Wylie |
། གཞན་དུ་བསྟན་ན་སྨིན་པར་འགྱུར།། རྫོགས་སོ།།།། རྒྱ་གར་སྐད་དུ།། སན་དྷི་མ་ཧཱ་ཙིཏྟ་ས་མཱ་དྷི་ཨུ་པ་དེ་ཤ་ཏན་ཏྲ། བོད་སྐད་དུ། རྫོགས་པ་ཆེན་པོ་སྙིང་ཁྲིད་མན་ངག་གི་རྒྱུད། ། མེད་བཅོམ་སྟོང་ལྡན་ཡོད་འདས་འགྱུར་བ་མེད་པའི་ངང་ལ་ཕྱག་འཚལ་ལོ།། འདི་སྐད་བ་དག་གིས་ཐོས་པའི་དུས་གཅིག་ན།། ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང།། མཐའ་དང་དབུས་མེད་པའི་གཞལ་ཡས་ཁང་ན། ། སྟོང་པ་ཀུན་ཏུ་བཟང་པོ་ལ། དཔལ་རྡོ་རྗེ་སེམས་དཔའ་ཞུས་པ། ཀྱེ་སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་ལགས།། རང་བཞིན་གནས་ལུགས་ཇི་ལྟར་ལགས།། ཞེས་ཞུས་པས། སྟོན་པ་ཀུན་ཏུ་བཟང་པོས་བཀའ་སྩལ་པ། ། གཞི་ནས་མ་བཅོས་མ་བསླད་པ།། ངེས་ཕྱིར་ངེས་པར་ཕྱག་བཙལ་ནས།། འཁོར་བ་འཇུག་ལྡོག་གདམས་ངག་བཤད་པར་བྱ།། གཞི་ནས་མ་བཅོས་མ་བཅིངས་པར་གྲོལ།། གཞི་གནས་གྲོལ་དང་འཁྲུལ་ཚུལ་དང། ། དེ་ཡི་གདམས་ངག་བདག་གིས་དགྲོལ།། རང་བཞིན་དག་པས་རྒྱ་མ་ཆད།། བག་ཆགས་མ་བསགས་ལུས་མ་བླངས།། རྟོགས་ལྡན་མཁས་པས་མ་བཞག་སྟེ།། གཡོ་བ་མེད་པའི་རང་བཞིན་གྱིས། ། གཞི་ནས་འདུལ་ཚུལ་གཉིས་ཡིན་ཏེ།། གཞན་དགག་རང་གཞུང་སྒྲུབ་ཚུལ་གཉིས།། གཞི་མ་གྲུབ་དང་མ་གྲུབ་དང།། ངོ་བོ་གཅིག་ལ་ཚུལ་གྱི་ཐ་དད་དམ།། གཉིས་ཀའི་རང་བཞིན་དོར་བ་ཉིད་དུ་བསྟན། ། རང་གཞུང་གྲུབ་པའི་གཞི་དག་ནི།། རྒྱ་ཞེས་མནན་དང་བྲེ་ཁ་བཅད།། དཔེ་ཡིས་ངེས་པར་མཚོན་པ་ཡིན།། རང་བཞིན་འོད་ཀྱི་འདུག་ཚུལ་ནི།། རྒྱ་མ་ཆད་དེ་ཕྱོགས་མ་ལྷུང།། མཐར་མ་རེད་དེ་འགྱུར་བ་མེད། ། རང་བཞིན་ནམ་མཁའ་དག་པ་ལྟར།། སངས་རྒྱས་སེམས་ཅན་མཉམ་པར་གནས།། ཞེས་གསུངས་སོ།། ཡང་རྡོ་རྗེ་སེམས་དཔས་ཞུས་པ།། འཁྲུལ་པའི་འཁྲུལ་ཚུལ་ཇི་ལྟར་ལགས།། ཀུན་ཏུ་བཟང་པོས་བཀའ་སྩལ་པ། ། ལྷན་ཅིག་སྐྱེས་དང་ཀུན་ཏུ་བཏགས།། འགྱུར་བ་མེད་ལས་ཡིད་ཙམ་འགྱུས།། གཡོ་བ་མེད་ལས་ཡིད་ཙམ་གཡོས།། འགྲོ་བ་རིགས་དྲུག་རྟག་ཏུ་འཁོར།། འཁོར་བར་འཇུག་པ་ལྔ་འཁྲུལ་ལས།། སྣང་བཞི་འོད་དང་འདེགས་པའི་ལུས། ། གཅོད་པའི་ལུས་དང་དངོས་པའི་ལུས།། ཤ་ཁྲག་འཁྲུལ་པའི་ལུས་སུ་བྱུང།། འཁོར་བར་འཇུག་པའི་འཁྲུལ་འཁོར་ཡིན།། འདེགས་པ་ཡིད་ཀྱི་རླུང་དག་ནི།། གཡོ་བ་མེད་ལས་ཡིད་ཙམ་གཡོས། ། འགྱུ་བ་མེད་ལས་ཡིད་ཙམ་འགྱུས།། གཅོད་པ་ཡིད་ཀྱི་ལུས་དག་ནི།། ཀུན་ཏུ་ཚོལ་བའི་ཡིད་དག་དང།། གཏན་ལ་ཕེབས་པའི་ཡིད་དག་ནི།། ངེས་པར་འཇོག་པའི་ཡིད་དང་གསུམ།། གསུམ་གྱིས་འཁྲུལ་པ་ཕྲ་རགས་བསྐྱེད། ། ཡུལ་ནི་ཅི་ཡིན་དག་ཏུ་འདུག། ཤེས་པ་ཅི་ཡིན་དག་ཏུ་སྐྱེས།། ཤེས་པ་ཅི་ཡིན་དེ་དག་ལ།། ཡུལ་ནི་ཅི་ཡིན་དག་གི་བསྒྲིབས།། ཕྲ་བ་དག་གི་འཛིན་པ་སྐྱེས།། ཀུན་ཏུ་ཚོལ་བའི་ཡིད་ཅེས་བྱ། ། ཡུལ་ནི་ཡིད་མེད་དག་ཏུ་འདུག། ཤེས་པ་ཡིན་མིན་དག་ཏུ་སྐྱེས།། ཡུལ་ནི་ཡིན་མིན་གཉིས་ཀྱིས་བསྒྲིབས།། གཏན་ལ་འབེབས་པའི་ཡིད་ཅེས་བྱ།། ཡུལ་ནི་ཡིན་ངེས་དག་ཏུ་འདུག། ཤེས་པ་ཡིན་ངེས་དེ་དག་ལ། ། ཡུལ་ནི་ཡིན་ངས་དག་གིས་སྒྲིབས།། ངེས་པ་འཇོག་པའི་ཡིད་ཅེས་བྱ།། འཁྲུལ་པ་ཤིན་ཏུ་རགས་པར་བསྐྱེད།། འཁྲུལ་པ་བག་ཆགས་ལུས་དག་སྟེ།། དེ་དག་ཡེ་གྲོལ་ཡིན་མོད་ཀྱང།། གཞི་ལ་ཞེན་པར་བྱས་ཏེ་བཞག། དེ་ལས་འཁྲུལ་པ་ཤ་ཁྲག་ལུས།། འགྲོ་བ་རིག་དྲུག་རྟག་ཏུ་འཁོར།། ལྷ་དང་དམྱལ་བ་ཡི་དྭགས་དང།། བྱོལ་སོང་མི་དང་ལྷ་མིན་དྲུག། རྟག་ཏུ་འཁོར་བར་གནས་པ་ཡིན།། སོ་སོ་སྐྱེ་བོ་མི་ཤེས་པ། ། ཐོས་པ་གསུམ་པོ་སྤངས་པའི་ཕྱིར།། སྐུ་གསུམ་ལས་ནི་རང་དུ་འགྱུར།། སྐྱེ་བོ་ཞེན་རྟོག་ཐུག་མེད་རྩོལ།། གང་འཐད་ཞེན་མེད་གདམས་ངག་བསྟན།། མུ་སྟེགས་མཐའ་འཛིན་བཅིངས་པ་ལ།། མཐའ་མེད་པའི་གདམས་ངག་བསྟན། ། ཉན་ཐོས་གཟུང་འཛིན་དག་གིས་བཅིངས།། གཉིས་མེད་པ་ཡི་གདམས་ངག་བསྟན།། ང་རྒྱལ་རྟེན་འབྲེལ་འཛིན་པས་བཅིངས།། འཛིན་པ་གཅོད་པའི་གདམས་ངག་བསྟན།། སེམས་ཙམ་དངོས་པོའི་འཛིན་པས་བཅིངས། ། དབྱིངས་སུ་བབ་པའི་གདམས་ངག་བསྟན།། དབུ་མ་བདེན་པ་རེ་འཇོག་པས།། དབྱེར་མེད་ཟུང་འཇུག་གདམས་ངག་བསྟན།། ཀྲི་ཡ་དག་པའི་ཆོས་ཉིད་ཀྱིས།། རང་ཉིད་བཅིངས་ནས་གནས་པ་ལ། ། གཞི་ཅིག་པ་ཡིས་གདམས་ངག་བསྟན།། ཨུ་པ་ཡ་ནི་ཐ་དད་པ།། ལྟ་སྤྱོད་ཡ་གལ་བདུད་ཀྱིས་བཅིངས།། ལྟ་སྤྱོད་ཟུང་འབྲེལ་གདམས་ངག་བསྟན།། ཡོ་ག་བྱིན་བརླབས་ཆོ་འཕྲུལ་གྱིས།། རང་ཉིད་བཅིངས་ནས་གནས་པ་ལ། ། རང་ཉིད་བྱིན་བརླབས་ངོ་བོ་ལ།། རང་ལ་ཡོད་པའི་དངོས་གྲུབ་བསྟན།། མ་ཧཱ་ཏིང་འཛིན་རིམ་པས་འཇུག། གོང་འོག་རྩོལ་བས་བཅིངས་པ་ལ།། བཟང་ངན་མེད་པའི་གདམས་ངག་བསྟན། ། ཨ་ནུ་སྐད་ཅིག་ལྷར་གསལ་རྩོལ།། རིག་པ་རྟེན་མེད་ཡུལ་མེད་བསྟན།། གནས་སྐབས་གདམས་ངག་