Wylie |
། དྲིས་པའི་ལེའུ་སྟེ་གཉིས་པའོ།།།། དེ་ནས་ཀུན་ཏུ་བཟང་པོས་བརྗོད་པ།། དངོས་པོ་ཆོས་སྐུའི་རང་འོད་ཡིན།། དངོས་པོ་ལོགས་ན་ཡོད་གྱུར་ན།། རིག་དྲུག་སོ་ལ་ཐ་དད་མེད། ། བྱང་ཆུབ་སེམས་ཀྱི་རྩལ་སྣང་ཡིན།། རང་འོད་སྒྲོ་ལྔའི་ངོ་ལ་སྣང།། སྐྱེ་མེད་ཡེ་ཤེས་རྩལ་ཤར་ལ།། སེམས་ཉིད་དབུགས་ལ་རླངས་སུ་འགྱུས།། ལས་རླུང་རྩལ་སྣང་ཐ་དད་ལ།། ཤ་ཁྲག་ཆོས་སྐུའི་རང་འོད་ཡིན། ། རང་བྱུང་ཡེ་ཤེས་སྒྲིབ་མེད་ལ།། སྣང་བ་སེམས་ཀྱི་རྩལ་ཤར་ཡིན།། སྒོ་ལྔའི་ངོ་ལ་ཐ་དད་ཀྱང།། སྒོ་ལྔ་ཡེ་ཤེས་རང་འོད་ཡིན།། ཡེ་ཤེས་འོད་ལ་ཐ་དད་མེད།། བྱང་ཆུབ་སེམས་ལ་དངོས་པོ་མེད།། ཡེ་ཤེས་བཀྲག་ལ་ལས་འགྱུས། ། འབྱུང་བ་འཁོར་འདས་ཐ་དད་ཀྱང།། སེམས་ཉིད་དབྱིངས་ལ་དབྱེ་བ་མེད།། དངོས་མེད་རིག་པ་ཡེ་ཤེས་ཟེར།། ཡེ་ཤེས་ཟེར་ལ་གཉིས་སྣང་མེད།། གཉིས་སྣང་འཆར་བ་རང་འོད་ཡིན། ། ཆོས་ཉིད་དབྱིངས་ལ་འདུ་འབྲལ་མེད།། ཡེ་ཤེས་བཀྲག་ལས་ཞེན་ཆགས་མེད།། ཡེ་ཤེས་འོད་ལ་ཞེན་ཆགས་ཀྱང།། ཐམས་ཅད་ཡེ་ཤེས་རང་འོད་ཡིན།། སྟོང་ཉིད་ཡེ་ཤེས་བརྡལ་ཁྱབ་འབར།། ཡེ་ཤེས་རང་འོད་འབར་བ་ཆེ། ། ནམ་མཁའི་སྤྲིན་ལྟར་དངོས་མེད་པར།། ཐ་དད་མེད་དེ་ཆོས་ཀྱི་དབྱིངས།། ཡེ་ཤེས་སྙིང་པོ་ཟང་ཐལ་ཡིན།། མ་རིག་ཡེ་ཤེས་འོད་ཟེར་ཡིན།། ཐ་དད་མེད་དེ་ཡེ་ཤེས་རང།། ཡེ་ཤེས་རྒྱལ་བ་ཆོས་ཀྱི་སྐུ། ། ཡེ་ཤེས་ལྔ་ཡི་རྩལ་ཤར་ཡིན།། དུག་ལྔ་ཡེ་ཤེས་རླངས་ཆེན་ཡིན།། ཐ་དད་མེད་དེ་ཡེ་ཤེས་འབར།། ཡེ་ཤེས་སྙིང་པོ་བགྲོད་མེད་ལ།། ས་ལམ་སྣང་བ་རིག་པའི་བཀྲག། བགྲོད་འཇུག་མེད་པ་ཡེ་ཤེས་ཟེར། ། དཔེར་ན་ནམ་མཁའི་བྱ་ལམ་འདྲ།། མ་བཅོས་ཡེ་ཤེས་སྙིང་པོ་ཡིན།། སྡུག་བསྔལ་སྣང་བ་ཆོས་ཉིད་ཀློང།། ཐ་དད་མེད་དེ་ཡེ་ཤེས་ཟེར།། དཔེར་ན་ཐག་པ་སྤྲུལ་མཐོང་བཞིན།། ཡེ་ཤེས་འབྲས་བུ་ཆོས་ཀྱི་སྐུ། ། སྤངས་ཐོབ་མེད་པ་ཆོས་ཀྱི་དབྱིངས།། ཐ་དད་མེད་པ་ཡེ་ཤེས་ལྔས།། འདུ་འབྲལ་མེད་པ་ཆོས་ཀྱི་ཀློང།། ཐ་དད་འདོད་པ་ཡེ་ཤེས་རྩལ།། དབྱེ་བ་མེད་པ་ཀུན་གཞིའི་ཀློང།། དང་པོ་བྱུང་ཡང་ཆོས་སྐུའི་རྩལ་ལས་བྱུང། ། ད་ལྟ་སྣང་ཡང་ཡེ་ཤེས་ཟུང་དུ་སྣང།། ཐ་མ་གྲོལ་ཀྱང་ཆོས་ཀྱི་དབྱིངས་སུ་གྲོལ།། ཆོས་སྐུ་འགྱུར་མེད་ཡེ་ཤེས་དེ།། ཡེ་ནས་རང་བྱུང་རང་ཤར་ལ།། བཤད་པས་གོ་བ་མ་ཡིན་ནོ།། ཡེ་ཤེས་སྣང་བ་རང་དྭངས་ལ། ། ལན་བཏབ་པའི་ལེའུ་སྟེ་གསུམ་པའོ།། དེ་ནས་ཀུན་བཟང་མོས་གཉིས་སུ་མེད་པ་འདི་བརྗོད་དོ།། ཀུན་གཞི་སྟོང་པའི་ངང་ཉིད་ལ།། དངོས་པོ་སེམས་ཉིད་རྩལ་ཤར་ཡིན།། དཔེར་ན་ནམ་མཁའ་སྟོང་བཞིན་ནོ། ། ཆོས་སྐུ་འགྱུར་བ་མེད་པ་ལས།། སྐྱེ་ཤི་འོད་གསལ་རླངས་པ་ཡིན།། དཔེ་ནི་རྒྱ་མཚོའི་རྦ་རླབས་འདྲ།། ཡེ་ཤེས་སྒྲིབ་བྱེད་མེད་པ་ལ།། སྣང་བ་རིག་པའི་རྩལ་ཤར་ཡིན།། དཔེ་ནི་མེ་ལོང་གཟུགས་བརྙན་འདྲ། ། སེམས་ཉིད་སྤྲོས་པ་མེད་པ་ལ།། འཁོར་འདས་འཆར་བ་འབྲུ་ལྔའི་རླངས།། དཔེ་ནི་རྒྱ་མཚོའི་ཆུ་གཟུགས་འདྲ།། རིག་པ་དངོས་པོ་མེད་པ་ལ།། གཉིས་སྣང་འབྱུང་བའི་སྒོ་ལྔའི་འོད།། དཔེ་ནི་ཆུ་དང་འཁྱག་པ་འདྲ། ། ཆོས་ཉིད་འདུ་འབྲལ་མེད་པ་ལ།། ཞེན་ཆགས་འབྱུང་བ་ཡེ་ཤེས་བཀྲག། དཔེར་བར་སྣང་ལ་འཇའ་ཤར་བ་དང་འདྲ།། ཀུན་གཞི་སྟོང་པ་རང་ཉིད་ལ།། བག་ཆགས་འབྱུང་བ་རིག་པའི་ཟེར།། དཔེ་རྨི་ལམ་བུ་སྣང་ལ་དང་འདྲ། ། ཡེ་ཤེས་སྒྲིབ་མེད་ཟང་ཐལ་ལ།། མ་རིག་འབྱུང་བ་རིག་པའི་འོད།། དཔེ་ཐག་པ་སྤྲུལ་དུ་མཐོ་བ་འདྲ།། ཆོས་སྐུ་སྙིང་པོ་འགྱུར་མེད་ལ།། དུག་ལྔ་འབྱུང་བ་ཡེ་ཤེས་རྩལ།། དཔེ་ནམ་མཁའི་སྤྲིན་དང་འདྲའོ། ། ཆོས་སྐུའི་ཐིག་ལེ་ཉག་གཅིག་ལ།། ས་ལམ་འབྱུང་བ་འབྲུ་ལྔའི་བཀྲག། དཔེ་ནམ་མཁའི་བྱ་ལམ་དང་འདྲ།། ཡེ་ཤེས་སྙིང་པོ་རང་འབྱུང་ལ།། སྡུག་བསྔལ་འབྱུང་བ་ཆོས་ཉིད་བཀྲག། དཔེར་ན་སྨིག་སྒྱུའི་སྣང་བ་འདྲ། ། ཆོས་སྐུ་འགྱུར་བ་མེད་པ་ལ།། འབྲས་བུ་འབྱུང་བ་རིག་པའི་རྩལ།། དཔེ་ནམ་མཁའི་ཐོག་དང་འདྲ།། ཞེས་གསུངས་སོ།། དེ་ནས་ཡེ་ཤེས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསུངས་པ། ། ཡངས་སོ་ཆེའི་ཆོས་ཆེན་པོ།། རྟོགས་སོ་ཡེ་ཤེས་སྙིང་པོའི་སྐུ།། སྟོང་ངོ་བྱང་ཆུབ་སེམས་ཀྱི་ངང།། སྣང་ངོ་ཡེ་ཤེས་རིག་པའི་གདངས།། ཤར་རོ་ཡེ་ཤེས་རིག་པའི་ཚོགས།། གསལ་ལོ་ཡེ་ཤེས་འོད་གསལ་བཀྲག། གྲོལ་ལོ་ཡེ་ཤེས་རྩ་ལྔའི་ལམ།། འབྱུང་ངོ་ལས་ཀྱི་རྩ་བྲན་བཅུ།། རྡོ་རྗེ་སེམས་དཔས་བརྗོད་པ།། དངོས་པོ་གཏན་ལ་མ་ཕེབས་པ།། འགྱུར་མེད་རང་འབྱུང་ཀུན་གཞིའི་ཀློང།། ཡེ་ཤེས་གཏན་ལ་མ་ཕེབས་པ། ། མཆོག་གི་འོད་ཟེར་གསལ་སྒྲིབ་བྱེད་མེད།། སེམས་ཉིད་གཏན་ལ་མ་ཕེབས་པ།། ཡེ་ཤེས་རྩ་ལྔ་དངས་ལ་སངས།། རིག་པ་གཏན་ལ་མ་ཕེབས་པ།། རྩ་བྲན་བར་སྣང་རྩ་རུ་ཤར།། ཀུན་གཞིའི་ཀློང་ལ་ཡངས་དོག་མེད། ། ཡེ་ཤེས་གདངས་ལ་ཕྱི་ནང་མེད།། ཆོས་ཀྱི་སྐུ་ལ་འགྱུར་བ་མེད།། རིག་པའི་མདངས་ལ་གསལ་འགྲིབ་མེད།། སེམས་ཉིད་ཀློང་ལ་འདུ་འབྲལ་མེད།། རང་བྱུང་སྐུ་ལ་རྒྱུ་རྐྱེན་མེད།། ཆོས་སྐུའི་བཀྲག་ལ་ཁ་དོག་མེད། ། ཡེ་ཤེས་ཟེར་ལ་སྤྲོས་པ་མེད།། ཆོས་སྐུའི་རྩལ་ལ་འགག་པ་མེད།། ཡེ་ཤེས་བཀྲག་ལ་སྒྲིབ་བྱེད་མེད།། རིག་པའི་རྩལ་ལ་ཕྱི་ནང་མེད།། སེམས་ཉིད་རྩལ་ལ་ཐ་དད་མེད།། ཆོས་སྐུའི་འགྲོས་ལ་འགྱུར་བ་མེད། ། ཡེ་ཤེས་འགྲོས་ལ་ཡངས་དོག་མེད།། རིག་པའི་འགྲོས་ལ་ཐོག་སྡུག་མེད།། ཀུན་གཞིའི་འགྲོས་ལ་དབྱེ་