ་དོན་གྱི་བཅུད་བསྡུས་ནས།། སྤྱི་བོ་ནས་ནི་དབང་བསྐུར་བས།། ཕྲག་དོག་འཁོར་བའི་རྒྱུན་ཡང་གཅད། ། བྱ་བ་གྲུབ་པའི་ཡེ་ཤེས་ཀྱིས།། དབང་མཆོག་དེས་ནི་དབང་བསྐུར་རོ།། ཀརྨ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཨ། དབུས་ཕྱོགས་ཆོས་དབྱིངས་རྣམ་དག་ཞིང་ཁམས་ན།། བཅོམ་ལྡན་ཀུན་བཟང་ཡབ་ཡུམ་སྐུ་བསྟན་པ། ། ཚོམ་བུ་ལྔ་ཡི་འཁོར་དང་བཅས།། སྙིང་པོ་དོན་གྱི་བཅུད་བསྡུས་ནས།། སྤྱི་བོ་ནས་ནི་དབང་བསྐུར་བས།། གཏི་མུག་འཁོར་བའི་རྒྱུན་བཅད་ནས།། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱིས།། དབང་མཆོག་དེས་ནི་དབང་བསྐུར་རོ། ། བུདྡྷ་ཀ་ལ་ཤ་ཨ་བྷི་ཥཉྩི་ཨོཾ། དེརིང་ཕན་ཆད་བུ་ཁྱོད་ནི།། རྒྱལ་བའི་སྲས་སུ་དབང་བསྐུར་བས།། ཉོན་མོངས་ལྔ་དང་མཚམས་མེད་ལྔ།། དེ་ནས་རང་བྱུང་དག་པའི་སྐུ།། མི་གནམ་མྱ་ངན་འདས་པ་ཡི། ། དབང་བསྐུར་དམ་པ་ཐོབ་པར་ཤོག། ཅེས་ལོངས་སྤྱོད་རྫོགས་པའི་སྐུ་ལྔས་དབང་བསྐུར་བ་བསྟན་པའོ།། བར་འདིར་རིན་པོ་ཆེ་སྣ་བདུན་གྱི་དབང་དང། བཀྲ་ཤིས་རྫས་བརྒྱད་ཀྱི་དབང་བསྐུར་རོ།། དེ་ནས་རྒྱལ་རྟགས་ཕྱག་རྒྱའི་དབང་བསྐུར་བ་ལ་གཉིས་ཏེ། བྱང་ཆུབ་སེམས་དཔའ་དྲུག་གི་ཕྱག་མཚན་གྱིས་དབང་བསྐུར་བ་དང། སངས་རྒྱས་ཀྱི་གདུང་བརྒྱུད་འཛིན་པ་ཨ་ཙརྱ་མི་བཞིས་འདོད་པའི་ཡོན་ཏན་ལྔས་དབང་བསྐུར་བ་བསྟན་པའོ། ། དེ་ལ་ཕྱག་མཚན་གྱིས་དབང་བསྐུར་བ་ནི། སྔོན་སུམ་ཅུ་རྩ་གསུམ་དགའ་ལྡན་གྱི་གནས་རྣམ་པར་རྒྱལ་བའི་ཁང་བཟངས་སུ། ལྷའི་དབང་པོ་བརྒྱ་བྱིན་གྱི་བཙུན་མོ་བཞིན།། སྲས་ཉེ་དབང་སུམ་ཅུ་རྩ་གཉིས་ལ། ཤིང་གི་རྒྱལ་པོ་ཡོངས་འདུ་ས་བརྟོལ་འབྲས་བུ་སྨིན་པའི་དུས་སུ། ལྷ་རྫས་ཀྱི་མེ་ཏོག་དང། འབྲས་བུ་དང། སྙིང་པོ་དང། སྨན་དང། རྩི་ཐོག་དང། འབྲུ་བཅུད་དང། གདུགས་དང། བ་དན་དང། རྒྱལ་མཚན་དང། དུང་དང། པི་ཝང་དང། གླིང་བུ་དང། སིལ་སྙན་དང། གླུ་དང། གར་དང། རོལ་མོ་དང། རྩེ་འཇོས་དབང་བསྐུར་ཏེ། ལྷའི་རྒྱལ་སྲིད་ཐོབ་པར་བྱས་སོ།། དེ་བཞིན་དུ་རིགས་ཀྱི་བུ་ཁྱོད་ལ་དབང་བསྐུར་བས། ལྷའི་དབང་པོ་བརྒྱ་བྱིན་ལྟ་བུའི་དབང་ཐོབ་པར་འགྱུར་རོ།། དེ་ནས་ལྷ་མ་ཡིན་གྱི་གནས་མི་ཕམ་རྒྱལ་བས་བྱིན་པ་ཞེས་བྱ་བར། ལྷ་མ་ཡིན་གྱི་རྒྱལ་པོ་ཐགས་བཟངས་རིགས་ཞེས་བྱ་བས། ཤིང་གི་རྒྱལ་པོ་ཡོངས་འདུས་བརྟོལ་གྱི་མེ་ཏོག་རྒྱས་པའི་དུས་སུ། དཔལ་བེ་ས་འཛིན་པ་དང། ལག་ན་བེ་ཅོན་དང། ཁྲོས་པའི་རྐན་བརྡེབས་དང། རྣོ་བ་རྡོ་རྗེ་མཆུ་ཅན་ནོ།། དེ་རྣམས་ནི་དམག་དཔོན་དུ་དབང་བསྐུར་རོ། ། ཕྱི་མ་རྣམས་ནི་དམག་མིར་དབང་བསྐུར་རོ།། འཁོར་གྱི་གྱད་ཆེན་པོ་བཞི་ལ་སོགས་ཏེ། དཀའ་བ་སྤྱོད་པའི་སྐྱེས་བུ་རྣམས་ལ། གོ་མཚོན་དང། སྟ་རེ་དང། མཆོག་གི་ཧ་ཏ་དང། ལྕགས་ཀྱུ་ཞགས་པ་དང། བེར་ཀ་དང། མདའ་གཞུ་ལ་སོགས་ཏེ། མ་ཧེའི་ཤ་དང། སྟག་དང། དོམ་དང། དྲེད་དང། ལྕེ་སྤྱང་དང། ཀང་ཀ་དང། མི་དང། ཁྱི་དང། རྟ་ལ་སོགས་པའི་ཤ་དང། ཁྲག་དང། དབང་པོས་དབང་བསྐུར་ཏེ། དམག་དཔོན་དུ་དབང་བསྐུར་རོ།། དམག་བྱིན་པོ་རྣམས་ནི་གཏོར་མ་དང། མྱོས་པའི་ཆང་དང། འབྲུའི་ཆང་དང། བཙོང་དང། ལ་ཕུག་དང། སྒོག་སྐྱ་ཡན་ཡད་ཀྱི་དབང་བསྐུར་ཏེ། དམག་མིར་དབང་བསྐུར་རོ། ། དེ་བཞིན་དུ་རིགས་ཀྱི་བུ་ཁྱོད་ལ་དབང་བསྐུར་བས། འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་ཐམས་ཅད་དབང་དུ་འདུས་པར་འགྱུར་རོ།། དེ་ནས་ལྷོའི་འཛམ་བུ་གླིང་མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་དབུས་ཆེན་པོ་རྡོ་རྗེ་གདན་དུ། མིའི་སྟོན་པ་ཤཀྱ་སེང་གེས་ཤིང་གི་རྒྱལ་པོ་ཡོངས་སུ་ས་བརྟོལ་གྱི་ལོ་འདབ་རྒྱས་པའི་དུས་སུ། འཁོར་ས་བཅུའི་བྱང་ཆུབ་སེམས་དཔའ་རྣམས་དང། འཕགས་པ་ཉན་ཐོས་དགྲ་བཅོམ་པ་རྣམས་ལ། དེ་བཞིན་གཤེགས་པ་ལྔའི་བུམ་པ་དང། སེག་པར་དང་བླ་གོས་དང། སངས་རྒྱས་ཀྱི་སྐུ་གདུང་རིན་པོ་ཆེས་དབང་བསྐུར་རོ།། དེ་བཞིན་དུ་རིགས་ཀྱི་བུ་ཁྱོད་ལ་དབང་བསྐུར་བས། འགྲོ་བ་རྣམ་པར་འདྲེན་པའི་སྟོབས་དང་ལྡན་