Wylie |
ཨ་ཏི་ཏྲྀ་ཀཱ་ཡ་པཉྩ་ཛྙ་ན་ཏྲི་ཀ་ཀརྨ་ཏནྟྲ་ནཱ་མ་མ་ཧཱ་སནྡྷི་ཏྲི་ཀཱ་ཡ་པཉྩ་ཛྙཱ་ན་སྱཱ་རྠ་སུ་བྷ་ཥི་ཏ་སཱུརྻ་ཙནྟྲ་སཾ་པུ་ཊ་ནཱ་ད་སི་ཧ་སིནྡྷི་གཱི་ཏི་ཏནྟྲ་ནཱ་མ། བོད་སྐད་དུ། རྫོགས་པ་ཆེན་པོ་སྐུ་གསུམ་ཡེ་ཤེས་ལྔའི་དོན་བཤད་པ་ཉི་ཟླ་ཁ་སྦྱོར་སེང་གེ་སྒྲ་ཡི་དགོངས་པ་བཤད་པའི་རྒྱུད་ཅེས་བྱ་བ། བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ།། འདི་སྐད་རྣམ་པར་བཤད་པའི་དུས་གཅིག་ན། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་འདུས་པའི་དཔལ་རྡོ་རྗེ་སེམས་དཔས་ཐམས་ཅད་ཀྱི་ངོ་བོར་གྱུར་པ་བཞོན་ནུ་དཔའ་བོ་སྟོབས་དང་ལྡན་པ་དེས། ལྕང་ལོ་ཅན་གྱི་ཕོ་བྲང་རི་བོ་གནམ་ལྕགས་འབར་རྩེ་ལ། ཡེ་ཤེས་ཀྱི་མཁའ་འགྲོ་རྣམས་དང། ལས་ལས་གྲུབ་པའི་མཁའ་འགྲོ་དང། འཇིག་རྟེན་གྱི་འཁོར་དང། སྤྲུལ་པའི་འཁོར་བྱང་ཆུབ་སེམས་དཔའ་རྣམས་དང་དེའི་ཚེ་ཐབས་ཅིག་ཏུ་བཞུགས་སོ།། དེ་ནས་གསང་བའི་བདག་པོས་འདི་སྐད་ཅེས་གསོལ་ཏོ། ། ཀྱེ་ཀྱེ་བཅོམ་ལྡན་འདས་ཐུགས་རྗེའི་བདག། སེམས་ཉིད་ཡེ་ཤེས་འཁྲུལ་པའི་སྒོ།། རྟོགས་པར་འདོད་པས་ཇི་ལྟར་ལྟ།། ཞེས་གསོལ་ཏོ།། རིགས་ཀྱི་བུ་ངེས་པར་ཉོན་ཅིག། མ་བཅོས་རང་བཞིན་སྙིང་པོའི་དོན། ། ཕྱོགས་སུ་བལྟས་པས་མཐོང་མིན་ཏེ།། རང་ལ་ཤར་བའི་དོན་ཉིད་ལ།། ཇི་ལྟར་ཉི་འོད་ནོར་བུ་ལྟར།། མ་བསགས་གདོད་ནས་ལྷུན་གྱིས་རྫོགས།། རང་བྱུང་གཞི་ཡི་གནས་ལུགས་ནི།། འགྲོ་འོང་མེད་པར་ཀུན་ལ་ཁྱབ།། གསང་བའི་རྡོ་རྗེ་ནམ་མཁའ་ཆེ།། ཚིག་གི་སྤྱོད་ཡུལ་མ་ཡིན་ཏེ།། འདི་ཞེས་བརྗོད་པ་དཀའ་བའི་དོན།། གསང་བའི་བདག་པོས་ངེས་པར་ཉོན།། བྱང་ཆུབ་དོན་འདི་བསྟན་པར་བྱ། ། ཞེས་སེང་གེ་སྒྲ་ཡི་དགོངས་པ་ཉི་ཟླ་ཁ་སྦྱོར་ལས། གླེང་གཞིའི་ལེའུ་སྟེ་དང་པོའོ།།།། དེ་ནས་འཁོར་མཁའ་འགྲོ་དང་གསང་བའི་བདག་པོར་བཅས་པ་ལ་རང་བྱུང་གཞི་སྐུ་གསུམ་དོན་སྟོན་པར་རིག་ནས། གསང་བའི་བདག་པོས་གསོལ་བ། ཀྱེ་ཐུགས་རྗེ་ཐབས་ཀྱི་བདག་པོ་ཆོས་སྐུ་ཁྱབ་བདལ་ཉི་མའི་སྙིང་པོ་ལྟ་བུ་བཤད་དུ་གསོལ།། ཞེས་ཞུས་སོ།། སྟོན་པས་བཀའ་སྩལ་བ། གོ་བར་དཀའ་བའི་རང་བྱུང་ལྷུན་གྲུབ་བདེ་ཆེན་དོན། ། བགྲོད་པར་དཀའ་ཕྱིར་དབང་དང་བྱིན་རླབས་རྒྱུད།། ཕྱི་རབས་རྣམས་ལ་འདི་ལྟར་བཤད་པར་བྱ།། ཆོས་སྐུ་རིན་ཆེན་དགོངས་པ་སྐྱེ་མེད་ཐིག་ལེ་ལ།། སྣང་བ་ཁྱབ་བདལ་ཆེན་པོ་གསལ་བ་ཆེ། ། དེ་དོན་རྟོགས་ན་བཙལ་དང་བགྲོད་མེད་དོ།། ལྷ་གནས་གསུམ་དུ་གྲགས་པ་ཡི།། རོ་ལངས་བདེ་བ་ཐུགས་སྲས་ཀྱིས།། ཡང་སྤྲུལ་སྐལ་ལྡན་སྲས་བདུན་ལ།། རྒྱལ་ཐབས་སྤྱི་བླུགས་དབང་བསྐུར་ནས།། བྱང་སེམས་ལྷུན་གྲུབ་བརྡ་དོན་སྤྲད། ། རང་རིག་འགག་མེད་འོད་གསལ་རང་ཤར་ལ།། དཀྱིལ་འཁོར་ལྔ་ཡི་ཡེ་ཤེས་འཕྲོ།། དེ་ལྡན་རྒྱལ་བའི་གྲལ་དུ་གཞག། རང་རིག་འོད་གསལ་ཕྱོགས་མེད་ཟླུམ་པོ་བུམ་པའི་དབང། ། སྐུ་གསུམ་རང་ཤར་རང་གསལ་གསང་བའི་དབང།། བདེ་ཆེན་དོན་རྟོགས་ཤེས་རབ་དབང།། ངོ་བོ་བློ་འདས་སྤྱི་བླུགས་དབང།། བགྲོད་མེད་ཡེ་ཤེས་ལམ་དུ་གྲོལ་བའི་ཀློང།། དེ་ཉིད་རང་བྱུང་རྫོགས་པའི་ལམ། ། རིམ་པར་བརྡ་ཡིས་བསྟན་པར་བྱ།། ཆོས་སྐུ་གཞི་ཡི་གནས་ལུགས་ནི།། དགོངས་པ་ནམ་མཁའི་མཐའ་དང་བྲལ།། མཐའ་དང་དབུས་མེད་ཕྱོགས་བྲལ་འགྱུར་བ་མེད།། གཞི་སྣང་ཁྱབ་པ་ཆོས་སྐུ་དག་པའི་དབྱིངས། ། རང་བྱུང་རྒྱུ་རྐྱེན་མེད་པའི་ལྷུན་གྲུབ་པ།། སྟོང་པ་ཡེ་ཤེས་སྙིང་པོ་བདག། མཐའ་ལ་མི་གནས་རྡོ་རྗེའི་སྐུ།། ཡེ་ཤེས་གསལ་བ་རིན་ཆེན་གཏེར།། སྤྲོས་དང་བྲལ་བའི་ནམ་མཁའ་ལ།། གཟུང་འཛིན་བྲལ་བའི་རིག་པ་བདལ། ། ངོ་བོ་རང་བཞིན་ཐུགས་རྗེའི་བདག། ཡེ་ཤེས་ནང་གསལ་སྐུ་གསུམ་འོད་དུ་གསལ།། རང་བཞིན་ལྷུན་གྱིས་གྲུབ་པའོ།། སེང་སྒྲ་ཉི་ཟླ་ཁ་སྦྱོར་ལས། ཆོས་སྐུ་གནས་ལུགས་བསྟན་པའི་ལེའུ་སྟེ་གཉིས་པའོ། །།། གསང་བའི་བདག་པོས་ཡང་ཞུས་པ། ཀྱེ། བཅོམ་ལྡན་ཐུགས་རྗེ་ཐབས་ཀྱི་བདག། ལོངས་སྐུ་གྲོལ་ལུགས་ཇི་ལྟར་ཤར།། སྟོན་པས་བཀའ་སྩལ་བ། ཆོས་སྐུའི་རྣམ་དག་དབྱེར་མེད་ཀྱང། ། ཡེ་ཤེས་སྐུ་ཉིད་རང་བྱུང་གསལ།། སངས་རྒྱས་སྐུ་ལྔ་རང་རིག་པ། མཚན་ཉིད་སོ་སོར་ཚུལ་འཛིན་ཅིང།། ཤེས་རབ་སྟོབས་བཅུ་ཡེ་ཤེས་སྐུ།། བཞི་བཅུ་རྩ་གཉིས་མཚན་འཆང་བ།། མཁའ་ལ་ཉི་ཤར་འགྲོ་དོན་མཛད། ། དེ་ནས་བྱ་བྲལ་དབྱིངས་སུ་སྐྱེལ།། ཞེས་སེང་གེ་སྒྲ་སྒྲོགས་པ་ཉི་ཟླ་ཁ་སྦྱོར་ལས། ལོངས་སྐུར་གྲོལ་བའི་ལེའུ་སྟེ་གསུམ་པའོ།།།། ཀྱེ་ཀྱེ་བཅོམ་ལྡན་ཐུགས་རྗེའི་བདག། ཐུགས་རྗེ་སྤྲུལ་སྐུའི་སྣང་བ་ཇི་ལྟར་འབྱུང། ། སྤྲུལ་པ་སྐུ་ཉིད་ཐུགས་རྗེར་ཇི་ལྟར་ཤར།། བཀའ་སྩལ་པ། ཡེ་ཤེས་ལྔ་ཡི་མཚན་ཉིད་ལས།། འབྱུང་བའི་དྭངས་མ་འོད་དུ་གསལ།། དེ་ལ་སྣོད་དུ་རྟོག་པ་བརྟས།། སྙིགས་མ་འབྱུང་བ་ཞེས་བྱའོ། ། མཁའ་ལ་རླུང་བརྟེན་དེ་ལ་ཆུ་བརྟེན་ནས།། དེ་ལ་ས་བརྟེན་འགྲོ་བ་བརྟེན་པ་ནི།། མ་རིག་སྲིད་པའི་སྒོ་ང་ལས་བྱུང་བ།། རྐྱེན་རྣམས་ཚོགས་ནས་འགྲོ་དྲུག་ལས་ཀྱིས་འཁོར།། སྣ་ཚོགས་གཟུགས་ཅན་ཡིད་ལས་བྱུང། ། འཁྲུལ་ཡང་ཆོས་སྐུའི་ཁྱབ་བདལ་རང་བྱུང་ལྷུན་གྲུབ་པ།། སྐུ་གསུམ་འོད་གསལ་མ་འདྲེས་རིག་པ་རང་རང་ཤར།། སྤྲུལ་སྐུའི་ཞིང་ཁམས་མ་འདྲེས་སོ་སོར་གསལ།། སྐུ་གསུམ་ཐུགས་རྗེ་འགྲོ་བ་དོན་མཛད་པ། ། དཔལ་ལྡན་སངས་རྒྱས་པདྨ་སྐྱེས།། སྤྲུལ་པའི་འཁོར་ལོ་ཡི་གེ་དྲུག་ལས་ཤར།། འགྲོ་དྲུག་དོན་དུ་ཐུབ་དྲུག་ཐ་དད་མཛེས།། རྣམ་གྲོལ་གསུམ་ལ་མཁས་པའི་ཆོས་ཀྱང་སྟོན། ། སྐྱེ་མེད་དོན་ཕྱིར་ཆོས་ཉིད་སྣ་ཚོགས་བསྟན།། སངས་རྒྱས་སྤྲུལ་པས་སེམས་ཅན་ཀུན་དོན་མཛད།། སེམས་ཅན་ཐམས་ཅད་རྣམ་གྲོལ་བྱེད།། དེ་ནས་ཐུགས་རྗེ་དབྱིངས་སུ་སྡུད།། རྒྱ་མཚོ་ཆུ་བྲན་སྡུད་པའི་ཚུལ། ། ཞེས་སེང་གེ་སྒྲ་ཡི་དགོངས་པ་ཉི་ཟླ་ཁ་སྦྱོར་ལས། སྤྲུལ་སྐུའི་ལེའུ་སྟེ་བཞི་པའོ།།།། ཀྱེ། བཅོམ་ལྡན་ཐུགས་རྗེའི་ཐབས་ཀྱི་བདག། སྐུ་གསུམ་ཡེ་ཤེས་བཤད་དུ་གསོལ། བཀའ་སྩལ་པ། ཡེ་ནི་ཤེས་པ་གཅིག་ཡིན་པ། ། མཚན་ནི་རྣམ་པ་ལྔ་ལྡན་ཏེ།། ངང་ལས་རང་བཞིན་མེད་པས་གསལ།། ཆོས་དབྱིངས་ཡེ་ཤེས་ལྷུན་གྱིས་གྲུབ།། ངང་ལས་ཡོན་ཏན་འབྱུང་བས་ན།། མེ་ལོང་ཡེ་ཤེས་ལྷུན་གྱིས་གྲུབ།། ཤེས་རབ་གཅོད་པས་སོ་སོར་རྟོགས། ། སྐྱེ་འགག་མེད་པས་མཉམ་ཉིད་དེ།། ཐོགས་པ་མེད་པས་བྱ་བ་གྲུབ།། སྟོང་པའི་ཡེ་ཤེས་རྩལ་སྣང་བ།། མཚན་ཉིད་འཛིན་པའི་ཡེ་ཤེས་ལྔ།། རིག་པའི་ཀློང་ན་རང་ཤར་གསལ། ། དཀར་དང་དམར་དང་སེར་དང་ལྗང།། མཐིང་ཁའི་རྣམ་པར་ཡེ་གྲུབ་པ།། སྣང་ལ་དངོས་མེད་ནམ་མཁའ་འཇའ་ཚོན་ཚུལ།། ཡེ་ཤེས་རིག་པའི་རང་གདངས་ཤར་བར་བཤད།། ཅེས་སེང་གེ་སྒྲ་ཡི་དགོངས་པ་ཉི་ཟླ་ཁ་སྦྱོར་ལས། ། ཡེ་ཤེས་ཀྱི་ལེའུ་སྟེ་ལྔ་པའོ།།།། ཀྱེ་ཀྱེ་བཅོམ་ལྡན་ཐུགས་རྗེའི་བདག། སྐུ་གསུམ་ཡེ་ཤེས་ལྔ་ལྡན་རང་བྱུང་སྐུ།། བག་ཆགས་སྦུབས་ན་འགྲོ་ལ་ཇི་ལྟར་གནས།། བཀའ་སྩལ་པ། ཐུགས་རྗེ་རྩལ་གྱི་འཆར་ལུགས་དང། ། སྲིད་པ་བཞི་ལ་འཛིན་ལུགས་དང།། སྡུད་བྱེད་དངས་མ་ཆགས་པའོ།། གསོ་བྱེད་བཅུད་ཀྱི་ཆགས་ས་བཞི།། དངོས་པོ་གདོས་པ་ཅན་དུ་གྲུབ།། སྤྲུལ་སྐུ་འགྲོ་བར་སྣང་བའོ།། དེ་ལ་ཇི་ལྟར་གནས་ཤེ་ན། ། ཟླ་བ་གདན་ལ་ཉི་མ་དབུ་རྒྱན་ཅན།། རིན་ཆེན་གུར་ཕུབ་ཟུར་གསུམ་རེ་ཐག་བཞི།། ཙིཏྟ་དཔལ་གྱི་བེའུ་ཞེས་སུ་བྱ།། དེ་དབུས་རྟོག་མེད་སྐུ་གསུམ་ཆོས་ཀྱི་སྐུ།། སྒྲིབ་མེད་ཡེ་ཤེས་ལྔ་ཡིས་གཞལ་ཡས་ན། ། ཀུན་བཟང་རིགས་ལྔ་སེམས་དཔའ་ཡབ་ཡུམ་བཞུགས།། ཐུགས་རྗེ་འོད་ཀྱིས་ཀུན་ཏུ་ཁྱབ་པའི་ངང།། རྟགས་ཀྱི་སྒྲོན་མར་རིག་པའི་འོད་གསལ་བ།། ཡེ་ཤེས་རྩལ་མ་རྫོགས་པས་ཁྱུང་ཕྲུག་སྒོང་རྒྱའི་ཚུལ། ། སྐུ་གསུམ་ཐེ་ཚོམ་མེད་བློས་རང་ཤར་རིག་པའི་དོན་ལ་ལྟ།། དུས་བཞི་མཉམ་སྦྱོར་དགོངས་པས་ནི།། རང་ངམ་རང་བཞིན་བདག་ཉིད་ཆེན་པོར་གཞག། ཅེས་སེང་གེ་སྒྲ་སྒྲོགས་ཀྱི་དགོངས་པ་ཡེ་ཤེས་ཉི་ཟླ་ཁ་སྦྱོར་རྒྱུད་ལས། བག་ཆགས་སྦུབས་ལ་སྐུ་གསུམ་ངོ་སྤྲད་ལེའུ་སྟེ་དྲུག་པའོ།། ཀྱེ་ཀྱེ་བཅོམ་ལྡན་ཐུགས་རྗེའི་བདག། སྤྲུལ་སྐུ་ཞིང་ཁམས་འགྲོ་དྲུག་ནས།། འབྲས་བུ་ལོངས་སྐུར་གྲོལ་བར་ཇི་ལྟར་བགྱི། ། ཞེས་པས་བཀའ་སྩལ་པ། སྲིད་པ་འགྲོ་དྲུག་ལས་གྲོལ་བ།། བྱེ་བྲག་སྐད་ཅིག་གཅིག་གིས་གྲོལ།། གྲོལ་ལས་གྲོལ་བས་ཐར་པ་མཐོང།། རྣམ་གྲོལ་ལུས་ནི་རིན་ཆེན་སྦུབས།། འཇུག་དང་སྣང་དང་ཤེས་པས་གྲོལ། ། ཕྱི་སྣང་བ་སྒོ་ལྔ་ངང་དུ་གྲོལ།། རྣམ་ཤེས་ལྔ་ཉིད་འོད་ལྔ་ངང་དུ་གྲོལ།། འོད་ལྔ་རིགས་ལྔ་ཡུམ་ལྔ་ཆོས་སྐུ་ངང་དུ་འདུས།། ཡེ་ཤེས་སྐུ་དེ་མཚོན་གྱི་གྲུ་གུ་བཞིན།། ཙིཏྟ་སྒྲོན་མར་ཞུགས་ནས་ཆོས་ཉིད་མཁའ་ལ་ཤར། ། རྟོགས་པས་སྐལ་ལྡན་ལོངས་སྐུ་ངོ་བོར་གྲོལ།། ཐུགས་རྗེ་འོད་ཟེར་འགྲོ་དོན་སྤྲུལ་སྐུ་འགྱེད།། ཅེས་སེང་གེ་སྒྲའི་དགོངས་པ་ཉི་ཟླ་ཁ་སྦྱོར་ལས། སེམས་ཅན་སྦུབས་ནས་ལོངས་སྐུ་འོད་ཀྱི་སྦུབས་སུ་གྲོལ་བའི་ལེའུ་སྟེ་བདུན་པའོ། །།། ཀྱེ་ཀྱེ་བཅོམ་ལྡན་ཐུགས་རྗེའི་བདག། ལོངས་སྐུའི་ཞིང་ཁམས་སྤྲུལ་པའི་སྐུ།། སྐུ་གཉིས་ཆོས་སྐུའི་ཀློང་དུ་ཇི་ལྟར་གྲོལ།། ཞེས་པ་བཀའ་སྩལ་པ། དབྱིངས་ལས་རིག་པ་ཡེ་ཤེས་རང་བྱུང་བ། ། ཡེ་ཤེས་རྫོགས་སྐུ་གསུམ་སྤྲུལ་པའི་སྐུ།། ཆོས་སྐུ་ལོངས་སྐུ་རྩལ་སྣང་ཡེ་ཤེས་རྒྱན།། འགྲོ་བའི་དོན་མཛད་གསལ་བྱེད་ཀུན་གྲོལ་ཁྱབ།། མི་འགྱུར་ཡེ་ཤེས་རླུང་གིས་ཤེས་རབ་མཁའ་ལ་བཏེག། ཤེས་རབ་སྤྱན་གསུམ་རང་བཞིན་རྣམ་པར་དག། རང་རིག་ཡེ་ཤེས་ཡིན་ལ་བག་ཆགས་ལུས་ཀྱི་རྟོག་པ་མེད།། སེང་གེ་སྒྲ་ལས། ཡེ་ཤེས་དབྱིངས་སུ་སྤྲུལ་པ་སྐུ་དག་པའི་ལེའུ་སྟེ་བརྒྱད་པའོ།།།། ཀྱེ་ཀྱེ་བཅོམ་ལྡན་ཐུགས་རྗེའི་བདག། གཟིགས་པའི་སྤྱན་གསུམ་སྒྲིབ་མེད་ཇི་ལྟར་གྲོལ།། ཞུས་པ། བཀའ་སྩལ་པ། སྦུབས་གསུམ་ཡུལ་དུ་ཇི་ལྟར།། མ་རྟོགས་འཁྲུལ་བའི་སྣང་བ་ནི།། སྙིགས་མ་བྱུང་བ་ངོ་བོས་སྟོང། ། དྭ་ངས་མ་ལྔ་ཉིད་འོད་གསལ་སྟོང།། རང་ལ་སྣང་ཞིང་རང་བཞིན་མེད།། རང་སྣང་རྣམ་དག་ཤེས་རབ་སྤྱན་གྱི་ངང་དུ་གྲོལ།། བག་ཆགས་སྦུབས་ན་བཞི་བཅུ་རྩ་འོད་གསལ་བ།། སྟོང་ཞིང་བདག་མེད་བུམ་པའི་མར་མེ་བཞིན། ། འོད་ཀྱི་སྦུབས་སུ་སྒྲིབ་མེད་སྤྱན་གསལ་བ།། སྒྲིབ་མེད་འོད་སྦུབས་ཡེ་ཤེས་སྤྱན་དུ་གྲོལ།། ཐིམ་ཤར་གནས་པ་རིག་པའི་ངང་ལ་གསལ།། འོད་གསལ་སྣང་ཡང་ཟང་ཐལ་རེག་པ་མེད། ། ཆོས་སྐུ་ཕྱི་ནང་མདུན་རྒྱབ་མེད་པ་རིན་ཆེན་སྦུབས།། སོ་སོར་རྟོག་པར་ཆོད་ཡང་དམིགས་མེད་ཆོས་ཉིད་ངང།། གནས་ལུགས་ཆོས་ཀྱི་སྤྱན་གྱི་ངང་དུ་སྒྲིབ་མེད་གྲོལ།། འགྱུར་མེད་པ་ན་ཡེ་ཤེས་སྟོང་རིག་གསལ། ། གཟུང་འཛིན་གཉིས་མེད་ཆོས་ཀྱི་མཐའ་ལས་གྲོལ།། སེང་གེ་སྒྲ་ཉི་ཟླ་ཁ་སྦྱོར་ལས།། སྤྱན་གསུམ་སྒྲིབ་མེད་གྲོལ་བའི་ལེའུ་སྟེ་དགུ་པའོ།།།། ཨེ་མ་ཧོ། སྙིང་པོ་དོན་གྱི་རྒྱུད་གསུམ་པ།། སྣོད་ཀྱི་འཇིག་རྟེན་དབྱིངས་སུ་གྲོལ། ། སྒོ་ལྔ་དུག་ལྔ་ཡེ་ཤེས་གདངས་སུ་གྲོལ།། སེམས་ཀྱི་གཟུང་འཛིན་སྤྲོས་བྲལ་ངང་ལ་གྲོལ།། ལུས་ངག་ཡིད་གསུམ་སྐུ་གསུམ་ངོ་བོར་རྫོགས།། འཁོར་བ་འདས་པ་གྲོལ་བའི་སྐུ་ཆེན་སྐུ་གསུང་ཐུགས། ། རང་བྱུང་སྐུ་གསུང་ཡེ་ཤེས་རྒྱས་པར་བཤད་དུ་གསོལ།། བཀའ་སྩལ་པ། ཆོས་སྐུ་ངོ་བོ་ཀུན་ཏུ་བཟང་པོ་དེ།། དངོས་བཅས་མ་ཡིན་ཁ་དོག་ཚོགས་འོད་ཀྱི་སྐུ།། འབར་བ་འོད་འཕྲོ་སྣང་དུ་ཡོད་ལ་རེག་ཏུ་མེད། ། རྟག་ཆད་ལས་འདས་འགྱུར་མེད་ཡེ་ཤེས་སྙིང་པོར་གནས།། དེ་ཡི་ཡོན་ཏན་ཁྱབ་པ་ཕྱོགས་དང་རིས་མེད་པ།། ཟབ་དང་ཐུན་མོང་མ་ཡིན་ཐོག་མ་རྒྱུ་རྐྱེན་མེད།། ཆོས་སྐུ་མཚོན་བྱ་དག་དང་རྟོག་པ་དང། ། དག་པ་གློ་བུར་དྲི་མ་རྣམ་དག་དྲོངས།། རང་བཞིན་བྲལ་བས་དེ་ཉིད་འོད་གསལ་ལོ།། དེ་ཡི་རྟོགས་པ་བློ་འདས་རིག་པ་ལ།། སྨྲ་བསམ་བརྗོད་མེད་སོ་སོར་རང་རིག་རྟོགས།། མཚན་ཉིད་འདུས་བྱས་མ་ཡིན་འཁོར་འདས་དབྱེར་མེད་པ། ། རྟག་ཆད་ལས་འདས་ཡང་དག་དོན་དུ་ངེས།། ཆོས་སྐུའི་དབྱེ་བ་བཞི་སྣང་ཆོས་སྐུ་དང།། ཀུན་བཟང་ངོ་བོ་ཉིད་ཀྱི་ཆོས་སྐུ་ནི།། ཆོས་ཉིད་སྤྱན་གྱིས་འཁོར་འདས་ཟང་ཐལ་གཟིགས། ། ཆོས་ཉིད་དོན་གྱི་གསུང་གི་ནི།། སྐྱེ་མེད་བརྗོད་དང་བྲལ་བའི་དོན་གྱིས་ནི།། དེ་ཉིད་བརྗོད་དུ་མེད་པའི་ཆོས་བཤད་དོ།། ལོངས་སྐུའི་ངོ་བོ་རིགས་ལྔ་འོད་གསལ་ཡེ་ཤེས་ལྔ་ཡི་སྐུ།། ཐུགས་རྗེ་ཟེར་དུ་འཕྲོ་བའི་བདག་ཉིད། ། མཚོན་བྱ་སྐུ་ཡི་སྣང་བ་ལྔ་ཤར་བ།། ཐུགས་ཉིད་རྡོ་རྗེ་ལྟ་བུའི་དགོངས་པ་ཏིང་འཛིན་རྟོགས།། མཚན་ཉིད་འདུ་བྱེད་རྐྱེན་གྱིས་མི་བསྐྱོད་ལྷུན་གྱིས་གྲུབ།། ཡོན་ཏན་སྤྲུལ་སྐུར་འཕྲོ་ཡང་འགྱུ་བྱེད་མི་མངའ་བ། ། དབྱེ་བ་བཞི་པོ་ལོངས་སྐུ་རྟོག་མེད་སྐུ་ལྔ་དང།། ཞིང་ཁམས་ལོངས་སྐུ་འགྲོ་ལ་ཁྱབ་པའི་སྐུ།། ཡེ་ཤེས་སྤྱན་གྱིས་ཆོས་རྣམས་མཉམ་ཉིད་གཟིགས།། དགོངས་པ་འདའ་བའི་གསུང་གིས་སྐུ་ཡི་ཆོས་རྣམས་འཇལ་བར་སྟོན། ། སྤྲུལ་སྐུའི་ངོ་བོ་ཐུགས་རྗེ་ཡེ་ཤེས་ལས།། མཚོན་བྱ་སྐུ་གསུང་ཐུགས་ཀྱི་སྣང་བ་ལ།། འགྲོ་བ་དད་དང་མོས་དང་སྨིན་པར་བྱས།། མཚོན་པ་ཐུགས་རྗེ་ཐབས་ཀྱིས་རྣམ་པར་མཚོན།། དབྱེ་བ་བཞི་གནས་སྤྲུལ་སྐུ་ཐུགས་རྗེ་སྤྲུལ་པའི་སྐུ། ། ཡེ་ཤེས་རང་བྱུང་སྤྲུལ་པའི་སྐུ་ཤར་བའོ།། ཤེས་རབ་སྤྱན་གྱིས་སྤྱི་དང་རང་གི་མཚན་ཉིད་སོ་སོར་གཟིགས།། བརྗོད་པ་ཚིག་གི་གསུང་གིས་འགྲོ་ལ་ཆོས་སྟོན་ཏོ། ། སེང་གེ་སྒྲ་དགོངས་པ་ཉི་ཟླ་ཁ་སྦྱོར་རྒྱུད་ལས། སྐུ་གསུམ་རང་བཞིན་བསྟན་པའི་ལེའུ་སྟེ་བཅུ་པའོ།།།། ཀྱེ། བཅོམ་ལྡན་ཐུགས་རྗེ་ཐབས་ཀྱི་བདག། སྐུ་གསུམ་ངེས་ཚིག་གསུང་དུ་གསོལ།། བཀའ་སྩལ་བ། ཆོས་སྐུའི་ངོ་བོ་གཉིས་མེད་ཤེས་རབ་བདལ་ཁྱབ་ལ།། ལོངས་སྐུ་མཚན་ཉིད་འོད་གསལ་མི་རྟོག་ཡེ་ཤེས་སོ།། སྤྲུལ་སྐུ་ངོ་བོ་ཐུགས་རྗེ་མི་འགག་པ།། ཆོས་སྐུ་ངེས་ཚིག་ཁྱབ་དང་རྟེན་བྱེད་ལ།། ལོངས་སྐུ་ཞི་དང་འཁོར་སྨིན་ལོངས་སྤྱོད་དོ། ། སྤྲུལ་སྐུ་ངེས་ཚིག་ཐུགས་རྗེ་སྣ་ཚོགས་སྤྲུལ།། ཡུན་ཐུང་མ་ངེས་ཕྱིར་ན་སྤྲུལ་ཞེས་བྱ།། དབྱེ་བ་ཆོས་སྐུའི་ཆོས་སྐུ་ནི།། མི་འགྱུར་རིག་པ་སྤྲོས་བྲལ་བདལ་ཁྱབ་པ།། ཆོས་ཀྱི་སྐུ་ཡི་ཆོས་སྐུ་ཡང་དག་བཤད། ། རིག་པའི་ཤེས་རབ་སྐུ་ལྔ་མཁྱེན་མ་འགགས།། ཆོས་སྐུའི་ལོངས་སྐུར་རྒྱལ་བ་ཀུན་གྱིས་བཤད།། གདུལ་བྱ་སོགས་མེད་སྐུ་ལྔ་ངོ་བོ་ཉིད་ཤར་བ།། ཆོས་སྐུའི་སྤྲུལ་པ་སྐུ་ཡི་ངེས་བཤད་ཡིན།། དེ་ལ་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་ཞེས་བྱ། ། ཁྱབ་བདལ་གཞི་ཡི་ཆོས་སྐུར་དེ་བཤད་དོ།། ལོངས་སྐུ་ཆོས་སྐུ་རྣམ་སྣང་ཆེན་པོ་སྐུ་གཅིག་སྐུ་ལྔར་ཤར།། དེས་ན་ཀུན་ཏུ་ཞལ་ཞེས་བཤད་པ་ཡིན།། ལོངས་སྐུ་ལོངས་སྐུའི་རིགས་ལྔ་སངས་རྒྱས་ལ། ། ལོངས་སྐུའི་སྤྲུལ་སྐུ་སེམས་དཔའ་སེམས་མའོ།། དེ་རྣམས་མཚན་ཉིད་བྱེ་བྲག་བཤད་པ་ནི།། འབྲས་བུ་མངོན་དུ་གསལ་བའི་དུས་ཞེས་བྱ།། སྤྲུལ་སྐུའི་ཆོས་སྐུ་རྡོ་རྗེ་སེམས་དཔའ་ལ།། སེམས་དཔའ་སེམས་མ་ལོངས་སྐུར་བཤད་པ་ནི།། ཟེར་གྱི་ཐུགས་རྗེ་སྤྲུལ་པ་ཞེས་སུ་བྱ།། དེ་རྣམས་ཐུགས་རྗེ་འབྱུང་བའི་སྐུ་གསུམ་ཞེས་སུ་བཤད།། རྡོ་རྗེ་སེམས་དཔའ་ཐུགས་ལས་ཐུབ་དྲུག་སྤྲོས།། ཐུབ་དྲུག་སྤྲུལ་སྐུ་བྱེ་བ་མཆེད་པ་ནི། ། འགྲོ་བ་འདུལ་བའི་སྐུ་གསུམ་ཞེས་སུ་བཤད།། ཀྱེ་ཀྱེ་གསང་བདག་ངེས་པར་བཤད་ཀྱིས་ཟུངས།། ང་ནི་རྡོ་རྗེ་སེམས་དཔའ་ཆོས་ཀྱི་སྐུ།། ང་ཡི་དབུ་ཡི་ཐོར་ཚུགས་དང།། མཛོད་སྤུ་བུ་ག་ཤངས་ཀྱི་རླུང་སྒྲོམ་ནས། ། དེ་རྣམས་འབྱུང་བའི་འཇམ་དཔལ་དྲི་མེད་དང།། སེང་གེ་སྒྲ་དང་སེམས་དཔའ་སྙིང་པོ་ལ་སོགས་པ།། སྤྲུལ་པའི་ལོངས་སྐུ་ཡིན་པར་ངས་བཤད་དོ།། ཐུབ་དྲུག་དགའ་རབ་རྡོ་རྗེ་ལ་སོགས་པ། ། སྤྲུལ་པའི་སྤྲུལ་པ་ཡིན་ཞེས་བྱ།། སེང་གེ་སྒྲ་དགོངས་པ་ཉི་ཟླ་ཁ་སྦྱོར་ལས།། སྤྲུལ་སྐུ་གསུམ་གྱི་དབྱེ་བའི་ལེའུ་སྟེ་བཅུ་གཅིག་པའོ།།།། ཀྱེ། བཅོམ་ལྡན་ཐུགས་རྗེ་ཐབས་ཀྱི་བདག། སྐུ་གསུམ་རང་བཞིན་གསུང་དུ་གསོལ། ། བཀའ་སྩལ་པ། སྐུ་གསུམ་རང་བྱུང་ངོ་བོ་མ་བྱས་པ།། མ་བཅོས་མ་བསླད་མི་འགྱུར་བ།། རང་བཞིན་རྣམ་དག་འདུས་མ་བྱས།། ཡེ་ཤེས་འོད་གསལ་ནམ་མཁའ་ལྟ་བུ་ལ།། ཆོས་ཉིད་རྣམ་དག་རྡོ་རྗེ་ལྟ་བུའི་སྐུ། ། རིག་པ་རང་ཤར་ཟང་ཐལ་ཡེ་ཤེས་ཀློང།། རང་བཞིན་གཞི་གནས་ཡེ་ཤེས་ཆེན་པོ་ལ།། མཚན་ཉིད་འཛིན་པའི་ཡེ་ཤེས་རྣམ་པ་ལྔ།། མི་འགག་སོ་སོར་ངང་ལ་འོད་དུ་གསལ། ། དེ་ཡི་ཀློང་ན་སྙིང་པོ་སྐུ་ལྔ་ཕྱག་རྒྱ་འགག་མེད་གསལ།། ངོ་བོ་ཆོས་སྐུ་གསུང་ཐུགས་རང་བཞིན་ལོངས་སྤྱོད་སྐུ།། ཐུགས་རྗེ་སྤྲུལ་སྐུ་ཐམས་ཅད་འབྱུང་བ་བཞི་མ་འགགས།། བཞི་ལ་གནས་པའི་སྐུ་གསུམ་ཡེ་ཤེས་ཞེས་སུ་བྱ། ། རྒྱུ་ཉིད་དག་པ་ཆོས་སྐུ་འབྲས་བུ་གཟུགས་སྐུ་གཉིས།། རང་གསལ་རྩལ་དུ་གྲུབ་སྟེ་གཞི་གནས་སྐུ་གསུམ་མོ།། སེང་གེ་སྒྲ་ཉི་ཟླ་ཁ་སྦྱོར་ལས།། སྐུ་གསུམ་རང་བཞིན་བཞིའི་ལེའུ་སྟེ་བཅུ་གཉིས་པའོ། །།། ཀྱེ། བཅོམ་ལྡན་ཐུགས་རྗེ་ཐབས་ཀྱི་བདག། གཞི་སྐུ་གསུམ་སངས་རྒྱས་ལས། འབྲས་བུ་བཤད་དུ་གསོལ། བཀའ་སྩལ་པ། གཞི་སྐུ་གསུམ་ཡེ་སངས་རྒྱས་པ་ལས།། ཀུན་བཟང་རྟོགས་པའི་སངས་རྒྱས་ནི། ། གཉིས་ལས་མ་འདྲེས་གཅིག་ལས་མི་འབྱེད་པས།། མ་འདྲེས་རྫོགས་པ་ཡེ་ཤེས་རང་ཤར་བས།། བདེ་ཆེན་དབྱིངས་སུ་མངོན་པར་སངས་ཡང་རྒྱས།། སངས་རྒྱས་ངོ་བོ་ངེས་ཚིག་དང།། དབྱེ་བ་མཚན་ཉིད་རྣམ་གྲངས་བསྟན། ། སངས་རྒྱས་ངོ་བོ་དྲི་མེད་ཡེ་ཤེས་ལ།། ངེས་ཚིག་ཉོན་མོངས་སྡུག་བསྔལ་དྲི་དག་ཡེ་ཤེས་རྒྱས།། དབྱེ་བ་ལྷུན་གྲུབ་སངས་རྒྱས་རྟོགས་པ་མངོན་སངས་རྒྱས།། ཐུགས་ཀྱི་དགོངས་པས་ཡེ་ཤེས་ཆོས་འཆད་དོ། ། ལོངས་སྐུ་སྤྲུལ་པའི་སྐུ་ལ་བརྡ་