གསལ་མེད།། ཆོས་སྐུའི་འོད་ལས་སྣ་ཚོགས་འབྱུང།། ཡེ་ཤེས་འོད་ལས་སྣ་ཚོགས་གསལ། ། སེམས་ཉིད་འོད་ལས་སྣང་ཚོགས་འབྱེད།། རིག་པའི་འོད་ལས་ཐ་དད་བྱུང།། ཀུན་གཞིའི་འོད་ལས་ཀློང་དུ་འཁྱིལ།། ཡེ་ཤེས་རིན་ཆེན་རང་འབར་བ་ལས།། ཐེག་པ་ཆེན་པོ་ལ་བཟླ་བ་འབྲས་བུའི་ཆོས་སོ། ། རྫོགས་སོ།།།། རྒྱ་གར་སྐད་དུ། ཛྙཱ་ན་ཛྭ་ལ་བྷ་མཱ་ལ་ཨཱ་ཧི་བྷ་ཨཱ། བོད་སྐད་དུ། ཡེ་ཤེས་བཀོད་པ་རང་འབར་བའོ།། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། ། འདི་སྐད་བཤད་པའི་དུས་གཅིག་ན། ཐམས་ཅད་ཐ་དད་མེད་པར་བརྡལ་ལོ།། ཕྱོགས་མེད་པར་ཤར་རོ།། འབྱེད་པ་མེད་པར་མཉམ་པའི་ངང་ཉིད་དོ།། རང་འབར་བའི་ཀློང་འབྱེད་པ་མེད་པའི་ངང། སྣང་བ་མེད་པའི་ཁྱབ་པ། ཡང་དག་པའི་དབྱིངས་སོ།། འགྱུར་བ་མེད་པའི་སྐུ། དངོས་པོ་མེད་པའི་ཐུགས་རྗེ། ཡེ་ཤེས་ཆེན་པོའི་གདངས། རང་བྱུང་ཆེན་པོ་རྒྱུན་ནོ།། དངོས་པོ་མེད་པའི་སྣང་བ། བདག་མེད་པའི་རིག་པ། ཕྱོགས་མེད་པའི་གསལ་བ། བྱས་པ་མེད་པའི་རང་ཤར་རོ།། འཇིག་རྟེན་པ་དང་འཇིག་རྟེན་འདས།། བག་ཆགས་ཕུང་པོར་སྣང་བ་འདི།། ཟག་བཅས་ལུས་ཏེ་སྐྱེ་ཤིང་སྣང།། དབུགས་ཀྱི་འགྱུ་བ་ཆད་པ་ལ། ། སྐྱེ་ཤི་ཞེས་ནི་བརྗོད་པ་ཡིན།། འཇིག་རྟེན་པ་ཞེས་བརྗོད་པ་ཡིན།། ལྟ་བ་ཆགས་པ་སྒོམ་པ་འདོད་པའོ།། སྤྱོད་པ་སྡུག་བསྔལ་ངེས་མེད་ཀྱི།། སྐྱེ་འགག་ན་འཆིའི་ཆུ་བོ་ལས།། མི་རྒལ་མི་འདའ་འཇིག་རྟེན་པ། ། དངོས་མེད་འཁོར་འཁྱམས་སྣ་ཚོགས་སྤྱོད།། བག་ཆགས་ལུས་ལ་ངེས་པ་མེད།། མྱ་ངན་འདས་ཞེས་སྤྱོད་པ་ཡང།། ལྟ་བ་བདག་མེད་སྒོམ་པ་དངོས་མེད་ལ།། དཀར་པོ་སྤྱད་པ་བདག་གཞན་དོན་དུ་སྤྱོད།། སྐྱེ་རྒས་ན་འཆིའི་ཆུ་བོ་བཞི་ལས་ཀྱང། ། རྒལ་ཞིང་འདས་ན་འཇིག་རྟེན་འདས་པའོ།། ཏིང་འཛིན་ཁྱད་པར་ངེས་པ་མེད།། སེམས་ཀྱི་སྙིང་པོ་ཀུན་གཞི་ཁྱབ་ཆེན་ལ།། ཐ་དད་ཚིག་གི་སྒོ་ནས་ཕྱེ་ན་གཉིས།། ཕྱི་རོལ་མུ་སྟེགས་ནང་པ་སངས་རྒྱས་པ། ། འདུས་བྱས་ཐམས་ཅད་མི་རྟག་སྤྲིན་ལྟར་རོ།། འཁོར་བའི་ཆོས་ནི་སྡུག་བསྔལ་ཚེ་འབྱུང་འདྲ།། དངོས་པོར་སྣང་བ་སྟོང་སྟེ་ཆུ་གཟུགས་པར།། གཟུང་འཛིན་ཆོས་ལ་བདག་མེད་ཉི་ཟེར་འདྲ། ། དེ་ལྟར་ཤེས་ཤིང་རྟོགས་ན་ནང་པ་སངས་རྒྱས་པའོ།། མ་རྟོགས་རྟག་ཆད་མཐའ་ལ་ཞེན་ན་ཕྱི་རོལ་མུ་སྟེགས་པའོ།། མུ་སྟེགས་ཆོས་ལ་ལྟ་ན་གྲངས་མེད་ཀྱང།། བསྡུ་ན་རྟག་ཆད་དེ་གཉིས་སོ། ། རྟག་པར་འདོད་པའི་ལྟ་བ་གྲངས་མེད་ཀྱང།། བསྡུ་ན་བདག་རྟག་དངོས་པོའི་ཆོས་སུ་གྲུབ།། སྐད་ཅིག་གཉིས་པར་མི་འགྱུར་དོན་བྱེད་བདག་ཉིད་ཅན།། དེ་ལ་རྡོ་རྗེ་སེམས་དཔས་བརྗོད་པ་ཡང།། རིག་པ་བྱང་ཆུབ་སེམས་ཉིད་ཀློང་ཡངས་འདི། ། རྒྱུ་རྐྱེན་མེད་པའི་ཡེ་ཤེས་འོད་རེ་གསལ།། དངོས་པོ་མེད་པའི་རིག་པ་འོད་ཟེར་འཕྲོ།། དེ་ལ་བདག་ཏུ་ལྟ་བའི་གང་ཟག་ཨེ་མ་འཁྲུལ།། ཅེས་བརྗོད་དོ།། མུ་སྟེགས་ཆད་པའི་ལྟ་བ་གྲངས་མེད་ཀྱང། ། བསྡུས་ན་ཚེ་འདི་སྔ་ཕྱི་མེད་པའི་བློ་བུར་བ།། ལས་ལ་དགེ་སྡིག་མེད་ལ་ཆོས་ལ་རྒྱུ་འབྲས་མེད།། དཔེར་ན་ལ་ཁར་མེ་ཤི་ཐལ་བ་རླུང་ཁྱེར་བཞིན།། སངས་རྒྱས་འདོད་ན་བསྐལ་བར་ཚོགས་བསགས་དགོས། ། བློ་བུར་ཚེ་ལ་བསྐལ་བའི་ཐ་སྙད་མེད།། དེས་ན་སངས་རྒྱས་ཆོས་དང་བརྫུན་དུ་སྣང།། དེ་ལ་རྡོ་རྗེ་སེམས་དཔས་བརྗོད་པ།། ཚེ་ཉིད་སྔུན་མ་ཡིན་པའི་གཏན་ཚིགས་ཡིན།། བུ་ཆུང་མདངས་སྐྱེས་ནུ་མ་འཐུང་བ་དེ། ། སྔུན་མ་འསྔོན་དུ་སོང་བའི་བག་ཆགས་ཡིན།། སྔོན་དུས་སོང་གློ་བུར་ཡོངས་གྱུར་ན།། ས་རྡོ་རྣམས་ལ་ཤེས་པ་སྐྱེ་བར་རིགས།། ཤེས་པ་ཕྱི་མ་འབྱུང་བའི་གཏན་ཚིགས་ནི།། ཁམས་གསུམ་སེམས་ཅན་ཐམས་ཅད་ལ། ། ཕྱུག་སྟོགས་སྐྱིད་སྡུག་ངེས་མེད་སྤྱོད་པ་ཡིས།། ཕྱི་མ་འབྱུང་བ་ངས་པའི་གཏན་ཚིགས་སོ།། ཕྱི་མ་མི་འབྱུང་སྐྱིད་སྡུག་སྤྱོད་འགྱུར་ན།། ནམ་མཁའི་སྤྲིན་ཡང་སྐྱིད་སྡུག་ཡོད་པར་ངེས།། ཅི་ཕྱིར་ཞེས་ནི་སྤྱོད་གྱུར་ན། ། ནམ་མཁའི་སྤྲིན་ཡང་བློ་བུར་འབྱུང་བ་ཡིན་ཞེས་སོ།། དེ་ནས་ཀུན་ཏུ་བཟང་པོས་བརྗོད་པ།། སེམས་ལ་དངོས་པོ་མེད་པས་འདས་པའི་སངས་རྒྱས་ཡིན།། རྒྱུ་རྐྱེན་མེད་པ་རང་བྱུང་ད་ལྟའི་སངས་རྒྱས་ཡིན། ། གཉེན་པོ་མེད་པ་རང་བྱུང་མ་བྱོན་སངས་རྒྱས་ཡིན།། སྔ་ཕྱི་ཐོག་མཐའ་མེད་པས་བརྡལ་བ་ཆོས་ཉིད་ཀློང།། འཕོ་འགྱུར་འཇིག་འབྲལ་མེད་པས་དུས་གསུམ་སངས་རྒྱས་སྐུ།། བླུན་རྨོངས་སྤྱོད་ལོག་ཁྱེད་ལ་རངས་སངས་ཐབས་ཀྱིས་ཆོས། ། ཞེས་བརྗོད་དོ།། ཡེ་ཤེས་བཀོད་པ་རང་འབར་བ་ལས། ཐ་སྙད་རྩོད་པའི་ལེའུ་སྟེ་དང་པོའོ།། དེ་ནས་དེ་བཞིན་གཤེགས་པས་ཆོས་ཐམས་ཅད་སྒྲོ་འདོགས་གཅོད་པ་འདིས་གསུངས་སོ། ། ཡེ་ནས་སྙིང་པོ་དབྱེར་མེད་ལ།། ཐེག་པ་ཐམས་ཅད་གཉིས་སུ་འདུས།། སྒྲོ་སྐུར་ཐམས་ཅད་ཡེ་ཤེས་དབྱིངས་སུ་གྲོལ།། ཤེས་རབ་ཆེ་སྟེ་ཆོས་ཉིད་ཀློང་དུ་འབྱམ།། སྙིང་རྗེ་ཆོས་ཏེ་ཕྱོགས་རིས་མེད། ། དེ་ལྟར་ཤེས་ཤིང་རྟོགས་ན་ཐེག་པ་ཆེན་པོ་ཡིན།། གང་ཟག་སེམས་ཉིད་སྟོང་པར་རྟོགས།། ཆོས་ཀྱི་བདག་ཉིད་ཕྱི་རོལ་སྟོང་པར་རྟོགས།། དེ་ལྟར་ཤེས་ཤིང་རྟོགས་ན་ཐེག་པ་ཆེན་པོའོ།། ཐེག་པ་ཆུང་ངུ་ཉན་ཐོས་རང་རྒྱལ་གཉིས། ། འཕགས་པ་ཉན་ཐོས་ལྟ་བ་གྲངས་མེད་ཀྱང།། མཐོང་སྤངས་དང་ནི་སྒོམ་སྤངས་གཉིས་སུ་འདུས།། མཐོང་སྤངས་ཕྱི་ནི་སྣང་བ་འདི།། རགས་པ་མེད་དེ་ཕྲ་རབ་རྡུལ། ། འབྱར་དང་མ་འབྱར་བར་མཚམས་མེད།། སིལ་བུར་གནས་ཏེ་ནེ་སིང་ཚུལ།