CLOSE WINDOW

Gpb036.004:
Wylie

།།། སྡུད་པའི་གསང་བདག་རྡོ་རྗེ་སེམས་དཔའ་ཡིས།། སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་ལ།། གང་གིས་གང་ལ་དབང་བསྐུར་བྱིན་རླབས་དང།། ཆོས་སྐུ་རང་བྱུང་ཡེ་ཤེས་དབྱེར་མེད་པའི། ། ཞལ་བསྟན་འབྲས་བུ་ངེས་པ་ཇི་ལྟ་བུ།། སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་ཡིས།། སྡུད་པའི་གསང་བདག་རྡོ་རྗེ་སེམས་དཔའ་ལ།། རང་བཞིན་ལྷུན་གྲུབ་རང་བྱུང་དབྱེར་མེད་པའི། ། ཆོས་སྐུ་གསལ་གདངས་འགག་མེད་སྟོན་པ་དེས།། རང་བྱུང་ཟེར་གྱི་སྟོན་པ་ཀུན་བཟང་ལ།། རང་བཞིན་ལྷུན་གྲུབ་དབང་བསྐུར་བྱིན་རླབས་པ།། གཉིས་མེད་ཐིག་ལེ་ཆེན་པོར་སངས་རྒྱས་པའོ།། ཡན་ལག་ཟེར་གྱི་སྟོན་པ་ཀུན་བཟང་དེས། ། སྡུད་པའི་གསང་བདག་རྡོ་རྗེ་སེམས་དཔའ་ལ།། རང་བཞིན་དབང་བསྐུར་གཉིས་མེད་བྱིན་རླབས་པ།། གཉིས་མེད་ཐིག་ལེ་ཆེན་པོར་སངས་རྒྱས་པའོ།། ཆོས་སྐུ་རང་བྱུང་ཡེ་ཤེས་ནམ་མཁའ་ལ། ། ཀུན་ཏུ་བཟང་པོ་ངང་ཉིད་ནམ་མཁའ་འབྱུང།། ང་ལས་འབྱུང་དང་ང་ཉིད་ནམ་མཁའ་ལ།། ང་ལས་ང་ཉིད་ནམ་མཁའ་ངས་བསྟན་པ།། ཆོས་སྐུ་རང་རིག་མེད་པའི་མཁའ་ཉིད་དང།། རང་བྱུང་ཡེ་ཤེས་རང་རིག་མཁའ་ཉིད་གཉིས། ། དབྱེར་མེད་གཅིག་སྟེ་ནམ་མཁའ་ཉིད་ཀྱི་ངང།། གཅིག་དང་ཐ་དད་དག་ལས་གྲོལ་བའོ།། རང་བཞིན་དབང་བསྐུར་ལ་ཡང་རྣམ་གཉིས་ཏེ།། སྤྱི་ཡི་རང་བཞིན་ལྷུན་གྲུབ་དབང་བསྐུར་དང། ། ཁྱད་པར་རང་བཞིན་ལྷུན་གྲུབ་དབང་བསྐུར་བའོ།། སྤྱི་ཡི་ལྷུན་གྲུབ་དབང་བསྐུར་རྣམ་བཞི་སྟེ།། རང་བཞིན་ལྷུན་གྲུབ་བུམ་པའི་དབང་བསྐུར་དང།། གསང་བའི་དབང་དང་ཤེས་རབ་ཡེ་ཤེས་དབང། ། དབྱེར་མེད་མཚོན་པའི་དབང་སྟེ་བཞི་པའོ།། རང་བཞིན་ལྷུན་གྲུབ་བུམ་པའི་དབང་བསྐུར་བ།། ཆོས་སྐུ་རིག་མེད་ཕྱི་སྟེ་བུམ་ཉིད་དང།། རང་བྱུང་ཡེ་ཤེས་ནང་སྟེ་བུམ་ཉིད་གཉིས།། ཕྱི་ནང་གཉིས་སུ་མེད་པའི་བུམ་པའི་དབང། ། རྫོགས་ཆེན་དབང་པོ་ཡང་རབ་གྱུར་པ་ལ།། རང་བཞིན་གཉིས་མེད་བུམ་པའི་དབང་བསྐུར་བས།། གཉིས་མེད་ཐིག་ལེ་ཆེན་པོར་སངས་རྒྱས་པའོ།། རང་བཞིན་ལྷུན་གྲུབ་གསང་བའི་དབང་བསྐུར་བ། ། ཆོས་སྐུ་རིག་མེད་རང་གསལ་ཤེས་རབ་གསང།། རང་བྱུང་ཡེ་ཤེས་རིག་པ་ཐབས་ཏེ་བ།། ཐབས་དང་ཤེས་རབ་གཉིས་མེད་གསང་བའི་དབང།། རྫོགས་ཆེན་དབང་པོ་ཡང་རབ་གྱུར་པ་ལ།། རང་བཞིན་གཉིས་མེད་གསང་བའི་དབང་བསྐུར་བས། ། གཉིས་མེད་ཐིག་ལེ་ཆེན་པོར་སངས་རྒྱས་པའོ།། ཤེས་རབ་ཡེ་ཤེས་ལྷུན་གྲུབ་དབང་བསྐུར་བ།། ཆོས་སྐུ་རིག་མེད་སྟོང་པ་ཤེས་པ་རབ།། རང་བྱུང་ཡེ་ཤེས་རང་རིག་ཡེ་ནས་ཤེས། ། ཆོས་སྐུ་ཡེ་ཤེས་ཤེས་རབ་ཡེ་ཤེས་དབང།། རྫོགས་ཆེན་དབང་པོ་ཡང་རབ་གྱུར་པ་ལ།། ཤེས་རབ་ཡེ་ཤེས་གཉིས་མེད་དབང་བསྐུར་བས།། གཉིས་མེད་ཐིག་ལེ་ཆེན་པོར་སངས་རྒྱས་པའོ། ། བཞི་པ་རང་བཞིན་ལྷུན་གྲུབ་དབང་བསྐུར་བ།། ཆོས་སྐུ་རིག་མེད་མིང་བྲལ་མཚོན་མེད་དང།། རང་བྱུང་ཡེ་ཤེས་མིང་མེད་མཚོན་བྱེད་པ།། མཚོན་པ་གཉིས་མེད་མཚོན་པ་བརྡ་ཡི་དབང།། རྫོགས་ཆེན་དབང་པོ་རབ་ཏུ་གྱུར་པ་ལ། ། རང་བཞིན་གཉིས་མེད་བརྡ་ཡི་དབང་བསྐུར་བས།། གཉིས་མེད་ཐིག་ལེ་ཆེན་པོར་སངས་རྒྱས་སོ།། ཁྱད་པར་ལྷུན་གྲུབ་དབང་བསྐུར་ལ་ཡང་བཞི།། རང་བཞིན་བུམ་པའི་དབང་དང་གསང་བའི་དབང། ། ཤེས་རབ་ཡེ་ཤེས་དབང་དང་མཚོན་པ་བཞིའོ།། རང་བཞིན་ལྷུན་གྲུབ་བུམ་པ་ལ་ཡང་བཞི།། ཆོས་སྐུ་རང་བྱུང་ཡེ་ཤེས་དབྱེར་མེད་དང།། དབྱེར་མེད་མིང་མེད་མཚོན་པའི་བཞི་པའོ།། ཆོས་སྐུའི་དབང་བསྐུར་བྱིན་རླབས་ནི། ། སྐྱེ་མེད་རང་གསལ་འགྱུར་མེད་ཡེ་ཉིད་བུམ།། བཅོས་པ་མེད་པའི་རང་བཞིན་རང་གསལ་བ།། སྐྱེ་མེད་བཅོས་པ་མེད་པའི་བུམ་པའི་དབང།། རྫོགས་ཆེན་དབང་པོ་རབ་ཏུ་གྱུར་པ་ལ།། ཆོས་སྐུ་རང་གསལ་བུམ་པས་དབང་བསྐུར་བས། ། ཆོས་སྐུ་འགྱུར་བ་མེད་པར་བྱིན་རླབས་ཏེ།། སངས་རྒྱས་ཆོས་སྐུའི་དབང་བསྐུར་རོ།། མ་སྐྱེས་རང་བྱུང་ཡེ་ཤེས་དབང་བསྐུར་བྱིན་རླབས་ནི།། མ་སྐྱེས་མི་འགྱུར་ཡེ་ཤེས་ཡེ་ཉིད་བུམ། ། མ་བཅོས་པ་ཡི་རང་བཞིན་ཡེ་ཤེས་ཡེ་ཉིད་པ།། མ་སྐྱེས་མི་འགྱུར་ཡེ་ཤེས་བུམ་པའི་དབང།། རྫོགས་ཆེན་དབང་པོ་རབ་ཏུ་གྱུར་པ་ལ།། རང་བྱུང་ཡེ་ཤེས་བུམ་པའི་དབང་བསྐུར་བས།། རང་བྱུང་ཡེ་ཤེས་མི་འགྱུར་བྱིན་རླབས་ཏེ། ། སྐུ་ཡི་ཡེ་ཤེས་གསུང་གི་དབང་བསྐུར་བའོ།། ཆོས་སྐུ་ཡེ་ཤེས་གཉིས་མེད་བུམ་དབང་ནི།། སྐྱེ་མེད་མ་སྐྱེས་གཉིས་མེད་ཡེ་ཤེས་ཡེ་ཉིད་བུམ།། བཅོས་མེད་མ་བཅོས་གཉིས་མེད་རང་གསལ་བ། ། ཆོས་སྐུ་ཡེ་ཤེས་གཉིས་མེད་བུམ་པའི་དབང།། རྫོགས་ཆེན་དབང་པོ་རབ་ཏུ་གྱུར་པ་ལ།། སྐྱེ་མེད་མ་སྐྱེས་གཉིས་མེད་དབང་བསྐུར་བས།། གཉིས་མེད་ཐིག་ལེ་ཆེན་པོར་བྱིན་རླབས་ཏེ།། སྐུ་ཡི་ཐུགས་ཀྱི་གཉིས་མེད་དབང་བསྐུར་བའོ། ། མིང་མེད་གསུམ་མཚོན་བུམ་དབང་བྱིན་རླབས་ནི།། ཆོས་སྐུ་ཡེ་ཤེས་གཉིས་མེད་མིང་མེད་བརྡ།། སྐུ་གསུང་ཐུགས་ཀྱི་དབྱེར་མེད་མིང་མེད་བརྡ།། མིང་མེད་གསུམ་ལ་མཚོན་པ་བརྡ་ཡི་དབང། ། རྫོགས་ཆེན་དབང་པོ་རབ་ཏུ་གྱུར་པ་ལ།། མིང་མེད་གསུམ་མཚོན་བརྡ་ཡིས་དབང་བསྐུར་བས།། མིང་མེད་གསུམ་གྱི་ངང་དུ་བྱིན་རླབས་ཏེ།། མིང་མེད་ལྷུན་གྲུབ་བརྡ་ཡི་དབང་བསྐུར་བའོ། ། རང་བཞིན་ལྷུན་གྲུབ་གསང་བའི་དབང་ལ་རྣམ་བཞི་སྟེ།། ཆོས་སྐུ་གསང་བའི་དབང་བསྐུར་བྱིན་རླབས་ནི།། སྤྲོས་མེད་རང་གསལ་བརྗོད་མེད་ཡེ་ཤེས་ཡེ་ཉིད་གསང།། བརྗོད་དུ་མེད་པའི་རང་བཞིན་རང་གསལ་བ། ། སྤྲོས་མེད་བརྗོད་དུ་མེད་པའི་གསང་བ་ཉིད།། རང་བཞིན་ཆོས་སྐུ་ལྷུན་གྲུབ་གསང་བའི་དབང།། རྫོགས་ཆེན་དབང་པོ་རབ་ཏུ་གྱུར་པ་ལ།། ཆོས་སྐུ་རང་གསལ་གསང་བའི་དབང་བསྐུར་བས། ། ཆོས་སྐུ་སྤྲོས་པ་མེད་པར་བྱིན་རླབས་ཏེ། ཆོས་སྐུ་གསང་དབང་ཆོས་སྐུའི་དབང་བསྐུར་བའོ།། རང་བྱུང་ཡེ་ཤེས་གསང་བའི་དབང་བསྐུར་ནི།། མ་སྤྲོས་རང་གསལ་ཡེ་ཤེས་ཡེ་ཉིད་གསང།། མ་བརྗོད་རང་བཞིན་རང་གསལ་ཡེ་ཤེས་པ། ། མ་སྤྲོས་མ་བརྗོད་ཡེ་ཤེས་གསང་བ་ཉིད།། རང་བཞིན་ལྷུན་གྲུབ་ཡེ་ཤེས་གསང་བའི་དབང།། རྫོགས་ཆེན་དབང་པོ་རབ་ཏུ་གྱུར་པ་ལ།། རང་བྱུང་ཡེ་ཤེས་གསང་བའི་དབང་བསྐུར་བས། ། མ་སྤྲོས་ཡེ་ཤེས་ཆེན་པོར་བྱིན་རླབས་ཏེ།། རང་བྱུང་ཡེ་ཤེས་གསང་བའི་དབང་བསྐུར་བའོ།། ཆོས་སྐུ་ཡེ་ཤེས་གཉིས་མེད་གསང་དབང་ནི།། སྤྲོས་མེད་མ་སྤྲོས་གཉིས་མེད་ཡེ་ཤེས་ཡེ་ཉིད་གསང།། བརྗོད་མེད་མ་བརྗོད་དབྱེར་མེད་རང་གསལ་བ། ། ཆོས་སྐུ་ཡེ་ཤེས་གཉིས་མེད་གསང་བ་ཉིད།། རང་བཞིན་ལྷུན་གྲུབ་ཡེ་ཤེས་གཉིས་མེད་གསང་བའི་དབང།། རྫོགས་ཆེན་དབང་པོ་རབ་ཏུ་གྱུར་པ་ལ།། ཆོས་སྐུ་ཡེ་ཤེས་དབྱེར་མེད་དབང་བསྐུར་བས། ། སྤྲོས་མེད་མ་སྤྲོས་གཉིས་མེད་བྱིན་རླབས་ཏེ།། གཉིས་མེད་གསང་བའི་དབང་བསྐུར་བའོ།། མིང་མེད་གསུམ་མཚོན་གསང་དབང་བསྐུར་བ་ནི།། ཆོས་སྐུ་མིང་མེད་གསང་དབང་མཚོན་པ་དང། ། ཡེ་ཤེས་མིང་མེད་གསང་དབང་མཚོན་པ་དང།། གཉིས་མེད་མིང་མེད་གསང་དབང་མཚོན་པ་ཡི།། མིང་མེད་རྣམ་གསུམ་གསང་དབང་མཚོན་པའི་དབང།། རྫོགས་ཆེན་དབང་པོ་ཡང་རབ་གྱུར་པ་ལ། ། མིང་མེད་གསང་དབང་མཚོན་པའི་དབང་བསྐུར་བས།། མིང་མེད་གསུམ་གྱི་ངང་དུ་བྱིན་རླབས་ཏེ།། མིང་གསུམ་མེད་པའི་བརྡ་ཡིས་དབང་བསྐུར་བའོ།། ཤེས་རབ་ཡེ་ཤེས་ལྷུན་གྲུབ་དབང་ལ་བཞི།། གཡོ་མེད་གསལ་སྐྱེ་མེད་པ་ཤེས་རབ་ཉིད། ། འགྱུར་བ་མེད་པའི་རང་བཞིན་རང་གསལ་ཡེ།། བཅོས་པ་མེད་པའི་ཆོས་ཉིད་བདེ་བ་ཤེས།། སྐྱེ་བ་མེད་པའི་ཤེས་རབ་ཡེ་ཤེས་ཉིད།། ཆོས་སྐུ་ལྷུན་གྲུབ་ཤེས་རབ་ཡེ་ཤེས་དབང། ། རྫོགས་ཆེན་དབང་པོ་རབ་ཏུ་གྱུར་པ་ལ།། ཆོས་སྐུ་ཤེས་རབ་ཡེ་ཤེས་དབང་བསྐུར་བས།། ཆོས་སྐུ་འགྱུར་བ་མེད་པའི་བྱིན་རླབས་ཏེ།། ཆོས་སྐུ་བདེ་བ་ཆེན་པོས་དབང་བསྐུར་བའོ།། མ་གཡོས་རང་གསལ་ཡེ་ཤེས་ཤེས་རབ་ཉིད། ། མི་འགྱུར་བ་ཡི་རང་གསལ་ཡེ།། མ་བཅོས་ཡེ་ཤེས་བདེ་བ་ཤེས།། མ་སྐྱེས་པ་ཡི་ཤེས་རབ་ཡེ་ཤེས་ཉིད།། ཡེ་ཤེས་ལྷུན་གྲུབ་ཤེས་རབ་ཡེ་ཤེས་དབང།། རྫོགས་ཆེན་དབང་པོ་རབ་ཏུ་གྱུར་པ་ལ། ། ལྷུན་གྲུབ་ཤེས་རབ་ཡེ་ཤེས་དབང་བསྐུར་བས།། ཡེ་ཤེས་མི་འགྱུར་ངང་དུ་བྱིན་རླབས་ཏེ།། རང་བྱུང་ཡེ་ཤེས་བདེ་བའི་དབང་བསྐུར་བའོ།། གཡོ་མེད་མི་གཡོ་གཉིས་མེད་ཤེས་རབ་ཉིད། ། འགྱུར་མེད་མི་འགྱུར་གཉིས་མེད་རང་བྱུང་ཡེ།། བཅོས་མེད་མ་བཅོས་དབྱེར་མེད་ལྷུན་གྲུབ་ཤེས།། གཉིས་མེད་ལྷུན་གྲུབ་ཤེས་རབ་ཡེ་ཤེས་དབང།། རྫོགས་ཆེན་དབང་པོ་རབ་ཏུ་གྱུར་པ་ལ།། གཉིས་མེད་ཤེས་རབ་ཡེ་ཤེས་དབང་བསྐུར་བས། ། གཡོ་མེད་མི་གཡོ་གཉིས་མེད་བྱིན་རླབས་ཏེ།། གཉིས་མེད་ཤེས་རབ་ཡེ་ཤེས་དབང་བསྐུར་བའོ།། མིང་མེད་གསུམ་མཚོན་ཤེས་རབ་ཡེ་ཤེས་དབང།། རྫོགས་ཆེན་དབང་པོ་ཡ་རབ་གྱུར་པ་ལ། ། མིང་མེད་གསུམ་གྱི་བརྡ་ཡིས་དབང་བསྐུར་བའོ།། མིང་མེད་གསུམ་གྱི་ངང་དུ་བྱིན་རླབས་ཏེ།། མིང་གསུམ་མེད་པའི་དབང་བསྐུར་བའོ།། བརྡ་ཡི་དབང་བསྐུར་ལ་ཡང་རྣམ་བཞི་སྟེ།། ཆོས་སྐུ་མིང་མེད་ཆོས་སྐུ་མཚོན་དབང་དང། ། ཡེ་ཤེས་མིང་མེད་ཆོས་སྐུ་མཚོན་དབང་དང།། ཡེ་ཤེས་མིང་མེད་ཡེ་ཤེས་བརྡ་དབང་དང།། དབྱེར་མེད་མིང་མེད་གཉིས་མེད་བརྡ་དབང་དང།། མིང་མེད་གསུམ་ལ་མཚོན་པའི་དབང་བསྐུར་བས། ། མིང་མེད་མཚོན་པ་མེད་པར་བྱིན་རླབས་ཏེ།། ནམ་མཁའ་མིང་མེད་བརྡ་ཡིས་དབང་བསྐུར་བའོ།། ཞལ་བསྟན་འབྲས་བུ་ངེས་པ་ལ་ཡང་གཉིས།། སྤྱི་དང་ཁྱད་པར་གཉིས་ཀྱི་ཞལ་བསྟན་པའོ། ། སྤྱི་ཡི་རང་བྱུང་ཆོས་སྐུའི་ཞལ་བསྟན་པ།། ནམ་མཁའ་མིང་དུ་མ་བཏགས་ནམ་མཁའ་ཡི།། ནམ་མཁའ་སྙིང་པོར་ནམ་མཁའ་བལྟས་བྱས་ནས།། དེ་ཚེ་ནམ་མཁའ་ཉིད་དུ་གྱུར་པ་ཡི།། འབྲས་བུ་སངས་རྒྱས་ཉིད་དུ་ངེས་ཐོབ་པའོ། ། ཁྱད་པར་ཞལ་བསྟན་ལ་ཡང་རྣམ་གསུམ་སྟེ།། རང་བཞིན་ལྷུན་གྲུབ་ཆོས་སྐུའི་ཞལ་བསྟན་པ།། ནམ་ནི་རིག་མེད་ཆོས་སྐུའི་རང་བཞིན་ལས།། ཆོས་སྐུ་རིག་མེད་ནམ་མཁའི་རང་བཞིན་ཏེ། ། ལྷུན་གྲུབ་ཆོས་སྐུ་ནམ་མཁའ་བལྟ་བྱས་ནས།། དེ་ཚེ་ཆོས་སྐུ་ནམ་དང་གཉིས་མེད་པས།། འབྲས་བུ་སངས་རྒྱས་ཆོས་སྐུ་ངེས་ཐོབ་པའོ།། ལྷུན་གྲུབ་རང་བྱུང་ཡེ་ཤེས་ཞལ་བསྟན་པ།། མཁའ་ནི་རང་བྱུང་ཡེ་ཤེས་ལ། ། རང་བྱུང་ཡེ་ཤེས་ནམ་མཁའི་རང་བཞིན་ཏེ།། ལྷུན་གྲུབ་རང་བྱུང་མཁའ་ལ་བལྟས་བྱས་ན།། དེ་ཚེ་རང་བྱུང་ཡེ་ཤེས་ཉིད་དང་གཉིས་མེད་པའི།། འབྲས་བུ་རང་བྱུང་ཡེ་ཤེས་ངེས་ཐོབ་པའོ།། ཆོས་སྐུ་ཡེ་ཤེས་དབྱེར་མེད་ཞལ་བསྟན་པ། ། ནམ་ནི་རིག་མེད་ཆོས་སྐུའི་རང་བཞིན་དང།། མཁའ་ནི་རང་བྱུང་ཡེ་ཤེས་རང་བཞིན་གཉིས།། གཅིག་དང་ཐ་དད་དག་ལས་གྲོལ་གནས་ཏེ།། གཉིས་མེད་མིང་བྲལ་ངང་དུ་བལྟས་བྱས་ན། ། དེ་ཚེ་དབྱེར་མེད་གཉིས་སུ་མེད་པར་འགྱུར།། ཆོས་སྐུ་ཡེ་ཤེས་དབྱེར་མེད་ངེས་པའོ།། རིན་པོ་ཆེ་རྒྱས་པ་ཆེན་པོའི་མདོ་ལས། དབང་བསྐུར་བ་རྣམ་བཞིས་འབྲས་བུ་སངས་རྒྱས་པའི་ཞལ་བསྟན་པའི་ལེའུ་སྟེ་དང་པོའོ། །།། སྡུད་པའི་གསང་བདག་རྡོ་རྗེ་སེམས་དཔའ་ཡིས།། སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་ལ།། ལྟ་སྤྱོད་སྒོམ་པའི་འབྲས་བུ་དབྱེར་མེད་པའི།། སྤྱི་ཡི་མིང་བཏགས་ངེས་པ་ཇི་ལྟ་བུ།། སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་ཡིས། ། སྡུད་པའི་གསང་བདག་རྡོ་རྗེ་སེམས་དཔའ་ལ།། ཆོས་རྣམས་ཐམས་ཅད་འབྱུང་བའི་གཞིར་གྱུར་པ།། རང་རིག་རིག་མེད་སྟོང་པའི་རང་བཞིན་ཅན།། མཐའ་དང་དབུས་མེད་དོན་དམ་སྙིང་པོའི་ངང། ། བརྗོད་དུ་མེད་པའི་རང་བཞིན་ཡུལ་ལས་འདས།། དངོས་པོ་མཚན་མ་མེད་པའི་བདག་ཆེན་པོ།། འགྱུར་བ་མེད་པ་མ་བཅོས་ཀུན་གྱི་ལས།། ཐ་སྙད་ཀུན་དང་བྲལ་བ་ཐིག་ལེའི་ཀློང།། སྒྲོ་སྐུར་ཀུན་བྲལ་ཚིག་གིས་མཚོན་དུ་མེད། ། ཡོད་མེད་སྟོང་དང་མི་སྟོང་གཞལ་དུ་མེད།། རྒྱུ་རྐྱེན་མ་བསྐྱེད་ཟག་པ་མེད་པའི་སྐུ།། ཀུན་ལ་ཁྱབ་པའི་རྒྱ་ཡོངས་མ་ཆད་པ།། ཟད་མེད་རིན་ཆེན་གཏེར་གྱི་མཛོད་གྱུར་པ། ། ཚོགས་བརྒྱད་ཡུལ་དུ་མ་གྱུར་རྨད་དུ་བྱུང།། རྨད་བྱུང་བྱང་ཆུབ་སེམས་ཀྱི་རང་བཞིན་འདི།། གཅོད་མེད་མི་གཅོད་དབྱེར་མེད་ཤེས་རྒྱུས་འདྲ།། སྣང་བ་འདི་ཉིད་ཡིན་ཏེ་མཐོང་བ་མེད།། མཐོང་མེད་མཐོང་བ་ལྟ་བའི་མཆོག་ཏུ་ཡིན། ། རང་བྱུང་ཡེ་ཤེས་རྩལ་གྱི་ཡན་ལག་སྣང་བ་རྣམས།། ལྟ་བའི་ངང་དུ་དབྱེར་མེད་སྤྱོད་སྣང་བ།། རིག་མེད་རང་གསལ་སྟོང་པའི་ངང་དུ་སྤྱོད།། རང་རིག་རང་གསལ་མཐའ་དབུས་མེད་ལ་སྤྱོད། ། བརྗོད་མེད་རང་བཞིན་རྟོག་མེད་ཡུལ་ལ་སྤྱོད།། དངོས་པོ་མཚན་མེད་དབྱིངས་ཀྱི་དོན་ལ་སྤྱོད།། འགྱུར་མེད་མ་བཅོས་ཀུན་གྱི་ལམ་དུ་སྤྱོད།། ཐ་སྙད་ཀུན་བྲལ་ཐིག་ལེ་ཆེན་པོར་སྤྱོད།། སྒྲོ་སྐུར་བྲལ་བ་དབྱིངས་ཀྱི་ངང་དུ་སྤྱོད། ། གཞལ་དུ་མེད་པའི་སྟོང་པའི་དབྱིངས་སུ་སྤྱོད།། རྒྱུ་རྐྱེན་མ་བསྐྱེད་ཟག་མེད་སྐུ་རུ་སྤྱོད།། ཀུན་ཀྱང་རྒྱ་ཡོངས་མ་ཆད་པ་རུ་སྤྱོད།། ཟག་པ་མེད་པའི་རིན་ཆེན་གཏེར་དུ་སྤྱོད།། རྨད་བྱུང་བྱང་ཆུབ་སེམས་ཀྱི་རང་བཞིན་འདི། ། སྤྱོད་པ་མེད་པའི་ངང་དུ་སྤྱོད་པ་སྟེ།། སྤྱོད་མེད་སྤྱོད་པ་སྤྱོད་པའི་སྤྱོད་མཆོག་ཡིན།། རྩལ་གྱི་ཡན་ལག་ཆོས་རྣམས་ཀུན།། བཅོས་མེད་མ་བཅོས་ཇི་བཞིན་ངང་ལ་བཞག། རིག་པ་མ་བཅོས་ཇི་བཞིན་ཉིད་དུ་གཞག། བཅོས་མེད་མ་བཅོས་གསལ་བའི་ངང་ལ་གཞག། གཞག་ཏུ་དངོས་མེད་དམིགས་པའི་ངོ་བོ་མེད།། དངོས་པོ་མེད་པའི་རང་བཞིན་གཞག་པ་མེད།། གཞག་ས་མེད་པའི་གཞག་པ་ནི། ། བསྒོམ་དུ་མེད་པའི་སྒོམ་པ་ཆེན་པོ་སྟེ།། བསྒོམ་དུ་མེད་པའི་སྒོམ་པ་ཆེན་པོ་ནི།། སྒོམ་པ་ཀུན་གྱི་ནང་ན་བསྔགས་པ་ཡིན།། ཡན་ལག་རྩལ་གྱི་ཆོས་ཀྱི་སྙིང་པོ་ཉིད།། བསྒྲུབ་པ་མེད་པའི་ལྷུན་གྱིས་གྲུབ་པ་རྣམས། ། ལྷུན་གྲུབ་སྤངས་ཐོབ་མེད་པའི་འབྲས་བུ་ཡིན།། སྤངས་ཐོབ་མེད་པའི་འབྲས་བུ་ཆེན་པོའི་འབྲས་བུ་ཡང།། འབྲས་བུའི་ནང་ན་འབྲས་བུ་མཆོག་ཆེན་ཡིན།། ལྟ་བའི་ལྟ་བ་ལྟར་མེད་ལྷུན་རྫོགས་ཡིན།། ལྟ་བའི་སྤྱོད་པ་རང་བཞིན་ཡོངས་རྫོགས་ཡིན། ། ལྟ་བའི་བསྒོམ་པ་དམིགས་སུ་མེད་པ་ཡིན།། ལྟ་བའི་འབྲས་བུ་ཐོབ་པ་ཡིན།། སྤྱོད་པའི་ལྟ་བ་རང་བཞིན་ཡོངས་རྫོགས་ཡིན།། སྤྱོད་པའི་སྤྱོད་པ་མཚན་མ་ཡོངས་རྫོགས་ཡིན། ། སྤྱོད་པའི་བསྒོམ་པ་རང་བཞིན་རྣམ་དག་ཡིན།། སྤྱོད་པའི་འབྲས་བུ་བླང་དོར་མེད་པ་ཡིན།། སྒོམ་པའི་ལྟ་བ་དམིགས་སུ་མེད་པ་ཡིན།། སྒོམ་པའི་སྤྱོད་པ་རང་བཞིན་རྣམ་དག་ཡིན།། སྒོམ་པའི་བསྒོམ་པ་ཡེངས་སུ་མེད་པ་ཡིན། ། སྒོམ་པའི་འབྲས་བུ་སྤང་ཐོབ་མེད་པ་ཡིན།། འབྲས་བུའི་ལྟ་བ་བལྟར་མེད་ལྷུན་གྲུབ་ཡིན།། འབྲས་བུའི་སྤྱོད་པ་སྤྱད་དུ་མེད་པ་ཡིན།། འབྲས་བུའི་བསྒོམ་པ་བསྒོམ་དུ་མེད་པ་ཡིན། ། འབྲས་བུའི་འབྲས་བུ་ཐོབ་པ་མེད་པ་ཡིན།། ལྟ་སྤྱོད་གྲངས་སུ་བསྟན་པ་དབྱེར་མེད་གཅིག། དབྱེར་མེད་མིང་དང་བྲལ་བ་ནམ་མཁའ་ཡིན།། རིན་པོ་ཆེ་རྒྱས་པ་ཆེན་པོའི་མདོ་ལས། ལྟ་སྤྱོད་སྤྱིའི་དབྱེར་མེད་ཀྱི་ལེའུ་སྟེ་གཉིས་པའོ། །།། སྡུད་པའི་གསང་བདག་རྡོ་རྗེ་སེམས་དཔའ་ཡིས།། སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་ལ།། ཁྱད་པར་ལྟ་སྤྱོད་སྒོམ་དང་འབྲས་བུ་ཡི།། དབྱེར་མེད་མིང་བཏགས་ངེས་པ་ཇི་ལྟར་ལགས། ། སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་ཡིས།། སྡུད་པའི་གསང་བདག་རྡོ་རྗེ་སེམས་དཔའ་ལ།། ཁྱད་པར་མིང་བཏགས་ལ་ཡང་རྣམ་པ་གཉིས།། རང་བཞིན་ལྷུན་གྲུབ་ཉིད་ལ་མིང་བཏགས་དང།། རྩལ་གྱི་ཡན་ལག་དག་ལ་མིང་བཏགས་པའོ། ། ལྷུན་གྲུབ་ཉིད་ལ་མིང་བཏགས་རྣམ་གསུམ་སྟེ།། ཆོས་སྐུ་མིང་དང་རང་བྱུང་ཡེ་ཤེས་དང།། ཆོས་སྐུ་རང་བྱུང་ཡེ་ཤེས་དབྱེར་མེད་པའོ།། རང་བྱུང་ཆོས་ཀྱི་སྐུ་ལ་མིང་བཏགས་པ། ། རང་གསལ་འགྱུར་བ་མེད་པ་ལྟ།། སྐྱེ་བ་མེད་པའི་རྟོག་མེད་ངང་དུ་སྤྱོད།། ཡེངས་པ་མེད་པའི་རྟོག་མེད་ཆོས་སྐུ་སྒོམ།། ཐོབ་པ་མེད་པའི་འབྲས་བུ་ལྷུན་གྲུབ་ཐོབ།། རང་བྱུང་ཡེ་ཤེས་ཉིད་ལ་མིང་བཏགས་པ། ། རང་རིག་རང་གསལ་མི་འགྱུར་ལྟ་བ་ལྟ།། མ་སྐྱེས་པ་ཡི་མིང་རྟོག་ངང་ལས་སྤྱོད།། མ་ཡེངས་མི་དམིགས་རང་གསལ་སྒོམ།། འབྲས་བུ་རང་བྱུང་ཡེ་ཤེས་ལྷུན་གྲུབ་ཐོབ།། ཆོས་སྐུ་རང་བྱུང་ཡེ་ཤེས་དབྱེར་མེད་ལ། ། ལྟ་སྤྱོད་སྒོམ་དང་འབྲས་བུའི་མིང་བཏགས་པ།། ཆོས་སྐུ་རིག་མེད་རང་གསལ་འབྲས་བུ་དང།། རང་བྱུང་ཡེ་ཤེས་རང་རིག་མི་འགྱུར་གཉིས།། གཅིག་དང་ཐ་དད་དག་ལས་གྲོལ་བ་ཡི།། འགྱུར་མེད་མི་འགྱུར་དབྱེར་མེད་ཆེན་པོ་སྟེ། ། ཆོས་སྐུ་རིག་མེད་རང་གསལ་སྐྱེ་མེད་དང།། རང་བྱུང་ཡེ་ཤེས་རང་རིག་མ་སྐྱེས་གཉིས།། གཅིག་དང་ཐ་དད་དག་ལས་གྲོལ་བ་ཡི།། སྐྱེ་མེད་མ་སྐྱེས་དབྱེར་མེད་ཆེན་པོར་སྤྱོད།། ཆོས་སྐུ་རིག་མེད་རང་གསལ་ཡེངས་མེད་དང། ། རང་བྱུང་ཡེ་ཤེས་རང་རིག་མ་ཡེངས་གཉིས།། གཅིག་དང་ཐ་དད་དག་ལས་གྲོལ་བ་ཡི།། ཡེངས་མེད་མི་ཡེངས་གཉིས་མེད་ཆེན་པོར་བསྒོམ།། ཆོས་སྐུ་རིག་མེད་གསལ་ཐོབ་མེད་པ་དང། ། རང་བྱུང་ཡེ་ཤེས་རང་གསལ་མ་ཐོབ་གཉིས།། གཅིག་དང་ཐ་དད་དག་ལས་གྲོལ་བའོ།། ཐོབ་མེད་མ་ཐོབ་དབྱེར་མེད་འབྲས་བུ་ཐོབ།། རྩལ་གྱི་མིང་བཏགས་ལ་ཡང་རྣམ་གཉིས་ཏེ། ། ཡན་ལག་སྙིང་པོ་ཉིད་ལ་མིང་བཏགས་དང།། ཐེག་དམན་སོ་སོ་རྣམས་ཀྱི་མིང་བཏགས་པའོ།། ཡན་ལག་སྙིང་པོ་ཉིད་ལ་མིང་བཏགས་གསུམ།། ཡན་ལག་ཆོས་ཀྱི་སྐུ་ལ་མིང་བཏགས་པ།། རིག་མེད་སྤྲོས་གསལ་སྤྲོས་པ་མེད་པ་ལྟ། ། རིག་མེད་རང་གསལ་སྐྱེ་བ་མེད་པ་སྤྱོད།། རིག་མེད་རང་གསལ་རྟོག་པ་མེད་པ་སྒོམ།། རིག་མེད་རང་གསལ་འབྲས་བུ་ཆོས་སྐུ་ཐོབ།། ཡན་ལག་རང་བྱུང་ཡེ་ཤེས་མིང་བཏགས་པ། ། ཡེ་ཤེས་རང་གསལ་རང་རིག་མ་སྤྲོས་ལྟ།། ཡེ་ཤེས་རང་གསལ་རང་རིག་མ་སྐྱེས་སྤྱོད།། ཡེ་ཤེས་རང་གསལ་རང་རིག་མི་ཡེངས་སྒོམ།། ཡེ་ཤེས་རང་གསལ་རང་རིག་འབྲས་བུ་ཐོབ།། སྤྲོས་མེད་མ་སྤྲོས་གཉིས་སུ་མེད་པ་ལྟ། ། སྐྱེ་མེད་མ་སྐྱེས་གཉིས་སུ་མེད་པ་སྤྱོད།། རྟོག་མེད་མི་རྟོག་གཉིས་སུ་མེད་པ་སྒོམ།། ཆོས་སྐུ་ཡེ་ཤེས་གཉིས་སུ་མེད་པ་ཐོབ།། སོ་སོར་མིང་བཏགས་བྱེ་བྲག་གཅིག་གི་ངང།། ཐེག་དམན་རྣམས་ཀྱི་སོ་སོར་མིང་བཏགས་པ། ། ལྟ་སྤྱོད་སྒོམ་དང་འབྲས་བུ་སོ་སོ་ཡི།། སོ་སོ་རང་རང་རྟོགས་པའི་མིང་བཏགས་པའོ།། རིན་པོ་ཆེ་རྒྱས་པ་ཆེན་པོའི་མདོ་ལས། ཁྱད་པར་ལྟ་སྤྱོད་སྒོམ་པའི་མིང་བཏགས་པའི་ལེའུ་སྟེ་གསུམ་པའོ། །།། སྡུད་པའི་གསང་བདག་རྡོ་རྗེ་སེམས་དཔའ་ཡིས།། སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་ལ།། ཀུན་གྱི་གཞི་མ་ལྷུན་གྲུབ་མིང་མེད་ལ།། ས་ཆུ་མེ་རླུང་ནམ་མཁའ་འབྱུང་ལྔ་ལ།། ཆོས་ཀྱི་སྐུ་ནི་རང་བྱུང་ཡེ་ཤེས་ཀྱི། ། དབྱེར་མེད་མིང་བཏགས་སྣང་བ་ཇི་ལྟ་བུ།། སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་ཡིས།། སྡུད་པའི་གསང་བདག་རྡོ་རྗེ་སེམས་དཔའ་ལ།། ཆོས་སྐུ་འགྱུར་མེད་འདེགས་པ་སྲ་བས་ས།། ཆོས་སྐུ་འགྱུར་མེད་སྡུད་པ་ལྟེམས་པས་ཆུ། ། ཆོས་སྐུ་རྒྱ་ཆད་མེད་པ་སྨིན་བྱེད་དྲོ་བ་མེ།། ཆོས་སྐུ་འགག་མེད་བསྐྱོད་མེད་ཡང་བས་རླུང།། ཆོས་སྐུ་རང་གསལ་འབྱེད་མེད་སྟོང་པའི་མཁའ།། ཡེ་ཤེས་མི་འགྱུར་འདེགས་པས་སྲ་བས་ས། ། ཡེ་ཤེས་མི་གཡོ་སྡུད་པས་ལྟེམས་པས་ཆུ།། ཡེ་ཤེས་རྒྱ་མ་ཆད་པ་སྨིན་བྱེད་དྲོ་བས་མེ།། ཡེ་ཤེས་མ་འགགས་མ་བསྐྱོད་ཡང་བས་རླུང།། ཡེ་ཤེས་རང་གསལ་མི་འབྱེད་སྟོང་བས་མཁའ།། ཆོས་སྐུ་འགྱུར་མེད་འདེགས་པའི་ས་ཉིད་དང། ། ཡེ་ཤེས་མི་འགྱུར་འདེགས་པའི་ས་ཉིད་གཉིས།། གཅིག་དང་ཐ་དད་དག་ལས་གྲོལ་བའི་ས།། ཆོས་སྐུ་གཡོ་བ་མེད་པ་སྡུད་པའི་ཆུ་དང་ནི།། ཡེ་ཤེས་མི་གཡོ་སྡུད་པའི་ཆུ་ཉིད་གཉིས། ། ཆོས་སྐུ་ཡེ་ཤེས་དབྱེར་མེད་གྲོལ་བའི་ཆུ།། ཆོས་སྐུ་རྒྱ་ཆད་མེད་པའི་སྨིན་མེ་དང།། ཡེ་ཤེས་རྒྱ་མ་ཆད་པའི་སྨིན་མེ་གཉིས།། གཅིག་དང་ཐ་དད་དག་ལས་གྲོལ་བའི་མེ།། ཆོས་སྐུ་འགག་མེད་བསྐྱོད་མེད་ཡང་རླུང་དང། ། ཡེ་ཤེས་མ་འགགས་མ་བསྐྱོད་ཡང་རླུང་གཉིས།། གཅིག་དང་ཐ་དད་དག་ལས་གྲོལ་བའི་རླུང།། ཆོས་སྐུ་དབྱེར་མེད་སྟོང་པ་ནམ་ཉིད་དང།། ཡེ་ཤེས་མི་འབྱེད་སྟོང་པ་མཁའ་ཉིད་གཉིས། ། གཅིག་དང་ཐ་དད་དག་ལས་གྲོལ་བ་ནམ་མཁའ་འོ།། རིན་པོ་ཆེ་རྒྱས་པ་ཆེན་པོའི་མདོ་ལས། འབྱུང་བ་ལྔ་ལ་ཆོས་སྐུ་ཡེ་ཤེས་དང་དབྱེར་མེད་པའི་མིང་བཏགས་པའི་ལེའུ་སྟེ་བཞི་པའོ།།།། སྡུད་པའི་གསང་བདག་རྡོ་རྗེ་སེམས་དཔའ་ཡིས། ། སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་ལ།། ཆོས་རྣམས་ཐམས་ཅད་བསྡུ་ན་དུ་རུ་འདུས།། ཡན་ལག་རྩལ་གྱི་བྱིན་རླབས་འབྲས་བུ་དང།། རང་ལ་ཡེ་ཤེས་ཅི་ཡི་འཆར་བ་དང། ། ཤར་ནས་བྱིན་རླབས་འབྲས་བུ་ཇི་ལྟ་བུ།། སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་ཡིས།། སྡུད་པའི་གསང་བདག་རྡོ་རྗེ་སེམས་དཔའ་ལ།། བྱང་ཆུབ་སེམས་ཀྱི་ཀུན་གཞི་ལྷུན་གྲུབ་འདི།། ཀུན་ལ་ཁྱབ་ཀྱང་ཐིག་ལེ་གཅིག་པའི་ཕྱིར། ། ཆོས་རྣམས་ཐམས་ཅད་གཉིས་སུ་འདུས།། གཉིས་འདུས་གཉིས་ཀྱི་མིང་བཏགས་སྣང་བ་ནི།། རང་བྱུང་སྙིང་པོ་ཡན་ལག་སྙིང་པོ་གཉིས།། འཁོར་བའི་ཆོས་དང་མྱ་ངན་འདས་ཆོས་གཉིས།། མ་འདྲེས་པ་དང་ཡོངས་སུ་རྫོགས་པ་གཉིས། ། འཁྲུལ་པར་སྣང་དང་མ་འཁྲུལ་སྣང་བ་གཉིས།། དངོས་དབང་བསམ་དབང་གཉིས་དང་སྣོད་བཅུད་གཉིས།། ཕྱི་ནང་གཟུང་འཛིན་གཉིས་སུ་སྣང་བ་ལ།། མིང་བཏགས་གཉིས་སུ་འདུས་པའོ། ། ནམ་མཁའི་རང་བཞིན་ཀུན་ཁྱབ་མིང་མེད་འདི།། མིང་གསུམ་མེད་པའི་མིང་གསུམ་བཏགས་པ་སྟེ།། མིང་གསུམ་བཏགས་པའི་མིང་ལ་གསུམ་འདུས་པ།། ཆོས་སྐུ་རང་བྱུང་ཡེ་ཤེས་དབྱེར་མེད་གསུམ། ། ལྷུན་གྲུབ་ཐམས་ཅད་ལྟ་བ་ཡིན་པར་འདུས།། འཁྲུལ་སྣང་ཐམས་ཅད་སྤྱོད་པ་ཡིན་པར་འདུས།། གཉིས་མེད་ཐམས་ཅད་སྒོམ་པ་ཡིན་པར་འདུས།། ཡི་གེ་མེད་པའི་རྒྱུ་དང་རྟེན་མེད་ལུང།། ངེས་པ་མེད་པའི་མན་ངག་གསུམ་དུ་འདུས། ། ཆོས་སྐུ་མཚན་ཉིད་ཡོངས་རྫོགས་རྣམ་དག་ཡོངས་རྫོགས་དང།། རྣམ་རྟོག་ཡོངས་རྫོགས་རྫོགས་པ་གསུམ་དུ་འདུས།། རྒྱུ་དང་ལམ་དང་འབྲས་བུ་གསུམ་དུ་འདུས།། སངས་རྒྱས་ཆོས་དང་དགེ་འདུན་གསུམ་དུ་འདུས། ། ཆོས་སྐུ་ཡེ་ཤེས་སེམས་དང་གསུམ་དུ་འདུས།། ལྟ་སྒོམ་སྤྱོད་གསུམ་སྒོམ་ཐུགས་གསུམ་དུ་འདུས།། ལྟ་བ་ཆོས་སྐུ་སྒོམ་པ་ལོངས་སྐུ་དང།། སྤྱོད་པ་སྤྲུལ་པའི་སྐུ་སྟེ་གསུམ་དུ་འདུས། ། ལྟ་བ་ཤེས་པ་རབ་སྟེ་སྤྱོད་པ་ཐབས།། སྒོམ་པ་གཉིས་མེད་གསུམ་དུ་འདུས།། ལྟ་བ་ཞི་གནས་སྤྱོད་པ་ལྷག་མཐོང་དང།། སྒོམ་པ་ཟུང་དུ་འབྲེལ་བ་གསུམ་དུ་འདུས།། ལྟ་བ་ཀུན་ཏུ་བཟང་མོ་སྤྱོད་པ་ཀུན་ཏུ་བཟང་པོ་གཉིས། ། སྒོམ་པ་གཉིས་མེད་ཡིན་པ་གསུམ་དུ་འདུས།། ལྟ་བ་བཀའ་ལ་སྤྱོད་པ་བསྟན་བཅོས་དང།། སྒོམ་པ་མན་ངག་གསུམ་དུ་འདུས།། ལྟ་བ་སྟོན་པ་སྤྱོད་པ་བསྟན་པ་དང།། སྒོམ་པ་སྡུད་པ་ཕུན་སུམ་ཚོགས་པའོ། ། བཞི་མེད་བཞི་རུ་ཆོས་རྣམས་འདུས་པ་ཡང།། ཆོས་ཀྱི་སྐུ་དང་རང་བྱུང་ཡེ་ཤེས་དང།། སེམས་དང་བག་ཆགས་བཞི་རུ་འདུས་པའོ།། ལྔ་མེད་ལྔ་རུ་ཆོས་ཀུན་འདུས་པ་ཡང།། རང་བཞིན་ངོ་བོ་ལྔ་རུ་འདུས་པའི་ཕྱིར། ། རིགས་ལྔ་ལྔ་རུ་ཆོས་རྣམས་འདུས་པའོ།། རང་བྱུང་ཡེ་ཤེས་ཡན་ལག་བྱིན་རླབས་ལས།། དངོས་པོ་འཁོར་བར་སྣང་བའི་འབྲས་བུ་དང།། མཚན་མ་ཐེག་པར་སྣང་བའི་འབྲས་བུ་དང། ། རང་ལ་ཡེ་ཤེས་ཅི་ཡིས་འཆར་བ་ནི།། འཁྲུལ་བའི་ཆོས་སུ་སྣང་བ་ཐམས་ཅད་ཀུན།། འཁྲུལ་པའི་རྩ་གཅད་རྩ་བ་ཆོད་པ་ཡིས།། རང་བྱུང་ཡེ་ཤེས་རང་རིག་གྲངས་མེད་དང།། རང་ལ་ཡེ་ཤེས་རིག་པ་གྲངས་མེད་སྐྱེ། ། སྐྱེས་པའི་བྱིན་རླབས་འབྲས་བུ་ནི།། ཆོས་རྣམས་མ་བསགས་ཐུགས་སུ་ཆུད་པ་དང།། ཆོས་རྣམས་མ་མཉན་སྟོན་པ་འབྱུང་བ་དང།། མ་བསྒོམས་པ་རུ་ཡེ་སངས་རྒྱས་ཤེས་པས།། སྔོན་མ་མཐོང་བའི་ཆོས་སྐུ་འབྲས་བུ་མཐོང། ། མཐོང་བའི་བྱིན་རླབས་འབྲས་བུ་སངས་རྒྱས་པའོ།། རིན་པོ་ཆེ་རྒྱས་པ་ཆེན་པོའི་མདོ་ལས། བྱིན་རླབས་ཀྱི་འབྲས་བུ་འབྱུང་བའི་ལེའུ་སྟེ་ལྔ་པའོ།།།། སྡུད་པའི་གསང་བདག་རྡོ་རྗེ་སེམས་དཔའ་ཡིས། ། སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་ལ།། འཁྲུལ་པའི་རྩ་གཅད་རྩ་ཆོད་དོན་མཐོང་ན།། རྟགས་དང་མངོན་ཤེས་འབྱུང་བ་ཇི་ལྟ་བུ།། སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་ཡིས།། སྡུད་པའི་གསང་བདག་རྡོ་རྗེ་སེམས་དཔའ་ལ། ། དང་པོ་རྟགས་ནི་འདི་རྣམས་འབྱུང་བ་སྟེ།། འཁོར་བའི་ཆོས་ལ་སྐྱོ་སེམས་སྐྱེ་བ་འབྱུང།། སེམས་ཅན་རྣམས་ལ་སྙིང་རྗེ་སྐྱེ་བ་དང།། རང་གི་ཡུལ་དང་གནས་ལ་མི་ཆགས་ཤིང།། ཐག་རིང་གཞན་དུ་འགྲོ་བར་འདོད་པ་འབྱུང། ། གཉིས་པ་ལ་ཡང་རྟགས་རྣམས་འབྱུང་བ་ཡང།། གོས་དང་ཟས་ཀྱི་འདུ་ཤེས་ཆུང་བ་དང།། ཉོན་མོངས་ལ་སོགས་ཆགས་སྡང་ཆུང་བ་དང།། སྙིང་རྗེ་ཕན་སེམས་རབ་ཏུ་ཆེ་བ་དང། ། རྨི་ལམ་རྟགས་ནི་མང་དུ་འབྱུང་བ་སྟེ།། གསུམ་པ་ལ་ཡང་འདི་ལྟར་འབྱུང་བ་ཡིན།། ཡོ་བྱད་ལོངས་སྤྱོད་ཐམས་ཅད་འགོག་པ་དང།། དགེ་མི་དགེ་ལ་རྣམ་པར་རྟོག་པ་མེད།། ཉོན་མོངས་སྒྲིབ་པ་རྣམ་པར་དགེ་བ་དང། ། རྨི་ལམ་རྟགས་རྣམས་སྣ་ཚོགས་འབྱུང་བ་དང།། རང་རྟགས་མངོན་ཤེས་ཆོ་འཕྲུལ་སྣ་ཚོགས་འབྱུང།། དབང་པོ་རབ་འབྲིང་མ་རྩལ་གྱི་འབྱུང།། བྱུང་ཡང་རང་བྱུང་རྩལ་སྣང་བྱུང་བ་ཡིན།། རེ་དང་དོགས་པ་ཀུན་སྤངས་ཆོས་ཉིད་དང། ། དེ་དག་ཆོས་ཉིད་ངང་དུ་སྤྱད་བྱའོ།། རིན་པོ་ཆེ་རྒྱས་པ་ཆེན་པོའི་མདོ་ལས། རྟགས་དང་ཆོ་འཕྲུལ་འབྱུང་བའི་ལེའུ་སྟེ་དྲུག་པའོ།།།། སྡུད་པའི་གསང་བདག་རྡོ་རྗེ་སེམས་དཔའ་ཡིས། ། སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་ལ།། རང་བཞིན་དོན་མཚོན་བརྡ་ཡིས་བསྟན་པ་འདི།། སུ་ལ་བསྟན་ཅིང་གཏད་པ་ཇི་ལྟ་བུ།། སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་ཡིས།། སྡུད་པའི་གསང་བདག་རྡོ་རྗེ་སེམས་དཔའ་ལ། ། ཐེག་ཆེན་སྒོར་ཞུགས་བློ་འཕང་མཐོང་བ་དང།། ངང་དགེ་སྤྲོ་ཞིང་སྙིང་རྗེ་ཕན་སེམས་ཆེ།། ང་རྒྱལ་ཁེངས་སེམས་ཆུང་ལ་དད་པ་ཆེ།། དམ་ཚིག་སྲུང་ཞིང་ཕ་རོལ་སྤྱོད་དང་བསྟུན།། དགྲ་ལ་འཛུར་ཞིང་བླ་མ་ཐབས་ཀྱིས་ཚོལ། ། བླ་མའི་དོན་ལ་ཡིད་ཆེས་ངེས་པར་འཇོག། བླ་མ་ཁུར་ཞིང་བླ་མ་ངེས་མཆོད་དེ།། ངེས་མཆོད་རྟག་ཏུ་སེར་སྣ་མེད་པ་འབྱུང།། བྱུང་བའི་རྟགས་སུ་གཏོང་ཕོད་ཆེ་བ་སྟེ།། ཡུལ་མཁར་ཁྱིམ་དང་བང་མཛོད་འབྲུ་རྣམས་དང། ། གསེར་དངུལ་ཟངས་ལྕགས་མུ་ཏིག་གཡུ་ལ་སོགས།། ཡོ་བྱད་རྣམས་ལ་ཆགས་སེམས་མེད་པར་གཏོང།། ལུས་སྲོག་བུ་སྨད་གཡོག་འཁོར་བཅས་པ་ཡང།། བླ་མ་མཉེས་པར་བྱ་ཕྱིར་འབུལ་བར་བྱེད། ། དེ་ལྟ་བུ་ཡི་སྣོད་ལྡན་བཟང་ལ་བསྟན།། སྐྱོ་དུབ་མེད་པའི་དད་པ་བརྟན་ལ་བསྟན།། གྱོང་སེམས་མེད་པའི་མཉེན་ལྕུག་དྲང་ལ་བསྟན།། རྨོངས་པ་མེད་པའི་ཤེས་རབ་ཆེ་ལ་བསྟན། ། གསང་ཚིག་ཐུབ་པའི་སྐྱེས་བུ་ཆེན་པོ་ལ།། རང་བཞིན་དོན་མཚོན་བརྡ་ཡི་རྒྱུད་འདི་གཏད།། གདམས་ངག་འཚོ་ཤེས་རྣལ་འབྱོར་ཆེན་པོ་ལ།། སངས་རྒྱས་མཚོན་པའི་བསྟན་པའི་རྒྱུད་འདི་གཏད།། རང་བཞིན་ལྷུན་གྲུབ་ཀུན་ཏུ་བཟང་པོ་དང། ། རང་བྱུང་ཡན་ལག་རྡོ་རྗེ་སེམས་དཔའ་གཉིས།། ཐ་དད་མེད་དེ་དབྱེར་མེད་གཅིག་གི་ངང།། གཅིག་ལ་བསྟན་ཅིང་བརྟན་པ་མེད་པར་གཏད།། རིན་པོ་ཆེ་རྒྱས་པ་ཆེན་པོའི་མདོ་ལས། གཏད་རྒྱ་བསྟན་པའི་ལེའུ་སྟེ་བདུན་པའོ།།།། སྡུད་པའི་གསང་བདག་རྡོ་རྗེ་སེམས་དཔའ་ཡིས།། སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་ལ།། འདི་ལ་མིང་བཏགས་ངེས་པ་ཇི་ལྟ་བུ།། སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་ཡིས། ། སྡུད་པའི་གསང་བདག་རྡོ་རྗེ་སེམས་དཔའ་ལ།། ཆོས་རྣམས་ཐམས་ཅད་འདི་ལས་བྱུང་བའི་ཕྱིར།། བྱུང་བའི་བྱུང་ཁུངས་ཆེན་པོ་ཞེས་ཀྱང་བྱའོ།། ལམ་མེད་ལམ་དུ་ཁྲིད་ནས་སྟོན་པའི་ཕྱིར། ། ལམ་རྒྱུས་ལམ་མཁན་ཆེན་པོ་ཞེས་ཀྱང་བྱའོ།། ཆོས་རྣམས་ཐམས་ཅད་འཁྲུལ་ནས་སྣང་བའི་ཕྱིར།། འཁྲུལ་སྣང་ཆེན་པོའི་རྒྱུད་ཆེན་ཞེས་ཀྱང་བྱའོ།། ཆོས་རྣམས་ཐམས་ཅད་མ་ལུས་འདུས་པའི་ཕྱིར།། རྫོགས་པ་ཆེན་པོའི་རྒྱུད་ཆེན་ཞེས་ཀྱང་བྱ། ། ཇི་ལྟར་འདོད་པ་བཞིན་དུ་འབྱུང་བའི་ཕྱིར།། རིན་པོ་ཆེ་རྒྱས་པ་ཆེན་པོ་ཞེས་ཀྱང་བྱ།། བྱང་ཆུབ་སེམས་རིན་པོ་ཆེ་རྒྱས་པ་ཆེན་པོའི་མདོ་ལས། མིང་བཏགས་པའི་ལེའུ་སྟེ་བརྒྱད་པའོ། །།། བྱང་ཆུབ་ཀྱི་སེམས་རིན་པོ་ཆེའི་རྒྱུད་རྒྱས་པ་ཆེན་པོའི་མདོ་ཞེས་བྱ་བ་རྫོགས་སོ།།།།

CLOSE WINDOW