གྲང་ཐད་ལ།། གཟེར་ལྔ་ལྔ་ཡི་གདམས་ངག་བསྟན།། རྒྱ་ཞོ་མནན་དང་བྲེ་ཁ་བཅད།། རྒྱ་མ་ཆད་དེ་ཕྱོགས་མ་ལྷུང། ། འགྲོ་དྲུག་སྣང་བ་རང་གི་སེམས།། རང་སེམས་སངས་རྒྱས་ཡིན་པར་བཤད།། གྲོལ་མཐར་འཁོར་ལྡོག་བསྟན་པ་ལ།། རང་བཞིན་གནས་དང་ཏིང་འཛིན་དང།། རྨི་ལམ་སྐྱེ་ཤིའི་བར་དོ་དང།། སྲིད་པ་བར་དོ་ཐོག་མཐའ་བཅད། ། གནས་པའི་བར་དོའི་མཚན་ཉིད་ནི།། ངོ་བོ་འགྱུར་མེད་སྟོང་པ་སྟེ།། རང་རྒྱུད་འཛིན་པའི་ཞེན་པ་གྲོལ།། རྒྱུ་དང་རྐྱེན་གྱིས་མ་བསྐྱེད་པ།། རང་བྱུང་བས་ན་རག་མ་ལུས།། ཕྱའམ་དབང་ཕྱུག་བྱེད་པ་མེད། ། གཞན་ལ་སྐྱེས་ནས་རྟེན་ཡོད་མིན།། རང་སྣང་རིས་མེད་ཡེ་ཤེས་ཀྱིས།། སྟོང་པ་སྐུར་འདེབས་ཞེན་ལས་གྲོལ།། ཕྱི་རོལ་ཡུལ་གྱི་སྣང་བ་དང།། རྣམ་རྟོག་བློ་ཡི་སྣང་བ་དང།། ཡེ་ཤེས་རང་སྣང་འཛིན་མེད་གསུམ། ། དབྱེར་མེད་བདེ་ཆེན་ཟུང་འཇུག་གོ། བདེན་བརྫུན་རེས་འཇོག་ཞེན་པ་གྲོལ།། དུས་ལ་སྔ་ཕྱི་མེད་པ་དང།། འདུག་ས་ཐ་དད་མེད་པ་དང།། ངོ་བོ་བཟང་ངན་མེད་པ་ཡིས། ། གཉིས་མེད་དག་ཏུ་ངོ་སྤྲོད་དོ།། དེ་ལྟར་འདུག་ཚུལ་གོལ་བ་ནི།། ཡོན་ཏན་རྣམ་གཞི་རང་ལ་འབྱུང།། འབྱུང་རྒྱུ་མེད་པའི་འབྱུང་བའོ།། ཏིང་འཛིན་བར་དོ་ལྔ་ཞེན་བཅད།། ཕྱིན་ཅི་མ་ལོག་པར་མ་ཆད།། ཡུན་རིངས་དག་ཏུ་གནས་པ་ནི། ། སྔར་ཞེན་བག་ཆགས་བཅད་པ་དེ།། གདམས་ངག་དག་གིས་གཟེར་ཆེན་ཡིན།། རྒོད་པ་མ་ཡིན་བྱིང་བ་མེད།། རེ་ཕ་མ་ཡིན་དོགས་མ་ཡིན།། རྟག་པ་མ་ཡིན་ཆད་པ་མིན།། འཇམས་པ་མ་ཡིན་ཐེ་ཚོམ་མེད། ། ལྟོ་འཁོར་མ་ཡིན་ཉིང་འབྲུར་མེད།། ཤེས་པ་རེ་མཚོར་ཤོར་བ་དང།། ཤེས་པ་ཉིད་འབྲུར་ཤོར་བ་དང།། སྔར་ཞེན་མ་ཡིན་འཁྲུལ་རྟོག་མེད།། བྱུང་ཚོར་མ་ཡིན་བྱིང་རྨུག་མེད།། རིག་པ་ཡུལ་དུ་མི་བྱེད་ཅིང། ། ཏིང་འཛིན་རོ་ལ་མི་ཆགས་ན།། མི་རྟོག་རང་ངོ་ཡིན་པར་བཤད།། བར་མ་ཆད་དུ་ཡུན་རིངས་སུ།། རྟག་ཏུ་རྟེན་མེད་གནས་པར་བྱ།། བྱུང་ན་རིག་པ་རྗེས་མེད་གང།། མི་འགེགས་མི་སྒྲུབ་རྩོལ་བ་མེད། ། གནད་ཀྱི་གདམས་ངག་ཡིན་པར་བཤད།། རྨི་ལམ་བར་དོ་གཅིག་ཏུ་བསྲེ།། གདམས་ངག་གིས་ནི་བསྲེ་བ་དང།། སྤྱོད་ལམ་ཁམས་ཀྱི་ཚོད་དང་སྦྱར།། འདྲེ་ན་བག་ཆགས་འདྲ་འདྲེ་དང།། གཉེན་པོ་སྟོབས་སུ་འགྱུར་བ་དང། ། བག་ཆགས་དག་ལ་མི་གནས་ན།། གཉིད་ཀྱི་གདམས་ངག་འབྱོངས་པ་ཡིན།། ཡེ་ཤེས་གཅིག་ཏུ་འདྲེས་པ་སྟེ།། དེ་ལ་བདུད་ཀྱི་ཚུགས་མ་ཡིན།། གཉིད་ཀྱི་གདམས་ངག་འབྱོངས་བའོ།། གོམས་པར་གྱུར་པ་དག་ཡིན་ན། ། རྐྱེན་གཞན་དག་ཀྱང་དགོས་མི་སྲིད།། མ་སྒོམས་བརྟན་པར་མ་གྱུར་ན།། འགུ་རུ་དག་དང་འབྲེལ་བ་ཡིན།། གསལ་བཏང་རྐྱེན་གྱིས་སྔར་སོར་ཚུད།། རིག་པ་ཟང་ཐལ་སྐྱོན་མ་གོས།། སྔར་ཞེན་བག་ཆགས་ཆོད་པ་དང། ། བློ་བུར་འཁྲུལ་རྟོག་ཆོད་པ་ཡི།། ཡེ་ཤེས་སྐྱོན་མེད་རང་གྲོལ་ལོ།། ཕུང་པོ་ཤེས་པ་དག་དང་བྲལ།། དཔེར་ན་མུན་ཁུང་སྒྲོན་མེད་ལྟར།། ཡེ་ཤེས་ཕྱོགས་འཛིན་རྟོག་པ་བྲལ།། ཐམས་ཅད་མཁྱེན་པའི་སངས་རྒྱས་ནི། ། རང་དུ་མི་རྟོག་གཞན་མི་རྟོག། མི་རྟོག་ཆོས་སྐུར་གནས་པའོ།། སྐུ་གསུམ་སྟོན་པའི་སངས་རྒྱས་ཀྱང།། བྱིན་བརླབས་ངོ་བོ་ཚིག་བསྡེབས་ནས།། གང་དང་གང་གིས་འདུལ་བ་ལ།། གང་དང་གང་འཐད་སྟོན་པ་ནི། ། གཞན་དོན་ལོངས་སྐུ་སྤྲུལ་སྐུ་ཡིན།། ཤེས་པས་བསྒྲིབས་པ་གཅོད་པ་དང།། རྣམ་པར་སྣང་མཛད་ལོང་སྐུ་ཡིས།། སྒྲ་དང་ཚིག་ཏུ་མ་བསྡེབས་ཏེ།། རང་གི་ངོ་བོས་བསྟན་པའོ།། འགྲོ་བ་དྲུག་དང་ཆ་བསྟུན་པར། ། གང་ལ་གང་འཐད་གདམས་ངག་སྟོན།། ལྷ་སྐད་ཀླུ་སྐད་གནོད་སྦྱིན་སྐད།། གྲུལ་བུམ་སྐད་དང་མི་ཡི་སྐད་རྣམས་དང།། འགྲོ་བ་ཀུན་གྱི་སྐད་རྣམས་ཇི་ཙམ་པར།། ཐམས་ཅད་སྐད་དུ་བདག་གི་ཆོས། ། ཚིག་དང་ཡི་གེར་སྡེབས་ནས་སྟོན།། ལྷ་རྣམས་འདུན་པ་བསྐྱེད་པའི་ཕྱིར།། པི་ཝང་ཆེན་པོ་རབ་ཏུ་བསྣམས།། འཐབ་རྩོད་སྡུག་བསྔལ་ཞི་བའི་ཕྱིར།། མཚོན་ཆ་གོ་ཆ་རབ་ཏུ་བསྣམས། ། མི་རྣམས་དད་པ་བསྐྱེད་པའི་ཕྱིར།། དགེ་སློང་གསེག་ཤང་པར་བུ་བསྣམས།། མ་རིག་མུན་པ་བསལ་བའི་ཕྱིར།། ཆོས་ཀྱི་པོ་ཏི་རབ་ཏུ་བ་སྣམས།། བཀྲེས་སྐོམ་སྡུག་བསྔལ་ཞི་བྱའི་ཕྱིར།། རིན་ཆེན་སྒྲོམ་བུ་ཕྱག་ན་བསྣམས། ། ཚ་གྲང་སྡུག་བསྔལ་ཞི་བྱའི་ཕྱིར།། མེ་ཆུའི་བསིལ་དྲོ་ཕྱག་ན་བསྣམས།། གང་འཐད་ཐེག་པ་དེ་ལ་བསྟན།། རྫོགས་པ་ཆེན་པོ་སྙིང་ཁྲིད་མན་ངག་གི་རྒྱུད།། སློབ་དཔོན་དགའ་རབ་རྡོ་རྗེས་ཡི་གེར་བཀོད་པ་རྫོགས་སོ། ། །། རིན་པོ་ཆེ་གསེར་གྱི་རྒྱ་མདུད་ཅེས་བྱ་བ། རང་བཞིན་ལྷུན་གྱིས་གྲུབ་པའི་སྐུ། དབྱིངས་ཀྱི་ཀུན་ཏུ་བཟང་པོ་སངས་རྒྱས་འོད་དཔག་ཏུ་མེད་པ་ལ་ཕྱག་འཚལ་ལོ།། དཔལ་རྡོ་རྗེ་སེམས་དཔའ་ཞེས་བྱ་བ། ། ངག་དང་ཐུགས་དང་བྲལ་ཆ་རླུང།། ཡུལ་ནི་མ་བྲིས་དཀྱིལ་འཁོར་ལ་རྟེན་ནས།