Wylie |
ཨྠི+ྀ།། སངས་རྒྱས་འདུས་པ་མན་ངག་གི་རྒྱུད་ཅེས་བྱ་བ། ཎ་མྟོ་བྷ་རི། དཔག་བསམ་གྱི་ལྗོན་ཤིང་ལ། གཡུ་ཡི་བྱ་ཁུ་བྱུག་སྒྲ་སྒྲོག་པའི་མན་ངག། བཅོམ་ལྡན་འདས་བདུད་རྩི་ཡེ་ཤེས་ཀྱི་སྙིང་པོ་ལ་ཕྱག་འཚལ་ལོ།། བདག་མེད་ཤེས་རབ་འོད་གསལ་བ།། མཁའ་ལྟར་དངོས་མེད་ཡེ་ཤེས་སྐུ།། མི་བསྐྱོད་རྡོ་རྗེ་བྱང་ཆུབ་སེམས།། འགྲོ་མགོན་རྡོ་རྗེ་སེམས་དཔར་བཤད། ། རྡོ་རྗེ་སེམས་དཔས་ཡེ་ཤེས་རང་བྱུང་དུ་བསྟན་པའི་ལེའུ་སྟེ་དང་པོའོ།། མཱཔྟཡནྱཎར། བཛྲ་ཨཎ་ཛྷ་སུ་པྲཱ་ཊཱི། རང་སྣང་གི་ནམ་མཁའ་ལ་གསེར་གྱི་བྱ་ཁྱུང་ལྡིང་བའི་མན་ངག། སྤྲོས་མེད་རང་བཞིན་འོད་གསལ་བ། ། སངཤ་རྒྱས་ཀུན་གྱི་འབྱུང་གནས་ཏེ།། ནམ་མཁའ་ལ་ནི་སྒྲོན་མ་བཞིན།། གཅིག་ཏུ་རབ་ཏུ་ཆེ་བའི་ལྷ།། རྨོངས་པའི་མུན་པ་སེལ་བའི་འོང།། བདག་ཉིད་ཀུན་ཏུ་གྲགས་པའི་སྐུ།། རྒྱ་མཚོ་གཏིང་གི་ལྟོས་འགྲོ་བ། གང་ལ་ཡིད་ཀྱིས་རྒྱུག་པ་བཞིན།། ཤེས་རབ་ཡིད་ཀྱི་རྡུང་གཅོད་པ།། མ་བསྐྱོད་མཁའ་ལ་དེ་བཞིན་གཤེགས།། གནས་མེད་གནས་ལ་འོང་གསལ་བ། ཡེ་ཤེས་སྐུ་དེ་རང་སྣང་ངོ།། དོན་ལ་ངེས་པའི་ལུང་བསྟན་པ། ། རྟོག་པའི་སྨྲ་བསམ་ཡུལ་ལས་འདས།། ཟག་པ་མེད་པའི་ཡེ་ཤེས་རང་སྣང་བའི་ལེའུ་སྟེ་གཉིས་པའོ།། ཨཧཱུ་ས་སྨཧི་ཥྟ་པཱ་ར་རཱི། ལྷུན་པོའི་རྩེ་ནས་རིན་པོ་ཆེ་གསེར་གྱི་ཉི་མ་སྟོང་འཕྲོ་བའི་མན་ངག། རྣམ་དག་རྡོ་རྗེའི་རྩེ་མོ་ལ།། རང་བྱུང་ཡེ་ཤེས་འོད་གསལ་བ།། དགའ་བོ་གཙུག་གི་ནོར་བུ་ལྟར།། ཡོན་ཏན་ཐམས་ཅད་འབྱུང་བ་ནི།། ནམ་མཁའི་སྤྲིན་དང་ཆར་གྱི་ཆུ།། གཞལ་ཡས་རིན་ཆེན་རྩེ་མོ་ནས། ། མི་བསྐྱོད་རྡོ་རྗེ་སེམས་དཔའི་སྐུ།། བགྲོད་མེད་རྣམ་པར་གྲོལ་བའི་ལམ་སྟོན་པ།། སྣང་བ་མཐའ་ཡས་སྤྲུལ་སྐུ་བྱང་ཆུབ་སེམས།། ཉི་མ་འབུམ་གྱིས་འོད་ཟེར་རབ་སྣང་ལྟར།། འཇིག་རྟེན་དྲུག་གི་ཕྱོགས་བཅུར་སྣང་བར་འགྱུར། ། ཉག་གཅིག་ཀུན་ཏུ་གྲགས་པའི་ལེའུ་སྟེ་གསུམ་པའོ།། གྱརླཡང་ནྐཡན་རཱ། སཱང་གྷ། ཏྲཾ་ཛྫཱ་ཌི། བསམ་རྟུགས་ཀྱི་ལྷ་ཁང་ན། རྫ་མཁན་གྱི་བུ་མོ། རྒྱལ་མཚན་གྱི་རྩེ་ལ་གསལ་ཤིང་གི་སྒྲོན་མེད་འཇུག་པའི་མན་ངག། རྣམ་དག་བྱང་ཆུབ་སེམས་ལ་བཀོད་མེད་ཡེ་ཤེས་གསལ།། མ་རིག་སྒོ་ངའི་སྦུབས་ཕྱེ་གསལ་བར་བསྟན།། རྟོག་པའི་དྲཝ་བ་གཅོད་པའི་ཤེས་རབ་མཚོན།། རྡོ་རྗེའི་རྩེ་ལ་ཡེ་ཤེས་རང་གསལ་བ། ། ནང་མེད་ནང་ནང་རང་བྱུང་ཉག་གཅིག་པོ།། ཐོབ་རྒྱུ་མེད་པའི་འབྲས་བུ་ཉག་གཅིག་པོ།། ཤེས་རབ་ཕ་རོལ་ཕྱིན་པའི་གོམ་གཅིག་པོ།། བཙལ་དུ་མེད་པའི་དགོངས་པ་ཉག་གཅིག་པོ།། སྟོབས་ཀྱི་ཕ་རོལ་ཕྱིན་པའི་གོམ་གཅིག་པོ། ། དྲི་མེད་ཀློང་དུ་གྱུར་པའི་བདག་མེད་ཡེ་ཤེས་སྐུ།། དྲི་མེད་ཤེས་རབ་ཀློང་ན་རབ་གསལ་བའི།། ཆོས་སྐུ་ཤེས་དགོངས་རང་བཞིན་རྣམ་པར་དག། རིག་པ་རང་གི་ངོ་བོ་བསྟན་པའི་ལེའུ་སྟེ་བཞི་པའོ། ། ཨ+ཡ་སཧ་ཨལ། ཁྲཾ་ཀྷར་བྷ་ཡ་བྷ་ཌྱ། ལྕགས་ཀྱི་ཀ་རྒུ་སྒྲིལ་ལ།། གྱང་ཆེན་པོ་ལྔ་ཕོང་འགྲན་པའི་མན་ངག། ཡེ་ཤེས་ཡོངས་སུ་གཅོད་པའི་ལ།། བྱང་ཆུབ་སེམས་ཀྱི་རྣམ་པར་གཅོད་པ།། མཚོན་པའི་ཡེ་གེ་བརྡ་སྦྱོང་ནི། ། རྒྱལ་བའི་ཞལ་ནས་གསུངས་པ་ཡིན།། མེ་ཏོག་པདྨའི་སྙིང་པོ་ལ།། ཉི་མའི་འོད་ཟེར་ཤར་བ་ལྟར།། དྲི་མེད་དག་པའི་ཆོས་སྐུ་ལ།། དྲི་མེད་དག་པའི་ཚིག་བརྗོད་པས།། དོན་དམ་ཉིད་དུ་སྤྲོས་དང་བྲལ། ། ཡང་དག་དོན་གྱི་མེ་ལོང་ལ།། ཡང་དག་དོན་གྱི་བདག་སྣང་བ།། བདག་གི་བདག་ཉིད་དེ་མཐོང་འགྱུར།། བདག་ཉིད་ཆེན་པོའི་དོན་བརྗོད་ན།། ཤེས་རབ་ཉིད་ཀྱིས་ཤེས་རབ་ལྟོས།། ཤེས་རབ་བདག་མེད་མྱ་ངན་འདས། ། རང་བྱུང་གི་ཡེ་ཤེས་ཆོས་ལས་གྲོལ་བར་བསྟན་པའི་ལེའུ་སྟེ་ལྔ་བའོ།། ཡཀཅ་ཨལནྱ། མཱ་ནཱ་ཨཧ། ཤྟང་ལྷ། རཱམཧ། ཡཱཎ། ཆུ་བོ་གྷ་གྷ་ལ། རྐྱལ་ཆེན་པོ་གཉིས་སྟོབས་འགྲན་པའི་མན་ངག། ནམ་མཁའི་མཐོངས་ནས་སྣང་གསལ་གྱི་ཉི་ཟླ་ཤར་བས། ཉིན་མོ་དང་མཚན་མོ་གཉིས་མེད་དོ།། ཆོས་ཉིད་ཀྱི་ཀློང་ནས་མན་ངག་གི་ཏི་ཀ་ཤར་བས། དགོངས་པ་ལ་མཚམས་མེད་དེ།། སྒོམ་དུ་མེད་པའི་ལྟ་བ་ཉིད་ཞི་གནས་དང་ལྷག་མཐོང་ཟུང་དུ་འབྲེལ་བའི་དུས་སུ། སངས་རྒྱས་ཀྱི་དགོངས་པ་མཐར་ཕྱིན་པའོ།། བྱང་ཆུབ་སེམས་དཔའ་ཆོས་ལ་གནས་ཤིང་བློ་ཡུལ་དུ་བྱེད་པ་རྣམས་ནི། ཡིད་ཀྱི་འདུ་ཤེས་ཡུལ་ལ་བསྡུས་ཏེ་བཙལ་བ་མེད་པ་ལ་བཙལ་བའི་འདུ་ཤེས་ཀྱིས་ཚིག་གི་སྒྲོན་མ་ངེས་པའི་ཚད་བཞག་སྟེ། སེམས་དང་ཡེ་ཤེས་ཁམ་པ་དང་བུམ་པའི་ཚུལ་དུ་གནས་པས། བདེན་པ་ལ་རེས་འཇོག་འབྱུང་སྟེ། མོས་པ་སྤྱོད་པའི་ས་སྟཻ། དོན་དམ་པའི་ད་གོངས་པ་ནི་མ་ཡིན་ནོ། ། ཞེས་རྡོ་རྗེ་སེམས་དཔའ་ཉིད་ཀྱིས་གསུངས་སོ།། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་དགོངས་པ་ཤན་དབྱེ་བའི་ལེའུ་སྟེ་དྲུག་པའོ།། པྲཱ་སཱ་རཱ་མ་ཧཱ་པྲ་སཱ་རྭ་དྷར་མ་ཛྙཱ་ན། རྫི་གསེར་གྱི་རླུང་ལ། རྫུ་འཕྲུལ་གྱི་ལྷ་མོ་ཞགས་པས་འགུགས་པའི་མན་ངག། ཡིད་རང་བྱུང་གི་ཡེ་ཤེས་རླུང་གི་ལྷ་མོ་མིག་གཅིག་མ་ལ་ཞོན་ཏེ། དྲང་སྲོང་སྐར་མདའི་བུ་མོ་བདེ་བ་ཟག་མེད་ཀྱི་ལམ་དུ་བྱུང་ནས། ཡེ་ཤེས་ཀྱི་ལྷ་མོ་རྒྱན་གྱི་ཉི་མའི་འོད་ཀྱི་འཁོར་ལོས་བཟུང་བའི་དུས་ན། རྣམ་དག་ཡེ་ཤེས་ཀྱི་ལུས་ཅན་ཞེས་བྱ་སྟེ། མངོན་པར་རྫོགས་པར་སངས་རྒྱས་སོ།། དེའི་ཚེ་དེ་དུས་སུ་དེ་ཉིད་ལ་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་འཆར་ཏེ། ཡང་དེའི་ཚེ་དེའི་དུས་སུ་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱིས། གྲོལ་བས་གྲོལ་བའི་ལམ་སྟོན་པར་འགྱུར་རོ།། སངས་རྒྱས་པའི་ཐབས་མཆོག་ཏུ་གྱུར་པ་བསྟན་པའི་ལེའུ་སྟེ་བདུན་པའོ། ། དྭར་ཎྱ་རྱ་བུ་མཱ་ཎཱ་ཛྷུ་ཥཱི། ཨ་པྲ་ཏི་ནཱ་མ། གཡུའི་ལུ་མ་ལ་བྲམ་ཟེའི་བུ་མོ་དངུལ་གྱི་བུམ་པ་འགེངས་པའི་མན་ངག། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། རྒྱལ་མཚན་གྱི་རྩེ་མོ་ལ་ནོར་བུ་རིན་པོ་ཆེ་བཏགས་ཏེ། མི་དེས་ཡོངས་སུ་མཆོད་པ་ཆེར་བྱས་ན། དོན་འཐུན་པ་རྗེས་སུ་གྲུབ་པ་ལྟར། སྙིང་པོ་བྱང་ཆུབ་མཆོག་གི་ཐིག་ལེ། བཀའ་ལུང་གི་ཕྱྀ་མོར་ཤེས་ཤིང་རིག་ན། ཆོས་ཐམས་ཅད་ཀྱི་མདོ་དང་རྒྱས་པར་ཤེས་པར་འགྱུར་རོ། ། ལུང་ཐམས་ཅད་ལས་གྲོལ་བར་འགྱུར་ཏེ། སེམས་ཅན་གྱི་དོན་འཇོལ་ཉོག་ཏུ་སྤྱད་ཀྱང། རང་གི་ངོ་བོ་མི་འགྱུར་བའི་དཔེ་རྒྱ་མཚོ་དང་ཆུ་བྲན་གྱི་ཚུལ་ལོ།། བྱང་ཆུབ་ཀྱི་སྙིང་ལ་བྱང་ཆུབ་ཀྱི་མྱུ་གུ་སྨིན་པའི་དུས་སུ། ། མཚན་མ་ཐམས་ཅད་རང་གྲོལ་དུ་རང་ཤར་བའོ།། དོགས་པའི་འདུ་ཤེས་ཐམས་ཅད་རབ་ཏུ་ཉེ་བར་ཞི་ནས་མེ་ལོང་གི་ངོ་ལ་ཉི་མ་ཤར་བ་ལྟ་བུའོ།། ཐུགས་རྗེ་ལ་དབྲི་དཀྲོལ་མེད་པའི་ལེའུ་སྟེ་བརྒྱད་པའོ། ། ཝ་ཁྲ་རཱ་གླཱནྱ། པཱ་ནྷ་ཀཱ་ཌྱ་དྷ་ཥཱ་མྨཱ། གཅན་གཙན་གྱི་རྒྱལ་པོ་སེང་གེ་ལ། ཏི་པ་རིལ་བུ་ལྕགས་ཐག་འདོགས་པའི་མན་ངག། བྱང་ཆུབ་སེམས་དཔའ་རྣམས་རབ་ཏུ་ཉོན་ཅིག། ཐུགས་རྗེ་ཆེན་པོ་ནམ་མཁའ་ཀློང་ཡངས་ཀྱི་རྒྱུད་ནི་དཔངས་མཐོ། རྡོ་རྗེ་བརྗེད་གནོད་ཀྱི་རྒྱུད་ནི་གཏིང་ཟབ། ཐིག་ལེ་དུམ་དུམ་ཁྲིགས་ཀྱི་ཕྱོགས་ནི་བརྟག་དཀའ།། གང་ཟག་རྣམས་ཀྱི་ཆོས་ནི་དཔེ་ཐོག་ཏུ་ལུས་པས།། རྣམ་པར་གྲོལ་བའི་ཡེ་ཤེས་ཐོབ་པ་ནི་ཤིན་ཏུ་དཀའ་ན། གཟུགས་ཀྱི་ཕུང་པོ་ཕྱི་སྣོད་ཀྱི་འཇིག་རྟེན་ཡེ་ཤེས་ཀྱི་གཞལ་མེད་ཁང་རྒྱན་མ་བཀོད་པར་བས།། བརྟེན་པའི་ཡེ་ཤེས་རང་རྫོགས་ཏེ།། སངས་རྒྱས་ཀྱི་ས་ནས་སངས་རྒྱས་ཀྱི་ཞིང་དུ་བགྲོད་དུ་མེད་པའི་ལམ་ལ་དབུགས་ཀྱི་རྟ་ལ་སྐད་ཅིག་མ་ལ་སེང་གེ་མཆོད་སྟབས་ལྟ་བུའོ། ། ནང་བཅུད་ཀྱི་འཇིག་རྟེན་ཉོན་མོངས་པ་ལྔ་རང་བྱུང་གི་སངས་རྒྱས་ལྔ།། སྐུ་མདོག་དང་ཕྱག་མཚན་རྒྱན་དང་ཆ་ལུགས་མཚན་དང་དཔེ་བྱད་དུ་མངོན་པར་སངས་རྒྱས་ཏེ། ཐུགས་རྗེ་ཐམས་ཅད་ཀྱི་འབྱུང་གནས་ཚད་མེད་པ་བཞིའི་སྒོ་རང་བྱུང་དུ་བསྟན་པའོ།། སྣོད་བཅུད་གཉིས་སུ་མེད་པའི་ངང་ནས། རང་བྱུང་གི་འབྱུང་བ་ཆེན་པོ་ཡེ་ཤེས་རང་ཆས་སུ་གནས་པས། ། སྒྱུ་མ་ལྟ་བུའི་སྐུ་རང་སྣང་གི་འོད་གསལ་བས།། བདེ་བ་ཆེན་པོ་ཆོས་ཀྱི་སྐུས་ཁྱད་དུ་འཕགས་སོ།། སྐྱེས་བུ་སྙིང་སྟོབས་དང་ལྡན་པས་རྟོགས་པ་ཁྱད་པར་ཅན་ལ་སྤྱོད་པ་ནི། ནམ་མཁའ་སྒྲ་ནམ་མཁའ་ལ་ཐིམ་པ་བཞིན་ནོ།། ཐིག་ལེ་ཉག་གཅིག་རྟོག་གེ་བའི་སྤྱོད་ཡུལ་མིན་པར་བསྟན་པའི་ལེའུ་སྟེ་དགུ་པའོ།། ཨཱ་མྱ་ཧ་ཧུ་ཝ། མ་ཧཱ་ཛྙཱ་ཡ་ཧཱ་ཀྵཱ་ཀཱ་ཡ། རྒྱལ་བུ་རྩིབས་ཀྱི་མུ་ཁྱུད། ནམ་མཁའི་འཇའ་ཐུར་དུ་འཇུག་པའི་མན་ངག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཆོས་ཐམས་ཅད་ལ་སྤྱོད་པའི་མཐའ་མ་སྐྱེས་པར། རྟོག་པའི་མཐའ་མི་ཆོད་དོ།། གང་ཡོངས་སུ་མ་ཤེས་པར་གང་གིས་ཡོངས་སུ་སྒྲིབ་བོ། ། གང་ཡོངས་སུ་མ་བླངས་པས། གང་གི་མཐར་མི་ལྟུང་ངོ།། གང་གི་མཐར་མ་ལྟུང་བས། ཀུན་གྱི་བདག་ཉིད་ཆེན་པོ་ཞེས་བྱའོ།། འདོད་པ་མེད་པར་ཉེ་བར་ལེན་པ། ཡེ་ཤེས་ཀྱི་ཕུང་པོ་དང། འཇུག་པ་མེད་པ་རྡོ་རྗེའི་སྙིང་པོའི་ལམ་དུ་འཇུག་པ། གནས་པ་མེད་པ་ཀུན་ཏུ་བཟང་མོ། སྤྲོས་པ་ཐམས་ཅད་ཉེ་བར་ཞི་བ། བདག་ཉིད་མེད་པའི་བདག་ཉིད་ཆེན་པོ། སྙིང་པོ་བྱང་ཆུབ་ལ་མངོན་པར་བཞུགས་པའོ།། ཤེས་བཞིན་དུ་མི་གནས་པར་བསྟན་པའི་ལེའུ་སྟེ་བཅུ་བའོ། ། ཏ་ཁ་ལ་ཨཀ་པ། སརྦ་ཏཱ་ཐཱ་གྷ་ཌཱ་བ་ཛྲཧ་ཨ་ཨཱུ། རྡོལ་བ་ལག་ཤ་ནའི་བུ་མོ་སྨ་ཤ་གྲོང་རྒྱུན་མ། ལྷའི་དབང་པོ་བརྒྱ་བྱིན་ལ་བག་མར་འགྲོ་བའི་མན་ངག། ཐོག་མ་རང་བཞིན་ལྷུན་གྱིས་གྲུབ་པའི་སངས་རྒྱས། རྒྱུ་དང་རྐྱེན་ལ་རག་མ་ལུས་པས། ཐ་མ་རྐྱེན་དབང་མི་འགྲོ་སྟེ། ཆོས་ཐམས་ཅད་ཀྱི་ཐུག་ས་བོ། རྟོག་པ་མངོན་དུ་གྱུར་པའི་སངས་རྒྱས་ཆོས་ཀྱི་སྐུ་ཞེས་བྱ་བ་མ་བཅོས་པ། རང་བྱུང་དང་རང་སྣང་དུས་མཚུངས་པ། རྩོལ་བའི་ནད་ཐམས་ཅད་སྤངས་པ། ཤེས་བྱ་ལ་ཐོགས་པ་མེད་པ། གཞི་དེ་ཁོ་ན་ཉིད་རང་གི་ཡུལ་དུ་བྱེད་པས། རང་བྱུང་དང་རང་བྱུང་གི་ཡེ་ཤེས་གཉིས་ཆུ་དང་ལན་ཚྭའི་རོ་ལྟ་བུའོ། མ་རིག་པ་རིག་པར་ཤར་བའི་ལེའུ་སྟེ་བཅུ་གཅིག་པའོ།། པྣ་ཏྱ་ཏཾམྱ། ཙཱ་ཚཱ་ཛ་ཛྫ། སྨན་གྱི་ཆུ་མིག་མགོ་གསུམ་ལ། བྱེ་བྲག་ཐམས་ཅད་འདུ་བའི་མན་ངག། ལུང་ཏི་ཀ་ཆེན་པོ་བཞི་དགོངས་པ་ཐམས་ཅད་ཀྱི་ཕུག་བསྟིམ་པས། སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བའི་མན་ངག་ལ། རྒྱུད་ཐམས་ཅད་ཀྱི་སྙིང་པོ་སངས་རྒྱས་འདུས་པ་མན་ངག་གི་རྒྱུད་དང། ལུང་ཐམས་ཅད་ཀྱི་མདོ་ལུང་བམ་པོ་གསུམ་པ་དང། མན་ངག་ཐམས་ཅད་ཀྱི་དེ་མས་ཏི་ཀ་ཆེན་པོ་བཞིའི་བོན་པོའོ། དཔེར་ན་སྦྲ་པའི་གུང་ཤིང་ལྟ་བུ་སྟེ། ཆོས་ཐམས་ཅད་ཀྱི་སྙིང་པོ་རྡོ་རྗེ་སེམས་དཔའ་ཐུགས་ཀྱི་གསང་བ། དོན་གྱི་ཡེ་ཤེས་ཤེས་རབ་རང་བྱུང་དུ་བསྟན་པའོ། ། ཕྱི་ནང་སྣོད་བཅུད་སྡེ་སྣོད་ཐམས་ཅད་འདི་ཡི་ཁོངས་སུ་མ་འདུས་པ་མེད་པས། བཀའ་རྫོགས་པ་ཆེན་པོ་ཞེས་བྱ། བྱེ་བྲག་ཆུ་ལ་འདུ་བ་ལྟ་བུ་སྟེ། བརྡ་དང་དོན་དུ་འབྱོར་བའོ། ཆོས་ཐམས་ཅད་ཀྱི་བདག་ཉིད་གཅིག་པར་བསྟན་པའི་ལེའུ་སྟེ་བཅུ་གཉིས་པའོ། ། ཨཱ་ས་ཨཁ། བཛྲཱ་པཱ་ནཱི་པྲཱ་སཱ་རཱ་ཏཱ་ཎཱ་ཏཱ་འདུ་པྲ་ཡཱ་ནཱ་མཧི། གཡུང་དྲུང་གི་ཀ་བ་བཞི་སྟེང་ན། རིན་པོ་ཆེ་སྣ་ལྔའི་མཆོད་རྟེན་རང་བྱུང་སྟེ། མུ་ཏིག་གི་འཁོར་ལོ་ལ། རིན་པོ་ཆེ་བྱུར་བུའི་རྒྱལ་མཚན་བཙུགས་ནས། གཡུའི་བྱ་ཁུ་བྱུག་སྐད་ལན་གསུམ་སྒྲོགས་པའི་མན་ངག། ཐུན་མོང་མ་ཡིན་པའི་དགོངས་པ་ཁྱད་པར་དུ་འཕགས་པའི་རྒྱུད་བཞི་ལ། མན་ངག་གི་རྒྱན་ལྔས་སྤས་ཏེ། བཤད་རྒྱུད་གསུམ་གྱིས་ཤེས་པའི་མཐའ་བཀྲོལ་ནས། སངས་རྒྱས་ཡེ་ཤེས་ཀྱི་ལུས་ཅན་དུ་རྣམ་པར་གྲོལ་བའི་དུས་ན། ཆོས་ཐམས་ཅད་ལ་མ་རྨོངས་པའི་ཤེས་རབ་ལྷག་པ་རང་བྱུང་དུ་སྐྱེ་བར་འགྱུར་ཏེ། བརྡ་དང་སྒྲ་དང་ལུང་སྟོན་པ་བདེ་བ་ཅན་ལས་ཀྱང་གསུང་རིག་པའི་ཁུ་བྱུག་སྒྲ་སྒྲོགས་པར་འགྱུར་རོ།། ཆོས་ཅན་དང་ཆོས་ཉིད་མི་འགལ་བར་བསྟན་པའི་ལེའུ་སྟེ་བཅུ་གསུམ་པའོ།། རྟསྩགྦ། མྨ་དྷ་ལཾའཧཾ་ས་འདུ་དྷྲཱ་ཧྲཱི་སཱཾ་བྷ་སཾ་བྷ། མ་ཕམ་གི་མཚོ་ལ། གསེར་གྱི་ཉ་མོ་འགྱུ་བའི་མན་ངག། ཤེས་རབ་ཀྱི་བདག་ཉིད་ཏིང་ངེ་འཛིན་གྱི་དབང་དུ་གྱུར་ཏེ། ཐབས་དང་ཤེས་རབ་གཉིས་སུ་མེད་པ་ལས། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་རང་བཞིན་གྱིས་གསལ་བའི་དུས་ན། ངང་ཀུན་ཏུ་བཟང་མོ་མཁའ་ཀློང། རྣམ་པར་དག་པའི་ཀློང་ན། ཡིད་རང་བྱུང་གི་ཡེ་ཤེས་ཆེན་པོ། ནམ་མཁའི་མཐོངས་ནས་གསལ་བའི་སྒྲོན་མ་དྲག་པོ་ཤར་བའི་ཚུལ་ཏེ། དེ་ཉིད་རང་བྱུང་རང་ཞི་བར་སྣང་གི་མཐོངས་ན་འབྱུང་བའི་རླུང་བྱུང་བའི་དུས་སུ། འབྱུང་བའི་དང་སྙིགས་དབྱེ་བའི་ཚུལ་དུ་སེམས་དང་ཡེ་ཤེས་འབྱེད་པའི་དུས་སུ། བག་མོ་དང་རེག་པའི་ཚུལ་ཏེ། རྐྱེན་འཇུག་པའི་མཚན་ཉིད་མཁས་པས་བརྟག་གོ། རྟོགས་པའི་ངང་ལ་བཞག་པའི་ལེའུ་སྟེ་བཅུ་བཞི་པའོ།། བྷུང་བྷ་འདུ་མཧ་གྷ་ལཱི་སྭ་འདུ་དྷར་མཱ་ཙཎྜ་ལཱི་དྷརྨ་ཀྷཱ་ཡ་ཤྲཱི་ཉཱ་སཱ་པཱ་རྷི་ཨཱ་ཨཧ། གངས་ཏི་སེའི་ཁ་ནས་ཆུ་བོ་ཆེན་པོ་བཞི་འབབ་པའི་མན་ངག། མན་ངག་གི་བཀའ་ཆེན་པོ་བཞིས་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་གཏན་ལ་དབབ་པ་ནི། རིག་པའི་ཆོས་ཀྱི་སྐུ་རྡོ་རྗེ་ཚིག་གསུམ་གྱིས་གཏན་ལ་ཕབ་སྟེ། དཔེ་དོན་རྟགས་དང་གསུམ་གྱིས་མན་ངག་ཐམས་ཅད་ཀྱི་མཐའ་གཅད་ལ། རང་གི་མཚན་ཉིད་ཀྱི་ཡུལ་དུ་གཞག་པ་དང། ཆོས་ཐམས་ཅད་བློའི་ཡུལ་དུ་ཤེས་པར་བྱས་ཏེ། བསྒོམ་བྱའི་ཡུལ་དུ་མི་གནས་པར་བྱ་བ་དང། དགོངས་པ་ཉག་གཅིག་ཡུལ་དུ་སྣང་བའི་དུས་སུ། ཆོས་ཐམས་ཅད་ཀྱིས་མ་བཅིངས་མ་བཀྲོལ་བ་དང། རང་བྱུང་གི་ཡེ་ཤེས་དང་རྟོགས་པའི་ཡེ་ཤེས་མི་ཕྱེད་པའི་དུས་ན། བདག་ཉིད་ཆེན་པོ་མི་གནས་པའི་ཡེ་ཤེས་སུ་མ་སྐྱོལ་དང།། སངས་རྒྱས་ཀྱི་བདེན་པ་མཐོང་བའི་དུས་སུ་ཕྱིར་ལྡོག་པའི་མཐའ་ཡོད་དེ། བདག་གི་དེ་ཁོ་ན་ཉིད་བརྟག་པའི་ཤེས་རབ་ཁོ་ནས་བརྟག་གོ། ལྟ་བ་ཐམས་ཅད་ཀྱི་མདོ། རྒྱུད་ཐམས་ཅད་ཀྱི་ཕྱོགས། སྒྲ་གཅིག་གི་བརྡ་བཅོ་ལྔ་བསྟན་པའི་མན་ངག། རིན་ཆེན་སྤུངས་པའི་མདོ། ཡང་ནས་ཡང་དུ་སྦས་པའི་གཏེར། རྗེའི་བླ་དཔེ་པོ་ཏི་སྨུ་གུ་བསེ་ཁོང་ནག་གི་གླེགས་བམ། དགའ་རབ་རྡོ་རྗེ་རྒྱའི་བཀྲ་ཤིས་ཁྲི་སྒོ་ནས་སྟོན་ནས་ཉིད་ཀྱི་ཐུགས་དམ་དུ་བཅངས་ནས། བཎྜི་ཏ་རིམ་པར་བརྒྱུད་པའི་གཞུང། བི་མ་ལས་རྗེའི་ཕྱག་ཏུ་གཏད་དེ་མཁའ་འགྲོ་མའི་རྒྱས་བཏབ་བོ།། རྗེས་རྟ་ངང་པ་གསེར་སྒོང་ལ། ཟ་ཕུག་སྟན་ཕབ་དངུལ་གྱི་སྒོ་གསེར་གྱི་པ་ཏྲ་ཅན་བཏད་ནས། ཁ་གསེར་དང་ཁ་གཡུ་དར་ཟབ་དང། ཕྲ་མེན་གྱི་སྐྱོགས་སུ་དཀྲུགས་པ་ཕུལ་ཏེ། ཡང་ནས་ཡང་དུ་ཞུས་པ་ལགས་སོ།། སངས་རྒྱས་འདུས་པ་མན་ངག་གི་རྒྱུད་ལེའུ་བཅོ་ལྔ་པ་རྫོགས་སོ། །།། ། ཉན་པ་པོ་མཁའ་འགྲོ་མ་ལྔས་མཉན།། སྦས་པ་པོ་མེ་རི་འབར་བའི་ཁ་ལ་སྦས་སོ།། དེ་བཞིན་གཤེགས་པ་གསེར་འོད་དམ་པས།། རོ་ལངས་བདེ་བ་ལ་ལུང་བསྟན་ཏེ་མཇུག་བསྡུས་སོ།། སྐུ་གསུམ་ཡེ་ཤེས་ལྔའི་རྒྱུད། ། འཇམ་དཔལ་ཡེ་ཤེས་རྒྱན་གྱི་དགོངས་པ་ལས།། རྗེས་སུ་ཡི་རང་བའི་ལེའུ་སྟེ་བཅུ་པའོ།།།། སྐུ་གསུལ་ཡེ་ཤེས་ལྔ་ལྡན་གྱི་རྒྱུད་འཇམ་དཔལ་ཡེ་ཤེས་རྒྱན་གྱི་དགོངས་པ་ཞེས་བྱ་བ་རྫོགས་སོ། །།། རྒྱ་གར་སྐད་དུ།། མ་ཎི་རནྟ་ཏན་ཏྲ།། བོད་སྐད་དུ།། ནོར་བུ་རིན་པོ་ཆེའི་རྒྱུད།། དཔལ་ཡིད་བཞིན་ལྷུན་གྲུབ་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ།། སྟོན་པ་རྡོ་རྗེ་སེམས་དཔའ་ཡིས། ། གནས་ནི་ཆོས་དབྱིངས་ཕོ་བྲང་དུ།། འཁོར་གྱི་རོ་ལངས་བདེ་བ་ལ།། དབྱེར་མེད་དུས་མཉམ་རང་གསལ་དུས།། རིན་ཆེན་འབར་བའི་བསྟན་པ་ཤར།། ཅེས་གསུངས་སོ།། ནོར་བུ་རིན་པོ་ཆེའི་རྒྱུད་ལས། ། ཕུན་སུ་འཚོགས་པའི་ངོ་སྤྲད་པའི་ལེའུ་སྟེ་དང་པོའོ།།།། འཁོར་གྱི་རོ་ལངས་ཆེན་པོ་ཡིས།། སྟོན་པ་རྡོ་རྗེ་སེམས་དཔའ་ལ།། རིན་པོ་ཆེ་ཡི་དབྱེ་བ་དང།། ཐིག་ལེ་སྣང་བར་དབྱེ་བ་དང།། རིག་པ་སྣང་བར་དབྱེ་བ་དང། ། རང་གི་འདུག་ཚུགས་བསྟན་དུ་གསོལ།། ཞེས་བཞུས་སོ།། སྟོན་པ་རྡོ་རྗེ་སེམས་དཔའ་ཡིས།། ཞུས་པའི་དོན་འདི་ཤིན་ཏུ་ལེགས།། ངས་གསུངས་པ་ལ་མ་བཀག་པར།། ཁྱོད་ནི་ཤེས་རབ་རྩེ་གཅིག་ཉོན། ། ཞེས་གསུངས་སོ།། ཞུས་པ་དང་ལན་གྱི་ལེའུ་སྟེ་གཉིས་པའོ།།།། དེ་ནས་རྡོ་རྗེ་སེམས་དཔས་བཀའ་སྩལ་པ།། ནོར་བུ་རིན་པོ་ཆེ་དང་མན་ཤེལ་རིན་པོ་ཆེ།། ནོར་བུ་རིན་པོ་ཆེ་ནི་ཀླུ་ཆེན་པོ་བརྒྱད་ལ་ཡོད། ། ནོར་བུ་རིན་པོ་ཆེ་བསམ་འཕེལ་ནི་ལོངས་སྐུ་ལ་ཡོད།། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ནི་སྤྲུལ་སྐུ་ལ་ཡོད།། ནོར་བུ་རིན་པོ་ཆེ་བསམ་གྲུབ་ནི་ཆོས་སྐུ་ལ་ཡོད།། ནོར་བུ་རིན་པོ་ཆེ་བསམ་འཕེལ་ནི་སྤྱི་ས་ན་ཡོད། ། ནོར་བུ་རིན་པོ་ཆེ་ལྔ་པོ་དེ་དག་ནི་ནང་ལྟར་དུ་བསྟན་པའོ།། རིན་པོ་ཆེ་བརྒྱ་ནི་ལྷའི་དབང་པོ་བརྒྱ་བྱིན་ལ་ཡོད།། རིན་པོ་ཆེ་ཨིནྟྲ་ནཱི་ལ་ནི་བྱང་ཆུབ་སེམས་དཔའ་ལ་ཡོད།། ནོར་བུ་རིན་པོ་ཆེ་མཆིང་བུ་ནི་ཨུ་རྒྱན་ན་ཡོད། ། ནོར་བུ་རིན་ཆེ་བཀྲུན་མ་ནི་རྒྱ་བོད་ཀྱི་མཚམས་ན་ཡོད།། ནོར་བུ་ཆུ་དྭངས་ནི་བོད་ན་སྐལ་ལྡན་ལ་ཡོད།། དེ་རྣམས་ནང་དུ་བསྟན་པའོ།། ནོར་བུ་རིན་པོ་ཆེ་ཡོངས་སུ་གྲུབ་པ་དང།། ནོར་བུ་རིན་པོ་ཆེ་བསམ་འདས་དང། ། ནོར་བུ་རིན་ཆེ་སྣང་གསལ་དང།། ནོར་བུ་འཕྲུལ་གསལ་དང།། འདོད་པ་གྲུབ་པའི་རིན་པོ་ཆེ་ནི་གསང་བར་བསྟན་པའོ།། རྡོ་རྗེ་སེམས་དཔས་ནོར་བུ་རིན་པོ་ཆེའི་རྒྱུད་དབྱེ་བསྟན་པའི་ལེའུ་སྟེ་གསུམ་པའོ། །།། དེ་ནས་ཡང་རྡོ་རྗེ་སེམས་དཔའ་བཀའ་སྩལ་པ།། རོ་ལངས་ཆེན་པོ་ཁྱོད་ཉོན་ཅིག། རིན་ཆེན་མན་ཤེལ་བསྟན་པ་ནི།། རིན་པོ་ཆེ་རྡོ་རྗེ་ཤེལ་ནི་གངས་དང་གཡའི་མཚམས་ན་གནས་སོ། ། རིན་པོ་ཆེ་ཆུ་ཤེལ་དང་མེ་ཤེལ་ནི་འབྱུང་བའི་བཅུད་ལ་གནས་སོ།། རིན་པོ་ཆེ་མཚོན་ཤེལ་ནི་རྒྱ་མཚོའི་གཏིང་གི་འདམ་ལ་གནས་སོ།། རིན་པོ་མན་ཤེལ་ནི་ཀུན་ཏུ་བཟང་པོའི་ཐུགས་ཀན་གནས་སོ།། དེ་རྣམས་ནི་ཕྱི་ལྟར་བཤད་པའོ། ། རིན་པོ་ཆེ་རྡོ་ཤེལ་ནི་སྡེ་སྣོད་གསུམ་མོ།། མེ་ཤེལ་དང་ཆུ་ཤེལ་ནི་ཡོ་ག་གསུམ་མོ།། རིན་པོ་ཆེ་མཚོན་ཤེལ་ནི།། མ་ཧཱ་ན་སེམས་ཕྱོགས་གསུམ་དུ་ངོ་སྦྲས་དོ།། རིན་པོ་ཆེ་མན་ཤེལ་ནི། ། ཀུན་ཏུ་བཟང་པའི་དགོངས་པར་ངོ་སྦྲད་དོ།། དེ་རྣམས་ནི་ནང་ལྟར་བཤད་པའོ།། རང་གིས་རང་ལ་མ་ལྟས་ཏེ།། རག་གྲོལ་བའི་རིན་པོ་ཆེ་རིག་པའི་ཡེ་ཤེས་སུ་ངོ་སྤྲད་དོ།། རང་གྲོལ་རང་བྱུང་ལྷུན་གྲུབ་ཀྱི་ནོར་བུ་ནི། ། རང་བྱུང་ཡེ་ཤེས་སུ་ངོ་སྤྲད་དོ།། གང་ལ་ཡང་མི་ལྟོས་ཏེ་ཡིད་བཞིན་དུ་གྲུབ་པའི་ནོར་བུ་ནི།། རང་རིག་པའི་ཡེ་ཤེས་སུ་ངོ་སྤྲད་དོ།། ཡོངས་སུ་གྲུབ་པའི་ནོར་བུ་རིན་པོ་ཆེ་ནི།། རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་སུ་ངོ་སྤྲད་དོ། ། ནོར་བུ་རིན་པོ་ཆེ་སྣང་བྱེད་ནི།། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཟང་ཐལ་དུ་ངོ་སྤྲད་དོ།། ཞེས་གསུངས་སོ།། རྡོ་རྗེ་སེམས་དཔས་མི་ཡི་བྱང་ཆུབ་སེམས་དཔའ་ལ།། མན་ཤེལ་ལ་ངོ་སྤྲད་རྣམ་པ་བསྟན་པའི་ལེའུ་སྟེ་བཞི་པའོ། །།། དེ་ནས་ཡང་རྡོ་རྗེ་སེམས་དཔས་བཀའ་སྩལ་པ།། ཐིག་ལེ་ཉག་གཅིག་བསྟན་པ་ནི།། ངོ་བོ་རྩལ་དང་ལས་དང་གསུམ།། ངོ་བོ་ཐབས་ཅད་མཁྱེན་པའི་ཡེ་ཤེས་སོ།། རྩ་ནི་ཡེ་ཤེས་ཆེན་པོ་ཡིན། ། ལས་ནི་རང་གྲོལ་ཉག་གཅིག་གོ། སྣང་བ་ཆེན་པོ་ཐིག་ལེའི་རྩལ།། འགྱུར་བ་མེད་པའི་ཤེས་རབ་དང།། འགག་པ་མེད་པའི་ཤེས་རབ་དང།། བདག་འཛིན་མེད་པའི་ཤེས་རབ་བོ།། ཤེས་རབ་གསུམ་ལ་ངོ་སྤྲད་པས། ། ད་ལྟ་ཉིད་དུ་ཟང་ཐལ་ཡིན།། ཞེས་གསུང་སོ།། ནོར་བུ་རིན་པོ་ཆེའི་རྒྱུད་ལས།། ཐིག་ལེ་དང་སྣང་བ་ངོ་སྤྲད་པའི་ལེའུ་སྟེ་ལྔ་པའོ།།།། དེ་ནས་རྡོ་རྗེ་སེམས་དཔའ་བཀའ་སྩལ་པ།། རང་རིག་ངོ་བོ་འདུ་ཚུལ་ལས་དང་གསུམ། ། ངོ་བོ་རང་རིག་རང་གསལ་ལོ།། འདུག་ཚུགས་རང་བཞིན་མེད་པའོ།། ལས་ནི་ཤེས་རབ་རྣམ་གསུམ་མོ།། ཐོག་པ་མེད་པའི་ཤེས་རབ་དང།། རྒྱུན་གྱི་བཏེགས་པའི་ཤེས་རབ་དང། ། ཤེས་རབ་ཟང་ཐལ་རྣམ་གསུམ་མོ།། ཤེས་རབ་གསུམལ་ངོ་སྤྲད་པས།། རིག་པ་ཡེ་ཤེས་ཆེན་པོ་གྲོལ།། ཞེས་གསུངས་སོ།། ནོར་བུ་རིན་པོ་ཆེའི་རྒྱུད་ལས།། རིག་པའི་ངོ་སྤྲད་པའི་ལེའུ་སྟེ་དྲུག་པའོ། རྡོ་རྗེ་སེམས་དཔས་བཀའ་རྩལ་པ།། ཉོན་ཅིག་འཕྲོ་བ་ཀུན་གྱི་མགོན།། རིག་པའི་སྣང་བ་བསྟན་པ་ནི།། ཡེ་ཤེས་ལྔ་དང་སྐུ་ལྔ་དང་ལྟ་སྒོམ་སྤྱོད་པ་འབྲས་བུ་དང།། ཚུལ་ཁྲིམས་སྡོམ་པ་དམ་ཚིག་དང།། འཇུག་སྒོ་ལ་སོགས་གྲུབ་པའི་འབྲས་བུ་རྣམས། ། ཡང་དག་དོན་དང་མཐུན་པ་མེད།། འོག་མ་ཀྲི་ཕྱིར་བསྟན་པ་ཡིན།། ལྔ་དང་བཞི་དང་གསུམ་དུ་འདོད་པ་རྣམས།། རྒྱུ་ལམ་འབྲས་བུ་ཇ་ལོག་པས།། རི་དྭགས་སྨིག་སྒྱུ་རྙེག་པ་འདྲ། ། དཔེར་ན་རྣལ་འབྱོར་ཁ་ཊྭཱཾ་ཀས། མིག་གཅིག་ལ་ནི་རྒྱབ་ན་ནི།། རྨ་བུག་གསུམ་དུ་འབྱུང་བ་ལས།། རྨ་གཅིག་འབྱུང་བར་ག་ལ་འགྱུར།། དེ་བཞིན་ཐིག་ལེ་ཉག་གཅིག་ལ།། ལྟ་སྒོམ་སྤྱོད་པ་འཆིང་བའི་རྒྱུ།། དེ་ནི་ལམ་གྱི་གོལ་ས་ཡིན། ། སྐུ་ལྔ་ཡེ་ཤེས་ལྔ་འདོད་པ།། དེ་ནི་འབྲས་བྲས་བུའི་གོལ་ས་ཡིན།། ཀུན་གཞི་ཆོས་སྐུར་འདོད་པ་ནི།། དེ་ནི་གཞི་ཡི་གོལ་ས་ཡིན།། གཅིག་པོ་འདི་ལྟར་ཤེས་པར་གྱིས།། རིག་པའི་ཡེ་ཤེས་རང་གྲོལ་ལ། ། ཤེས་རབ་ཟང་ཐལ་རང་གསལ་བ།། དང་པོ་འཇུག་པའི་སྒོ་མེད་པས།། མཚན་མའི་ལམ་དུ་དེ་མི་གོལ།། བར་དུ་ལྔ་གསུམ་མི་འདོད་པས།། འབྲས་བུ་རེ་དོགས་ང་མི་གོལ་ཐིག་ལེ་ཉག་གཅིག་རིག་པ་ལ། ། ས་དང་ལམ་ལ་བགྲོད་མེད་པས།། ཐེག་པ་རིམ་དགུར་ང་མི་གོལ།། ཐ་མ་ཉག་གཅིག་རང་ཡིན་པས།། སྐྱོན་ཡོན་གཉིས་ལ་རྦད་ཁམ་ཐོང།། ཞེས་གསུངས་སོ།། ནོར་བུ་རིན་པོ་ཆེའི་རྒྱུ་ལས།། རང་རིག་པའི་སྣང་བ་དང་ཐིག་ལེ་ཉག་གཅིག་ལ་ངོ་སྤྲད་པའི་ལེའུ་སྟེ་བདུན་པའོ། །།། རྡོ་རྗེ་སེམས་དཔས་བཀའ་སྩལ་པ།། བྱང་ཆུབ་སེམས་དཔའ་ཉོན་ཅིག། རང་གི་འདུག་ཚུལ་བསྟན་པ་ནི།། ང་ནི་རྡོ་རྗེ་སེམས་དཔའ་སྟེ།། མེ་ཏོག་པདྨའི་འདབ་མ་ལས། ། ང་ཉིད་རྫུས་ཏེ་ལོངས་སྐུར་སྐྱེས།། ཡར་ལ་ཆོས་སྐུའི་ཞིང་ཁམས་གསལ།། མར་ལ་ཁམས་གསུམ་མ་ལུས་གསལ།། ཐུགས་ཁར་བུདྡྷ་ཞི་གཉིས་གསལ།། ཐམས་ཅད་ང་ལས་བྱུང་ཡིན། ། ཐམས་ཅད་ང་ལས་སྐྱེས་པ་ཡིན།། ང་མེད་པ་ཡི་སྔོན་རོལ་ན།། ཆོས་སྐུ་བྱ་བའི་མིང་ཡང་མེད།། ཅེས་གསུངས་སོ།། ནོར་བུ་རིན་པོ་ཆེའི་རྒྱུད་ལས་རྡོ་རྗེ་སེམས་དཔའ་ངཽ་སྤྲད་པའི་ལེའུ་སྟེ་བརྒྱད་པ་འོ།།།། དེ་ནས་ཀུན་ཏུ་བཟང་པོའི་རང་གི་འདུག་ཚུགས་བསྟན་པ་ནི། ། ཧ་ཧར་ང་ནི་ཀུན་ཏུ་བཟང་པོ་ཡིན།། སྦྱན་ལ་ཡེ་ཤེས་ཟང་ཐལ་གསལ།། སྙན་ན་འགྲོ་དྲུག་འཁོར་ལོ་གསལ།། ལྗགས་ལ་ལོངས་སྐུའི་ཞིང་ཁམས་གསལ། ། ཐུགས་ལ་ཐིལ་ལེ་ཉག་གཅིག་གསལ།། ཐམས་ཅད་ང་ཡི་སྣང་བ་ཡིན།། ཐམས་ཅད་ང་ཡི་རོལ་པ་ཡིན།། ཐམས་ཅད་ང་ཡི་འདུག་ཚུགས་ཡིན།། ཐམས་ཅད་དབྱེད་མེད་ང་ཡི་སྐུ།། ཐམས་ཅད་འགག་མེད་ང་ཡི་གསུང། ། ཐམས་ཅད་ཟང་ཐལ་ང་ཡི་ཐུགས།། གཉིས་སྣང་མེད་པའི་ཤེས་རབ་འཆང།། ཧ་ཧ་སརྦ་ཡོ་གི་ནི་ཨ་སིང་གུ་ཧྱ་ས་མ་ཡ་སྟྭཾ།། ཞེས་གསུངས་སོ།། ནོར་བུ་རིན་པོ་ཆེའི་རྒྱུད་ལས། ། ཀུན་ཏུ་བཟང་པོའི་ངོ་སྤྲོད་ཀྱི་ལེའུ་སྟེ་དགུ་པའོ།།།། དེ་ནས་མིའི་བྱང་ཆུབ་སེམས་དཔའ་དགའ་རབ་རྡོ་རྗེས།། རང་གི་འདུག་ཚུགས་གསལ་བཏབ་པ།། ཨེ་མ་ཧོ་ཨེ་མ་ཧོ་འདུས་པའི་ཚོགས།། ཙིཏྟཱའི་དཀྱིལ་འཁོར་ཆེན་པོ་ན། ། ཡེ་ཤེས་ཟང་ཐལ་ཆེན་པོ་གནས།། ལྟ་སྒོམ་སྤྱོད་པས་ཅི་བགྱིར་མཆིས།། ལྗགས་ལ་རིག་པའི་ཡེ་ཤེས་གནས།། ཡེ་ཤེས་ལྔ་ཡིས་ཅི་བགྱིར་མཆིས།། སྙན་ལ་རང་གྲོལ་ཡེ་ཤེས་གནས། ། ཐོས་བསམ་སྒོམ་གསུམ་ཅི་བགྱིར་མཆིས།། མིག་ལ་ལྷུན་གྲུབ་ཡེ་ཤེས་གནས།། ཡེ་ཤེས་ལྔ་ཡིས་ཅི་བགྱིར་མཆིས།། སྣ་ལ་ཐིག་ལེ་ཟང་ཐལ་གནས།། སྐུ་གསུམ་སྐུ་ལྔར་ཅི་དགྱིར་མཆིས།། ལུས་ལ་ཐམས་ཅད་མཁྱེན་པ་གནས། ། ཐ་སྙད་ཚིག་གིས་ཅི་བགྱིར་མཆིས།། ཡིད་མ་རང་བྱུང་ཡེ་ཤེས་གནས།། བླ་མའི་རྒྱུད་པས་ཅི་བགྱིར་མཆིས།། ཐམས་ཅད་ང་ལ་བསྟེན་པ་ཡིན།། ང་མེད་པ་ཡི་སྔཽན་རོལ་ན།། སྒྲ་འགྱུར་བྱ་བའི་མིང་ཡང་མེད། ། ང་མེད་པ་ཡི་སྔཽན་རོལ་ན།། སྔགས་འགྱུར་བྱ་བ་མིང་ཡང་མེད།། ང་མེད་པ་སྔོན་རོལ་ན།། བརྡ་འགྱུར་བྱ་བའི་མིང་ཡང་མེད།། ང་ནི་རང་འགྱུར་རང་གདངས་རང་སྣང་བའོ།། དངོས་མེད་དངོས་སུ་སྣང་བས་ཇ་ལོག་གོ། འདུག་ཚུགས་གཉིས་སུ་སྣང་བས་ཇ་ལོ་གོ། འབྲས་བུར་རང་ཆས་ཡིན་བཞིན་དུ།། བཙལ་བྱ་རྩོལ་བ་བྱེད་པས་ཇ་ལོག་གོ། བསྒྲུབས་པས་མ་བྱུང་ཤེས་པས་གྲོལ།། བཙམ་བས་མ་བྱུང་མཐོང་བས་གྲོལ། ། བསྒྱུར་བས་མ་བྱུང་རིག་པས་གྲོལ།། སྦྱངས་པས་མ་བྱུང་བསྐུལ་བས་གྲོལ།། བཀག་བས་མ་བྱུང་ཤར་བས་གྲོལ།། ཨེ་མ་ཧོ།། དྷརྨ་སརྦ་ཨ་ཨ་མ་ལ་མ་མ་ལ།། ཧཱུཾ་ཧཱུཾ་ཧཱུཾ།། ཞེས་གསུངས་སོ། །།། ནོར་བུ་རིན་པོ་ཆེའི་རྒྱུད་ལས།། དགའ་རབ་རྡོ་རྗེ་ལ་ངོ་སྤྲོད་ཀྱི་ལེའུ་སྟེ་བཅུ་པའོ།།།། ཀུན་བཟང་རྡོ་རྗེ་སེམས་དཔའ་ཡིས།། དགའ་རབ་རྡོ་རྗེ་ལ་གདམས་པས།། རྗེས་སུ་ཡི་རང་ངོ།། རྫོགས་སོ། །།། རྒྱ་གར་སྐད་དུ། ། མ་ཎི་རཏྣ་ས་དུ་མ་ལེ་ཏན་ཏྲ།། བོད་སྐད་དུ།། ནོར་བུ་རིན་པོ་ཆེ་འོད་འབར་བའི་རྒྱུད།། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ།། སྟོན་པ་རྡོ་རྗེ་སེམས་དཔའ་ཡིས།། ཆོས་ཉིད་སྐྱེ་མེད་ཕོ་བྲང་དུ། ། འཁོར་གྱི་རོ་ལངས་བདེ་བ་ལ།། དུས་མཉམ་ཐིག་ལེ་དབྱེར