། སྒོམ་སྤངས་འཛིན་བྱེད་ཤེས་པ་འདི།། དངོས་པོ་མེད་པར་འཆར་བ་འདི།། འཛིན་བྱེད་རིག་པའི་འོད་ཟེར་འདི།། གཟུང་བྱ་ཕྲ་རགས་རྡུལ་ཆ་ལ། ། འབྲེལ་བཅས་འབྲེལ་མེད་འཛིན་པར་འདོད།། ཉི་མ་དང་ནི་ཉི་ཟེར་དང།། སྐམ་པ་དང་ནི་སླ་ང་འོ།། ཡིན་ནི་སྣང་དག་རིག་པའོ།། ཉན་ཐོས་སྤྱད་པ་བསྟན་པ་ཡང།། ལུས་ནི་ཆོས་བདུན་སྒོ་ནས་ཡང། ། སྒྱུ་མའི་ཟས་རྣམས་ཁད་ཀྱིས་བྲི།། ཉན་ཐོས་སྒོམ་པ་བསྟན་པ་ཡང།། དབུགས་ཀྱི་རྒྱུ་བ་ནང་དུ་འཐེན།། ཡིད་ཀྱི་རྒྱུ་བ་རྒྱུན་བཅད་ལ།། སྣ་རྩེར་ཧཱུ~ཾ་ལ་ཤེས་པ་གཏད།། མི་གཡོ་བ་ཡི་ཏིང་ངེ་འཛིན།། རང་རྒྱལ་ལྟ་བ་བསྟན་པ་ཡང། ། ཕྱི་རོལ་གདུལ་བྱ་ལོགས་ན་མེད།། རིག་པའི་ཉི་འོད་སྣང་བའོ།། རིག་པ་ཕྱི་མས་སྔོན་མ་བཟུང།། དཔེར་ན་ཉི་འོད་ཉི་ཟེར་བཞིན།། ཐ་དད་འདོད་པ་མ་ཡིན་ནོ།། སྒོམ་དང་སྤྱོད་པ་སྔར་དང་མཐུན། ། རྡོ་རྗེ་སེམས་དཔས་བརྗོད་པ།། ཕྱི་རོལ་སེམས་ཀྱི་རྩལ་སྣང་ལ།། སྒྱུ་མར་རྟོགས་ཀྱིས་རྨོངས་པ་ཁྱོད།། གདུལ་ཆར་འདོད་པས་འཁྲུལ་པ་ཡིན།། གཟུང་མེད་འཛིན་པས་ནོར་པ་ཡིན།། དོན་ལ་མེད་པས་ལོག་པ་ཡིན། ། དཔེར་ན་སྨིག་སྒྱུ་བསྙེག་པ་འདྲ།། ཡེ་ཤེས་བཀོད་པ་རང་འབར་བ་ལས།། གཉིས་སུ་མེད་པར་བསྟན་པའི་ལེའུ་སྟེ་གཉིས་པའོ།། དེ་ནས་བདེ་བར་གཤེགས་པས་འབྲས་བུ་གཉིས་སུ་མེད་པ་འདི་བརྗོད་དོ། ། ཐེག་པ་ཆེན་པོ་དབྱེར་མེད་གཉིས་སུ་བསྡུས།། རྒྱུ་མཚན་ཉིད་ཀྱི་ཐེག་པ་དང།། འབྲས་བུ་རྡོ་རྗེའི་ཐེག་པའོ།། ཐེ་ཚོམ་ཐམས་ཅད་ཆོས་ཀྱི་དབྱིངས་སུ་གྲོལ།། སེམས་ལ་སངས་རྒྱས་འབྱུང་བར་འདོད་ན་རྒྱུ་ཡི་ཐེག་པ་ཡིན། ། སེམས་ཉིད་འགྱུར་བ་མེད་པར་རྟོགས་ན་འབྲས་བུའི་ཐེག་པའོ།། ཀུན་རྫོབ་སྣང་བ་སྤང་བྱར་འདོད་ན་མཚན་ཉིད་ཐེག་པའོ།། དོན་དམ་ཀུན་རྫོབ་དབྱེར་མེད་རང་ཤར་འབྲས་བུའི་ཐེག་པའོ། ། མཚན་ཉིད་ཐེག་པ་དབུ་མ་སེམས་ཙམ་བཤད།། སེམས་ཙམ་ལྟ་བ་གྲངས་མེད་ཀྱང།། སེམས་ཙམ་རྣམ་པར་བདེན་པ་དང།། སེམས་ཙམ་རྣམ་པར་རྫུན་པ་དང།། སྒོ་ལྔ་རྩལ་བ་ལྟ་བ་གསུམ།། ཁ་དོག་དུ་མ་ཅིར་སྣང་ཀྱང། ། ཤེས་པ་ཆ་མེད་ངོ་བོར་ཡང།། འཁོར་འདས་ཐམས་ཅད་བྱང་ཆུབ་སེམས་སུ་གསལ།། དེ་ཡང་རང་རིག་གསལ་བ་མྱོང་བ་མེད།། སྣང་བ་སྣ་ཚོགས་ཅིར་སྣང་ཡང།། རང་རིག་རང་གསལ་ཆ་མེད་ངོ་བོར་གཅིག། སངས་རྒྱས་རྫུ་འཕྲུལ་ཅིར་སྣང་ཡང།། རང་རིག་རང་གསལ་བརྗོད་མེད་ངོ་བོར་གཅིག། ཁ་དོག་དཀར་དམར་ཅིར་གསལ་ཡང།། ཡེ་ཤེས་འབར་བའི་རང་འོད་ཡིན།། རང་རིག་རང་གསལ་ཆ་མེད་དང། ། ཀུན་གཞི་སྟོང་པའི་རྩལ་ཤར་ཡིན།། རང་རིག་ལྟ་བའི་རྨོངས་པ་ཁྱོད།། རིག་པར་འདོད་ན་སྡུག་བསྔལ་རྒྱུ།། གསལ་བར་འདོད་ན་ངན་སོང་ལྟུང།། ཆ་མེད་འདོད་ན་འཁོར་