CLOSE WINDOW

Gpb036.006: ཐག་རིང་དུ་འགྲོ་བ་ནམ་མཁའི་མཐའ་དང་མཉམ་པའི་རྒྱུད
Wylie

རྒྱ་གར་སྐད་དུ། ཛྙཱ་ན་རད་ན་མ་ཧཱ་ཛྭ་ལ་ནཱ་མ། བོད་སྐད་དུ། ཡེ་ཤེས་རིན་པོ་ཆེ་འབར་བ་ཞེས་བྱ་བ། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། ། ཡེ་ཤེས་ཆེན་པོའི་ཀློང་དུ། ཐམས་ཅད་མ་ལུས་མི་ལུས་ལུས་པ་མེད་པར་སངས་རྒྱས་སོ།། དེ་ནས་བདེ་བར་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་ཉི་མ་ཕྱོགས་བཅུར་བདལ་བས། ཐམས་ཅད་སྒྲིབ་མེད་ཡེ་ཤེས་ཀྱི་རོལ་བ་ཤར་རོ།། ཀུན་གཞི་ཡངས་པའི་ཀློང། སེམས་ཉིད་ཆོས་སྐུའི་གདངས། རིག་པ་ཡེ་ཤེས་ཀྱི་ཟེར། གདུལ་བྱ་སྒོ་ལྔའི་ཡུལ། རིགས་དྲུག་པ་སྒོ་ལྔའི་གདངས། སེམས་ཅན་སྒོ་ལྔའི་ཟེར། བདེ་གཤེགས་སེམས་ཉིད་ཀྱི་ཀློང། ཐུགས་རྗེ་ཡེ་ཤེས་ཀྱི་ཟེར། དངོས་མེད་རང་བྱུང་གི་གཟིགས། བྱས་པ་འཁོར་བའི་ཆོས། འཛིན་པ་མུ་སྟེགས་ཀྱི་ཆོས། བདག་ལྟ་འཁྲུལ་བའི་ཆོས། འབད་རྩོལ་འཁོར་བའི་ཆོས། བརྗོད་བྱ་ཐ་སྙད་ཀྱི་འཕྲང། ལྟ་སྒོམ་ཡིད་བློའི་ཐོག། རྟོག་པ་བསླུ་བའི་བདུད། སངས་རྒྱས་འགལ་བའི་ཚིག་སྐུ་གསུམ་ནོར་བའི་ལམ། འཁོར་བ་དག་པའི་ཞིང། སེམས་ཅན་སངས་རྒྱས་ཀྱི་ཀློང། མུན་དཀྱིལ་ཉི་མའི་མདངས། སྣང་བ་སྟོང་པའི་ངང། གསལ་བ་ཤར་བས་བསྒྲིབས། སེམས་ཅན་འགྱུར་མེད་དུ་གྱུར། སེམས་ཅན་སངས་རྒྱས་འཁོར་བ་འཁྱམ། རྟོག་པས་ཆོས་སྐུ་བསྒྲིབས། འཁོར་བ་དག་པའི་ཞིང་ངོ།། ཡེ་ཤེས་རིན་པོ་ཆེ་རང་འབར་བ་ལས། གནས་ལུགས་ཀྱི་ལེའུ་སྟེ་དང་པོའོ།།།། དེ་ནས་བདེ་བར་གཤེགས་པས་མཚན་གྱི་རྒྱལ་པོ་འདི་བརྗོད་དོ།། དང་པོ་གླེང་གཞིས་གནས་ལུགས་བསྟན།། གཉིས་པས་གླེང་སླང་ཡིད་ཆེས་བསྟན། ། གསུམ་པས་རྒྱུད་དོན་གཏན་ལ་དབབ།། མཚན་བསྟན་དབུ་ཞབས་མཐར་ཕྱིན་བརྟག། སང་ཀྲྀ་ཏ་ཡི་སྐད་ནི་འབྱུང་བར་འགྱུར།། ཏ་ཐ་ལི་ཞེས་བརྗོད་པ་ཡང། ཆོས་རྣམས་དངོས་མེད་རང་བྱུང་ངོ། ། ཤངས་མེ་ཞེས་བརྗོད་པ་ཡང།། ཀུན་གཞི་འཁོར་འདས་རྒྱལ་པོ་འབྱུང།། ག་ན་ཏ་ཞེས་བརྗོད་པ་ཡང། སྒྲིབ་མེད་ཡེ་ཤེས་རབ་འབར་རོ།། བིའུ་ནི་ཞེས་བརྗོད་པ་ཡང།། སྤྲོས་མེད་གཟི་ལྡན་རབ་འབར་རོ། ། ཨ་ག་ཏ་ཞེས་བརྗོད་པ་ཡང།། ཕྱོགས་མེད་སེམས་ཉིད་རང་འབར་རོ།། ཛུ་འུ་རང་ཞེས་བརྗོད་པ་ཡང།། བདལ་བ་ཆོས་ཉིད་རང་ཤར་རོ།། གཉིས་པ་ཕྱག་ལ་ལྔ་བྱུང་སྟེ།། ཡེ་འབྱལ་ཆེན་པོ་ཀུན་གཞི་ཕྱག། གཉིས་མེད་འདྲེས་པ་ཆོས་ཉིད་ཕྱག། ཕྱོགས་མེད་རང་ཤར་སེམས་ཉིད་ཕྱག། འགྱུར་མེད་ཟང་ཐལ་ཡེ་ཤེས་ཕྱག། མ་བཙལ་ལྷུན་གྲུབ་ཆོས་སྐུའི་ཕྱག། ཐམས་ཅད་ཆོས་ཉིད་ཀློང་དུ་འབྱལ།། འབྱེད་པ་མེད་པའི་གཟུགས་ཀྱིས་ཟིན། ། གསུམ་པ་ཕུན་སུམ་ཚོགས་པ་བསྟན།། དུས་གསུམ་འགྱུར་མེད་དུས་ཀྱི་ངོ་བོ་ཡིན།། ཀུན་གཞི་སེམས་ཉིད་རང་བཞིན་ནི།། དངོས་མེད་གདོད་ནས་རང་བྱུང་ངོ།། སྒྲིབ་མེད་ད་ལྟར་རང་གསལ་ལོ། ། མ་བཅོས་ཐ་མ་རང་གྲོལ་ལོ།། བདལ་བ་ཆེན་པོ་གནས་ཀྱི་ངོ་བོ་ཉིད།། སེམས་ཉིད་ཕྱོགས་དང་རིས་མེད་པས།། ཕྱི་ནང་གཉིས་དང་བྲལ་བའོ།། ཀུན་གཞི་སྤྲོས་པ་མེད་པས་ཡོངས་སུ་དག། མཐའ་དབུས་གཉིས་དང་གདོད་ནས་བྲལ། ། རིག་པ་འདུ་འབྲལ་མེད་པ་ཡངས་དོག་གཉིས་དང་བྲལ།། ཡེ་ནས་སྙིང་པོ་རང་བྱུང་འབད་རྩོལ་གཉིས་དང་བྲལ།། འགྱུར་མེད་ཡེ་ཤེས་སྟོན་པའི་ངོ་བོ་ཡིན། ། ཀུན་གཞི་བྱང་ཆུབ་སེམས་ཉིད་ནི།། འགྱུར་མེད་རང་བཞིན་སྣ་ཚོགས་གསལ།། འཁོར་འདས་གཉིས་སུ་གསལ་བ་དང།། འཕེལ་འགྲིབ་གཉིས་ཀྱི་གོས་པ་མེད། ཁམས་གསུམ་འཁོར་བར་འཁྱམས་པ་དང་གོས་ཞིང་བརླག་པ་མེད། ། སྐྱོན་གྱིས་མ་གོས་ཡོན་ཏན་བརྒྱན་པ་མེད།། སངས་རྒྱས་དགོངས་པས་མ་ཐེབས་སེམས་ཅན་ཀློང་ལ་ཤར།། ཐ་དད་དབྱེར་མེད་འཁོར་གྱི་ངོ་བོ་ཉིད།། སེམས་ཉིད་དབྱེར་མེད་ཡེ་ཤེས་ལ།། གསལ་འགྲིབ་མེད་པར་ཤར་བ་ནི།། དབྱེར་མེད་ཡེ་ཤེས་འཁོར་ཉིད་དོ།། རིག་པ་འདུ་འབྲལ་མེད་པ་ལ།། ཕྱི་ནང་ཕྱོགས་མེད་གདལ་བ་ནི།། དངོས་མེད་རང་ཤར་རིགས་ལྔའི་འཁོར།། སྒོ་ལྔ་སྤྲོས་མེད་གསལ་བ་ལ། ། སྣང་བ་དངོས་མེད་ཤར་བ་ནི།། སྐལ་ལྡན་ཐུབ་འཁོར་དྲུག་ཉིད་དོ།། སེམས་ཉིད་ཡེ་ཤེས་སྙིང་པོ་འབར།། འཁོར་འདས་ཆོས་སྐུའི་རྒྱན་དུ་ཤར།། ཡེ་ཤེས་རོལ་བའི་འཁོར་ཉིད་དོ།། བསྟན་པ་བྱང་ཆུབ་སྙིང་པོ་ནི། ། ཆོས་རྣམས་ཐམས་ཅད་སེམས་ཉིད་འོད་དུ་འབར།། སྟོང་པའི་ཀློང་ནས་རིག་པའི་འོད་ཟེར་ཤར།། སེམས་ཉིད་ཀློང་ནས་རིག་པའི་འོད་ཟེར་འཕྲོས།། དབང་པོའི་ཀློང་ནས་དངོས་མེད་རོལ་བ་ཤར།། ཀུན་ཏུ་བཟང་པོ་ཕྱོགས་མེད་ཉི་མར་བདལ། ། ཐམས་ཅད་མ་བཅོས་ཡེ་ཤེས་སྙིང་པོ་འབར།། རྒྱུ་རྐྱེན་མེད་པས་ཡེ་ཤེས་དབྱིངས་སུ་གྲོལ།། དངོས་པོ་མེད་ལས་འཁོར་འདས་སྙིང་པོར་ཤར།། རྣམ་པར་དག་པས་གོས་མེད་སྣ་ཚོགས་གསལ། ། ཀུན་ཏུ་བཟང་པོ་ཆོས་ཀྱི་དབྱིངས་ན་འཕྱོ།། ཐམས་ཅད་ཡེ་ཤེས་ཆེན་པོར་ལྷུན་གྱིས་རྫོགས།། བརྗོད་ལས་འདས་པས་སྒྲ་རྣམས་སྣ་ཚོགས་སྒྲོགས།། ཕྱིན་པ་མེད་པར་འཁོར་འདས་ཐམས་ཅད་ཁྱབ། ། བལྟས་པ་མེད་པ་འགག་མེད་སྣ་ཚོགས་གསལ།། བཅོམ་ལྡན་རྡོ་རྗེ་ཐུགས་རྗེ་ཆེན་པོའི་ངང།། རང་སེམས་སྟོང་པའི་ངང་ཉིད་ལས།། ཐུགས་རྗེ་གསལ་བའི་འོད་ཟེར་འཕྲོ།། མ་སྦྱངས་རྣམ་དག་གྲོལ་བ་ཡོངས། ། ཡེ་ཤེས་རོལ་པའི་རྒྱན་དུ་ཤར།། མ་བཀོད་རང་གསལ་མཆོག་གི་འོད།། ཡེ་ཤེས་འབར་བ་འོད་པོ་ཆེ།། སྒྲིབ་མེད་རང་གསལ་ཕྱོགས་དང་བྲལ།། ཡེ་ཤེས་འོད་ཟེར་འབར་བ་འཕྲོ།། སྤྲོས་མེད་ཡེ་ཤེས་གསལ་བའི་ལམ། ། སྙིང་པོ་འགག་མེད་རང་འབར་ཡང།། སྤྲོས་མེད་ཡེ་ཤེས་ཐུགས་རྗེའི་ཟེར།། ཆོས་ཀྱི་ཀློང་ཆེན་འབར་བ་ཆེ།། འབྱུང་གསལ་ཡེ་ཤེས་འོད་ཟེར་འཕྲོ།། སྣང་གསལ་འབར་བའི་འོད་པོ་ཆེ།། བྱང་ཆུབ་སེམས་ཉིད་དངོས་དང་བྲལ། ། ཡེ་ཤེས་གསལ་བའི་གདངས་དང་བྲལ།། འོད་གསལ་བཀྲག་མདངས་ཕྱོགས་དང་བྲལ།། རྩ་ལྔ་ཁ་དོག་དབྱིབས་དང་བྲལ།། འབྲུ་ལྔ་འབར་བའི་འོད་དང་བྲལ།། རྩ་བྲལ་སྟོང་སངས་དངོས་དང་བྲལ། ། ཐམས་ཅད་འགྱུར་མེད་ཆོས་ཉིད་བཀྲག། ཡེ་ཤེས་རིན་པོ་ཆེ་འབར་བ་ལས། གླེང་གཞི་བསྟན་པའི་ལེའུ་སྟེ་གཉིས་པའོ།།།། བཅོམ་ལྡན་རྡོ་རྗེ་ཀུན་བཟང་གི། གཉིས་པ་གླེང་སླང་བསྟན་པ་ཡང། ། གཉིས་མེད་རང་གསལ་ཡེ་ཤེས་ཡབ།། ཀུན་གཞི་ཕྱོགས་མེད་སྟོང་ཉིད་ཡུམ།། སྣ་ཚོགས་འགྱུར་མེད་རིག་པའི་སྲས།། ཕྱོགས་མེད་རང་གསལ་ཐུགས་རྗེའི་ངང།། འོད་གསལ་བཀྲག་ལས་བྱང་ཆུབ་སེམས། ། སྙིང་ཉིད་ངང་ལ་ཆགས་བྲལ་མདངས།། སྣང་སྟོང་རྩ་ལ་རིག་པ་ཤར།། བྱང་ཆུབ་སེམས་ཉིད་འཁྲུལ་བའི་རྒྱུ།། སྒྲིབ་མེད་འོད་གསལ་འཁྲུལ་བའི་རྐྱེན།། སྟོང་ཉིད་ངང་ལས་ཡེ་ཤེས་འབར། ། ཤེས་རབ་བཀྲག་ལས་རིག་པ་ཤར།། དང་པོ་འོད་གསལ་ལས་བབས་སོ།། ཡེ་ཤེས་འབར་བ་འོད་པོ་ཆེ།། སྤྲོས་མེད་རྩ་ལྔ་ནང་ན་ཡང།། དངོས་མེད་རིག་པ་ཡེ་ཤེས་འགྱུས།། ཡེ་ཤེས་རིག་པའི་བཀྲག་ནི་དངས་མ་ལྔ་རུ་ཤར། ། ཡེ་ཤེས་རིག་པའི་དངས་མ་མཆོང་གི་ཀ་བར་འབར།། ཡེ་ཤེས་རིག་པའི་འཁོར་ལོ་བདུན་བདུན་འབར།། ཡེ་ཤེས་རིག་པའི་དངས་མ་དབང་པོ་ལྔ་རུ་ཤར།། ཡེ་ཤེས་རིག་པའི་བཅུད་ཤ་ཁྲག་རུས་པར་སྨིན། ། དེ་རྣམས་འཁྲུལ་བའི་རྒྱུ་ཉིད་དོ།། དངོས་མེད་ཡེ་ཤེས་བདེ་ཆེན་འབྱིན།། ཡེ་ཤེས་རིག་པ་རྩལ་ཤར་བས།། འཁོར་ལོ་བདུན་ནས་ཐིག་ལེ་འཛིན།། རྡོ་རྗེའི་ལམ་ནས་བདེ་བར་འབར།། ལྷ་ཡི་གཤེད་དུ་དྲི་མ་མེད། ། པདྨའི་དབྱིངས་ནས་བདེ་བར་འབར།། ལྷ་ཡི་ཤེད་གྲོགས་ཆགས་དང་བྲལ།། ཤ་དང་རུས་པའི་སྟོབས་བསྐྱེད་བྱང་ཆུབ་སེམས།། རྩ་དང་རླུང་རྒྱུས་བཀྲག་རྣམས་རཀྟའོ།། རྫོགས་ནས་སྡུག་བསྔལ་འཁོར་བར་སྤྱོད། ། དེ་རྣམས་ཇི་ལྟར་བཤད་གྱུར་ཀྱང།། དང་པོ་བྱང་ཆུབ་སེམས་ལས་བྱུང།། བར་དུ་རང་གསལ་ཡེ་ཤེས་བཀྲག་ལས་ཤར།། ཐ་མར་རང་བྱུང་ཡེ་ཤེས་རིག་པས་བྱས།། སེམས་ཉིད་དངོས་པོ་མ་གྲུབ་ཤེས་ཤིང་རྟོགས་པས་བྱ་རུ་མེད། ། མ་རིག་ལུས་ཀྱི་རླུང་སྟེ་དངས་མ་ལྔ་ནས་ཤར།། གསལ་བྱེད་རྩ་ལྔ་ནས་ཤར་ནས་སྒོ་ལྔ་གངས་ལ་སྤྱོད།། སེམས་ཉིད་ཡེ་ཤེས་རླུང་སྟེ་ཡེ་ཤེས་རྩ་ལྔར་ཤར།། སེམས་ཉིད་གདངས་གསལ་ཤར་བ་སྟེ། ། གསལ་དང་འགྲིབ་དང་ཕྱོགས་རིས་མེད།། ལས་རླུང་རིག་པས་སྡུག་བསྔལ་ཅི་སྤྱད་ཀྱང།། ངོ་བོ་ཡེ་ཤེས་ཟེར་ལ་འཕེལ་འགྲིབ་གོས་པ་མེད།། ཐམས་ཅད་ཡེ་ཤེས་རྒྱལ་བ་ཆོས་ཀྱི་སྐུ།། ཡེ་ཤེས་རིན་པོ་ཆེ་འབར་བ་ལས། ། འཁྲུལ་གཞི་བསྟན་པའི་ལེའུ་སྟེ་གསུམ་པའོ།།།། དེ་ནས་བདེ་བར་གཤེགས་པ་ཐམས་ཅད་ཀྱི།། ཡོངས་སུ་ཤེས་པར་བྱ་བ་དངོས་པོ་རྒྱུད་ཀྱི་དོན།། དང་པོ་ཆོས་རྣམས་ཐམས་ཅད་གཏན་ལ་དབབ། ། ཐུབ་བདག་སྟོན་པས་ཕྱི་ཡི་སྒྲོས་ཐག་བཅད།། སྒྲ་རྣམས་སྟོང་སངས་ཆེན་པོར་སྒྲོགས།། དངོས་མེད་ཨར་སྒྲོགས་ལྷ་ཡི་ཐུབ་པའོ།། སྐྱོན་མེད་སྐུ་མདོག་དཀར་པོ་ལ།། གཡས་པ་གཅོད་པའི་སྤུ་གྲི་ཨོཾ་དུ་འབར། ། གཡོན་པ་སྟོངས་སངས་པི་ཝང་ཨ་རུ་འབར།། སྤྲོས་པ་མེད་པས་འཁོར་ལོ་གཏན་ལ་བཞུགས།། དགའ་ལྡན་སྐྱོན་མེད་མི་ཡི་ཐུབ་པ་ནི།། ཐུགས་རྗེ་ཆགས་པས་སྐུ་མདོག་དམར་པོ་འབར། ། རོ་མཆོག་བདུད་རྩིར་འབྱུང་བས་གཡས་པ་ཨཾ་དམར་ཅན།། གོས་མེད་སྐྱོན་བྲལ་གཡོན་པ་བུམ་པ་ཅན།། ཆགས་མེད་སྐྱོན་དང་བྲལ་བས་པདྨའི་གདན་ལ་བཞུགས།། འབྱེད་མེད་རང་བྱུང་བྱོལ་སོང་ཐུབ་པ་ནི། ། འགྱུར་མེད་སྐུ་མདོག་སྨུག་ནག་ལ།། གཡས་ན་ཧ་ལྗང་ཉིད་ན་གནས།། རིག་སྣ་ཚོགས་གོས་མེད་སྒྲོན་མེ་བསྣམས།། སྲ་བརྟན་རྡོ་རྗེ་རྒྱ་གྲམ་གདན་ལ་བཞུགས།། འཕྲུལ་ལྡན་རང་སྣང་ཡི་དགས་ཐུབ་པ་ནི། ། འབྱུང་གསལ་སྐུ་མདོག་སེར་ནག་གཡས་པ་ཧཱུ~ཾ་སྔོན་བསྣམས།། དྲི་མེད་རྣམ་དག་གཡོན་པ་ཞལ་ཟས་བསྣམས།། རང་བྱུང་ལྷུན་གྲུབ་རིན་ཆེན་གདན་ལ་བཞུགས།། ཞི་བྱེད་རང་ཤར་གོས་མེད་སྐུ་མདོག་མཐིང་ནག་གཡས་པ་རྡོ་རྗེ་འཕྱར། ། བདེ་སྡུག་རང་གྲོལ་གཡོན་པ་མེ་ལོང་འཕྱར།། འགྱུར་མེད་པདྨའི་གདན་ལ་བཞུགས།། འཁོར་བ་རྣམ་དག་སངས་རྒྱས་ཞིང།། ཐམས་ཅད་ཡེ་ཤེས་སྣང་བར་ཤར།། རྒྱལ་བ་རིགས་ལྔ་ནང་གི་དབང་པོ་གསལ། ། ཡེ་ཤེས་གདང་གསལ་རྡོ་རྗེ་འབར།། རིག་པའི་ལམ་བྱུང་སེམས་དཔའ་ཉིད།། ཆོས་སྐུ་འོད་ཡིན་འགྱུར་བ་མེད།། ཡེ་ཤེས་གདངས་ཡིན་རྣམ་པར་སྣང།། རིག་པའི་བཀྲག་ཡིན་སྣ་ཚོགས་མཛད། ། ཆོས་སྐུའི་གདངས་ཡིན་སྤྲོས་པ་མེད།། ཡེ་ཤེས་འོད་ཡིན་རིན་པོ་ཆེ།། རིག་པའི་ཡུལ་ཡིན་འབྱུང་ལྡན་ཉིད།། ཆོས་སྐུའི་རྩལ་ཡིན་ལྷུན་གྱིས་གྲུབ།། ཡེ་ཤེས་བཀྲག་ཡིན་སྣང་བ་ཡིན།། རིག་པའི་འགྲོས་ཡིན་མཐའ་ཡས་ཉིད། ། ཆོས་སྐུ་སྣང་བ་ཆགས་དང་བྲལ།། ཡེ་ཤེས་སྣང་བ་དོན་ཡོད་ཉིད།། རིག་པའི་མདངས་ཡིན་གྲུབ་པ་ཉིད།། ཆོས་སྐུའི་ངོ་བོ་སྲ་བརྟན་དཔལ།། མ་སྤངས་དག་པའི་སངས་རྒྱས་ཞིང།། ཡེ་ཤེས་གདངས་ཀྱི་གཉིས་མེད་སངས་རྒྱས་པ། ། ཡེ་ཤེས་ལྔར་གསལ་སྐུ་མདོག་མཐིང་ཁ་ལ།། ཨ་དཀར་ལབ་ཆུང་རྡོ་རྗེ་ཤམ་བུ་ཅན།། གཡས་པའི་མེ་ལོང་གཡོན་པ་ཨ་ཞགས་འཕེན།། ལྷུན་གྲུབ་རིན་ཆེན་གདན་ལ་བཞུགས། ། སྟོངས་སངས་ཡེ་ཤེས་སྐུ་ཉིད་ནི།། གོས་མེད་སྐྱོན་བྲལ་སྐུ་མདོག་དཀར་པོ་ལ།། ཨོཾ་དམར་ལབ་ཆུང་འཁོར་ལོ་ཤམ་བུ་ཅན།། གཡས་པ་དྲིལ་བུ་གཡོན་པ་ཨ་ཞགས་འཕེན།། ལྷུན་གྲུབ་རིན་ཆེན་གདན་ལ་བཞུགས། ། སྟོངས་སངས་ཡེ་ཤེས་སྐུ་ཉིད་ནི།། གོས་མེད་སྐྱོན་བྲལ་སྐུ་མདོག་དཀར་པོ་ལ།། ཨོཾ་དམར་ལབ་ཆུང་འཁོར་ལོ་ཤམ་བུ་ཅན།། གཡས་པ་དྲིལ་བུ་གཡོན་པ་ཨ་ཞངས་རྐྱོང།། ལྷུན་གྲུབ་ཡེ་ཤེས་འབར་བའི་སྐུ། ། ཡོན་ཏན་རྒྱས་པ་སྐུ་མདོག་སེར་པོ་ལ།། ཧཱུ~ཾ་སྔོན་ལབ་ཆུང་རིན་ཆེན་ཤམ་བུ་ཅན།། གཡས་པ་ཡིད་བཞིན་གཡོན་པ་ཧཱུ~ཾ་སྔོན་ཅན།། ཆགས་མེད་རྣམ་དག་ཡེ་ཤེས་སྐུས།། སྤྲོས་བྲལ་སྐུ་མདོག་དམར་པོ་ལ།། ཨོཾ་སེར་ལབ་ཆུང་པདྨའི་ཤམ་བུ་ཅན། ། གཡས་པ་བུམ་པ་གཡོན་པ་པདྨ་འཕྱར།། སྒྲིབ་མེད་ཡེ་ཤེས་ཁྱབ་བརྡལ་སྐུས།། ཉེས་སྐྱོན་རྣམ་དག་སྐུ་མདོག་ལྗང།། ཨ་དཀར་ལབ་ཆུང་རྒྱ་གྲམ་ཤམ་བུ་ཅན། ། གཡས་རལ་གཡོན་པ་འཕྲུལ་ཞགས་རྐྱོང།། ཡེ་ཤེས་སྐུ་ལྔ་རང་འབར་བའོ།། དེ་ནས་གཉིས་མེད་བདེ་གཤེགས་ཀྱིས།། དངོས་པོ་མེད་པས་ཀུན་གྱི་དངོས་གཞིར་ཤར།། འགྱུར་བ་མེད་པས་ཀུན་གྱི་རྟེན་དུ་གནས། ། གདོད་ནས་རང་བྱུང་ཀུན་གྱི་ངོ་བོར་འབར། ཁ་དོག་འབར་བ་ཁ་དོག་མེད་པས་ཀུན་གྱི་སྣང་བ་ཤར།། ཕྱོགས་རིགས་མེད་པས་ཀུན་གྱི་དབྱིངས་སུ་གྱུར།། སྤྲོས་པ་མེད་པས་ཀུན་གྱི་བདེ་བར་ཤར།། བྱས་པ་མེད་པས་ཡེ་རྫོགས་ལྷུན་གྱིས་གྲུབ། ། བགྲོད་པ་མེད་པ་ཡེ་ཤེས་དབྱིངས་སུ་ཕྱིན།། དབང་པོ་ལྔ་ཡི་རང་བཞིན་ནི།། དུག་ལྔ་འཆར་བས་རིགས་དྲུག་སྒོ།། རིག་པ་འཆར་བས་ཡེ་ཤེས་ལ།། སྣ་ཚོགས་འབྱུང་བས་ཡེ་ཤེས་ཡུལ། ། དངོས་མེད་སྣང་བ་ཆོས་སྐུ་གསལ།། ང་བདག་འབྱེད་པ་འབྲུ་ལྔའི་འོད།། སྣ་ཚོགས་གསལ་བ་འོད་ཟེར་བཀྲག། དུག་ལྔ་འབྱུང་བ་དྭངས་མ་ལྔ།། སྐྱིད་སྡུག་འབྱུང་བ་རྩ་བྲན་བཅུ།། སྐྱེ་ཤི་འབྱུང་བ་རྩ་ལྔ་བླངས། ། ཆོས་ཉིད་འབྱུང་ལྔ་འོད་གསལ་ཉིད།། ཆོས་སྐུ་འབྱུང་ལྔ་ཡེ་ཤེས་ལ།། ཡེ་ཤེས་འབྱུང་ལྔ་རྩ་ལྔ་ཉིད།། རིག་པ་འབྱུང་ལྔ་འབྲུ་ལྔ་འབར།། སྣང་བའི་འབྱུང་ལྔ་སྐུ་ལྔ་ཉིད།། ཕུང་པོ་འབྱུང་ལྔ་དྭངས་མ་ལྔ།། བདེ་བའི་འབྱུང་ལྔ་ལུ་ཏི་འོད། ། སྡུག་བསྔལ་འབྱུང་ལྔ་ཕུང་པོ་ལྔ།། སྒྱུ་མ་འབྱུང་ལྔ་ཕྱི་ཡི་ཡུལ།། ལྟ་བའི་འབྱུང་ལྔ་ཡེ་ཤེས་ལྔ།། སྒོམ་པ་འབྱུང་བའི་སྐུ་ལྔ་ཉིད།། སྤྱོད་པའི་འབྱུང་ལྔ་རིགས་ལྔ་ཉིད།། ལམ་གྱི་འབྱུང་ལྔ་རིགས་འཛིན་ལྔ། ། རྟགས་ཀྱི་འབྱུང་ལྔ་ཕྱག་མཚན་ལྔ།། ཚོན་གྱི་འབྱུང་ལྔ་གཞལ་ལྔ་ཉིད།། འབྲས་བུ་འབྱུང་ལྔ་ལྷུན་གྲུབ་སྐུ།། ཡེ་ཤེས་རིན་པོ་ཆེ་རང་འབར་བ་ལས།། ཆོས་ཐམས་ཅད་བརྡར་བསྟན་པའི་ལེའུ་སྟེ་བཞི་པའོ། །།། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཡེ་ཤེས་ཐམས་ཅད་རང་ཤར་བ་འདི་བརྗོད་དོ།། ཆོས་ཐམས་ཅད་མི་འགྱུར་བའི་ཡེ་ཤེས་སོ།། ལྟ་བ་མི་འགྱུར་ཡེ་ཤེས་ཟང་ཐལ་ལོ།། སྒོམ་པ་མི་འགྱུར་མ་བཅོས་ཀུན་གཞིའི་ཀློང། ། སྤྱོད་པ་མི་འགྱུར་རིག་པའི་རང་འགྲོས་སོ།། ཆོས་རྣམས་མ་བྱས་རང་བྱུང་ལ།། སེམས་ཉིད་མ་བཅོས་ཀུན་གཞི་དངོས་གཞིར་ཤར།། རིག་པ་མ་བྱས་དངོས་པོ་མེད་པར་འབྱུང།། སྒོ་ལྔ་མ་བྱས་ཡེ་ཤེས་རང་འོད་འབར། ། སྣང་བ་མ་བྱས་ཆོས་སྐུར་རང་འོད་འབར།། རྩ་གནད་མ་བྱས་བདེ་གསལ་འོད་དུ་འབར།། ཕུང་པོ་མ་བྱས་རིག་པའི་རང་འོད་འབར།། བྱང་ཆུབ་སེམས་ཉིད་རང་གྲོལ་ཏེ།། ཐོག་མཐའ་མེད་ནས་རང་གྲོལ་འབར། ། དངོས་དང་བྲལ་བས་རང་གྲོལ་འབར།། སྣང་བ་ཡོད་ཏུ་གྲོལ།། རིག་པ་རང་བྱུང་ཆེན་པོར་གྲོལ།། སེམས་ཉིད་རྒྱུ་རྐྱེན་མེད་པར་གྲོལ།། ཆོས་ཉིད་སྟོང་པར་ཡེ་ཤེས་ཤར།། རིག་པ་སྟོང་པ་སྒོ་ལྔར་ཤར། ། སེམས་ཉིད་འགྱུར་མེད་ཡེ་ཤེས་རྒྱུན་མི་འཆད།། ཡེ་ཤེས་འགྱུར་མེད་རིག་པ་རྒྱུན་མི་འཆད།། རིག་པ་འགྱུར་མེད་སྣང་བ་རྒྱུན་མི་འཆད།། སེམས་ཉིད་མི་གནང་རང་བྱུང་རིག་པ་ཉིད། ། རིག་པ་མི་སྣང་རང་བྱུང་ཤེས་རབ་ཉིད།། མ་རིག་མི་སྣང་འབྱུང་བ་དུག་ལྔ་ཉིད།། ཡེ་ཤེས་སྣང་བས་སྤྱད་དང་གསལ་བས་གོས་པ་མེད།། རིག་པ་སྣ་ཚོགས་སྤྱད་དང་དངོས་པོ་གོས་པ་མེད།། བདེ་བར་གཤེགས་པས་རང་ཤར་འདི་བརྗོད་པས། ། མཆོག་གི་འོད་གསལ་མཚོན་པའི་བྲི་ཐབས་ནི།། རས་སམ་གྲོ་ག་འདོམ་གང་གྲུ་བཞི་ལ།། ཆ་ལྔར་བགོས་ལ་ལྔ་པོ་ལྔ་ལྔ་བགོ། དེ་ཡང་ལྔ་ལྔར་ཕྱེ་བས་བརྒྱ་དང་ལྔ་བཅུའོ། ། ཚོན་ནི་མཐིང་ཁ་དཀར་པོ་སེར་ལེ་བརྒན།། མཐིང་གི་མཐིང་ཁ་ལ་སོགས་པ།། ཚོན་རྣམས་རྗེས་ཤིང་མཛེས་ཚོན་གཏང།། རི་མོ་པདྨ་ལྔ་རུ་བྲི།། པདྨ་ཐམས་ཅད་ཉིས་འགྱུར་བྲི།། ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ངོ། ། སྙིང་པོ་ཆོས་ཉིད་ཐིག་ལེ་བརྒྱ།། འོད་གསལ་དབྱིངས་ཀྱི་ལྟེ་བ་ལ།། རང་བྱུང་སེམས་དཔའི་སྐུ་ཉིད་ནི།། སྐུ་མདོག་མཐིང་ཁ་རིན་ཆེན་ལབ་ཆུང་ཅན།། རྡོ་རྗེ་ཤམ་བུར་ཡན་ལག་པདྨར་འབར།། དབུ་རྒྱན་སྙན་ཆེན་སྙན་ཆས་འཁོར་ལོ་འབར། ། ཕྱག་གཡས་རྡོ་རྗེ་གཡོན་པ་མེ་ལོང་འཕྱར།། འོད་གསལ་ནང་སྒོ་བཅུ་དྲུག་ལ།། ཐུབ་དྲུག་ཡེ་ཤེས་ལྔ་རྣམས་བྲི།། དེ་ཡི་ཕྱི་མའི་འོད་སྐོར་ལ།། ཞི་ཁྲོ་གཉིས་ཀྱི་ལྷ་ཚོགས་བྲི།། དེ་ཡི་ཕྱི་མའི་འོད་སྐོར་ལ། ། གཅན་གཟན་གདུག་པའི་གཟུགས་བརྙན་བྲི།། དེ་ཡི་ཕྱི་ཡི་འོད་སྐོར་ལ།། འོད་ཟེར་བྱེ་བ་ཕྲག་བརྒྱ་བྲི།། སྐུ་རྣམས་ཐམས་ཅད་ཚོན་གང་བ།། པདྨའི་གྲུ་ཆད་དག་ལའོ།། སངས་རྒྱས་བཅུ་དྲུག་ཡེ་ཤེས་མདངས་གསལ་རྟགས། ། བཞི་བཅུ་རྩ་གཉིས་ཆོས་ཉིད་སྟོང་པའི་རྟགས།། ལྔ་བཅུ་རྩ་བརྒྱད་ཡེ་ཤེས་རང་ཤར་རྟགས།། གཅན་གཟན་གདུག་པ་ཆོས་ཉིད་རྩལ་ཤར་རྟགས།། འོད་ཟེར་རྣམས་ནི་རིག་པ་འདུ་འཕྲོའི་རྟགས། ། དེ་ལས་རིག་པ་ཡེ་ཤེས་འོད།། ཡེ་ཤེས་རྩ་ལྔ་གནས་ལུགས་ནི།། སེམས་དཔའི་དབུ་ཡི་སྟེང་ན་ཡང།། འོད་ལྔ་དྲང་ལ་ཐར་པར་བཤད།། ཨ་དཀར་རྩ་གཅིག་རྩ་ལྔ་ནང་ན་གསལ།། རྩ་ལྔ་རྩེ་མོ་ཐིག་ལེ་ལྔ་རུ་འབར། ། ཐིག་ལེ་དབྱིངས་སུ་ཡེ་ཤེས་འབྲུ་ལྔ་གསལ།། འབྲུ་ལྔའི་འོད་ལས་གྱེན་ལ་རྩ་བྲན་བཅུ།། རྩ་བྲན་ནང་ན་ཨ་དང་ཧཱུ~ཾ་གིས་གང།། ཐིག་ལེ་འོད་ལས་དྭངས་མ་ལྔ་རུ་འབར།། དྭངས་མའི་གཡས་ན་དོན་སྙིང་ལྔ་ཡི་རྩ། ། དོན་སྙིང་རྩ་ལ་སྐྱེད་བྱེད་རྩ་ལྔར་ཤར།། དྭངས་མའི་གཡོན་ནས་སྟོབས་ཀྱི་རྩ་ལྔར་ཤར།། དྭངས་མའི་ཕྱི་རུ་ཨ་བ་དྷུ་ཏི་ཤར།། དྷུ་ཏིའི་རྩ་ལ་འཁོར་ལོ་བདུན།། དྭངས་མའི་ཕྱོགས་བཞི་རྩ་ཆེན་བཞི། ། དོན་སྙིང་ལྔ་ཡི་རྩ་ནི་རྒྱུ།། མཆིན་པའི་རྩ་ལ་ཚ་བ་སྐྱེ།། བཟང་དྲུག་ག་པུར་གམ་ཕྱེ་གཏང།། གདོན་དུ་སྲིད་པའི་མ་མོ་བཅོས།། རྒྱ་གར་སྲིད་པའི་ཕྱི་མདོས་ནི།། སྨན་གཏོར་མེ་མར་སྟོང་སྟོང་དགོད།། ཕྱི་ནང་མཆོད་པ་རྒྱས་པར་བྱ། ། མ་མོ་བཅུ་རྣམས་གྱེར་ལ་གཏང།། འབྲིང་དུ་དབང་ཕྱུག་ཟོར་མདོས་ནི།། སྨན་གཏོར་མེ་མར་ཉི་ཤུ་བརྒྱད།། ཕྱི་ནས་མཆོད་པ་རྒྱས་པར་བྱ།། དཔའ་བོ་བཅུ་རྣམས་གྱེར་ལ་གཏང། ། ཐ་མ་དཔོན་གཡོག་གསུམ་པ་ནི།། སྨན་གཏོར་ལུགས་བྱ་གསུམ་གསུམ་དགོད།། ཕྱི་ནང་མཆོད་པ་རྒྱས་པར་བྱ།། ལྷ་མོ་བཅུ་རྣམས་གྱེར་ལ་གཏང།། གློ་བའི་རྩ་ནི་སྟོང་ལ་རྒྱལ།། དབུགས་ཁ་རྒོད་ལ་རོ་སྟོད་བརྒྱངས། ། བཟང་དྲུག་སྤྲང་རྒོད་ལ་སོགས་གཏང།། གདོན་དུ་སྲིད་པའི་བདུད་བཅོས་ཏེ།། གཏོར་མ་ཉི་ཤུ་རྩ་ལྔ་གཏང།། དཔའ་བོ་བཅུ་རྣམས་གྱེར་ལ་གཏང།། སྙིང་གི་རྩ་ནི་དྲག་ལ་མྱུར།། མིག་རྩ་དྲུང་ལ་ཤེས་པ་འཕྱོ། ། རོ་སྟོད་ཟེར་ལ་ཡན་ལག་གྱོང།། ལུག་ཤ་ཆང་དང་མེ་རྩ་གདབ།། འབྲས་བུ་གསུམ་གྱི་སྨན་མར་གཏང།། བཙན་དང་རྒྱལ་པོ་གདོན་བཅོས་ཏེ།། གཏོར་མ་མར་མེ་ཉི་ཤུ་ལྔ།། དཔའ་བོ་བཅུ་རྣམས་གྱེར་ལ་གཏང། ། མཆེར་པའི་རྩ་ནི་ཕྲ་ལ་གྲིམས།། ས་བདག་སྐྱེས་བུའི་ནད་ཡིན་ཏེ།། ཡན་ལག་སྐེ་འཇིང་ཆུ་སོར་འབབ།། ཆུ་གཏོར་ཚྭ་ཚྭ་མེ་མར་གཏང།། དཔའ་བོ་བཅུ་རྣམས་གྱེར་ལ་གཏང།། རྩ་བ་ལྔ་ཡི་སྨན་མར་གཏང། ། ཆུ་གཏོར་དཀར་གཏོར་སྟོང་སྟོང་ནི།། ཟླ་གསུམ་བར་ཆད་མེད་པར་གཏང།། ལྷ་མོ་བཅུ་རྣམས་གྱེར་ལ་གཏང།། དམ་རྫས་དུག་སྣ་དྲི་ཆུ་ལ།། སྦྱིན་སྲེག་མཆོད་པ་རྒྱས་པར་བྱ།། མཁལ་མའི་རྩ་ནི་སྟོང་ལ་ལྷོད། ། ཕོ་མཆིན་འཁོར་ཞིང་གསུས་པ་དགངས།། ཆང་དང་ལུག་ཤ་ལོ་མར་གཏང།། གདོན་དུ་མཚོ་སྨན་རྒྱལ་མོ་བཅོས།། གཏོར་མ་ཆུ་གཏོར་མར་མེ་བཏང།། ལྷ་མོ་བཅུ་རྣམས་གྱེར་ལ་གཏང།། གློ་བུར་རོ་སྟོད་རྒྱངས་པ་དང། ཁ་ནས་བ་བཅོལ་སྨྲ་བ་ནི།། གདོན་དུ་སྲིད་པའི་དཀོར་བདག་བཅོས།། ལུག་ཤ་ཆང་དང་བསྐུ་མཉེ་བྱ།། ཚྭ་ཚྭ་ཆུ་གཏོར་མར་མེ་གཏང།། མདོ་དང་སྙིང་པོ་རྒྱུན་མི་གཅད།། ཕྱི་ནང་མཆོད་པ་རྒྱས་པར་བྱ། ། ཡང་དག་བསྒྲུབ་པའི་ཞལ་རྣམས་དབྱེ།། ཡེ་ཤེས་རིན་པོ་ཆེ་འབར་བ་ལས།། ཆོས་རྣམས་ཐམས་ཅད་རང་ཤུགས་ཀྱིས་སྤྱོད་པ་བསྟན་པའི་ལེའུ་སྟེ་ལྔ་པའོ།།།། དེ་ནས་བདེ་བར་གཤེགས་པ་ཡིས།། ཡི་གེ་རང་འབར་བ་བརྗོད་དོ། ། ལུས་རྣམས་སྟོངས་བཞིའི་ལུས། ཁོག་པ་སྟོང་པ་ཨ་ཡིས་གང།། སྤྱི་གཙུག་ཨ་རུ་ན་ར་ར།། གཞི་མ་མཐིང་ཁ་ཨ་ཡིས་གང།། སྤྲུལ་སྐུ་བསྒོམས་པ་ཇི་བཞིན་ནོ།། སྡུག་བསྔལ་བྲལ་ཏེ་བདེ་བའི་སྐུ། ། གསེར་གྱི་རྡོ་རྗེ་འབར་བ་ལ།། ཧཱུ~ཾ་སྔོན་འབར་བས་ར་གསེབ་གཏམས།། ཡིད་བཞིན་ནོར་བུ་འབར་བ་ལས།། ཨོཾ་དམར་གདངས་པ་འབར་བའོ།། ཡེ་ཤེས་པདྨ་འབར་བ་ལ།། ཨཾ་གར་གདངས་པ་ཤིན་ཏུ་གསལ། ། ཞེ་སྡང་གཏི་མུག་འདོད་ཆགས་བྲལ།། ཡེ་ཤེས་རིན་པོ་ཆེ་འབར་བ་ལས། ཡི་གེ་འབར་བའི་ལེའུ་སྟེ་དྲུག་པའོ།།།། དེ་ནས་བདེ་བར་གཤེགས་པ་ཐམས་ཅད་ཡང་དག་པ་འདི་བརྗོད་དོ།། རང་བྱུང་སེམས་དཔའ་ལྟ་བ་ཡིན། ། བྱང་ཆུབ་སེམས་ཀྱི་རང་བཞིན་ནོ།། དངོས་པོ་མེད་པ་ཀུན་གྱི་དངོས།། རང་བྱུང་ཤར་བ་ཀུན་གྱི་གཞི།། རྒྱུ་རྐྱེན་མེད་པས་ཀུན་གྱི་སྲོག། ཐོག་མཐའ་མེད་པས་ཀུན་གྱི་སྐྱབས། ། མཆོག་གི་འོད་གསལ་འབར་བ་ཡང། ཁ་དོག་མེད་པར་སྣང་བ་ཤར།། དངོས་པོ་མེད་པས་གསལ་བར་ཤར།། བྲིས་པ་མེད་པས་ཀུན་གྱིས་གདངས།། རྫས་སུ་མ་གྲུབ་ཡེ་ཤེས་འོད།། ཡེ་ཤེས་རྩ་ལྔ་རང་བཞིན་དང། ། སྤྲོས་པ་མེད་པས་སྟོང་པ་དང།། ཕྱོགས་རིས་མེད་པས་གདངས་ལ་སངས།། རང་བཞིན་མེད་པས་དྭངས་ལ་སྟོང།། བྱས་པ་མེད་པས་ཡེ་ཤེས་ལམ།། དཔའ་བོ་འབྲུ་ལྔ་རང་བཞིན་དང།། དངོས་པོ་མེད་པས་ཤེས་རབ་འཆར། ། བྲིས་པ་མེད་པས་སྣ་ཚོགས་འཆར།། རང་བཞིན་མེད་པས་སྣ་ཚོགས་གསལ།། ཡེ་ཤེས་ཡིན་པས་གོས་པ་མེད།། ལྟ་བ་ནམ་མཁའ་འདྲ་སྟེ་འགྱུར་བ་མེད།། སྒོམ་པ་ཉི་ཟླ་འདྲ་སྟེ་གསལ་འགྲིབ་མེད། ། སྤྱོད་པ་སེར་བུ་འདྲ་སྟེ་ངོས་གཟུང་མེད།། སེམས་ཉིད་བར་སྣང་འདྲ་སྟེ་ཕྱོགས་རིས་མེད།། འོད་གསལ་ཉི་མ་འདྲ་སྟེ་གསལ་ལ་གདང།། རྩ་ལྔ་ཉི་ཟེར་འདྲ་སྟེ་འཕེལ་འགྲིབ་མེད།། འབྲུ་ལྔ་ཆུ་གཟུགས་འདྲ་སྟེ་དངོས་པོ་མེད། ། རིག་པ་སྨིག་སྒྱུ་འདྲ་སྟེ་རང་བཞིན་མེད།། སྒོ་ལྔ་འཁོར་འདས་རྒྱབ་གྱེས་པས།། དུག་ལྔ་གསད་པའི་ཐབས་ཆེན་ཡང།། ནམ་མཁའི་མཐོང་ནས་ཞེ་སྡང་སྦྲུལ་ནག་འཁྱུག། ཤེས་རབ་ཡེ་ཤེས་གདངས་གསལ་མདའ་གཞུ་དགང། ། ཆོས་ཀྱི་དབྱིངས་སུ་ཡེ་ཤེས་མདེ་རྩེ་གཏད།། གཉི་མེད་ཡེ་ཤེས་མདའ་ནི་འགྱུར་ནི་ཕྱོགས་བཅུར་འཕང་བར་བྱ།། བར་སྣང་མཁའ་ལ་གཏི་མུག་ཕག་རྒོད་འགྱུར།། སྟོང་སངས་ཡེ་ཤེས་ཆེན་པོ་མདའ་གཞུའི་བདག། སྐྱེ་མེད་དབྱིངས་སུ་ཡེ་ཤེས་མདེ་རྩེ་བསྟད།། གཉིས་མེད་ཡེ་ཤེས་མདའ་ནི་འགྱུར་མེད་བརྡེག། ཡིད་བཞིན་སྒྲོམ་བུའི་ནང་ན་ཕྲག་དོག་སྤྲེའུ་རྩེ།། དངོས་མེད་རང་བྱུང་ཆེན་པོའི་མདའ་གཞུ་དགང། ། རླུང་བསྒོམས་ནང་དུ་ཧཱུ~ཾ་གི་མདེ་རྩེ་གཏད།། བདེ་བ་ཡེ་ཤེས་རང་བྱུང་མདའ་འཕང་ངོ།། རྒྱ་མཚོའི་གཏིང་ནས་འདོད་ཆགས་ངང་མོ་འཕུར།། ཆགས་མེད་རང་གྲོལ་ཆེན་པོའི་མདའ་གཞུ་དགང། ། པདྨ་དབྱིངས་ཀྱི་ཨཾ་གི་མདེ་རྩེ་གཏད།། ཡེ་ཤེས་མདེ་རྩེ་མདའ་ནི་རང་གྲོལ་འཕང།། རི་རབ་རྩེ་ལ་ང་རྒྱལ་གླང་ཆེན་འཁུན།། སྤྲོས་མེད་ཡེ་ཤེས་ཆེན་པོའི་མདའ་གཞུ་དགང།། སྲ་བརྟན་རྒྱ་གྲམ་ལྟེ་བ་མདེ་རྩེ་གཏོད། ། སྟོང་པ་ཆེན་པོའི་ཀློང་དུ་མདའ་འཕང་ངོ།། ཆོས་སྐུ་འགྱུར་མེད་སྣང་བའི་རྒྱན་དུ་ཤར།། ཆོས་སྐུ་ཡེ་ཤེས་གཏིང་གསལ་འགྱུར་མེད་ཅིང།། དུས་གསུམ་སངས་རྒྱས་རྣམས་ཀྱིས་གཏན་ལ་འབེབས་པ་མེད། ། ལས་ཅན་རིགས་འཛིན་རྣམས་ཀྱིས་དོན་ལ་མཐོང་བ་མེད།། མཁས་པ་དགེ་བཤེས་རྣམས་ཀྱིས་ཉམས་སུ་མྱོང་བ་མེད།། ཁམས་གསུམ་སེམས་ཅན་རྒྱུད་ལ་ལྷན་ནེ་ལྷག་གེ་གནས།། དཔེར་ན་ནམ་མཁའ་སྟོང་པ་ཁོ་རང་ལས། ། དངོས་པོ་ཁ་དོག་དབྱིབས་སུ་གྲུབ་པ་མེད།། སེམས་ཉིད་འགྱུར་མེད་ཡེ་ཤེས་ཆེན་པོ་ལ།། རྟོགས་ཤིན་མཐོང་དུ་ཁོ་རང་རང་ལས་མེད།། ཡེ་ཤེས་རིན་པོ་ཆེ་རང་འབར་བ་ལས། གདམས་པའི་ལེའུ་སྟེ་བདུན་པའོ།།།། དེ་ནས་བདེ་བར་གཤེགས་པ་ཐམས་ཅད་ཀྱིས།། སྦྱང་མེད་རྣམ་པར་དག་པས་འདི་བརྗོད་དོ།། དང་པོ་ཕྱི་བཤགས་རྒྱས་པར་བྱ།། དེ་ནས་རྟེན་གྱི་དྲི་མ་བཅའ།། ཕྱི་རུ་མཎྜལ་དྲུག་བྱས་ལ། ། ཨ་ནརི་སུ་ཏྲི་པྲི་ཏུ་བྲི།། གཏོར་མ་དྲུག་ལ་བྱིན་བརླབས་ལ།། ཏིང་འཛིན་རིགས་དྲུག་ལམ་ནས་དྲང།། ལྷ་མོ་བཅུ་ཡིས་དྲི་མ་འཁྲུད་པས་དབྱུང།། དཀྱིལ་འཁོར་རྩ་རུ་གཞག་ལ་ཁྲོ་བོ་བཅུ་ཡི་བཅོས་པ་གཏད། ། འོད་གསལ་དཀྱིལ་འཁོར་བྲི་ལ་མཆོད་རྫས་རྒྱས་པར་དགྲམ།། སྟེང་ནས་འོད་གསལ་དཀྱིལ་འཁོར་དབུབ།། བར་དུ་རྩ་ལྔ་འདྲ་འབག་བྲི།། བུམ་པའི་ནང་དུ་རིགས་ལྔ་བསྐྱེད།། ལྷ་མོ་བཅུ་རྣམས་གྱེར་ལ་རིགས་དྲུག་ལམ་ནས་དྲང། ། ཁྱོད་ནི་ཞེ་སྡང་ལས་ཀྱི་དབང་བཙན་གྱིས།། དམྱལ་བའི་ནང་དུ་མ་སྐྱེས་སམ།། དམྱལ་བའི་ནང་དུ་སྐྱེས་སྲིད་ན།། ཡེ་ཤེས་ལྷ་མོ་ཐུགས་རྗེ་དང།། ཡི་དམ་ལྷ་ཡི་བྱིན་རླབས་ཀྱིས།། ཚ་གྲང་སྡུག་བསྔལ་བྲལ་ནས་ཀྱང། ། དམྱལ་བའི་འཇིག་རྟེན་གནས་སྟོངས་ཏེ།། ལྷ་དང་སློབ་དཔོན་སྤྱན་སྔར་ཁུག། སེར་སྣས་ཡི་དྭགས་སུ་སྐྱེས་སྲིད་ན།། འོག་མ་ཡང་འགྲེའོ།། ལྷ་མོ་བཀྲེས་སྐོམ། ཡི་དྭགས། བྱོལ་སོང་ལས། གླེན་ལྐུགས། འདོད་ཆགས། མི་ཡི། ལྷ་མོ། འགྱུར་བ། མི་ཡི། ཕྲག་དོགས་དང། ལྷ་མིན། ལྷ་མོ། འཐབ་རྩོད། ལྷ་མིན། ང་རྒྱལ། ལྷ་ཡི། ཡི་དམ། ལྟུང་བ། ལྷ་དང། སློབ་དཔོན། མ་མོ་བཅུ་རྣམས་གྱེར་ལ་གཤེད་པོ་དགྲམ། ། དཀྱིལ་འཁོར་བཅུ་རྣམས་གྱེར་ལ་སྒྲིབ་པ་བྲལ།། ལྷ་མོ་བཅུ་རྣམས་གྱེར་ལ་དཀྱིལ་འཁོར་གཞུག། ཐུབ་དྲུག་ཚོགས་ལ་རྫོགས་པར་བྱ།། ལྷ་དབོག་སྔགས་དང་ཕྱག་རྒྱ་བརྟན།། ཕྱི་ནང་མཆོད་པ་རྒྱས་པར་བྱ། ། དེ་ནས་བཟླས་པའི་དགོངས་པ་ནི།། ཡི་དམ་ཐུགས་ཀར་འོད་གསལ་བསྒོམ།། འོད་འཕྲོས་ཚེ་འདས་ལུས་ལ་ཕོག། སྒྲིབ་སྦྱངས་ཡེ་ཤེས་ཨ་རུ་གྱུར།། དོན་ནི་སྟོང་གསལ་ཆེན་པོར་བལྟ། ། བརྟགས་པས་འགྱུར་མེད་ཆོས་ཀྱི་སྐུ།། དེ་ནས་སྤར་བའི་དགོངས་པ་ནི།། དག་པ་སྤྲུལ་སྐུ་དམ་པ་ཡང།། སྣང་བ་ཐམས་ཅད་འོད་དུ་ལམ།། དངོས་པོ་ཐམས་ཅད་ཨ་རུ་གྲོལ།། ཨ་ནི་མ་སྐྱེས་སྟོང་གསལ་གྲོལ། ། མཛད་སྤྱོད་ལམ་དུ་གྱེར་བ་ཡང།། ཆོས་ཉིད་སྟོང་པའི་གཞུ་བརྡུངས་ལ།། ཡེ་ཤེས་གསལ་བའི་མདའ་སྟོངས་ཏེ།། དབྱེར་མེད་ཐབས་དང་ཤེས་རབ་དགང།། ཚེ་འདས་བག་ཆགས་ཚོགས་ལ་བརྡེག། བདེ་བ་ཆེན་པོའི་ངང་དུ་གསལ། ། ཡེ་ཤེས་སྙིང་པོ་སྟོང་གསལ་ཏེ།། སྣང་སྲིད་སྟོང་པར་ཕྱ་ལ་ལ།། ཚེ་འདས་དངོས་མེད་ཨ་ནུ་གྲོལ།། ཐམས་ཅད་རང་ཤར་ཆེན་པོར་གསལ།། གདངས་གསལ་ལོངས་སྐུར་སྤར་བ་ནི།། སྣང་བ་ཐམས་ཅད་རང་སེམས་ཡེ་ཤེས་གདངས། ། བར་སྣང་ཁམས་སུ་ཡེ་ཤེས་འཇའ་ལྔ་ཤར།། འཇའ་ལྔ་ལམ་ནས་ཡེ་ཤེས་ཨ་ཐོན་ནས།། ཐམས་ཅད་སྟོང་སངས་ཆོས་ཉིད་དངས་མ་ཤར།། ཆོས་ཀྱི་དབྱིངས་སུ་གཞུ་བརྡུངས་པ། ། ཡེ་ཤེས་གསལ་བའི་མདའ་སྟོངས་ལ།། ཨ་དཀར་ཡེ་ཤེས་མདེ་རྩེ་བླང།། ཡེ་ཤེས་འཇའ་ལྔ་སྦུབས་སུ་འབར།། སྟོང་གསལ་ཆེན་པོར་ཕྱ་ལ་ལ།། ཡེ་ཤེས་སྙིང་པོ་ཚད་དུ་བསྐྱལ།། སྣང་སྲིད་ཡེ་ཤེས་འོད་ཀྱིས་གང། ། འོད་ཟེར་ཐམས་ཅད་ཨ་རུ་འཁྲོལ།། ཐམས་ཅད་བདེ་སྟོང་ཐིག་ལེར་འབར།། འགྱུར་མེད་ཆོས་སྐུར་སྤར་བ་ཡང།། དངོས་པོ་ཐམས་ཅད་སྟོང་པའི་གདངས།། སྣང་བ་ཐམས་ཅད་ཡེ་ཤེས་བཀྲག། གཟུང་འཛིན་ཐམས་ཅད་ཡེ་ཤེས་ཟེར།། ཆགས་ཞེན་ཐམས་ཅད་ཆོས་ཉིད་རྩལ།། ང་བདག་ཐམས་ཅད་དབྱེར་མེད་དབྱིངས།། ཏིང་འཛིན་འཕྲོ་འདུ་རིག་པའི་འགྲོས།། ཐམས་ཅད་མ་བཅོས་ཆོས་ཀྱི་སྐུ། ། ནམ་མཁའི་དབྱིངས་སུ་ཨ་འོད་གསལ་འཕངས་ལ།། ཡཾ་དང་ཀརྨ་རཀྵ་ཕཊ། སྟོང་ཉིད་ངང་ལས་ཡེ་ཤེས་ཐུགས་རྗེ་ཤར།། མེ་མར་བརྒྱ་རྩ་གཏང་ལ་མེ་མར་མཆོད་པ་བྱ།། ལྷ་མོ་བཅུ་རྣམས་གྱེར་ལ་ཁྲུས་ནས་དབྱུང། ། མ་མོ་བཅུ་རྣམས་གྱེར་ལ་སྤར་གསུམ་དགོངས་པ་བྱ།། དཔའ་བོ་བཅུ་རྣམས་གྱེར་ལ་ཡེ་ཤེས་མདའ་འཕང་ངོ།། སྦྱིན་སྲེག་རྒྱས་པར་བྱས་ལ་མཚན་བྱང་བསྲེག། སྨོན་ལམ་རྒྱས་པར་བཏབ་ལ་དཀྱིལ་འཁོར་བསྡུ། ། ཡེ་ཤེས་རིན་པོ་ཆེ་རང་འབར་བ་ལས། གནས་ཀྱི་རིམ་པ་བསྟན་པའི་ལེའུ་སྟེ་བརྒྱད་པའོ།།།། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཡེ་ཤེས་ཀྱི་མཆོད་པ་རང་འབར་འདི་བརྗོད་དོ། ། དངོས་མེད་གདངས་གསལ་དཀྱིལ་འཁོར་དུ།། རང་བྱུང་ཡེ་ཤེས་མཆོད་རྫས་བཀྲམ།། ཀློང་ཡངས་ཆེན་པོར་བྱིན་གྱིས་བརླབས།། ལྷུན་གྱིས་གྲུབ་པར་བཞེས་སུ་གསོལ།། རང་བྱུང་འབར་བའི་དཀྱིལ་འཁོར་དུ། ། ཐིག་ལེ་རང་ཤར་མཆོད་རྫས་བཀྲམ།། སྒྲིབ་མེད་རང་ཤར་ཆེན་པོས་བྱིན་གྱིས་བརླབས།། རང་གསལ་ཆེན་པོར་བྱིན་གྱིས་བཞེས་སུ་གསོལ།། སྤྲོས་མེད་རང་ཤར་དཀྱིལ་འཁོར་དུ།། སྐྱེ་མེད་རང་བྱུང་མཆོད་རྫས་བཀྲམ། ། འབྱུང་གསལ་ཆེན་པོར་བྱིན་གྱིས་བརླབས།། སྟོང་གསལ་ཆེན་པོར་བཞེས་སུ་གསོལ།། ཐིག་ལེ་ཀློང་ཆེན་དཀྱིལ་འཁོར་དུ།། བདེ་བའི་ཡེ་ཤེས་མཆོད་རྫས་བཀྲམ།། དབྱེར་མེད་ཆེན་པོར་བྱིན་གྱིས་བརླབས། ། བདེ་བ་ཆེན་པོར་བཞེས་སུ་གསོལ།། ཡེ་ཤེས་འབར་བའི་དཀྱིལ་འཁོར་དུ།། དག་པ་འཕྲུལ་གྱི་མཆོད་རྫས་བཀྲམ།། གདངས་གསལ་ཆེན་པོར་བྱིན་གྱིས་བརླབས།། གཉིས་སུ་མེད་པར་བཞེས་སུ་གསོལ། ། རང་ཤར་འོད་ཀྱི་དཀྱིལ་འཁོར་དུ།། གདངས་གསལ་ཡེ་ཤེས་མཆོད་རྫས་བཀྲམ།། རང་སྣང་ཆེན་པོར་བྱིན་གྱིས་བརླབས།། རང་གྲོལ་ཆེན་པོར་བཞེས་སུ་གསོལ།། ཕྱོགས་མེད་པ་ཡི་དཀྱིལ་འཁོར་དུ། ། རང་སངས་ཆེན་པོར་མཆོད་རྫས་བཀྲམ།། གདངས་གསལ་ཆེན་པོར་བྱིན་གྱིས་བརླབས།། རང་གྲོལ་ཆེན་པོར་བཞེས་སུ་གསོལ།། རང་བྱུང་ལྷུན་གྲུབ་དཀྱིལ་འཁོར་དུ།། དངོས་མེད་རིག་པའི་མཆོད་རྫས་བཀྲམ། ། སྣང་གསལ་ཆེན་པོར་བྱིན་གྱིས་བརླབས།། ལྷུན་གྱིས་གྲུབ་པར་བཞེས་སུ་གསོལ།། ཕྱོགས་མེད་རྣམ་དག་དཀྱིལ་འཁོར་དུ།། གོས་མེད་ཡེ་ཤེས་མཆོད་རྫས་བཀྲམ།། བདུད་རྩི་ཆེན་པོར་བྱིན་གྱིས་བརླབས། ། བདེ་བ་ཆེན་པོར་བཞེས་སུ་གསོལ།། ཁྱབ་བརྡལ་ཡེ་ཤེས་དཀྱིལ་འཁོར་དུ།། ཀུན་འབྱུང་རིག་པའི་མཆོད་རྫས་བཀྲམ།། སྤྲོས་པ་མེད་པར་བྱིན་གྱིས་བརླབས།། དབྱེར་མེད་ཆེན་པོར་བཞེས་སུ་གསོལ། ། ཡེ་ཤེས་འབར་བ་ཀློང་ཡངས་ཆེ།། བདེ་བའི་ཡེ་ཤེས་འོད་དུ་འཕྲོས།། ཡེ་ཤེས་བརྡལ་བས་མཆོག་གི་འོད།། ཡེ་ཤེས་དཀྱིལ་འཁོར་གཏེར་ཆེན་འབེབས།། ཡེ་ཤེས་རིན་པོ་ཆེ་རང་འབར་བ་ལས། ཡེ་ཤེས་ཀྱི་དཀྱིལ་འཁོར་རངའབར་བའི་ལེའུ་སྟེ་དགུ་པའོ། །།། དེ་ནས་བདེ་བར་གཤེགས་པ་ཐམས་ཅད་ཀྱིས་གཉིས་སུ་མེད་པར་ཤར་བ་འདི་བརྗོད་དོ།། དང་པོར་ཕྱི་གཤེགས་རྒྱས་པར་བྱ།། དཀར་གཏོར་གཉིས་དང་དམར་གཏོར་གཅིག། སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབས།། དམར་གཏོར་ཆོས་སྐྱོང་ཚོགས་ལའོ།། ཆོས་སྐྱོང་རིག་པ་འདུ་འཕྲོད་ཚོགས།། དཀར་གཏོར་བགེགས་རིགས་སྟོང་ཕྲག་ལ།། ཉོན་མོངས་སྟོང་ཕྲག་བརྒྱ་པའོ། ། གཅིག་ནི་མགོན་པོ་རྩ་གཉིས་ལ།། རིགས་ལྔ་བཀའ་རྟགས་བསྒོ་བ་འདི་ནི།། གསལ་བ་སྐུ་ལྔ་འོད་དང་ཡིན།། དུས་གསུམ་སངས་རྒྱས་གཤེགས་ཤུལ་ཡིན།། ཁམས་གསུམ་སེམས་ཅན་འབྱུང་བ་ཡིན། ། མི་འགྱུར་སྙིང་པོ་རྟགས་ཀྱང་ཡིན།། ཡེ་ཤེས་ལྔ་ཡི་རྩལ་ཀྱང་ཡིན།། རྣམ་ཤེས་ལྔ་ཡི་འོད་ཀྱང་ཡིན།། རིག་པ་ལྔ་ཡི་ལམ་ཡང་ཡིན།། འབྲུ་ལྔ་འབར་བའི་འོད་ཀྱང་ཡིན།། ཡེ་ཤེས་རྩལ་ལྔ་གདངས་ཀྱང་ཡིན། ། མཆོག་གི་འོད་གསལ་བཀྲག་ཀྱང་ཡིན།། མི་ཤིགས་ཐིག་ལེའི་འོད་ཀྱང་ཡིན།། ལྷ་མོ་བཅུ་རྣམས་གྱེར་ལ་གཏང།། ཡེ་ཤེས་ལྷ་མོ་བཅུ་རྣམས་ཀྱང།། གདངས་གསལ་ཡེ་ཤེས་ལྷ་མོ་ནི།། ཡེ་ཤེས་གར་བྱེད་ཕྱ་ལ་ལ། ། རལ་པའི་སྟབས་བྱེད་ཁྲོ་ལོ་ལོ།། ཡེ་ཤེས་ཆེན་པོར་བཞེས་སུ་གསོལ།། རང་གསལ་ལྷ་མོ་འོད་འབར་མ།། ཡིད་བཞིན་འབར་བ་འཕྲེང་བ་ཅན།། ཡེ་ཤེས་རོལ་པ་ཀྲ་ལ་ལ།། ཕྱོགས་རིས་མེད་པར་བཞེས་སུ་གསོལ། ། སྤྲོས་མེད་ལྷ་མོ་འོད་ཟེར་མ།། བདེ་བའི་ཡེ་ཤེས་འཕྲུལ་གྱི་གཞི།། སྒྲིབ་མེད་ཡེ་ཤེས་འོད་དུ་འཕྲོ།། ཡེ་ཤེས་ཆེན་པོ་བཞེས་སུ་གསོལ།། བདེ་ཀློང་ལྷ་མོ་ཐིག་ལེ་མ།། ཡེ་ཤེས་འབར་བའི་ལྕགས་ཀྱུ་ཅན། ། བརྡལ་བ་ཡེ་ཤེས་ཀློང་ཡངས་ཆེ།། དངོས་མེད་བདུད་རྩིར་བཞེས་སུ་གསོལ།། ཆོས་ཀྱི་ལྷ་མོ་སྒྲོལ་མ་རྒྱལ།། ཕྱག་ན་མེ་ཏོག་འཕྲེང་བ་བསྣམས།། རང་གསལ་ཡེ་ཤེས་དག་པའི་མགོན།། རང་སྣང་ཆེན་པོར་བཞེས་སུ་གསོལ། ། རང་གསལ་ལྷ་མོ་འོད་འཕྲོ་མ།། གཡུ་ཡི་གཞོང་པ་ཕྱག་ན་བསྣམས།། གསལ་འཚེར་ཡེ་ཤེས་འོད་དུ་འབར།། རང་གསལ་ཆེན་པོར་བཞེས་སུ་གསོལ།། སྤྲོས་མེད་ལྷ་མོ་རང་སངས་མ། ། ཕྱག་ན་གསེར་གྱི་གཞོང་པ་ཐོགས།། གསལ་འཚེར་ལྷུན་གྲུབ་ཡིད་བཞིན་འབར།། རང་གྲོལ་ཆེན་པོར་བཞེས་སུ་གསོལ།། ཡིད་བཞིན་ལྷ་མོ་སྣ་ཚོགས་མདོག། ཕྱག་ན་རིན་ཆེན་གཞོང་པ་ཐོགས།། ཡེ་ཤེས་མདོག་གསལ་ཀྲ་ལ་ལ། ། རང་བྱུང་ཆེན་པོར་བཞེས་སུ་གསོལ།། རྣམ་དག་ལྷ་མོ་འོད་འཕྲོ་མ།། ཕྱག་ན་ཡེ་ཤེས་བུམ་པ་བསྣམས།། གོས་པ་མེད་པར་ས་ལ་ལ།། ཕྱོགས་མེད་ཆེན་པོར་བཞེས་སུ་གསོལ།། ཀུན་གསལ་ལྷ་མོ་འོད་ཟེར་མ། ། ཕྱག་ན་དུང་གི་གཞོང་པ་བསྣམས།། བདེ་བ་འཕུལ་བྱེད་ཡེ་ཤེས་འབར།། ཁྱབ་བརྡལ་ཆེན་པོར་བཞེས་སུ་གསོལ།། ཡེ་ཤེས་ལྷ་མོ་འབར་བ་ཆེ།། ཐམས་ཅད་རྫོགས་པས་ཀློང་ཆེན་ཡངས། ། གཉིས་སུ་མེད་པར་སྣ་ཚོགས་འབྱུང།། མཆེད་པ་མེད་པར་བཞེས་སུ་གསོལ།། ཡེ་ཤེས་རིན་པོ་ཆེ་རང་འབར་བ་ལས།། ཡེ་ཤེས་མཆོད་པའི་ལེའུ་སྟེ་བཅུ་པའོ།།།། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཡེ་ཤེས་ཀྱི་གདངས་འབར་བ་འདི་བརྗོད་དོ། ། ཡེ་ཤེས་སྙིང་པོ་འགྱུར་མེད་སེམས་ཀྱི་ངང།། རང་རིག་རང་བྱུང་དངོས་མེད་སྣང་བའི་རྒྱན།། རྩ་དང་ཐིག་ལེ་རང་ཤར་འོད།། དབང་པོ་སྒོ་ལྔ་རང་སངས་ཆོས་ཉིད་བཀྲག། ཡེ་ཤེས་ཁྲོ་བོ་གདངས་གསལ་འབར།། སྐུ་ལ་ཡེ་ཤེས་ཀློང་ཡངས་གསོལ།། གཡས་པ་ཤེས་རབ་རྡོ་རྗེ་འཕྱར།། འདུ་འབྲལ་རྩད་ནས་གཅོད་མཛད་པ།། གཡོན་པ་ཡེ་ཤེས་མདའ་གཞུ་འགེངས།། མ་རིག་རྩ་བ་གཅོད་མཛད་པ། ། ཡེ་ཤེས་ཁྲོ་ཆུང་ཕྱོགས་བཅུར་འཕྲོ།། དགྲ་བགེགས་རྩ་བ་གཅོད་མཛད་པ།། སྟོང་རིག་ཡེ་ཤེས་ཀྲ་ལ་ལ།། ཡེ་ཤེས་ཁྲོ་བོ་འབར་བ་རྒྱལ།། སྐུ་ལ་ཡེ་ཤེས་ཀྱི་ཤར་བ་གསོལ།། གཡས་པ་ཡེ་ཤེས་རལ་གྲི་འཕྱར། ། རྣམ་རྟོག་རྩད་ནས་གཅོད་མཛད་པ།། གཡོན་པ་ཡེ་ཤེས་མདའ་གཞུ་འགེངས།། སྐྱེ་ཤི་རྩ་བ་གཅོད་མཛད་པ།། ཆོས་ཉིད་ཀྱི་ཁྲོ་ཆུང་ཕྱོགས་བཅུར་འཕྲོ།། དགྲ་བགེགས་དབང་དུ་སྡུད་མཛད་པ། ། རང་གསལ་ཆེན་མོར་མེ་རེ་རེ།། ཡེ་ཤེས་ཁྲོ་བོ་འབར་བ་འཕྲོ།། སྐུ་ལ་ཡེ་ཤེས་སྐེ་ཚེ་གསོལ།། གཡས་པ་ཡེ་ཤེས་ཉི་མ་འཕྱར།། དུག་གསུམ་རྩ་བ་གཅོད་མཛད་མ།། གཡོན་པ་ཡེ་ཤེས་མདའ་གཞུ་འགེངས། ། འཕོ་འགྱུར་རྩ་བ་གཅོད་མཛད་པ།། བདེ་རྒྱས་ཁྲོ་ཆུང་ཕྱོགས་བཅུར་འཕྲོ།། དགྲ་བགེགས་སྲོག་ལ་མཱ་ར་ཡ།། རང་ཤར་ཆེན་པོར་མེ་རེ་རེ།། ཡེ་ཤེས་ཁྲོ་བོ་ཐིག་ལེ་འབར།། སྐུ་ལ་ཆོས་ཉིད་འབར་བ་གསོལ། ། གཡས་པ་རང་གསལ་ཟླ་བ་འཕྱར།། སྤྲོས་པའི་རྩ་བ་གཅོད་མཛད་པ།། གཡོན་པ་ཡེ་ཤེས་མདའ་གཞུ་འགེངས།། ཉོན་མོངས་རྩ་བ་གཅོད་མཛད་མ།། ཡེ་ཤེས་ཁྲོ་ཆུང་ཕྱོགས་བཅུར་འཕྲོ།། ཉམས་པ་དབང་དུ་སྡུད་མཛད་པ། ། སྣང་གསལ་ཆེན་པོར་ཀྲ་ལ་ལ།། ཡེ་ཤེས་ཁྲོ་བོ་དཔའ་བོ་རྒྱལ།། སྐུ་ལ་ཡེ་ཤེས་འབར་བ་གསོལ།། གཡས་པ་གཅོད་པའི་སྤུ་གྲི་འཕྱར།། དུག་ལྔ་རྩ་བ་གཅོད་མཛད་པ།། གཡོན་པ་འཕྲུལ་གྱི་མདའ་གཞུ་འགེངས། ། བདག་འཛིན་རྩ་བ་གཅོད་མཛད་པ།། འོད་ཟེར་ཁྲོ་ཆུང་ཕྱོགས་བཅུར་འཕྲོ།། དགྲ་བགེགས་ཚོགས་ལ་དུག་མདའ་བརྡེག། བདེ་བ་ཆེན་པོར་ཀྲ་ལ་ལ།། ཡེ་ཤེས་ཁྲོ་བོ་འབར་བའི་འོད། ། སྐུ་ལ་ཡེ་ཤེས་གཡུ་ཁྲབ་གསོལ།། གཡས་པ་ཡེ་ཤེས་རྡོ་རྗེ་གསོར།། ཕྱོགས་རིས་མེད་པར་ཁྲ་ལ་ལ།། གཡོན་པ་ཡིད་བཞིན་མདའ་གཞུ་འགེངས།། རང་བཞིན་མེད་པར་ཀྲ་ལ་ལ།། རང་སྣང་ཁྲོ་ཆུང་ཕྱོགས་བཅུར་འཕྲོ། ། དམ་ཉམས་དགྲ་ལ་མཱ་ར་ཡ།། གཉེན་པོ་མེད་པར་གསལ་ལ་ལ།། ཡེ་ཤེས་ཁྲོ་བོ་རང་སངས་རྒྱས།། སྐུ་ལ་ཡེ་ཤེས་འཁོར་ལོ་གསོལ།། གཡས་པ་ཤེལ་གྱི་སྤུ་གྲི་འཕྱར།། ང་རྒྱལ་རྩ་བ་གཅོད་མཛད་པ། ། གཡོན་པ་འཕྲུལ་གྱི་མདའ་གཞུ་འགེངས།། རང་སངས་ཆེན་པོར་ཀྲ་ལ་ལ།། སྤྲོས་མེད་ཁྲོ་ཆུང་ཕྱོགས་བཅུར་འཕྲོ།། དམ་ཉམས་དགྲ་ལ་མཱ་ར་ཡ།། རང་གྲོལ་ཆེན་པོར་ཀྲ་ལ་ལ།། ཡེ་ཤེས་ཁྲོ་བོ་རང་བྱུང་རྒྱལ། ། སྐུ་ལ་ཡིད་བཞིན་ཤ་བ་གསོལ།། གསལ་བ་དྲིལ་ཆེན་རྒྱལ་མཚན་འཕྱར།། ཉོན་མོངས་གདུངཔ་སེལ་མཛད་པ།། གཡོན་པ་འཕྲུལ་གྱི་མདའ་གཞུ་འགེངས།། ཞེ་སྡང་རྩ་བ་གཅོད་མཛད་པ།། ཡིད་བཞིན་ཁྲོ་ཆུང་ཕྱོགས་བཅུར་འཕྲོ། ། དམ་ཉམས་དགྲ་ལ་མཱ་ར་ཡ།། འདོད་པའི་ཡིད་བཞིན་ཆར་དུ་འབེབས།། ཡེ་ཤེས་ཁྲོ་བོ་བདུད་རྩི་འཁྱིལ།། སྐུ་ལ་རྣམ་དག་སྐེ་ཚེ་གསོལ།། གཡས་པ་ཡེ་ཤེས་པདྨ་འཕྱར།། འདོད་ཆགས་རྩ་བ་གཅོད་མཛད་པ། ། གཡོན་པ་འཕྲུལ་གྱི་མདའ་གཞུ་འགེངས།། ཞེ་སྡང་རྩ་བ་གཅོད་མཛད་པ།། རྣམ་དག་ཁྲོ་ཆུང་ཕྱོགས་བཅུར་འཕྲོ།། དམ་ཉམས་དགྲ་ལ་མཱ་ར་ཡ།། ཡེ་ཤེས་བདུད་རྩི་སི་ལི་ལི།། ཡེ་ཤེས་ཁྲོ་བོ་སྣང་བའི་དཔལ། ། སྐུ་ལ་སྤྲོས་མེད་སྐེ་ཚེ་གསོལ།། གཡས་པ་རྡོ་རྗེ་རྒྱ་གྲམ་འཕྱར།། སྡུག་བསྔལ་རྩ་བ་གཅོད་མཛད་པ།། གཡོན་པ་འཕྲུལ་གྱི་མདའ་གཞུ་འགེངས།། ཕྱོགས་རིས་མེད་པར་རྩ་བ་གཅོད་མཛད་པ། ། སྣང་གསལ་ཁྲོ་ཆུང་ཕྱོགས་བཅུར་འཕྲོ།། དམ་ཉམས་དགྲ་ལ་མཱ་ར་ཡ།། ཁྱབ་བརྡལ་ཆེན་པོར་མེ་རེ་རེ།། ཡེ་ཤེས་རིན་པོ་ཆེ་རང་འབར་བ་ལས། ཡེ་ཤེས་གདངས་ཀྱི་ལེའུ་སྟེ་བཅུ་གཅིག་པའོ།།།། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཉམས་བསྐྱེད་བྱིན་རླབས་བདེ་བ་འདི་བརྗོད་དོ། ། ཡུལ་གྱི་མིང་ནི་རྒྱ་གར་ཡུལ།། བསམ་ཡས་རིན་ཆེན་འབར་བའི་དགོན་པ་རུ།། ཡིད་བཞིན་འབར་བ་རྒྱ་ཡིས་གདབ།། འབྲུ་གཞའ་སྣང་གསལ་འབར་བའི་དགོན་པ་རུ། ། དག་པ་ཡེ་ཤེས་འབར་བའི་རྒྱ་ཡིས་གདབ།། སྣོད་བརྟག་སྦྱིན་པའི་ཐབས་ཆེན་ཡང།། བློ་ཆེན་ཡངས་ལ་མ་སྦྱིན་ཅིག། ཕྱོགས་མེད་འཁྱམས་པའི་སྐྱོན་དུ་འགྱུར།། རྒྱ་ཆེ་ཟབ་ལ་མ་སྦྱིན་ཅིག། ཆོས་དབྱིངས་ཆེན་པོའི་སྐྱོན་དུ་འགྱུར།། རྣོ་ལ་མྱུར་ལ་མ་སྦྱིན་ཅིག། ཐེ་ཚོམ་ཟ་བའི་སྐྱོན་དུ་འགྱུར།། ཏི་རི་སོགས་ལ་མ་སྦྱིན་ཅིག། སྒྲོ་སྐུར་ཅན་གྱི་སྐྱོན་དུ་འགྱུར།། མགྱོགས་སྤྱོད་ཅན་ལ་མ་སྦྱིན་ཅིག། ཁྱད་དུ་གསད་པའི་སྐྱོན་དུ་འགྱུར།། རྟོག་པ་ཅན་ལ་མ་སྦྱིན་ཅིག། ངོ་མི་ཤེས་པའི་སྐྱོན་དུ་འགྱུར།། རྒྱུད་ངན་རྣམས་ལ་མ་སྦྱིན་ཅིག། རང་རྒྱུད་སྲེག་པའི་སྐྱོན་དུ་འགྱུར།། ཐོས་ཆུང་རྣམས་ལ་མ་སྦྱིན་ཅིག། ཡེ་འཕངས་ཟ་བའི་སྐྱོན་དུ་འགྱུར།། དད་ཅན་རྣམས་ལ་མ་སྦྱིན་ཅིག། དགེ་སྦྱོར་གཅོག་པའི་སྐྱོན་དུ་འགྱུར།། བཙའ་ཅན་རྣམས་ལ་མ་སྦྱིན་ཅིག། ཆོས་ལ་རྨོངས་པའི་སྐྱོན་དུ་འགྱུར།། ཕྱག་རྒྱ་སྤྲོས་ལ་གདངས་གསལ་ཐུགས་ལ་ཤར། ། ཉི་མའི་སྙིང་པོ་སྒྲིབ་མེད་སེམས་ལ་ཤར།། ནམ་མཁའི་སྙིང་པོ་ཕྱོགས་མེད་ཐུགས་ལ་ཤར།། རྒྱ་མཚོའི་ཆུ་གཟུགས་ཐོས་མེད་ལུས་ལ་ཤར།། ཡེ་ཤེས་རིན་པོ་ཆེ་རང་འབར་བ་ལས། འབྲས་བུ་ཆོས་ཀྱི་འཁོར་ལའོ།། རྫོགས་སོ།།།། རྒྱ་གར་སྐད་དུ། ཨ་ཏི་ཏྲྀ་ཀཱ་ཡ་པཉྩ་ཛྙ་ན་ཏྲི་ཀ་ཀརྨ་ཏནྟྲ་ནཱ་མ་མ་ཧཱ་སནྡྷི་ཏྲི་ཀཱ་ཡ་པཉྩ་ཛྙཱ་ན་སྱཱ་རྠ་སུ་བྷ་ཥི་ཏ་སཱུརྻ་ཙནྟྲ་སཾ་པུ་ཊ་ནཱ་ད་སི་ཧ་སིནྡྷི་གཱི་ཏི་ཏནྟྲ་ནཱ་མ། བོད་སྐད་དུ། རྫོགས་པ་ཆེན་པོ་སྐུ་གསུམ་ཡེ་ཤེས་ལྔའི་དོན་བཤད་པ་ཉི་ཟླ་ཁ་སྦྱོར་སེང་གེ་སྒྲ་ཡི་དགོངས་པ་བཤད་པའི་རྒྱུད་ཅེས་བྱ་བ། བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ།། འདི་སྐད་རྣམ་པར་བཤད་པའི་དུས་གཅིག་ན། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་འདུས་པའི་དཔལ་རྡོ་རྗེ་སེམས་དཔས་ཐམས་ཅད་ཀྱི་ངོ་བོར་གྱུར་པ་བཞོན་ནུ་དཔའ་བོ་སྟོབས་དང་ལྡན་པ་དེས། ལྕང་ལོ་ཅན་གྱི་ཕོ་བྲང་རི་བོ་གནམ་ལྕགས་འབར་རྩེ་ལ། ཡེ་ཤེས་ཀྱི་མཁའ་འགྲོ་རྣམས་དང། ལས་ལས་གྲུབ་པའི་མཁའ་འགྲོ་དང། འཇིག་རྟེན་གྱི་འཁོར་དང། སྤྲུལ་པའི་འཁོར་བྱང་ཆུབ་སེམས་དཔའ་རྣམས་དང་དེའི་ཚེ་ཐབས་ཅིག་ཏུ་བཞུགས་སོ།། དེ་ནས་གསང་བའི་བདག་པོས་འདི་སྐད་ཅེས་གསོལ་ཏོ། ། ཀྱེ་ཀྱེ་བཅོམ་ལྡན་འདས་ཐུགས་རྗེའི་བདག། སེམས་ཉིད་ཡེ་ཤེས་འཁྲུལ་པའི་སྒོ།། རྟོགས་པར་འདོད་པས་ཇི་ལྟར་ལྟ།། ཞེས་གསོལ་ཏོ།། རིགས་ཀྱི་བུ་ངེས་པར་ཉོན་ཅིག། མ་བཅོས་རང་བཞིན་སྙིང་པོའི་དོན། ། ཕྱོགས་སུ་བལྟས་པས་མཐོང་མིན་ཏེ།། རང་ལ་ཤར་བའི་དོན་ཉིད་ལ།། ཇི་ལྟར་ཉི་འོད་ནོར་བུ་ལྟར།། མ་བསགས་གདོད་ནས་ལྷུན་གྱིས་རྫོགས།། རང་བྱུང་གཞི་ཡི་གནས་ལུགས་ནི།། འགྲོ་འོང་མེད་པར་ཀུན་ལ་ཁྱབ།། གསང་བའི་རྡོ་རྗེ་ནམ་མཁའ་ཆེ།། ཚིག་གི་སྤྱོད་ཡུལ་མ་ཡིན་ཏེ།། འདི་ཞེས་བརྗོད་པ་དཀའ་བའི་དོན།། གསང་བའི་བདག་པོས་ངེས་པར་ཉོན།། བྱང་ཆུབ་དོན་འདི་བསྟན་པར་བྱ། ། ཞེས་སེང་གེ་སྒྲ་ཡི་དགོངས་པ་ཉི་ཟླ་ཁ་སྦྱོར་ལས། གླེང་གཞིའི་ལེའུ་སྟེ་དང་པོའོ།།།། དེ་ནས་འཁོར་མཁའ་འགྲོ་དང་གསང་བའི་བདག་པོར་བཅས་པ་ལ་རང་བྱུང་གཞི་སྐུ་གསུམ་དོན་སྟོན་པར་རིག་ནས། གསང་བའི་བདག་པོས་གསོལ་བ། ཀྱེ་ཐུགས་རྗེ་ཐབས་ཀྱི་བདག་པོ་ཆོས་སྐུ་ཁྱབ་བདལ་ཉི་མའི་སྙིང་པོ་ལྟ་བུ་བཤད་དུ་གསོལ།། ཞེས་ཞུས་སོ།། སྟོན་པས་བཀའ་སྩལ་བ། གོ་བར་དཀའ་བའི་རང་བྱུང་ལྷུན་གྲུབ་བདེ་ཆེན་དོན། ། བགྲོད་པར་དཀའ་ཕྱིར་དབང་དང་བྱིན་རླབས་རྒྱུད།། ཕྱི་རབས་རྣམས་ལ་འདི་ལྟར་བཤད་པར་བྱ།། ཆོས་སྐུ་རིན་ཆེན་དགོངས་པ་སྐྱེ་མེད་ཐིག་ལེ་ལ།། སྣང་བ་ཁྱབ་བདལ་ཆེན་པོ་གསལ་བ་ཆེ། ། དེ་དོན་རྟོགས་ན་བཙལ་དང་བགྲོད་མེད་དོ།། ལྷ་གནས་གསུམ་དུ་གྲགས་པ་ཡི།། རོ་ལངས་བདེ་བ་ཐུགས་སྲས་ཀྱིས།། ཡང་སྤྲུལ་སྐལ་ལྡན་སྲས་བདུན་ལ།། རྒྱལ་ཐབས་སྤྱི་བླུགས་དབང་བསྐུར་ནས།། བྱང་སེམས་ལྷུན་གྲུབ་བརྡ་དོན་སྤྲད། ། རང་རིག་འགག་མེད་འོད་གསལ་རང་ཤར་ལ།། དཀྱིལ་འཁོར་ལྔ་ཡི་ཡེ་ཤེས་འཕྲོ།། དེ་ལྡན་རྒྱལ་བའི་གྲལ་དུ་གཞག། རང་རིག་འོད་གསལ་ཕྱོགས་མེད་ཟླུམ་པོ་བུམ་པའི་དབང། ། སྐུ་གསུམ་རང་ཤར་རང་གསལ་གསང་བའི་དབང།། བདེ་ཆེན་དོན་རྟོགས་ཤེས་རབ་དབང།། ངོ་བོ་བློ་འདས་སྤྱི་བླུགས་དབང།། བགྲོད་མེད་ཡེ་ཤེས་ལམ་དུ་གྲོལ་བའི་ཀློང།། དེ་ཉིད་རང་བྱུང་རྫོགས་པའི་ལམ། ། རིམ་པར་བརྡ་ཡིས་བསྟན་པར་བྱ།། ཆོས་སྐུ་གཞི་ཡི་གནས་ལུགས་ནི།། དགོངས་པ་ནམ་མཁའི་མཐའ་དང་བྲལ།། མཐའ་དང་དབུས་མེད་ཕྱོགས་བྲལ་འགྱུར་བ་མེད།། གཞི་སྣང་ཁྱབ་པ་ཆོས་སྐུ་དག་པའི་དབྱིངས། ། རང་བྱུང་རྒྱུ་རྐྱེན་མེད་པའི་ལྷུན་གྲུབ་པ།། སྟོང་པ་ཡེ་ཤེས་སྙིང་པོ་བདག། མཐའ་ལ་མི་གནས་རྡོ་རྗེའི་སྐུ།། ཡེ་ཤེས་གསལ་བ་རིན་ཆེན་གཏེར།། སྤྲོས་དང་བྲལ་བའི་ནམ་མཁའ་ལ།། གཟུང་འཛིན་བྲལ་བའི་རིག་པ་བདལ། ། ངོ་བོ་རང་བཞིན་ཐུགས་རྗེའི་བདག། ཡེ་ཤེས་ནང་གསལ་སྐུ་གསུམ་འོད་དུ་གསལ།། རང་བཞིན་ལྷུན་གྱིས་གྲུབ་པའོ།། སེང་སྒྲ་ཉི་ཟླ་ཁ་སྦྱོར་ལས། ཆོས་སྐུ་གནས་ལུགས་བསྟན་པའི་ལེའུ་སྟེ་གཉིས་པའོ། །།། གསང་བའི་བདག་པོས་ཡང་ཞུས་པ། ཀྱེ། བཅོམ་ལྡན་ཐུགས་རྗེ་ཐབས་ཀྱི་བདག། ལོངས་སྐུ་གྲོལ་ལུགས་ཇི་ལྟར་ཤར།། སྟོན་པས་བཀའ་སྩལ་བ། ཆོས་སྐུའི་རྣམ་དག་དབྱེར་མེད་ཀྱང། ། ཡེ་ཤེས་སྐུ་ཉིད་རང་བྱུང་གསལ།། སངས་རྒྱས་སྐུ་ལྔ་རང་རིག་པ། མཚན་ཉིད་སོ་སོར་ཚུལ་འཛིན་ཅིང།། ཤེས་རབ་སྟོབས་བཅུ་ཡེ་ཤེས་སྐུ།། བཞི་བཅུ་རྩ་གཉིས་མཚན་འཆང་བ།། མཁའ་ལ་ཉི་ཤར་འགྲོ་དོན་མཛད། ། དེ་ནས་བྱ་བྲལ་དབྱིངས་སུ་སྐྱེལ།། ཞེས་སེང་གེ་སྒྲ་སྒྲོགས་པ་ཉི་ཟླ་ཁ་སྦྱོར་ལས། ལོངས་སྐུར་གྲོལ་བའི་ལེའུ་སྟེ་གསུམ་པའོ།།།། ཀྱེ་ཀྱེ་བཅོམ་ལྡན་ཐུགས་རྗེའི་བདག། ཐུགས་རྗེ་སྤྲུལ་སྐུའི་སྣང་བ་ཇི་ལྟར་འབྱུང། ། སྤྲུལ་པ་སྐུ་ཉིད་ཐུགས་རྗེར་ཇི་ལྟར་ཤར།། བཀའ་སྩལ་པ། ཡེ་ཤེས་ལྔ་ཡི་མཚན་ཉིད་ལས།། འབྱུང་བའི་དྭངས་མ་འོད་དུ་གསལ།། དེ་ལ་སྣོད་དུ་རྟོག་པ་བརྟས།། སྙིགས་མ་འབྱུང་བ་ཞེས་བྱའོ། ། མཁའ་ལ་རླུང་བརྟེན་དེ་ལ་ཆུ་བརྟེན་ནས།། དེ་ལ་ས་བརྟེན་འགྲོ་བ་བརྟེན་པ་ནི།། མ་རིག་སྲིད་པའི་སྒོ་ང་ལས་བྱུང་བ།། རྐྱེན་རྣམས་ཚོགས་ནས་འགྲོ་དྲུག་ལས་ཀྱིས་འཁོར།། སྣ་ཚོགས་གཟུགས་ཅན་ཡིད་ལས་བྱུང། ། འཁྲུལ་ཡང་ཆོས་སྐུའི་ཁྱབ་བདལ་རང་བྱུང་ལྷུན་གྲུབ་པ།། སྐུ་གསུམ་འོད་གསལ་མ་འདྲེས་རིག་པ་རང་རང་ཤར།། སྤྲུལ་སྐུའི་ཞིང་ཁམས་མ་འདྲེས་སོ་སོར་གསལ།། སྐུ་གསུམ་ཐུགས་རྗེ་འགྲོ་བ་དོན་མཛད་པ། ། དཔལ་ལྡན་སངས་རྒྱས་པདྨ་སྐྱེས།། སྤྲུལ་པའི་འཁོར་ལོ་ཡི་གེ་དྲུག་ལས་ཤར།། འགྲོ་དྲུག་དོན་དུ་ཐུབ་དྲུག་ཐ་དད་མཛེས།། རྣམ་གྲོལ་གསུམ་ལ་མཁས་པའི་ཆོས་ཀྱང་སྟོན། ། སྐྱེ་མེད་དོན་ཕྱིར་ཆོས་ཉིད་སྣ་ཚོགས་བསྟན།། སངས་རྒྱས་སྤྲུལ་པས་སེམས་ཅན་ཀུན་དོན་མཛད།། སེམས་ཅན་ཐམས་ཅད་རྣམ་གྲོལ་བྱེད།། དེ་ནས་ཐུགས་རྗེ་དབྱིངས་སུ་སྡུད།། རྒྱ་མཚོ་ཆུ་བྲན་སྡུད་པའི་ཚུལ། ། ཞེས་སེང་གེ་སྒྲ་ཡི་དགོངས་པ་ཉི་ཟླ་ཁ་སྦྱོར་ལས། སྤྲུལ་སྐུའི་ལེའུ་སྟེ་བཞི་པའོ།།།། ཀྱེ། བཅོམ་ལྡན་ཐུགས་རྗེའི་ཐབས་ཀྱི་བདག། སྐུ་གསུམ་ཡེ་ཤེས་བཤད་དུ་གསོལ། བཀའ་སྩལ་པ། ཡེ་ནི་ཤེས་པ་གཅིག་ཡིན་པ། ། མཚན་ནི་རྣམ་པ་ལྔ་ལྡན་ཏེ།། ངང་ལས་རང་བཞིན་མེད་པས་གསལ།། ཆོས་དབྱིངས་ཡེ་ཤེས་ལྷུན་གྱིས་གྲུབ།། ངང་ལས་ཡོན་ཏན་འབྱུང་བས་ན།། མེ་ལོང་ཡེ་ཤེས་ལྷུན་གྱིས་གྲུབ།། ཤེས་རབ་གཅོད་པས་སོ་སོར་རྟོགས། ། སྐྱེ་འགག་མེད་པས་མཉམ་ཉིད་དེ།། ཐོགས་པ་མེད་པས་བྱ་བ་གྲུབ།། སྟོང་པའི་ཡེ་ཤེས་རྩལ་སྣང་བ།། མཚན་ཉིད་འཛིན་པའི་ཡེ་ཤེས་ལྔ།། རིག་པའི་ཀློང་ན་རང་ཤར་གསལ། ། དཀར་དང་དམར་དང་སེར་དང་ལྗང།། མཐིང་ཁའི་རྣམ་པར་ཡེ་གྲུབ་པ།། སྣང་ལ་དངོས་མེད་ནམ་མཁའ་འཇའ་ཚོན་ཚུལ།། ཡེ་ཤེས་རིག་པའི་རང་གདངས་ཤར་བར་བཤད།། ཅེས་སེང་གེ་སྒྲ་ཡི་དགོངས་པ་ཉི་ཟླ་ཁ་སྦྱོར་ལས། ། ཡེ་ཤེས་ཀྱི་ལེའུ་སྟེ་ལྔ་པའོ།།།། ཀྱེ་ཀྱེ་བཅོམ་ལྡན་ཐུགས་རྗེའི་བདག། སྐུ་གསུམ་ཡེ་ཤེས་ལྔ་ལྡན་རང་བྱུང་སྐུ།། བག་ཆགས་སྦུབས་ན་འགྲོ་ལ་ཇི་ལྟར་གནས།། བཀའ་སྩལ་པ། ཐུགས་རྗེ་རྩལ་གྱི་འཆར་ལུགས་དང། ། སྲིད་པ་བཞི་ལ་འཛིན་ལུགས་དང།། སྡུད་བྱེད་དངས་མ་ཆགས་པའོ།། གསོ་བྱེད་བཅུད་ཀྱི་ཆགས་ས་བཞི།། དངོས་པོ་གདོས་པ་ཅན་དུ་གྲུབ།། སྤྲུལ་སྐུ་འགྲོ་བར་སྣང་བའོ།། དེ་ལ་ཇི་ལྟར་གནས་ཤེ་ན། ། ཟླ་བ་གདན་ལ་ཉི་མ་དབུ་རྒྱན་ཅན།། རིན་ཆེན་གུར་ཕུབ་ཟུར་གསུམ་རེ་ཐག་བཞི།། ཙིཏྟ་དཔལ་གྱི་བེའུ་ཞེས་སུ་བྱ།། དེ་དབུས་རྟོག་མེད་སྐུ་གསུམ་ཆོས་ཀྱི་སྐུ།། སྒྲིབ་མེད་ཡེ་ཤེས་ལྔ་ཡིས་གཞལ་ཡས་ན། ། ཀུན་བཟང་རིགས་ལྔ་སེམས་དཔའ་ཡབ་ཡུམ་བཞུགས།། ཐུགས་རྗེ་འོད་ཀྱིས་ཀུན་ཏུ་ཁྱབ་པའི་ངང།། རྟགས་ཀྱི་སྒྲོན་མར་རིག་པའི་འོད་གསལ་བ།། ཡེ་ཤེས་རྩལ་མ་རྫོགས་པས་ཁྱུང་ཕྲུག་སྒོང་རྒྱའི་ཚུལ། ། སྐུ་གསུམ་ཐེ་ཚོམ་མེད་བློས་རང་ཤར་རིག་པའི་དོན་ལ་ལྟ།། དུས་བཞི་མཉམ་སྦྱོར་དགོངས་པས་ནི།། རང་ངམ་རང་བཞིན་བདག་ཉིད་ཆེན་པོར་གཞག། ཅེས་སེང་གེ་སྒྲ་སྒྲོགས་ཀྱི་དགོངས་པ་ཡེ་ཤེས་ཉི་ཟླ་ཁ་སྦྱོར་རྒྱུད་ལས། བག་ཆགས་སྦུབས་ལ་སྐུ་གསུམ་ངོ་སྤྲད་ལེའུ་སྟེ་དྲུག་པའོ།། ཀྱེ་ཀྱེ་བཅོམ་ལྡན་ཐུགས་རྗེའི་བདག། སྤྲུལ་སྐུ་ཞིང་ཁམས་འགྲོ་དྲུག་ནས།། འབྲས་བུ་ལོངས་སྐུར་གྲོལ་བར་ཇི་ལྟར་བགྱི། ། ཞེས་པས་བཀའ་སྩལ་པ། སྲིད་པ་འགྲོ་དྲུག་ལས་གྲོལ་བ།། བྱེ་བྲག་སྐད་ཅིག་གཅིག་གིས་གྲོལ།། གྲོལ་ལས་གྲོལ་བས་ཐར་པ་མཐོང།། རྣམ་གྲོལ་ལུས་ནི་རིན་ཆེན་སྦུབས།། འཇུག་དང་སྣང་དང་ཤེས་པས་གྲོལ། ། ཕྱི་སྣང་བ་སྒོ་ལྔ་ངང་དུ་གྲོལ།། རྣམ་ཤེས་ལྔ་ཉིད་འོད་ལྔ་ངང་དུ་གྲོལ།། འོད་ལྔ་རིགས་ལྔ་ཡུམ་ལྔ་ཆོས་སྐུ་ངང་དུ་འདུས།། ཡེ་ཤེས་སྐུ་དེ་མཚོན་གྱི་གྲུ་གུ་བཞིན།། ཙིཏྟ་སྒྲོན་མར་ཞུགས་ནས་ཆོས་ཉིད་མཁའ་ལ་ཤར། ། རྟོགས་པས་སྐལ་ལྡན་ལོངས་སྐུ་ངོ་བོར་གྲོལ།། ཐུགས་རྗེ་འོད་ཟེར་འགྲོ་དོན་སྤྲུལ་སྐུ་འགྱེད།། ཅེས་སེང་གེ་སྒྲའི་དགོངས་པ་ཉི་ཟླ་ཁ་སྦྱོར་ལས། སེམས་ཅན་སྦུབས་ནས་ལོངས་སྐུ་འོད་ཀྱི་སྦུབས་སུ་གྲོལ་བའི་ལེའུ་སྟེ་བདུན་པའོ། །།། ཀྱེ་ཀྱེ་བཅོམ་ལྡན་ཐུགས་རྗེའི་བདག། ལོངས་སྐུའི་ཞིང་ཁམས་སྤྲུལ་པའི་སྐུ།། སྐུ་གཉིས་ཆོས་སྐུའི་ཀློང་དུ་ཇི་ལྟར་གྲོལ།། ཞེས་པ་བཀའ་སྩལ་པ། དབྱིངས་ལས་རིག་པ་ཡེ་ཤེས་རང་བྱུང་བ། ། ཡེ་ཤེས་རྫོགས་སྐུ་གསུམ་སྤྲུལ་པའི་སྐུ།། ཆོས་སྐུ་ལོངས་སྐུ་རྩལ་སྣང་ཡེ་ཤེས་རྒྱན།། འགྲོ་བའི་དོན་མཛད་གསལ་བྱེད་ཀུན་གྲོལ་ཁྱབ།། མི་འགྱུར་ཡེ་ཤེས་རླུང་གིས་ཤེས་རབ་མཁའ་ལ་བཏེག། ཤེས་རབ་སྤྱན་གསུམ་རང་བཞིན་རྣམ་པར་དག། རང་རིག་ཡེ་ཤེས་ཡིན་ལ་བག་ཆགས་ལུས་ཀྱི་རྟོག་པ་མེད།། སེང་གེ་སྒྲ་ལས། ཡེ་ཤེས་དབྱིངས་སུ་སྤྲུལ་པ་སྐུ་དག་པའི་ལེའུ་སྟེ་བརྒྱད་པའོ།།།། ཀྱེ་ཀྱེ་བཅོམ་ལྡན་ཐུགས་རྗེའི་བདག། གཟིགས་པའི་སྤྱན་གསུམ་སྒྲིབ་མེད་ཇི་ལྟར་གྲོལ།། ཞུས་པ། བཀའ་སྩལ་པ། སྦུབས་གསུམ་ཡུལ་དུ་ཇི་ལྟར།། མ་རྟོགས་འཁྲུལ་བའི་སྣང་བ་ནི།། སྙིགས་མ་བྱུང་བ་ངོ་བོས་སྟོང། ། དྭ་ངས་མ་ལྔ་ཉིད་འོད་གསལ་སྟོང།། རང་ལ་སྣང་ཞིང་རང་བཞིན་མེད།། རང་སྣང་རྣམ་དག་ཤེས་རབ་སྤྱན་གྱི་ངང་དུ་གྲོལ།། བག་ཆགས་སྦུབས་ན་བཞི་བཅུ་རྩ་འོད་གསལ་བ།། སྟོང་ཞིང་བདག་མེད་བུམ་པའི་མར་མེ་བཞིན། ། འོད་ཀྱི་སྦུབས་སུ་སྒྲིབ་མེད་སྤྱན་གསལ་བ།། སྒྲིབ་མེད་འོད་སྦུབས་ཡེ་ཤེས་སྤྱན་དུ་གྲོལ།། ཐིམ་ཤར་གནས་པ་རིག་པའི་ངང་ལ་གསལ།། འོད་གསལ་སྣང་ཡང་ཟང་ཐལ་རེག་པ་མེད། ། ཆོས་སྐུ་ཕྱི་ནང་མདུན་རྒྱབ་མེད་པ་རིན་ཆེན་སྦུབས།། སོ་སོར་རྟོག་པར་ཆོད་ཡང་དམིགས་མེད་ཆོས་ཉིད་ངང།། གནས་ལུགས་ཆོས་ཀྱི་སྤྱན་གྱི་ངང་དུ་སྒྲིབ་མེད་གྲོལ།། འགྱུར་མེད་པ་ན་ཡེ་ཤེས་སྟོང་རིག་གསལ། ། གཟུང་འཛིན་གཉིས་མེད་ཆོས་ཀྱི་མཐའ་ལས་གྲོལ།། སེང་གེ་སྒྲ་ཉི་ཟླ་ཁ་སྦྱོར་ལས།། སྤྱན་གསུམ་སྒྲིབ་མེད་གྲོལ་བའི་ལེའུ་སྟེ་དགུ་པའོ།།།། ཨེ་མ་ཧོ། སྙིང་པོ་དོན་གྱི་རྒྱུད་གསུམ་པ།། སྣོད་ཀྱི་འཇིག་རྟེན་དབྱིངས་སུ་གྲོལ། ། སྒོ་ལྔ་དུག་ལྔ་ཡེ་ཤེས་གདངས་སུ་གྲོལ།། སེམས་ཀྱི་གཟུང་འཛིན་སྤྲོས་བྲལ་ངང་ལ་གྲོལ།། ལུས་ངག་ཡིད་གསུམ་སྐུ་གསུམ་ངོ་བོར་རྫོགས།། འཁོར་བ་འདས་པ་གྲོལ་བའི་སྐུ་ཆེན་སྐུ་གསུང་ཐུགས། ། རང་བྱུང་སྐུ་གསུང་ཡེ་ཤེས་རྒྱས་པར་བཤད་དུ་གསོལ།། བཀའ་སྩལ་པ། ཆོས་སྐུ་ངོ་བོ་ཀུན་ཏུ་བཟང་པོ་དེ།། དངོས་བཅས་མ་ཡིན་ཁ་དོག་ཚོགས་འོད་ཀྱི་སྐུ།། འབར་བ་འོད་འཕྲོ་སྣང་དུ་ཡོད་ལ་རེག་ཏུ་མེད། ། རྟག་ཆད་ལས་འདས་འགྱུར་མེད་ཡེ་ཤེས་སྙིང་པོར་གནས།། དེ་ཡི་ཡོན་ཏན་ཁྱབ་པ་ཕྱོགས་དང་རིས་མེད་པ།། ཟབ་དང་ཐུན་མོང་མ་ཡིན་ཐོག་མ་རྒྱུ་རྐྱེན་མེད།། ཆོས་སྐུ་མཚོན་བྱ་དག་དང་རྟོག་པ་དང། ། དག་པ་གློ་བུར་དྲི་མ་རྣམ་དག་དྲོངས།། རང་བཞིན་བྲལ་བས་དེ་ཉིད་འོད་གསལ་ལོ།། དེ་ཡི་རྟོགས་པ་བློ་འདས་རིག་པ་ལ།། སྨྲ་བསམ་བརྗོད་མེད་སོ་སོར་རང་རིག་རྟོགས།། མཚན་ཉིད་འདུས་བྱས་མ་ཡིན་འཁོར་འདས་དབྱེར་མེད་པ། ། རྟག་ཆད་ལས་འདས་ཡང་དག་དོན་དུ་ངེས།། ཆོས་སྐུའི་དབྱེ་བ་བཞི་སྣང་ཆོས་སྐུ་དང།། ཀུན་བཟང་ངོ་བོ་ཉིད་ཀྱི་ཆོས་སྐུ་ནི།། ཆོས་ཉིད་སྤྱན་གྱིས་འཁོར་འདས་ཟང་ཐལ་གཟིགས། ། ཆོས་ཉིད་དོན་གྱི་གསུང་གི་ནི།། སྐྱེ་མེད་བརྗོད་དང་བྲལ་བའི་དོན་གྱིས་ནི།། དེ་ཉིད་བརྗོད་དུ་མེད་པའི་ཆོས་བཤད་དོ།། ལོངས་སྐུའི་ངོ་བོ་རིགས་ལྔ་འོད་གསལ་ཡེ་ཤེས་ལྔ་ཡི་སྐུ།། ཐུགས་རྗེ་ཟེར་དུ་འཕྲོ་བའི་བདག་ཉིད། ། མཚོན་བྱ་སྐུ་ཡི་སྣང་བ་ལྔ་ཤར་བ།། ཐུགས་ཉིད་རྡོ་རྗེ་ལྟ་བུའི་དགོངས་པ་ཏིང་འཛིན་རྟོགས།། མཚན་ཉིད་འདུ་བྱེད་རྐྱེན་གྱིས་མི་བསྐྱོད་ལྷུན་གྱིས་གྲུབ།། ཡོན་ཏན་སྤྲུལ་སྐུར་འཕྲོ་ཡང་འགྱུ་བྱེད་མི་མངའ་བ། ། དབྱེ་བ་བཞི་པོ་ལོངས་སྐུ་རྟོག་མེད་སྐུ་ལྔ་དང།། ཞིང་ཁམས་ལོངས་སྐུ་འགྲོ་ལ་ཁྱབ་པའི་སྐུ།། ཡེ་ཤེས་སྤྱན་གྱིས་ཆོས་རྣམས་མཉམ་ཉིད་གཟིགས།། དགོངས་པ་འདའ་བའི་གསུང་གིས་སྐུ་ཡི་ཆོས་རྣམས་འཇལ་བར་སྟོན། ། སྤྲུལ་སྐུའི་ངོ་བོ་ཐུགས་རྗེ་ཡེ་ཤེས་ལས།། མཚོན་བྱ་སྐུ་གསུང་ཐུགས་ཀྱི་སྣང་བ་ལ།། འགྲོ་བ་དད་དང་མོས་དང་སྨིན་པར་བྱས།། མཚོན་པ་ཐུགས་རྗེ་ཐབས་ཀྱིས་རྣམ་པར་མཚོན།། དབྱེ་བ་བཞི་གནས་སྤྲུལ་སྐུ་ཐུགས་རྗེ་སྤྲུལ་པའི་སྐུ། ། ཡེ་ཤེས་རང་བྱུང་སྤྲུལ་པའི་སྐུ་ཤར་བའོ།། ཤེས་རབ་སྤྱན་གྱིས་སྤྱི་དང་རང་གི་མཚན་ཉིད་སོ་སོར་གཟིགས།། བརྗོད་པ་ཚིག་གི་གསུང་གིས་འགྲོ་ལ་ཆོས་སྟོན་ཏོ། ། སེང་གེ་སྒྲ་དགོངས་པ་ཉི་ཟླ་ཁ་སྦྱོར་རྒྱུད་ལས། སྐུ་གསུམ་རང་བཞིན་བསྟན་པའི་ལེའུ་སྟེ་བཅུ་པའོ།།།། ཀྱེ། བཅོམ་ལྡན་ཐུགས་རྗེ་ཐབས་ཀྱི་བདག། སྐུ་གསུམ་ངེས་ཚིག་གསུང་དུ་གསོལ།། བཀའ་སྩལ་བ། ཆོས་སྐུའི་ངོ་བོ་གཉིས་མེད་ཤེས་རབ་བདལ་ཁྱབ་ལ།། ལོངས་སྐུ་མཚན་ཉིད་འོད་གསལ་མི་རྟོག་ཡེ་ཤེས་སོ།། སྤྲུལ་སྐུ་ངོ་བོ་ཐུགས་རྗེ་མི་འགག་པ།། ཆོས་སྐུ་ངེས་ཚིག་ཁྱབ་དང་རྟེན་བྱེད་ལ།། ལོངས་སྐུ་ཞི་དང་འཁོར་སྨིན་ལོངས་སྤྱོད་དོ། ། སྤྲུལ་སྐུ་ངེས་ཚིག་ཐུགས་རྗེ་སྣ་ཚོགས་སྤྲུལ།། ཡུན་ཐུང་མ་ངེས་ཕྱིར་ན་སྤྲུལ་ཞེས་བྱ།། དབྱེ་བ་ཆོས་སྐུའི་ཆོས་སྐུ་ནི།། མི་འགྱུར་རིག་པ་སྤྲོས་བྲལ་བདལ་ཁྱབ་པ།། ཆོས་ཀྱི་སྐུ་ཡི་ཆོས་སྐུ་ཡང་དག་བཤད། ། རིག་པའི་ཤེས་རབ་སྐུ་ལྔ་མཁྱེན་མ་འགགས།། ཆོས་སྐུའི་ལོངས་སྐུར་རྒྱལ་བ་ཀུན་གྱིས་བཤད།། གདུལ་བྱ་སོགས་མེད་སྐུ་ལྔ་ངོ་བོ་ཉིད་ཤར་བ།། ཆོས་སྐུའི་སྤྲུལ་པ་སྐུ་ཡི་ངེས་བཤད་ཡིན།། དེ་ལ་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་ཞེས་བྱ། ། ཁྱབ་བདལ་གཞི་ཡི་ཆོས་སྐུར་དེ་བཤད་དོ།། ལོངས་སྐུ་ཆོས་སྐུ་རྣམ་སྣང་ཆེན་པོ་སྐུ་གཅིག་སྐུ་ལྔར་ཤར།། དེས་ན་ཀུན་ཏུ་ཞལ་ཞེས་བཤད་པ་ཡིན།། ལོངས་སྐུ་ལོངས་སྐུའི་རིགས་ལྔ་སངས་རྒྱས་ལ། རྒྱ་གར་སྐད་དུ། བོ་དྷི་ཙི་ཏ་མན་ཏྲ་ནཱ་མ། བོད་སྐད་དུ། བྱང་ཆུབ་སེམས་ཡིད་སྐྱོབ་པ་ཞེས་བྱ་བ། སྤྲུལ་པའི་གང་ཟག་འགྲོ་བའི་མགོན་ལ་བཏུད་དེ་ཕྱག་འཚལ་ནས། ཁྱེའུ་སྣང་བ་བསམ་གྱིས་མི་ཁྱབ་ཀྱིས་སྐྱོབ་པའི་ཡི་གེ་ཞུས་པ། ཨེ་མ་ཧོ། འགྲོ་བའི་གཟུང་མཛིན་སྐྱོབ་མཛད་པ།། སྐྱོབ་པའི་བླ་མེད་ཐུན་མོང་མ་ཡིན་སྐྱོབ་མཛད་སྐྱོབ་པ་དམ་པ་ཁྱོད།། འགྲོ་བ་མ་རིག་མུན་ནག་འཐིབས་ཤིང་རྣམ་རྟོག་རླུང་གིས་བསྐྱོད་པ་ལ། ། བུ་གཅིག་པ་ལ་མ་བཞིན་དགོངས་པ་ཐུགས་རྗེས་སྐྱབས་ཆེན་གནོང། གསང་སྔགས་དོན་གྱི་ངོ་བོ་གང་ལ་བགྱི། ། གཞི་ཡི་དངོས་པོའི་གནས་ལུགས་ཇི་ལྟ་བུ།། དེ་ཉིད་རྟོགས་ཐབས་ཇི་ལྟར་རྟོགས་པར་བྱ།། རྟོགས་ནས་ཉམས་སུ་བླང་ན་ཇི་ལྟར་བླངས།། བླངས་ནས་འབྲས་བུ་ཐོབ་ན་ཇི་ལྟར་ཐོབ། ། འབྲས་བུ་ཁྱད་པར་འཕགས་ན་ཇི་ལྟར་སྤགས།། འོག་མ་རྣམས་ལ་སྐྱོན་ནི་ཅི་ཞིག་མཆིས། སེམས་ཅན་སངས་རྒྱས་ངོ་བོ་གཅིག་མི་གཅིག། གཅིག་ན་འཁོར་འདས་གཉིས་གསུངས་ཇི་ལྟར་ལགས། ། མི་གཅིག་འབྲེལ་བ་མེད་པ་ལགས་སམ་ཅི།། སེམས་ཅན་རྣམས་ལ་སྐྱོན་ནི་ཅི་ཞིག་མཆིས།། སངས་རྒྱས་རྣམས་ལ་ཡོན་ཏན་ཅི་ཞིག་མངའ། ། སེམས་ཅན་བྱ་བ་གང་དང་གང་ལ་བྱ།། སངས་རྒྱས་བྱ་བ་གང་དང་གང་ལ་གདགས།། སངས་རྒྱས་སྒྲུབ་ན་སྒྲུབ་རྫས་ཅི་ལ་བགྱི།། དེ་ཡི་བར་ཆད་བགེགས་ཆེན་ཇི་ལྟར་བསལ། ། དེ་ཡི་ལམ་གྱི་ཆ་རྐྱེན་གང་དང་གང།། ཡུན་ནི་ཇི་སྲིད་གཅིག་གིས་སྒྲུབ་པ་ལགས།། གབ་པ་བཅོ་བརྒྱད་དུས་འདིར་དབྱུང་དུ་གསོལ།། འདོད་པའི་ཆུ་བོ་སྐེམས་མཛད་མེ་ཆེན་ཡེ་ཤེས་དུས་འདིར་དབྱུང་དུ་གསོལ། ། མ་རིག་མུན་པ་སེལ་མཛད་འོད་ཆེན་དུས་འདིར་དབྱུང་དུ་གསོལ།། འཁོར་བའི་ཆུ་བོ་སྒྲོལ་མཛད་གྲུབ་ཆེན་དུས་འདིར་དབྱུང་དུ་གསོལ།། རྣམ་རྟོག་རླུང་དམར་ཞི་མཛད་སྐྱབས་ཆེན་དུས་འདིར་དབྱུང་དུ་གསོལ། ། གཟུངས་འཛིན་ཕུར་པ་འབྱིན་མཛད་རྐམས་པས་དུས་འདིར་དབྱུང་དུ་གསོལ།། དུག་ལྔ་འཇོམས་མཛད་ཐོབ་པ་དུས་འདིར་དབྱུང་དུ་གསོལ།། བདག་འཛིན་སྒྱུ་མ་མཁན་དུག་ཆེན་སེལ་མཛད་སྨན་ཆེན་དུས་འདིར་དབྱུང་དུ་གསོལ། ། སེལ་མཛད་སྨན་ཆེན་དུས་འདིར་དབྱུང་དུ་གསོལ།། ཞེས་པ་ལ་སོགས་པའི་ཚིག་མང་པོ་དང།། འགྲོ་བའི་དཔལ་མགོན་ཡོན་ཏན་ཐམས་ཅད་དབྱུང་བའི་གནས། ། མ་རིག་སེལ་མཛད་འོད་ཆེན་སྣང་བ་ཐམས་ཅད་དབྱུང་བའི་གནས།། མགོན་པོ་ཁྱེད་འདྲའི་ཐུགས་རྗེས་མ་གཟིགས་མི་གཟིགས་ན།། འཁོར་བ་ཐར་མཐའ་མེད་པའི་སྡུག་བསྔལ་བཟོད་བརླགས་མེད་པ་དྲན་གྱུར་ན། ། ལྡུམ་བུ་བརྔས་པ་བཞིན་དུ་མོད་ལ་མི་སྐམ་བཟོད་པ་ཐོབ་པའི་སེམས་ཅན་ལ།། སྐྱོབ་དཔལ་གཅིག་གཞན་མ་མཆིས་ན།། འགྲོ་དཔལ་ཐུགས་རྗེ་ཅན་གྱིས་གཟིགས་སུ་གསོལ།། ཞེས་བསྟོད་ཚིག་སྨྲེ་བའི་ཚིག་མང་པོ་དང་བཅས་ནས་སྐོར་བ་བྱེད་ཅིང། ། ཉིན་མཚན་དུ་རིན་པོ་ཆེ་ལ་སོགས་ཏེ་གསེར་དངུལ་སྐུ་མི་མངོན་པར་ནུབ་པར་ཕུལ་བས། ཨེ་མ་ཧོ། འགྲོ་བའི་དོན་ལ་ཐུགས་རྗེས་བརྩོན་པའི་བྱང་ཆུབ་སེམས་དཔའ་ཁྱོད། ། དད་དང་བརྩོན་འགྲུས་བརྟུལ་ཞུགས་དྲག་པོས་འགྲོ་བའི་དོན་དུ་གསོལ་འདེབས་ན།། སངས་རྒྱས་དགོངས་པ་ཉག་གཅིག་བསྟན་དཀའ་བ།། བརྒྱ་ལ་བསྟན་ཀྱང་སྐལ་མེད་མ་མོས་ན། ། འཇིགས་ཤིང་སྔངས་ནས་དམྱལ་བའི་རྒྱུར་གྱུར་ཡང།། འཇམ་དཔལ་བཤེས་གཉེན་ཁྱོད་ལངས་བསྟན་གྱིས།། གཞན་སྤེལ་སྐལ་མེད་དམྱལ་བར་གཏང་ན་ནི།། ཁྱོད་ཀྱང་ཚེ་འདིར་རྡོ་རྗེ་མཁའ་འགྲོས་གནོང། ། ཕྱི་མར་རྡོ་རྗེ་དམྱལ་བར་ནམ་ཡང་འགྲོ། རབ་ཏུ་བརྟགས་ལ་སྐལ་ལྡན་རེ་རེ་ལ།། གཞན་དུ་མ་སྤེལ་ལུས་ངག་ཡིད་གསུམ་ཐུད་ལ་ཉོན།། དང་པོ་གསང་སྔགས་དོན་གྱི་ངོ་བོ་ནི།། སྐྱོབ་པའི་དོན་གྱིས་གསང་སྔགས་དོན་ཡིན་ཏེ། ། གཟུགས་འཛིན་གཉིས་ལས་སྐྱོབ་པས་གསང་སྔགས་ཡིན།། གནས་སྐབས་སྐྱོབ་པ་གསང་སྔགས་མ་ཡིན་ནོ།། ཅི་སྟེ་གཟུང་འཛིན་འཁོར་བའི་མཚན་ཉིད་ལས།། མ་འདས་སྐྱོབ་པའི་ཐ་སྙད་གྱིན་ཙམ། ། ཇི་སྲིད་གཟུང་འཛིན་ཡོད་ཀྱི་བར་དུ་ནི།། རྡོ་རྗེ་སེམས་དཔས་སྐྱོབ་པར་མ་གསུངས་སོ།། གསང་སྔགས་གཟུང་བ་བྲལ་བས་ཉོན་མོངས་སྒྲིབ་པ་སྐྱོབ།། གསང་སྔགས་འཛིན་པ་བྲལ་བས་ཤེས་བྱའི་སྒྲིབ་པ་སྐྱོབ། ། གཟུང་བའི་ཡུལ་མེད་ཆོས་ཀྱི་བདག་མེད་རྟོགས།། འཛིན་པའི་སེམས་མེད་གང་ཟག་བདག་མེད་རྟོགས།། བསམ་པའི་ཡུལ་མེད་ཡིད་ཀྱི་གཡོ་བ་བྲལ།། སྐྱོབ་པ་བླ་ན་མེད་པར་རྡོ་རྗེ་སེམས་དཔས་གསུངས། ། དེ་ནི་གསང་སྔགས་དོན་གྱི་ངོ་བོའོ།། གསང་སྔགས་ཡིན་མིན་གཟུང་འཛིན་ཡོད་མེད་བརྟག། དྲང་དོན་གསང་སྔགས་གཟུང་འཛིན་ཡོད་པར་གསུངས།། གཟུང་འཛིན་ཡོད་པར་བྱ་བྱེད་ཡིན་པར་གསུངས། ། བྱ་བྱེད་ཡོད་པས་འདུས་བྱས་ཡིན་པར་གསུངས།། ཉན་ཐོས་ངོ་བོ་དགྲ་བཅོམ་མཐར་ཐུག་སྣང།། དེ་བཞིན་ཨ་ནུའི་ཐེག་པ་མན་ཆོད་ཀྱང།། རང་རང་ངོ་ལ་མཐར་ཐུག་འབྲས་བུ་སྣང་མོད་ཀྱང།། བྱ་བྱེད་འབྲས་བུ་འདུས་བྱས་ཡིན་པར་ནི། ། རྨོངས་པས་ལྟས་ཀྱང་ཐེ་ཚོམ་ཟ་མི་སྲིད།། དེ་བས་གསང་སྔགས་ཐེག་པ་ཡང་ཡིན་མོད།། དེ་བས་གསང་སྔགས་དོན་གྱི་ངོ་བོ་དེ།། སློབ་དཔོན་བཀའ་གཅོག་དམ་ཉམས་ལག་ཏུ་ཤོར་ར་རེ། ། འགྲོ་རྒྱུན་ཆོས་སྐུར་འཐུང་ཞིང་ཟན་ཚོལ་ཁྲེལ་མེད་ལག་ཏུ་ཤོར་ར་རེ།། འདོད་པ་མ་ཕྲེལ་བར་དུ་སྲི་ཞུ་ཆེ་ཞིང་འདོད་པ་ཕྲལ་ནས་ཚག་མོ་ཡི།། འདུ་ཤེས་བསྐྱེད་དེ་རྒྱབ་ཀྱིས་ཕྱོགས་པའི་ལག་ཏུ་ཤོར་ར་རེ། ། སླད་ཀྱིས་སློབ་དཔོན་མཐོང་ན་མི་དགའ་སྐྱེ་བའི་ལག་ཏུ་ཤོར་ར་རེ།། ངོ་དགའ་གྲགས་པའི་དབང་གིས་སྣང་འཚོ་བྱེད་པའི་ལག་ཏུ་ཤོར་ར་རེ།། མདོར་ན་དཀོན་མཆོག་དབུ་འཕངས་སྨོད་པའི་ལག་ཏུ་ཤོར་ར་རེ། ། སྨྲས་པ་མི་འགྱུར་རི་རབ་ལྟ་བུ་ལ།། ཆོས་སྐྱོང་སྲུང་མ་དཔང་པོར་གཞག་ལ་སྦྱིན།། རྡོ་རྗེ་མཁའ་འགྲོ་དཔང་པོར་གཞག་ལ་སྦྱིན།། བློ་ལྡན་སྐལ་བ་ཅན་དང་འཕྲད་པར་ཤོག། ཅེས་གསང་སྔགས་དོན་གྱི་ངོ་བོའི་ཡི་གེ་སྟེ་དང་པོའོ། །།། གསང་སྔགས་ངོ་བོ་རང་བཞིན་དབྱིངས་ལ་ཕྱག་འཚལ་ལོ།། གསང་སྔགས་གནས་ལུགས་ཐིག་ལེ་ཉག་གཅིག་སྟེ།། ཀུན་བྲལ་ཀུན་དངོས་ཅི་སྤངས་ཅི་མི་སྤངས། ། ཐིག་ནི་མི་གཡོ་མི་འགྱུར་མ་ནོར་སྤྲོས་དང་བྲལ།། ལེ་ནི་ཀུན་དངོས་བརྡལ་ཁྱབ་ཅིར་ཡང་ཤར།། ཉག་ནི་ཟབ་ཅིང་ཕྲ་སྟེ་རྟག་པར་དཀའ།། གཅིག་ནི་ཅི་དྲན་ཅི་སྨྲས་ཡུལ་སེམས་བདག་གི་དབྱིངས།། ཀུན་བྲལ་བདག་གི་ངོ་བོ་ཕྱོགས་དང་བྲལ། ། གཅིག་ཏུ་ཟླ་བྲལ་དོ་ཆད་ཡིན་པ་ལ།། ཀུན་དངོས་དེ་རང་གཟུང་འཛིན་བྱུང་བ་ལས།། ཉོན་མོངས་འགྲོ་བ་ལྔ་དང་འབྱུང་ཆེན་ལྔའོ།། ཅི་སྤངས་གཅིག་ལས་གཡོས་པ་མེད་པའོ། ། ཅི་མ་སྤངས་པ་དེ་ཉིད་ཅིར་ཡང་འབྱུང།། ཐིག་ནི་ཆོས་ཉིད་ནམ་མཁའ་ཉིད་ལ་བྱ།། ལེ་ནི་སེམས་ཉིད་ནམ་མཁའ་ཉིད་ལ་བྱ།། ཉག་ནི་འབྱུང་བའི་ནམ་མཁའ་ཉིད་ལ་བྱ།། གཅིག་ནི་དབྱེར་མེད་གནས་ལུགས་གདོད་མ་ནས། ། གཅིག་སྟེ་སུས་ཀྱང་མ་བྱས་བྱེད་པ་མེད།། ཀུན་བྲལ་ཕྱོགས་རིགས་བདག་གཞན་རྒྱུ་འབྲས་སྤྲོས་དང་བྲལ།། ཀུན་དངོས་མ་རིག་ཅིར་ཡང་ཤར།། ཅི་སྤངས་རང་རིག་རང་རྟོགས་ཐམས་ཅད་རང་དུ་བརླག། ཅི་མ་སྤངས་ན་སྣང་སྲིད་མ་བཅོས་རང་སར་གྲོལ།། གནས་ལུགས་ཆོས་ཉིད་ནམ་མཁའ་གཅིག་པུ་ལ།། གཟུང་འཛིན་རང་བྱུང་ནམ་མཁའ་གཉིས་བྱུང་བས།། ཆོས་ཉིད་ནམ་མཁའ་མ་མཐོང་གཉིས་པོས་བསྒྲིབས། ། འབྱུང་བ་ལྔ་དང་འགྲོ་བ་རིགས་ལྔ་པོ།། གཟུང་འཛིན་ཉོན་མོངས་ལྔ་ལས་སྣ་ཚོགས་སྣང།། སྣང་ཡང་ཆོས་ཉིད་རང་བྱུང་གཡོས་པ་མེད།། དཔེར་ན་སྲིད་པ་དང་པོ་ཆགས་པ་ཡང།། ལྟེ་བ་ཐིག་ལེའི་ཆ་ཤས་མེད་པ་ལ། ། ཡན་ལག་ལ་སོགས་མ་བཙལ་རང་ཉིད་ཤར།། སྣ་ཚོགས་གཅིག་དང་གཅིག་གི་མཚན་ཉིད་མི་མཐུན་ཏེ།། ལྟེ་བའི་ཐིག་ལེའི་ངང་ལ་གཡོས་པ་མེད།། དེ་བཞིན་ཆོས་ཉིད་ནམ་མཁའ་རང་བཞིན་ཅིར་ཤར་ཡང། ། ཆོས་ཉིད་ངང་ལ་གཡོས་པ་ཅི་ཡང་མེད།། དེ་བས་དངོས་པོའི་གནས་ལུགས་གཅིག་ཏུ་གནས་པ་ལ།། གཅིག་པུ་རང་ཉིད་ཅིར་ཡང་ཤར་བ་སྟེ།། གཅིག་གི་ཀུན་གྱི་རྣམ་པ་འཛིན་ལ་གསུངས།། གཅིག་པུ་འཁོར་འདས་ཀུན་གྱི་དངོས་བཞི་སྟེ། ། ངོ་བོ་ཉིད་ནི་རྟོགས་དང་མ་རྟོགས་ཀྱི།། བྱེད་པ་མེད་པར་རང་ཉིད་ཅིར་ཡང་ཤར།། དཔེར་ན་ནམ་མཁའི་ངོ་བོ་བྱད་པ་མི་མངའ་སྟེ།། རང་གི་ངོ་བོའི་འབྱུང་བ་བཞིར་ཡང་ཤར། ། འབྱུང་བ་བཞི་ཡང་སྣ་ཚོགས་བསམ་ལས་འདས།། འདས་ཀྱང་ནམ་མཁའ་མ་གཡོས་བྱེད་པ་མེད་པར་ཤར།། སེམས་ཅན་བསམ་པ་སངས་རྒྱས་དགོངས་པ་ཡང།། ཆོས་ཉིད་གཅིག་ཏུ་གཞན་ནི་ཅི་ཡང་མེད། ། དེ་བས་གནས་ལུགས་གཅིག་པ་བསམ་མི་ཁྱབ།། དེ་ནི་གསང་སྔགས་གནས་ལུགས་ཡིན་པར་གོ་བར་གྱིས།། གཞན་ནི་གནས་ལུགས་ཐ་དད་ཡིན་པར་འདོད།། དེ་ནི་གནས་ལུགས་གཟུང་འཛིན་ཅན་ཡིན་ཏེ། ། གཏན་ལ་ཕེབས་ཀྱང་གྲོལ་བར་འགྱུར་མི་སྲིད།། དེ་ནི་སེམས་ཅན་རྣམས་ཀྱི་གནས་ལུགས་ཡིན།། གོང་གི་གནས་ལུགས་ཀུན་གྱི་ཐུན་མོང་མིན།། དེ་བས་ཀུན་ལ་དེ་ལྟར་མི་བསྟན་ཏེ།། ལོ་བདུན་བར་དུ་མཚན་ཉིད་རྟགས་ལ་ནི། ། སྐྱོ་བ་རྡུལ་ཙམ་མེད་ན་བསྟན་པར་བྱ།། རབ་ཀྱི་ལུས་སྲོག་གཏོར་ན་བསྟན་པར་བྱ།། བློ་ཆེ་འཇིགས་པ་མེད་ན་བསྟན་པར་བྱ།། སློབ་དཔོན་སྙིང་ལྟར་བརྩེ་ན་བསྟན་པར་བྱ།། སེར་སྣ་ང་རྒྱལ་མེད་ན་བསྟན་པར་བྱ། ། དེ་ལས་གཞན་དུ་ཁྱོད་ཀྱིས་བསྟན་ན་ནི།། རྒྱ་མཚོར་དུག་གཡོས་སྡིག་གི་ཆར་མི་ཕོད།། བཀའ་ཡང་ངས་བསྟན་ཚུལ་བཞིན་གཡེང་བ་མེད་པར་སྤྱོད།། སློབ་དཔོན་བཀའ་གདམས་ཉམས་པ་བྱོལ་སོང་ཡིན། ། ནམས་ཀྱང་འཁོར་བའི་མཐའ་ལས་ཐར་པ་མེད།། ཅེས་གསུངས་སོ།། ཞེས་དངོས་པོའི་གནས་ལུགས་ཀྱི་ཡི་གེ་སྟེ་གཉིས་པའོ།།།། རང་སེམས་ཆོས་སྐུ་ཆེ་ལ་ཕྱག་འཚལ་ལོ།། གནས་ལུགས་འདི་ཡིས་འདི་ལྟར་རྟོགས་པར་གྱིས། ། ལུང་དང་མན་ངག་སྟོབས་ཀྱིས་རང་རིག་ངེས་པར་འཆར།། གསང་སྔགས་དོན་གྱི་ཚད་མ་ཆེན་པོ་འདི་ཉིད་ཀྱིས།། ད་ལྟ་ཉིད་དུ་འདི་ལྟར་རྟོགས་པར་གྱིས།། ཕྱི་ནང་སྣང་གྲགས་འཁོར་འདས་སྣོད་བཅུད་ཆོས་ཀུན་ནི། ། ངོ་བོ་གཅིག་སྟེ་གཅིག་པུ་དེ་ལྟར་ཤར།། སུ་རྟོགས་གཅིག་པར་ཤེས་ཏེ་ཐམས་ཅད་བདག་ཉིད་དོ།། བདག་གི་རྣམ་པ་དག་ན་ཡེ་ཤེས་ཆེན་པོ་ཡིན།། བདག་གཞན་གཉིས་སུ་སྣང་ན་མུ་སྟེགས་འཁྲུལ་པ་ཡིན། ། གཅིག་ཡུལ་གཅིག་གིས་བྱས་ན་གཟུང་འཛིན་རྣམ་རྟོག་ཡིན།། བདག་མེད་རྣམ་དག་ཡེ་ཤེས་ཅི་ཕྱིར་ན།། ཡེ་ནས་དེ་ལྟར་ཡིན་པས་ཡེ་ཤེས་ཆེན་པོ་ཡིན།། མ་བསྒྲིབས་ཐོགས་མེད་ཅིར་གསལ་ཡེ་ཤེས་ཆེན་པོ་ཡིན། ། ཀུན་གྱི་བདག་ཉིད་འདུས་མ་བྱས་པས་ཡེ་ཤེས་ཆེན་པོ་ཡིན།། ཐམས་ཅད་གཅིག་ཏུ་རྟོགས་པས་གཅིག་པུ་བསམ་མི་ཁྱབ།། ཐམས་ཅད་བདག་ཏུ་རྟོགས་པས་ཉོན་མོངས་སྐྱེ་ཡུལ་མེད། ། བདག་ཉིད་བསམ་མི་ཁྱབ་པས་ཉོན་མོངས་སྐྱེ་མཁན་མེད།། ཉོན་མོངས་མ་གཅད་རང་ཆོད་སངས་རྒྱས་དགོངས་པ་སྟེ།། སྐུ་གསུམ་མ་བསྒྲུབ་གྲུབ་པས་གསང་སྔགས་འབྲས་བུ་སྟེ།། ལྷུན་གྲུབ་རྫོགས་ཆེན་ཡིན་པར་རྡོ་རྗེ་སེམས་དཔས་གསུངས། ། ཐམས་ཅད་གཅིག་ཏུ་རྟོགས་པས་གཅིག་པུ་དེས།། རང་གིས་རང་ལ་སྤྱད་པར་མི་འཇུག་སྟེ།། རང་ཉིད་ལྷུན་གྲུབ་བསྒྱུར་བས་མི་འགྱུར་ཏེ།། རང་གི་ངོ་བོ་ལྷུན་གྲུབ་གཅིག་ཡིན་ཀྱང། ། གཅིག་ཏུ་རྟོགས་པས་ཆོག་མོད་ཅོག་གེ་ཞོག། བཅས་བཅོས་རྩིས་གདབ་མངས་ཀྱང་རྩད་མི་ཆོད།། རྒྱ་ལ་ཆོད་ཀྱང་ལྷུན་གྲུབ་བསྒྱུར་དུ་མེད།། ནམ་མཁའ་བསྒྱུར་བས་འགྱུར་བ་མ་ཡིན་བཞིན། ། བདག་ཉིད་ཆོས་ཉིད་ཡིན་ཞེས་ཐམས་ཅད་རང་རིག་ཤར།། བློ་ཉིད་དངོས་པོར་གྱུར་ཅེས་དེ་ལ་བྱའོ།། སེམས་དང་ཆོས་སྐུ་འདྲེས་ཏེ་བློ་དངོས་ཕྲད།། སེམས་དེ་ཆོས་ཉིད་ངང་དུ་འགྱུར་ཞེས་བྱ།། ཅི་སྟེ་ཆོས་ཉིད་ཡེ་ནས་དངོས་པོའི་གནས་ལུགས་གཅིག་པ་ལ། ། གཟུང་འཛིན་བློ་ཡིས་ཐ་དད་བློ་ཡི་ཆོས།། ལུང་དང་མན་ངག་སྟོབས་ཀྱི་ཐམས་ཅད་གཅིག་ཏུ་རྟོགས།། བློ་དངོས་འཕྲོས་པས་སེམས་དང་ཆོས་སུ་འདྲེས། ། བློ་ཉིད་དངོས་འདྲེས་འགྱུར་ཞེས་རྡོ་རྗེ་སེམས་དཔས་གསུངས།། ཚོགས་གཉིས་རྫོགས་ཤིང་སྒྲིབ་གཉིས་བྱང་ཞེས་བྱ།། ཡུལ་སེམས་གཉིས་མེད་སངས་རྒྱས་དགོངས་པར་གསུངས།། གཉིས་མེད་རང་གི་ངོ་བོ་གཅིག་པུ་དེ། ། འབྱེད་པ་མེད་པས་སྨག་གི་མུན་རུམ་བཞིན།། སྨག་གི་མུན་རུམ་འདི་འདྲ་འབྱེད་པ་མེད།། ཤེས་པ་མེད་པའི་ཤེས་པ་དེ་བྱུང་ན།། གནས་པ་མེད་པའི་གནས་ལུགས་རྟོགས་པ་ཡིན།། མཐོང་བ་མེད་པའི་ལྟ་བ་དེ་མཐོང་ན། ། ཅི་ཡང་མ་སྤངས་ཅིས་ཀྱང་གོས་པ་མེད།། རིག་པའི་ཡུལ་མེད་རིག་པའི་མཁན་པོ་མེད།། ཡུལ་སེམས་གཉིས་མེད་ཡིད་ཀྱི་གཡོ་བ་བྲལ།། རིག་པ་མེད་པའི་རིག་པ་ཤར་བ་ལ།། ཡང་དག་དོན་རྟོགས་མེད་པར་རྟོགས། ། དེ་ལས་གཞན་དུ་ཐེག་པ་དམན།། བདག་གཞན་འདུས་ཤེས་མ་ལོག་པར།། བདག་མེད་རྟོགས་པ་ཡིན་སྨྲ་ཞིང།། བྱ་བྱེད་འདུ་ཤེས་མ་ལོག་པར།། སངས་རྒྱས་ཐེག་པ་ཡིན་པར་སྨྲ། ། རེ་དང་དོགས་པ་མ་ལོག་པར།། ཉོན་མོངས་ལྷག་པར་འདོད་པ་དང།། སྐུ་གསུམ་བསྒྲུབས་ནས་གྲུབ་འདོད་ཅིང།། བདག་གིས་གཞན་ལ་སྤྱོད་ཅིང་རྟོག། སངས་རྒྱས་ཐེག་པར་བགྲང་བ་མེད།། དེ་ནི་སེམས་ཅན་བསམ་པ་སྟེ། ། ཁ་ཅིག་ཅི་ཡང་མ་ཡིན་ཟེར།། བློ་ཡི་ཡུལ་དུ་བྱས་ནས་ནི། ཁ་ཅིག་གཉིས་སུ་མེད་ཅེས་སྨྲ། ཁ་ཅིག་ཡོད་མིན་མེད་མིན་སྨྲ། ཁ་ཅིག་བསམ་འདས་མཐའ་ཡས་སྨྲ། ཁ་ཅིག་འདུ་ཤེས་མེད་སྨྲ་ཞིང། ཁ་ཅིག་བསམ་པའི་ཡུལ་མིན་ཟེར།། ལ་ལ་ཀུན་ཡིན་གང་ཡིན་སྨྲ།། དེ་ལྟ་དེ་ཡི་དུས་མིན་ཏེ།། ནམ་ཞིག་སྦྱངས་ནས་འབྱུང་ཤེས་སྨྲ།། དེ་ལ་སོགས་པ་མང་སྨྲ་ཡང།། བདག་གཞན་འདུ་ཤེས་མ་ལོག་པར།། སེམས་ཅན་བློ་ཡི་ཆོས་ཡིན་ཏེ། ། རང་གིས་རང་ཉིད་མ་རྟོགས་པར།། གཞལ་བྱའི་ཡུལ་ལ་བདག་གིས་ནི།། འཇལ་བྱེད་ཚད་མས་གཏན་ལ་འབེབས།། ཡིན་མིན་འདུ་ཤེས་ཉོན་མོངས་བསྐྱེད།། སྐྱོན་ཡོན་གཉིས་ཀྱི་ཡེ་ཤེས་བསྐྱེད། ། འཁོར་བའི་མཐའ་ལས་འགྲོ་བར་འདོད།། དེ་ཉིད་འཁོར་བའི་རྒྱུ་ཡིན་མོད།། རང་གི་འབྲས་བུ་མི་སླུ་ཡང།། ཡང་དག་འབྲས་བུ་དེ་མི་བགྲང།། ཅི་སྟེ་བདག་གཞན་མ་ལོག་པར།། བྱ་བྱེད་ཡོད་པས་འདུས་བྱས་ཆོས། ། དེས་ན་དྲང་བའི་དོན་དུ་གསུངས།། རང་བྱུང་ཡེ་ཤེས་གཅིག་ཉིད་ཀྱང།། རྟོག་པའི་ཡེ་ཤེས་མི་མངའ་བས།། ཐ་དད་འདུ་ཤེས་སྐྱེ་བ་དེ།། གྲུབ་མཐར་བགྲང་བ་མ་ཡིན་པས།། དེ་བས་བློ་ལྡན་སེམས་དཔའ་ཁྱོད། ། ཡང་དག་རྟོགས་པས་འདི་མནོས་ན།། རང་གི་དམ་ཚིག་ཐུབ་པར་བསྲུངས།། བདུད་ཀྱི་སླུ་བ་བྱུང་ང་རེ།། དམ་ཅན་ཆད་པ་བྱུང་ང་རེ།། སྒྲིབས་ཏེ་སྒོ་བ་མ་གཡོར་ཅིག། ཅེས་གསུངས་སོ།། གསང་སྔགས་ཚད་མས་རྟོགས་པའི་ལྟ་བའི་ཡི་གེའི་ལེའུ་སྟེ་གསུམ་པའོ། །།། བཀའི་བུ་ཁྱོད་ཀྱང་ནི།། ད་དུང་ས་བརྒྱད་ནོན་ཡང་ལོག་པའི་སྐྱོན་ཡོད་པས།། ད་ཡོང་ཉེན་མེད་ཙམ་དུ་མ་རྟོགས་མ་སེམས་པར། ། ཤིན་དུ་བརྩོན་འགྲུས་བསྐྱེད་དེ་བསྟན་པར་བྱོས།། མངོན་ཤིས་འོང་བ་འདྲ་ན་ཤིན་ཏུ་བསྒྲིམས།། རྫུ་འཕྲུལ་འོང་བ་འདྲ་ན་ཤིན་ཏུ་བསྒྲིམས།། སྐྱེ་བ་འདྲ་མི་འདྲ་ན་ཤིན་ཏུ་བསྒྲིམས།། མཁའ་འགྲོའི་ལུང་སྟོང་འདྲ་ན་ཤིན་ཏུ་བསྒྲིམས། ། བདེ་བ་འབར་བ་འདྲ་ན་ཤིན་ཏུ་བསྒྲིམས།། གཏེར་མ་ནོར་རྙེད་འདྲ་ན་ཤིན་ཏུ་བསྒྲིམས།། དེ་ཀུན་ཐམས་ཅད་གཡེང་རྒྱུ་བར་ཆད་ཡིན། ཁ་ཅིག་དེ་ལ་ཁེངས་པ་སྐྱེས་ནས་ནི།། བདག་ལ་ཁྱད་འཕགས་གཞན་ནི་དམན་པར་མཐོང། ། ང་ནི་གདམ་ངག་མ་དྲན་བདུད་ཀྱི་བསླུས་ས་རེ།། བདུད་ཀྱིས་བསླུས་ཏེ་གཏན་དུ་འཁོར་བར་འཁྱམས།། བདེ་རུ་རེ་ཞིང་ལས་རྣམས་སྣ་ཚོགས་སྤྱོད། ཁ་ཅིག་བཟོ་དང་རིག་པ་སྣ་ཚོགས་བྱེད། ཁ་ཅིག་མཐུ་དང་གྲགས་པ་སྣ་ཚོགས་བྱེད། ཁ་ཅིག་སྨན་པའི་གྲུབ་མཐའ་སྣ་ཚོགས་འཛིན།། ལ་ལ་འཇིག་རྟེན་བུ་དང་ནོར་ལ་འཆེལ།། ཕལ་ཆེར་ཚེ་དང་ལོངས་སྤྱོད་འཕེལ་བར་བྱེད།། ང་ཡི་གདམས་པ་འདི་དང་བྲལ་བ་ན། ། ནམ་ཡང་ཐར་པ་མ་ཡིན་ནོ།། བུ་ཁྱོད་དེ་འདྲའི་སྡུག་བསྔལ་ད་དུང་བྱུང་ང་རེ།། དེ་བས་འབད་པས་རྟོགས་པ་མ་བྲལ་བར།། སྐྱེས་བུ་ནད་ཀྱི་གདུངས་པ་ཇི་བཞིན་དུ།། རྟོག་པ་ལྷང་ངེ་རྒྱུན་དུ་མ་འབྲལ་ཞིག། རྡོ་རྗེ་སེམས་དཔའི་ངོ་བོ་རང་རིག་ངང་ལ་ཕྱག་འཚལ་ལོ།། རང་སེམས་ཀུན་བཟང་ངོ་བོ་ཆོས་ཉིད་རྟོགས་ནས་ནི།། བླང་དུ་མེད་པའི་ཉམས་བླང་འདི་ལྟར་ཏེ།། གཅིག་ཏུ་རྟོགས་ནས་བློ་དངོས་ཕྲད་ཙམ་ན། ། ཉམས་སུ་ལེན་པ་སུ་ཡིན་བླངས་པ་གང།། བློ་ཉིད་དངོས་པོར་གྱུར་པས་བླང་བྱ་མེད།། སེམས་དེ་ཆོས་ཉིད་ངང་དུ་གྱུར་ཙམ་ན།། སྒོམ་མཁན་གང་གིས་བསྒོམ་པ་གང་ཞིག་སྒོམ།། ཆོས་ཉིད་ཡེ་ཁྱབ་རྟོགས་ནས་མ་ཡེངས་པ། ། ཡེ་འབྱམ་ཆོས་ཉིད་དགོངས་པ་ཡིན་པར་བཤད།། དཔེར་ན་མཁའ་ལ་ཉི་མ་ཤར་བ་ཡང།། འཆར་བའི་ཡུལ་གཅིག་ཚད་མའི་བློར་གཞག་ནས།། འདིར་འཆར་འདིར་ནི་མི་འཆར་བར། ། འཆར་བ་བདག་ཏུ་དམིགས་པ་ག་ལ་ཡོད།། ཆོས་ཉིད་མཁའ་ལ་རིག་པའི་ཉི་ཤར་བ།། ཆུ་ལ་ཆུ་འུར་ཐིམ་ནས་གནས་པ་ལས།། འདི་སྒོམ་འདི་མི་སྒོམ་པར་ཀུན་བཟང་མ་གསུངས་སོ།། སྒོམ་ཡུལ་སྒོམ་མཁན་བཀག་པ་མ་ཡིན་ཡང། ། བློ་དངོས་ཕྲད་པས་ཆོས་ཉིད་ངང་དུ་གསལ།། རྟོགས་ནས་རང་དབང་མེད་པར་སྒོམ་པའི་ཡུལ་དང་བྲལ།། འདི་སྒོམ་འདི་མི་སྒོམ་པར་ཆོས་དང་གང་ཟག་རྟོགས།། སྐྱོན་དང་ཡོན་ཏན་བྲལ་བས་ཉོན་མོངས་དུག་གསུམ་ལོག། དུག་གསུམ་མ་གཅད་ལོག་པས་སྐུ་གསུམ་མ་བསྒྲུབས་འགྲུབ།། དེ་བས་སྒོམ་དུ་མེད་པ་སྒོམ་པ་ཆེན་པོའི་མཆོག། སྐྱོན་ཡོན་བྱ་བྱེད་རེ་དོགས་མེད་པས་ཆེ།། དགག་སྒྲུབ་ཡིད་ཀྱི་གཡོ་བ་བྲལ་བས་ཆེ། ། ཆེ་བ་ལྔ་དང་ལྡན་པས་ཉོན་མོངས་ལྔ་དང་བྲལ།། ལྔ་བྲལ་ཉོན་མོངས་བྱ་ཡི་མིང་ཡང་མེད།། སྐུ་ལྔ་ལྷུན་གྲུབ་ཡོན་ཏན་མ་ལུས་རྫོགས།། དེ་བས་སྒོམ་དུ་མེད་པའི་སྒོམ་པ་ཆེ།། དེ་ལས་གཞན་དུ་བློ་དངོས་མ་ཕྲད་དེ། ། སེམས་དེ་ཆོས་ཉིད་ངང་དུ་མ་གྱུར་པར།། སྒོམ་མེད་སྐྱོན་ཡོན་ལ་སོགས་གོང་དུ་སྨོས་བཞིན་སྨྲ།། བདག་གཞན་འདུ་ཤེས་ལྷག་པའི་མཐུ་མེད་པར།། ཐ་མལ་ཚིག་གི་ཐད་དུ་ཉོན་མོངས་རྒྱུ། ། ཡུལ་སེམས་གཉིས་སུ་མེད་པར་མ་རྟོགས་པར།། ཇི་སྐད་སྨྲས་ཀྱང་གླང་ཆེན་འདམ་ཆུ་འདྲ།། གྲོལ་བར་འདོད་པ་དེ་རང་ཉིད་ཀྱི་འཆི།། འདོད་པ་མེད་པར་འདོད་པ་དེར་རང་འདོད་པ་སྟེ།། ཉོན་མོངས་ཐམས་ཅད་དེ་དུས་ཉིད་དུ་རྫོགས། ། བདག་གཞན་འདུ་ཤེས་ཡོད་ཀྱི་བར་དུ་ནི།། ཇི་ལྟར་འདོད་ཀྱང་འཆིང་སྟེ་མི་འདོད་ན་ཡང་འཆིང།། སྐྱོན་ཡོན་མེད་པར་འདོད་ན་དེ་རང་སྐྱོན་ཡོན་ཡིན། ནམ་ཡང་འཁོར་བའི་མཐའ་ལས་གྲོལ་བ་མེད། ། དེ་བས་ཡུལ་སེམས་གཉིས་མེད་རྟོགས་ཙམ་ན།། ཉམས་སུ་ཇི་ལྟར་བླངས་ཀྱང་གྲོལ་འགྱུར་ཞེས།། རྡོ་རྗེ་སེམས་དཔའ་ངེས་པར་གསུངས་པ་ཡིན།། བདག་གཞན་འདུ་ཤེས་ངང་གིས་དབེན་པ་ན། ། སྣང་སྲིད་རྡོ་རྗེ་སེམས་དཔའི་དགོངས་པ་ཡིན།། ཡེ་ནས་ཡིན་པའི་དོན་དེ་རབ་རྟོགས་ན།། ཇི་ལྟར་རུང་རུང་སྐལ་ལྡན་ཉམས་སུ་ལོང།། ཞེས་གནང་བ་གནང་སྟེ།། ཉམས་སུ་བླང་བའི་ཡི་གེ་སྟེ་བཞི་པའོ། །།། རྣམ་དག་ཡེ་ཤེས་ངང་ལ་ཕྱག་འཚལ་ལོ།། འབྲས་བུས་སངས་རྒྱས་འདུས་མ་བྱས་ཡིན་ཏེ།། ཆོས་ཉིད་སེམས་ཉིད་ཡེ་ནས་འདུས་མ་བྱས།། བསྒྲུབས་ནས་གྲུབ་ཅིང་ཐོབ་པ་མ་ཡིན་ཏེ།། ཡེ་ནས་ཡིན་པའི་དོན་དེ་རབ་རྟོགས་ན། ། རྟོགས་པས་བསྟན་པ་དེ་ལ་འབྲས་བུར་གདགས།། རང་འབྱུང་ཡེ་ཤེས་ངང་གིས་གནས་པ་ལ།། རྟོགས་པའི་ཡེ་ཤེས་རང་བཞིན་ཤར་བ་ཡིན།། རྟོགས་པའི་ཤུགས་ཀྱིས་རླུང་དུ་གནས་པ་ལ། ། སྟོབས་ཀྱིས་བསྟན་པ་འབྲས་བུའི་མཆོག་ཏུ་བཤད།། ངོ་བོ་རང་བྱུང་ཡེ་ཤེས་འཕེལ་འགྲིབ་མེད།། སངས་རྒྱས་གནས་སྐབས་གཞི་རུ་དབྱེ་བ་ཙམ།། ཅི་སྟེ་འདུས་མ་བྱས་ཤིང་བདག་གཞན་དབེན།། དེ་བས་ཐོབ་ཏུ་མེད་པའི་འབྲས་བུ་ཐོབ། ། དང་པོ་གནས་སུ་མེད་པའི་ལུགས་དེ་ལ།། གཉིས་པ་རྟགས་སུ་མེད་པའི་རྟོག་པས་རྟོགས།། གསུམ་པ་བལྟ་རུ་མེད་པའི་ལྟ་བ་དེ།། བཞི་པ་སྒོམ་དུ་མེད་པའི་སྒོམ་པས་སྒོམ།། ལྔ་པ་ཐོབ་ཏུ་མེད་པའི་འབྲས་བུ་དེ། ། དྲུག་པ་མཁྱེན་དུ་མེད་པའི་མཁྱེན་པ་ཤར།། རྡོ་རྗེ་སེམས་དཔས་འབྲས་བུ་མཆོག་ཏུ་གསུང།། འབྲས་བུའི་ངོ་བོ་ཡེ་ནས་ཡིན་པ་ལ།། རྟོགས་པས་ཐོབ་ཅེས་རྡོ་རྗེ་སེམས་དཔས་གསུངས། ། དཔེར་ན་མ་ཧེ་ར་ཚིག་བུ་བཞིན་ནོ།། ཐེ་གུ་སྦྲུལ་ལ་སོགས་པ་དེ་བཞིན་ནོ།། ཡེ་ནས་གཟུང་འཛིན་དབེན་ཞིང་འདུས་མ་བྱས།། ཡིན་པ་ངང་གིས་གཟུང་འཛིན་འདུས་བྱས་འཁྲུལ།། རང་གི་གཟུང་འཛིན་དག་ཅིང་འདུས་མ་བྱས་རིག་པས། ། སྤངས་ནས་ཐོབ་པ་མེད་དེ་འབྲས་བུ་མཆོག་ཏུ་གསུངས།། དེ་ཡོད་སངས་རྒྱས་དེ་མེད་སེམས་ཅན་མེད།། དེ་རྟོགས་བསྟན་ནས་ཡིད་ཀྱི་གཡོ་བ་བྲལ།། ཐ་དད་འདུ་ཤེས་རྡུལ་ཙམ་མི་སྐྱེ་ན། ། མཐར་ཐུག་འབྲས་བུ་ཐོབ་ཚུལ་དེ་ལྟར་ཐོབ།། དང་པོ་རྟོགས་པའི་ཡེ་ཤེས་རང་བྱུང་སྟེ།། ཉི་མ་གཅིག་ལ་ཆ་བཅུར་གནས་པ་ལ།། ཆ་གཅིག་ཡེ་ཤེས་ཆ་དགུ་ཐ་མལ་ཏེ།། རིམ་གྱིས་མ་སྤངས་མ་བསྒྲུབས་བཅུར་འགགས་བཅུར་གནས་པ། ། གསང་སྔགས་འབྲས་བུ་ཐོབ་ཚུལ་དེ་ལྟར་ཐོབ།། སྣང་བ་ཤར་ནས་མུན་པ་བརླག་པ་བཞིན།། གཉིས་མེད་རྟོགས་ནས་གཟུང་འཛིན་ལོག་པ་དང།། ལྷུན་གྲུབ་རྟོགས་ནས་བྱ་བཙལ་ལོག་པ་དང། ། གཅིག་ཏུ་རྟོགས་ནས་རེ་དོགས་ལོག་པ་དང།། མཉམ་ཉིད་རྟོགས་ནས་དགག་སྒྲུབ་ལོག་པ་དང།། འབྲས་བུ་རྟོགས་ཤེས་རྡོ་རྗེ་སེམས་དཔས་གསུངས།། དེ་ཡང་གཞན་ནས་ཐོབ་པ་ཅི་ཡང་མེད། ། རང་གི་ངོ་བོ་ཡེ་ནས་དེ་ལྟར་གནས།། གནས་པ་རྟོགས་ནས་བརྟན་པ་ཐོབ་པ་ལ།། མཐར་ཐུག་འབྲས་བུ་ཐོབ་ཚུལ་དེ་ལྟར་ཤེས་པར་གྱིས།། རང་གིས་ཤེས་ནས་གཞན་ནི་འདི་ལྟ་སྟེ།། ཡང་དག་དོན་འདི་སྟོན་པའི་སློབ་དཔོན་དེ། ། ལྷན་ཅིག་གནས་ན་སྲི་ཞུ་སྨོས་ཅི་དགོས།། ཡང་ན་བཞུགས་པའི་ཡུལ་ཕྱོགས་དྲིས་ནས་ཀྱང།། ཕྱོགས་དེར་མཆོད་ཅིང་ཕྱག་འཚལ་བསྟོད་པར་བྱེད།། སྔོན་དུ་བཞུགས་པའི་གྲོང་ངམ་གནས་ཁང་ལ། ། སྐོར་བ་ལ་སོགས་ཕྱག་མཆོད་དངོས་སུ་བྱེད།། དྲན་ནམ་མཐོང་ན་ནད་འབྱང་ལུས་ཀྱང་ཡང།། སྔོན་གྱི་སྤྱོད་ལམ་དྲན་ན་མོས་པ་སྐྱེ།། ནམ་ཡང་འབྲལ་བའི་བསམ་པ་མི་སྐྱེ་ན།། དགོན་པར་ཁྲིད་ལ་ཚིག་རེ་བསྟན། ། ཡུན་དུ་བསྲིངས་ལ་བགས་ཀྱི་བསྟན་པ་ལས།། རྡོལ་ཆོས་ལྟུག་པར་ཞུ་ན་བསྟན་པ་མིན།། ངང་གིས་སྣོད་དང་སྦྱར་ལ་བསྟན་པར་བྱ།། ཞེས་འབྲས་བུ་ཐོབ་ཚུལ་གྱི་ཡི་གེའི་ལེའུ་སྟེ་ལྔ་པའོ།།།། མཉམ་ཉིད་ངང་གི་ཁྲོ་ལ་ཕྱག་འཚལ་ལོ། ། འབྲས་བུ་ཁྱད་པར་འཕགས་པ་ལྔ་ཡིས་འཕགས།། མ་སྤངས་མི་གནས་མི་ལྟོས་རག་མ་ལུས།། ཐ་སྙད་ཀུན་དང་བྲལ་བའི་འབྲས་བུ་དེ།། རང་བྱུང་ལྷུན་གྲུབ་འདུས་མ་བྱས་པས་ན། ། འབྲས་བུའི་རྒྱལ་པོ་ཁྱད་པར་འཕགས་ཏེ་ཆེ།། བྱ་བྱེད་མེད་དེ་འདུས་མ་བྱས་པས་འཕགས།། རེ་དོགས་མེད་པས་ཉོན་མོངས་ལོག་པས་འཕགས།། བདག་གཞན་མེད་པས་གཟུང་འཛིན་མེད་པས་འཕགས།། རྒྱུ་རྐྱེན་མེད་པས་གཉེན་པོས་མི་འཇིགས་འཕགས། ། བློ་དངོས་ཕྲད་པས་གཉིས་མེད་གསལ་ཏེ་འཕགས།། ཆོས་ཉིད་ཡེ་འབྱམ་གཉིས་མེད་གནད་དུ་ཆུད།། རང་དབང་རང་གིས་ཐོག་སྟེ་གཞན་མི་གནས།། ཆེ་བཙན་འགྲན་ཟླ་མེད་པའི་འབྲས་བུ་དེ། ། ཡེ་ཤེས་རྩེ་མོས་ཐམས་ཅད་འཇོག་སྟེ་འཕགས།། ཆོས་ཉིད་ཡེ་འབྱམ་གཉིས་མེད་གནད།། ཡིད་ལ་མ་བསམ་བློ་ཡིས་མ་བྱས་པས།། རང་དབང་མེད་པའི་འབྲས་བུ་རང་བྱུང་ཆེ། ། གང་ན་མ་བྱུང་གང་དུ་མ་ཕྱིན་པར།། རང་སར་རང་གྲོལ་འབྲས་བུ་བདེ་བའི་མཆོག། ཡིད་ཀྱི་གཡོ་བ་བྲལ་བའི་འབྲས་བུ་དེ།། རྡོ་རྗེ་སེམས་དཔས་འབྲས་བུའི་མཆོག་ཏུ་གསུངས།། ཇི་སྲིད་ཡིད་ཀྱི་གཡོ་བ་མ་བྲལ་བར། ། སངས་རྒྱས་འདོད་པས་སྒྲུབ་པའི་གང་ཟག་དེ།། འཁོར་བའི་མཐའ་ལས་ཐར་པར་མ་གསུངས་སོ།། དེས་ཀྱང་རྫོགས་ཆེན་འབྲས་བུ་ཁྱད་པར་འཕགས།། ཡིད་ཀྱི་གཡོ་བ་བྲལ་བའི་འབྲས་བུ་དེ། ། རྫོགས་པ་ཆེན་པོའི་འབྲས་བུ་ཡིན་པར་བཤད།། ཡིད་ཀྱི་གཡོ་བ་མ་བྲལ་འབྲས་བུ་དེ།། རྫོགས་པ་ཆེན་པོ་མ་ཡིན་བསྐྱེད་རིམ་ཡིན།། བསྐྱེད་རྫོགས་ཤན་ཀྱང་དེ་རུ་ཤེས་པར་གྱིས།། རེ་དོགས་མ་ཟད་འབྲས་བུ་བསྐྱེད་རིམ་ཡིན། ། རེ་དོགས་ཟད་ན་འབྲས་བུ་རྫོགས་ཆེན་ཡིན།། གཟུང་འཛིན་མ་ཟད་འབྲས་བུ་བསྐྱེད་རིམ་ཡིན།། གཟུང་འཛིན་ཟད་པའི་འབྲས་བུ་རྫོགས་ཆེན་ཡིན།། ཨ་ནུ་མན་ཆད་སེམས་ཅན་བློ་ཡིས་ཆོས། ། ཨ་ཏི་རྫོགས་ཆེན་སངས་རྒྱས་དངོས་པོའི་ཆོས།། དྲང་དོན་ངེས་དོན་གཉིས་སུ་ཤེས་པར་གྱིས།། དེ་བས་འབྲས་བུ་རྫོགས་ཆེན་འཕགས་ཏེ་ཆེ།། རང་འབྱུང་ཡེ་ཤེས་ཡེ་ནས་གནས་པ་ལ།། རྟོགས་པའི་ཡེ་ཤེས་བསྟན་པ་རྫོགས་ཆེན་ནོ། ། ཆོས་ཉིད་དངོས་པོའི་གནས་ལུགས་རྫོགས་པ་ལ།། བློ་ཉིད་དངོས་པོ་འགྱུར་བ་ཆེན་པོ་ཡི།། ཡེ་ནས་ཆོས་ཉིད་གཅིག་པས་རྫོགས་པ་ལ།། གཅིག་རྟོགས་གཟུང་འཛིན་བྲལ་བ་ཆེན་པོའོ། ། བྱ་བྱེད་བྲལ་དེ་ལྷུན་གྱིས་གྲུབ་པ་དེ།། རྫོགས་པ་ཡིན་ལ་ཆེན་པོ་ཡིན་པར་ཤད།། བྱ་བྱེད་བསྒྲུབས་ནས་གྲུབ་པའི་འབྲས་བུ་དེ།། རྫོགས་པ་ཡིན་ཡང་ཆེན་པོ་མེད་པ་གསུངས།། སོ་སོ་སྐྱེ་བོའི་བློ་ལ་གནས་པ་ན། ། རྫོགས་པ་མ་ཡིན་ཆེན་པོ་མིན་པར་གསུངས།། དངོས་པོའི་གནས་ལུགས་ཡེ་ནས་གནས་པ་དེ།། ཆེན་པོ་ཡིན་ཡང་རྫོགས་པ་མིན་པར་བཤད།། ཅི་སྟེ་རྟོགས་པའི་ཡེ་ཤེས་མ་ལྡན་པས།། དེ་ལྟར་རང་གི་བློ་ལ་གོ་བར་གྱིས། ། ཡང་དག་དོན་གྱི་ཁྱད་པར་དེ་ཙམ་མོ།། རང་གི་ཤེས་རབ་རྩལ་གྱིས་མ་ཆོད་ན།། མང་དུ་སྨྲས་པས་སླར་ཡང་ཚིག་གིས་སྒྲིབ།། ང་ཡིས་ཁྱོད་ལ་བསྟན་པའི་ཚིག་བཅད་འདི།། སུ་ལ་བསྟན་ཀྱང་མ་རྟོགས་མི་སྲིད་དེ། ། སྐལ་ལྡན་བརྒྱ་ལ་འགའ་དང་ཕྲད་པར་ཤོག། སྐལ་མེད་བརྒྱ་ལ་ཕྲད་པར་འདོད་ན་ཡང།། མཁའ་འགྲོས་བར་ཆད་སྣ་ཚོགས་བསྟན་ནས་ཀྱང།། འདི་དང་སྐལ་མེད་ཕྲད་པར་མ་གྱུར་ཅིག། རྫོགས་ཆེན་འཕགས་ཚུལ་གྱི་ཡི་གེའི་ལེའུ་སྟེ་དྲུག་པའོ། །།། ལྷུན་གྲུབ་རྡོ་རྗེའི་སྐུ་ལ་ཕྱག་འཚལ་ལོ།། ཨ་ནུ་མན་ཆོད་སྐྱོན་ཡང་འདི་ལྟ་སྟེ།། བདག་གཞན་གཉིས་ཀྱི་འདུ་ཤེས་མ་བྲལ་བ།། གཟུང་འཛིན་ལོགས་པར་འདོད་པ་ཤིན་ཏུ་དམན་པ་སྟེ། ། བྱ་བྱེད་འདུ་ཤེས་སྒོམས་ནས་སངས་རྒྱས་སྒྲུབ་འདོད་པ།། སྐྱེ་བོ་ཕལ་པས་ལྟས་ཀྱང་རྨོངས་པར་གསལ།། ཉོན་མོངས་རྩ་བ་རེ་དོགས་ཡིན་པ་ལ།། རེ་དོགས་ལམ་དུ་ཁྱེར་ནས་བྱང་ཆུབ་སྒྲུབ་པར་འདོད། ། ཁོང་པར་དུག་ཟོས་ལུས་ལ་བདེ་བར་འདོད།། འདོད་ཀྱང་བདེ་བ་མི་མྱོང་སྡུག་བསྔལ་མྱོང་བར་འགྱུར།། རེ་དོགས་མ་ཟད་བར་དུ་གྲོལ་བ་ཐོབ་མི་སྲིད། ཨ་ནུ་དབྱིངས་དང་ཡེ་ཤེས་སྒོར་ཞུགས་ནས། ། གཉིས་མེད་བདེ་བ་ཇི་བཞིན་བློ་འཇོག་འདོད།། དེ་ཡང་ཉོན་མོངས་རྫོགས་ཆེན་མཐོང་བ་མིན།། མ་ཧཱ་ཐབས་དང་ཤེས་རབ་སྒོར་ཞུགས་ནས།། བསྙེན་བསྒྲུབ་བཞི་ཡིས་སྐུ་ལྔ་ཐོབ་པར་འདོད།། དེ་ཡང་ཉོན་མོངས་རྫོགས་ཆེན་མཐོང་བ་མིན། ། ཡོ་ག་ཆོ་ག་དགུ་སྒོ་ནས།། འབྲས་བུ་སངས་རྒྱས་ཐོབ་པར་འདོད་ཅིང་རྩོལ།། ཨུ་པ་ཡ་ཡི་ལྟ་སྤྱོད་ནི།། ཀྲི་ཡར་སྤྱོད་ཅིང་ཡོ་ག་སྒྲུབ།། འབྲས་བུ་སྐུ་གསུམ་ཡེ་ཤེས་སྒྲུབ། ། བྱ་སྤྱོད་པ་ཡི་ཀྲི་ཡ་ནི།། དག་པ་རྣམ་གསུམ་སྒོར་ཞུགས་ནས།། རིགས་གསུམ་སངས་རྒྱས་གྲུབ་པར་འདོད།། མདོ་སྡེ་བྱང་ཆུབ་སེམས་དཔའི་ཐེག་པ་ནི།། བདེན་པ་གཉིས་ཀྱི་སྒོར་ཞུགས་ནས།། ཀུན་ཏུ་འོད་ཀྱི་ས་ཐོབ་འདོད་པའོ། ། ཤེས་པ་འགེགས་པའི་རང་རྒྱལ་ནི།། རྟེན་འབྲེལ་བཅུ་གཉིས་སྒོར་ཞུགས་ནས།། ཡིད་བཞིན་བདེ་བ་མཆོག་ཐོབ་འདོད།། སྡུག་བསྔལ་སྤོང་བའི་ཉན་ཐོས་ནི།། བདེན་པ་བཞི་ཡི་སྒོར་ཞུགས་ནས། ། དགྲ་བཅོམ་འབྲས་བུ་ཐོབ་པར་འདོད།། འདོད་པ་མ་ཟད་བར་དུ་ནི།། ཉོན་མོངས་ཟད་པར་མི་འགྱུར་ཏེ།། ཉོན་མོངས་འབྲས་བུ་ཁམས་གསུམ་ཡིན།། འདུས་བྱས་རྟེན་འབྲེལ་འབྲས་བུ་དེ།། སངས་རྒྱས་ཐེག་པར་བགྲང་བ་མིན། ། དེ་ལས་སྐྱོན་དུ་ཤེས་པར་གྱིས།། སྐྱོན་གྱི་རྩ་བ་རེ་དོགས་ཡིན།། རེ་དོགས་གཟུང་འཛིན་མ་ཡིན་པའི།། སྐྱོན་ཞེས་བྱ་བར་རྙེད་པ་ནི།། རྡོ་རྗེ་སེམས་དཔས་མ་གསུངས་སོ།། ཇི་སྲིད་བྱ་བྱེད་རེ་དོགས་ཀྱི། འདུ་ཤེས་ལོག་པར་མ་གྱུར་པར།། འབྲས་བུ་སངས་རྒྱས་ཐོབ་པར་ནི།། རྨི་ལམ་ན་ཡང་མཐོང་བ་མིན།། དེ་བས་ཁྱེད་ཀྱིས་དེ་ལྟར་ཤེས་པར་གྱིས།། ཤེས་ནས་ཉོན་མོངས་དབང་གིས་མ་ཡེངས་པར། ། རང་གི་རྟོགས་པ་ཇི་བཞིན་རླུང་དུ་གྱིས།། སྐལ་མེད་མོས་པ་བཟློག་པའི་སྡིག་པ་རི་བས་ལྕི།། སྐལ་ལྡན་བཟློག་པའི་རྒྱ་མཚོར་ཆར་མི་ཕོད།། དེ་བས་གསང་སྔགས་གདམ་ངག་ཚོད་གཟུང་ཤིན་ཏུ་དཀའ།། དེ་བས་ཡུན་དུ་བསྲིངས་ལ་གང་ཟག་བརྟག། རྟོགས་ནས་བརྩོན་འགྲུས་བསྐྱེད་ལ་གདམ་ངག་བསྟན།། ཅིས་འོག་མ་སྐྱོན་གྱི་རྩ་བ་དག་མ་བྲལ་བའི་ཡི་གེའི་ལེའུ་སྟེ་བདུན་པའོ།།།། བཅོམ་ལྡན་འདས་རྣམ་དག་སེམས་ཀྱི་དབྱིངས་ལ་ཕྱག་འཚལ་ལོ། ། སེམས་ཅན་སངས་རྒྱས་ངོ་བོ་གཅིག་པ་ཡིན།། དོན་ནི་ཆོས་ཉིད་ངང་དུ་གཅིག་པ་ཡིན།། དཔེ་ནི་ནམ་མཁའི་ངང་དུ་གཅིག་པ་ཡིན།། རྟགས་ནི་སེམས་ཉིད་ངང་དུ་གཅིག་པ་ཡིན། ། དང་པོ་རྒྱུ་མེད་པས་ན་གཅིག་པ་ཡིན།། བར་དུ་རྐྱེན་མེད་པས་ན་གཅིག་པ་ཡིན།། ཐ་མ་གཉེན་པོ་མེད་པས་གཅིག་པ་ཡིན།། དཔེར་ན་ཉི་མའི་སྙིང་པོ་གཅིག་པ་ལ།། འོད་ཀྱི་འཇིག་རྟེན་ཁམས་གསུམ་གསལ་གྱུར་ཡང། ། ཉི་མའི་ངང་ལ་ཐ་དད་གཡོས་པ་མེད།། དེ་བཞིན་ཆོས་ཉིད་ངོ་བོ་གཅིག་པ་ཡང།། བྱེད་པ་མེད་པས་ཅིར་ཡང་མ་འགགས་གསལ།། གསལ་ཡང་ཆོས་ཉིད་གཡོས་ཤིང་ཐ་དད་མེད།། དཔེར་ན་ནམ་མཁའ་ངོ་བོ་གཅིག་པ་ལ། ། བྱེད་པ་མེད་པར་འབྱུང་ཆེན་བཞིར་ཡང་ཤར།། ཤར་ཡང་ནམ་མཁའ་གཡོས་ཤིང་ཐ་དད་མེད།། དེ་བཞིན་ཆོས་ཉིད་གནས་ལུགས་གཅིག་པ་ལ།། སྣང་གྲགས་ཆོས་སུ་མ་འགགས་གསལ་མོད་ཀྱང། ། ཆོས་ཉིད་གཡོས་ཤིང་ཐ་དད་ཅི་ཡང་མེད།། དཔེར་ན་ལུས་ཀྱི་ངོ་བོ་གཅིག་པ་ལ།། བྱེད་པ་མེད་པར་ཡན་ལག་སྣ་ཚོགས་ཤར།། ཤར་ཡང་ལུས་ལ་གཡོས་ཤིང་ཐ་དད་མེད།། ངོ་བོ་རྡོ་རྗེ་སེམས་དཔས་གཅིག་པར་གསུངས། ། བྱེད་པ་མེད་པར་རང་ཉིད་རང་དུ་ཤར།། དཔེར་ན་རྒྱ་མཚོ་ཆེན་པོའི་ཚུལ་བཞིན་ནོ།། བུ་ཁྱོད་གཅིག་པའི་དོན་ལ་མ་སྨོས་ཤིག། ཐ་དད་འདུ་ཤེས་ཞུགས་པ་བདུད་ཀྱི་ལས།། དེ་བས་གཅིག་པའི་དོན་ལ་ནན་ཏན་གྱིས། ། འདས་པའི་སངས་རྒྱས་གཅིག་པ་ཉིད་དུ་རྒྱལ།། ད་ལྟའི་སངས་རྒྱས་གཅིག་པ་ཉིད་ལ་གནས།། སླད་ཀྱིས་གདུང་འཚོབ་གཅིག་པར་ལུང་ཡང་སྟོན།། དེ་བས་གཅིག་པའི་དོན་འདིས་རྟོགས་པར་འགྱུར། ། འཁོར་བའི་ཉོན་མོངས་མ་གཅད་ངང་གིས་ལོག། བཀའི་བུ་ཁྱོད་མ་ཡེངས་ཤིག། ད་དུང་བདུད་ཀྱི་སླུ་བ་བྱུང་ང་རེ།། ཞེས་འཁོར་འདས་ངོ་བོ་གཅིག་པའི་ཡི་གེའི་ལེའུ་སྟེ་བརྒྱད་པའོ། །།། ཨེ་མ་ཧོ། དོན་ཉིད་མ་བཙལ་རྫོགས་ལ་ཕྱག་འཚལ་ལོ།། གཅིག་པའི་དོན་ལ་འཁོར་འདས་གཉིས་སུ་གསུངས།། རང་བྱུང་ཡེ་ཤེས་གཅིག་ཏུ་གནས་མོད་ཀྱང།། རྟོགས་མ་རྟོགས་ཀྱི་འཁོར་འདས་གཉིས་སུ་གསུངས། ། དཔེར་ན་སྨན་གྱི་རྒྱལ་པོ་ག་པུར་གཅིག་པ་ལ།། ཚ་གྲང་རྐྱེན་གྱིས་སྨན་དུག་གཉིས་སུ་གནས།། དེ་བཞིན་ཆོས་ཉིད་ཚོགས་དང་བྲལ་བ་ལ།། བྱེད་པ་མེད་པར་འཁོར་འདས་གཉིས་སུ་ཤར།། དེ་ཡང་རྟོགས་མ་རྟོགས་ཀྱི་བྱེ་བྲག་གོ། འཁོར་འདས་རྟོགས་མ་རྟོགས་ལས་མེད་པར་གསུངས།། སངས་རྒྱས་བསྒྲུབས་པས་གྲུབ་པར་མ་གསུངས་སོ།། འཁོར་བ་སྤངས་པས་སྤངས་པར་མ་གསུངས་སོ།། དཔེར་ན་ཉི་མའི་དཀྱིལ་འཁོར་སྣང་བ་ཡང། ། ཉི་མའི་ངོ་བོ་གཅིག་ལས་མ་གཡོས་པར།། ཆུ་བུར་ཞག་གི་མིག་གིས་མུན་སྣང་གཉིས།། མུན་པ་སྤངས་ནས་སྣང་བ་བསྒྲུབ་པ་མེད།། དེ་བཞིན་རང་སེམས་རྒྱལ་པོ་ཆོས་ཉིད་དེ། ། རྟོགས་ནས་སངས་རྒྱས་མ་རྟོགས་སེམས་ཅན་ནོ།། རྟོགས་ན་མི་རྟོགས་མ་རྟོགས་རྣམ་རྟོག་གོ། དུག་ལྔ་ཡེ་ཤེས་ལྔ་ཡང་རྟོགས་མ་རྟོགས།། རྟོགས་མ་རྟོགས་ཀྱང་བྱས་པ་མ་ཡིན་ཏེ།། རང་གི་ངོ་བོ་ངང་གིས་དེ་ལྟར་རོ། ། ཆོས་རྣམས་ཐམས་ཅད་ངང་གིས་རང་ཤར་ལས།། ལས་སོ་ཟེར་ནས་རྒྱུ་མཚན་ཚོལ་བ་ན།། བླུན་རྨོངས་དེ་ནི་སངས་རྒྱས་ཐེག་ཆེན་མིན།། ནམས་ཀྱང་འདུས་བྱས་རྐྱེན་ལས་དེ་མི་འདའ།། ཁྱོད་ཀྱི་འཁོར་འདས་རང་བྱུང་ཤེས་པར་བྱ། ། གཉིས་ཀྱང་གཅིག་གི་ངོ་བོར་ཤེས་པར་གྱིས།། གཅིག་ལས་གཉིས་ཀྱི་རང་བཞིན་ཤེས་པར་གྱིས།། རྟོགས་མ་རྟོགས་ཀྱི་འཁོར་འདས་གཉིས་སུ་གསུངས།། དེ་ལས་འཁོར་འདས་གཉིས་ཀྱི་རྒྱུ་མཚན་ནི། ། རྡོ་རྗེ་སེམས་དཔས་རྙེད་པར་མ་གསུངས་སོ།། ཞེས་འཁོར་འདས་གཉིས་སུ་གསུངས་ཚུལ་གྱི་ཡི་གེའི་ལེའུ་སྟེ་དགུ་པའོ།།།། བཅོམ་ལྡན་འདས་ཐམས་ཅད་མཁྱེན་པའི་ངང་ལ་ཕྱག་འཚལ་ལོ། ། སངས་རྒྱས་སེམས་ཅན་གཅིག་ཅིང་ཐ་ཡང་དད།། སངས་རྒྱས་གང་ཡིན་སེམས་ཅན་ཡིན།། སེམས་ཅན་གང་ཡིན་སངས་རྒྱས་ཡིན།། སངས་རྒྱས་སེམས་ཅན་ལྷན་ཅིག་མི་གནས་ཏེ།། སངས་རྒྱས་ཡོད་ན་སེམས་ཅན་མེད། ། སེམས་ཅན་ཡོད་ན་སངས་རྒྱས་མེད།། གཅིག་པ་ཆོས་ཉིད་ཡིན་པ་ལ།། མ་རྟོགས་འཁོར་བའི་སེམས་ཅན་ཏེ།། རྟོགས་པས་སངས་རྒྱས་དགོངས་པ་ཡིན།། གོང་གི་མ་རྟོགས་པ་དེ་ཉིད། ། ཕྱིས་ནས་རྟོགས་པ་དེ་ཉིད་ཡིན།། དེ་ལས་གཞན་མེད་དེ་ཁོ་ནའོ།། དོན་གྱི་ངོ་བོ་འཕོ་འགྱུར་མེད།། རེ་ཞིག་གཉིས་སུ་བགྲང་བ་ཙམ།། དེ་ཡང་འགྲོ་བས་རྟོགས་ཕྱིར་རོ།། འཁོར་འདས་ལྷན་ཅིག་མི་གནས་ཏེ། ། མ་རྟོགས་པ་ཡི་དུས་ཙམ་ན།། རྟོགས་པ་ཡོད་པར་སྨྲ་བ་མིན།། རེ་ཞིག་ཤས་ཆེའི་སྒོ་ནས་སྨྲ།། མུན་པ་ཡོད་ན་སྣང་བ་མེད།། སྣང་བ་ཡོད་ན་མུན་པ་མེད།། རེ་ཞིག་གཅིག་ཏུ་བསྟན་པ་ཙམ།། དེ་ཡང་རྟོགས་པར་བྱ་ཕྱིར་རོ། ། འོ་ན་དོན་གྱི་ངོ་བོ་དེ།། བསམ་མི་ཁྱབ་ཏུ་གནས་པ་ཡིན།། སྣང་བདོ་ཙམ་ན་སྟོང་པ་བདོ།། སྟོང་བདོ་ཙམ་ན་སྣང་བ་བདོ།། སྨན་བདོ་ཙམ་ན་དུག་ཀྱང་བདོ།། དུག་བདོ་ཙམ་ན་སྨན་ཡང་བདོ།། སེམས་ཅན་བདོ་ན་སངས་རྒྱས་བདོ། ། ཉོན་མོངས་བདོ་ན་ཡེ་ཤེས་བདོ།། གཅིག་དང་ཐ་དད་ཡིན་པས་ན།། གཅིག་དང་ཐ་དད་གྲོལ་བར་གསུངས།། དེ་བས་འཁོར་འདས་འབྲེལ་ཞིང་རྒྱ་མ་ཆད།། མཐའ་དངོས་མཐའ་བྲལ་ཀུན་དངོས་ཀུན་དང་བྲལ། ། དེ་བས་ཡང་དག་ལྟ་བ་གཟའ་གཏད་བྲལ།། སེམས་ཅན་སངས་རྒྱས་ངོ་བོ་ཉིད་ཀྱི་འབྲེལ།། མ་རིག་རྐྱེན་གྱིས་ཐ་དད་པར་ཡང་གསུངས།། དེ་འདྲའི་དོན་ནི་སྐྱེས་ཆེན་སུ་འཆང་བ།། དགེ་སྡིག་གཉིས་ཀ་ཆེད་དུ་མི་བྱེད་དེ། ། བྱས་ཀྱང་ཆོས་ཉིད་ངང་ལ་གཡོས་པ་ཅི་ཡང་མེད།། མི་གཡོ་མི་འགྱུར་ཡུལ་མེད་དབང་པོས་སྟོང།། རྟོགས་པའི་དུས་སུ་མངོན་སངས་རྒྱས།། ཐོབ་བྱའི་འདོད་ཆགས་ངང་གིས་བྲལ། ། དེ་མཐོང་ཐམས་ཅད་ཆོས་སྐུ་བས།། དོགས་ཤིང་བག་ཆའི་ཞེ་སྡང་ཀ་ནས་དག། བཤུགས་ཀྱིས་དགྲ་ཟིན་འདུ་ཤེས་ལྡོག་པར་སྣང།། ཐམས་ཅད་ངོ་བོ་རང་གི་དབྱིངས།། འདུ་ཤེས་ཐམས་ཅད་ཟད་པར་འབྱུང། ། བྱས་པ་ཐམས་ཅད་ངང་གིས་ལྡོག། དེ་འདྲའི་དྲོད་དང་ལྡན་ཙམ་ན།། བདུད་དང་ཐུན་མོངས་དངོས་གྲུབ་ཆེ།། ཅི་འདྲའི་ནུས་པ་འབྱུང་འགྱུར་ཡང།། བདུད་དེ་ཆོས་ཉིད་ངང་དུ་བསྟིམ།། བར་དེ་ནན་ཏན་ཤིན་ཏུ་འབད། ཁ་ཅིག་དེ་ལ་སྤྲོས་སྐྱེས་ནས།། ཟག་པ་ཟད་པར་མཐོང་བ་ན།། དེ་ཡང་བློ་ཆུང་འཁོར་བའི་རྒྱུ།། ཁྱོད་ཀྱིས་དེ་ལྟར་ཤེས་པར་གྱིས།། ཤེས་འཁོར་འདས་འབྲེལ་དོན་གྱིས་ཡི་གེའི་ལེའུ་སྟེ་བཅུ་པའོ། །།། སྤྲོས་བྲལ་ཆོས་ཀྱི་སྐུ་ལ་ཕྱག་འཚལ་ལོ།། སེམས་ཅན་སྐྱོན་གྱི་རྩ་བ་གཅིག་པ་ལ།། བདག་ཏུ་འཛིན་པ་དུག་ལྔ་རང་ལས་བྱུང།། སེམས་ཅན་ཞེས་ཀྱང་འཛིན་པས་བརྟགས་པ་ཡིན།། ཉོན་མོངས་ཇི་སྙེད་ཐམས་ཅད་འབྱུང་བའི་གནས། ། བདག་ཏུ་འཛིན་པས་ཐོག་མ་མེད་པ་ནས།། ད་ལྟའི་བར་དུ་སྡུག་བསྔལ་འདམ་དུ་མནར།། ད་དུང་གཟུང་འཛིན་ཕུར་བ་མ་ཐོངས་པར།། ཐར་བར་རྡོ་རྗེ་སེམས་དཔས་མ་གསུངས་སོ། ། ཆོས་ཉིད་གཅིག་ཏུ་ཟླ་དང་བྲལ་བ་ལ།། ང་དང་གཞན་དུ་གཟུངས་བས་གཏན་ཏུ་འཁྱམས།། ཇི་སྲིད་བདག་གཞན་འདུ་ཤེས་ཡོད་ཀྱི་བར།། དཀའ་བ་ཅི་སྤྱད་རང་ཉིད་འཆིང་བའི་རྒྱུ།། གྲོལ་བར་འདོད་པས་སླར་ལ་རང་ཉིད་འཆིང། ། སྦུར་པ་བལ་དུ་ཆུད་པ་ཇི་བཞིན་ནོ།། བདག་གཞན་གཉིས་ཀྱི་གོ་བ་མ་སྐྱེས་ན།། བདག་གཞན་ཡུལ་དང་སེམས་ལ་བྱ་བ་སྟེ།། དེ་གཉིས་ཡོད་པས་བྱ་བ་བྱེད་པ་དང།། རེ་དང་དོགས་དང་མ་ལེགས་དང། ། བཟང་དང་ངན་དང་རྒྱུ་དང་འབྲས་བུ་དང།། མཐོ་རིས་ངན་སོང་ཐམས་ཅད་ཡོད་པར་གསུངས།། ཇི་སྲིད་ཡུལ་སེམས་གཉིས་མེད་མ་རྟོགས་པར།། བདག་གཞན་གཉིས་མེད་ཟེར་བའི་དམུས་ལོང་བྱ་ར་མཁན། ། བདག་དང་གཞན་གྱི་ཤེས་པ་མི་འདྲེ་བར།། ཡུལ་སེམས་གཉིས་མེད་ཟེར་བ་རྨོངས་པ་ཡོད།། སྐྱོན་གྱི་རྩ་བ་གཟུང་འཛིན་གཉིས་དང་འགྲོགས། ཁ་ཅིག་གྲུབ་མཐའ་འདི་སྐད་ཟེར་བ་ཡོད།། ང་དང་ཁྱོད་ནི་ཡེ་ནས་སོ་སོ་སྟེ། ། བདག་གི་སེམས་ཉིད་བཙལ་བས་མ་རྙེད་པས།། ཡུལ་སེམས་གཉིས་མེད་ཟེར་བའི་རྨོངས་པ་ཡོད། ཁ་ཅིག་ཆོས་ཉིད་ཙམ་དུ་གཅིག་པ་ལ།། ཆོས་ཉིད་ཐ་དད་པ་རུ་འདོད་པ་ཡོད།། ཡུལ་སེམས་གཉིས་མེད་ཟེར་བའི་རྨོངས་པ་ཡོད། ། ཁ་ཅིག་སེམས་ཉིད་ཙམ་དུ་འདོད་པ་ལ།། སེམས་ཉིད་ཐ་དད་ཡུལ་སེམས་གཉིས་མེད་ཟེར། ཁ་ཅིག་དོན་དང་མ་འབྱོར་པར།། ཡིད་སྤྱོད་ཚིག་ཏུ་གཅིག་གོ་ཟེར་བ་ཡོད།། ཡོད་ཀྱང་སྐྱོན་གྱི་རྩ་བ་གཟུང་འཛིན་གཉིས་དང་འགྲོགས། ཉེས་པའི་བྱུང་ཁུངས་དེ་དང་མ་བྲལ་བར། འཁོར་བའི་མཐའ་ལས་གྲོལ་བར་གསུངས་པ་མེད། དེ་ལྟར་སྐྱོན་གྱི་རྩ་བ་ཤེས་པར་གྱིས།། རྣམ་གྲངས་རྒྱལ་བས་མཁྱེན་པར་མ་གསུངས་སོ། ། རེ་ཞིག་བརྒྱད་ཁྲི་བཞི་སྟོང་ངོ།། དེ་ཡང་བྱེད་པར་མེད་པར་རང་བྱུང་ཆེ་བའི་མཆོག། དེ་ལྟར་ཁྱོད་ཀྱི་གདེང་དུ་ཆུད་པར་གྱིས།། ཡང་དང་ཡང་དུ་ཉེས་པའི་རྩ་བ་ལྟོས།། ཉེས་པའི་རྩ་བ་དེ་དང་མ་བྲལ་ན། ། རྫུ་འཕྲུལ་མངོན་ཤེས་ལྡན་ཡང་གྲོལ་བ་ནམ་ཡང་མེད།། ཅི་སྟེ་ཤེས་བྱ་ཤེས་བྱེད་ཡོད་པས་ན།། སྐྱོན་གྱི་རྩ་བ་དེ་དང་ཀྲི་ལེ་འགྲོགས།། ཁྱོད་ལ་ང་ཡིས་བསྟན་དུ་ཡོད་པ་ཡང།། རྟོགས་པའི་ཡེ་ཤེས་དུམ་བུར་གནས་པས་སོ། ། ཐམས་ཅད་ཆོས་ཉིད་དོན་ལ་སྡུད་པས་ཆུ།། ཡང་དགའ་འབྲས་བུ་སྨིན་པར་བྱེད་པས་མེ།། རང་གི་ངོ་བོ་བསྟན་པར་བྱེད་པས་ས།། འཁོར་བ་སངས་རྒྱས་ས་རུ་བསྐྱོད་པས་རླུང། ། རང་རིག་ཆོས་ཉིད་གསལ་བར་བྱེད་པས་མཁའ།། འབྱུང་ཆེན་འདུས་པའི་མན་ངག་ཐབས་ཆེན་འདི།། སྙིང་དང་འདྲ་བར་ཆོས་ལ་ཤོར་ར་རེ།། ཡུན་དུ་བརྟགས་ལ་བརྒྱ་ལ་འགའ་ལ་སྦྱིན།། འདི་ཡི་སྣོད་ལྡན་འཛམ་བུ་གླིང་ན་དཀོན། ། སྣོད་མ་རྙེད་ན་མི་བསྟན་གཏེར་དུ་སྦའོ།། ཞེས་སེམས་ཅན་སྐྱོན་གྱི་རྩ་བར་བསྟན་པའི་ལེའུ་སྟེ་བཅུ་གཅིག་པའོ།།།། རྣམ་དག་ཡེ་ཤེས་སྐུ་ལ་ཕྱག་འཚལ་ལོ།། སངས་རྒྱས་ལེགས་པའི་འབྱུང་གནས་ཀུན་གྱི་གཞི། ། བདག་ཉིད་གཉིས་མེད་རྟོགས་པའི་པ་ཆོས་ཀྱི་སྐུ།། གཟུགས་སྐུ་རྣམ་གཉིས་ལ་སོགས་ཡོན་ཏན་སྐུ།། མར་མེ་འོད་ཀྱི་ཚུལ་དེ་ལོགས་ན་མེད།། རེ་ཞིག་དྲང་པོའི་དོན་དུ་བྱེ་བྲག་བགྲང་བ་ཙམ། ། བདག་ཏུ་འཛིན་པའི་ཤེས་པ་ལོགས་པ་ཡིས།། སྐྱེ་རྒ་ན་འཆིའི་ཆུ་བོ་རྩད་ནས་བཅད།། ཆོས་སུ་གཟུང་བའི་ཡུལ་དེ་ལོགས་ན་མེད།། ཉོན་མོངས་དུག་ལྔ་མ་གཅད་རང་ཉིད་ཆད།། སྐུ་གཞི་ཡེ་ཤེས་ལྔ་ཉིད་ལྷུན་གྱིས་གྲུབ། ། སངས་རྒྱས་ཆེ་བའི་ཡོན་ཏན་བསམ་མི་ཁྱབ།། སྐུ་ཡི་དངོས་པོ་ཅི་ཡང་མི་མངའ་བར།། སྟོང་གསུམ་མ་ལུས་དབང་སྡུད་ཟིལ་གྱིས་གནོན།། གསུང་གི་དངོས་པོ་ཅི་ཡང་མི་མངའ་བར།། བསྟན་པ་མ་ལུས་རྒྱས་པར་སྒྲོག། ཐུགས་ཀྱི་དངོས་པོ་ཅི་ཡང་མི་མངའ་བར།། ཐམས་ཅད་རང་གི་ངོ་བོ་ཆོས་སྐུར་མཁྱེན།། མཁྱེན་པ་མེད་པའི་མཁྱེན་པ་ཆེན་པོ་དེ།། རྡོ་རྗེ་སེམས་དཔས་མཁྱེན་པའི་མཆོག་ཏུ་གསུངས།། རྣམ་རྟོག་མི་མངའ་ཅིར་ཡང་སལ་ལེ་མཁྱེན། ། ང་དང་གཞན་དུ་བྱ་བྱེད་ལ་སོགས་པའི།། རྣམ་རྟོག་མི་མངའ་ཆོས་སྐུ་སལ་ལེ་མཁྱེན། དེ་ནི་ངེས་དོན་ཐམས་ཅད་མཁྱེན་པ་ཡིན།། དེ་ནི་ཐམས་ཅད་མཁྱེན་པའི་མཆོག་ཏུ་གསུངས། ། སྐུ་གསུང་ཐུགས་ཀྱང་གཅིག་གི་ངོ་བོར་བཞུགས།། སྐུ་གསུམ་ངོ་བོ་ཉིད་ཀྱི་སྐུ་ལ་བཞུགས།། ཐམས་ཅད་ཐིག་ལེའི་ངོ་བོར་བཞུགས་པ་ལ།། གཡོས་པ་མི་མངའ་སལ་ལེ་མཁྱེན།། དེ་ལས་གཞན་དུ་ཐམས་ཅད་མཁྱེན་པའི་བདུད། ། དྲང་དོན་ཨ་ནུ་མན་ཆོད་ཐམས་ཅད་མཁྱེན་པ་དེ།། བདག་གི་གཞན་མཁྱེན་མཁྱེན་བྱ་མཁྱེན་བྱེད་དེ།། བདག་མེད་རྟོགས་པའི་མཁྱེན་པ་མེད།། དེ་ནི་ད་དུང་འདུས་བྱས་གཟུང་འཛིན་ཡིན། ། དེ་ནི་ང་ཡི་ཡོན་ཏན་མ་ཡིན་ནོ།། ང་ཡི་ཡོན་ཏན་གོང་དུ་སྨོས་པ་དེ།། ཁྱོད་ཀྱི་བློ་ཡིས་གཏིང་དུ་གོ་བར་གྱིས།། དེ་དོན་གོ་བས་རེ་དོགས་ཆད་པར་གྱིས།། དེ་ལྟ་བུ་ཡི་ཡོན་ཏན་ཆེན་པོ་དེ།། བསྒྲུབས་ནས་གཞན་ནས་བྱུང་བ་མ་ཡིན་ཏེ། ། རང་གི་ངོ་བོ་ཡེ་ནས་དེ་ལྟར་གནས།། ཡེ་ནས་གནས་པ་རྟོགས་ནས་བསྟན་པ་ལ།། མཐར་ཐུག་སངས་རྒྱས་དེ་ལ་བྱས་པ་ཡིན།། དེ་ལྟར་རང་གིས་རྟོགས་ནས་བསྟན་པ་ལ།། ཕྱི་ནང་སྣོད་བཅུད་ང་ཡི་ཡོན་ཏན་ནོ། ། ང་ཡི་ཡོན་ཏན་ཕྱོགས་སུ་མ་ཆད་པས།། ཡོན་ཏན་མཆོག་ཏུ་གྱུར་པར་རྒྱལ་བས་གསུངས།། ཡོན་ཏན་ཕྱོགས་ཆད་སངས་རྒྱས་ཡོན་ཏན་མེད།། དེ་ནི་སེམས་ཅན་བློ་ཡི་ཡོན་ཏན་ཡིན། ། ཆོས་ཉིད་བསམ་གྱིས་མི་ཁྱབ་པའི།། དོན་དེ་རྟོགས་ནས་སངས་རྒྱས་བསྟན་པ་ནི།། སངས་རྒྱས་སྐུ་གསུང་ཐུགས་ཡིན་ནོ།། ཐམས་ཅད་ང་ཡི་དངོས་གཞིའི་སྐུ།། ང་ཡི་ཐམས་ཅད་འབྲེལ་བས་གསུངས། ། ང་ཡི་ངོ་བོ་མི་བྱེད་ཐུགས།། ང་ཉིད་དངོས་པོར་གྱུར་ཙམ་ན།། སྐུ་གསུང་ཐུགས་སུ་ཕྱེ་བ་མེད།། ཆོས་ཉིད་དོན་གྱི་ངོ་བོ་དེ།། མ་བྱས་སྤྲོས་བྲལ་ཆོས་ཀྱི་སྐུ།། མ་འགགས་རང་བྱུང་ལོངས་སྤྱོད་སྐུ།། ཆོས་ཉིད་གཅིག་ལས་མ་གཡོས་པར། ། མཚན་མ་སྣ་ཚོགས་སྤྲུལ་པའི་སྐུ།། སེམས་ཅན་ཆོས་སུ་འདྲེས་པ་ནི།། སྐུ་གསུང་ངོ་བོ་ཕྱེ་བ་མེད།། ཕྱེ་བ་མེད་པའི་ཡོན་ཏན་དེ།། ཡོན་ཏན་མཆོག་ཏུ་རྒྱལ་བས་གསུངས།། བློ་ལྡན་ཁྱོད་ཀྱིས་དེ་ལྟར་ཟུང། ། སྐལ་མེད་གཞན་ལ་བསྟན་གྱུར་ཀྱང།། ངེས་ཤེས་མི་སྐྱེ་ཐེ་ཚོམ་ཟ།། ཟོས་ན་གཞན་ཡང་བཟློག། དེ་བས་དེ་ཡང་ཉེས་པ་ནི།། རྒྱ་མཚོར་དུག་གི་དཀྲུགས་པ་ཡི།། བྱེ་བའི་ཆར་ཡང་མི་ཕོད་དོ།། རྡོ་རྗེའི་དམྱལ་ལམ་ལྷུན་གྲུབ་སྐུ། ། གཞན་གྱིས་རེག་ན་ཕུང་འགྱུར་བས།། བཙན་དུ་གཞན་དུ་ལེགས་པར་བཙལ།། ཞེས་ཡོན་ཏན་ལྷུན་གྱིས་གྲུབ་པའི་ཡི་གེའི་ལེའུ་སྟེ་བཅུ་གཉིས་པའོ།།།། བཅོམ་ལྡན་འདས་བྱ་བྲལ་ངང་ལ་ཕྱག་འཚལ་ལོ། ། ཆོས་སྐུ་ཡེ་ནས་རྣམ་པས་དབེན་པ་ལ།། བདག་དང་གཞན་དུ་འཛིན་པས་སེམས་ཅན་དེ།། པའམ་ཅན་ནི་ལྡན་པའི་སྒྲ།། བདག་ཏུ་འཛིན་པའི་སེམས་ཤེས་ཏེ།། གཞན་དུ་གཟུང་བས་ཅན་ཞེས་བྱ། ། སེམས་ལ་སེམས་སུ་འཛིན་པས་ན།། སེམས་ཤེས་འཛིན་པའི་དོན་གྱིས་སོ།། དོལ་གཟུང་པའི་ཡུལ་བྱུང་བས།། ཡུལ་ལ་ཅན་ཞེས་བཏགས་པའོ།། བདག་དང་གཞན་ཡོད་ཇི་བཞིན་དུ།། བྱ་བྱེད་ཡོད་པས་རྒྱལ་བས་གསུངས་བྱེད་པའི་ངོས་ནས་སེམས་ཞེས་བྱ། ། བྱ་བའི་ངོས་ནས་ཅན་ཞེས་བྱ།། བདག་ཡོད་བར་དུ་ཕན་གནོད་ཡོད།། བདག་ཆའི་ངོས་ནས་ཅན་ཞེས་ཏེ།། འདོགས་བྱེས་ངོས་ནས་སེམས་ཞེས་ཏེ།། ཇི་སྲིད་བདག་ཡོད་བར་དུ་ན། ། གཞན་མེད་ཟེར་བ་བླུན་པ་སྟེ།། ཚུར་ཀ་མེད་པའི་ཕར་ཀ་ནི།། རྨི་ལམ་ན་ཡང་མཐོང་བ་མེད།། བདག་ནི་ཤེས་བྱའི་སྒྲིབ་པ་སྟེ།། ཡུལ་ནི་ཉོན་མོངས་སྒྲིབ་པ་ཡིན།། སྒྲིབ་པ་ཅན་ཞེས་དེ་ལ་བཤད། ། སེམས་ཅན་ཞེས་སུ་བསྟན་པ་ཡིན།། ཉན་ཐོས་ཨ་ནུ་མན་ཆོད་དུ།། ཐེག་པའི་བྱེ་བྲག་བསམ་ཡས་ཀྱང།། སྒྲུབ་ནས་གྲུབ་པའི་འབྲས་བུ་དེ།། བསྒྲུབ་བྱ་བསྒྲུབ་བྱེད་ཡོད་པས་ན།། དེ་ཡང་ཡུལ་དང་ཡུལ་ཅན་མོད། ། རེ་དོགས་བླང་དོར་མ་ལྡོག་པས།། རེ་ཡང་སེམས་ཅན་བློ་ཡིས་ཆོས།། གོང་གི་ཆོས་ལས་མ་འདས་པས།། བྱ་བྱེད་ཡོད་པ་ཇི་བཞིན་དུ།། སེམས་ཅན་ཡིན་པར་རྡོ་རྗེ་སེམས་དཔས་གསུངས།། གཟུང་འཛིན་མེད་པའི་བྱ་བྱེད་དམ། ། བདག་གཞན་མེད་པའི་གཟུངས་འཛིན་ནམ།། བདག་མེད་རྟོགས་པའི་རེ་དོགས་ནི།། སྔར་ཡང་མ་ཐོས་མི་ཐོས་སོ།། ཅི་ཕྱིར་མ་གསུངས་མི་གསུང་ཞིང།། གསུང་བར་གྱུར་པ་མ་ཡིན་ཏེ། ། དེ་ལྟ་བའི་ཆོས་ཅན་ནི།། ཡོད་པར་འོས་པ་མ་ཡིན་ནོ།། ཕན་གནོད་མེད་པའི་སྨད་དུ་ནི།། སྨྲ་བར་ནུས་པ་མ་ཡིན་ནོ།། ཕ་མ་མེད་པའི་བུ་དེ་ཡང།། སྨྲ་བར་རིག་པ་མ་ཡིན་ནོ།། བདག་གཞན་བཅས་པའི་སངས་རྒྱས་སམ། ། བྱ་བྱེད་ཡོད་པའི་སངས་རྒྱས་སམ།། རེ་དོགས་ཡོད་པའི་སངས་རྒྱས་ཀྱང།། ཀུན་རྫོབ་ཨ་ནུ་མན་ཆོད་དུ།། དྲང་བའི་དོན་དུ་བསྟན་པ་ཙམ།། ངེས་པར་སྨྲ་བར་བྱེད་པ་ནི།། རྒྱུ་མཚན་གང་དང་གང་གི་ཕྱིར། ། གལ་ཏེ་བསྒྲུབས་པས་གྲུབ་པ་ནི།། སངས་རྒྱས་རྫས་ཡོད་མི་རྟོག་གོ། དོན་དམ་བསྒྲུབ་ཏུ་མེད་ན་ཡང།། ཁྱོད་རང་ཉིད་དམ་གཞན་ཞིག་ཡིན།། ཁྱོད་རང་ཉིད་ན་སྒྲུབ་ཅི་དགོས།། གཞན་ཞིག་ཡིན་ན་འབྲེལ་མ་འབྲེལ། ། འབྲེལ་ན་འབྲེལ་བ་རྣམ་གཉིས་རྟག། མ་འབྲེལ་འབད་པ་དོན་མེད་འགྱུར།། དེ་བས་སེམས་ཅན་ཆོས་ཀྱང་གསུངས།། སེམས་ཅན་བྱ་བ་དེ་དང་དེ་ལ་བྱ།། མདོར་ན་བྱ་བྱེད་རེ་དོགས་གཉིས་ལ་བྱ།། ཨ་ནུ་མན་ཆད་སེམས་ཅན་ཆོས་སུ་ནི། ། རྡོ་རྗེ་སེམས་དཔས་དུས་འདི་ཉིད་དུ་གསུངས། དེ་བས་ཀུན་གྱིས་ཐོབ་ན་ལྔ་པ་འདི།། ཁྱོད་ཀྱིས་གཞན་ལ་སྤེལ་བར་མི་བྱའོ།། སྤེལ་ན་གང་ཟག་སྐལ་མེད་ཀྱིས།། ཀུན་བཟང་དགོངས་པ་འདི་ལ་གཤེ་གྱུར་ན། ། ནམ་མཁའ་ཇི་སྲིད་བར་དུ་ནི།། ཤི་བའི་འོག་ཏུ་དམྱལ་བར་འགྲོ།། ཞེས་གཟུང་འཛིན་སེམས་ཅན་དུ་བསྟན་པའི་ཡི་གེའི་ལེའུ་སྟེ་བཅུ་གསུམ་པའོ།།།། བཅོམ་ལྡན་འདས་ཆེ་བཙན་རྒྱལ་བའི་སྐུ་ལ་ཕྱག་འཚལ་ལོ། ། བདག་མེད་རྣམ་གཉིས་རྟོགས་པའི་སངས་རྒྱས་དེ།། བྱ་བྱེད་རེ་དོགས་བྲལ་བས་སངས་རྒྱས་ཡིན།། བདག་གཞན་འཛིན་པ་ཆོས་སྐུའི་ངང་དུ་སངས།། ཤེས་པ་མེད་པའི་ཤེས་པ་བསྟན་པས་རྒྱས། ། གཞི་ནི་བདག་གཞན་དབེན་པས་སངས།། དེ་བཞིན་རང་གི་རིག་པ་རྒྱས་པར་བཤད།། རང་བྱུང་ཆོས་སྐུ་སྤྲོས་པ་བྲལ་བས་སངས།། སྤྲོས་བྲལ་རྟོགས་པས་གདེང་དུ་གྱུར་པས་རྒྱས།། རྣམ་རྟོག་བདག་ཏུ་འཛིན་པ་སངས་པས་སངས། ། མི་རྟོག་ཡེ་ཤེས་གཉིས་ནི་གསལ་བས་རྒྱས།། གཟུང་འཛིན་བག་ཆགས་མ་ལུས་ཀུན་སངས་ནས།། ཡེ་ཤེས་མཁའ་ལ་ཉི་མ་ཤར་བཞིན་རྒྱས།། སངས་རྒྱས་ཞེས་ཀྱང་དེ་ལ་བཏགས་པ་ཡིན། ། རིག་པ་མེད་པའི་རིག་པ་ཤར་ཙམ་ན།། སྒོམ་དུ་མེད་པའི་སྒོམ་པ་ཤུགས་ཀྱིས་འབྱུང།། ཐོབ་ཏུ་མེད་པའི་འབྲས་བུ་རང་དབང་མེད་པར་ཐོབ།། རང་དབང་མེད་པའི་འབྲས་བུའི་རྒྱལ་པོ་དེ།། རྡོ་རྗེ་སེམས་དཔས་སངས་རྒྱས་ཞེས་སུ་གསུངས། ། ཡུལ་སེམས་འཁོར་བའི་སྡུག་ཆེན་སངས་པ་ཡིས།། སྣང་སྲིད་ཆོས་སྐུའི་ངང་དུ་རང་སངས་རྒྱས།། དེ་ལས་སངས་རྒྱས་ཞེས་སུ་སེམས་དཔས་གསུངས།། བདག་གཞན་འདུ་ཤེས་ཆོས་ཉིད་ངང་དུ་སངས། ། བདག་མེད་རྟོགས་པས་ལྷག་མེད་ཆོས་སྐུར་རྒྱས།། བདག་གཞན་འདུ་ཤེས་ངང་གིས་ལོག་པ་ན།། ཡིད་ཀྱི་གཡོ་བ་རང་དབང་མེད་པར་ལྡོག། ཡིད་ཀྱི་གཡོ་བ་བྲལ་བ་བསྟན་པ་ལས། ། གཞན་དུ་སངས་རྒྱས་སེམས་དཔས་མ་གསུངས་སོ།། དེ་ལས་གཞན་པའི་སངས་རྒྱས་ཡོད་པར་ནི།། ངེས་རྒྱུད་ཀུན་ཏུ་བཙལ་ཡང་རྙེད་མི་སྲིད།། དྲང་དོན་སངས་རྒྱས་རྣམ་གྲངས་བསམ་མི་ཁྱབ། ། དེ་ནི་སེམས་ཅན་མོས་པ་བསྐྱེད་ཕྱིར་གསུངས། དེ་ནི་འཛམ་གླིང་བྱེ་བ་ཕྲག་བརྒྱར་ཡང།། སྤྲུལ་པ་བསམ་ཡས་འགྲོ་དོན་མཛད་པར་གསུངས།། སེམས་ཅན་རང་རང་མོས་པ་ཇི་ལྟར་བར།། ཆོས་སྟོན་པ་ལ་སོགས་པ་འཚལ་བར་སྟོན། ། དེ་ནི་དྲང་དོན་སངས་རྒྱས་ཡིན་པར་གསུངས།། ཞེས་སངས་རྒྱས་གདགས་གཞི་དང་བཅས་པའི་ཡི་གེའི་ལེའུ་སྟེ་བཅུ་བཞི་པའོ།།།། རྣམ་དག་སེམས་ཀྱི་དབྱིངས་ལ་ཕྱག་འཚལ་ལོ། ། ཡང་དག་སངས་རྒྱས་སྒྲུབ་པའི་སྒྲུབ་རྫས་སུ།། རྫས་ཀྱི་རྒྱལ་པོར་རང་སེམས་ཁྱད་པར་འཕགས།། རང་སེམས་རྫས་ཀྱི་རྒྱལ་པོ་འདི་རྟོགས་ན།། ཕྱི་ནང་སྣོད་བཅུད་སྣང་སྲིད་ཐམས་ཅད་ཀུན།། མ་ལུས་རྫས་སུ་གྱུར་པས་སྒྲུབ་རྫས་ཆེ། ། བློ་ཉིད་དངོས་པོར་གྱུར་པའི་རྣལ་འབྱོར་ལ།། སྣང་སྟོང་བདེ་སྡུག་རྣམ་རྟོག་ཅི་སྐྱེས་ཀྱང།། ཐམས་ཅད་དེ་ཡི་རྫས་དེ་གུད་ན་མེད།། རང་བྱུང་ཡེ་ཤེས་ཡེ་ནས་གནས་པ་ལ།། རྟོག་པའི་ཡེ་ཤེས་རྫས་དང་ལྡན། ། རང་ལ་གནས་པས་སྒྲུབ་པ་ཡིན།། རང་གི་རང་རྫས་རང་ལ་ཆེ།། བྱ་བ་མེད་པའི་ཐབས་དག་དང།། བྱེད་པ་མེད་པའི་ཤེས་རབ་གཉིས།། གཉིས་མེད་ཡེ་ཤེས་རྟོགས་གྱུར་ན།། སྣང་བ་སྐུ་ཡི་སྒྲུབ་རྫས་ཡིན། ། སྒྲ་རྣམས་གསུང་གི་སྒྲུབ་རྫས་ཡིན།། དྲན་རྟོག་ཐུགས་ཀྱི་སྒྲུབ་རྫས་ཡིན།། ཡེ་ནས་ལྷུན་གྱིས་གནས་པ་ལ།། རྟོག་པས་ནོར་རམ་རྫས་དང་ལྡན།། དེ་ཉིད་ངང་གནས་སྒྲུབ་པའོ།། སྒྲུབ་རྫས་ལྡན་ཞེས་སེམས་དཔས་གསུངས། ། གལ་ཏེ་སྒྲུབ་རྫས་དེ་མེད་ན།། རྫས་རྣམས་ཐམས་ཅད་ཅི་བསོགས་ཀྱང།། འཁོར་བ་བསྒྲུབ་པའི་རྫས་སུ་གསུངས།། སྒྲུབ་རྫས་བགྲང་བར་རིགས་པ་མིན།། ཡེ་ནས་ལྷུན་གྲུབ་སྤྲོས་དང་བྲལ། ། བསྙེན་པ་ཡིན་ཏེ་བསྙེན་པའི་མཆོག། དེ་རྟོགས་ཉེ་བའི་བསྙེན་པའོ།། ངང་ལ་གནས་པ་སྒྲུབ་པའོ།། མངོན་འགྱུར་སྒྲུབ་པ་ཆེན་པོར་བཤད།། ཡེ་ནས་ལྷུན་གྲུབ་སྤྲོས་བྲལ་དེ།། སེམས་དཔས་རྫས་སུ་གསུངས་པ་ཡིན། ། མ་རྟོགས་ནོར་རམ་རྫས་དང་བྲལ།། རྫོགས་ནས་རྫས་དང་ལྡན་ཞེས་བྱ།། རྟོགས་པའི་རྫས་མཆོག་དེ་རྟེན་ན།། རང་གི་ངོ་བོ་རྡོ་རྗེའི་སྐུ།། མངོན་དུ་གྱུར་ན་སྒྲུབ་པ་ཡིན།། རྫས་མཆོག་སྤྱི་བཅིངས་དེ་ལྡན་ན། ། ལྷ་ཡང་གཞན་ནས་བོད་མི་དགོས།། སྔགས་དང་ཕྱག་རྒྱ་བསྒྱུར་བ་མེད།། དཀའ་ཐུབ་སྦྱིན་སྲེག་དེ་ཉིད་དོ།། དེ་ཉིད་མཆོད་པ་ཁྱད་པར་འཕགས།། ཁྱོད་ཀྱི་རྫས་ཀྱི་རྒྱལ་པོ་དེ་བསྟེན་ན།། ཡུན་དུ་རྫས་མཆོག་འདི་དང་མ་འབྲལ་ཅིག། གལ་ཏེ་རྫས་མཆོག་འདི་དག་བྲལ་ན་ནི།། བསྐལ་པར་སྡུག་བསྔལ་འཁོར་བར་འཁྱམས་ས་རེ།། སྒྲུབ་རྫས་ཀྱི་ཡི་གེའི་ལེའུ་སྟེ་བཅོ་ལྔ་པའོ།།།། བདག་མེད་སྤྲོས་བྲལ་ངང་ལ་ཕྱག་འཚལ་ལོ། ། ཐིག་ལེ་སྤྲོས་བྲལ་ངང་ལ་གནས་ཙམ་ན།། བདག་གཞན་སྤྲོས་པའི་རྣམ་རྟོག་བགེགས་ཆེན་དེ།། ཕར་ལ་བསལ་བས་སོལ་བ་མ་ཡིན་ནོ།། ཐམས་ཅད་ཆོས་སྐུར་རང་གི་ངོ་བོར་གཞོམ། ། ཐམས་ཅད་ཆོས་སྐུར་ངོ་བོ་གཅིག་པ་ལ།། བདག་གཞན་བར་ཆད་བགེགས་ཆེད་དེ་བྱུང་བས།། བགེགས་ཆེན་དེ་ཡི་ཐམས་ཅད་དབང་གྱུར་པས།། ཐམས་ཅད་བགེགས་སུ་མ་གྱུར་གང་ཡང་མེད།། དེ་བས་བདག་གཞན་འཛིན་པའི་བགེགས་དེ་བས། ། གཞན་དུ་བགེགས་ནི་ནམས་ཀྱང་ཡོད་མ་ཡིན།། དེ་ཡོད་པ་ན་བགེགས་རྣམས་དེ་ལས་བྱུང།། བདག་གཞན་གཉིས་ཀྱི་བགེགས་ཆེན་དེ།། རང་ལས་བྱུང་ཞིང་རང་གིས་བདུད། ། བགེགས་དེ་ངེས་པར་འཇོམས་འདོད་ན།། ཐབས་དང་ཤེས་རབ་ལྡན་བྱས་ལ།། གཉིས་མེད་ཡེ་ཤེས་ཆེན་པོ་ཡིས།། མཉམ་ཉིད་ངང་དུ་ལྷན་ཅིག། ངང་དེ་ཉིད་ལ་ལྷན་ནེ་གཞག། གཉིས་མེད་ངང་དང་མ་བྲལ་ན། ། བགེགས་དེ་སྡང་བར་ནུས་མ་ཡིན།། དེ་བས་གཉིས་མེད་མ་ཡེངས་པར།། བློ་ལྡན་བག་དང་ལྡན་པར་བྱོས།། བགེགས་ལ་སོགས་པའི་ཕྱོགས་རྣམས་ཐམས་ཅད་ཀུན།། ནམ་ཡང་འབྱུང་བར་སེམས་དཔས་ན་གསུངས་སོ། ། བགེགས་ཞེས་བྱ་བའི་མིང་ཡང་མི་སྲིད་དེ།། སྣང་སྲིད་ཡེ་ཤེས།། ཡེ་ཤེས་མ་ཡིན་པ་ནི་གཅིག་ཀྱང་མེད།། ཐམས་ཅད་ཀུན་ཏུ་བཟང་པོའི་ངང་དུ་གསལ།། ཁྱོད་ཀྱིས་དེ་ལྟར་ཁོང་དུ་ཆུད་པར་གྱིས། ། གལ་ཏེ་ཐབས་དང་ཤེས་རབ་མ་ལྡན་ན།། ཡེ་ཤེས་ཆེན་པོའི་གཉིས་མེད་བྲལ་ན་ནི།། རྣམ་རྟོག་བདུད་ཀྱི་བར་དུ་བཅད་ནས་ནི།། འཁོར་བའི་བཙོན་རའི་ནང་དུ་བཅུག་ནས་ནི།། གཟུང་འཛིན་གཉིས་ཀྱི་ལྕགས་སྒྲོག་བཅུག་ནས་ནི། ། རེ་དོགས་གཉིས་ཀྱི་ཚེར་ལྕག་ལས་སུ་འབྲལ།། ཟས་སུ་འདོད་ཆགས་ཞེ་སྡང་གཏི་མུག་བྱིན།། ནད་དུ་སྐྱེ་རྒ་ན་འཆིས་སྙིང་ལ་འཁོར།། གཟིགས་མོར་ཁམས་གསུམ་སྣང་བ་སྣ་ཚོགས་བསྟན། ། ལས་སུ་སྡུག་བསྔལ་སྣ་ཚོགས་ཐར་མེད་བྱེད།། ཟོ་ཆུའི་ཁྱུད་མོ་བཞིན་དུ་གཅིག་ནས་གཅིག་ཏུ་འཁོར།། གཉིས་མེད་སྐྱབས་ཆེན་དེ་དང་མ་ཕྲད་ན།། ཐར་པའི་དུས་མཐའ་ནམ་ཡང་མི་འབྱུང་ངོ།། དེ་བས་ཐབས་དང་ཤེས་རབ་ལྡན་པར་བྱོས། ། པར་ཆད་བགེགས་ཆེན་བདག་གཞན་གཟུང་འཛིན་དེ།། གཉིས་མེད་ཐབས་དང་ཤེས་རབ་མེ་ཡི་དབྱིངས་སུ་བསྲེག། བློ་ལྡན་ཁྱོད་ཀྱིས་དེ་ལྟར་ཤེས་པར་གྱིས།། དེ་ལྟར་ཤེས་ནས་བགེགས་དང་བར་ཆད་བརླག། དེ་ལས་གཞན་དུ་བར་ཆད་སེལ་འདོད་པ།། དེ་ཉིད་བགེགས་ཆེན་ཡིན་པས་བགེགས་རྣམས་ཐམས་ཅད་འབྱུང།། སེམས་དཔའ་ཁྱོད་ཀྱིས་གཉིས་མེད་ཡེ་ཤེས་སྟེན།། བློ་ལྡན་ཁྱོད་ཀྱིས་བླ་མ་རྣམ་གཉིས་ཟུང། ། དཀོན་མཆོག་གསུམ་དང་ནམ་ཡང་མ་བྲལ་བར།། ཡང་དག་མཆོད་པ་བླ་མེད་མཆོད།། རང་གི་དམ་ཚིག་རྟག་ཏུ་སྲུངས།། གྲོགས་སུ་རང་གི་བརྩོན་འགྲུབ་སྟེན། ། གལ་ཏེ་དེ་ལས་འགལ་འགྱུར་ཏེ།། རྡོ་རྗེ་སེམས་དཔའི་དགོངས་པ་འདི།། ཁོང་ཁྲོ་སྡུག་བཙིར་སེར་སྣ་ཆེ།། རིག་པ་རྒྱུ་དང་ཐབས་ཀྱིས་འཚོལ།། རྙེད་ན་སྲི་ཞུ་རྡུལ་ཙམ་མེད།། ཚིག་དང་བསམ་པ་ཆོ་རོལ་སྨྲ། ། ཆོས་ཉིད་དོན་དང་རྟག་ཏུ་འགལ།། དེ་འདྲའི་སྡིག་ཅན་ལག་ཏུ་བཏང་ན་ནི།། དཀོན་མཆོག་གསུམ་གྱི་དབུ་འཕངས་སྨད།། སངས་རྒྱས་བསྟན་པ་གཉན་པོ་བཤིག། ཆོས་སྒོར་ཞུགས་ནས་དམྱལ་བ་བསྒྲུབས། ། བདག་གཞན་གཏན་དུ་བརླག་པར་བྱས།། ཕུང་མཁན་དེ་དང་མ་སྡོངས་ཤིག། ཁམས་གསུམ་དམྱལ་བ་མ་སྒྲུབ་ཅིག། རྡོ་རྗེའི་རི་མོ་མ་བཤིག་ཅིག། ཅེས་བར་ཆད་བགེགས་ཀྱི་མཚན་ཉིད་དམ་བསལ་ཐབས་ཀྱི་ཡི་གེའི་ལེའུ་སྟེ་བཅུ་དྲུག་པའོ། །།། བཅོམ་ལྡན་འདས་སྣ་ཚོགས་ཀུན་ཏུ་བཟང་ལ་ཕྱག་འཚལ་ལོ།། བགྲོད་དུ་མེད་པའི་ལམ་གྱི་ཆ་རྐྱེན་ཡང།། བསམ་དུ་མེད་པའི་སྣང་སྲིད་ངང་གིས་རྐྱེན།། ཆ་ནི་ཆོས་སྐུ་གཅིག་པ་ལ། ། རྐྱེན་ནི་འཁོར་འདས་གཉིས་སུ་སྣང།། ཆ་ནི་རང་བྱུང་ཡེ་ཤེས་ལ།། རྐྱེན་ནི་རྟོག་པའི་ཡེ་ཤེས་ཤར།། ཆ་ཉིད་རྐྱེན་ལ་རྐྱེན་ཉིད་ཆ།། སྣང་བ་དང་ནི་སྟོང་པ་དང།། བདེ་བ་དང་ནི་སྡུག་བསྔལ་དང། མ་ཨིསསིང་མ་ཨིསསིང་མ་ཨིསསིང་མ་ཨིསསིང་མ་ཨིསསིང་མ་ཨིསསིང་མ་ཨིསསིང་མ་ཨིསསིང་མ་ཨིསསིང་མ་ཨིསསིང་མ་ཨིསསིང་མ་ཨིསསིང་མ་ཨིསསིང་མ་ཨིསསིང་མ་ཨིསསིང་མ་ཨིསསིང་མ་ཨིསསིང་མ་ཨིསསིང་མ་ཨིསསིང་བྱང་ཆུབ་སེམས་ཐིགས་པ་ཉི་ཤུ་རྩ་གཉིས་པའི་རྒྱུད་ཞེས་བྱ་བ་བཞུགས་སོ། @##།། རྒྱ་གར་སྐད་དུ། བོ་དྷི་ཙིཏྟ་བི་ན་བ་ར་ཏནྟྲ་མ། བོད་སྐད་དུ། བྱང་ཆུབ་སེམས་ཐིག་པ་ཉི་ཤུ་རྩ་གཉིས་པའི་རྒྱུད་ཅེས་བྱ་བ། མཁྱེན་ལྡན་སྟོན་པའི་སྐུ་ལ་ཕྱག་འཚལ་ལོ། ། འོག་མིན་ཆོས་ཀྱི་དབྱིང་དག་ཏུ།། མཁྱེན་ལྡན་ཀུན་ཏུ་བཟང་པོ་ཡིས།། སེམས་དཔའ་ལ་སོགས་འཁོར་རྣམས་ལ།། བྱིན་གྱི་བརླབས་ཀྱི་བཤད་པ་ཡིས།། བྱང་སེམས་ཕྱི་མའི་རྒྱུད་སྟན་པ། ། ངེས་པ་གཅིག་ལ་བཞག་ཕྱིར་བསྟན།། བསྟན་པའི་དོན་ནི་རྣམ་པ་གཉིས་སུ་བཤད།། ལྟ་བ་དོན་གྱི་ཐིགས་པ་ཉག་གཅིག་ལ།། མན་ངག་དོན་གྱི་ཐིགས་པ་དབབ་པར་བསྟན། ། སྤྱི་ཡི་ཐིགས་པ་རྣམ་པ་གཉིས་སུ་བཤད།། དགོས་ཀྱི་ཐིགས་པ་ཉི་ཤུ་རྩ་གཉིས་བསྟན།། མན་ངག་དོན་གྱི་ཐིགས་པ་ཉག་གཅིག་མ།། ཕྱི་ནང་གཉིས་མེད་ཡེ་ནས་དེ་བཞིན་ཉིད། ། ཀུན་གྱི་རང་བཞིན་བླ་མེད་ཞི་བའི་ཆོས།། སྒྲུབ་མེད་བཙལ་མེད་སྨོན་པ་མེད་པའི་ས།། རྣལ་འབྱོར་ལམ་མཆོག་ཉི་ཤུ་རྩ་གཉིས་དོན།། གཉིས་མེད་བདེ་ཆེན་ཡོངས་ཀྱི་དག་པ་ལ། ། རྣལ་འབྱོར་ལྟ་སྤྱོད་འཛིན་སྡོམ་དེ་བཞིན་གནས།། དེ་ལྟར་གནས་པའི་རྣལ་འབྱོར་དམ་པ་ནི།། ཡེ་ནས་སངས་རྒྱས་ཡིན་ཏེ་རྒྱལ་པོ་ཆེ།། རྟོག་སྤྱོད་རྣམ་དག་ཉིད་དེ་ཆོས་ཀྱི་དབྱིངས། ། བསྟན་པའི་ལམ་འདི་ལ་ནི་གནས།། སྒྲོ་སྐུར་བཅིངས་གྲོལ་སྤངས་པའི་ཆོས་ཀྱི་དབྱིངས།། ལོག་རྟོག་བྱིས་པའི་སྤྱོད་པས་ཅི་ཞིག་བསླད།། རྒྱུ་འབྲས་གཉིས་མེད་སངས་རྒྱས་སེམས་ཅན་མེད། ། ཀུན་གྱི་རང་བཞིན་གཞི་རྩ་མེད་པ་ལ།། འཁྲུལ་པས་ནོར་པའི་ལམ་དུ་བཏགས་པ་ཡང།། བསྟན་པའི་ལམ་ཆེན་འདི་ལས་གཞན་མེད་པས།། མཉམ་པར་ཤེས་ན་སངས་རྒྱས་ཀུན་གྱི་རྗེ། ། ཞེས་གསུངས་སོ།། བྱང་སེམས་ཐིགས་པ་ཕྱི་མའི་རྒྱུད་ལས། མཉམ་པ་དོན་གྱི་ཐིགས་པ་སྟེ་ཐིགས་པ་དང་པའོ། དེ་ནས་ཡང་སྟོན་པས། འཁོར་རྣམས་ལ་གསུངས་པ། མཆོག་ཏུ་རྨད་བྱུང་ཕྱི་ནང་ཀུན་གྱི་ངང། ། ཡེ་ནས་རྣམ་པར་དག་པའི་སྤྱོད་ཡུལ་ལ།། སངས་རྒྱས་མ་རྒྱས་མེད་དེ་སྐལ་ཅན་དབང།། བདག་གཞན་བརྟགས་པས་མུ་སྟེགས་འཁྲུལ་པའི་ལམ།། བྱིས་པ་སླུ་ཕྱིར་བྱིས་པའི་ཆོས་ལ་འཛུད། ། ཕྱིན་པའི་དུས་མེད་རྟོགས་པའི་མཐའ་ཡང་མེད། སྟོན་པའི་སྟོན་པ་ནོར་བུ་རིན་ཆེན་བཞིན།། དམིགས་པ་མེད་ཅིང་འགྱུར་བ་མི་བྱེད་པས།། རང་བཞིན་དམིགས་པར་རེ་བ་ཐམས་ཅད་སྐོང།། བདག་མེད་གཞན་ནས་མི་འགྱུར་ལེགས་པ་ཆེ། ། དྲན་དང་ཤེས་བཞིན་བརྡ་འམ་སྙིང་རྗེས་བསྟན། བླ་མེད་བྱང་ཆུབ་སྙིང་པོ་གྲོལ་བའི་ལམ།། དེ་ལྟ་བུ་ཡི་ཆོས་སྐུ་ཐོབ་པ་མེད།། ཆོས་སྐུ་མེད་ཕྱིར་ཐོབ་བྱའི་ཡུལ་ཡང་མེད། ། སངས་རྒྱས་སེམས་ཅན་ཆོས་སྐུར་བཏགས་པས་ནོར།། སངས་རྒྱས་གཞན་ནས་ཐོབ་བྱེད་ནོར་པའི་ལམ།། རང་རིག་རྡོ་རྗེ་སེམས་ཉིད་ཆོས་ཀྱི་སྐུ།། ཞེས་གསུངས་སོ།། བྱང་སེམས་ཐིགས་པ་ཕྱི་མའི་རྒྱུད་ལས། ། རྡོ་རྗེ་དོན་གྱི་ཐིགས་པ་སྟེ།། ཐིགས་པ་གཉིས་པའོ།།།། དེ་ནས་ཡང་སྟོན་པས། འཁོར་རྣམས་ལ་གསུངས་པ། ཁྱུང་ཆེན་ནམ་མཁར་ལྡིངས་ཏེ་འགྲོ་བ་བཞིན།། རྡོ་རྗེ་སེམས་ནི་ཅི་ལའང་ཐོགས་པ་མེད། ། སངས་རྒྱས་བདེ་པའི་སྤྱོད་ཡུལ་དག་པ་ལ།། སྐྱེ་ཤི་འཕོ་བའི་གནས་མེད་དེ་བཞིན་ཉིད།། རྒྱ་མཚོ་ལྟ་བུར་སེམས་ཅན་ཡེ་གནས་ལ།། ཆོས་རྣམས་སྣ་ཚོགས་མ་ལུས་འབྱུང་བའི་རྒྱུད།། བཤད་པའི་ཚིག་ཏུ་བཏགས་པའི་ཆོས་ཀུན་ལས། ། རྙེད་པར་མི་འགྱུར་རང་གི་སེམས་ལས་མེད།། འཁྲུལ་བ་རྣམས་ཀྱི་སྒོ་ཙམ་ཉིད་དུ་ནི།། ཚིག་དང་ཡི་གེར་བསྟན་ཏེ་བཤད་པ་ཡིན།། རང་རིག་བྱང་ཆུབ་སྙིང་པོ་ཆོས་ཀྱི་དབྱིངས། ། ཆོས་དབྱིངས་གཞན་ནས་མི་རྙེད་དེ་བཞིན་ཉིད།། མཁས་པ་རྣམས་ཀྱིས་དེ་བཞིན་ཤེས་པར་བྱ།། ཞེས་གསུངས་སོ།། བྱང་སེམས་ཐིགས་པ་ཕྱི་མའི་རྒྱུད་ལས། རང་བཞིན་ལྟ་བའི་ཐིགས་པ་སྟེ། ཐིགས་པ་གསུམ་པའོ། །།། དེ་ནས་ཡང་སྟོན་པས། འཁོར་རྣམས་ལ་གསུངས་པ། མི་གནས་དམིགས་པ་མེད་པས་མི་རྟོག་ཆོས་ཀྱི་ལམ།། རྟོག་སྒོམ་ཆོས་ཀྱི་སྐུ་ནི་ཁྱད་པར་དོན་མེད་པས།། རང་བྱུང་ཡེ་ཤེས་མི་རྟོག་ཀུན་ཏུ་ཇི་བཞིན་གནས། ། བྱ་བྲལ་ཡུལ་ལ་མི་གནས་གཉེན་པོས་བཅོས་སུ་མེད།། ལྷག་པའི་དོན་མེད་འདི་ཡི་རང་བཞིན་ལས།། སྐུ་ནི་རང་བྱུང་བས་ན་ཆོས་སྐུ་གཞན་ན་མེད།། མངོན་སུམ་ཀུན་ཏུ་མི་རྟོག་ཡངས་པའི་སྙིང་པོ་ལ། ། རྟག་ཏུ་འདུག་པར་འདོད་པའི་སྒོམ་མཁན་དེ།། རྣམ་དག་ལམ་དེར་ཞུགས་ན་མཉམ་པའི་རྒྱལ་པོ་ཐོབ།། གང་ལ་ཐོབ་པར་མི་རིགས་བཤད་པ་ཀུན་དང་བྲལ།། ཆོས་དང་ཆོས་བཞིན་རྟག་ཏུ་འདྲེས་པའི་དབྱེར་མེད་ལ། ། ཆོས་ཉིད་དོན་དམ་ལྷག་པའི་གནས་ཞེས་བཤད་པའང་མེད།། བྱང་ཆུབ་ལམ་དེ་རྟོགས་པས་བརྟགས་པས་ཐོབ་པ་མེད།། བྱང་ཆུབ་ལམ་ཆེན་ཚིག་གི་མཐའ་ལས་འདས།། འདི་དང་སངས་རྒྱས་འདྲེས་པས་ཐམས་ཅད་མཁྱེན། ། མི་བྱེད་བཞུགས་ཕྱིར་བསམ་པ་ཀུན་དང་བྲལ།། དེ་ཉིད་དེ་བཞིན་ཉིད་དུ་བཞུགས་པ་ཡིན།། ཅེས་གསུངས་སོ།། བྱང་སེམས་ཐིགས་པ་ཕྱི་མའི་རྒྱུད་ལས།། རྟོག་མེད་ལམ་གྱི་ཐིགས་པ་སྟེ། ། ཐིགས་པ་བཞི་པའོ།།།། དེ་ནས་ཡང་སྟོན་པས། འཁོར་རྣམས་ལ་གསུངས་པ། ལམ་མེད་ལམ་དུ་ཞུགས་ན་འཁྲུལ་པས་ནད་ཆེ་སྟེ།། བཙལ་བར་འདོད་པས་རི་དྭགས་སྨིག་སྒྱུ་སྙེགས་པ་འདྲ།། རྙེད་པའི་ཡུལ་མེད་བཙལ་བས་དེ་མི་འབྱུང། ། གང་ལའང་མ་འགགས་ཡེ་ཤེས་དབྱིངས་ལས་འདས།། ས་བཅུར་ལྟོས་པས་གནས་ཀྱང་བླ་མེད་ཉིད་ལ་སྒྲིབ།། དེ་ཕྱིར་དད་པས་བརྩོན་ལ་བསྒོམ་པར་བྱ།། མི་བཏང་རང་བཞིན་དྲན་པ་ཤིན་ཏུ་བསྐྱེད། ། མི་གཡོ་རང་བཞིན་གནས་པས་སྨན་ཆེན་མ་བྱས་ན།། མཐོ་རིས་བགྲོད་པའི་རྒྱུད་པས་ཉོན་མོངས་སླར་ཟིན་འགྱུར།། ཞེས་གསུངས་སོ།། བྱང་སེམས་ཐིགས་པའི་རྒྱུད་ལས། མི་གཡོ་སྒོམ་པའི་ཐིགས་པ་སྟེ། ཐིགས་པ་ལྔ་པའོ།།།། དེ་ནས་ཡང་སྟོན་པས། འཁོར་རྣམས་ལ་གསུངས་པ།། ལམ་མེད་ལམ་ཆེན་འདོད་པས་འབྲས་བུ་མི་རྙེད་དེ།། ཆུས་གདུངས་གླང་ཆེན་སྨིག་སྒྱུ་ཆུ་སྙེགས་འདྲ། ། བསྐལ་པར་བགྲོད་ཡང་རྙེད་པར་རབ་ཏུ་དཀའ།། རྒྱ་ཆེན་རབ་ཟབ་ཐེག་ཆེན་རྒྱ་མཚོའི་དོན།། མི་གནས་མཉམ་པ་ཆེན་པོའི་ཀློང་ན་གནས།། མི་རྟོག་བཏང་སྙོམས་དང་དུ་རབ་བཞག་པས།། མི་གཟུང་མི་ཟིན་སྒོམ་པའི་ཡུལ་དང་བྲལ། ། རྟོག་མེད་བཏང་སྙོམས་དང་དུ་རབ་བཞག་པ།། དེ་ཉིད་ཡིན་ཏེ་གཞན་དུ་ཅི་ཡང་མེད། འཛིན་པའི་བཟུང་པ་སྤངས་བ་སམ་བཟུན་བཟུང།། ཆོས་ཀྱི་སྐུ་ནི་ཡེ་ནས་མཚོན་དུ་མེད། ། དེ་ཕྱིར་དབྱིངས་ལ་བཅོས་མེད་དེ་བཞིན་མོད།། སེམས་དང་ཆོས་སྐུ་དབྱིངས་སུ་གཅིག་པའི་ཕྱིར།། དོན་དང་ལས་ཡིན་སྒོམས་པས་གང་དུའང་གྲུབ།། ཅེས་གསུངས་སོ།། བྱང་སེམས་ཐིགས་པ་ཕྱི་མའི་རྒྱུད་ལས། ། བཞག་ཐབས་དོན་གྱི་ཐིགས་པ་སྟེ།། ཐིགས་པ་དྲུག་པའོ།།།། དེ་ནས་ཡང་སྟོན་པས།། འཁོར་རྣམས་ལ་གསུངས་པ།། སྣང་སྲིད་ཡེ་རྒྱས་བཏབ་ནས་གཅིག་ཏུ་བཞུགས།། ལྷུན་རྫོགས་ཐབས་མཁས་འཁོར་བའི་ལྟོ་བ་ཅན། ། ཁྱུང་དང་སེང་གེའི་བུ་དང་རྒྱལ་པོའི་བུ།། མངལ་ནས་གཉེན་པོའི་ཚུལ་དུ་གཞན་ཟིལ་གནོན།། གཉེན་པོས་མ་བོར་བསྒྲུབས་པ་ཡེ་ནས་གཉེན་པོར་གནས།། མི་གནས་གནས་མེད་དམིགས་པ་མེད་པའི་ལམ། ། རྒྱུ་འབྲས་གཉིས་མེད་མཉམ་པའི་རྒྱལ་པོ་འདི།། འཁོར་བ་མྱ་ངན་འདས་པའི་གཉེན་པོ་ཡིན།། གཉེན་པོར་མ་བསྒྲུབས་ཡེ་ནས་གཉེན་པོར་གནས།། འཕུར་རྐྱེན་བྱ་ནི་སྒོང་ཆག་མཁའ་ལ་འཕྱོ།། ལུས་ལ་མི་ལྟོས་ཡི་གེས་མཚོན་མེད་པའི། ། ཉེ་ལམ་བདེ་རྫོགས་བྱ་བྲལ་ལྷུན་གྲུབ་ཉིད།། འཇུག་པའི་ལམ་ལ་མི་ལྟོས་ཡེ་སངས་རྒྱས་པ་ཡིན།། ཁྱུང་ཆེན་གཤོག་རྒྱས་མཁའ་ལ་མི་ཆགས་ལྟར།། ཐེག་པ་ཀུན་རྒྱས་བླ་མེད་ཡངས་པའི་ས། ། ཞེས་གསུངས་སོ།། བྱང་སེམས་ཐིགས་པ་ཕྱི་མའི་རྒྱུད་ལས།། གཉེན་པོ་སྟོབས་ཀྱི་ཐིགས་པ་སྟེ།། ཐིགས་པ་བདུན་པའོ།།།། དེ་ནས་ཡང་སྟོན་པས།། འཁོར་རྣམས་གསུངས་པ།། ཁྱུང་ཕྲུག་སྒོ་ངའི་ནང་ནས་ལུས་རྒྱས་ལྟར། ། སྐྱེ་མེད་དེ་བཞིན་ཉིད་ནི་རང་བཞིན་ཉིད།། ཆོས་ཉིད་ཐིག་ལེའི་ཀློང་ན་དེ་བཞིན་རྒྱས།། བྱེད་བྱ་བྱེད་མའི་ཆོས་ཉིད་མ་མཐོང་བར།། བླ་མེད་བདེ་བའི་ཆོས་སྐུ་ཐོབ་མི་སྲིད།། ཅེས་གསུངས་སོ། ། བྱང་སེམས་ཐིགས་པ་ཕྱི་མའི་རྒྱུད་ལས།། ཡེ་སངས་རྒྱས་པའི་ཐིགས་པ་སྟེ།། ཐིགས་པ་བརྒྱད་པའོ།།།། དེ་ནས་ཡང་སྟོན་པས། འཁོར་རྣམས་གསུངས་པ།། ཀུན་འདུས་ཀུན་ཀློང་ཀུན་གྱི་ཡིད་བཞིན་ནོར། ། མི་དམིགས་མི་སྐྱེ་མི་འགག་སྣང་བ་མེད།། སངས་རྒྱས་མི་འཚོལ་སངས་རྒྱས་མི་བསམ་ན།། ཐམས་ཅད་རང་རིག་ཡེ་ནས་བྱ་བྱེད་བྲལ།། ཡེ་ཤེས་ལྷུན་གྲུབ་ས་ཉིད་རྟོགས་པས།། གནས་མེད་དེ་ལ་མི་གནས་གནས་དང་བྲལ། ། ལམ་མེད་ལམ་དུ་འདོད་པའི་འགྲོ་ས་འཁྲུལ།། འབྲས་བུ་ཐོབ་ཏུ་རེ་བ་འཇོག་པས་དོན་མེད་མཐོང།། ཡང་དག་མཐའ་སྙག་དོན་དང་གོལ།། དེ་བཞིན་དབྱིངས་སུ་འདོད་པས་བདེ་མི་རྙེད། ། འདོད་པའི་ཡོན་ཏན་སྤངས་པས་བྱང་མི་ཆུབ།། འཁོར་བ་རྒྱབ་ཕྱོགས་མྱ་ངན་ཡོང་མི་འདའ།། ས་དང་ཕ་རོལ་ཕྱིན་ལ་ཟད་མཐའ་མེད།། སྣང་སྲིད་ཕྱག་རྒྱས་སྒོམ་པས་སངས་མི་རྒྱས།། ཞེས་གསུངས་སོ། ། བྱང་སེམས་ཐིགས་པ་ཕྱི་མའི་རྒྱུད་ལས།། ལྷུན་གྱིས་གྲུབ་པའི་ཐིགས་པ་སྟེ་ཐིགས་པ་དགུ་པའོ།།།། དེ་ནས་ཡང་སྟོན་པས།། འཁོར་རྣམས་ལ་གསུངས་པ།། བྱང་ཆུབ་སེམས་ལུང་ཡང་དག་དམ་པའི་ལུང། ། ལུང་རྒྱལ་འདི་ཡིས་གཏན་ལ་མ་ཕབ་ན།། ཚིག་འཆལ་མུ་ཅོར་སྨྲ་བས་དོན་མི་རྙེད།། གང་ལའང་མི་གནས་གནས་ཉིད་ལས་ཀྱང་འདས།། སྨིག་སྒྱུ་ཆུ་རུམ་མཐོང་བས་ཆུ་མི་རྙེད།། བདེན་པ་གཉིས་འཛིན་ཡི་གེས་དོན་མི་རྙེད། ། འཕུར་རྐྱེན་བྱའམ་རྒྱལ་པོའི་ཕྲུག་གུ་ལྟར།། གཞན་ནས་མི་རྙེད་ཡེ་ནས་དེ་བཞིན་ཉིད།། ཚད་མས་མི་ཤིགས་ལུང་གི་ཚད་མ་ཡིན།། འཁྲུལ་པའི་ཚད་མས་རྟོག་པའི་ལུང་ལ་ཕབ།། བྱིས་པ་སླུ་བའི་ཆོས་ལ་དེ་ཡོད་ལས། ། བླ་མེད་ལམ་འདིར་དེ་མི་དགོས་ཏེ་ཚད་མེད་ལུང།། ཤེས་རབ་ཆུང་བས་འདི་སྤོགས་བྱེད་ཅིང་ལམ་བགྲོད་བྱེད།། འདི་འདོད་པ་ལ་འདི་མི་གནས་ཏེ་རྟོགས་པའི་རླུང།། ཡང་དག་མི་སྲིད་བྱང་ཆུབ་གཏིང་ནས་མེད། ། ཀུན་ཁྱབ་ཡེ་སངས་རྒྱས་ཏེ་སྒོ་ཕུགས་མེད།། ཅེས་གསུངས་སོ།། བྱང་སེམས་ཐིགས་པ་ཕྱི་མའི་རྒྱུད་ལས།། བརྗོད་མེད་དོན་གྱི་ཐིགས་པ་སྟེ།། ཐིགས་པ་བཅུ་པའོ།།།། དེ་ནས་ཡང་སྟོན་པས། ། འཁོར་རྣམས་ལ་གསུངས་པ།། རྡོ་རྗེ་འགག་པ་མེད་པ་དེ་ཁོ་ན།། མཇུག་ལྟ་བསྲུང་འཛིན་ཕྱིར་སོགས་ལ་སོགས་ཤིང།། ཕྱག་རྒྱ་ལྷ་ཡི་དཀྱིལ་འཁོར་ཀུན་རྫོགས་པ།། རང་བཞིན་ཉིད་ཀྱིས་ཡེ་ནས་རྫོགས་པ་ལ། ། བཙལ་ནས་བསྡུས་ཏེ་རྫོགས་པ་མ་ཡིན་པས།། ལྷུན་རྫོགས་ཐ་སྙད་མ་ཡིན་པའི།། གཟུགས་སྐུ་ཇི་ལྟར་རྫོགས་པར་རང་བཞིན་རྫོགས།། ཀུན་རྫོགས་སྙིང་པོ་འདི་ནི་ནོར་བུའི་ཚུལ།། འདི་མ་མཐོང་གི་རྣལ་འབྱོར་ནི། ། རྒྱ་མཚོ་གངྒཱའི་འགྲམ་དུ་སྐོམ་དྲིར་ཤི་བ་བཞིན་ནོ།། ཞེས་གསུངས་སོ།། བྱང་སེམས་ཐིགས་པ་ཕྱི་མའི་རྒྱུད་ལས།། ཡེ་རྫོགས་ཆེན་པོའི་ཐིགས་པ་སྟེ།། ཐིགས་པ་བཅུ་གཅིག་པའོ།།།། དེ་ནས་ཡང་སྟོན་པས། ། འཁོར་རྣམས་གསུངས་པ།། རྣམ་པར་མི་རྟོག་ཡེ་ཤེས་སྙིང་པོ་འདི།། ཐེག་པ་ཡོངས་ཀྱི་ཆོས་ལ་སྦས་པ་མེད།། བགྲོད་རྩོལ་ལམ་ལ་སྦྱངས་པས་རྙེད་མེ་འགྱུར།། མི་ལེན་མི་སྤོང་རྡོ་རྗེ་སྤྱོད་པ་ལ།། རྣམ་པ་ཀུན་ཏུ་རང་བཞིན་གནས། ། ཆོས་རྣམས་རོ་གཅིག་བསྒོམས་དང་མ་བསྒོམས་གཉིས་སུ་མེད།། སེམས་ཉིད་ཡེ་ནས་ཆོས་ཉིད་ཁོ་ནར་བས།། རང་བྱུང་ཡེ་ཤེས་ནམ་མཁའ་ལྟ་བུའི་ཡུལ།། དེ་ཉིད་གཞན་ནས་རྟོགས་རྙེད་ག་ལ་འགྱུར། ། རྨི་ལམ་བདེ་སྡུག་སད་ནས་ག་ལ་ཡོད།། རྟོག་དང་མི་རྟོག་ཤེས་རིག་ངང་དུ་མཉམ།། ནམ་མཁའ་མཚན་མེད་སྒོམ་པར་ག་ལ་འགྱུར།། སེམས་ཉིད་མ་སྐྱེས་སྒོམ་པའི་ཐ་སྙད་སྤངས།། བཏང་སྙོམས་ཆེན་པོར་མ་བཅོས་ངང་བཞག་པ། ། སྒོམ་པའི་རྒྱལ་པོ་བློ་དམན་སྤྱོད་ཡུལ་མིན།། ཅེས་གསུངས་སོ།། བྱང་སེམས་ཐིགས་པ་ཕྱི་མའི་རྒྱུད་ལས།། སྤང་བླང་མེད་པའི་ཐིགས་པ་སྟེ།། ཐིགས་པ་བཅུ་གཉིས་པའོ། །།། དེ་ནས་ཡང་སྟོན་པས།། འཁོར་རྣམས་ལ་གསུངས་པ།། དམིགས་པའི་གཟའ་གཏད་ཞི་བའི་བྱང་ཆུབ་ལ།། ཡེ་ཤེས་རིག་པས་ཆོས་ཉིད་བསྒོམ་མི་བྱ།། ཏིང་འཛིན་རོ་ལ་ཆགས་མེད་ཐིག་ལེར་དག། ། གར་མཁན་རོལ་མོ་སྣ་ཚོགས་བསྒྱུར་བ་ཡང།། ལུས་ལས་མ་བཀོད་གཞན་གྱི་ཡིད་སྡུག་ལྟར།། ཐབས་ཀྱི་རྒྱལ་པོ་ལུང་གི་སྙིང་པོ་འདི།། ངོ་བོ་ཉིད་ལས་མ་གཡོས་ཀུན་གྱི་འབྲས།། སྒྲུབ་པས་འགྲུབ་པའི་འབྲས་བུ་ཀུན་ཡིད་ཚིམ། ། ཞེས་གསུངས་སོ།། བྱང་སེམས་ཐིགས་པ་ཕྱི་མའི་རྒྱུད་ལས།། སྒོམ་དུ་མེད་པའི་ཐིགས་པ་སྟེ།། ཐིགས་པ་བཅུ་གསུམ་པའོ།།།། དེ་ནས་ཡང་སྟོན་པས།། འཁོར་རྣམས་ལ་གསུངས་པ། ། སྒྲིབ་པས་གནོན་དང་ཆོས་སྤོངས་ལམ་གྱི་སྒྲིབ་པ་འཕྲ།། རྟེན་ཅིང་འབྲེལ་བ་འདི་ཡིན་གཏིང་མི་རྙེད།། ཆོས་ཉིད་ཚིག་གི་ཚོགས་ཡང་དག་པར་འགྱུར།། སྙིང་རྗེ་རྒྱུན་ཆད་སེམས་ཅན་མ་མཐོང་སེམས་ཅན་མེད། ། ཐམས་ཅད་མཉམ་ཉིད་ཀུན་ཏུ་བཟང་པོའི་སྐུ།། གཉིས་མེད་དེ་བཞིན་ཉིད་དུ་ཅིག་པའི་ཆོས་ཉིད་ཡིན།། རྟོག་པ་ཅན་གྱི་ཆོས་མན་གཉེན་པོས་བཅོས་སུ་མེད།། ཏིང་འཛིན་བརྟན་པས་སྒོམ་པའི་གཟུང་ཡུལ་བྲལ། ། ཤེས་རབ་གསུམ་གྱིས་འདི་སྦྱར་ག་ལ་ཡོད།། ཅེས་གསུངས་སོ།། བྱང་སེམས་ཐིགས་པ་ཕྱི་མའི་རྒྱུད་ལས།། ཐ་དད་མེད་པའི་ཐིགས་པ་སྟེ།། ཐིགས་པ་བཅུ་བཞི་པའོ།།།། དེ་ནས་ཡང་སྟོན་པས།། འཁོར་རྣམས་ལ་གསུངས་པ། ། ཐམས་ཅད་མཉམ་པའི་དཀྱིལ་འཁོར་ཀུན་གྱི་རང་བཞིན་ལ།། རང་བྱུང་ཡེ་ཤེས་དེ་ལ་མཐར་ཕྱིན་ནི།། སོ་སོ་མ་ཡིན་གཅིག་གི་ངང་སྟེ་རྒྱུ་འབྲས་རྣམ་པར་དག།། ཐུགས་རྗེ་ཞིང་དུ་བྱིན་གྱིས་བརླབས་ཆེན་ཉིད་དུ་འགྱུར་བ་ལས། ། ཐམས་ཅད་སངས་རྒྱས་མཆོག་ཏུ་མ་གྱུར་མེད།། ཅེས་གསུངས་སོ།། བྱང་སེམས་ཐིགས་པ་ཕྱི་མའི་རྒྱུད་ལས།། རྣམ་པར་དག་པའི་ཐིགས་པ་སྟེ།། ཐིགས་པ་བཅོ་ལྔ་པའོ། །།། དེ་ནས་ཡང་སྟོན་པས།། འཁོར་རྣམས་ལ་གསུངས་པ།། ཅི་ཡང་མི་དགོས་བསྲུང་བའི་ཡེ་ནས་རྣམ་པར་དག་པའི་སྨན་ཆེན་པོ།། ཇི་བཞིན་རང་བཞིན་གནས་པའི་སྨན་ཆེན་མ་བྱས་ན།། འཁྲུལ་རྟོག་ལམ་ལ་གནས་པའི་ཐིག་དམན་རྣམས། ། དུག་གསུམ་དུག་ལྔའི་ནད་ཀྱིས་གསོ་བླགས་མེད།། ཡེ་ནས་ས་རྫོགས་ལམ་གྱི་བགྲོད་པ་གདོད་ནས་དག། ཆོས་སྐུ་གདོད་ནས་ཐོབ་བྱ་ཅི་ཡང་མེད།། ཚིག་གིས་མི་ཕེབས་དབྱིངས་དང་ཁ་དོག་མེད། ། བརྟན་ཅིང་རྟག་པར་དཀའ་ལ་བརྗོད་དུ་རྡུལ་ཙམ་མེད།། མི་དམིགས་མི་གནས་བསམ་པ་ཀུན་དང་བྲལ་བ་ཡིན།། ཅེས་གསུངས་སོ།། བྱང་སེམས་ཐིགས་པ་ཕྱི་མའི་རྒྱུད་ལས།། རྣམ་པར་དག་པའི་ཐིགས་པ་སྟེ། ། ཐིགས་པ་བཅུ་དྲུག་པའོ།།།། དེ་ནས་ཡང་སྟོན་པས།། འཁོར་རྣམས་གསུངས་པ།། འདི་ཞེས་བསྟན་པའི་དོན་མེད་གཅིག་མེད་དུ་མ་མེད།། བདག་དང་གཞན་དུ་མི་འཛིན་ཆོས་མཁན་རིན་ཆེན་མཛོད། ། གཅིག་པུ་ལྷུན་གྱིས་གྲུབ་པའི་སེམས་ཉིད་རྡོ་རྗེའི་སྐུ།། དཀྱིལ་འཁོར་ཀུན་གྱི་བདག་ཉིད་གཙོ་བོ་འདི།། རླབས་ཆེན་ཁམས་གསུམ་ཀུན་གསང་ཞིང་དུ་མི་བསྐྱོད་དག་པ་ཡིན།། དགེ་སྡིག་མཐོང་བའི་ཆོས་ལམ་གང་སྤྱོད་པ། ། ཆོས་ལམ་དེས་ནི་བླ་མེད་བསྐལ་བའི་མཐར་ཡང་རྙེད་པར་མི་འགྱུར་བྱ་རྗེས་འཚོལ་འདྲ་ཡིན།། ཅེས་གསུངས་སོ།། བྱང་སེམས་ཐིགས་པ་ཕྱི་མའི་རྒྱུད་ལས།། གཉིས་སུ་མེད་པའི་ཐིགས་པ་སྟེ། ། ཐིགས་པ་བཅུ་བདུན་པའོ།།།། དེ་ནས་ཡང་སྟོན་པས།། འཁོར་རྣམས་ལ་གསུངས་པ།། གང་ཡང་ཤེས་པར་མི་འགྱུར་ཅི་ཡང་ཤེས་མེད་ལ།། རྣམ་པ་དེ་བཞིན་མ་ཡིན་དེ་ཡི་དེ་མ་ཡིན།། གཞན་ནས་ཡོད་འོངས་མ་ཡིན་ཡེ་ནས་དེ་བཞིན་ཉིད། ། ཡེ་ཤེས་མི་གནས་གནས་པའི་ཡུལ་ཡང་མེད།། རྟག་དང་མི་རྟག་མཐའ་གཉིས་འཛིན་པའི་ལམ།། མཐའ་མེད་མཐའ་ལ་སྤྱོད་པས་དབུས་མི་མཐོང།། བསམ་གཏན་བསམ་གཏན་ཉིད་ལ་འཇུག་པར་ཡང། ། འཇུག་སྒོ་ལམ་སྒོ་གཞན་ཟད་ཅིག་ཅར་འཇུག།། དབང་པོ་རྟུལ་པོ་མ་རབས་རིམས་ཀྱིས་འཇུག།། དམ་པ་རྣམས་ནི་ཅིག་ཅར་དེ་བཞིན་ཉིད་དུ་གནས་པ་ཡིན།། རིམས་ཀྱིས་གནས་པ་བསྒྲུབ་པ་ཆེན་པོར་གསུངས། ། ཞེས་གསུངས་སོ།། བྱང་སེམས་ཐིགས་པ་ཕྱི་མའི་རྒྱུད་ལས།། འཇུག་པ་ཐབས་ཀྱི་ཐིགས་པ་སྟེ།། ཐིགས་པ་བཅོ་བརྒྱད་པའོ།།།། དེ་ནས་ཡང་སྟོན་པས།། འཁོར་རྣམས་ལ་གསུངས་པ། ། དུག་གི་རིགས་ཤེས་པས་ནི་དུག་མཐོང་ན།། ཟ་བར་མི་བྱེད་དེ་ནི་སྐྲག་བར་བྱེད།། ཁ་རུ་མི་སྟོང་ལྷན་ཅིག་གནས་མི་བྱེད།། ལྟས་ངན་སྤྱོད་པ་ཞིབ་པའི་ཐེག་དམན་རྣམས།། ས་བཅུ་ཐེག་པ་ཆེན་པོའི་ལམ་སྤྱོད་པ། ། རྒྱུ་འབྲས་ཐེག་པ་མཉམ་ཉིད་མ་ཡིན་མཆོག་གི་ལམ།། ཡེ་གྲོལ་མཉམ་གནས་སྒྲོས་དང་སྐུར་ཞི་བའི།། ཡེ་ནས་བྱར་མེད་འདི་ཡི་དོན་མཐོང་ན།། འཇུག་པར་མི་ནུས་འདི་ཡིས་སྐྲག་འགྱུར་ན།། ཆུད་པར་མི་བྱེད་ལྷན་ཅིག་འགྲོགས་མི་བྱེད། ། ཅེས་གསུངས་སོ།། བྱང་སེམས་ཐིགས་པ་ཕྱི་མའི་རྒྱུད་ལས།། གསང་བ་དོན་གྱི་ཐིག་སྟེ།། ཐིགས་པ་བཅུ་དགུ་པའོ།།།། དེ་ནས་ཡང་སྟོན་པས།། འཁོར་རྣམས་ལ་གསུངས་པ། ། ལྟ་བ་བཟང་སྟེ་ཡེ་ཁྱབ་ཀུན་ལ་བརྡལ།། སྤྱོད་པ་བཟང་སྟེ་གླང་ཆེན་ཆུར་ཞུགས་བཞིན།། ཅི་ལའང་མི་སྤྱོད་དེ་བཞིན་བདེ་བར་གནས།། ཕྱི་དང་ནང་མེད་ཡེ་ཤེས་ཡངས་པའི་རླུང།། གདོད་ནས་དག་པས་བདུད་རྩི་དེ་ལྟར་གནས། ། རྣམ་རྟོག་འཁོར་བ་རྩད་བཅད་བདེ་བའི་ལམ།། རྒྱུ་འབྲས་རོ་གཅིག་མཉམ་གནས་མཆོག་ཏུ་གསུངས།། ཞེས་གསུངས་སོ།། བྱང་སེམས་ཐིགས་པ་ཕྱི་མའི་རྒྱུད་ལས།། བདེ་བ་ཆེན་པོའི་ཐིགས་པ་སྟེ། ། ཐིགས་པ་ཉི་ཤུ་པའོ།།།། དེ་ནས་ཡང་སྟོན་པས།། འཁོར་རྣམས་ལ་གསུངས་པ།། གང་ལ་མི་གནས་བྱང་ཆུབ་སེམས་ལ་གནས།། རྒྱུ་དང་རྐྱེན་ལས་མ་བྱུང་སྐྱེ་ཤི་མེད།། རང་བཞིན་འོད་གསལ་བདུད་རྩི་ཆེན་པོ་འདི། ། སུ་ཡིས་རྟོགས་པ་དངོས་གྲུབ་ཆེན་པོར་གསུངས།། མཆོག་གི་དངོས་ལ་མཆོག་གྱུར་གང་གནས་པས།། རྒྱལ་མཆོག་ལྷུན་གྱིས་གྲུབ་པའི་དངོས་གྲུབ་པས།། ལྷ་ཀླུ་མཐུ་ཆེན་རྣམས་ཀྱིས་འཕྲོག་ཏུ་མེད། ། འཇིག་རྟེན་འདས་དང་འཇིག་རྟེན་འདི་ཉིད་ཀྱིས།། དགོས་པ་ཐམས་ཅད་འདི་ལས་འབྱུང་བར་འགྱུར།། འཇིག་རྟེན་དངོས་གྲུབ་ལ་སོགས་ཅི་རུ་རུང།། དངོས་གྲུབ་གཞན་ནས་བདུད་རྩི་མེད་པར་གྲགས། ། བྱང་སེམས་ཐིགས་པ་ཕྱི་མའི་རྒྱུད་ལས།། དངོས་གྲུབ་མཆོག་ཏུ་བཅས་པའི་ཐིགས་པ་སྟེ་ཐིགས་པ་རྩ་གཅིག་པའོ།།།། ངོ་མཚར་རྨད་བྱུང་ཨེ་མ་ཁྱད་པར་ཅན།། སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་ལ། ། ཉིད་དང་འདྲ་བའི་འཁོར་ལ་རྒྱུད་འདི་བསྟན།། སེམས་ཅན་དོན་དུ་མ་གསུངས་རྡོ་རྗེ་སེམས་དཔའ་གཙོ་རུ་སྟོན།། ཨེ་མ་ཧོ་སངས་རྒྱས་ལྷུན་གྱིས་གྲུབ་པ་ཡི།། རིགས་འཛིན་འབྲས་བུའི་དོན་ལ་གནས་པས་ཀྱང། ། ངོ་མཚར་འབྲས་བུའི་དོན་འདི་བསྟན་པར་མི་བྱའོ།། ཉིད་ཀྱིས་ཉིད་བཤད་རེ་མཛེས་མཆོག། ཡང་དག་ཉིད་ལ་ཉིད་གསུངས་པ།། ཡང་དག་ཉིད་དུ་སྣང་བ་མཆོག་གི་དོན།། འདི་འཆང་ཀློག་དང་ཁ་ཏོན་སེམས་དཔའ་ཡིས། ། སྐལ་ལྡན་ཉག་གཅིག་རྣལ་འབྱོར་དེ་ལ་བསྟན།། དེ་བཞིན་རྗེས་མཐུན་མ་རབས་ཐ་མ་ལ།། འདི་ལ་གང་མོས་སེམས་ཅན་ལ་སོགས་པ།། ཡང་དག་བཤེས་གཉེན་ཀུན་ལ་འཕགས།། ཨ་ཏི་དོན་འདི་ཐུགས་ཀྱི་དཀྱིལ་དུ་ཐིམ། ། ཨ་ཧོ་ས་མ་ཡ་སོ་ཕག་ཤི་ཐབས།། ཞེས་གསུངས་སོ།། ཐིགས་པ་ཉི་ཤུ་རྩ་གཉིས་པའོ།།།། བདེ་བར་གཤེགས་པའི་ཐུགས་མངོན་དུ་སྟོན་པའོ།། དེས་པའི་ཐིག་ལེ། རྒྱ་རྒྱ་རྒྱ། །།། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་བདེ་བ་ཆེན་པོ་ལ་ཕྱག་འཚལ་ལོ།། སྟོན་པ་ཐུགས་རྗེ་ཆེ་མངའ་བས།། ཐུགས་ཀྱི་དཀྱིལ་ནས་བཅུད་ཕྱུང་ནས། ། བྱིན་གྱིས་བརླབས་ཀྱིས་བཤད་པ་ཡིས།། རིག་པ་ཐབས་ཀྱི་བརྒྱུད་པ་འདི།། ལྟ་བ་ཁྱུང་ཆེན་ལྡིང་བའི་རྒྱུད།། འཁོར་རྣམས་ཀུན་ལ་བསྟན་པ་ནི།། ཁྱུང་ཆེན་གཤོག་དྲུག་རྫོགས་ནས་སྣང་སྲིད་མཁའ་ལ་ལྡིང། ། ཕྱོགས་བཅུ་ས་ཕྱོགས་གང་ལའང་ཉམ་ང་མེད།། སྣང་སྲིད་ཁྱུང་ཆེན་གཤོག་རྫོགས་མཁའ་ལ་བདེ།། གཤོག་དྲུག་ལུས་ལ་རྫོགས་པས་ལྟུང་བའི་ཉམ་ང་མེད།། དེ་བཞིན་མན་ངག་སྙིང་པོ་བྱང་ཆུབ་སེམས། ། ཐམས་ཅད་རྫོགས་པས་ཐིག་ལེ་ཆེན་པོའི་ངང།། འདི་ལ་གཅིག་མེད་ཐིག་ལེ་ཆེན་པོའི་ངང།། འདི་ལ་གཅིག་མེད་དུ་མ་མེད་པའི་དོན།། སྙིང་པོ་ཉིད་དུ་གྱུར་པས་དེ་བཞིན་ཉིད་དུ་བདེ།། འདི་ལ་སངས་རྒྱས་སེམས་ཅན་གཉིས་པ་གདོད་ནས་མེད། ། ལྟ་བ་གཤོག་རྫོགས་མཁའ་ལ་ལྡིང་ཞེས་པའོ།། བྱང་ཆུབ་སེམས་ཀྱི་མན་ངག་ཁྱུང་ཆེན་ལྡིང་བའི་རྒྱུད།། རྡོ་རྗེ་ཚིག་གི་ཡང་དག་དོན་བསྟན་པ། ཁྱུང་ཆེན་གཤོག་རྫོགས་མཁའ་ལྡིང་གང་ལ་ཉམ་ང་མེད། ། རྫོགས་པའི་རྫོགས་པ་བྱང་ཆུབ་སྙིང་པོ་ཉིད།། ཐམས་ཅད་རང་བཞིན་ཉིད་དེ་གང་ལ་ཉམ་ང་མེད།། མ་བཅོས་ཐིག་ལེ་གཅིག་པས་སྣང་སྲིད་ཡེ་སངས་རྒྱས།། དོན་གྱི་ཁྱུང་ཆེན་ཆོས་ཀྱི་དབྱིངས་ན་ལྡིང། ། ཐིག་ལེ་ངང་སྟེ་གང་ལ་ཉམ་ང་མེད།། སྣངས་སྲིད་ཕྱི་ནང་རང་བཞིན་ཀུན་སངས་རྒྱས།། གདོད་ནས་མ་བཅོས་སྙིང་པོ་དེ་བཞིན་ཉིད།། གདགས་པའི་ཐ་སྙད་ཀུན་ལ་གང་ཡང་སྤངས་པ་མེད། ། འདི་ཞེས་བསྟན་པའི་དོན་མེད་སྟོན་པ་ཅང་མི་གསུང།། ལྟ་བ་ཁྱུང་ཆེན་ལྡིང་སྟེ་གང་ལ་ཉམ་ང་མེད།། ལྟ་བས་བལྟར་མེད་ཡིད་ལ་འདི་བཞག་མེད།། སྒོམ་དུ་ཅང་མེད་གཟུང་འཛིན་ཡུལ་མི་གནས། ། མ་བཅོས་དེ་བཞིན་ཉིད་ནས་མན་ངག་དོན་གྱི་ཀློང།། གང་ལ་ངང་གིས་གནས་པར་རིག་པ་རང་ལ་གསལ་པའི་ཟེར།། མན་ངག་ཁྱུང་ཆེན་ལྡིང་སྟེ་གང་ལ་ཉམ་ང་མེད།། སྙིང་པོ་མཆོག་ཏུ་གྱུར་པའི་བྱང་ཆུབ་སེམས་ཉིད་ནི། ། གདོད་ནས་རྣམ་དག་གང་ལྟར་འཆར་མི་མཛད།། མི་སྤོང་མི་ལེན་བཀག་དང་མ་བཀག་མེད།། མཉམ་པ་ཆེན་པོ་མཛད་སྤྱོད་རྣམ་པར་དག།། སྤྱོད་པ་ཁྱུང་ཆེན་ལྡིང་སྟེ་གང་ལ་ཉམ་ང་མེད།། གཞི་རྩ་ཐིག་ལེ་གཅིག་པས་གསལ་བའི་ཐ་སྙད་མེད། ། དམ་ཚིག་ཁྱུང་ཆེན་ལྡིང་སྟེ་གང་ལ་ཉམ་ང་མེད།། མ་བཙལ་ལྷུན་གྲུབ་རང་བཞིན་ཡེ་སངས་རྒྱས།། རང་བྱུང་ཡེ་ཤེས་ཐིག་ལེ་ཉག་གཅིག་མ།། གཞན་ནས་བཙལ་དུ་མེད་དེ་ཡེ་ནས་སྙིང་པོ་བྱང་ཆུབ་སེམས། ། ཐམས་ཅད་འདི་ཉིད་འདི་ལས་གཞན་མིན་པས།། འཕྲིན་ལས་ཁྱུང་ཆེན་ལྡིང་སྟེ་གང་ལ་ཉམ་ང་མེད།། མི་གཡོ་མ་ཡེངས་གང་ལ་སེམས་པ་མེད།། མི་འཛིན་མི་རྟོག་དེ་བཞིན་ཉིད་དུ་གསལ། ། རིག་པ་རྒྱུན་ཆགས་གསལ་བ་ངང་གི་གཟེར།། གང་དུ་མི་འགྱུར་དེ་བཞིན་ཉིད་དུ་གནས།། སྒོམ་པ་ཁྱུང་ཆེན་ལྡིང་སྟེ་གང་ལ་ཉམ་ང་མེད།། ཆོས་རྣམས་ངོ་བོ་སྙིང་པོ་བྱང་ཆུབ་སེམས།། གཏིང་དཔག་གཅད་དཀའ་ནམ་མཁའ་རྒྱ་མཚོའི་ཀློང། ། ཡོན་ཏན་ཀུན་འབྱུང་ཡིད་བཞིན་ནོར་བུའི་ཚུལ།། སྙིང་པོ་གཅིག་སྟེ་ཆུ་ཟླའི་ཉི་ཟེར་འདྲ།། ཀུན་ཀྱང་ཡོངས་བརྡལ་ཐུགས་རྗེ་ཆེན་པོའི་ངང།། ཐུགས་རྗེ་བྱུང་ཆེན་ལྡིང་སྟེ་གང་ལ་ཉམ་ང་མེད། ། སྙིང་པོ་མཆོག་ཏུ་གྱུར་པའི་བྱང་ཆུབ་སེམས་ཉིད་ནི།། རྒྱུ་ལ་རག་མ་ལུས་པས་རྐྱེན་གྱིས་འཇིག་མཐའ་མེད།། ཀུན་གྱི་རྒྱུ་ཉིད་འབྲས་བུའི་མཆོག་གྱུར་པས།། ཚོགས་གཉིས་མ་བསགས་རང་བཞིན་ལྷུན་གྱིས་རྫོགས། ། རྒྱུ་འབྲས་ཁྱུང་ཆེན་ལྡིང་སྟེ་གང་ལ་ཉམ་ང་མེད།། ངེས་པའི་ཁྱུང་དགུ་ལྡིང་པས་སྣང་སྲིད་ཡེ་སངས་རྒྱས།། འཁོར་བ་རྩ་བ་བཅད་ཀྱང་མྱ་ངན་འདས་པ་མེད།། ས་ལམ་སྒོ་ཕུགས་མེད་པར་ཁྱབ་གདལ་ཐིག་ལེའི་ངང། ། འདི་ཞེས་བསྟན་དུ་མེད་པས་ཡང་དག་རྒྱུད་ཀྱི་མཆོག།། ཁྱུང་ཆེན་ལྡིང་བ་མན་ངག་དོན་གྱི་རྒྱུད།། ངེས་པའི་དོན་སྟོན་ཀུན་གྲོལ་ཐུགས་ཀྱི་གཏེར།། བག་ཆགས་སྒྲིབ་སེལ་རྣམ་དག་ཆུ་བོའི་རྒྱུན། ། ཉོན་མོངས་བདུད་འདུལ་བདུད་རྩི་ཆེན་པོའི་བཅུད།། རྒྱུད་དང་སྟོན་པར་བཅས་ལ་བསྟོད་ཕྱག་འཚལ།། གང་ལ་སེམས་གཉིས་མེད་ཅིང་ཆགས་པ་ཀུན་བྲལ་འདི།། ཡང་དག་ཐུགས་ཀྱི་སྲས་མཆོག་ཁྱོད་ལ་གཏད། ། ངེས་པར་འདི་བཟུང་ཐུགས་ལ་ཐུགས་ཀྱི་ཆོངས།། ཞེས་བསྟོད་དོ།། བྱང་ཆུབ་ཀྱི་སེམས་མན་ངག་ཁྱུང་ཆེན་ལྡིང་བའི་རྒྱུད།། ས་མ་ཡ་སོ་ཕག་ཤི་ཐམས། རྫོགས་སོ།།།། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་བདེ་བ་ཆེན་པོ་ལ་ཕྱག་འཚལ་ལོ།། སྟོན་པ་ཐུགས་རྗེ་ཆེ་མངའ་བས།། ཐུགས་ཀྱི་དཀྱིལ་ནས་བཅུད་ཕྱུང་ནས།། བྱིན་གྱིས་བརླབས་ཀྱིས་བཤད་པ་ཡི།། རིག་པ་ཐབས་ཀྱི་བརྒྱུད་པ་ཡིས། ། མན་ངག་སེང་ཆེན་མཆོངས་པའི་རྒྱུད།། འཁོར་རྣམས་ཀུན་ལ་བསྟན་པ་ནི།། སེང་གེ་རྩལ་རྫོགས་གང་དཀར་རྩེ་ལ་མཆོང།། ཕྱོགས་བཅུ་ཀུན་བདེ་གང་ལ་ཐོགས་པ་མེད།། རྩལ་གསུམ་ལུས་ལ་རྫོགས་པས་དེ་བཞིན་ཀུན་ཏུ་མཆོང། ། གང་ལ་ཐོགས་པ་མེད་པས་དེ་བཞིན་ཀུན་ཏུ་བདེ།། དེ་བཞིན་མན་ངག་སྙིང་པོ་བྱང་ཆུབ་སེམས།། ཡེ་ཤེས་རྩལ་དྲུག་རྫོགས་པས་གང་ལ་ཉམ་ང་མེད།། ཐམས་ཅད་ཐིག་ལེ་གཅིག་པས་དེ་བཞིན་ངང་ལ་མཆོང། ། དེ་ལ་ཐོགས་པ་མེད་པས་དོར་མེད་ཀུན་ཏུ་བདེ།། གང་ལ་ཐོགས་པ་མེད་པས་མན་ངག་སེང་ཆེན་མཆོང།། ཞེས་སོ།། བྱང་ཆུབ་ཀྱི་སེམས་མན་ངག་སེང་ཆེན་མཆོངས་པའི་རྒྱུད། ། དོན་རྡེག་ཚིག་གི་ཡང་དག་དོན་བསྟན་པས།། སེང་གེ་རྩལ་རྫོགས་གང་ལ་ཐོགས་མེད་ལྟར།། མན་ངག་དོན་རྫོགས་བྱང་ཆུབ་སྙིང་པོ་ཉིད།། གང་ལྟར་མཆོང་ཡང་ཐོགས་མེད་ཀུན་ཏུ་བདེ།། གང་ལ་བློ་མི་གནས་པས་ཐོགས་མེད་ས་ལ་འདུག། ། མན་ངག་སེང་ཆེན་མཆོངས་ཏེ་གང་ལ་ཐོགས་པ་མེད།། བྱང་ཆུབ་མྱུ་གུ་ཉིད་ལ་དྲན་རྟོག་རྒྱུ་བ་མེད།། དྲན་བདེ་ཤེས་པའི་སྙིང་པོ་དེ་དོན་གྱིས།། བརྡས་མཚོན་དམ་པས་ངང་ལ་ངང་ཉི་བཞག། ། མན་ངག་ཆེན་མཆོངས་ཏེ་གང་ལ་ཐོགས་པ་མེད།། མ་ཡེངས་བཏང་སྙོམས་རབ་ལྡན་ཤེས་པའི་མཆོག།། གཟུང་འཛིན་གཉིས་བྲལ་སྙིང་པོའི་དོན་ལ་བཞག།། ཇི་ལྟར་ཡང་དག་མ་ཡིན་གང་ལྟར་མི་འཇོག་པ། ། མན་ངག་སེང་ཆེན་མཆོངས་ཏེ་གང་ལ་ཐོགས་པ་མེད།། གང་ལ་མི་སེམས་སེམས་པའི་དོན་དང་བྲལ།། ཅིར་སྣང་ཅིར་མེད་འདི་ཞེས་བསྟན་པ་མེད།། མི་གཡོ་གང་ཡང་མི་སེམས་ཉམས་ཀྱི་མྱོང་ཆགས་མེད། ། ནམ་ངག་སེང་ཆེན་མཆོངས་ཏེ་གང་ལ་ཐོགས་པ་མེད།། འགྱུར་མེད་དབྱིངས་ན་ཐོགས་མེད་ཡེ་ཤེས་མཆོངས།། མི་རྟོག་མི་འཛིན་བསྒོམ་པར་བྱ་བའི་ཡུལ་དང་བྲལ།། ཇི་ལྟར་ཡང་འཇིག་པ་མེད་པ་བདེ་བ་ཆེན་པོའི་ངང། ། མན་ངག་སེང་ཆེན་མཆོངས་ཏེ་གང་ལ་ཐོགས་པ་མེད།། གང་ལ་ཆགས་མེད་སྤྱོད་མེད་སྣང་བ་རང་བཞིན་མེད།། དེ་བཞིན་བློ་གནས་མ་ཡེངས་རྟོག་དང་བྲལ།། ངང་ལ་ངང་གནས་བདེ་བའི་ངང་ལ་གནས། ། མན་ངག་སེང་ཆེན་མཆོངས་ཏེ་གང་ལ་ཐོགས་པ་མེད།། སེམས་ལ་སེམས་ལྟ་གང་ལ་མཐོང་མེད་གསལ།། མ་མཐོང་མཐོང་བ་དེ་དོན་རྣམ་པར་དག།། རིག་པ་རྒྱུན་གསལ་ངང་ལ་ངང་གནས་པས། ། མན་ངག་སེང་ཆེན་མཆོངས་ཏེ་གང་ལ་ཐོགས་པ་མེད།། གསལ་ལ་གསལ་ལོ་རྟོག་པ་ལས་འདས་ཤིང།། གསལ་རྟོག་མེད་དེ་མ་ཡེངས་ངང་གནས་པ།། རིག་པ་ལྷུན་ཆགས་བདེ་བ་ཆེན་པོའི་མཆོག། ། མན་ངག་སེང་ཆེན་མཆོངས་ཏེ་གང་ལ་ཐོགས་པ་མེད།། ལྟ་བ་ལྟར་མེད་མན་ངག་བཞག་པ་མེད།། འདི་ཞེས་མཐོང་མེད་དོན་ཉིད་སྒོམ་དུ་མེད།། བདེ་བའི་ངང་ལ་ངང་གནས་དགོངས་པའི་མཆོག།། མན་ངག་སེང་ཆེན་མཆོངས་ཏེ་གང་ལ་ཐོགས་པ་མེད། ། སེང་ཆེན་དགུ་མཆོངས་མན་ངག་དོན་གྱི་དབྱིག། གདེང་ཆེན་མན་ངག་དོན་ལྡན་ཡང།། ཐུགས་རབ་གསལ་བའི་དཀྱིལ་འཁོར་འདིར་བཅངས་ན།། སྐྱེ་བ་འདི་ལ་འབྲས་བུ་མངོན་སངས་རྒྱས། ། འདི་གཟུང་ཐུགས་ཀྱི་དཀྱིལ་དུ་གཏེར་དུ་ཆོངས།། ཞེས་བསྟན་ཏོ།། བྱང་ཆུབ་སེམས་ཀྱི་མན་ངག་སེང་ཆེན་མཆོངས་པའི་རྒྱུད།། ཨི་ཐི། རྫོགས་སོ།།།། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་བདེ་བ་ཆེན་པོ་ལ་ཕྱག་འཚལ་ལོ།། སྟོན་པ་ཐུགས་རྗེ་ཆེ་མངའ་བས།། ཐུགས་ཀྱི་དཀྱིལ་ནས་བཅུད་ཕྱུང་ནས།། བྱིན་གྱིས་བརླབས་ཀྱིས་བཤད་པ་ཡི།། རིག་པ་ཐབས་ཀྱི་རྒྱུད་པ་ཡི། ། མན་ངག་ངང་མོ་འགྲོས་ཀྱི་རྒྱུད།། འཁོར་རྣམས་ཀུན་ལ་བསྟན་པ་ནི།། ངང་མོའི་འགྲོས་རྫོགས་རིན་ཆེན་འདམ་ལ་འགྲོ།། འབྲེལ་ཏེ་མ་ཆད་འགྲུས་མེད་གནས་སུ་འགྲོ།། གང་དུ་ཕྱིན་ཀྱང་དོན་གྲུབ་ཀུན་ཏུ་བདེ། ། དེ་བཞིན་མན་ངག་སྙིང་པོ་བྱང་ཆུབ་སེམས།། དངོས་དང་དངོས་མེད་གང་ལྟར་ཅིར་ཡང་སྣང།། ཐམས་ཅད་ཐིག་ལེ་གཅིག་པས་བྱང་ཆུབ་སེམས་ཀྱི་ངང།། ཕྱོགས་སུ་མ་ཆད་ཡོངས་སུ་འབྲེལ་བར་གནས། ། གང་ལྟར་གནས་ཀྱང་དེ་བཞིན་ཉིད་དུ་བདེ།། མན་ངག་ངང་མོའི་འགྲོས་ཏེ་འབྲེལ་བར་ཐོགས་པ་མེད་པར་འགྲོ།། བྱང་སེམས་མན་ངག་ངང་མོ་འགྲོས་ཀྱི་རྒྱུད།། དོན་རྡེག་ཚིག་གིས་ཡང་དག་དོན་བསྟན་པ། ། ངང་མོ་འགྲོས་ཀྱི་འབྲེལ་བས་ཕྱིན་པ་ལྟར།། ཡང་དག་མན་ངག་སྙིང་པོ་བྱང་ཆུབ་འདི།། ཕྱོགས་སུ་མ་ཆད་ཀུན་གྱི་རང་བཞིན་ནི།། ཡོངས་སུ་འབྲེལ་ཏེ་སྙིང་པོ་ཐིག་ལེ་གཅིག།། ངང་ལ་ངང་གནས་མན་ངག་ངང་མོའི་འགྲོས། ། སྣང་སྲིད་ཡེ་སངས་རྒྱས་པས་སེམས་མེད་པས།། ཐིག་ལེ་གཅིག་ཏུ་འབྲེལ་པས་མན་ངག་ངང་མོའི་འགྲོས།། ལྟ་སྤྱོད་གཉིས་མེད་གདོད་ནས་རྣམ་དག་པས།། ཐིག་ལེ་གཅིག་ཏུ་གནས་པས་མན་ངག་ངང་མོའི་འགྲོས། ། དབྱིངས་དང་ཡེ་ཤེས་གཉིས་མེད་རྟགས་པའི་ཐ་སྙད་མེད།། ཡེ་ནས་གཅིག་ཏུ་གནས་པས་མན་ངག་ངང་མོའི་འགྲོས།། ཐབས་དང་ཤེས་རབ་གཉིས་མེད་འབྲེལ་བས་ཤེས་པའི་དངོས་གཞི་མེད། ། ཐིག་ལེ་གཅིག་ཏུ་གནས་པས་མན་ངག་ངང་མོའི་འགྲོས།། རྩོལ་སྒྲིབ་གཉིས་མེད་འབྲེལ་བས་ལྟ་དོན་རྣམ་པར་དག། ཐིག་ལེ་གཅིག་ཏུ་གནས་པས་མན་ངང་མོའི་འགྲོས།། བཤད་བརྗོད་གཉིས་མེད་འབྲེལ་པས་ཐ་སྙད་ཀུན་དང་བྲལ། ། ཐིག་ལེ་གཅིག་ཏུ་གནས་པས་མན་ངག་ངང་མོའི་འགྲོས།། གཟུང་འཛིན་གཉིས་མེད་འབྲེལ་བས་ལྟ་དོན་རྣམ་པར་དག།། ཐིག་ལེ་གཅིག་ཏུ་འབྲེལ་བས་མན་ངག་ངང་མོའི་འགྲོས། ། བསམ་སྒོམ་གཉིས་མེད་འབྲེལ་བས་ལྷུན་གྲུབ་བདེ་བའི་ངང།། ཐིག་ལེ་གཅིག་ཏུ་གནས་པས་མན་ངག་ངང་མོའི་འགྲོས།། ངངང་མོ་འགྲོས་དགུ་ཐིག་ལེ་གཅིག་ཏུ་འབྲེལ།། ཕྱོགས་སུ་མ་ཆད་ཡོངས་སུ་འབྲེལ་བའི་ཐིག་ལེ་གཅིག། ཐམས་ཅད་རྫོགས་བས་དབྱེར་མེད་བདེ་ཆེན་དང།། ཀུན་ཏུ་བཟང་པོ་ཡོངས་སུ་ཁྱབ་བརྡལ་བས།། གཅིག་དང་དུ་མའི་རྣམ་གྲངས་གདོད་ནས་དག། གདགས་པའི་ཐ་སྙད་ཀུན་བྲལ་ཐིག་ལེ་གཅིག། སུས་ཀྱང་གདོད་ནས་མ་བཅོས་དེ་བཞིན་ཉིད་དུ་གནས།། གང་ལ་ཡང་བློ་གནས་ཤིང་ཅི་ལ་ཡང་བསམ་པ་ཡིན།། མི་གཡོ་ངང་ལ་གསལ་ཞིང་རྒྱུན་བཞག་ལ།། མན་ངག་ངང་མོའི་འགྲོས་ཏེ་རིག་པ་རང་ཉུལ་ཤར། ། ཐུགས་རབ་སྲས་མཆོག་དམ་པ་ཡང་རབ་ཀྱི།། ཐུགས་མཆོག་དམ་པ་འདི་གཟུང་ངང་གནས་ན།། ཡུན་དུ་མི་ཐོགས་མྱུར་དུ་མངོན་སངས་རྒྱས།། ཞེས་བསྟན་ཏོ།། བྱང་ཆུབ་སེམས་ངང་མོ་འགྲོས་ཀྱི་རྒྱུད། ། ས་མ་ཡ་སོ་ཕག་ཤི་ཐམས། རྫོགས་སོ།།།། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་བདེ་བ་ཆེན་པོ་ལ་ཕྱག་འཚལ་ལོ།། སྟོན་པ་ཐུགས་རྗེ་ཆེ་མངའ་བས། ། ཐུགས་ཀྱི་དཀྱིལ་ནས་བཅུད་ཕྱུང་ནས།། བྱིན་གྱིས་བརླབས་ཀྱིས་བཤད་པ་ཡིས།། རིག་པ་ཐབས་ཀྱི་རྒྱུད་པ་ཡི།། མན་ངག་རིག་པའི་ཁུ་བྱུག་གསུང་གི་རྒྱུད།། འཁོར་རྣམས་ཀུན་ལ་བསྟན་པ་ཡིན།། རིག་པ་གཡུ་རི་ཁུ་བྱུག་གསུང་སྙན་མཁའ་ལ་སྒྲོགས། ། གང་ལྟར་ཅི་བྱེད་སྒྲགས་སྙན་དོར་བར་བྱེད།། ལྷང་ལྷང་གྲགས་པས་ཀུན་ཀྱང་སྤྲོ་བ་སྐྱེ།། གང་དུ་མི་སྐྱལ་དེ་བཞིན་ཉིད་དུ་སྤྲོ།། དེ་བཞིན་མན་ངག་སྙིང་པོ་བྱང་ཆུབ་སེམས། ། གདོད་ནས་སངས་རྒྱས་ཉིད་དེ་རང་བཞིན་ཀུན་ལ་ཁྱབ།། རང་བཞིན་མེད་པས་དོར་མེད་སྙིང་པོའི་ངང།། བརྗོད་མེད་རང་བཞིན་མེད་པས་ཡང་དག་དེ་བཞིན་དོན་གྱི་གསུང།། མ་བསྒྲགས་བསྒྲགས་པས་ཀུན་སྤྲོ་དང་བ་སྐྱེ། ། བསྒྲགས་པའི་ཐ་སྙད་ལ་ཡང་དོར་བ་མེད།། རིག་པ་ཁུ་བྱུག་གསུང་སྙན་མཁའ་ལ་སྒྲོགས།། ཞེས་པའོ།། བྱང་ཆུབ་སེམས་མན་ངག་ཁུ་བྱུག་གསུང་གི་རྒྱུད།། དོན་རྡེག་ཚིག་གིས་ཡང་དག་དོན་བསྟན་པ། ། ཁུ་བྱུག་གསུང་གིས་ཀུན་སྤྲོ་དང་སྐྱེ་ལྟར།། སྙིང་པོའི་དོན་མཆོག་བྱང་ཆུབ་སེམས་ཀྱི་མན་ངག་འདི།། ཡོད་ན་ཡོད་པར་གསུང་སྙན་ཐིག་ལེ་གཅིག་ཏུ་ཡོད།། ཡོད་པའི་ཁུ་བྱུག་གསུང་སྙན་མཁའ་ལ་སྒྲོགས། ། མེད་ན་མེད་པའི་གསུང་སྙན་དབྱིབས་དང་ཁ་དོག་མེད།། མེད་པའི་ཁུ་བྱུག་གསུང་སྙན་མཁའ་ལ་སྒྲོགས།། གཉིས་མེད་ཁུ་བྱུག་གསུང་སྙན་མཁའ་ལ་སྒྲོགས།། སྙིང་པོ་དོན་མཆོག་བྱང་ཆུབ་སེམས་ཀྱི་མན་ངག་འདི། ། གང་ལྟར་བརྗོད་པ་དེ་ལ་གསུང་སྙན་དོར་བ་མེད།། ཚིག་གི་ཁུ་བྱུག་གསུང་སྙན་མཁའ་ལ་སྒྲོགས།། གང་ལྟར་བསྟན་པ་དེ་བཞིན་དེ་ཉིད་པས།། ཡི་གེའི་ཁུ་བྱུག་གསུང་སྙན་མཁའ་ལ་སྒྲོགས། ། གཉིས་མེད་ཁུ་བྱུག་གསུང་སྒྲོགས་ཀུན་ལ་སྙན།། སྙིང་པོ་དོན་མཆོག་བྱང་སེམས་མན་ངག་འདི།། ཡེ་ནས་ཇི་བཞིན་གནས་པས་ཐིག་ལེ་ཆེན་པོའི་ངང།། ཐོག་མའི་ཁུ་བྱུག་གསུང་སྙན་མཁའ་ལ་སྒྲོགས།། ད་ལྟ་ཉིད་དུ་གནས་པ་ཐ་མ་དུས་ཀྱི་ངང། ། ཐ་མའི་ཁུ་བྱུག་གསུང་སྙན་མཁའ་ལ་སྒྲོགས།། གཉིས་མེད་ཁུ་བྱུག