པར་འགྱུར་རོ། ། དེ་ནས་བདག་མ་ཡིན་པའི་འཇིག་རྟེན་གྱི་ཁམས་སུ། བྱོལ་སོང་གི་རྒྱལ་པོ་ཨ་བ་གླང་མགོ་ཅན་ཞེས་བྱ་བས། བྱོལ་སོང་གི་གཙོ་བོ་ལྔ་ལ་སོགས་ཏེ། གཏི་མུག་གི་བདག་ཏུ་འཛིན་པ་རྣམས་ལ། ཤིང་གི་རྒྱལ་པོ་ཡོངས་སུ་ས་བརྟོལ་དབུགས་འབྱིན་པ་དུས་སུ། ཤེས་རབ་ཀྱི་པོ་ཏི་དང། ལྷའི་རོལ་མོ་དང། སྒྲ་སྙན་དང། བདེན་པའི་ཚིག་གིས་དབང་བསྐུར་རོ།། དེ་བཞིན་དུ་རིགས་ཀྱི་བུ་ཁྱོད་ལ་དབང་བསྐུར་བས། ཤེས་རབ་མ་རྨོངས་པ་དང། ལྷ་དང་མིའི་མཛད་སྤྱོད་ཐམས་ཅད་ལ་ལོངས་སྤྱོད་པར་གྱུར་ཏོ།། དེ་ནས་འཇིག་རྟེན་གྱི་ཁམས་ཏིར་ཀ་ཞེས་བྱ་བ་ན། ཡི་དྭགས་རྒྱལ་མོ་ཁ་འབར་མ་ཞེས་བྱ་བས། ཤིང་གི་རྒྱལ་པོ་རྒྱུད་བའི་དུས་སུ། འཁོར་གྱི་པྲེ་ཏ་ཀ་ཞེས་བྱ་གསུམ་ལ། རིན་པོ་ཆེ་སྒྲོམ་བུ་དང། འདོད་པའི་ཡོན་ཏན་ལྔས་དབང་བསྐུར་རོ།། དེ་བཞིན་དུ་རིགས་ཀྱི་བུ་ཁྱོད་ལ་དབང་བསྐུར་བས། འཇིག་རྟེན་གྱི་སྙིང་པོ་བྱང་ཆུབ་ལ་མ་གནས་ཀྱི་བར་རུ། ཡི་དྭགས་ཀྱི་སྡུག་བསྔལ་ལས་གྲོལ་བར་གྱུར་ཏོ།། དེ་ནས་འཇིག་རྟེན་གི་ཁམས་རྨེ་ཤ་ཅན་ཞེས་བྱ་བ་ན། གཤིན་རྗེ་ཆོས་ཀྱི་རྒྱལ་པོས། འཁོར་གྱི་མགོ་བརྙན་ཆེན་པོ་བཞི་ལ། དཔག་བསམ་གྱི་ཤིང་དང། ཁྲུས་ཀྱི་རྫིང་བུ་དང། ཡེ་ཤེས་ཀྱི་མར་མེ་དང། སྙན་པའི་ཚིག་གིས་དབང་བསྐུར་རོ།། དེ་བཞིན་དུ་རིགས་ཀྱི་བུ་ཁྱོད་ལ་དབང་བསྐུར་བས། དམྱལ་ཁམས་བཅུ་དྲུག་གི་སྡུག་བསྔལ། བདེ་བ་ཆེན་པོ་ལོངས་སྤྱོད་དུ་གྱུར་ཏོ།། དེ་ཡན་ཆད་ཐུབ་པ་དྲུག་གི་ཕྱག་མཚན་གྱིས་དབང་བསྐུར་བར་བསྟན་པའོ།།།། དེ་ནས་པཎྜི་ཏས་དབང་བསྐུར་བ་ནི། གནམ་ལ་རྡོ་རྗེ་ཟམ་མ་ཆད། ། ས་ལ་དཀྱིལ་འཁོར་རིགས་མ་ཡལ།། བར་ན་གདམས་ངག་ཟམ་མ་ཆད།། ཅེས་འབྱུང་སྟེ། སློབ་དཔོན་དགའ་རབ་རྡོ་རྗེས། འཇམ་དཔལ་བཤེས་གཉེན་ལ་སོགས་པ་རིམ་པར་དབང་དང་འབྲེལ་བའི་ཆོས་བསྟན་པའི་ཚེ། སློབ་མ་བཀྲག་དང་གཟི་མདངས་བསྐྱེད་ཅིང། ལྷའི་ལོངས་སྤྱོད་ཐོབ་པར་བྱ་བའི་ཕྱིར། འདོད་པའི་ཡོན་ཏན་ལྔས་དབང་བསྐུར་ཏེ། ཚེ་དང། གལ་ཕྱི་དང། ཛ་ག་དང། ཛག་ཏི་དང། བླ་གོད་དང། ཟླ་རྒྱས་དང། ཟླ་ཁྲོམ་དང། ཟླ་ཚེས་དང། དྲག་པོ་དང། ཀུན་ཏུ་རྒྱུ་ལ་སོགས་ཏེ། འདོད་པའི་ཡོན་ཏན་ལྔས་དབང་བསྐུར་རོ།། དེ་བཞིན་དུ་རིགས་ཀྱི་བུ་ཁྱོད་ལ་དབང་བསྐུར་བས། ལོངས་སྤྱོད་ཕུན་སུམ་ཚོགས་པ་ལ་ལོངས་སྤྱོད་པར་གྱུར་ཅིག། ཅེས་ཡེ་ཤེས་བླ་མ་ཆེན་པོའི་རྒྱུད་ལས། དབང་བསྐུར་བླ་མ་རིན་པོ་ཆེའི་རྒྱུད་ཕྱུང་སྟེ། ཡེ་ཤེས་སྤྱི་བླུགས་སུ་དབང་བསྐུར་བར་བསྟན་པའི་ལེའུ་སྟེ་གཉིས་པའོ།།།། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། སངས་རྒྱས་མར་མེ་མཛད་སྟོང་གི་གཙུག་ཕུད་རིན་པོ་ཆེ་ལ་ཕྱག་བཙལ་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། མ་འོངས་པའི་སེམས་ཅན་རྣམས་ལ་སངས་རྒྱས་ཀྱི་འབྲས་བུ་སྨིན་པར་བྱ་བའི་ཐབས་ནི། དབང་དང་འབྲེལ་པའི་ཆོས་འཕགས་ན། དབང་གི་འབྲས་བུ་མཐར་ཕྱིན་པའི་བྱ་བཙལ་དག་བྲལ་བའི་ཆོས་ཇི་ལྟར་ལགས། བསྟན་དུ་གསོལ་ཅེས་ཞུས་ཏེ། དེ་ནས་སངས་རྒྱས་མར་མེ་མཛད་སྟོང་གི་གཙུག་ཕུད་དང་རིན་པོ་ཆེ་ཚད་མེད་པ་བཞིའི་ཏིང་ངེ་འཛིན་ལས་བཞེངས་ཏེ། ཞལ་འཛུམ་པ་མཛད་ནས། རོ་ལངས་བདེ་བ་ལྷའི་བུ་ཉོན་ཅིག། ང་ལ་ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་དབང་རིན་པོ་ཆེ་རྫོགས་པ་ཡིན་ཏེ། དབང་ཐམས་ཅད་ཀྱི་སྙིང་པོ་རིག་པ་རྩལ་གྱི་དབང་གིས་སྐད་ཅིག་མ་གསུམ་ལ་གྲོལ་བ་འདི་ལ་བསྐུར་ཐབས་ལྔ་སྟེ། ཡེ་ཤེས་ཀྱི་མར་མེ་དང། རིན་པོ་ཆེ་གསེར་གྱི་ཐུར་མ་དང། མེ་ལོང་དང། སངས་རྒྱས་ཀྱི་མཚན་དང། རྡོ་རྗེ་དྲིལ་བུ་དང་ལྔའོ།། དེ་ནས་ཚིག་འདི་བསྒྲགས་ཏེ། དཀྱིལ་འཁོར་ལ་བསྐོར་བ་བྱས་ལ། སྒོ་ལ་དར་གྱི་ཡོལ་བ་བྲེས་ལ། བདྷ་བྲི་བར་བྱའོ། ། ཀྱེ་མ་ཧཱ་སུ་ཀ་རིགས་ཀྱི་བུ་ཁྱོད་ཡོངས་སུ་མྱ་ངན་ལས་འདས་པར་འདོད་དམ་བྱའོ།། ན་མོ་བུདྡྷ་ཡ་ཧོ། འོ་ན་ཁྱོད་ས་གཞི་འོ་མ་ཤི་ས་ཤིའོ།། རིགས་ཀྱི་བུ་དྷ་ཧི་ཀན། དྷ་ཧི་ཀན་མ་ལཱ་མ་ལཱ། མཧཱ་སུ་ཁ་རི་སིདྡྷི་ཧོ། དེ་བཞིན་རིམ་པས་བསྟན་པ་ནི།། མན་ངག་ཐབས་ཀྱི་རྒྱལ་པོ་ཡིན།། དེ་ནི་བདེན་པར་བསྟན་པར་བྱའོ།། མར་མེ་ལག་ཏུ་བསྐུར་བ། རིགས་ཀྱི་བུ་འཇིག་རྟེན་གྱི་ཁམས་སུ་ང་མ་འོངས་པའི་ཚེ། གྱད་ཡུལ་ཤིང་ས་ལ་ཆེན་པོའི་སྙིང་པོ་མེ་ཏོག་པདྨ་ཁ་སྟོང་དང་ལྡན་པའི་སྦུབས་ནས་འཐན་ཏེ། སྐུ་ཡོངས་སུ་རྫོགས་པའི་དུས་སུ། རང་གི་སྙིང་པོ་བྱང་ཆུབ་ཀྱི་སེམས་གསལ་བའི་སྒྲོན་མེར་ཤར་ཏེ། ངས་མཐོང་མ་མྱོང་བའི་ཡུལ་མཐོང་ངོ། ། རིགས་ཀྱི་བུ་དེ་བཞིན་དུ་ཡེ་ཤེས་ཀྱི་མར་མེ་གསལ་བའི་སྒྲོན་མ་འདིས་དབང་བསྐུར་བས། མ་རིག་པའི་ལིང་ཏོག་བསལ་ནས། སངས་རྒྱས་ཀྱི་བདེན་པ་མཐོང་བར་འགྱུར་རོ།། རིགས་ཀྱི་བུ་རང་རིག་པའི་ཡེ་ཤེས་ལ་འགྱུར་བ་མེད་ཅིང། རྣམ་རྟོག་གིས་མ་བསླད་པས། ཡིད་གང་དུ་ཡང་འཇུག་པ་མེད་དོ།། རིགས་ཀྱི་བུ་དེ་བཞིན་དུ་རིན་པོ་ཆེ་གསེར་གྱི་ཐུར་མས་དབང་བསྐུར་བས། འགྱུར་བ་མེད་པར་རྣོལ་མྱུར་བའི་སྟོབས་དང་ལྡན་པར་གྱུར་ཏོ། ། རིགས་ཀྱི་བུ་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པའི་ཡུལ་དུ་སྣང་བའི་དུས་སུ། གཟུང་འཛིན་གྱི་མཐའ་ལས་འདས་སོ།། རིགས་ཀྱི་བུ་དེ་བཞིན་དུ་མེ་ལོང་ལྟ་བུའི་ཡེ་ཤེས་འདིས་དབང་བསྐུར་བས། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་བ་སྣང་བར་གྱུར་རོ།། རིགས་ཀྱི་བུ་རང་བྱུང་གི་ཡེ་ཤེས་ལ་འགག་པ་མེད་པར་ཤར་བའི་དུས་སུ། སྐུ་གསུམ་གྱི་སྣང་བ་མངོན་དུ་གྱུར་ཏེ། ཡེ་ཤེས་ཀྱི་གཟུགས་བརྙན་ལ་ཐིམ་པའི་དུས་སུ། ལེན་མ་མྱོང་བའི་ལུས་བླངས་ཏེ་བྱང་ཆུབ་ཀྱི་སྙིང་པོ་ལ་བྱང་ཆུབ་ཀྱི་སྙིང་པོར་ཤར་རོ།། རིགས་ཀྱི་བུ་དེ་བཞིན་དུ་འོད་གསལ་བ་འདིས་དབང་བསྐུར་བས། སྙིང་པོ་བྱང་ཆུབ་བཙལ་དང་བྲལ་བའི་སྐུ་ཐོབ་པར་གྱུར་ཏོ། ། རིགས་ཀྱི་བུ་རྡོ་རྗེ་ལྟ་བུའི་སྐུ་དུས་གསུམ་དུ་མི་འགྱུར་བར་བསྟན་པའི་དུས་སུ། སྤྲོས་པའི་མཐའ་ལས་འདས་ཏེ། ཐུགས་རྗེ་འབྱུང་བའི་སྒོ་མ་འགགས་པས། སྤྲུལ་པའི་སྐུ་གསུང་རིག་པའི་ཁུ་བྱུག་ཏུ་བསྒྲགས་སོ། ། དེ་བཞིན་དུ་རྟགས་ཀྱི་རྡོ་རྗེ་དང་དྲིལ་བུས་དབང་བསྐུར་བས། རིགས་ཀྱི་བུ་རྡོ་རྗེས་ནི་འགྱུར་བ་མེད་པ་ལ། དྲིལ་བུས་ནི་ཐུགས་རྗེའི་རྩལ་འགག་པ་མེད་པའི་དབང་ཐོབ་པར་གྱུར་ཏོ། ། ཀྱེ་རིགས་ཀྱི་བུ་མ་འོངས་པའི་སེམས་ཅན་རྒྱུད་དག་པ་རྣམས་ལ་ངས་བསྟན་པ་བཞིན་བྱོས་ཤིག། ཅེས་བཀའ་བསྒོ་ནས། དགའ་རབ་རྡོ་རྗེ་དེ་བཞིན་དུ་མཛད་པ་ནི། གནམ་ལ་རྡོ་རྗེ་ཟམ་མ་ཆད་དེ་ལྟ་བ་མི་འགྱུར་བ་ལ་བཞག། ས་ལ་དཀྱིལ་འཁོར་རིགས་མ་ཡལ་ཏེ། རྟོགས་པའི་ཡེ་ཤེས་རང་གསལ། བར་ན་གདམས་ངག་ཟམ་མ་ཆད་དེ། དུས་གསུམ་གྱི་སངས་རྒྱས་དགོངས་པ་བརྒྱད་པ་དང། རིགས་འཛིན་བརྡས་བརྒྱུད་པ་དང། གང་ཟག་རྣ་བས་བརྒྱུད་པ། རྒྱུད་མན་ངག་ཏུ་དྲིལ་ནས་གཏེར་དུ་སྦས་སོ།། སངས་རྒྱས་མར་མེ་མཛད་སྟོང་གི་གཙུག་ཕུད་རིན་པོ་ཆེ། རིག་པ་རང་ཤར་གྱི་དགོངས་པ། རིག་པ་སྤྱི་བླུགས་ཀྱི་དབང་དུ་བསྟན་པ། ཡེ་ཤེས་བླ་མ་ཆེན་པོའི་རྒྱུད་ལས། དབང་བསྐུར་བླ་མ་རིན་པོ་ཆེའི་རྒྱུད་བསྟན་པའི་ལེའུ་སྟེ་ལེའུའི་ལག་གསུམ་པའོ།།།། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཡང་ཞུས་པ། ཀྱེ་ཀྱེ་ཐུགས་རྗེ་ཆེན་པོ་མ་འོངས་པའི་སེམས་ཅན་རྣམས་ལ། ཚེ་དབང་རིན་པོ་ཆེ་གདམས་པའི་དུས་སུ། སློབ་མའི་སྐྱོན་ཡོན་བསྟན་པ་དང།། དུས་དང་གནས་ཀྱི་སྐྱོན་ཡོན་གང།། རྡོ་རྗེ་འཆང་གིས་བསྟན་དུ་གསོལ། ། ཅེས་ཞུས་ཏེ། རྡོ་རྗེ་འཛིན་པ་ཉོན་ཅིག། སློབ་མའི་སྐྱོན་ཡོན་རྣམ་གཉིས་ཏེ། སྦང་བར་བྱ་བའི་སློབ་མ་བཞི།། དང་དུང་བླང་བའི་སློབ་མ་བཞི།། བློ་དམན་ཤེས་རབ་ཆུང་བ་དང།། བུད་མེད་ལུས་ནི་དམད་པ་དང། ། གསང་དབང་མེད་པར་རྫོབ་པ་ལ།། རྒྱུད་ཀྱི་རྒྱལ་པོ་དོན་མི་བཤད།། བཤད་ཀྱང་བློ་རྒྱུད་མ་གྲོལ་བས།། དེ་བས་ཞིབ་ཏུ་བསྟན་པ་མེད།། སེང་གེ་དཀར་མོའི་འོ་མ་འདི།། རིན་ཆེན་གསེར་གྱིས་འཛིན་གྱུར་གྱི། ། སྣོད་ངན་གཞན་དུ་བླགས་པ་ན།། སྣོད་འཇིག་འོ་མ་འབོ་བར་འགྱུར།། ཞེས་གསུངས་སོ།། དད་ལྡན་བརྩོན་འགྲུས་ཆེ་བ་དང།། བླ་མ་ལ་ནི་གུས་པའོ།། བློ་བརྟན་འགྱུར་མེད་སྒོམ་སྲན་ཆེ།། རྟག་ཏུ་སྙིང་རྗེ་ལྡན་གྱུར་བ། ། དེ་ནི་སྒྲུབ་པ་པོ་རུ་བཞག། སྒྲུབ་པ་བརྩོན་ཞིང་དམ་ཚིག་ཆེ།། ཞེ་གནག་ཁོང་གདུག་བརྟན་པར་སྨྲ།། བསྟན་པ་བསྲུང་བའི་སྣོད་དུ་བཞག། བུད་མེད་མགོ་འགར་ཤེས་རབ་ཟབ།། དད་པ་བརྟན་ཞིང་ཐེག་ཆེན་མོས། ། དེ་ནི་སྙིང་རྗེའི་སློབ་མར་བཞག། ཀྱེ་རྡོ་རྗེ་འཛིན་པ་ཉོན་ཅིག། ཚེ་དབང་རིན་ཆེན་རྫོགས་ཕྱེད་པའི།། དུས་ཀྱི་སྦྱོར་བ་བསྟན་པ་ནི།། རྣམ་པ་བཞི་རུ་ཤེས་བྱ་སྟེ།། དེ་ཡི་མདོ་ནི་བསྡུ་བ་གཅེས། ། ངས་བསྟན་ཁྱོད་ཀྱིས་ཡིད་ལ་ཟུང།། དབྱར་དགུན་སྟོན་དཔྱིད་བཅུ་གཉིས་ལ།། དཔྱིད་ཟླ་གསུམ་ནི་སྲིན་བལ་གྱི་ཕུང་པོ་ལྟ་བུའོ།། དབྱར་ཟླ་གསུམ་ནི་པདྨ་ལྟ་བུའོ།། སྟོན་ཟླ་གསུམ་ནི་རིན་པོ་ཆེ་ལྟ་བུའོ། ། དགུན་ཟླ་གསུམ་ནི་རྡོ་རྗེ་ལྟ་བུའོ།། དེ་ཡང་ཤིང་གི་རྒྱལ་པོ་ཡོངས་སུ་ས་བརྟོལ་དང་སྦྱར་ན། རྩ་བ་དང། སྡོང་པོ་དང། མྱུ་གུ་དང་གསུམ། ལོ་འདབ་དང། མེ་ཏོག་དང། འབྲས་བུའོ།། དེ་ཡང་སྟོན་ཟླ་ར་བ་ལ་རྫས་བསགས། སྟོན་ཟླ་འབྲིང་པོ་ལ་བསྒྲུབ་པ་བྱ། སྟོན་ཟླ་ཐ་ཆུང་གི་ཉ་ལ་དབང་བསྐུར། དགུན་ཟླ་ར་བའི་ཉ་ལ་གདམ་ངག་གི་གཞུག་རྫོགས་པར་བྱའོ།། དེ་ནི་སྦྱོར་བ་དང་པོའོ།། དེ་ཡང་ཐུབ་པ་དྲུག་ལྟར་བྱས་ན། ཙནྡྲ་བཅུ་གཉིས་འབྲིང་པོ་ལ།། བརྒྱད་ལ་ཞུགས་ལ་རྒྱལ་པར་རྫོགས།། དེ་ནི་སྦྱོར་བ་འབྲིང་པོའོ།། དེ་ཡང་པཎྜི་ཏའི་བསྐུར་ཐབས་ནི།། ཟླ་བ་བཅུ་གཉིས་གང་ཡང་རུང།། བཅུ་གཅིག་བཅོ་ལྔའི་བར་གྱིས་རྫོགས། ། དེ་ནི་སྦྱོར་བ་ཐ་མ་ཡིན།། དུས་ཚོད་ཚེས་གྲངས་བཟང་པོ་ལ།། བཀྲ་ཤིས་བརྗོད་ཅིང་དབང་བསྐུར་ན།། ཚེ་དང་ལོངས་སྤྱོད་རྒྱས་འགྱུར་ཞིང།། བུ་ཚ་རིགས་རྒྱུད་འཕེལ་བར་འགྱུར།། ཞེས་དགའ་རབ་རྡོ་རྗེས་གསུངས་སོ། ། དེ་ནས་བྱང་ཆུབ་སེམས་དཔའ་ཆེན་པོས་ཞུས་པ། ཐུགས་རྗེ་ཆེན་པོ་ཚེ་དབང་རིན་པོ་ཆེ་བསྐུར་བའི་དུས་སུ། གནས་པའི་ཡོན་ཏན་བསྟན་དུ་གསོལ།། ཅེས་ཞུས་ཏེ། རྡོ་རྗེ་འཛིན་པ་ཉོན་ཅིག། བཀྲ་མི་ཤིས་པའི་དབང་གནས་དང། ཡ་ག་བར་ཆད་ཀྱི་གནས་དང་དེ་ལ་རྨེ་ཤ་ཅན་གྱི་གྲོང་ཁྱེར་དུ་གཏུགས་པས། ཟིན་པའི་གྲོང་ཁྱེར་དུ། ལྷ་འདྲེ་དྲག་པོ་རྒྱུ་སྲང་དང།། བསོད་ནམས་ཟད་པའི་གྲོང་ཁྱེར་དང། ། མགར་བ་ལྷམ་མཁན་ཡུག་ས་མོ།། གྲོང་ཁྱེར་ཆེན་པོའི་དབུས་དག་ཏུ།། རྣལ་འབྱོར་པ་ཡིས་དོན་མི་འགྲུབ།། ཅེས་གསུངས་སོ།། རི་གསུམ་འདུས་པའི་རྩེ་མོ་དང།། རྩི་ཤིང་སྨན་ལྗོངས་བྱ་སྐད་སྙན། ། རྒྱབ་མཐོ་མདུན་གཞོལ་གཞོག་སྐྱབ་པ།། གཞན་ཡང་བཀྲ་ཤིས་ཉམས་དགའ་ཡིད་འཐད་དང།། བསོད་ནམས་གྲུབ་པའི་དགོན་པ་དང།། གྲོང་ཟད་མཐའ་དང་ནགས་ཚལ་དུ།། དམ་པའི་དོན་དེ་སྒྲུབ་པར་གསུངས། ། ཞེས་ཡེ་ཤེས་བླ་མ་ཆེན་པོའི་རྒྱུད་ལས། དབང་བསྐུར་བླ་མ་རིན་པོ་ཆེའི་རྒྱུད།། སངས་རྒྱས་མར་མེ་མཛད་སྟོང་གི་གཙུག་ཕུད་རིན་པོ་ཆེས་མཛད་པ་ལས་ལེའུ་བཞི་པའོ།།།། ཨཱ་ཙརྱ་བི་མ་ལ་མི་ཏྲ་དང། བོད་ཀྱི་ལོ་ཙ་བ་སྐ་ཅོག་ཞང་གསུམ་གྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།།།། རྫོགས་སོ།།།། ཐ་རས་རྒྱ་ཡིས་བཏབ་བོ།། སྔོན་དུ་འགྲོ་བའི་བསྟེན་པ་སྟེ་སྟ་གོན་ཆོ་ག་རྫོགས་པའོ།། དང་པོ་ལ་ནི་སྒྲུབ་པ་འབྱུང། ། ཏིང་འཛིན་སྔགས་དང་འཕྲོ་འདུ་བྱ།། གཉིས་པ་ཚེ་དབང་བསྐུར་བར་བྱ།། གསུམ་པ་ཡེ་ཤེས་སྤྱི་བླུགས་དང།། བཞི་པ་སངས་རྒྱས་རབ་བདུན་དང། ལྔ་བ་རིག་པ་རྩལ་གྱི་དབང།། རིམ་པ་བཞིན་དུ་ལས་ལ་སྦྱར། ། རྫོགས་དང་རྒྱུད་ལུང་མན་ངག་བཤད།། ང་ཡིས་བསྟན་པའི་ཚེ་དབང་འདི།། མ་བསྐུར་བར་དུ་བཤད་པ་མིན།། ཅེས་དགའ་རབ་རྡོ་རྗེས་འཇམ་དཔལ་ལ་གདམས་པའོ།། ཞེས་ཡེ་ཤེས་བླ་མའི་ལེའུ་ལག་རྫོགས་སོ། །།། ཨྠི+ྀ། རྒྱ་གར་སྐད་དུ། དེ་ཝཱི་མ་རི་ཙྱཻ་ཏ་ཏནྟྲ། བོད་སྐད་དུ། ལྷ་མོ་འོད་ཟེར་ཅན་གྱི་རྒྱུད། བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་སྐུ་གསུམ་ཡེ་ཤེས་ལྔའི་བདག་ཉིད་དུ་སྣང་བ། བྱང་ཆུབ་སེམས་ཀྱི་ལྷ་མོ་གསལ་བའི་སྒྲོན་མ་མར་མེ་མཛད་གཙུག་གི་རྒྱན་གཅིག་མ་ལ་ཕྱག་འཚལ་ལོ།། ཆོས་ཀྱི་སྐུ་མཚན་མའི་ཡུལ་ལས་འདས་ཀྱང། གཟུགས་ཀྱི་སྐུ་མངོན་པར་སྣང་བས། སངས་རྒྱས་ཀྱི་བདེན་པ་མཐོང་བར་བྱེད་པ། ལྷ་མོ་འོད་ཟེར་ཅན་གྱི་རྒྱུད་འདི་གྲོལ་བར་བྱའོ།། རིགས་དྲུག་གི་སེམས་ཅན་ལ་ཆོས་ཀྱི་སྐུ་རང་བཞིན་གྱི་གསལ་བ་ལྔ་ཡོད་དེ། དེ་ཡང་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་འོད་དཔག་ཏུ་མེད་པར་གནས་སོ། ། བྱང་ཆུབ་སེམས་དཔའ་རྣམས་ལ་དཔག་ཏུ་ཡོད་པར་གནས་སོ།། ལྷ་རྣམས་ལ་གཞལ་དུ་ཡོད་པར་གནས་སོ།། མི་རྣམས་ལ་མཚོན་དུ་ཡོད་པར་གནས་སོ།། ངན་སོང་གསུམ་ལས་སེམས་རང་གསལ་བ་ཙམ་དུ་གནས་སོ། ། མཛོད་བུའི་འོད་ཟེར་མ་འགགས་མཁྱེན་མངའ་བ།། མགོན་པོ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ།། ལྷ་མོ་འོད་ཟེར་ཅན་གྱི་རྒྱུད་འདི་ལ་ལེའུ་གསུམ་གྱིས་བསྟན་ཏེ། ལེའུ་དང་པོ་ཆོས་ཀྱི་སྐུ་ལ་འོད་ཟེར་འབྱུང་བར་བསྟན་པ་དང། ལེའུ་གཉིས་པ་འོད་ཟེར་རྣམ་པར་དག་པར་བསྟན་པ་དང། ལེའུ་གསུམ་པ་སེམས་ཅན་ཐམས་ཅད་ལ་མཚོན་པའི་ཡེ་ཤེས་འོད་རང་ཆས་སུ་བསྟན་པ་དང། གསུམ་གྱིས་བསྟན་ཏོ།། དེ་ནས་རྒྱུད་དག་པའི་རྡོ་རྗེ་འཆང་ཆེན་པོས་མཛོད་སྤུའི་བུ་ག་ནས་འོད་ཟེར་ལྔ་བཀྱེ་བས་འཇིག་རྟེན་གྱི་ཁམས་སྣང་བར་བྱས་ཏེ། འོད་ཟེར་དེའི་བྱིན་གྱིས་བརླབས་ལས། སངས་རྒྱས་བདེ་ལྡན་མགོན་པོ་སྤྱན་རས་གཟིགས་ཞེས་བྱ་བ། སྐུ་མདོག་དཀར་པོ་འོད་ཟེར་གྱི་འཕྲེང་བས་སྐོར་བ། ཕྱག་གཡས་པ་སྐྱབས་སྦྱིན་གྱི་ཕྱག་རྒྱ་དང་ལྡན་པ། གཡོན་པ་པུས་མོ་ལ་རྟེན་པ། པདྨའི་གདན་ལ་བཞུགས་པ་གཅིག་རང་བྱུང་དུ་མདུན་དུ་ལྷག་སྟེ། ཀྱེ་ཀྱེ་ཐུགས་རྗེ་ཆེན་པོ་སེམས་ཅན་གྱི་ཉོན་མོངས་པའི་དུག་ལྔ་གདུལ་དུ་གསོལ། མཛོད་སྤུའི་བུ་ག་ནས་འོད་ཟེར་རྣམ་པ་ལྔ་འཕྲོས་ནས་འཇིག་རྟེན་གྱི་ཁམས་སྣང་བར་མཛད་ན། བདག་གིས་སེམས་ཅན་གྱི་དོན་དུ་འོད་ཟེར་ལྔ་མི་སྤྲོ་བ་ཅི་སྟེ། ཡང་དག་པར་རྫོགས་པའི་སངས་རྒྱས་ལ་སྐུ་རྣམ་པར་དག་པའི་འོད་ལྔ་འཕྲོས་པ་འདི་ཅིའི་རྒྱུ་ཅིའི་རྐྱེན། ཆོས་ཀྱི་སྐུ་ནི་རང་བཞིན་གྱི་སྟོང་ན། གཟུགས་ཀྱི་སྐུ་ཡེ་ཤེས་སྒྱུ་མའི་ལུས་སུ་འབྱུང་བ་འདི་ཇི་ལྟ་བུ་ལགས། ཞེས་ཞུ་བ་ཞུས་ཏེ། དེ་ནས་བཅོམ་ལྡན་འདས་ཏིང་ངེ་འཛིན་ལས་བཞེངས་ཏེ། ཞལ་འཛུམ་པ་མཛད་ནས་ལྗགས་ཀྱི་པདྨོ་ལས་འོད་ཟེར་ལྔ་སྤྲོས་ཏེ། བྱང་ཆུབ་སེམས་དཔའ་ཆེན་པོ་ཁྱོད་ཀྱིས་དྲི་བ་གསུམ་དྲིས་པ་དེ་ལེགས་སོ།། ཡང་དག་པར་རྫོགས་པའི་སངས་རྒྱས་ལ་སྐུ་རྣམ་པར་དག་པ་ཡེ་ཤེས་སྒྱུ་མ་ལྟ་བུའི་སྐུ་འབྱུང་བ་ནི། ཡེ་ཤེས་ལྔའི་རྩལ་མ་འགགས་པར་འཆར་ཏེ། དེ་ཡང་ཤེས་རབ་འགག་པ་མེད་པ་སྟོང་པ། ཡེ་ཤེས་ཀྱི་སྙིང་པོར་གསལ་བ་དང། ཤེས་རབ་མི་གཡོ་བ་མཉམ་པ་ཉིད་དུ་གནས་པ་དང། ཤེས་རབ་རྒྱུན་མི་འཆད་པ་བྱེ་བྲག་ཐ་དད་དུ་ཤེས་པ་དང། ཤེས་རབ་ཟག་པ་མེད་པ་ལྷུན་གྱིས་གྲུབ་པ་དང། ཤེས་རབ་འགྱུར་བ་མེད་པ་རང་བཞིན་རྣམ་པར་དག་པ་དང་ལྔ་བྱ་བཙལ་མེད་པའི་བདག། སངས་རྒྱས་ཀུན་གྱི་རང་ལུས་ཡིན། ། གཅིག་པུ་རབ་ཏུ་ཆེ་བའི་ལྷ།། ནམ་མཁའ་ཉི་མའི་ཚུལ་དུ་གནས།། རྡོ་རྗེ་ལྟ་བུའི་ཏིང་འཛིན་ལ།། འདུ་འབྲལ་མེད་པར་རྟག་པར་བཞུགས།། ཞེས་བཀའ་སྩལ་པས། མགོན་པོ་སྤྱན་རས་གཟིགས་ཉིད་ཡེ་ཤེས་ཀྱི་སྣང་བར་གང་རྒྱས་ཏེ་འོད་ཟེར་ལྔ་ཕྱོགས་བཅུར་ཁྱབ་པར་ཤར་ཏོ། ། ཞེས་དྲི་བ་དྲིས་པ་གསུང་པས་མགོན་པོ་སྤྱན་རས་གཟིགས་ཀྱི་བདེན་པ་མཐོང་ངོ།། དོན་ཐུགས་སུ་ཆུད་དོ། ཞེས་ལྷ་མོ་འོད་ཟེར་ཅན་གྱི་རྒྱུད་ལས། ཆོས་ཀྱི་སྐུ་ལ་འོད་ཟེར་འབྱུང་བར་བསྟན་པའི་ལེའུ་སྟེ་དང་པོའོ།།།། དེ་ནས་བྱང་ཆུབ་སེམས་དཔའ་ཆེན་པོས་རྡོ་རྗེ་འཛིན་གྱི་མདུན་དུ་བཀའ་ནོད་པའི་ཚུལ་དུ་ཐལ་མོ་སྦྱར་ནས། ཐུགས་རྗེ་ཆེན་པོ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ངོ་བོ་དང། རང་བཞིན་ནི་དཔག་པའི་མཐའ་ལས་འདས་ན། ཐུགས་རྗེ་སྤྲུལ་པའི་སྐུ་འོད་ཟེར་དུ་སྣང་བའི་ཚུལ་དུ་བདེན་ནམ། འོན་ཏེ་སྣང་ཚུལ་དཔག་པ་ལས་འདས། དཔག་པ་ལས་འདས་ན་ཐུགས་རྗེའི་ཚུལ་དུ་བྱུང་བ་འགག་གམ་མི་འགག། དེ་བདག་གིས་མ་ཤེས་མ་འཚལ་ཏོ།། ཇི་ལྟར་ལགས་བཅོམ་ལྡན་འདས་ཀྱིས་བསྟན་དུ་གསོལ། ཅེས་དྲི་བ་དྲིས་སོ།། དེ་ནས་ཡང་བཅོམ་ལྡན་འདས་མཉམ་པའི་ཏིང་ངེ་འཛིན་ལས་བཞེངས་ནས། ཞལ་འཛུམ་པ་མཛད་ནས་བྲི་ཀུ་ཏ་གྱེན་དུ་འགྲེང་སྟེ། ལྗགས་ཀྱི་པདྨོ་ལས་འོད་ཟེར་ལྔ་སྤྲོས་ནས། བྱང་ཆུབ་སེམས་དཔའ་ཁྱོད་ཉོན་ཅིག། སྔོན་བྱུང་གི་དུས་ན། ང་མ་འོངས་པའི་སྔོན་རོལ་ན་ཐོག་མའི་སངས་རྒྱས་འོད་མི་འགྱུར། རང་བྱུང་གི་གཞལ་ཡས་ཁང་ཆེན་པོ་དང་འདུ་འབྲལ་མེད་པར་བཞུགས་པ། སྙིང་པོ་བྱང་ཆུབ་ན་བཞུགས་པ། སྙིང་པོ་བྱང་ཆུབ་ན་བཞུགས་པའི་སྐུ། འོད་ཟེར་གྱི་ཕུང་པོར་གཞི་ནས་གནས་ཏེ། འགོག་པ་མེད་ཀྱང། འོད་ཟེར་གྱི་ཕུང་པོ་དེ་ཉིད་རྟག་པ་ཡང་མ་ཡིན། མི་རྟག་པ་ཡང་མ་ཡིན། ཅི་སྟེ་འོད་ཉིད་ཆོས་ཀྱི་སྐུ་ལས་འབྱུང་བའི་ཕྱིར། ཆོས་སྐུ་དེ་ཉིད་ཡང་དག་པར་ཡོད་པ་ཡང་མ་ཡིན། མེད་པ་ཡང་མ་ཡིན་ནོ།། དེ་བཞིན་དུ་འོད་ཟེར་གྱི་ཕུང་པོ་དེ་སྣང་བ་ཡང་མ་ཡིན། མི་སྣང་བ་ཡང་མ་ཡིན་ཏེ། སྣང་བ་དང་མི་སྣང་བའི་མཐའ་ལས་འདས་པའོ།། དེ་ཅིའི་ཕྱིར་ཞེ་ན། འོད་ཟེར་དེ་ལ་རང་བཞིན་མེད་པས་ནམ་མཁའི་མཐའ་དང་མཉམ་ལ། འོད་དེ་མ་འདྲེས་ལ་ཡོངས་སུ་རྫོགས་པར་གནས་པས། དཔེར་ན་ནམ་མཁའ་དང་རི་མོའི་ཚུལ་དུ་གནས་སོ།། དེའི་ཕྱིར་བྱང་ཆུབ་ཉིད་སྙིང་པོའི་རང་བཞིན་དུ་འོད་དུ་གསལ། སྙིང་པོ་རྣམ་དག་ཡེ་ཤེས་འོད་གསལ་ཅེས་གསུངས་སོ།། དེ་ཡང་ཐུགས་རྗེ་འབྱུང་བའི་དུས་སུ་སྒོ་ཐམས་ཅད་ནས་འོད་ཟེར་ལྔ་ལྔ་འབྱུང་སྟེ། སེམས་ཅན་ལ་བསྟན་པའི་སྙིང་པོ་རེ་རེ་འབྱུང་ངོ། ། ཀྱེ་སེམས་དཔའ་ཆེན་པོ་ངས་སེམས་ཅན་གྱི་དོན་དུ་སྐུ་གསུམ་གྱི་ཐུགས་རྗེ་བསམ་གྱིས་མི་ཁྱབ་པར་བསྟན་ཀྱང། དོན་བརྗོད་པ་ལས་འདས་པའི་ཆོས་སངས་རྒྱས་མེད་པའི་ཀློང་དུ་ལ་བཟླས་ན། བསྐྱེད་རྫོགས་རྣམ་པ་གསུམ་དུ་འདུ་བྲལ་མེད་པར་མ་བསྟན་ན། སངས་རྒྱས་ཀྱང་ཐུགས་རྗེ་འབྱུང་བའི་སྒོ་འགགས་པས། དཔེར་ན་ཨུ་དུམ་བ་རའི་མེ་ཏོག་གི་ཚུལ་དུ་བསྟན་ཏོ།། སྐུ་དེ་ལྟར་བསྟན་ཀྱང་བསྡུ་བ་གཅིག་ཏུ་མ་བསྡུས་ན། ཆོས་ཐམས་ཅད་ཀྱི་མདོ་མི་འདུས་ཏེ། དེའི་ཕྱིར་རིགས་ལྔ་འབྱེད་པར་འདས། སྐུ་ལྔ་ངོ་བོ་ཉིད་ཀྱི་སྐུར་འདས། ཡུམ་ལྔ་མཁའ་འགྲོ་ཀློང་རྣམ་པར་དག་པར་འདས། ཡེ་ཤེས་ལྔ་མི་གནས་པའི་ཡེ་ཤེས་ཆེན་པོར་འདས། ཕྱི་ནང་གི་འབྱུང་བ་ལྔ་ནམ་མཁའ་ཆེན་པོར་འདས། འོད་ལྔ་རང་བྱུང་གི་འོད་ཆེན་པོར་འདས། ཟེར་ལྔ་ཐུགས་རྗེའི་རྩལ་དུ་འདས། རྒྱུད་ཐམས་ཅད་ཀུན་ཏུ་བཟང་པོ་རྩ་བའི་རྒྱུད་ཆེན་པོ་ཡི་གེ་མེད་པའི་རྒྱུད་དུ་འདས། ལུང་ཐམས་ཅད་སྙིང་པོ་བྱང་ཆུབ་སེམས་སུ་འདས། མན་ངག་ཐམས་ཅད་བྱ་བཙལ་མེད་པར་འདས། དེ་དག་ཐམས་ཅད་ཀྱང་ཆོས་ཡིན་ཏེ། ཆོས་ཐམས་ཅད་རྣམ་པར་གྲོལ་བའི་ཡེ་ཤེས་ཀྱི་ཀློང་དུ་འདས། སངས་རྒྱས་ཐམས་ཅད་སངས་རྒྱས་མེད་པའི་ཀློང་དུ་འདས་སོ།། འདས་ཞེས་བྱ་བའི་ཚིག་དེ་དག་ཐམས་ཅད་ཀྱང། ཆོས་ཀྱི་རྒྱན་དུ་སྤྲོས་པ་ཡིན་ཏེ། དེ་ཙམ་ལས་ཀྱང་འདས་ན། རིགས་ཀྱི་བུ་ཆོས་ཐམས་ཅད་ནི་ཚིག་གི་བླ་དགས་སོ།། རིགས་ཀྱི་བུ་བྱང་ཆུབ་ཀྱི་སྙིང་པོ་ལ་སྙིང་པོ་ཡོད་མེད་ཀྱི་མཐའ་ལས་འདས་སོ།། སྐུ་གསུམ་དུ་གནང་བར་བསྟན་པ་ཡང།། དངོས་པོ་མེད་པར་རང་བཞིན་གྱི་རྩལ་ཤེས་བྱ་ལ་མ་རྨོངས་པའོ། ། གང་གིས་གང་ལ་དྲིས་པ་དེ། དེ་ཡིས་དེ་ལ་དེ་བསྟན་པ།། དེ་ཡི་རྣམ་པར་གྲོལ་བའོ།། དེ་ཐོབ་དེ་མཐོང་དེ་མི་གནས།། དེ་གྲོལ་དེ་ཡི་ཐམས་ཅད་ཤེས།། དེ་མེད་པར་ཡང་དེའི་འབྱུང་ངོ། ། ཞེས་ལྷ་མོ་འོད་ཟེར་ཅན་གྱི་རྒྱུད་ལས། འོད་ཟེར་རྣམ་པར་དག་པར་བསྟན་པའི་ལེའུ་སྟེ་གཉིས་པའོ།།།། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཡང་དག་པར་རྫོགས་པའི་སངས་རྒྱས་ལ། སྒྱུ་མ་ལྟ་བུའི་སྐུ་དང་ཐུགས་རྗེའི་འོད་ཟེར་འབྱུང་བ་ལགས་ན་ཁམས་གསུམ་གྱི་སེམས་ཅན་ལ་འོད་ཟེར་ཇི་ལྟར་གནས། སྙིང་པོ་བྱང་ཆུབ་ཀྱི་སེམས་སུ་ནི་གཅིག་ན། འོད་ཟེར་མེད་ན་ཐུགས་རྗེའི་རྒྱུན་ཐག་མ་ཆད་དམ། ཡོད་ན་ཇི་ལྟར་གནས་བསྟན་དུ་གསོལ། བཤད་དུ་གསོལ། ཞེས་ཞུས་ཏེ། དེ་ནས་ཡང་བཅོམ་ལྡན་འདས་འོད་ཟེར་གྱི་ཕུང་པོ་ལྔའི་ཏིང་ངེ་འཛིན་ལས་བཞེངས་ཏེ། རིགས་ཀྱི་བུ་སྙིང་པོ་བྱང་ཆུབ་ཀྱི་སྐུ་དྲི་མ་མེད་པའི་ཡེ་ཤེས་སོ་སོ་མ་ཡིན་ཐ་མི་དད་པས། འགྲོ་བ་ཡོངས་ལ་ཁྱབ་པའི་ཕྱིར། དེ་བཞིན་གཤེགས་པ་ལལ་སྟོབས་དང་མི་འཇིགས་པ་ཇི་ལྟར་གནས་པ་དེ་བཞིན་དུ་འགྲོ་བ་ཡོངས་ལ་ཁྱབ་སྟེ། དཔེར་ན་སྐྱེས་བུའི་བྱད་རང་ལ་ཡོད་ཀྱང་མེ་ལོང་མ་བསྟན་པར་རང་གི་བཞིན་མི་མཐོང་བ་དེ་བཞིན་དུ། སྟོབས་དང་མི་འཇིགས་པ་ཡོད་ཀྱང་སེང་གེའི་བུ་མའི་མངལ་དུ་བཙས་པ་བཞིན་འདོན་མ་ནུས་ཏེ། ཡེ་ཤེས་སྣང་བའི་བག་ལ་ཞ་བས། ཐབས་མཁས་པས་བསྟན་པར་བྱའོ།། ཁྱོད་ཉོན་ཅིག། བྱང་ཆུབ་སེམས་དཔའ་དཔག་ཏུ་ཡོད་པའི་འོད་ཟེར་ལྔ་རང་ཆས་སུ་གནས་ཏེ། ཤེས་བྱའི་སྒྲིབ་པ་ཤེས་རབ་ཀྱི་དཔག་ཏུ་ཡོད་དོ།། ལྷ་རྣམས་ལ་གཞལ་དུ་ཡོད་པའི་འོད་ལྔ་རང་ཆས་སུ་གནས་ཏེ། དེ་ཡང་མོས་པའི་སྤྱོད་པའི་བསོད་ནམས་ལས་གྲུབ་པས་མངོན་དུ་སྣང་བའོ།། མི་རྣམས་ལ་མཚོན་དུ་ཡོད་པའི་འོད་ལྔ་རང་ཆས་སུ་གྲུབ་པས། དེ་ཡང་ཤེས་རབ་ཟབ་མོ་བསྟན་དཀའ་བ། ། ཟག་མེད་ཀྱི་སྙིང་པོ་བྱང་ཆུབ་སེམས།། མཚོན་གང་འོད་ཀྱི་དཀྱིལ་འཁོར།། སྙིང་པོ་བྱང་ཆུབ་སེམས་ཀྱི་སྐུ།། ཟབ་ཅིང་ཆ་ཕྲ་འགག་མེད་རང་བཞིན་གསལ།། ཞེས་འབྱུང་སྟེ། སེང་ཕྲུག་མ་དང་བྲལ་ནས་འཕྱོ་བ་ལྟར། ། བདག་དང་བྲལ་བས་ཡེ་ཤེས་དབྱིངས་ན་གསལ།། ཞེས་གསུངས་སོ།། ངན་སོང་གསུམ་ལ་རང་བྱུང་གི་ཡེ་ཤེས་ཡོད་ཀྱང་འབྱིན་མི་ནུས་ཏེ། ཤེས་པ་རང་གསལ་བ་ཙམ་མཐུན་པའི་ལམ་སྣང་སྟེ། བསོད་ནམས་ཀྱི་སྟོབས་ཆུང་བས་བདེན་པ་ལ་སྤྱོད་མ་ནུས་སོ།། ཀྱེ་སེམས་དཔའ་ཆེན་པོ་སངས་རྒྱས་ཐམས་ཅད་ལ་ཟག་མེད་ཀྱི་ཡེ་ཤེས་ནམ་མཁའ་དང་ཉི་མའི་ཚུལ་དུ་གནས་སོ།། རྟོག་པའི་མཐའ་ཤེས་རབ་རང་བཞིན་མེད་པས་ཤེས་པར་བྱའོ། ། ཐུགས་རྗེའི་བྱེ་བྲག་ཆུ་བོ་གངྒཱའི་རྒྱུན་བཞིན་མི་འཆད་པ་ཉི་མའི་ཟེར་ལྟ་བུར་ཤེས་པར་བྱའོ།། སེམས་ཅན་ལ་ཁྱབ་པའི་ཉི་མའི་འོད་བཞིན་ཁྱབ་པས་བདེ་ལྡན་ཕུན་སུམ་ཚོགས་སོ། ། ཞེས་སངས་རྒྱས་ལ་འོད་ཟེར་འབྱུང་བ་དང། སེམས་ཅན་ལ་འོད་ཟེར་འབྱུང་བ་བསྟན་པ། སྟོན་པ་རྡོ་རྗེ་སེམས་དཔས་བསྟན། ཞུ་བ་སྤྱན་རས་གཟིགས་ཀྱིས་ཞུས། སྡུད་པ་དགའ་རབ་རྡོ་རྗེས་བསྡུས་སོ། ཞེས་ལྷ་མོ་འོད་ཟེར་ཅན་གྱི་རྒྱུད་ལས། སངས་རྒྱས་ཡེ་ཤེས་ལུས་ཅན་དུ་བསྟན་པའི་ལེའུ་སྟེ་གསུམ་པའོ།།།། རྒྱ་གར་སློབ་དཔོན་བི་མ་ལ་མི་ཏྲ་དང། བོད་ཀྱི་ལོ་ཙཱ་བ་སྐ་ཅོག་གསུམ་གྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ། ལྷ་མོ་འོད་ཟེར་ཅན་གྱི་རྒྱུད་རྫོགས་སོ།།།། རྒྱ་གར་སྐད་དུ། བཛྲ་ཌཱ་ཀི་ནི་དུད་ལིཾ་མ་ཧཱ་ཏན་ཏྲ་ནཱ་མ། བོད་སྐད་དུ། རྡོ་རྗེ་མཁའ་འགྲོ་མའི་འདྲེ་རྒྱུད་ཆེན་པོ་ཞེས་བྱ་བ། དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་ཀུན་ཏུ་བཟང་པོ་དང།། དཔལ་ལྡན་རྡོ་རྗེ་སེམས་དཔའ་ཡིས།། བྱིན་རླབས་མཁའ་འགྲོར་སྐུ་སྤྲུལ་ཏེ།། མཁའ་འགྲོའི་ཚོགས་ལ་བརྡ་ཡིས་བཤད།། བརྡ་དང་དོན་རྣམས་བསྟན་པའི་དུས། ། དུར་ཁྲོད་འབར་བའི་གནས་ཆེན་དུ།། དཔལ་ལྡན་པདྨའི་སྐུ་ཅིག་སྐྱེས།། མཁའ་འགྲོ་མ་རྣམས་རབ་ཏུ་དགྱེས།། ཧེ་ཧེ་བཅོམ་ལྡན་ལོངས་སྐུའི་གཙོ།། བདག་ཅག་མཁའ་འགྲོ་འཁོར་བཅས་ལ།། ཐོག་མ་མེད་པའི་སྔོན་རོལ་ན། ། དེ་ཡི་གནས་ལུགས་ཇི་ལྟར་ལགས།། བརྡ་དང་བཅས་པ་གསུང་དུ་གསོལ།། ཅེས་ཞུས་སོ།། དེ་ནས་སྟོན་པས་བཀའ་སྩལ་པ།། སྔོན་བྱུང་གཞི་ཡི་དུས་ཉིད་ནས།། གྲོང་ཁྱེར་གསུམ་གྱི་བདག་པོ་དེ། ། ནོར་བུ་རིན་ཆེན་འབར་བ་ཡི།། ནོར་བུ་ཀུན་གྱི་འབྱུང་གནས་དེ།། ཀུན་གཞི་སྐྱེད་པའི་མ་རུ་གནས།། མཛེས་མ་རླུང་གི་རྐང་པ་ཅན།། རྐང་པ་མེད་པར་འགྲོ་ཡང་སྲིད།། དགུང་མཐའ་སླེབ་པ་ངོ་མཚར་ཆེ།། ཞེས་བརྡ་དེ་གསུངས་སོ། ། དོན་ནི་ཁམས་གསུམ་སྤྱི་ས་དེ།། ཀུན་གཞི་སྲིད་པའི་མཛོད་ཆེན་ཡིན།། སྐུ་གསུམ་འཆར་བའི་གཞི་ཡིན་ཏེ།། རླུང་གིས་སྐུ་གསུང་འགྲུབ་པར་བྱེད།། མྱུར་མགྱོགས་ཤེས་རབ་རླུང་གི་གཞི། ། དངོས་