བར་འཁྱམ།། རང་རིག་རྒྱལ་པོ་ཕྱོགས་མེད་གྲོལ། ། ཅེས་གསུངས་སོ།། དབུ་མའི་ལྟ་བ་གྲངས་མེད་ཀྱང།། ཚེ་མེད་ཚེ་མེན་སྟོན་མེན་གསུམ།། དོན་དམ་འདོད་པ་སྤྲོས་པའི་མཐའ་བརྒྱད་བྲལ།། ཡོད་མཐའ་མེད་མཐའ་སྣང་མཐའ་སྟོང་མཐའ་དང། ། གཉིས་ཀའི་མཐའ་དང་གཉིས་ཀ་མ་ཡིན་མཐའ།། གཅིག་དང་དུ་མའི་མཐའ་དང་བྲལ།། དེ་ནི་བསྒྲུབ་བྱ་ཡོངས་གཅོད་དོན་དམ་འདོད་པའོ།། ཀུན་རྫོབ་འདོད་པ་རྣམ་གཉིས་ལོག་པའི་ཀུན་རྫོབ་དཔེ་བརྒྱད་དོ། ། སབ་མོ་ལྟར་མཐོང་སྨིག་སྒྱུ་ཆུར་མཐོང་དང།། ཐག་པ་སྤྲུལ་མཐོང་ཐོ་ཡོར་མིར་མཐོང་དང།། ནམ་མཁའ་སྐྲ་འཛག་རྨི་ལམ་ལོངས་སྤྱོད་དང།། རྒྱ་མཚོའི་ཆུ་གཟུགས་ནམ་མཁའི་འཇའ་ཚོན་རྣམས།། མེད་པར་སྣང་བས་ལོག་པའི་ཀུན་རྫོབ་བོ། ། ཡང་དག་ཀུན་རྫོབ་གང་ཡིན་པའི།། ཕྱི་རོལ་འབྱུང་ཆེན་ལྔ་པོ་འདི།། རྐྱེན་ལས་སྐྱེས་ལ་དོན་བྱེད་ནུས།། མཐུན་པར་སྣང་ལ་བརྟགས་ན་དབེན།། ཆོས་སྐུའི་རྩལ་དང་ཡེ་ཤེས་འོད་ཀྱི་རྐྱེན་ལས་སྐྱེས། ། སེམས་ཅན་ལས་ཀྱི་སྤྱི་མཐུན་དོན་བྱེད་ནུས།། ལྷ་ལ་བདུད་རྩི་ལྷ་མིན་གོ་མཚོན་དང།། མི་ལ་ས་རྡོ་བྱོལ་སོང་ངམ་གྲོག་དང།། ཡི་དྭགས་རྣག་ཁྲག་དམྱལ་བ་མེ་ཆུར་སྣང།། དེ་ཡང་གཅིག་སྣང་མ་ཡིན་ཐ་དད་པར་རེ་སྣང། ། དེ་ཡང་ཆོས་སྐུའི་རྩལ་ལ་ཡེ་ཤེས་འོད།། སེམས་ཀྱི་བཀྲག་ཤར་རིག་པའི་ཡུལ་ཡིན་པས།། དེ་ནས་ཐམས་ཅད་བརྟགས་ན་དབེན་པའོ།། དེ་ཡང་དགག་བྱ་རྣམ་གཅོད་ཀུན་རྫོབ་འདོད་པའོ། ། རྡོ་རྗེ་སེམས་དཔའ་བརྗོད་པས།། དོན་དམ་ཀུན་རྫོབ་དབྱེར་མེད་ཐམས་ཅད་རང་ཤར་ལ།། ཐ་དད་ཕྱོགས་རིས་བྱེད་པ་ཨེ་མ་རྨོངས་པ་འཁྲུལ།། ཐམས་ཅད་ཆོས་དབྱིངས་འགྱུར་མེད་བརྡལ་བ་ལ། ། སྤྲོས་པའི་མཐའ་བརྒྱད་འདོད་པ་ཨེ་མ་རྨོངས་པ་གོལ།། ཆོས་སྐུ་གཏིང་གསལ་ཡེ་ཤེས་ཀློང་ཡངས་ལ།། དོན་དམ་ཀུན་རྫོབ་དགག་སྒྲུབ་འདོད་པ་ཨེ་མ་རྨོངས་པ་མཆོག། ཆོས་སྐུ་ཀུན་གཞི་རྨོངས་པ་དངོས་མེད་ཀུན་གཞིར་ཤར། ། ཁས་མི་ལེན་གྱི་ལྟ་བ་ཨེ་མ་རྨོངས་པ་འཁྲུལ།། ཅེས་བརྗོད་དོ།། ཡེ་ཤེས་བཀོད་པ་རང་འབར་བའི་རྒྱུད་ལས།། དབྱེར་མེད་པར་སུན་དབྱུང་བའི་ལེའུ་སྟེ་གསུམ་པའོ།། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས། ། རང་ཤར་བ་འདི་བརྗོད་དོ།། སྐྱོན་ཡོན་ཐམས་ཅད་ཆོས་ཉིད་ཀློང་དུ་གྲོལ།། འབྲས་བུ་རྡོ་རྗེ་ཐེག་པ་གཉིས་སུ་བཤད།། ཕྱི་ས་ཐུབ་པ་རྒྱུད་ཀྱི་ཐེག་པ་དང།། ནང་པ་ཐབས་ཀྱི་རྒྱུད་ཀྱི་ཐེག་པའོ། ། ལྟ་བ་ཐམས་ཅད་རང་བྱུང་ཡེ་ཤེས་ཆེན་པོར་གསལ།། སྒོམ་པ་ཐམས་ཅད་ཕྱོགས་ཚིགས་མེད་པས་སྤྱན་རས་གཟིགས།། སྣང་བ་དངོས་པོ་མེད་པས་འཇམ་དཔལ་ཉིད།། རིག་པ་འདུ་འབྲལ་མེད་པས་ཕྱག་རྡོར་ཉིད། ། དོན་དམ་ཀུན་