་མེད་དུ།། ཆོས་ཉིད་འོད་གསལ་བསྟན་པའོ།། ནོར་བུ་འོད་འབར་བའི་རྒྱུད་ལས།། ཕུན་སུམ་ཚོགས་པའི་ལེའུ་སྟེ་དང་པོའོ། །།། ཀྱེ་ཧོ་གསང་བའི་མངའ་བདག་ཁྱོད།། ཆོས་རྣམས་སྤྱི་དང་རང་གི་མཚན་ཉིད་དེ།། ཡེ་ཤེས་དབྱེ་བ་མཛད་དུ་གསོལ།། ཞེས་ཞུས་སོ།། གསང་བའི་མངའ་བདག་ཆེན་པོ་དེས།། ཚིག་བཤད་འདི་རྣམས་ཞལ་ནས་ཐོན། ། ཀྱེ་ཧོ་ངས་གསུངས་པ་ལ་སེམས་དཔའ་ཉོན།། སྤྱི་ཡི་ཡེ་ཤེས་རང་གི་མཚན་ཉིད་དང།། ཏིང་འཛིན་དྲུག་དང་མེ་ལོང་དྲུག། བར་དོ་དྲུགདང་ངོ་སྤྲཽད་དྲུག། སྣང་བ་དྲུག་དང་སྲིད་པ་དྲུག། སེམས་དང་ཡེ་ཤེས་དབྱེ་བ་དྲུག། ཡི་གེ་དྲུག་དང་སྒྲ་འགྱུར་དང།། བརྡ་འགྱུར་དྲུག་དང་སྦྱར་ལ་བཤད།། ཅེས་གསུངས་སོ།། ཞུས་པ་དང་ལེན་གྱི་ལེའུ་སྟེ་གཉིས་པའོ།།།། རྡོ་རྗེ་སེམས་དཔའ་བཀའ་སྩལ་པ།། མི་ཡི་བྱང་ཆུབ་སེམས་དཔའ་ཉོན། ། ཡེ་ཤེས་དབྱེ་བ་འདི་ལྟ་སྟེ།། ཆོས་དབྱིངས་མེ་ལོང་ཡེ་ཤེས་དང།། མཉམ་ཉིད་ཀུན་རྟོག་ཡེ་ཤེས་དང།། བྱ་བ་ནན་ཏན་ངོ་བོ་ཉིད་དང་དྲུག། དེ་ནི་སྤྱི་ཡི་བྱེ་བྲག་གོ། སྤྱི་ཡི་གཏན་ལ་ཕེབས་མི་སྲིད། ། རང་གི་མཚན་ཉིད་འདི་ལྟ་སྟེ།། སྙིང་པོ་ཉིད་དང་རང་བྱུང་ཡེ་ཤེས་དང།། རིག་པའི་ཡེ་ཤེས་རང་གིས་རང་རིག་དང།། རྣམ་མཁྱེན་ཐམས་ཅད་མཁྱེན་པའི་ཡེ་ཤེས་དང།། དེས་ནི་ཐིག་ལེས་གཏན་ལ་དབབ། ། གསང་བའི་ཡེ་ཤེས་དེ་ལས་གྲོལ།། ཟང་ཐལ་ཆེན་པོའི་ཡེ་ཤེས་སོ།། ཡེ་ཤེས་ཟང་ཐལ་ཉག་གཅིག་ལ།། དྲུག་ཏུ་འདོད་པས་དོན་མི་མཐོང།། ཡེ་ཤེས་མིག་གཅིག་དྲི་མེད་དུ།། མགོན་པོ་ང་ཡིས་བཤད་པ་ཡིན། ། ཅེས་གསུངས་སོ།། རིན་པོ་ཆེའི་འོད་འབར་བའི་རྒྱུ་ལས་ཡེ་ཤེས་ལ་བཟླས་པའི་ལེའུ་སྟེ་གསུམ་པའོ།།།། འགྲོ་བའི་མགོན་པོས་བཀའ་སྩལ་པ།། མི་ཡི་བོདྷི་ས་ཏྭ་ཉོན།། ཏིང་འཛིན་དྲུག་པའི་དོན་བསྟན་པ། ། ཀུན་ཏུ་མི་འགག་སྣང་བ་ལ།། ངོ་སྤྲོད་ཆེན་པོའི་ཏིང་འཛིན་དང།། སྒོམ་པ་ཡེངས་ས་མེད་པ་ཡིས།། ཁྱུང་ཆེན་རང་འབར་ཏིང་འཛིན་དང།། ཤེས་རབ་ཐོབས་པ་མེད་པ་ཡི།། སེང་གེ་ལྟ་བུའི་ཏིང་འཛིན་དང། ། ཆོས་སྐུ་ཞེ་ལ་འདོད་མེད་པའི།། རིན་ཆེན་རང་འབར་ཏིང་འཛིན་དང།། ཡེ་ཤེས་ཟང་ཐལ་རང་གནས་པས།། ཡེ་ཤེས་རང་འབར་ཏིང་འཛིན་ནོ།། མགོན་པོ་ང་ཡི་ཏིང་འཛིན་ཡིན།། ཞེས་གསུངས་སོ།། རིན་པོ་ཆེ་འོད་འབར་བའི་རྒྱུད་ལས། ། ཏིང་ངེ་འཛིན་རང་ལ་ངོ་སྤྲོད་པའི་ལེའུ་སྟེ་བཞི་པའོ།།།། ཅང་ཤེས་མགོན་པོས་བཀའ་སྩལ་པ།། མི་ཡི་སྒྱུ་མའི་སྤྲུལ་བ་ཉོན།། མེ་ལོང་དྲུག་གི་དོན་བསྟན་ནོ།། ཆོས་ཉིད་གསལ་བའི་མེ་ལོང་དུ། ། འགྲོ་དྲུག་སྤྲུལ་པའི་ངོ་སྤྲོད་བསྟན།། ཆོས་དབྱིངས་རྣམ་དག་མེ་ལོང་དུ།། ལོངས་སྤྱོད་རྫོགས་སྐུའི་ངོ་སྤྲོད་བསྟན།། ཡེ་ཤེས་གསལ་བའི་མེ་ལོང་དུ།། ཆོས་ཀྱི་སྐུ་ཡི་ངོ་སྤྲོད་བསྟན། ། ཐམས་ཅད་གསལ་བའི་མེ་ལོང་དུ།། དུས་བཞི་མཉམ་སྦྱོར་ངོ་སྤྲོད་བསྟན།། ལྷུན་གྲུབ་ཆོས་སྐུའི་མེ་ལོང་དུ།། ཡེ་ཤེས་རང་རྐྱེན་ངོ་སྤྲོད་བསྟན།། ཡེ་ཤེས་རང་གནས་མེ་ལོང་དུ།། སྣ་ཚོགས་རོལ་པའི་ངོ་སྤྲོད་བསྟན། ། ཅང་ཤེས་མགོན་པའི་མེ་ལོང་ཡིན།། རིན་པོ་ཆེ་འོད་འབར་བའི་རྒྱུད་ལས།། མེ་ལོང་དྲུག་པ་སྤྲོད་པའི་ལེའུ་སྟེ་ལྔ་པའོ།།།། མཁྱེན་པའི་རྒྱལ་པོས་བཀའ་སྩལ་པ།། མི་ཡི་སྐྱེས་བུ་ཁྱོད་ཉོན་ཅིག། ཀུན་གཞི་དྲུག་གི་དོན་བསྟན་ན། ། གདོད་ནས་སྣང་བའི་ཀུན་གཞི་ནི།། ཆོས་ཉིད་ཐིག་ལེར་ངོ་སྤྲོད་དོ།། འཁྲུ?ལ་པ་ལམ་གྱི་ཀུན་གཞི་ནི།། ཡེ་ཤེས་ཐིག་ལེ་ངོ་སྤྲད་དོ།། ཡེ་ཤེས་ལྷུན་གྲུབ་ཀུན་གཞི་དེ།། ལྷུན་གྲུབ་ཐིག་ལེ་ངོ་སྤྲད་དོ།
CLOSE WINDOW