་གསུང་སྒྲོགས་ཀུན་ལ་སྙན།། སྙིང་པོའི་དོན་མཆོག་བྱང་སེམས་མན་ངག་འདི།། རྡོ་རྗེ་སྐུ་རུ་གནས་པས་དུས་གསུམ་འགྱུར་བ་མེད། ། རྟག་པའི་ཁུ་བྱུག་གསུང་སྙན་མཁའ་ལ་སྒྲོགས།། འཁྲུལ་རྟོག་རྩད་ནས་བཅད་པས་ཉོན་མོངས་གནས་སུ་དག།། ཆད་པའི་ཁུ་བྱུག་གསུང་སྙན་མཁའ་ལ་སྒྲོགས།། གཉིས་མེད་ཁུ་བྱུག་གསུང་སྒྲོགས་ཀུན་ལ་སྙན། ། སྙིང་པོ་དོན་མཆོག་བྱང་སེམས་མན་ངག་འདི།། ཀུན་གྱི་རྒྱུ་སྟེ་འབྲས་བུ་ཀུན་ཏུ་སྨིན།། སྐྱེ་བའི་ཁུ་བྱུག་གསུང་སྙན་མཁའ་ལ་སྒྲོགས།། མ་རྟོགས་གབ་པས་རང་བཞིན་ཉིད་ཀྱིས་གབ། ། གབ་པའི་ཁུ་བྱུག་གསུང་སྙན་མཁའ་ལ་སྒྲོགས།། གཉིས་མེད་ཁུ་བྱུག་གསུང་སྒྲོགས་ཀུན་ལ་སྙན།། སྙིང་པོའི་དོན་མཆོག་བྱང་སེམས་མན་ངག་འདི།། དངོས་དང་མཚན་མ་ཅིར་སྣང་དེ་བཞིན་ཉིད་རྟོགས་པས། ། རྟོགས་པའི་ཁུ་བྱུག་གསུང་སྙན་མཁའ་ལ་སྒྲོགས།། དེ་བཞིན་ངང་ལ་དེ་བཞིན་འཛིན་པས་ན།། འཛིན་པའི་ཁུ་བྱུག་གསུང་སྙན་མཁའ་ལ་སྒྲོགས།། གཉིས་མེད་ཁུ་བྱུག་གསུང་སྒྲོགས་ཀུན་ལ་སྙན།། སྙིང་པོའི་དོན་མཆོག་མན་ངག་འདི། ། ཐིག་ལེ་གཅིག་ཏུ་གྱུར་པས་དུ་མའི་ཐ་སྙད་སྤངས།། སྤངས་པ་ཁུ་ཁྱུག་གསུང་སྙན་མཁའ་ལ་སྒྲོགས།། ངང་གིས་ངང་བླངས་དུས་གསུམ་འདུ་འབྲལ་མེད།། ལེན་པའི་ཁུ་བྱུག་གསུང་སྙན་མཁའ་ལ་སྒྲོགས། ། གཉིས་མེད་ཁུ་བྱུག་གསུང་སྒྲོགས་ཀུན་ལ་སྙན།། སྙིང་པོ་དོན་མཆོག་བྱང་སེམས་མན་ངག་འདི།། ཐིག་ལེ་གཅིག་ཏུ་གྱུར་པས་བདག་ཉིད་ཆེན་པོའི་ངང།། ངང་དང་རང་བཞིན་གཉིས་མེད་ཡེ་ནས་དག། ། བདག་ཉིད་ཁུ་བྱུག་གསུང་སྙན་མཁའ་ལ་སྒྲོགས།། ཐམས་ཅད་རང་བཞིན་ཡེ་སངས་རྒྱས་པས་གཞན།། གཞན་གྱི་ཁུ་བྱུག་གསུག་སྙན་མཁའ་ལ་སྒྲོགས།། གཉིས་མེད་ཁུ་བྱུག་གསུང་སྒྲོགས་ཀུན་ལ་སྙན། ། སྙིང་པོ་དོན་མཆོག་བྱང་སེམས་སྒོམ་པ་འདི།། མཚན་དང་མཚན་མེད་མ་བཅོས་གདོད་ནས་དག། རྣམ་པར་དག་པ་ཐིག་ལེ་གཅིག་གི་ངང།། མཚན་མའི་ཁུ་བྱུག་གསུང་སྙན་མཁའ་ལ་སྒྲོགས། ། ངང་དང་ངང་གིས་ཞུགས་པས་བདེ་ཆེན་ལྷུན་ལ་གནས།། དམིགས་པའི་ཁུ་བྱུག་གསུང་སྙན་མཁའ་ལ་སྒྲོགས།། གཉིས་མེད་ཁུ་བྱུག་གསུང་དགུས་གང་ཡང་སྤང་བ་མེད།། གང་ལྟར་ཅི་སྒྲག་དེ་བཞིན་ཉིད་དུ་སྙན། ། གང་ཡང་སྤངས་པས་སྙིང་པོ་ཐིག་ལེ་ཉིད།། དེ་བཞིན་མི་གཡོ་ངང་ལ་ངང་གནས་པས།། མན་ངག་སྒོམ་པའི་ཐབས་ཏེ་གང་ཡང་མི་སྤོང་མི་ལེན་ངང་ལ་གནས།། ངང་ལ་ངང་གིས་གནས་པའི་སྐལ་ཅན་རྣམས། ། རིག་པ་རང་ཤར་ནུས་པའི་དུས་མེད་པས།། ཡུན་དུ་མི་ཐོགས་འབྲས་བུ་མྱུར་དུ་ཐོབ།། ཅེས་བསྟན་པའོ།། བྱང་ཆུབ་ཀྱི་སེམས་མན་ངག་རིག་པའི་ཁུ་བྱུག་གསུང་གི་རྒྱུད།། ས་མ་ཡ་སོ་ཕག་ཤི་ཐམ།། རྫོགས་སོ། །།། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་བདེ་བ་ཆེན་པོ་ལ་ཕྱག་འཚལ་ལོ།། སྟོན་པ་ཐུགས་རྗེ་ཆེ་མངའ་བས།། ཐུགས་ཀྱི་དཀྱིལ་ནས་བཅུད་ཕྱུང་ནས། ། བྱིན་གྱིས་བརླབས་ཀྱིས་བཤད་པ་ཡིས།། རིག་པ་ཐབས་ཀྱི་རྒྱུད་པ་ཡིན།། མན་ངག་གསེར་གྱི་རུ་སྦལ་བསྐུམ་པའི་རྒྱུད།། འཁོར་རྣམས་ཀུན་ལ་བསྟན་པ་ནི།། གསེར་གྱི་རུ་སྦལ་རྒྱ་མཚོའི་གཏིང་དུ་བསྐུམ། ། རང་ལ་གསལ་ཀྱང་གཞན་གྱིས་མཐོང་བ་མེད།། བདག་གཞན་གཉིས་སུ་མེད་པས་བདེ་བའི་བག་ལ་ཉལ།། གང་དུ་མི་གཡོ་དེ་བཞིན་ཉིད་དུ་བདེ།། དེ་བཞིན་སྙིང་པོ་བྱང་ཆུབ་སེམས།། ཆོས་ཉིད་དབྱིངས་ནས་སེམས་ཉིད་སྐུ་བཞུགས་པ། ། རང་ལ་རང་གསལ་གཞན་གྱིས་མཐོང་བ་མེད།། བདག་དང་གཞན་མེད་བདེ་བ་བག་ལ་གཟིམས།། གང་དུ་མི་གཡོ་དེ་བཞིན་ཉིད་དུ་གནས།། གསེར་གྱི་རུ་སྦལ་རྒྱ་མཚོའི་གཏིང་དུ་བསྐུམ། ། ཞེས་པའོ།། བྱང་སེམས་མན་ངག་གསེར་གྱི་རུ་སྦལ་བསྐུམས་པའི་རྒྱུད།། དོན་རྡེག་ཚིག་གིས་ཡང་དག་དོན་བསྟན་པ།། རུ་སྦལ་རྒྱ་མཚོའི་གཏིང་དུ་བསྐུམ་པ་མཐོང་བ་དཀའ་བ་ལྟར།། བྱང་སེམས་མན་ངག་སྙིང་པོའི་དོན་མཆོག་འདི། ། ཐིག་ལེའི་ཀློང་ལ་ཐིག་ལེའི་སྐུ་བཞུགས་པ།། ཀུན་གྱིས་མཐོང་དཀའ་དེ་བཞིན་ཉིད་དུ་བདེ།། གང་དུ་མི་གཡོ་ངང་ལ་ངང་གསལ་མཐོང།། གསལ་བ་རང་ཤར་ནུབ་པའི་དུས་མཐའ་མེད། ། བུ་ཡི་བློ་བཞིན་གསལ་བས་ཀུན་དོན་གྲུབ།། རང་རིག་གསལ་བའི་ཡེ་ཤེས་ཆེན་པོ་སྟེ།། གང་ལ་མི་གཡོ་དེ་བཞིན་ཉིད་གནས་པ།། མན་ངག་རུ་སྦལ་བསྐུམས་ཏེ་ཀུན་གྱིས་མཐོང་བར་དཀའ།། རང་རིག་གསལ་བའི་ཡེ་ཤེས་ཆེན་པོ་དེ། ། མ་ཡེངས་གསལ་བའི་ངང་ལ་ངང་གནས་པ།། མན་ངག་རུ་སྦལ་བསྐུམས་ཏེ་ཀུན་གྱིས་མཐོང་བར་དཀའ།། རང་རིག་གསལ་བའི་ཡེ་ཤེས་ཆེན་པོ་དེ།། མི་རྟོག་བདེ་བའི་བག་ལ་རབ་གནས་པ། ། མན་ངག་རུ་སྦལ་བསྐུམས་ཏེ་ཀུན་གྱིས་མཐོང་བར་དཀའ།། རང་རིག་གསལ་བའི་ཡེ་ཤེས་ཆེན་པོ་དེ།། དྲན་སེམས་མེད་པའི་ངང་ལ་ངང་གནས་པ།། མན་ངག་རུ་སྦལ་བསྐུམས་ཏེ་ཀུན་གྱིས་མཐོང་བར་དཀའ། ། རང་རིག་གསལ་བའི་ཡེ་ཤེས་ཆེན་པོ་དེ།། གང་ལ་མི་དམིགས་མི་འགྱུར་རབ་གནས་པ།། མན་ངག་རུ་སྦལ་བསྐུམས་ཏེ་ཀུན་གྱིས་མཐོང་བར་དཀའ།། རང་རིག་གསལ་བའི་ཡེ་ཤེས་ཆེན་པོ་དེ། ། མི་གཡོ་མ་བཅོས་བདེ་བའི་ངང་ལ་གནས།། མན་ངག་རུ་སྦལ་བསྐུམས་ཏེ་ཀུན་གྱིས་མཐོང་བར་དཀའ།། རང་རིག་གསལ་བའི་ཡེ་ཤེས་ཆེན་པོ་དེ།། མཉམ་པ་ཆེན་པོའི་ངང་ལ་ངང་གནས་པ།། མན་ངག་རུ་སྦལ་བསྐུམས་ཏེ་ཀུན་གྱིས་མཐོང་བར་དཀའ། ། རང་རིག་གསལ་བའི་ཡེ་ཤེས་ཆེན་པོ་དེ།། མི་གཡོ་བཏང་སྙོམས་ངང་ལ་རབ་གནས་པ།། མན་ངག་རུ་སྦལ་བསྐུམས་ཏེ་ཀུན་གྱིས་མཐོང་བར་དཀའ།། རང་རིག་གསལ་བའི་ཡེ་ཤེས་ཆེན་པོ་དེ། ། གང་ལ་ཡང་བློ་མི་གནས་པའི་ངང་ལ་ངང་གནས་པ།། མན་ངག་རུ་སྦལ་བསྐུམས་ཏེ་ཀུན་གྱི་མཐོང་བར་དཀའ།། དེ་བཞིན་མན་ངག་བསྐུམས་ཐབས་དགུས།། བྱང་ཆུབ་སེམས་ཀྱི་བཙལ་ཐབས་ཐིག་ལེ་གཅིག་ཁར་དབྱུང་མ་ཡིན་བློ་ཡི་གཏིང་དུའོ། ། མཉམ་ཆེན་བདེ་བའི་ངང་ལ་ཡུན་གནས་པ།། མངོན་སུམ་བདེ་བའི་རིག་པ་མྱུར་དུ་འཆར།། བསྒྲུབ་མེད་བཙལ་མེད་འབྲས་བུ་མངོན་སངས་རྒྱས་པའོ། ། འདི་ཡང་དོན་ལ་མ་ཡེངས་ན།། གང་ལ་རྣམ་རྟོག་མི་སྐྱེ་འོ།། ལྟ་བ་ཁྱུང་ཆེན་ལྡིངས་པ་ཡིན།། ཀུན་བཞི་བྱང་ཆུབ་སེམས་ལ་སེལ་མེད་ན།། དམ་ཚིག་ཤེལ་གོང་ཕྱིས་པ་ཡིན།། ཅི་ཡང་ཆགས་སྡང་མ་སྐྱེས་ན། ། ནང་རྟགས་ཕྱི་རུ་ཕྱིན་པ་ཡིན།། བྱང་ཆུབ་སེམས་ཀྱི་དོན་རྟོགས་ན།། རང་བྱུང་ཡེ་ཤེས་རྙེད་པ་ཡིན།། བླང་དོར་གཙང་སྨེ་མི་ལྟ་ན།། སྤྱོད་པ་གླང་པོ་ཆུར་ཞུགས་ཡིན།། བྱང་ཆུབ་སེམས་ཀྱི་སྤྱི་ལུང་ཆེན་པོ་རྫོགས་པའི་རྒྱུད། ། བྱང་ཆུབ་སེམས་ལྟ་བའི་མན་ངག་གི་བུ་ལྔ།། ལྟ་བ་དོན་གྱི་བཅའ་བཞི་རྫོགས་སོ།།།། རྒྱ་རྒྱ་རྒྱ། #།། དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ།། འདི་སྐད་བཤད་པའི་དུས་གཅིག་ན། ། རང་བྱུང་ཇི་བཞིན་བདེ་ཆེན་པོ།། ཟབ་མོ་རང་རིག་བསམ་མི་ཁྱབ།། མ་བཅོས་གསང་བ་རྫོགས་པའི་བདག། ལྷུན་གྲུབ་ངང་ལ་བཞུགས་པར་གྱུར།། སངས་རྒྱས་སེམས་ཅན་ཐམས་ཅད་དང། ། སྣང་སྲིད་རྗེས་ལྟ་མཐའ་ཡས་པ།། དུས་གསུམ་འབྱེད་མེད་གཅིག་པའི་ཕྱིར།། ཐིག་ལེ་རྫོགས་པར་འདུས་ཏེ་གནས།། དེ་ཚེ་སེམས་དཔའ་རྡོ་རྗེ་ཡིས།། རབ་ཏུ་གསལ་ལ་མི་གཡོ་བས།། མི་རྩོལ་ཇི་བཞིན་འདུན་པ་ལས། ། བསམ་གྱིས་མི་ཁྱབ་དགོངས་པར་ཞུས།། བདེ་ཆེན་རིག་པའི་རྒྱལ་པོ་ཉིད།། ཇི་བཞིན་མ་བཅོས་དགོངས་པའི་བརྡས།། སྐལ་ལྡན་དོན་དུ་གཏན་ལ་ཕབ།། འདའ་མེད་བདེ་ཆེན་དམ་ལ་གནས།། དང་པོར་རྣ་རྒྱུད་གདམས་པའི་ལུང། ། རིན་ཆེན་གུས་པས་ནོད་པར་བྱ།། རིན་ཆེན་འོད་ཀྱི་བསྟན་པའམ།། རྩི་བཅུད་བུང་བས་བཞིབས་པ་ལྟར།། མ་ལུས་སྙིང་པོ་ཐུགས་ཆུད་ནས།། དེ་ནས་སོ་བཞག་ཉམས་པ་མེད། ། དོན་མཐོང་རིག་པ་ཆ་སྦྱངས་པས།། སྣང་གསུམ་རྫོགས་ཆེན་རྒྱས་བཏབ་ལ།། ཐིག་ལེ་རྫོགས་པར་གནས་པར་བྱ།། རང་སེམས་ངེས་བའི་དོན་རྟོགས་པས།། ངེས་པར་དོན་ལ་འདའ་མེད་པའོ། ། གདམས་པའི་རྣམ་གྲངས་ཅི་བསྟན་པ།། ཀུན་གྱི་ངེས་དོན་སྟོན་པ་ཡིན།། བླ་མའི་གདམ་ངག་ལུང་མེད་ཅིང།། རྣ་བརྒྱུད་དགོངས་པ་མི་ལྡན་པས།། གང་བསྟན་ལོག་བའི་ཁམས་སུ་འགྱུར།། དེ་བས་གདམས་ངག་ཐོབ་པར་བྱ། ། ངེས་པར་ཐོབ་པར་ཤེས་པ་ཡིས།། དེ་དག་དོན་ལས་མི་འདའ་ཡང།། རིན་ཆེན་གླིང་ལ་བགྲོད་པའམ།། མུན་པ་འོད་དང་ཕྲད་པ་ལྟར།། གཞི་གཅིག་སྟོབས་ཀྱིས་ཁྱད་པར་འཕགས།། དུ་བཞི་ཐོག་མ་དང་པོ་ནས། ། འཁྲུལ་བཅད་བརྟགས་པ་རྣམ་པར་བཟློག།། དབང་པོ་གོམས་པ་ཆེ་ཆུང་གིས།། མི་གནས་པ་དང་ཅུང་ཟད་གནས།། ཡུན་རིངས་དལ་བས་འབབ་ཆུ་འདྲ།། དེ་ལ་ཡེ་ཤེས་མ་བཙལ་ན། ། བར་ཆད་མེད་པའི་བརྩོན་འགྲུས་ཀྱིས།། འབབ་ཆུ་ལྟ་བུར་གནས་གྱུར་ན།། རྒྱ་མཚོ་ལྟ་བུར་མི་གཡོ་བ།། མཁའ་གསལ་འོད་ཀྱིས་བརྡལ་བ་ལྟར།། དུས་འཚམས་མེད་པར་གནས་པར་འགྱུར།། དུས་གཅིག་འཇུག་པས་རྣལ་འབྱོར་པས། ། མན་ངག་ངེས་པའི་ལུང་ཐོབ་ནས།། རྒྱ་མཚོ་འོད་ཀྱིས་ཕོག་པའམ།། མཁའ་ལ་ཉི་འོད་འབར་བ་ལྟར།། དེ་མ་ཐག་པར་ལྷུན་གྱིས་གྲུབ།། ཐག་གུ་སྦྲུལ་མཐོང་སེལ་བ་ལྟར།། ངེས་པ་ཐོབ་པས་དབུགས་ཆེན་ཕྱིན། ། མ་བཙལ་ལྷུན་བཞག་རྣལ་འབྱོར་པས།། ཐུན་དང་མཉམ་གཞག་རྩིར་མེད་པས།། དུས་གཅིག་མི་གཡོ་རྣལ་འབྱོར་ཐོབ།། འོན་ཀྱང་མ་ཡེངས་གཞི་གཅིག་ལ།། རྣམ་པའི་བྱེ་བྲག་ཅིར་འགྱུར་བ། ། ཡེ་ཤེས་སྲོག་གསུམ་འགྱུར་བ་མེད།། མཚན་མ་ཆུ་དང་རླབས་བཞིན་ནམ།། བཅུད་དང་སྙིང་པོ་རྣམ་པའམ།། མཁའ་ཡི་ཆོ་འཕྲུལ་ཇི་ལྟ་བར།། མ་བཙལ་རང་བཞིན་གཡོ་མི་འགྱུར།། གང་དག་ཐུགས་རྗེའི་ངང་ཡིན་པས། ། གང་ལ་དགའ་བའི་དོན་ཆེད་དུ།། ཡེ་ཤེས་མཚོན་སྒོར་མ་གྱུར་པ།། ཅུང་ཟད་ཙམ་ཡང་ཡོད་མ་ཡིན།། ཀུན་ཀྱང་ཡེ་ཤེས་ཉིད་རྟོགས་པས།། ལྕགས་ལ་ཐབས་ཀྱིས་མཛད་པ་ལྟར།། མན་ངག་ཐབས་ཀྱིས་ཕ་རོལ་ཕྱིན། ། གང་ཡང་གཡང་ས་ལམ་དུ་བདེ།། བདེ་སྡུག་གང་ཡང་མི་འདོར་ན།། དེ་དག་ལེན་པར་ག་ལ་ཡིན།། དང་པོ་རང་བཞིན་བསྟན་པ་སྟེ།། གཉིས་པ་རིག་པས་ཕྲད་པ་ཡིན།། གསུམ་པ་གཟུངས་དང་ལྡན་པ་སྟེ། ། བཞི་པ་གཏང་སྙོམས་ཆེན་པོ་ཡིན།། ལྔ་པ་འབབ་ཆུ་ལྟ་བུ་སྟེ།། དྲུག་པ་མཁའ་ལ་ཉི་ཤར་བཞིན།། མི་འདའ་འབྱེད་པ་མེད་པའོ།། བདུན་པ་རིན་ཆེན་གླིང་ཕྱིན་ཏེ།། བརྒྱད་པ་རིན་ཆེན་ལྷུན་རྫོགས་སམ། ། ཉི་མའི་འོད་དང་སྙིང་པོ་ལྟར།། བདག་གཞན་དོན་ཀུན་རྫོགས་པར་གནས།། རིན་ཆེན་གཞི་ལ་འགྱུར་མེད་ཀྱང།། དབང་པོ་ཤེས་རབ་གོམས་ཚུལ་གྱིས།། རིན་ཆེན་སེལ་དང་བྲལ་བ་ལྟར། ། གོམས་པའི་ཤུགས་ཀྱིས་གྲུབ་པ་ཡིན།། དང་པོར་མོས་དང་ལྡན་པ་སྟེ།། གཉིས་པར་མི་གཡོ་རྩེ་གཅིག་པ།། གསུམ་པ་འབྲེལ་བས་བར་ཆད་མེད།། བཞི་པ་རང་ཡང་ལྷུག་པ་ཡིན།། ལྔ་པ་གང་ཡང་འབྲེལ་མེད་སྤྱད། ། དྲུག་པ་གླང་པོ་དོགས་མེད་ཉིད།། སྲོག་ལྡན་ཉམ་ང་རེ་དོགས་མེད།། བདུན་པ་ཐམས་ཅད་དག་པའི་ཕྱིར།། བྱ་དང་མི་བྱ་ཅུང་ཟད་མེད།། བརྒྱད་པ་ལྷུན་རྫོགས་སྤྱོད་པ་སྟེ།། སྲོག་ལྡན་ཇི་བཞིན་རྣལ་འབྱོར་པས། ། ཐབས་ལྡན་རིག་སྟོབས་ཁྱད་པར་དུ།། གང་གྱུར་མ་ཡེངས་སྤྱད་པར་བྱ།། མི་འགྱུར་བྲལ་ན་རང་བཞིན་བཏང།། ངེས་བྲལ་རྩོལ་ཐ་མལ་སེམས།། ངོས་ཅན་མཐར་འཛིན་ལོག་སྲེད་ཅན།། ཆེད་བྱས་རྩོལ་དང་གྲུབ་པ་དང། ། ཟིན་ཆགས་བླང་དོར་དགག་སྒྲུབ་དང།། ཞེན་དང་འགོག་དང་ཕྱལ་བ་དང།། བཏང་སྙོམས་ཡོད་དང་མེད་པ་དག། མི་དོར་རྒྱུ་མེད་རང་བཞིན་བཏང།། ཐོགས་ཆགས་མེད་པའི་ཡེ་ཤེས་ཀྱིས། ། ཕྱོགས་བྲལ་ཡེ་ཤེས་ཆེན་པོས་རྒྱས།། རིག་པ་རྫོགས་པ་གཏིང་དཔག་མེད།། མྱོང་བ་བདེ་བའི་རང་བཞིན་ཏེ།། རྟོག་སྤྱོད་རྒྱུ་བ་བྲལ་བ་ཡིས།། བསམ་མེད་དྲན་མེད་སལ་ལེ་བ།། ཏིང་འཛིན་ཤེས་རབ་རྫོགས་པ་སྟེ། ། ལྷག་པའི་སླབ་པ་ཀུན་རྫོགས་པའོ།། ནམ་མཁའ་རྡོ་རྗེ་འགྲོ་འདུལ་ཐབས།། ཇི་སྙེད་སྤྱོད་པ་མདོར་བསྡུས་པ།། དང་པོ་ནས་གཟུང་མཐར་ཐུག་བར།། ཁྱབ་པས་དགོངས་པས་སྤྱོད་པ་ཡིན།། ཇི་སྙེད་རྒྱལ་བ་ཐམས་ཅད་ཀྱི། ། སྐུ་གསུང་ཐུགས་ཀྱི་ངོ་བོ་ནི།། བདེ་ཆེན་རིག་པའི་ཡེ་ཤེས་ཏེ།། མ་ལུས་མཁའ་ལྟར་ཁྱབ་པ་ཡིན།། འདི་དག་ངེས་པར་ཐུགས་ཕྲད་དུ།། ངེས་པར་བསྟན་གྱིས་ཤེས་པར་གྱིས།། དེ་དག་རྟོགས་གོམས་དེ་ཕྱིན་ཆད། ། བུལ་པོ་གཏེར་དང་ཕྲད་པ་ལྟར།། བདེ་བར་གནས་ནས་བཅིངས་པར་གྲོལ། ཁྱུང་ཕྲུག་སྤུབས་དང་བྲལ་བའམ།། སེང་གེ་དོང་ཐག་བཀྲོལ་བ་ལྟར།། ཉི་འོད་སྤྲིན་དང་བྲལ་བ་ལྟར།། ཕྱིན་ཆད་སྟོབས་དང་ལྡན་པ་ཡིན། ། འདོད་པའི་དངོས་པོ་གང་མཐོང་ཚོར།། བདེ་ཆེན་རྫོགས་པའི་ངོ་བོར་གནས།། འདི་དག་ཡེ་ཤེས་རྫོགས་པའི་ཕྱིར།། མ་ཉམས་རིག་པའི་ངང་ལས་སྤྱོད།། ཤེས་རབ་མ་ལུས་གཅིག་ལ་རྫོགས། ། གཅིག་པོ་རིག་པས་ངོས་བཟུང་ན།། ཐེག་པའི་རྣམ་གྲངས་མ་ལུས་པ།། དུས་གཅིག་རྫོགས་པར་རྟོགས་གྱུར་ནས།། མ་ཡེངས་གཞག་པས་གྲོལ་བ་ཡིན།། འདུལ་བའི་དུས་ན་བསམས་པ་བཞིན།། ཐུགས་རྗེ་འགྲོ་འོང་མེད་པར་བདལ། ། དངོས་གྲུབ་ཐོགས་མེད་ལྷུན་རྫོགས་ཀྱིས།། ཞེས་བཅོམ་ལྡན་འདས་བདེ་བ་ཆེན་པོ་རིག་པའི་རྒྱལ་པོ་རྡོ་རྗེ་སེམས་དཔས་གསུངས་ནས་དེ་བཞིན་ཉིད་དུ་གནས་པར་གྱུར་ཏོ།། མན་ངག་རིག་པ་ཀློང་རྫོགས་ཀྱི་རྒྱུད་རྫོགས་སོ། །།། དགེ་སློང་བཻ་རོ་ཙ་ན་ལ།། རྡོ་རྗེ་སེམས་དཔའི་ཐུགས་ཀྱི་གཏེར།། མཁས་པའི་གདམས་ངག་བརྒྱུད་པ་འདི།། རྡོ་རྗེ་ཡང་དག་རྩལ་ལ་སོགས།། སྐལ་ལྡན་རེ་ལས་མ་གཏོགས་པ། ། གཅིག་ལ་མི་སྣུབ་གཉིས་ལ་མི་སྤེལ་ཏེ།། ཐུགས་ཀྱི་གཏེར་དུ་བཅང་ཞིང་སེམས་ལ་བསླན།།།། རྒྱ་གར་སྐད་དུ།། ཨ་ཏི་ཡོ་ག་དྷརྨ་མ་ཧཱ་ཏན་ཏྲ། ། བོད་སྐད་དུ།། རྫོགས་པ་ཆེན་པོ་རྣལ་འབྱོར་ཆོས་ཉིད་ཀྱི་རྒྱུད།། བཅོམ་ལྡན་འདས་དཔལ་རྡོ་རྗེ་འཆང་ཆེན་པོ་ལ་ཕྱག་འཚལ་ལོ།། དེ་ནས་ཡང་དེའི་ཚེ་བཅོམ་ལྡན་འདས་ཀྱིས།། དཔལ་རྡོ་རྗེ་སེམས་དཔའ་འདི་སྐད་ཅེས་བཀའ་སྩལ་ཏོ། ། བདག་གཞན་གདོད་ནས་མེད་པ་ཡི།། ལྷུན་གྱིས་རྫོགས་པའི་ངང་ཉིད་ལ།། འཆི་འཕོ་འགྱུར་བའི་ཆོས་མེད་དེ།། མི་འགྱུར་བརྟན་པའི་གསེར་བཞིན་ནོ།། དགེ་བའི་ཕྱོགས་དང་སྡིག་པ་སོགས། ། ཐ་དད་ཙམ་ཡང་ཡོད་མ་ཡིན།། རྣལ་འབྱོར་རྣམ་པར་འཆིང་བ་ཉིད།། གཉིས་པོ་འདི་དག་གདོད་ནས་མེད།། གང་གིས་དེ་ལྟར་མ་རིག་པའི།། དོན་མེད་སྒྲ་ཕྱིར་དེ་འབྲངས་ནས།། དགེ་བའི་ཕྱོགས་སྤོང་སྡིག་པ་སྤྱོད། ། དེ་ཉིད་འཐོམས་པས་དམྱལ་བར་འགྲོ།། དཀར་བས་དཀར་པའི་ཉི་མ་མེད།། གནག་པའི་མུན་པ་དག་ཀྱང་མེད།། འཁོར་བ་མེད་ཅིང་མྱང་འདས་མེད།། རིག་པ་མེད་ཅིང་གནས་པ་མེད། ། བྲི་བ་མེད་ཅིང་གང་བ་མེད།། འགྲིབ་བ་མེད་ཅིང་འཕེལ་བ་མེད།། སུ་ལའང་ཕན་མེད་གནོད་མི་འགྱུར།། སྣང་བ་མེད་ཅིང་འགྱུར་བའང་མེད།། ཤེས་རབ་མེད་ཅིང་ཐབས་ཀྱང་མེད།། ལམ་མེད་བྱང་ཆུབ་ཡོད་མ་ཡིན། ། དྲན་པ་མེད་ཅིང་ཡིད་བྱེད་མེད།། དམིགས་པ་མེད་ཅིང་ཡུལ་ཀྱང་མེད།། མེད་པ་མ་ཡིན་སྙིང་པོའི་དོན།། སྐལ་ལྡན་རྣལ་འབྱོར་པ་ཉིད་ཀྱིས།། ཐེ་ཙོམ་རྨུགས་པ་རབ་སོལ་ལ།། དོན་རྟོགས་གཏིང་དུ་གོ་བ་ཉིད། ། གདེང་དུ་ཆོས་འདི་སུ་འཆང་བ།། ཐབས་ཅད་སྒོམ་སྒྲུབ་དགེ་བའི་ཆོས།། དཀར་པོའི་ཕྱོགས་དང་སྡིག་ཏུ་མཉམ།། ཅི་ཡང་མི་འཛིན་ཤེས་པ་ཉིད།། གང་ལྟར་སྤྱད་ཀྱང་མེ་ཏོག་སྐྱེ།། རྣལ་འབྱོར་རྫོགས་པ་ཆེན་པོ་ཆོས་ཉིད་ཀྱི་རྒྱུད་རྫོགས་སོ། །།། སློབ་དཔོན་པདྨས་སྒྲ་རང་འགྱུར་དུ་བསྒྱུར་བའོ།།། རྒྱ་གར་སྐད་དུ།། ཤྲཱི་ཧེ་ཏན་ཏྲ་ནཱ་མ།། བོད་སྐད་དུ།། དཔལ་ལྡན་དགྱེས་པའི་རྒྱུད་ཅེས་བྱ་བ། ། ངོ་མཚར་ཚེ་དང་དགྱེས་པའི་ཐུགས།། གཉིས་སུ་མེད་ལ་ཕྱག་འཚལ་ལོ།། བསྟན་པ་སྟོན་པ་འཁོར་གནས་དུས།། བདེ་བ་ཐམས་ཅད་འབྱུང་བའི་གནས།། ངོ་མཚར་ཆེན་པོའི་ཚིག་དགུ་ལ། ། དགྱེས་པའི་ཐུགས་ཀྱིས་ཐབས་དགུར་བཞད།། སངས་རྒྱས་སེམས་ཅན་རྒྱུ་གཅིག་པར།། ངོ་མཚར་ཆེན་པོ་རྨད་དུ་བྱུང་ཧ་ཧ།། ཕྱི་ནང་སྣོད་བཅུད་རང་བཞིན་གཅིག་པ་ཧ་ཧ།། ཡེ་ཤེས་འཁྲུལ་བ་གཞི་ལ་གཅིག་པ་ཧ་ཧ། ། བདེ་དང་སྡུག་བསྔལ་ངོ་བོ་གཅིག་པ་ཧ་ཧ།། དགེ་སྡིག་ལས་ཀྱི་འབྲས་བུ་གཅིག་པ་ཧ་ཧ།། གསེར་དངུལ་ལུགས་ཀྱི་དཀྱིལ་འཁོར་དང།། ས་རྡོ་རི་བྲག་དོན་ལ་གཅིག་པ་ཧ་ཧ།། ཐུབ་པའི་མཛད་པ་བཅུ་གཉིས་དང། ། རྫོགས་ཆེན་རོལ་པ་ལས་གཅིག་པ་ཧ་ཧ།། དྲུག་གི་བསྟན་པའི་ལོག་ཆོས་དང།། རྒྱལ་བའི་བཀའ་རྒྱུད་བདུད་རྩི་གཉིས།། བྱང་ཆུབ་སེམས་ཀྱི་ངང་དུ་གཅིག་པ་ཧ་ཧ།། དངོས་པོ་གཅིག་ལ་སྣང་ཚུལ་བཅུ་དགུར་གསལ། ། ཆོས་ཀྱི་དབྱིངས་སུ་རང་བཞིན་གཅིག་པ་ཡོངས་ཀྱིས་མཉམ།། ངོ་མཚར་ཆེ་ཧ་ཧ།། ངོ་མཚར་ཆེན་པོའི་ཚིག་དགུ་ལ།། དུས་གསུམ་རྒྱལ་བས་ལན་དགུར་བཞད།། ཧེ་ཧེ་ཧེ།། ཚིག་ཏུ་འདུས་ལ་དོན་དུ་རྒྱས། ། རྒྱ་མཚོ་ཆུ་བོའི་འཕྲོ་འདུ་བཞིན།། ནམ་མཁའ་རྡོ་རྗེ་ཨ་ལས་བྱུང།། བདེ་བ་ཆེན་པོའི་མཆོག་འདི་ལ།། མཚོན་དུ་ཡོད་པ་མ་ཡིན་ཏེ།། མཚོན་དུ་མེད་པའི་ཆོས་ཉིད་ནི།། བརྗོད་དུ་མེད་པའི་བདེ་ཆེན་ཡིན། ། བརྗོད་དུ་མེད་པའི་བདེ་ཆེན་ལ།། བརྗོད་དུ་མེད་པའི་ཚིག་བརྗོད་ནས།། བརྗོད་དུ་མེད་དོན་གྱི་ངོ་བོ་སྟོན།། མཚོན་མེད་བརྗོད་ལས་འདས་པ་ཡི།། བྱང་ཆུབ་སེམས་ཀྱི་བདེ་ཆེན་ལ།། དགོངས་པའི་དབང་གིས་རྒྱལ་བ་རྣམས། ། ང་དང་བདག་ཅེས་གསུངས་པ་ནི།། དེ་བཞིན་པ་ཡི་དབང་གིས་ནི།། ཆོས་སྒོ་བརྒྱད་ཁྲི་བཞི་སྟོང་གསུངས།། གསུངས་ཀྱང་གནས་ལུགས་གཅིག་ལས་མེད།། བསྟན་པའི་སྙིང་པོ་བདེ་ཆེན་མཆོག། གནས་ལུགས་ཡིན་པར་ཤེས་པར་བྱའོ།། བྱང་སེམས་བདེ་བ་ཆེན་པོ་ལ།། རྒྱལ་སྲས་གང་འདོད་དབང་ཕྱུག་སྐལ་ལྡན་གྱིས།། ངེས་པར་རྟོགས་ལ་ཐུགས་ཀྱི་དཀྱིལ་དུ་ཆོངས།། སླད་མ་གཞན་དང་བྱིས་པ་ཕྱོགས་རིས་ཅན་གྱི་མི་གོ་བས། ། དོན་ལ་འགྲེད་ལ་ཚིག་ལ་འཕྱར།། གནད་ལ་མ་ཐེབས་ཉོན་མོངས་རགས།། མན་ངག་མེད་པར་རྫོབ་རྐྱེན་ཆེ།། དེ་འདྲའི་ལག་ཏུ་དེ་བསྐུར་ན།། གདོན་སྦྱིན་ལག་ན་མཚོན་ཐོགས་དང། ། མོན་མོའི་ལག་ན་དུག་སྤྱོད་འདྲ།། རྒྱལ་ཁམས་མེ་ཡིས་གཏོང་བ་ཡིན།། མེད་ཐུང་མེད་པར་འདི་འཆང་ན།། རྒྱ་མཚོར་གསེར་སྦྲ་མ་ཤོར་བ་དང།། རི་གཟར་ཁ་ནས་རྦབ་ཤོར་འདྲ།། གྱེན་དུ་བཟློག་པའི་ཐབས་མེད་ཕྱིར། ། རྒྱལ་ཁམས་ཕུང་བའི་ཐབས་ཡིན་པས།། གདམས་པ་རྒྱ་དང་ལྡན་པར་གྱིས།། རང་རིག་བྱང་ཆུབ་སེམས་ཀྱི་འཁྲུལ་དགུ་ལ།། དུས་གསུམ་རྒྱལ་བའི་ཐུགས་ཀྱིས་དགྱེས་དགུར་རོལ།། རྣལ་འབྱོར་དོན་རྟོགས་སེམས་ཀྱི་དགའ་དགུར་སྤྱོད། ། རང་ན་གུ་ཧྱ་སི་དྷི་ཀན།། ཞང་དྲུང་དྲི་མེད་ཟླ་ཤར་རྒྱ།། ཀུ་མ་ར་ཡིས་རྒྱ་བོད་གྲགས།། ཛྙཱ་ན་བུ་ཡིས་གདེང་ལྡན་གྱིས།། ངོ་མཚར་ཆེ་བའི་ཚིག་དགུ་སྨྲས།། དཔལ་ལྡན་དགྱེས་པའི་རྒྱུད་རྫོགས་སོ། །།། རྒྱ་གར་སྐད་དུ།། ཏྲ་ཏ་ཀེ་རཱ་ཛ་ཏན་ཏྲ།། བོད་སྐད་དུ་མངོན་ཤེས་རིག་པའི་རྒྱལ་པོའི་རྒྱུད།། ཧེ་རུ་ཀ་དཔལ་འཇམ་པའི་དབྱངས།། གསང་བདག་ཆེ་ལ་ཕྱག་འཚལ་ནས།། མངོན་ཤེས་རིག་པའི་གནས་དགུ་འདི། ། དུས་གསུམ་རྒྱལ་བའི་ཐུགས་གཏེར་བས།། རྫ་ཤིང་སྣོད་ལ་ཡོངས་མི་བསྟན།། ཨུ་རྒྱན་ཡུལ་གྱི་ཐོར་ཅོག་ཅན།། བརྩེ་གདུང་ལྷུན་གྲུབ་པའི་གནས།། དྷ་ན་ཀོ་ཤའི་གླིང་གོང་དུ།། གུ་ལང་གསེར་གཟོའི་དོན་དུ་བཤད། ། གཞི་མོའི་དོན་ལ་མཁས་པ་དང། 1། ཆོས་དང་ཆོས་ཉིད་འབྱེད་དུས་དང། 2། ཆོས་ཉིད་ཟླ་ལ་ལེན་འདེབས་དང། 3། གྱབས་ཀྱིས་ཆོད་པའི་ལྟ་བ་དང། 4། ཀློང་དུ་གྱུར་པའི་སྒོམ་པ་དང། 5། གདེང་གིས་ཟིན་པའི་སྤྱོད་པ་དང། 6། བརྡར་ཤ་ཆོད་པའི་གོལ་སྒྲིབ་དང། 7། ཐབས་ཀྱིས་ཟིན་པའི་དམ་ཚིག་དང། 8། རང་ལ་རྙེད་པའི་འབྲས་བུ་དགུ། 9། མངོན་ཤེས་རིག་པའི་གནད་ཡིན་པས།། སྐལ་ལྡན་ལས་འཕྲོ་ཅན་གྱི་གཏེར། ། གཞི་མོའི་དོན་ལ་མཁས་པ་ནི།། མ་བྱུང་མ་སྐྱེས་སྔོན་རོལ་ན།། སེམས་ཀྱི་ངོ་བོ་ཇི་ལྟར་གནས།། མཁའ་དང་འཇའ་ཚོན་ཚུལ་དུ་གནས། 1། ཆོས་དང་ཆོས་ཉིད་འབྱེད་དུས་ནི། ། མཁའ་དང་འཇའ་ཚོན་གཅིག་པ་ལ།། གཞའ་ཚོན་ཡུལ་དུ་བཅས་པས་འཁྲུལ།། མེད་ལས་ཡོད་གཟུང་རྒྱུ་ཉིད་ཀྱིས།། རྨི་ལམ་ཚུལ་དུ་སྡུག་བསྔལ་མྱོང།། རིགས་དྲུག་སྐྱེ་འགུལ་དེ་ལས་བྱུང། 2། ཆོས་ཉིད་ཟླ་ལ་ལན་འདེབས་ནི།

CLOSE WINDOW