། འཇིག་རྟེན་ཞེས་བྱའི་ཏིང་འཛིན་ནི།། མཁྱེན་པས་ཤེས་པ་རྒྱུ་རྐྱེན་མཚུངས།། རྒྱུ་རྐྱེན་འབྲས་བུ་འཇིག་པས་ན།། དག་པ་འཇིག་རྟེན་ཞེས་སུ་བཤད། ། དཔེར་ན་འབྱུང་བཞིས་བསྐྱེད་པ་ཡིས།། དངོས་སུ་ས་གཞི་འདི་དང་འདྲ།། མ་དག་འགྲོ་བ་དྲུག་འཁོར་བས།། མ་དག་འཁྲུལ་ཞེས་དེ་ལ་བྱ།། ཡང་དག་གཉིས་པོ་དག་ལས་གྲོལ།། ཡང་དག་ཅེས་ཀྱི་དེ་ལ་བྱ། ། ཐིག་ལེ་ཁ་སྦྱོར་མ་བཤད་ན།། འབྲས་བུ་མེད་པའི་སྐྱོན་དུ་འགྱུར།། ཟེར་གྱི་ཐིག་ལེ་མ་བཤད་ན།། བྱིན་རླབས་མེད་པའི་སྐྱོན་དུ་འགྱུར།། རྩལ་གྱི་ཐིག་ལེ་མ་བཤད་ན།། ཡེ་ཤེས་འགག་པའི་སྐྱོན་དུ་འགྱུར། ། ཟེར་དང་རྩལ་དུ་མ་བཤད་ན།། ཡེ་ཤེས་ཐུགས་རྗེ་རྒྱུན་ཆད་འགྱུར།། དབྱེར་མེད་རང་གྲོལ་མ་བཤད་ན།། ཕྱིས་ཀྱང་འཁོར་བའི་སྐྱོན་དུ་འགྱུར།། དཔེ་ཡང་པ་འདྲའི་ས་བོན་འདྲ།། ཞེས་གསུངས་སོ། ། ཐིག་ལེ་གསང་བ་ཡང་གཏེར་གྱི་རྒྱུད་ལས། རྩལ་གྱི་ཐིག་ལེ་བསྟན་པའི་ལེའུ་སྟེ་དགུ་པའོ།།།། ཡང་བཀའ་སྩལ་པ། ཉམས་ལེན་གདམས་པ་བསྟན་དུ་གསོལ།། ཞེས་ཞུས་པས། བཀའ་སྩལ་པ། ཉམས་ཀྱི་མན་ངག་བསྟན་པ་ནི།། ཟུང་གསུམ་ཡ་དྲུག་གདམས་པ་ནི།། གཉིད་དང་འཆི་ཀ་ཟུང་དུ་བསྟན།། རྨི་ལམ་བར་དོ་ཟུང་དུ་བསྟན།། ཡེ་ཤེས་དངོས་དང་འཁྲུལ་པ་གཉིས།། ཟུང་གསུམ་ཡ་དྲུག་ཅེས་སུ་བསྟན། ། ཕར་ལྟ་ཚུར་ལྟ་ཤེས་པར་གྱིས།། གཉིད་དང་དུས་མཉམ་ཤེས་ཙམ་ན།། བར་དོ་གདོན་མི་ཟ་སྟེ་དབང་པོ་ཡིན།། ཐིག་ལེ་སྣང་བ་བསྟན་པར་བྱ།། ཞེས་གསུངས་སོ།། ཕྱི་བར་དོ།། ནང་བར་དོ།། གསང་བ་བར་དོ། འཁྲུལ་བའི་གཉིད།། ལུང་མ་བསྟན་གྱི་གཉིད།། ཡེ་ཤེས་ཆེན་པོའི་གཉིད།། ཡེ་ཤེས་ལ་ཡེ་ཤེས་རོལ་པའི་གདམས་ངག། རིག་པར་རང་སར་གྲོལ་བའི་གདམས་ངག། འཁྲུལ་པ་རང་གྲོལ་རྨི་ལམ་གྱི་སྣང་བའོ། ། དཔེར་ན་ཉིན་མོ་དྲག་ཏུ་སྤྱད་པ་ལམ་དང་འདྲའོ།། ཆོས་སྐུ་ལོངས་སྐུ་སྤྲུལ་པའི་སྐུ།། ཤེས་རབ་ཀྱི་སྤྱན།། ཐབས་ཀྱི་སྤྱན། ཡེ་ཤེས་ཀྱི་སྤྱན། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས།། མེ་ལོང་ལྟ་བུའི་ཡེ་ཤེས། ཀུན་རྟོག་ཡེ་ཤེས།། ཕྱིའི་ཤེས་རབ། ནང་གི་ཤེས་རབ། གསང་བའི་ཤེས་རབ་དང་གསུམ་མོ།། དེ་ཡང་ཡ་དྲུག་ཟུང་གསུམ་དག་ལ་འདུས་པར་བཤད་པ་ཤིན་ཏུ་གཅེས་པས་ན།། ཡ་དྲུག་ཟུང་གསུམ་དག་གི་ཉམས་ཀྱི་སྐྱེ་ཚུལ་བསྟན། ། ཅེས་མཁའ་འགྲོ་མས་གསུངས་སོ།། ཐིག་ལེ་གསང་བ་ཡང་གཏེར་གྱི་རྒྱུད་ལས། ལྷུག་པ་ཉམས་ཀྱི་གདམས་ངག་བསྟན་པའི་ལེའུ་སྟེ་བཅུ་པའོ།།།། དེ་དག་མདོར་བསྡུས་བསྟན་པར་ཞུ།། ཞེས་ཞུས་པས། བཀའ་སྩལ་པ། སྔར་གྱི་ཐིག་ལེ་གསལ་བ་དེ།། གཉིད་ལོག་པ་ཡི་དུས་ཉིད་དུ།། གཉིད་ལས་གྲོང་ཁྱེར་བཀག་ནས་ནི།། སེང་གེ་ལྟ་བུའི་ཉལ་ཐབས་ཀྱིས།། མཛུབ་མོ་གནད་དུ་བཙུགས་ནས་ཀྱང། ། སེང་གེ་རྣམ་པར་རྩེ་བའི་ཕྱག་རྒྱ་ཞེས་སུ་བསྟན་པ་ཡིན།། རྨི་ལམ་རྣམ་པ་གསུམ་ཡིན་ཏེ།། དྲན་པ་ལྔ་པའི་རྨི་ལམ་དང།། དེ་ཉིད་ཡེ་ཤེས་སྣང་བ་དང།། འཁྲུལ་པ་ཆོ་འཕྲུལ་སྣང་བའོ།། དེ་ཉིད་ལོག་པའི་དུས་སུ་ཡང། ། དྲན་པ་རྒྱ་ཆེན་བསྟན་པ་ནམ་མཁའ་འདྲ།། གསལ་བ་གངས་ལ་ཉི་ཤར་འདྲ།། ཟབ་པ་རྒྱུན་མི་འཆད་པ་རྒྱ་མཚོ་དྭངས་པ་འདྲ།། ཤེས་པ་ཡུལ་དུ་བཏང་ནས་ནི།། དྲན་པ་སྨེར་རྩེ་བཞག་ཙམ་ན།། འཚེག་དང་སེམས་དང་འདར་བ་འབྱུང། ། གཉིད་མི་འོང་བའི་རྟགས་ཡིན་པས།། སྙིང་ཁར་ཏིལ་ཆེན་བསྐུམ་མཉེ་བྱ།། དེས་ཀྱང་ཁུགས་པར་མ་གྱུར་ན།། མཐིལ་བཞི་གཙུག་དང་ལྔ་རུ་བྱའོ།། དེ་ནི་ལོག་ནོན་ཅེས་སུ་བཤད། ། དེ་ནས་ཡང་ནི་གོང་དང་འདྲ་བར་སྤྱོད་ལམ་བྱ།། དེ་ནས་གཉིད་ནི་ངེས་པར་འབྱུང།། རིག་པའི་འཕོ་བ་ཤེས་པར་བྱ།། རིག་པ་འཕོས་པའི་དུས་སུ་ནི།། སྲོག་དབུས་ལུས་སེམས་བཅས་པ་ཉིད།། བཟང་པོའི་ཁྲི་ལ་ཉལ་བ་དེ། ། སྤྲུལ་པའི་སྐུ་ཡི་སྣང་བ་ཡིན།། རིག་པའི་ངོས་གསལ་ལམ་དུ་འགྲོ་བ་དེ།། ལོངས་སྐུ་སྒྱུ་མའི་སྣང་བ་ཡིན།། འོད་གསལ་ངང་ལས་ཡེ་ཤེས་གསལ།། ཆོས་སྐུའི་སྣང་བ་ཡིན་པར་ངེས།། དོན་ཐག་གཅིག་ཏུ་གཅོད་པས་ན། ། རིག་པ་འོད་གསལ་ལྟ་བ་དེ།། སྤྲུལ་སྐུ་དངོས་སུ་ཤར་བ་ཡིན།། འོད་ལ་བལྟས་པས་ཤར་བ་དེ།། ལོངས་སྐུ་དངོས་སུ་ཤར་བ་ཡིན།། ངང་དུ་ཡེ་ཤེས་ཤར་བ་དེ།། ཆོས་སྐུ་དངོས་སུ་ཤར་བ་ཡིན། ། གཉིས་སྣང་མེད་པའི་ཡེ་ཤེས་དེ།། ཐིག་ལེ་ཀློང་ནས་རྡོལ་བ་ཡིན།། སྤྲུལ་སྐུ་དངོས་སུ་ཤར་ཙམ་ན།། སྤྱོད་པའི་སྒོང་རྒྱ་བྲལ་བ་ཡིན།། འོད་གསལ་དངོས་སུ་ཤར་ཙམ་ན།། སྒོམ་པའི་སྒོང་རྒྱ་སྲོལ་བ་ཡིན། ། ཆོས་སྐུ་དངོས་སུ་ཤར་ཙམ་ན།། ལྟ་བའི་སྒོང་རྒྱ་སྲོལ་བ་ཡིན།། ཐིག་ལེ་དངོས་སུ་ཤར་ཙམ་ན།། འབྲས་བུའི་སྒོང་རྒྱ་སྲོལ་བ་ཡིན།། ཡང་ན་གདམས་པ་འདི་ལ་ལྟོས།། སེམས་ལ་ལྟས་པས་རྙེད་པ་དཀའ། ། ཞེས་གསུངས་སོ།། རྡོ་རྗེ་མཁའ་འགྲོ་མ་ཟླ་བ་འོད་ཟེར་ཅན་གྱིས་དེ་སྐད་ཅེས་བཀའ་སྩལ་ནས། རྡོ་རྗེ་མཁའ་འགྲོ་མ་ནམ་མཁའི་གློག་མ་སྤྲིན་གྱི་གམ་དུ། གནམ་སྟོང་གི་ཉིན་མོ་ཟླ་བ་ཉའི་ཟེར་ལ་ཆིབས་ནས། རྡོ་རྗེ་མཁའ་འགྲོ་མ་གློག་འགྱུའི་གམ་དུ་གཤེགས་སོ།། རྡོ་རྗེ་མཁའ་འགྲོ་མ་དྲི་མ་མེད་རྗེས་སུ་ཡི་རང་ངོ།། ཐིག་ལེ་གསང་བ་ཡང་གཏེར་གྱི་རྒྱུད་ལས། གདམས་པ་བསྟན་པའི་ལེའུ་སྟེ་བཅུ་གཅིག་པའོ། །།། ཐིག་ལེ་གསང་བ་ཡང་གཏེར་གྱི་རྒྱུད།། སྤྲོས་པ་སྤྱོད་པ་ཞེས་བྱ་བ་རྫོགས་སོ།།།། རྒྱ་གར་སྐད་དུ། གུ་ཧྱ་བྷིན་དྷུ་ཏནྟྲ། བོད་སྐད་དུ། གསང་བ་ཡང་གཏེར་གྱི་རྒྱུད། དཔལ་ཀུན་ཏུ་བཟག་པོ་ལ་ཕྱག་འཚལ་ལོ།། བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔས་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་དུ། འཕགས་པའི་འོད་ཟེར་རབ་ཏུ་འཕྲོ་བ་ཞེས་བྱ་བ་དང། བདུད་འདུལ་བའི་དུས་ན། ཡིད་མ་ལ་ཡའི་བསྟན་པ་ལ་གནས་སོ།། དེའི་ཚེ་དེའི་དུས་ན་འཕགས་པ་འོད་ཟེར་རབ་ཏུ་འཕྲོ་བས།། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ལགས། བྷ་ག་བན་ཀུན་ཏུ་བཟང་པོའི་དགོངས་པ་དང། ཁམས་གསུམ་གྱི་མ་ནུ་འདི་རྒྱུ་ཅི་ལས་འཁྲུལ་ཅིང་ཇི་ལྟ་བུ་ལགས། གསང་བ་ཆེན་པོས་བདག་ལ་བསྟན་དུ་གསོལ། ཅེས་ཞུས་པས། རྡོ་རྗེ་སེམས་དཔའ་ཆོས་ཀྱི་དབྱིངས་ཀྱི་ངང་ལས་རྣལ་ལོ། ། དེ་ལས་བཞེངས་ནས་འདི་སྐད་ཅེས་བཀའ་སྩལ་ཏོ།། ཉོན་ཅིག་ལེགས་པར་ཡིད་ལ་ཟུང་ཞིག། ཅེས་བཀའ་སྩལ་ལོ།། སྤྱི་དང་འཁྲུལ་པ་ལམ་དང་ནི།། གོལ་བ་གནས་ལུགས་ངོ་སྤྲོད་དང། ། འབྲས་བུ་མཐར་ཕྱིན་ངས་བསྟན་ཏོ།། ཞེས་གསུངས་སོ།། གསང་བ་ཡང་གཏེར་གྱི་རྒྱུད་ལས། གླེང་གཞིའི་ལེའུ་སྟེ་དང་པོའོ།།།། དེ་ནས་ཡང་འཕགས་པ་འོད་ཟེར་རབ་ཏུ་འཕྲོ་བས། རྡོ་རྗེ་སེམས་དཔའ་ལ་ཞུས་པ། སྤྱི་ས་ཆེན་པོ་ནི་གང་ལགས། ཞེས་ཞུས་པས། ཡང་བཀའ་སྩལ་པ། ཀྱེ་ཀྱེ་ཉོན་ཅིག་སྤྱི་ས་ཞེས་བྱ་བ་ནི། ངས་ཁྱོད་ལ་བསྟན་པར་བྱ་ཡིས།། ཐོག་མ་སངས་རྒྱས་སེམས་ཅན་མིང་ཡང་མེད། ། སངས་རྒྱས་རྣམ་པར་རྟོག་ལས་བྱུང་བའི་ཕྱིར།། རྣམ་པར་རྟོག་པ་རང་དུ་ཡང་མ་འཁྲུལ་ཏེ།། དེའི་ཚེ་དེའི་དུས་ན། ཆོས་ཀྱི་དབྱིངས་ཞེས་བྱའོ།། སངས་རྒྱས་ཀྱི་གཞི་ཞེས་བྱའོ།། སེམས་ཅན་སངས་རྒྱས་ཀྱི་འབྱུང་གནས་ཞེས་བྱའོ། ། འཁྲུལ་པའི་གཞི་ཞེས་ཀྱང་བྱའོ།། ཐམས་ཅད་བསྐྱེད་པའི་མ་ཞེས་ཀྱང་