Wylie |
།།། རྒྱ་གར་སྐད་དུ། པན་ཙ་པི་ཏ་ག་རྦྷ་སཱུ་ཏྲ་ཏན་ཏྲ་ནཱ་མ། བོད་སྐད་དུ། མདོ་ལྔ་སྙིང་པོ་ཞེས་བྱ་བའི་རྒྱུད། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་བདེ་བ་ཆེན་པོའི་ཀློང་ལ་ཕྱག་འཚལ་ལོ། ། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན།། བཅོམ་ལྡན་འདས་སེམས་ཀྱི་གཞལ་ཡས་ཁང་ན་བཞུགས་ཏེ། ཉིད་ཀྱི་རང་བཞིན་ལ་གསལ་བར་ལྟ་བ་ལ། རྡོ་རྗེ་འཆང་བའི་འཁོར་དག་འདི་ལྟ་སྟེ། རྣལ་འབྱོར་ཆེན་པོ་རྡོ་རྗེ་སེམས་དཔའ་ཞེས་བྱ་བའི་འཁོར་དང།། རྣལ་འབྱོར་ཆེན་པོ་རྡོ་རྗེ་འབྱུང་བ་ཞེས་བྱ་བའི་འཁོར་དང།། རྣལ་འབྱོར་ཆེན་པོ་རྡོ་རྗེ་སྡུད་པ་ཞེས་བྱ་བའི་འཁོར་དང། ། རྣལ་འབྱོར་ཆེན་པོ་རྡོ་རྗེ་ནམ་མཁའི་དོན་ལ་དམིགས་པ་ཞེས་བྱ་བའི་འཁོར་དང་ཐམས་ཅད་གཅིག་གོ། དེ་ནས་ཡང་བཅོམ་ལྡན་འདས་རྒྱུད་ཐམས་ཅད་ཀྱི་དོན་བསྡུས་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། རྒྱུད་ཐམས་ཅད་ཀྱི་རྒྱལ་པོའི་དོན་བསྡུས་པའི་དོན་རྣམ་པར་དགྲོལ་བའི་ཏིང་ངེ་འཛིན་ལ་དགོངས་པ་མཛད། ཡང་དེའི་ཚེ་རྣལ་འབྱོར་ཆེན་པོ་རྡོ་རྗེ་སེམས་དཔའ་ཡང་སེམས་ཀྱི་རང་བཞིན་གྱི་དོན་གསལ་བར་བྱེད་པའི་རྒྱུད་ཕུན་སུམ་ཚོགས་པ་ཞེས་བྱའི་ཏིང་ངེ་འཛིན་ལ་སྙོམས་པར་བཞུགས་ནས། སེམས་ཀྱི་དོན་གསལ་བར་བྱེད་པའི་རྒྱུ་ཕུན་སུམ་ཚོགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་དགྲོལ་བར་མཛད་པར་དམིགས་ཏེ་བྱིན་གྱིས་བརླབས་ཆེན་པོས་ཉིད་ཀྱིས་རང་བཞིན་དུ་སྣང་བར་མཛད་ནས། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ལ་ཅང་མི་གླེང་བར་བརྡར་གསལ་བར་མཛད་པ་རྣམ་པ་གསུམ་མོ། ། མདོ་ལྔ་སྙིང་པོ་ཞེས་བྱ་བའི་རྒྱུད་ལས། གླེང་གཞི་ལེའུ་སྟེ་དང་པོའོ།།།། དེ་ནས་དེ་ཉིད་དགོངས་པ་མངོན་དུ་མཛད་དེ། དང་པོར་རྒྱུ་ལ་སྦྱོར་བའི་དོན་ཆེན་པོ་འདི་གསུངས་སོ།། རྒྱུ་ཡི་རང་བཞིན་རྒྱུ་དང་ལྡན། ། འབྲས་བུ་ཐབས་སུ་རྣམ་པར་གནས།། འབྲེལ་པའི་རང་བཞིན་དེ་ལས་འབྱུང།། དེ་རྒྱུ་གསུམ་དུ་རྣམ་པར་གནས།། ཅི་ཡང་མི་སྨྲ་གླེང་དང་བྲལ།། གླེང་སློང་བ་ཡི་དམ་པ་ཡིན།། སྦྱོར་བ་གཉིས་གསུམ་རྐྱེན་དུ་བཤད། ། འདུ་བྱེད་རྐྱེན་གྱི་འབྲས་བུ་འདྲ།། ཞེས་གསུངས་སོ།། དེ་ནས་ཡང་རྣལ་འབྱོར་ཆེན་པོ་རྡོ་རྗེ་སེམས་དཔས་འདི་སྐད་ཅེས་གསོལ་ཏེ།། མ་སྐྱེས་ལྷུན་གྲུབ་སྐྱེ་དང་བྲལ།། ཅི་ཡང་མེད་ཅིང་བརྗོད་མེད་ལ།། སྐྱེ་དང་བསྐྱེད་པ་ལྟ་བུ་དང། ། གླེང་དང་གླེང་བར་སྦྱོར་བ་གང།། གླེང་གཞིའི་རྒྱུ་ལ་དབྱེ་བ་དུ།། གླེང་བ་སླར་བ་ལ་རྣམ་པ་དུ།། ཞེས་གསོལ་བ་དང།། དེ་ནས་སྟོན་པ་ཀུན་ཏུ་བཟང་པོས་འདི་སྐད་ཅེས་བཀའ་སྩལ་ཏོ། ། ཆོས་རྣམས་མ་བརྗོད་བརྗོད་དང་བྲལ།། དེ་དོན་སྒྱུ་མ་ལྷུན་གྲུབ་ལ།། རྣམ་པའི་དབྱེ་བ་གསལ་བྲལ་ཡང།། འབྲེལ་པའི་ཚུལ་གྱིས་ཐབས་སུ་བཤད།། ཐམས་ཅད་མ་ལུས་རྒྱུན་རྒྱལ་གྱིས།། སྙིང་པོའི་དོན་ལ་སྡུ་བ་བཤད། ། བསྟན་པ་སྤྱི་དང་ཐུན་མོང་དང།། དགོས་པའི་དོན་དུ་བསྟན་པ་སྤྱི།། དོན་གཉིས་སུ་ཡང་དག་བསྟན།། བརྗོད་དོན་སྒྲ་ཡི་རྒྱུ་ལ་སྦྱོར།། གཡོ་དང་བསྐྱོད་དང་འདུན་པ་དང།། ཅང་མི་གསུང་བ་སྦྱོར་བ་སྟེ། ། གླེང་སློང་བ་ཡི་སྦྱོར་བར་བཤད།། སྐྱེ་མེད་སྒྱུ་མ་རང་སྣང་ལ།། གླེང་གཞི་སྦྱོར་བས་བསྡུས་པ་སྟེ།། སྟོན་པ་དུས་དང་གནས་དང་འཁོར།། རང་བཞིན་འབྲེལ་བའི་དོན་དང་ལྡན།། གླེང་གཞིའི་སྦྱོར་བ་ཡེ་ནས་གསལ། ། དགོས་པའི་དོན་དུ་བསྡུས་པ་ཡིན།། འོག་མིན་བདེ་ཀློང་གནས་ཀྱི་མཆོག། གཞལ་ཡས་ཁང་དུ་བསྟན་པ་ནི།། དུས་རྣམས་ཀུན་ནས་འདུས་འགྱུར་ཡང།། ཡངས་པར་གྱུར་པ་ཆོས་ཀྱི་དབྱིངས།། རྒྱུད་རྣམས་ཀུན་ལ་སྦྱོར་བ་ནི། ། སྟོན་པའི་མཆོག་ཏུ་རབ་བསྔགས་ཏེ།། དྲི་མ་དག་པས་ཀུན་ཏུ་བཟང།། མི་འགྱུར་རྡོ་རྗེ་གཉིས་མེད་དོན།། རྟོགས་པ་གསལ་བ་རྡོ་རྗེ་སེམས།། རྡོ་རྗེ་འབྱུང་བ་གཙོ་འཁོར་བཅས། ། འཁོར་དུ་བཤད་པས་རྡོ་རྗེ་སེམས།། ཆོས་ཀྱི་དོན་ལ་རབ་སྦྱར་བ།། བཞི་པ་དོན་ལ་རབ་སྦྱར་ཞིང།། འབྲས་བུ་ཆེ་བར་ཡང་དག་བཅས།། སྤྱོད་པ་དག་པ་རབ་བསྟན་པ།། གཉིས་ཀྱི་སྦྱོར་བས་མངོན་སངས་རྒྱས། ། བསྟན་པའི་དོན་ལ་རབ་སྦྱར་བའོ།། མདོ་ལྔ་སྙིང་པོ་ཞེས་བྱ་བའི་རྒྱུད་ལས།། ཕུན་སུམ་ཚོགས་མདོ་དོན་བསྟན་པའི་ལེའུ་སྟེ་གཉིས་པའོ།། དེ་ནས་རྣལ་འབྱོར་ཆེན་པོ་རྡོ་རྗེ་སེམས་དཔས།། སྟོན་པ་ཀུན་ཏུ་བཟང་པོ་ལ་འདི་སྐད་ཅེས་གསོལ་ཏོ། ། རྒྱུད་རྒྱལ་མ་ལུས་བསྡུས་པའི་དོན།། གསང་བའི་དོན་དུ་ཇི་ལྟར་བཤད།། གསང་བའི་དོན་ལ་དབྱེ་བ་དུ།། གང་གིས་གང་ལ་ཇི་ལྟར་གསང།། ཞེས་གསོལ་བ་དང། སྟོན་པ་ཀུན་ཏུ་བཟང་པོས་འདི་སྐད་ཅེས་བཀའ་སྩལ་ཏོ། ། གང་གིས་དེ་ལ་རྩོལ་བཅས་པ།། དེ་དོན་ཐམས་ཅད་བྲལ་བ་ལ།། གསང་བ་ཞེས་སུ་བསྟན་པ་ཡིན།། དང་པོ་གཉིས་པ་གཞི་པ་བརྒྱད།། དབྱེ་བའི་འཇུག་པ་ཞེས་སུ་བཤད། ། དང་པོ་ཅིག་ལ་གཉིས་པ་ཚིག། དེ་དོན་བཅུ་དང་བརྒྱད་དུ་བསྟན།། རྒྱུད་ལ་འབྱོར་བ་རྩོལ་སྒྲུབ་བཅས།། དག་པ་སྦྱང་ཞིང་རྩོལ་བ་སྒྲུབ།། དེ་དོན་རྣམ་པར་གསལ་བྱ་བ།། ཡེ་ནས་དག་པའི་རང་བཞིན་པས། ། སྦྱང་དང་བྲལ་ཞིང་རྩོལ་བ་མེད།། རྩོལ་བ་ཀ་ནས་དག་པ་ལམ།། མི་དམིགས་ལམ་ཆེན་ཀུན་སྒྲལ་བའོ།། དེ་ལྟར་དེ་ནི་ཀུན་གྱི་ལམ།། ཤེས་བྱ་ཀུན་ལ་མ་འདྲེས་གསལ།། དུས་གཅིག་ཅོད་པས་རིག་པ་འཆར། ། མཚན་མའི་རྟོགས་པ་མ་ལུས་ཉིད།། རྣམ་དག་ངོ་བོ་ཉིད་དུ་ཤར།། རྣམ་རྟོག་ཉིད་ལས་ཡེ་ཤེས་འབྱུང།། སྦྱང་དུ་མེད་ཅིང་བགྲོད་དང་བྲལ།། བཞི་པའི་དང་པོ་བརྒྱད་པ་གཉིས།། ཡེ་ཤེས་ལྷ་ལ་དམིགས་པ་གསལ། ། རིག་པའི་སྟོབས་ཀྱི་རྣམ་པར་གོམས།། ཕྱི་ནང་གཉིས་ལ་མཉམ་པ་ཉིད།། གང་དག་མེད་པ་གང་གསལ་བ།། འདུ་བྱེད་བྱིས་པའི་སྤྱོད་པ་འདྲ།། ཡེ་ནས་མཉམ་པས་དྲི་མ་མེད།། བལྟས་པའི་སྟོབས་ཀྱིས་བཀྲམ་པ་ཡང། ། རང་བཞིན་དོན་ལ་མཉམ་པར་གནས།། དབེན་ཆད་འཛབ་ལ་ཞུགས་པ་དང།། འཕྲིན་ལས་བཞི་ལ་རྟེན་བཅས་ནས།། བསྒོམ་དང་འཕྲིན་ལས་དོན་ལ་བརྩོན།། ཡེ་ནས་དག་པས་བྱ་བ་མེད།། རྣམ་པར་དག་པའི་ལམ་དུ་བཤད། ། མི་རྟོག་བགེགས་དང་བྲལ་བ་ལ།། གསུང་དང་བྲལ་བས་མཉམ་པར་གནས།། དེ་ནི་སྔགས་ཀྱི་ཚིག་ཏུ་བཤད།། བཞི་པའི་གཉིས་པ་བརྒྱད་པ་བཞི།། བྱིན་རླབས་རྣམ་པར་གསལ་བྱ་སྟེ། ། གཉིས་དང་གཉིས་སུ་སྦྱོར་བ་དང།། འཕྲོ་དང་གནས་དང་བསྐྱེདཔ་དང།། སྐུ་ནི་སྤྲུལ་པ་ཕྱོགས་བཅུར་འགྱེད།། ཡེ་ཤེས་འོད་དུ་རྣམ་པར་ཞུ།། ཡུལ་དང་ཡུལ་ཅན་སྦྱོར་མེད་ཅིང།། ཐ་དད་གཉིས་མེད་སྦྱོར་བས་བཤད། ། འདུ་འབྲལ་མེད་པའི་སྦྱོར་བ་ཡི།། ཐབས་ཀྱིས་གར་ཐབས་རབ་བསྐྱོད་པས།། གཉིས་མེད་སྦྱོར་བ་ཕུལ་བ་ཡིན།། སྙིང་པོ་རང་བཞིན་ཀུན་ཏུ་གསལ།། ཡེ་ཤེས་ལྷ་ཡི་སྤྱོད་ཡུལ་ལ།། རྣམ་དག་སྒྲིབ་བྱང་མངོན་སངས་རྒྱས། ། ཐམས་ཅད་སེམས་ཀྱི་རང་བཞིན་ལ།། ཡང་དག་དངོས་པོ་ཀུན་ཆུབ་པས།། རྣམ་དག་ལམ་ཆེན་སྒྲོལ་བར་བཤད།། བཞི་པའི་གསུམ་པ་བརྒྱད་པའི་དྲུག། ཐམས་ཅད་སེམས་ཀྱི་རང་བཞིན་ལ། ། ཕྱི་ཡི་རྩོལ་བ་ཕྱི་ཡི་དོན།། བདེ་བའི་ཡེ་ཤེས་རོ་དང་ལྡན།། ནང་གི་གསང་བར་རབ་ཏུ་བསྔགས།། སྤྲོས་དང་བྲལ་བའི་ཡེ་ཤེས་ནི།། རྫོགས་པ་དག་ཏུ་རབ་ཏུ་བསྔགས།། ཐམས་ཅད་རང་སྣང་མ་འགགས་ཤར། ། ཕྱི་ནང་མེད་པར་ཤར་བ་ནི།། ཕྱི་ནང་གཉིས་ཀ་ཕྱི་ཉིད་ནང།། ཟབ་པའི་ཆ་ཤས་ཡུལ་དང་བྲལ།། རང་བཞིན་རྣམ་དག་དབྱིངས་སུ་འདུ།། དག་པའི་རང་བཞིན་འབྲས་བུ་སྟེ།། རྫོགས་པའི་རང་བཞིན་འབྲས་བུར་ཤར། ། གང་ཡང་མ་ཡིན་འགྱུར་བ་མེད།། ལྷག་མ་མེད་པས་རྫོགས་པར་བཤད།། བཞི་པའི་བཞི་པ་བརྒྱད་པའི་བརྒྱད།། རྒྱུད་རྣམས་ཀུན་གྱིས་བསྡུས་པ་ཡིས།། གསང་བའི་དོན་དུ་བསྡུས་པ་བཤད།། མདོ་ལྔ་སྙིང་པོའི་རྒྱུད་ལས། ། ཐམས་ཅད་གསང་བའི་ཡེ་ཤེས་སུ་བསྟན་པའི་ལེའུ་སྟེ་གསུམ་པའོ།།།། དེ་ནས་རྣལ་འབྱོར་ཆེན་པོ་རྡོ་རྗེ་སེམས་དཔའ་དེས།། སྟོན་པ་ཀུན་ཏུ་བཟང་པོ་ལ་འདི་སྐད་ཅེས་གསོལ་ཏོ། ། དངོས་རྣམས་རབ་ཏུ་སྦྱར་བ་ནི།། རྒྱུ་ལས་རྟག་ཏུ་གྲོལ་བ་སྟེ།། འོད་ཀྱི་གོང་བུ་ལྟ་བུ་ལ།། ཉི་མའི་འོད་ཟེར་ལྟ་བུ་དག། གོལ་སྒྲིབ་གཏན་ནས་དག་པ་ལ།། བསྟན་པའི་སྙིང་པོ་རྒྱུད་རྒྱལ་བཤད།། དེ་དོན་རྣམ་པར་གསལ་བའི་ཕྱིར། ། གོལ་སྒྲིབ་གསལ་པ་བསྟན་པ་དང།། དེ་དོན་རྣམ་པར་གསལ་བ་ཞུ།། ཞེས་གསོལ་པ་དང།། སྟོན་པ་ཀུན་ཏུ་བཟང་པོས་འདི་སྐད་ཅེས་བཀའ་སྩལ་ཏོ།། དངོས་རྣམས་རབ་ཏུ་སྦྱར་བ་ནི། ། རྒྱུད་ཀྱི་དོན་ལ་འཇུག་པའི་ཕྱིར།། གོལ་སྒྲིབ་དབྱེ་བའི་དོན་གསལ་བྱ།། རང་སེམས་རྣམ་པར་དག་པ་ལ།། གོལ་ས་སྒྲིབ་པ་ཡེ་ནས་དག། རྟག་པའི་འབྲས་བུ་ཡེ་ནས་མེད།། ཐམས་ཅད་འོད་གསལ་ལྷུན་གྱིས་གྲུབ། ། རྒྱུ་ནས་འཇུག་པའི་སྦྱོར་བ་ལ།། བརྟགས་པའི་འབྲས་བུ་སྨིན་པ་སྟེ།། ཞེན་པའི་དོན་གྱིས་རྣམ་པར་བཅིངས།། ཐ་དད་ཡུལ་ལ་དམིགས་བཅས་ཤིང།། རྒྱུ་དང་འབྲས་བུར་རྣམ་པར་རྟོག། ལྟ་བའི་ཡུལ་ལ་རྣམ་པར་ཞེན། ། དགེ་སྡིག་གཉིས་ཀ་རྣམ་པར་སེལ།། འཇིག་རྟེན་འདི་ལས་འབྱུང་ངོ་ཞེས།། སྤྱོད་པའི་ཚུལ་དུ་རྣམ་པར་གཞག། དཀོན་པའི་ཡུལ་ལས་རྣམ་པར་རོལ།། ཆོས་རྣམས་དག་པའི་རྒྱུ་ཅན་ལ།། བྱང་ཆུབ་ཡན་ལག་ལམ་དུ་བསམ། ། ཆུ་ཟླ་དང་འདྲ་གསལ་རྙོག་མེད།། མ་གོས་པདྨ་ལྟ་བུ་ལ།། ཆགས་པའི་ཡུལ་ལས་རྣམ་པར་འདས།། ལམ་གཉིས་རྣམ་པར་བསམ་བྱས་པས།། དཀྱིལ་འཁོར་ཞི་བའི་ཆ་ལུགས་དང།། ཁྲོ་ཚུལ་དབང་པོའི་ཆ་ལུགས་འདྲ། ། རང་གིས་རང་གིས་རང་བཅིངས་ཁ་བལ་བཞིན།། དེ་ལ་བརྟེན་པའི་བདེ་བ་ཡང།། དེ་བཞིན་དེ་དང་འདྲ་བར་བཤད།། ཨ་ཡི་དོན་ལ་ཡང་དག་སྦྱར།། དེ་དོན་པདྨ་ལྟ་བུ་སྟེ། ། རྒྱུ་དང་འབྲས་བུ་རྣམ་པར་གསལ།། ལྟ་བ་དང་ནི་དམ་ཚིག་དང།། ལས་དང་ཕྲ་བ་ཡེ་ཤེས་སོགས།། འབྱུང་བ་ལྔ་ཡི་རང་བཞིན་དག། ཕུང་པོ་ལྔ་ཉིད་རིགས་ལྔའི་གཙོ།། ཡེ་ནས་དག་པ་མངོན་སངས་རྒྱས། ། དབྱིངས་དང་ཡེ་ཤེས་གསལ་མཐར་ཕྱིན།། བསྐྱེད་པ་དགུ་ལ་རག་མ་ལས།། འབྲས་བུའི་ཚུལ་དུ་མངོན་སངས་རྒྱས།། ཡུལ་ལས་སྐྱེ་བའི་ཡེ་ཤེས་ནི།། དེ་ལ་སྒྲིབ་པས་རྣམ་པར་དག། འདི་ལ་སྐྱེ་དང་ཕྱི་ནང་འབྱུང། ། ཁྱད་པར་གོང་དུ་གསོལ་བ་ནི།། ཚད་པའི་ལམ་གྱིས་བགྲོད་བྱས་ན།། ཚངས་པའི་ལམ་དུ་རྣམ་པར་གནས།། མི་རྟོག་དོན་གྱིས་སྦྱངས་པ་ཡང།། མ་བསམ་ཆད་ལྟ་སྐྱོན་དུ་འགྱུར།། གང་གིས་མེད་ལ་གང་ཞེན་པ། ། མེད་པ་ཉིད་ཀྱི་ཐ་དད་མེད།། དེ་ལ་དེ་མེད་དེ་དག་སྣང།། གང་དག་གང་ལ་མི་འཛིན་པ།། ཐ་དད་ཞེན་པའི་རྩོལ་བ་མེད།། མི་རྩོལ་ཞེན་མེད་གཏན་ལ་འབེབས།། ཐམས་ཅད་སེམས་ཕྱིར་དེ་དངོས་འགྲུབ། ། ལྷུན་གྲུབ་མ་སྐྱེས་རང་སྣང་གསལ།། གང་གིས་གང་ལ་ངོ་བོ་དང།། རྒྱུ་མཚན་དབྱེ་བ་ཐ་དད་པ།། རྣམ་གྲངས་ཁྱད་པར་དགོངས་པས་བསྡུས།། རྒྱུད་རྒྱལ་སྙིང་པོ་མ་ལུས་པའི།། བསྡུས་པའི་ཚུལ་དུ་གསང་བའི་སྔགས། ། མདོ་ལྔ་སྙིང་པོའི་རྒྱུད་ལས།། གོལ་སྒྲིབ་རྣམ་པར་དབྱེ་བའི་ལེའུ་སྟེ་བཞི་པའོ།། དེ་ནས་ཡང་སྟོན་པ་ཀུན་ཏུ་བཟང་པོ་ལ།། རྣལ་འབྱོར་ཆེན་པོ་རྡོ་རྗེ་སེམས་དཔས་འདི་སྐད་ཅེས་གསོལ་ཏོ།། དེ་དོན་དེ་ཡི་རང་བཞིན་ནི། ། མི་འགྱུར་དབྱེར་མེད་དབྱེ་བ་དག། སྙིང་པོའི་དོན་ལ་འཇུག་པའི་ཕྱིར།། དེ་དོན་གསལ་བ་བསྟན་པར་ཞུ།། ཞེས་གསོལ་བ་དང།། སྟོན་པ་ཀུན་ཏུ་བཟང་པོས་འདི་སྐད་ཅེས་བཀའ་སྩལ་ཏོ།། ཆ་ཤས་གསེས་པའི་ཡུལ་དང་བྲལ། ། མཚན་མར་མི་འགྱུར་ནམ་མཁའ་འདྲ།། ཐ་དད་མེད་ཅིང་དབྱེ་དང་བྲལ།། དེ་ལ་སྐབས་ཀྱིས་དབྱེ་བ་དང།། འགྱུར་མེད་རྩོགས་ཚུལ་རྣམ་པ་ཀུན།། ཆོས་ཚུལ་མི་བཟད་ནམ་མཁའ་བཞིན། ། ཡེ་ནས་མ་སྐྱེས་དམིགས་པ་མེད།། རྫོགས་པ་ཆེན་པོའི་རྒྱའོ།། ཡེ་ནས་བཙལ་མེད་ལྷུན་གྱིས་གྲུབ།། རྒྱུ་ཡི་དོན་དང་མངོན་སངས་རྒྱས།། གང་གིས་གང་ལ་ཐ་དད་མེད།། གཉིས་པ་མེད་པའི་ཆེ་བའོ།། ངོ་བོ་ཉིད་ཀྱིས་སྒྲིབ་པ་དག། འོད་གསལ་ལྷུན་གྲུབ་བཙལ་དང་བྲལ།། ཡེ་ནས་རྒྱུད་ལས་མ་སྐྱེས་པ།། བརྗོད་དུ་མེད་ཅིང་ཐོས་དང་བྲལ།། འོད་ཀྱི་སྟོབས་ཀྱི་རྣམ་པར་གསལ།། ཐམས་ཅད་ཀུན་ཏུ་བཟང་པོའི་བརྒྱན། ། རང་བཞིན་ཅི་ཡང་མ་ཡིན་པས།། མི་བཙལ་བྱ་བའི་ཡུལ་ལས་འདས།། ཐམས་ཅད་ཡེ་ནས་མངོན་སངས་རྒྱས།། ཐོབ་མེད་རེ་སྨོན་ཡུལ་ལས་འདས།། རྒྱུ་རྐྱེན་གཞན་ལ་མི་ལྟོས་ཤིང།། རིག་པའི་ཡེ་ཤེས་ངང་ནས་འཆར། ། ཐམས་ཅད་མ་སྐྱེས་རྣམ་པར་དག། གཉིས་མེད་འབྲེལ་བའི་འཕྲིན་ལས་ཆད།། གང་གིས་གང་ལ་གང་དོན་མཛད།། སྒྱུ་མའི་དོན་ལ་བདེ་ཆགས་མེད།། ཡེ་ནས་མི་བསལ་རྟོག་དང་བྲལ། ནམ་མཁའ་ལྟ་བུར་ཅིང་མི་གསལ།། ཆོས་ཉིད་ཡེ་ནས་བཏང་སྙོམས་པས།། གཞན་དུ་མི་རོ་སྨོན་དང་བྲལ།། ཡེ་ནས་དག་པས་རྐྱེན་དང་བྲལ།། དེ་ཉིད་དེའི་རང་བཞིན་པས།། མཉམ་ཉིད་རླུང་ལས་རང་དབང་བསྒྱུར། ། ཀུན་ཏུ་བཟང་པོའི་རོལ་པས་ཁྱབ།། འགྲོ་བ་ཀུན་ལ་རང་བཞིན་གནས།། ཐུགས་རྗེ་འདྲེལ་པས་བདེ་བ་ལེན།། དེ་དོན་དེ་ལ་མཉམ་པར་གནས།། བདེ་བ་ཆེན་པོ་ཐོབ་པར་འགྱུར།། ཆོས་ཉིད་ཡེ་ནས་རྣམ་དག་པས། ། གང་ལྟར་གནས་ཀྱང་བདེ་བའི་གནས།། གང་ལ་མི་རྟོག་ཅིར་མི་འཛིན།། དེ་ཡང་འཛིན་པ་ཆགས་དང་བྲལ།། ཡེ་ནས་དག་པས་བཙལ་དང་བྲལ།། ཕྱོགས་ཀྱི་མུན་པ་རྣམ་པར་དག། གང་དུ་མ་ཡིན་རང་ལུགས་ཀྱིས། ། ཚོགས་དང་དཀྱིལ་འཁོར་རྫོགས་པར་བསྟན།། སྣོད་བཅུད་མ་ལུས་ཕྱི་ནང་ཀུན།། ཀུན་བཟང་ངང་དུ་ལྷུན་གྱིས་གྲུབ།། རྣམ་རྟོག་དྲི་མ་བློ་བུར་བ།། མི་གསུང་སྔགས་སུ་མཉམ་པར་བཞག། ཡེ་ནས་རང་བཞིན་རྣམ་དག་ཀྱང། ། བདག་དང་བཅས་པས་རྣམ་པར་བཅིངས།། སྐྱེ་མེད་རྫོགས་ལས་འདས་པ་ལ།། ལུང་གི་འགྲེལ་པ་མིང་བརྡར་བསྟན།། རྟོག་པ་བླ་མེད་སྤྱོད་པ་དང།། གཉིས་ཀྱི་ཚུལ་དུ་རྣམ་པར་གནས། ། མིང་དང་རང་བཞིན་པ་དག་དང།། ཆེ་བའི་དོན་དུ་རྣམ་པར་གནས།། སྤྱོད་པ་ཐབས་ཀྱི་ཡན་ལག་ནི།། ཁྱད་པར་ཡན་ལག་རྣམ་པ་ལྔ།། སྙིང་པོའི་དོན་བསྡུ་བ་ཡི།། འཇུག་པའི་ཚུལ་དུ་རྣམ་པར་བཤད། ། མདོ་ལྔ་སྙིང་པོའི་རྒྱུད་ལས།། ཕྱག་རྒྱ་བསྟན་པའི་ལེའུ་སྟེ་ལྔ་པའོ།།།། དེ་ནས་ཡང་རྣལ་འབྱོར་ཆེན་པོ་རྡོ་རྗེ་སེམས་དཔས།། དཔལ་ཀུན་ཏུ་བཟང་པོ་འདི་སྐད་ཅེས་གསོལ་ཏོ།། རྒྱུད་རྒྱལ་སྙིང་པོ་མ་ལུས་པའི། ། བསྡུས་པའི་བརྗོད་དོན་ཐིག་ལེའི་དོན།། ངོ་བོ་དབྱེ་བ་འབྱུང་བཅས་པ།། མ་སྐྱེས་བརྗོད་བྲལ་སྣང་བའི་གཞི།། སྐྱེ་དང་བྲལ་བའི་རང་བཞིན་གསལ།། སྣང་བའི་དངོས་པོ་དམིགས་སུ་མེད། ། ཆོས་རྣམས་ཀུན་གྱི་ཆོས་ཉིད་དོན།། རིན་ཆེན་ལྟ་བུར་འབྱུང་བའི་ས།། དགོས་པ་བསྡུས་པ་སྣང་བ་བྱེད།། ཉི་མའི་འོད་ཀྱི་སྟོབས་ཀྱིས་འཇུག། རང་སྣང་མ་ལུས་འབྱུང་བའི་ས།། རང་སྣང་མ་བཅོས་རིག་པ་ཙམ། ། མ་བཅོས་སྒྱུ་མ་རིག་པར་གསལ།། ནམ་མཁའ་ལྟ་བུར་ཡེ་ནས་བརྡལ།། ངོ་བོ་ཉིད་ཀྱིས་མུན་པ་སེལ།། སྣོད་ཀྱི་འཇིག་རྟེན་ཡེ་ནས་དག། ཟིན་པའི་དོན་ལ་སྦྱང་དང་བྲལ།། ཡེ་ནས་ཟིན་པས་རྩོལ་བའི་ནད། ། མཁའ་ཀློང་མི་གནས་བརྡལ་བའི་ངང།། རྣམ་པར་སྣང་མཛད་སྤྲོས་དང་བྲལ།། རིག་པ་རང་བཞིན་ནམ་མཁའ་འདྲ།། དབྱེར་མེད་མི་གཉིས་རྟག་པའི་སྐུ།། ཡེ་ནས་མི་བསམ་སྒོམ་དང་བྲལ། ། མ་བསམ་མ་སྦྱངས་རྣམ་པར་དག། སྐུ་གསུམ་ཡེ་ནས་ལྷུན་གྱིས་གྲུབ།། ཡེ་ཤེས་ལྔ་ཉིད་བཙལ་མེད་ལྡན།། ཆེ་བའི་ཡོན་ཏན་བསམ་ཡས་པ།། རྒྱ་མཚོ་ལྟ་བུར་ཟབ་པའི་ཆོས།། ཡེ་ནས་དག་པས་རང་གསལ་ཞིང། ། དྲི་མེད་ཀ་ནས་དག་པའི་ལམ།། ཚུལ་དང་བཅས་པས་རྒྱ་མཚོ་འདྲ།། ཡེ་ཤེས་རང་གསལ་དག་པའི་གཞི།། འབྲས་བུ་སྐྱེད་མིན་ཆེ་བ་ལྔ།། ཁྱད་པར་གྱུར་པ་ཆོས་ཀྱི་སྐུ།། ཞེས་གསལ་ཏོ། ། མདོ་ལྔ་སྙིང་པོ་ཞེས་བྱ་བའི་རྒྱུད་ལས། ཐིག་ལེ་བསྟན་པའི་ལེའུ་སྟེ་དྲུག་པའོ།། དེ་ནས་ཡང་རྣལ་འབྱོར་ཆེན་པོ་རྡོ་རྗེ་སེམས་དཔའ་དེས། སྟོན་པ་ཀུན་ཏུ་བཟང་པོ་ལ་འདི་སྐད་ཅེས་གསོལ་ཏོ།། རིག་པའི་ཐེག་པ་བགྲོད་བྱས་ནས། ། དེ་ལས་གསལ་བར་འཕགས་པ་སྟེ།། དགོངས་པའི་དོན་གྱི་ཁྱད་པར་འཕགས།། ཆོས་ཉིད་མ་བཅོས་བརྡལ་བ་ནི།། སྤྲོས་པ་ལས་འདས་རྣམ་པར་དག། མི་འཛིན་རང་རིག་བརྗོད་ལས་འདས། ། ཅིར་ཡང་མི་དམིགས་མངོན་སུམ་པ།། མངོན་པའི་སངས་རྒྱས་ཆེ་བའོ།། མཉམ་པའི་དོན་རིག་རང་བཞིན་ཉིད།། དབང་སྒྱུར་ཕྱིར་ན་གང་གིས་ཀྱང།། རྩོལ་བའི་ལྟ་བས་འཕྲོགས་མི་འགྱུར།། དེ་དོན་དེ་ལས་གཞན་ཉིད་ན། ། འབྲས་བུ་གཞན་ལས་འབྱུང་མི་འགྱུར།། ཡིན་པའི་དོན་ལ་ཡེ་སངས་རྒྱས།། མ་བཅོས་རང་སྣང་རིག་པ་ཞིག། སྟོབས་ཀྱིས་བསྒྱུར་བའི་འབྲས་བུ་མིན།། འགྲོ་འདུལ་སྤྱོད་པ་བསམ་ཡས་པ།། རྩོལ་བའི་ཐེག་པ་འདྲེན་དོན་དུ། ། ཡོ་གའི་སྤྱོད་པ་གསལ་བར་བསྟན།། གང་ཡང་མ་སྤངས་ཡེ་ནས་དག། དེ་མེན་གཉེན་པོ་རྟེན་མེད་པས།། ཆེ་བའི་རྒྱན་གྱིས་ཡེ་ནས་བརྒྱན།། འབྲས་བུ་ལྟ་བུར་བསྒྲགས་པའོ།། ཞེས་སོལ་ཏོ། ། མདོ་ལྔ་སྙིང་པོའི་རྒྱུད་ལས། ཆེ་བའི་འབྲས་བུ་བསྟན་པའི་ལེའུ་སྟེ་བཅུ་བདུན་པའོ།། དེ་ནས་ཡང་རྣལ་འབྱོར་ཆེན་པོ་རྡོ་རྗེ་སེམས་དཔས།། དཔལ་ཀུན་ཏུ་བཟང་པོ་ལ་འདི་སྐད་ཅེས་གསོལ་ཏོ།། འདི་ཡི་མཚན་ཉིད་རྣམ་གྲངས་གང། ། དགོས་པའི་དོན་ལ་འཇུག་པ་གསལ།། རིགས་ཅན་རྣམས་ལ་ཕན་པའི་ཕྱིར།། བརྩེ་བས་བསྟན་པ་གསལ་བར་མཛོད།། ཅེས་གསོལ་བ་དང། སྟོན་པ་ཀུན་ཏུ་བཟང་པོས་འདི་སྐད་ཅེས་བཀའ་སྩལ་ཏོ། ། ཐམས་ཅད་རྒྱུད་ཀྱིས་བསྡུས་པའི་དོན།། མདོ་ཡི་མཚན་ཉིད་རྣམ་གྲངས་གང།། མདོ་ཡི་དུམ་བུ་གསལ་བར་གྲགས།། རྒྱུད་ཀྱི་རྒྱལ་པོ་བསྟན་པའི་རྒྱུད།། བཀའ་ཡི་རང་བཞིན་གཏེར་གྱི་མཛོད།། སྦས་པ་དོན་གྱི་གོང་བུ་འདྲ། ། དེ་རྒྱུ་ཐབས་དང་འབྲེལ་བའི་དོན།། དགོས་པའི་དོན་ལ་གསལ་བར་འཇུག། ཤེས་རབ་བར་པ་ཅན་དོན་དུ།། གསལ་བའི་སྒྲོན་མ་བྱེད་པར་འགྱུར།། ཞེས་གསུངས་སོ།། མདོ་ལྔ་སྙིང་པོའི་རྒྱུད་ལས། ། མཚན་གྱི་དོན་ལ་འཇུག་པའི་ལེའུ་སྟེ་བརྒྱད་པ་རྫོགས་སོ།། རྒྱ་གར་གྱི་མཁན་པོ་ཤྲཱི་སིང་ཧཱ་དང།། དེ་བ་ཤྲི་དང།། བོད་ཀྱི་ལོ་ཙྪ་བ་དགེ་སློང་བེ་རོ་ཙ་ནས་རིན་པོ་ཆེ་སྦས་པ་ལྟ་བའི་རྒྱུད་བཞི།། ཉམས་བདེ་བ་ཞེས་བྱ་བའི་གནས་སུ་དུས་གཅིག་གཏན་ལ་ཕབ་བོ། ། རྒྱུད་རྒྱལ་གསལ་རབ་བྱེད་པ་ཡི།། མུན་པའི་སྒྲོན་མའི་བྱང་ཕྱོགས་སུ།། རྒྱས་པར་གསལ་འགྱུར་ལས་ཅན་ལ།། སྣང་བར་གྱུར་ལ་གཞན་དུ་མིན། ། གཞན་དུ་བསྟན་ན་སྨིན་པར་འགྱུར།། རྫོགས་སོ།།།། རྒྱ་གར་སྐད་དུ།། སན་དྷི་མ་ཧཱ་ཙིཏྟ་ས་མཱ་དྷི་ཨུ་པ་དེ་ཤ་ཏན་ཏྲ། བོད་སྐད་དུ། རྫོགས་པ་ཆེན་པོ་སྙིང་ཁྲིད་མན་ངག་གི་རྒྱུད། ཨིསསིང་མ་ཨིསསིང་མ་ཨིསསིང་པོའི་རྒྱུད་ལས། མཚན་མཚོན་ནས་བསྟན་པའི་ལེའུ་སྟེ་ཉེར་གསུམ་པའོ།། །།རྫོགས་སོ།། །།རྒྱ་གར་སྐད་དུ། ཏི་ལ་གུ་ཧྱ་བིན་དྷུ་ཏནྟཱ་ནཱ་མ། བོད་སྐད་དུ། ཐིག་ལེ་གསང་བ་ཡང་གཏེར་གྱི་རྒྱུད་ཅེས་བྱ་བ། རྡོ་རྗེ་མཁའ་འགྲོ་མ་ལ་ཕྱག་འཚལ་ལོ།། དཔལ་ལྡན་རྡོ་རྗེ་མཁའ་འགྲོ་མ།། འགྲོ་བ་སྐྱོབ་ལ་ཕྱག་འཚལ་ནས།། འཇམ་པའི་དཔལ་གྱུར་འགྲོ་བའི་མགོན།། སྣ་ཚོགས་པདྨའི་མདོག་འདྲ་བའི། ། དབྱིབས་ལེགས་ཕྱག་མཚན་རྡོ་རྗེ་དང།། གྲི་གུག་ཐོད་པ་རབ་ཏུ་བསྣམས།། སྟག་དང་གླང་ཆེན་ན་བཟའ་བསྣབས།། དྲེད་མོའི་ཤམ་ཐབས་རབ་རུ་མཛེས།། རབ་ཏུ་འཇིགས་པའི་དུར་ཁྲོད་ན། ། རུས་པ་ཤ་དང་རོ་ཡི་ཚོགས།། རྒྱུས་པ་འབྲལ་འབྲེལ་ལ་སོགས་པ།། མཁའ་འགྲོ་སྣ་ཚོགས་འདུ་བའི་གནས།། འཁོར་ཡང་མཁའ་འགྲོ་དྲི་མེད་སོགས།། འདུས་པའི་ཚོགས་ལ་རབ་ཏུ་འཆད།། འདྲེ་སྐད་བརྡ་སྐད་རང་སྐད་ཀྱིས། ། མིང་དང་ཚིག་དང་ཡི་གེའི་ཚོགས།། བརྒྱུད་པ་བར་མ་ཆད་པའི་ཆོས།། ཕུན་སུམ་ཚོགས་པའི་དུས་དེ་རུ།། ངོ་བོ་ཉིད་ཀྱི་མཁའ་འགྲོ་བསྡུས།། ཏི་ལ་གུ་ཧྱའི་འཆད་པའི་དུས།། ཕྱི་ནང་དུར་ཁྲོད་འབར་བར་བཤད། ། ཅེས་གསུངས་སོ།། ཐིག་ལེ་གསང་བ་ཡང་གཏེར་གྱི་རྒྱུད་ལས། མཁའ་འགྲོ་མའི་ཚོགས་ལས་ཕུན་སུམ་ཚོགས་པའི་ལེའུ་སྟེ་དང་པོའོ།།།། དེ་ནས་མཁའ་འགྲོ་དྲི་མེད་ཀྱིས། མཁའ་འགྲོ་ཟླ་བའི་འོད་ཟེར་ཅན་ལ། ཀྱེ་ཀྱེ་རྡོ་རྗེ་མཁའ་འགྲོ་མ།། བདག་ཅག་མཁའ་འགྲོའི་ཚོགས་རྣམས་ལ།། ཐིག་ལེ་ཁ་སྦྱོར་བཤད་དུ་གསོལ།། ཞེས་ཞུས་པས། རྡོ་རྗེ་མཁའ་འགྲོ་མས་བཀའ་སྩལ་པ། ཉོན་ཅིག་རྡོ་རྗེ་དྲི་མ་མེད། ། ཐིག་ལེ་ཁ་སྦྱོར་བཤད་པར་བྱ།། ཐོག་མ་མེད་པའི་དུས་ཉིད་ན།། སངས་རྒྱས་སེམས་ཅན་མིང་མེད་པའི།། འཁོར་འདས་གཉིས་ཀྱི་གཞི་མ་དེ།། མིང་དང་ཚིག་ལས་འདས་པ་ཡིན།། སངས་རྒྱས་བྱ་བའི་མིང་ཡང་མེད། ། སེམས་ཅན་འཁྲུལ་བའི་འབྲས་བུ་མེད།། ཆོས་ཉིད་མ་བུ་ཕྲད་པ་མེད།། གྲོལ་དང་མ་གྲོལ་གཉིས་སུ་མེད།། དག་དང་མ་དག་ལ་སོགས་ཏེ།། ཕྱི་ནང་སྣོད་བཅུད་མིང་ཡང་མེད།། འཁོར་འདས་འབྲས་བུ་གཉིས་མ་གྲུབ། ། ཤེས་དང་ཤེས་བྱའི་ཡུལ་ལས་འདས།། འབྱུང་བ་ཆེན་པོ་རྒྱུ་ཡི་གཞི།། ཐམས་ཅད་སྤྲུལ་པའི་གཞི་མ་དེ།། སྤྱི་ས་ཆེན་པོ་དེ་ཡིན་ནོ།། ཞེས་གསུངས་སོ།། ཐིག་ལེ་གསང་བ་ཡང་གཏེར་གྱི་རྒྱུད་ལས། ། གཞི་ས་བསྟན་པའི་ལེའུ་སྟེ་གཉིས་པའོ།།།། ཡང་དྲི་མ་མེད་ཀྱིས་ཞུས་པས། གཉིས་སུ་སྣང་བ་ཇི་ལྟ་བུ།། ཕྱི་ནང་སྣོད་བཅུད་ཇི་ལྟར་ལགས།། གཉིས་སུ་མེད་པའི་དོན་དེ་ལ།། གཉིས་སུ་འཁྲུལ་བ་ཇི་ལྟར་ལགས། ། ཞེས་ཞུས་པས། དཔེར་ན་ཆོས་ཉིད་ནམ་མཁའ་ལ།། སྤྲིན་དང་ཁུ་རླངས་འཇའ་ཚོན་དང།། ཉི་ཟླ་གཟའ་སྐར་ལྷུན་གྱིས་གྲུབ།། རྒྱུ་ལས་རྒྱུ་འཕྲུལ་བྱེད་པ་མིན།། དཔེ་དེ་བཞིན་དུ།། ལྷུན་གྲུབ་ཐིག་ལེའི་ཀློང་དཀྱིལ་ནས། ། ཐིག་ལེའུ་རྩལ་གསུམ་རང་སྣང་དེ།། དབྱིངས་དང་ཡེ་ཤེས་ཐིག་ལེ་གཉིས།། ཁ་སྦྱོར་ཚུལ་དུ་གནས་པ་ཡིན།། བར་ན་ཐིག་ལེ་རྩལ་གྱི་འབར།། རྩལ་དེ་གཡོས་པའི་དུས་ཉིད་ན། ། གཉིས་སུ་སྣང་བའི་ཐིག་ལེ་དེ།། གསལ་དང་སྟོང་པ་གཉིས་སུ་སྣང།། ཕྲ་མ་མཁན་གྱི་དབྱེ་བ་བྱས།། དབྱིངས་ལ་ཡེ་ཡིད་ཤེས་པ་ཡིན།། སྟོང་པའི་འགྱུ་བ་ཝལ་གྱིས་འབྱུང།། དེ་ཡིས་དུས་ན་བཟུང་བ་ཡི། ། ཡུལ་ནི་སྟོང་པ་མཉམ་དུ་འཕྲུལ།། འགྱུ་བ་སོ་དེ་འཕྲལ་བ་ལས།། ཤེས་པའི་རྣམ་པར་འཕྲུལ་པས་ན།། དེ་དུས་ཕྲ་བ་མཁན་གྱི་ལན།། ཕྲ་མ་མཁན་དེ་རབ་ཏུ་བཞད།། གཉིས་སྣང་ཕྲ་མ་དེར་ཞུགས་ལས། ། གཉིས་མེད་ཕྲ་མ་མཁན་གྱིས་ལན།། ཞེས་གསུངས་སོ།། ཐིག་ལེ་གསང་བ་ཡང་གཏེར་གྱི་རྒྱུད་ལས།། གཞི་ནས་ཕྲ་མ་མཁན་ངོས་བཟུང་བའི་ལེའུ་སྟེ་གསུམ་པའོ།།།། ཡང་བཀའ་སྩལ་པ། ཟེར་གྱི་ཐིག་ལེ་བསྟན་པར་བྱ། ། ཟེར་ནི་རྣམ་པ་གཉིས་སུ་འཁྲུལ།། སྣོད་ཀྱི་ཟེར་དང་བཅུད་ཀྱི་ཟེར།། དབྱིངས་ཀྱི་ཐིག་ལེ་སྟོང་པ་ལས།། འོད་ཀྱི་སྣང་བ་ལྔ་རུ་འཁྲུལ།། ཡེ་ཤེས་ཐིག་ལེ་གསང་བ་ལས།། དུག་ལྔ་མ་རིག་བཅུད་ཀྱི་ཟེར། ། ཕྲ་མ་མཁན་གྱི་བར་དུ་ཞུགས།། ཆགས་སྡང་ལྔ་རུ་འཁྲུལ་བ་ཡིན།། འདོད་ཡོན་ལྔ་ཡིས་རྐྱེན་བྱས་ནས།། ཕྲ་མ་ལྔ་བཙན་དབང་ཆེ་ལས།། དུག་ལྔ་རྒྱུད་ལ་སྐྱེས་པ་ཡིན།། ཞེས་གསུངས་སོ།། ཐིག་ལེ་གསང་བ་ཡང་གཏེར་གྱི་རྒྱུད་ལས། ། ཟེར་གྱི་ཐིག་ལེའི་ལེའུ་སྟེ་བཞི་པའོ།།།། ཡང་བཀའ་སྩལ་པ། རྩལ་གྱི་ཐིག་ལེ་བསྟན་པར་བྱ།། རྩལ་གྱི་ཐིག་ལེ་གཉིས་ཡིན་ཏེ།། དབྱིངས་དང་ཡེ་ཤེས་གཉིས་ཀྱི་རྩལ། ། དབྱིངས་དང་ཡེ་ཤེས་གཉིས་ཀྱི་རྩལ་དུ་བསྟན་པ་ནི།། འོད་ལྔའི་རྣམ་པར་འཁྲུལ་པ་ལས།། འབྱུང་བ་ལྔ་སོགས་འགྲོ་དྲུག་རྣམས།། རང་སྣང་ཡུལ་དུ་ཐམས་ཅད་འཁྲུལ།། ཞེས་གསུངས་སོ།། ཡེ་ཤེས་རྩལ་དེ་བསྟན་པ་ནི། ། གོང་གི་འདོད་ཡོན་ཆགས་སྡང་ལ།། ལུས་དང་སེམས་སུ་འཁྲུལ་པ་ན།། སྲེད་ལེན་གཉིས་ཀྱི་རྒྱུ་རྐྱེན་ལས།། མ་རིག་དབང་གིས་སྨན་ལ་སྦྱར།། འགྲོ་དྲུག་གཟུགས་དང་ཡིད་ལ་སོགས།། རྩལ་གྱི་ཐིག་ལེར་བཤད་པ་ཡིན། ། ཞེས་གསུངས་སོ།། ཐིག་ལེ་གསང་བ་ཡང་གཏེར་གྱི་རྒྱུད་ལས། ཐིག་ལེ་ཁ་སྦྱོར་ཡ་བྲལ་གྱི་ལེའུ་སྟེ་ལྔ་པའོ།།།། ཡང་བཀའ་སྩལ་པ། མ་དག་འཁྲུལ་པ་དེ་ལགས་ན།། དག་པ་འཇིག་རྟེན་ཐིག་ལེ་བཤད་དུ་གསོལ། ། ཞེས་ཞུས་པས། བཀའ་སྩལ་པ། ཀུན་ཏུ་བཟང་པོའི་ཐིག་ལེ་དང།། ཀུན་ཏུ་བཟང་མོའི་ཐིག་ལེ་དང།། གཉིས་མེད་ཡེ་ཤེས་ཐིག་ལེ་གསུམ། ཕྲ་མ་མཁན་དེ་རྡོ་རྗེ་སེམས།། ཡབ་ཡུམ་སྲས་དང་གསུམ་དུ་ཤར། ། རྩལ་གྱི་ཐིག་ལེ་བསྟན་པ་ནི།། བཟང་མོའི་ཟེར་ལས་འོད་ལྔ་ཤར།། བཟང་པོའི་ཟེར་དུ་ཡེ་ཤེས་ལྔ།། བཟང་མོའི་ཟེར་དུ་སྤྱན་སོགས་ལྔ།། བཟང་པོའི་རྩལ་དུ་རིགས་ལྔའོ།། ཕུང་པོ་ལྔ་དང་འབྱུང་བ་ལྔ། ། རིགས་ལྔ་ཡབ་ཡུམ་ལྔ་རུ་གྲགས།། རྡོ་རྗེ་ཕུང་པོའི་ཡན་ལག་ནི།། རྫོགས་པའི་སངས་རྒྱས་ལྔ་རུ་སྣང།། ས་ཆུ་ལ་སོགས་འབྱུང་ལྔ་ནི།། སྤྱན་མ་ལ་སོགས་ཡུམ་དུ་གྲུབ།། ཅེས་གསུངས་སོ། ། ཐིག་ལེ་གསང་བ་ཡང་གཏེར་གྱི་རྒྱུད་ལས། ཐིག་ལེ་ཁ་སྦྱོར་གྱི་ལེའུ་སྟེ་དྲུག་པའོ།།།། ཡང་བཀའ་སྩལ་པ། དག་པ་འཇིག་རྟེན་སྣང་བ་དེ་ལགས་ན།། ཡང་དག་ཡེ་ཤེས་སྣང་བ་བཤད་དུ་གསོལ།། ཞེས་ཞུས་པས། བཀའ་སྩལ་པ། ཡང་དག་ཡེ་ཤེས་སྣང་བ་བསྟན་པ་ནི།། ཀུན་བཟང་གཞི་ཡི་ཐིག་ལེ་དེ།། ཆོས་སྐུའི་ཞིང་ཁམས་གནས་ལུགས་ཡིན།། ཀུན་ཏུ་བཟང་མོའི་ཐིག་ལེ་དེ།། ཡེ་ཤེས་བརྡལ་ཁྱབ་ཆེན་པོ་ཡིན། ། རྡོ་རྗེ་སེམས་དཔའི་ཐིག་ལེ་ནི།། རིག་པ་ཡེ་ཤེས་ཞེས་སུ་བཤད།། ལྟ་བ་ཀུན་ཏུ་བཟང་མོར་བསྟན།། སྒོམ་པ་ཀུན་ཏུ་བཟང་པོར་བསྟན།། སྤྱོད་པ་རྡོ་རྗེ་སེམས་དཔར་བསྟན།། འབྲས་བུ་ཐིག་ལེ་ཁ་སྦྱོར་བསྟན། ། རིག་པ་རྡོ་རྗེ་སེམས་དཔའ་ཡིན།། ཡེ་ནི་ཀུན་ཏུ་བཟང་པོ་ཡིན།། ཤེས་ནི་ཀུན་ཏུ་བཟང་མོར་བཤད།། དེ་གསུམ་ངང་ལ་ཤར་ཙམ་ན།། ལྟ་སྒོམ་སྤྱོད་པ་གང་འདོད་པ།། དེ་ནི་བསམ་པ་ཡིད་སྨོན་ཡིན།། ཞེས་གསུངས་སོ། ། ཐིག་ལེ་གསང་བ་ཡང་གཏེར་གྱི་རྒྱུད་ལས། ཐིག་ལེ་རང་བརྡོལ་བསྟན་པའི་ལེའུ་སྟེ་བདུན་པའོ།།།། ཡང་བཀའ་སྩལ་པ། ཟེར་གྱི་ཀུན་ཏུ་བཟང་མོ་ནི།། ཡེ་ཤེས་ལྔ་ཡི་ངོ་བོ་དེ།། ལྷག་མཐོང་རིག་པའི་ཡེ་ཤེས་ཡིན། ། ཡེ་ཤེས་ལྔ་དྲུག་གང་འདོད་པ།། དེ་ནི་གྲངས་ཀྱི་གོལ་ས་ཡིན།། ལྷག་མཐོང་སྤྲུལ་པའི་སྐུ་རྒྱུད་བཤད།། རིག་པ་རྩེ་གཅིག་ཟང་ཐལ་ལོ།། ཡེ་ནི་ཡེ་ཤེས་ལྔར་མ་གྲུབ།། ཤེས་པ་རྩ་གཅིག་ཡིན་པས་ན། ། གྲངས་ཀྱི་གོལ་སའི་འཁྲུལ་པ་གྲོལ།། དཔེར་ན་དུག་སྦྲུལ་མདུད་པ་དེ།། མདུད་པ་མང་ཡང་རང་གིས་ཤིགས།། རག་གི་མདུད་པ་གྲོལ་ཙམ་ན།། སྦྲུལ་གྱི་ངོ་བོ་ཟངས་མར་སྣང།། མདུད་པའི་གྲངས་ལས་གྲོལ་པའོ། ། ཡེ་ཤེས་ལྔ་པོར་རིག་པས་བཏགས།། དུག་ལྔ་འདོགས་པ་མ་རིག་པ།། གཉིས་མེད་ལྷག་མཐོང་རང་ཤར་བས།། གྲངས་ཀྱི་གོལ་སའི་རྟོག་པ་མེད།། དེས་ན་ཟེར་གྱི་ཐིག་ལེ་དེ།། སྤྲུལ་པའི་སྐུ་རུ་བསྟན་པའོ། ། ཞེས་གསུངས་སོ།། ཐིག་ལེ་གསང་བ་ཡང་གཏེར་གྱི་རྒྱུད་ལས། ཟེར་གྱི་ཐིག་ལེ་བསྟན་པའི་ལེའུ་སྟེ་བརྒྱད་པའོ།།།། ཡང་བཀའ་སྩལ་པ། རྩལ་གྱི་ཐིག་ལེ་བསྟན་པ་ནི།། རང་བྱུང་ཡེ་ཤེས་བསྟན་པ་ཡིན། ། ཡབ་ཡུམ་ཁ་སྦྱོར་རང་བྱུང་ཡིན།། ལོངས་སྐུའི་ངོ་སྤྲོད་བསྟན་པར་བྱ།། རང་ནི་རྒྱལ་བ་ཡབ་ལྔའོ།། རྒྱལ་བ་ཡབ་ལྔ་རིགས་ལྔར་ཤར།། ཡུམ་ལྔ་རང་ལས་བྱུང་བས་ན།། རང་བྱུང་ཞེས་ནི་དེ་ལ་བྱ།། ཡེ་ནི་གཉིས་སུ་མེད་པའོ། ། ཤེས་པ་རང་དུ་གྲོལ་བས་ན།། རང་ནི་སྤྱོད་པའི་མཆོག་ཏུ་བཤད།། བྱུང་ནི་གོམ་པ་ཆེན་པོ་ཡིན།། ཡེ་ནི་འབྲས་བུ་ཁོ་ན་ལ།། ཤེས་པ་ལྟ་བའི་དབྱིངས་སུ་བསྟན།། རང་བྱུང་ཡེ་ཤེས་གཉིས་མེད་པས། ། ལྟ་སྒོམ་སྤྱོད་པ་འཆིང་བའི་རྒྱུ།། ཤེས་པ་རང་དུ་གྲོལ་བས་ན།། རིགས་ལྔ་ཡབ་ཡུམ་གོལ་ས་གཅད།། དག་པ་འཇིག་རྟེན་འཇིག་པས་ན།། དག་པ་འཇིག་རྟེན་པ་ཞེས་བྱ།། སྐུ་ནི་ཡེ་ཤེས་སྒྱུ་མའི་སྐུ། ། ངག་དང་ཐུགས་དང་བྲལ་ཆ་རླུང།། ཡུལ་ནི་མ་བྲིས་དཀྱིལ་འཁོར་ལ་རྟེན་ནས།། འཇིག་རྟེན་ཞེས་བྱའི་ཏིང་འཛིན་ནི།། མཁྱེན་པས་ཤེས་པ་རྒྱུ་རྐྱེན་མཚུངས།། རྒྱུ་རྐྱེན་འབྲས་བུ་འཇིག་པས་ན།། དག་པ་འཇིག་རྟེན་ཞེས་སུ་བཤད།
CLOSE WINDOW