རྫོབ་གཉིས་སུ་མེད་པར་བརྡལ།། གཙང་དང་འཇིགས་པའི་བརྟུལ་ཞུགས་དྲག་པར་སྤྱོད།། འདུ་འབྲལ་མེད་པའི་ཏིང་ངེ་འཛིན་རང་གྲོལ་ཤར།། འགྲོ་བའི་དོན་ལ་ཐུགས་རྗེའི་སྦྱོར་བ་བརྩོན། ། ཨུ་པ་ཡ་ཉིད་བདག་གཞན་མཐའ་ཡས་འདས།། དོན་དམ་རྣམ་དག་ཆོས་ཉིད་སྤྲོས་དང་བྲལ།། འབྱེད་པ་མེད་པའི་ཏིང་འཛིན་ཕྱོགས་དང་བྲལ།། ཀུན་ཛོབ་རིགས་བཞི་རྡོ་རྗེ་འབར་བ་འཕྲོ།། སྣང་བ་སྤྱན་རས་སྟོང་པ་འཇམ། ། དབྱེར་མེད་ཕྱག་རྡོར་རང་གྲོལ་རྣམ་སྣང་ཉིད།། བདེན་པ་གཉིས་མེད་ཐམས་ཅད་རང་ཤར་འབར།། བདེ་བའི་རྒྱལ་པོ་ཡེ་ཤེས་འབར་བའི་གཙོ།། ཡོ་གའི་ལྟ་སྤྱོད་འགྲོ་ཉིད་ནི།། རྣམ་པར་དག་པའི་ཆོས་ཉིད་རྡུལ་དང་བྲལ། ། བལྟ་རུ་མེད་པའི་ཏིང་འཛིན་ཉམས་དང་ལྡན།། སྤྱད་དུ་མེད་པའི་རྩོལ་བས་བདེ་བ་འབྱིན།། ཀུན་རྫོབ་སངས་རྒྱས་རྫ་མོ་རླགས་པ་ཙམ།། མི་མངོན་དབྱིངས་ནས་གཉིས་སུ་མེད་པར་ཞུགས། ། འགྲོ་བའི་དོན་ལ་ཐུགས་རྗེ་རྒྱ་མ་ཆད།། རིས་དང་སྐུ་མདོག་ཕྱག་མཚན་ངེས་མེད་སྣ་ཚོགས་སྣང།། གཉིས་སུ་མེད་པའི་སྦྱོར་བས་ཁམས་གསུམ་འཁོར་བ་འདྲེན།། རྡོ་རྗེ་སེམས་དཔའ་བརྗོད་པས། ། ཡེ་ནས་སྙིང་པོ་དབྱེར་མེད་བདེ་བ་ཆེན་པོ་ལ།། དོན་དམ་ཀུན་རྫོབ་བཟང་རྟོག་ལྟ་བ་རྨོངས་པ་འཁྲུལ།། ཡེ་ཤེས་ཆོས་དབྱིངས་ཆེན་པོས་བརྡལ་ཁྱབ་འབར་བ་ལ།། གཉིས་སུ་མེད་པའི་ཐུས་རྗེ་སྐྱེ་བོ་རྨོངས་པ་གོལ། ། ཡེ་ནས་སྟོང་ཉིད་ཀློང་ཆེན་འབྱལ་པ་ལ།། གཙང་དང་ལྷར་ལྟ་རྨོངས་པ་ཨེ་མ་འཁྲུལ།། ཅེས་བརྗོད་དོ།། གསང་བ་བསྐྱེད་རྫོགས་གསུམ་གྱི་འགྲོ་ཉིད་དོ།། སྐྱོན་ཐམས་ཅད་ཆོས་ཉིད་ཀློང་དུ་གྲོལ།། གྲུབ་མཐའ་ཐམས་ཅད་བསྐྱེད་རྫོགས་གསུམ་དུ་འདུས། ། རེ་དོགས་ཐམས་ཅད་ཡེ་ཤེས་ཀློང་དུ་གྲོལ།། གཞི་ནི་སེམས་ཉིད་སྟོང་གསལ་ལ།། སྣང་བ་ལྷ་དང་ལྷ་མོའི་དཀྱིལ་འཁོར་ཆེན་པོར་དག། སེམས་ཉིད་རྩལ་སྣང་ཐབས་དང་ཤེས་རབ་འདུ་འབྲལ་མེད། ། སྣང་བ་ལྷའི་དཀྱིལ་འཁོར་ལ་རང་གྲོལ་དབྱིངས་སུ་དག་པ་དང།། རིག་པའི་ཆེ་འཕྲུལ་དབྱིངས་དབང་དང་ཡེ་ཤེས་འགྱུར་མེད་བདེ་བར་ལྟ།། སྣང་བ་ཕྱོགས་རིས་ཐམས་ཅད་དང་བྲལ། ། སྣང་བཞིན་མི་གནས་ངོ་བོ་ཉིད།། རིག་པ་རང་སྣང་ཐམས་ཅད་འགྱུར་མེད་ཀློང་ཆེན་བརྡལ།། དཔེར་ན་རྒྱལ་པོ་རྗེ་དང་འབངས་ཀྱི་ཚུལ་ཉིད་དོ།། མ་ཧཱ་ཡོ་ག་བདེ་ཆེན་ངང་ལས་གྲོལ།། སྣང་སྟོང་དབྱེར་མེད་བྱང་ཆུབ་སེམས་ལ་རྫོགས། ། ཐབས་ནི་སྣང་བ་ཞི་ཁྲོའི་དཀྱིལ་འཁོར་ལ།། ཤེས་རབ་ཐམས་ཅད་སྟོང་གསལ་སེམས་སུ་རྫོགས།། བདེ་བ་ཆེན་པོ་ཐུགས་ཀྱི་དཀྱིལ་དུ་འབར།། ཤེས་རབ་ཆེན་པོས་རྟོགས་ཚོད་ལྷ་རུ་དག། ཏིང་འཛིན་རྒྱལ་པོས་སྟོང་གསལ་ཆེན་པོར་དག། ཨུ་ནུ་བདེ་བ་ཆེན་པོས་རང་གྲོལ་བས།། སྣང་བ་ཐམས་ཅད་དབྱིངས་ཀྱི་ཀླཽང་དུ་གྲོལ།། གསལ་བ་ཐམས་ཅད་ཡེ་ཤེས་ངང་དུ་དག། རིག་པ་ཐམས་ཅད་བདེ་བ་ཆེན་པོར་ཤར། ། ཏིང་འཛིན་ཐམས་ཅད་རྩོལ་སྒྲུབ་མེད་པར་དག། སྤྱོད་པ་ཐམས་ཅད་རང་སངས་ཆེན་པོར་གྲོལ།། ལྟ་བ་ཐམས་ཅད་རྒྱ་ཡན་ཆེན་པོར་འབྱམས།། རེ་དོག་ཐམས་ཅད་ཆོས་ཉིད་ངང་དུ་འབྱམ། ། སྐྱོན་ཡོན་ཐམས་ཅད་རང་བྱུང་ཀློང་དུ་དག། ཟག་མེད་བདེ་བའི་ངང་དུ་ཐམས་ཅད་རྫོགས།། དེ་ལ་རྡོ་རྗེ་སེམས་དཔས་བརྗོད་པས།། ཆོས་སྐུ་འགྱུར་མེད་ཡེ་ཤེས་འགྱུར་མེད་ཆེན་པོ་ལ།། སྣང་སྟོང་འདོད་པ་ཨེ་མ་འཁྲུལ། ། ཆོས་དབྱིངས་ཀློང་ཆེན་མུ་མཐའ་ཡས་པ་ལ།། འདུ་འབྲལ་མེད་པ་འདོད་པ་ཨེ་མ་བདག་རེ་གོལ།། ཡེ་ཤེས་སྙིང་པོ་གཏིང་གསལ་འགྱུར་མེད་ལ།། ལྟ་སྒོམ་སེམས་ཉིད་རྟོག་པ་ཨེ་མ་རྨོངས་པ་ལོག། ཅེས་བརྗོད་དོ།། རྫོགས་ཆེན་ཨ་ཏི་ཀུན་གྱི་དངོས་གཞིར་ཤར།། དངོས་མེད་རང་བྱུང་ནམ་མཁའི་བྱ་ལམ་འདྲ།། གཏིང་གསལ་འགྱུར་མེད་ནམ་མཁའི་གདངས་དང་འདྲ།། མ་སྤྲོས་བརྡལ་ཁྱབ་ནམ་མཁའི་མཐའ་དང་འདྲ། ། མ་ལྟས་ཡེ་གསལ་ནམ་མཁའི་དབྱིངས་དང་འདྲ།། མ་སྐྱེས་ཡེ་རྫོགས་ནམ་མཁའི་ཀློང་དང་འདྲ།། ཡེ་ཤེས་བཀོད་པ་རང་འབར་བ་ལས།། གསང་སྔགས་བཅུད་ཕྱུང་བའི་ལེའུ་སྟེ་བཞི་པའོ། ། དེ་ནས་བདེ་བར་གཤེགས་པས་ཡང་དག་འདི་བརྗོད་དོ།། མི་གཡོ་བའི་ཏིང་ངེ་འཛིན་དང།། མི་གནས་པའི་ཏིང་ངེ་འཛིན་དང།། མི་འདའ་བའི་ཏིང་ངེ་འཛིན་དང།། མི་བསྐྱོད་པའི་ཏིང་ངེ་འཛིན་དང།། མི་སྲོང་བའི་ཏིང་ངེ་འཛིན་དང། ། མི་མཉམ་པའི་ཏིང་ངེ་འཛིན་དང།། མི་དམིགས་པའི་ཏིང་ངེ་འཛིན་དང།། མི་བྱེད་པའི་ཏིང་ངེ་འཛིན་དང།། མི་འགྱུར་བའི་ཏིང་ངེ་འཛིན་ནོ།། སྣང་བ་ཆོས་སྐུའི་རང་འོད་ལས། ། ཆགས་ཞེན་ཐམས་ཅད་རོལ་པ་ཆེན་པོར་ཤར།། དངོས་པོ་ཐམས་ཅད་ཆོས་སྐུའི་རྩལ་སྣང་ལ།། འདོད་པ་ཐམས་ཅད་བྱང་ཆུབ་ཆེན་པོར་ཤར།། དབང་པོ་ལྔ་ཉིད་ཡེ་ཤེས་ལམ་ཆེན་ལ།། ཤར་བ་ཐམས་ཅད་རང་གྲོལ་ཆེན་པོར་ཤར། ། རིག་པ་ཐམས་ཅད་རང་བྱུང་ཡེ་ཤེས་ལ།། སྡུག་བསྔལ་ཐམས་ཅད་ཡེ་ཤེས་རོལ་པར་ཤར།། ཆོས་སྐུ་འགྱུར་བ་མེད་པ་ལ།། སྐྱེ་ཤི་ཐམས་ཅད་སྟོང་ཉིད་ངང་དུ་འཇམས།། ཡེ་ཤེས་བཀོད་པའི་རྒྱུད་འབྲས་བུའི་ཆོས་རྫོགས་སོ། །།། རྒྱ་གར་སྐད་དུ། པན་ཙ་པི་ཏ་ག་རྦྷ་སཱུ་ཏྲ་ཏན་ཏྲ་ནཱ་མ། བོད་སྐད་དུ། མདོ་ལྔ་སྙིང་པོ་ཞེས་བྱ་བའི་རྒྱུད། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་བདེ་བ་ཆེན་པོའི་ཀློང་ལ་ཕྱག་འཚལ་ལོ། རོ་ལངས་བདེ་བས་ཚིགས་སུ་བཅད་པའོ།། ལེའུ་བཅུ་གཉིས་པའོ།།།། རྫོགས་སོ།།།། མིསསིང་མ་ཨིསསིང་མ་ཨིསསིང་མ་ཨིསསིང་མ་ཨིསསིང་མ་ཨིསསིང་མ་ཨིསསིང་མ་ཨིསསིང་མ་
CLOSE WINDOW