བྱའོ།། ཀུན་གྱི་གཞི་ཞེས་བྱའོ།། སེམས་ཅན་འཁྲུལ་པའི་ཕྱི་མོ་ཞེས་བྱའོ།། འགྲོ་དྲུག་མེད་དོ།། འབྱུང་བ་ལྔ་མེད་དོ། ། དུག་ལྔ་མེད་དོ།། སྒོ་ལྔ་མེད་དོ།། ཆགས་སྡང་བཅུར་མེད་དོ།། ཕུང་པོ་ལྔར་མེད་དོ།། ལམ་མེད་དོ།། ཉོན་མོངས་པ་མེད་དོ།། སྒྲིབ་པ་མེད་དོ།། སྦྱངས་པ་མེད་དོ།། ཉོན་མོངས་པ་མེད་དོ།། བྱང་བ་མེད་དོ། ། སངས་རྒྱས་མེད་དོ།། ཆོས་མེད་དོ།། དགེ་འདུན་མེད་དོ།། དགྲ་མེད་དོ།། བརྡ་མེད་དོ།། ཡི་གེ་མེད་དོ།། འོད་མེད་དོ།། སྐུ་ལྔ་མེད་དོ།། ཡེ་ཤེས་ལྔ་མེད་དོ།། སྤྱན་ལྔ་མེད་དོ།། མངོན་ཤེས་ལྔ་མེད་དོ།། རིགས་ལྔ་མེད་དོ། ། ཡུམ་ལྔ་མེད་དོ།། འདྲེ་མེད་དོ།། ལྷ་མེད་དོ།། ཐོབ་པ་མེད་དོ།། མ་ཐོབ་པ་མེད་དོ།། རྟོགས་པ་མེད་དོ།། མ་རྟོགས་པ་མེད་དོ།། ཉི་མ་ཟླ་བ་མེད་དོ།། དེ་ནི་སངས་རྒྱས་བྱུང་ཡང་དེ་ལས་མེད་དོ།། དེས་ནམ་འཁྲུལ་པ་ཞེས་བྱའོ། ། མ་ནི་གཞི་མ་དེ་རང་བཞིན་ནོ།། ལྷུན་གྱི་གྲུབ་བོ།། དཔེ་ག་བུར་དང་འདྲའོ།། རྒྱ་མ་ཆད་དོ།། ལྷུན་གྱིས་གྲུབ་བ།། ཀུན་ཏུ་འཆར་རོ།། མཐའ་གང་ལ་ཡང་མི་གནས་སོ།། ཞེས་གསུངས་སོ། ། གསང་བ་ཡང་གཏེར་གྱི་རྒྱུད་ལས། གཞི་གཏན་ལ་དབབ་པའི་ལེའུ་སྟེ་གཉིས་པའོ།།།། དེ་ནས་ཡང་འཕགས་པ་འོད་ཟེར་རབ་ཏུ་འཕྲོ་བས། དེ་ལྟ་བུ་གང་ཡང་མ་མཆིས་ན། ཁམས་གསུམ་མ་ནུ་བུདྷ་ཇི་ལྟར་ལགས། ཞེས་ཞུས་པས། དཔེར་ན་རིན་པོ་ཆེ་འཆང་བའི་མི་དེ་ལ། གཡུ་དང་གསེར་དང་རིན་པོ་ཆེ་སྣ་ལྔ་མེད་དོ།། རིན་པོ་ཆེ་དེ་ལས་ཐམས་ཅད་འབྱུང་ངོ།། དེ་བཞིན་དུ་གཞི་སྤྱི་ས་ནས་ཐམས་ཅད་དུ་འཁྲུལ་ལོ། ། དེ་ཇི་ལྟར་འཁྲུལ། ཞེས་ཞུས་པས། གཞི་དེ་ལ་སྒོ་རྣམ་པ་ལྔ་ཡོད་དེ། ལྷུན་གྲུབ་འགག་མེད་ཀྱི་སྒོ་དཔེར་ན་ག་པུར་དང་འདྲའོ།། ཐམས་ཅད་འབྱུང་བ་ནོར་བུ་རིན་པོ་ཆེ་དང་འདྲའོ། ། རྣོན་པོའི་སྒོ་མེ་ཤེལ་དང་འདྲའོ།། རྟུལ་པོའི་སྒོ་ཆུ་ཤེལ་དང་འདྲའོ།། མ་ནིང་གི་སྒོ་གླང་ཆེན་གར་ཆང་མྱོང་བ་དང་འདྲའོ།། ཞེས་གསུངས་སོ།། སྒོ་ལྔ་ནི་ཡེ་ཤེ་འཆར་བའི་སྒོ་ཡང་ཡིན།། མ་རིག་པ་སྐྱེ་བའི་སྒོ་ཡང་ཡིན། རླུང་ལྔར་འབྱུང་བའི་སྒོ་ལྔ་ཡིན། ཡུལ་དུ་བྱུང་བའི་སྒོ་ལྔ་ཡིན། ཕོ་མོ་གཉིས་སུ་བྱུང་བའི་སྒོ་ཡང་ཡིན་ནོ།། མ་ནིང་དུ་འབྱུང་བའི་སྒོ་ཡང་ཡིན་ནོ།། དཔེར་ན་ག་པུར་དེ་སྨན་དུག་ཁ་ཟས་གསུམ་དུ་བྱུང་བ་ཡང།
CLOSE WINDOW