མེད་ཟང་ཐལ་ནམ་མཁའ་འདྲ།། འཁོར་བ་ཐོག་མའི་གཞི་མ་དེ།། རྣམ་པར་རྟོག་པ་མེད་པ་ལ།། རྟོག་པ་མི་སྲིད་སྲིད་པའི་ཆོས།། རང་ཤར་རྣམ་དྲུག་གཞི་ཤར་བས།། ཐམས་ཅད་རང་ཤར་ངོ་མཚར་ཆེ། ། ཞེས་གསུངས་སོ།། འདྲེ་རྒྱུད་ཆེན་པོ་ལས། ཕུན་སུམ་ཚོགས་པ་ལྔ་དང་གཞི་བསྟན་པའི་ལེའུ་སྟེ་དང་པོའོ།།།། དེ་ནས་ཟླ་བའི་འོད་ཟེར་གྱིས།། བཅོམ་ལྡན་རྡོ་རྗེ་སེམས་དཔའ་ལ།། དེ་ལ་ཤར་ལུགས་ཇི་ལྟར་ལགས། ། སྟོན་པ་ཉིད་ཀྱིས་གསུང་དུ་གསོལ།། ཅེས་ཞུས་སོ།། སྟོན་པས་བཀའ་སྩལ་པ། ཨ་ནི་ཡིག་འབྲུ་ཀུན་གྱི་མེས།། མ་ནི་ཡིག་འབྲུ་ཀུན་གྱི་ཕྱིར།། ཧ་འགྱུ་རྟེན་མེད་ཡི་གེ་དེ།། དབྱིངས་དང་ཡེ་ཤེས་རྩལ་གསུམ་གྱི། ། སྤྱི་སའི་གཞི་ལས་གྲུབ་པ་ཡི།། རླུང་གི་རྟ་པོ་བཞི་ལ་ཤར།། སྟོན་གསུམ་རྩ་བ་འདུག་གི་མི།། ཁམས་གསུམ་སྲིད་པ་གསུམ་ལ་དབང།། མྱུར་མགྱོགས་རླུང་གི་རྐང་པ་ཅན།། ཟ་འོག་མཛེས་པའི་སྒ་བསྟད་ནས། ། མཐིང་གི་མུ་ཏིག་སྲབ་མཐུར་ཤར།། འཁོར་ལོ་འབར་བའི་གློ་རྨེད་བཅུག། སྲིད་པ་གསུམ་ལ་རྒྱུག་པའི་རྟགས།། ཞེས་གསུངས་སོ།། བརྡ་དོན་བཤད་པ་བསྟན་པ་ནི།། རླུང་ལྔ་གཞི་ལ་ཡེ་ནས་གྲུབ། ། རླུང་གསུམ་རྩ་བ་དུག་གསུམ་པོ།། ཁམས་གསུམ་སྲིད་པར་བྱེད་པའི་གཞི།། ཐོགས་པ་མེད་པའི་རླུང་པོ་ཤར།། འོད་ལྔ་རང་སྣང་གསལ་བ་ལ།། མ་རིག་གཟུང་འཛིན་གཉིས་སུ་ཤར།། འགྲོ་དྲུག་རྩ་བ་དེ་ཡི་རྒྱུ། ། སྲིད་གསུམ་རྩེ་མོ་ཞེས་ཀྱང་བྱ།། ཁམས་གསུམ་རྩ་བ་ཞེས་ཀྱང་བྱ།། འགྲོ་དྲུག་མེས་ཕྱི་ཞེས་ཀྱང་བྱ།། ཀུན་གྱི་བློན་པོ་ཞེས་ཀྱང་བྱ།། སྲིད་པའི་རྒྱལ་མོ་སྡེ་བརྒྱད་མོ།། ཚོམ་བུ་ལྔ་ཡི་རྩ་བ་ཡིན།། དཀྱིལ་འཁོར་གསུམ་གྱི་བརྡ་རྟགས་ཤར། ། རང་ཤར་གསལ་བའི་མེ་ལོང་ཡིན།། རྒྱུ་ལས་རྐྱེན་ཤར་ནམ་མཁའི་འཇའ་ལྟར་ཤར།། ཅེས་གསུངས་སོ།། སྭ་ཡ་ཀཱ་ཡ་དྷརྨཱ་དྷཱ་ཏུ་བྷ། ཞེས་བརྡའི་དོན་གསུངས་སོ།། ཐིག་ལེ་འདྲེ་རྒྱུད་ཆེན་པོ་ལས། གཞི་ལས་རང་ཤར་བསྟན་པའི་ལེའུ་སྟེ་གཉིས་པའོ།།།། དེ་ནས་ཟླ་བའི་འོད་ཟེར་གྱིས།། བཅོམ་ལྡ་རྡོ་རྗེ་སེམས་དཔའ་ལ།། སྐུ་གསུམ་ཤར་ལུགས་ཇི་ལྟར་ལགས།། ཞེས་ཞུས་སོ།། སྟོན་པས་བཀའ་སྩལ་པ། སྔོན་འབྱུང་ཆེན་པོ་ཀུན་གྱི་མེས།། ཡང་རྩེ་གཞི་ལ་ལྷུན་གྱིས་གྲུབ།། ནོར་བུ་རིན་ཆེན་གཞི་ནས་འཕགས།། ནོར་བུ་རྣམས་ཀྱི་མེས་པོ་ཡིན།། ནོར་བུ་སྣ་ཚོགས་སྐྱེད་པའི་མ།། འགག་པ་མེད་པའི་ནོར་བུ་འཆང། ། བཅོམ་ལྡན་ཀུན་ཏུ་བཟང་པོ་ཡིས།། ཐོག་མ་གཞི་མོའི་དོན་ལ་མཁས།། བར་དུ་རྒྱུ་རྐྱེན་གཉིས་ལ་མཁས།། ཐ་མར་རང་ཤར་རང་གྲོལ་མཁས།། མཁས་པ་ཆེན་པོ་བཅོམ་ལྡན་འདས།། སྭ་ཡང་ཀ་རའི་དོན་རྟོགས་མཁས། ། ཆོས་སྐུ་གཞི་ནས་རང་ལ་ཤར།། སངས་རྒྱས་ཀུན་གྱི་ཡང་མེས་པོ།། ཆོས་སྐུ་ཐིག་ལེ་ཉག་གཅིག་ཡིན།། དྷརྨ་ཀཱ་ཡ་ཏི་ལ་ཨེ་ཀའི་དོན།། བྱིན་རླབས་སྟོན་པ་རྡོ་རྗེ་སེམས་དཔའ་འང། ། ལོངས་སྤྱོད་རྫོགས་སྐུ་ཀུན་གྱི་མེས།། སྤྲུལ་སྐུ་ཟླ་བའི་འོད་ཟེར་ཁྱེད།། འགྲོ་བའི་དོན་ལ་ཞུ་ཚུལ་སྟོན།། བརྡ་ཡི་དོན་རྣམས་ང་ཡིས་བཤད།། ཅེས་གསུངས་སོ།། ཐིག་ལེ་འདྲེ་རྒྱུད་ཆེན་པོ་ལས། སྐུ་གསུང་ཤར་ལུགས་བསྟན་པའི་ལེའུ་སྟེ་གསུམ་པའོ།།།། དེ་ནས་ཟླ་བའི་འོད་ཟེར་གྱིས།། དཔལ་ལྡན་རྡོ་རྗེ་སེམས་དཔའ་ལ།། འགྲོ་དྲུག་སྲིད་པ་ཇི་ལྟར་ཆགས།། ཕྱི་ནང་སྣོད་བཅུད་ཇི་ལྟར་འཁྲུལ།། ཅེས་ཞུས་པ། སྟོན་པས་བཀའ་སྩལ་པ།། སྭ་ཡང་ཀ་རའི་དོན་མ་རྟོགས།། ཧ་ལི་ནག་མོ་ལྷ་མོ་ལྔ་ལ་བཞུགས།། རྒྱུ་རྐྱེན་འདུས་པས་འགྲོ་དྲུག་འཁྲུལ།། དུག་ལྔ་ཁོང་ཁྲོ་དག་ནི་རྒྱུ།། རང་སྣང་འོད་ལྔ་རང་གདངས་རྐྱེན། ། གཉིས་འཛིན་མ་འགག་འབྲས་བུ་ཡིན།། དུག་ལྔ་ཤུགས་ལ་ཤར་བ་ཡིས།། འབྲས་བུ་འགྲོ་བ་རིས་དྲུག་འཁྱམས།། དུག་ལྔ་འབྱུང་བ་ལྔ་ཡི་མེས།། རང་སྣང་རང་ལ་གསལ་བ་འབྱུང་ལྔའི་ཕྱི་མོ་ཡིན།། གླིང་བཞི་གླིང་ཕྲན་འཁྲུལ་པ་ཡིན་པ་ངོ་མཚར་ཆེ། ། འཁྲུལ་པའི་འབྲས་བུ་ཕྱི་ནང་གཉིས་སུ་ཤར།། རང་ཤར་འཁྲུལ་པས་འཁོར་བ་ཡིན།། མི་འཁོར་མི་སྲིད་ཤར་བ་སྲིད་པས་ལན།། ཕྱི་ནང་གཉིས་ལ་ལྟོས་ནས་སྐལ་པའོ།

CLOSE WINDOW