ཡིས་སྟོན།། སྤྲུལ་པ་འགྲོ་བའི་དོན་ཕྱིར་བརྡ་དང་ཚིག་གིས་སྟོན།། དེ་ཡི་ཕྱིར་ན་སྐུ་གསུམ་སྟོན་པ་ཞེས་སུ་བྱ།། རང་རིག་རྟོགས་པའི་ཤེས་རབ་ཀྱིས།། ལོག་པར་རྟོགས་པའི་བདུད་བཅོམ་སྟེ། ། མཁྱེན་པའི་ཡེ་ཤེས་སྟོབས་ལྡན་པས།། བཟུང་འཛིན་མཐའ་ལས་འདས་པ་ནི།། བཅོམ་ལྡན་འདས་ཞེས་བཤད་པ་ཡིན།། མཁྱེན་རྟོགས་བདག་གིས་དཔལ་དང་དོན་སྟོན་གཞན་གྱི་དཔལ། ། ཀུན་ཏུ་དོན་བྱེད་ཀུན་ཏུ་བཟང་པོས་བྱ།། འགྲོ་བའི་མུན་སེལ་སྒྲོན་མས་བྱ།། རང་བྱུང་ཡེ་ཤེས་སྐྱེ་འགག་མེད་པས་འཆི་བདག་བདུད་ཀྱང་བཅོམ།། རང་བྱུང་ཡེ་ཤེས་མཚན་མ་མེད་པས་ཕུང་པོའི་བདུད་ཀྱང་བཅོམ། ། རང་བྱུང་ཡེ་ཤེས་གཉིས་སུ་མེད་པས་ཉོན་མོངས་བདུད་ཀྱང་བཅོམ།། སྐུ་གསུམ་ཡེ་ཤེས་གཟུང་འཛིན་བྲལ།། བྲལ་བས་ལྷ་ཡི་བུ་ཡི་བདུད་ཀྱང་བཅོམ།། ལོངས་སྐུ་འཇའ་ཚོན་སྐུ་ལྔ་གདོས་བཅས་མེད་པས་ཕུང་པོའི་བདུད་ཀྱང་བཅོམ། ། གཟུང་འཛིན་སྐྱོན་བྲལ་ཉོན་མོངས་བདུད་ཀྱང་བཅོམ།། ཡེ་ཤེས་ལུས་ལ་སྐྱེ་ཤི་མེད་པས་འཆི་བདག་བཅོམ།། འོད་གསལ་རང་བྱུང་ལྷ་ཡི་བུ་ཡི་བདུད་ཀྱང་བཅོམ།། སྐུ་གསུམ་ལྡན་ལུགས་བསྟན་པ་ནི། ། ཆོས་སྐུ་ཡོན་ཏན་སྒོ་ཡངས་པས།། ཡེ་ཤེས་ལྔ་དང་སྐུ་གཉིས་ལྡན།། ལོངས་སྐུ་མཚན་དང་དཔེ་བྱད་ལྡན།། དགོངས་པ་འོད་གསལ་ཡེ་ཤེས་ལྡན།། མངོན་པར་ཤེས་པའི་ཆོས་དྲུག་ལྡན།། སྤྲུལ་སྐུ་ཐུགས་རྗེ་རྫུ་འཕྲུལ་ལྡན། ། སྐུ་གསུམ་འདས་ལུགས་བསྟན་པ་ནི།། ཆོས་སྐུ་མཐའ་རྣམས་ཀུན་ལས་འདས།། ལོངས་སྐུ་གཟུང་འཛིན་འཁོར་བ་འདས།། སྤྲུལ་སྐུ་ཤེས་རབ་ཐབས་ལྡན་པ།། འཁོར་འདས་གཉིས་ཀྱི་མཐའ་ལས་འདས། ། སྐུ་གསུམ་རྒྱས་པ་བསྟན་པ་ནི།། ཆོས་སྐུ་མཚན་མ་གཉིས་སྣང་སངས།། རང་རིག་གསལ་བ་གཉིས་མེད་ཡེ་ཤེས་རྒྱས།། ལོངས་སྐུ་འཁོར་བའི་ཆོས་ཅན་སངས།། ཐམས་ཅད་མཁྱེན་པའི་ཆེ་བའི་ཡེ་ཤེས་ཡོན་ཏན་རྒྱས། ། སྤྲུལ་སྐུ་མ་རིག་འཁོར་བར་རང་རྒྱུད་སངས།། ཤེས་རབ་ཐབས་དང་ཐུགས་རྗེ་རྒྱས།། སྐུ་གསུམ་དྲི་མ་དག་ལུགས་ནི།། ཆོས་སྐུ་ངོ་བོ་དྲི་མ་དག། ལོངས་སྐུ་རེག་བྱ་དྲི་མ་རྣམ་པར་དག། སྤྲུལ་སྐུ་ཉོན་མོངས་དྲི་མ་རྣམ་པར་དག། ཅེས་སེང་གེ་སྒྲ་དགོངས་པ་ཉི་ཟླ་ཁ་སྦྱོར་རྒྱུད་ལས། འབྲས་བུ་སྐུ་གསུམ་བཤད་པ་དང་གཞི་འབྲས་ཁྱད་པར་ལེའུ་སྟེ་བཅུ་གསུམ་པའོ།།།། ཀྱེ་ཀྱེ་བཅོམ་ལྡན་ཐུགས་རྗེ་ཐབས་ཀྱི་བདག། སྐུ་གསུམ་ཚོམ་བུ་བཞུགས་ལུགས་བཤད་དུ་གསོལ། བཀའ་སྩལ་པ། ཆོས་སྐུ་གཞི་སྣང་ཆེན་པོ་ནི།། ཆོས་ཉིད་འོད་གསལ་ཡེ་ཤེས་སྐུ།། དེ་ཉིད་ཕྱི་ནང་མེད་པར་གསལ།། རིག་པ་ཕྱི་ནང་མེད་པར་ཁྱབ། ། བདལ་བ་ཕྱོགས་རིས་མེད་པར་ཤར།། གཉིས་མེད་ཆོས་ཉིད་རྡོ་རྗེའི་སྐུ།། རང་གསལ་འཛིན་མེད་ཐུགས་རིག་པ།། དེ་ལ་མཁྱེན་པ་མ་འགགས་པ།། རང་རིག་ཆོས་ཉིད་ཡེ་ཤེས་གདངས་ཤར་བ། ། ཡུམ་གྱི་རང་བཞིན་ཤེས་རབ་ཡེ་ཤེས་སྤྱན་གྱི་བུམ་པ་ལྔ།། སྣང་བ་དངོས་མེད་ནམ་མཁའ་འཇའ་ཚོན་བཞིན།། དེ་ཡི་ནང་ན་སྐུ་གཅིག་སྐུ་ལྔར་གསལ།། གསལ་ལ་རྟོག་མེད་བུམ་པའི་མར་མེ་འདྲ།། སྐུ་གསུམ་ནང་གསལ་འདུ་འབྲལ་མེད་པའི་གནས། ། རིག་པའི་འོད་གསལ་ཐུགས་ཉིད་ཟང་ཐལ་བས།། སྐུ་གཉིས་ཡུལ་དུ་མི་སྣང་ཡོན་ཏན་རྩལ་མ་འགགས།། འདུ་འབྲལ་མེད་པའི་སྐུ་གསུམ་སྙིང་པོ་ལ།། སྐུ་གཉིས་མི་འགག་ཡོད་པའི་མེད་པ་སྟེ། ། ཆོས་སྐུ་མི་འགྱུར་མེད་པའི་ཡོད་པ་ནི།། འཁར་གཞོང་བཅུད་དང་མེ་ལོང་གཟུགས་བརྙན་བཞིན།། སྣང་ལ་རང་བཞིན་མེད་པས་མཚན་མའི་སྐྱོན་དང་བྲལ།། མི་སྣང་རང་བཞིན་ཡོད་པ་ཆད་པའི་མཐའ་ལས་འདས། ། ཆོས་ཉིད་དག་པའི་སྣང་བ་ལ།། ཀུན་ཏུ་བཟང་པོ་བཟང་མོའི་ངང།། རང་ལ་ཤེས་རབ་སྐུ་ལྔ་སྣང།། མཚན་མ་གདོས་བཅས་སྐུ་མ་ཡིན།། ཡེ་ཤེས་རང་སྣང་ཆེན་པོ་ཆོས་ཀྱི་སྐུ།། མཚན་མ་གཞན་སྣང་རྟོགས་པ་མེད། ། ཤེས་རབ་སྐུ་ལྔ་བསྟན་པ་ནི།། རང་ཤར་རང་གསལ་ངོ་བོ་ལ།། ཐམས་ཅད་འཆར་ཞིང་སྣང་བའི་ཕྱིར།། ཀུན་བཟང་སྣང་བ་ཆེན་པོས་བྱ།། རང་ལ་སྐུ་མི་སྣང་བ་ཀུན་བཟང་ཡུམ་གྱི་ཀློང་ཞེས་བྱ། ། ཆོས་སྐུ་དངོས་མེད་ཟང་ཐལ་ལ།། གཞན་སྣང་མེད་པས་གདོས་བཅས་འདས།། རྣམ་དག་ཆོས་དབྱིངས་བཀོད་པ་ཡིས།། ཆོས་ཉིད་སྐུ་གསུམ་དབྱེར་མེད་ཀློང།། ཡེ་ཤེས་རང་གདངས་བུམ་པ་ལྔ། ། མ་འགགས་གསལ་བ་མྱུ་གུ་གནས།། ཆོས་དབྱིངས་དག་པ་རིག་པའི་སྐུ།། ཁ་དོག་སྣ་ཚོགས་འབར་བར་བཞུགས།། རྩལ་གྱི་འོད་ཟེར་དག་སྣང་བ།། མཐིང་ཁ་དཀར་སེར་དམར་དང་ལྗང། ། མ་འདྲེས་གསལ་བའི་ཡེ་ཤེས་རྫོགས།། དེ་ལྔ་ནང་ན་སྐུ་ལྔ་ལྷུན་གྱིས་གྲུབ།། ཕྱོགས་བཞི་དབུས་དང་ལྔར་གནས་པ་སྟེ།། དབུས་ནི་ཀུན་སྣང་ཡེ་ཤེས་ལ།། བཞི་པོ་རྣམ་སྣང་ཀུན་ཏུ་ཞལ།། ཁ་དོག་སྣ་ཚོགས་འབར་བའི་སྐུ། ། ཡེ་ཤེས་སྒོ་ལྔ་ཟང་ཐལ་མ།། སྣང་དུ་ཡོད་ལ་རེག་ཏུ་མེད།། རྟག་ཆད་མཐའ་ལས་འདས་པའི་གཞི།། སྒྲིབ་མེད་གདངས་གསལ་སྤྱན་མངའ་ཞིང།། ཐོགས་མེད་རང་བྱུང་ཤུགས་ཀྱི་མཛེས།། སྐྱོན་བྲལ་རྣམ་དག་ལྗགས་དང་ལྡན། ། འགག་མེད་རང་དངས་སྙན་གྱིས་བརྒྱན།། སྤྲོས་མེད་རང་གསལ་ཡེ་ཤེས་སྐུ།། ཕྱག་ནི་མཉམ་གཞག་ཞི་བའི་ངང།། ཁ་དོག་ལྔ་ཡི་བདག་ཉིད་འཛིན།། གདན་གསུམ་ངང་ལ་ཡོངས་སུ་རྫོགས། ། ཐབས་དང་ཤེས་རབ་ཡབ་ཡུམ་ཚུལ།། གདུལ་བྱ་རིགས་ལྔ་སངས་རྒྱས་ཏེ།། དག་ཅིང་གསལ་བའི་མེ་ལོང་ལ།། བྱད་ཀྱི་རྣམ་པ་གསལ་བ་ལྟར།། མཚན་རྫོགས་རྡོ་རྗེ་འཆང་ཆེན་ནི།། མི་བསྐྱོད་རིན་ཆེན་འབྱུང་ལྡན་དང། ། སྣང་བ་མཐའ་ཡས་དོན་གྲུབ་ཤར།། རང་རང་ཕྱག་མཚན་ཐུགས་ལས་གབ།། དབྱེར་མེད་རྡོ་རྗེ་སྐྱིལ་ཀྲུང་བཞུགས།། ཡེ་ཤེས་ལྔ་ཡི་སྦུབས་ན་གསལ།། རང་རང་སོ་སོའི་ཆོས་ཉིད་ལ།། ལྔ་པ་སོ་སོ་སྦུབས་ན་གནས། ། རེ་རེ་ལ་ཡང་བཞི་བཞིས་བསྐོར།། ཡེ་ཤེས་ལྔ་རྫོགས་རྩལ་གྱི་མཚན་ཉིད་འཛིན།། གཉིས་མེད་ཡུམ་ལྔ་ལུས་དང་གྲིབ་མ་བཞིན།། རང་བྱུང་རང་སྣང་རང་གིས་མཁྱེན།། རང་སྣང་རྩེ་གཅིག་འབྱེད་པ་མེད། ། སེང་གེ་སྒྲ་ལས། ཆོས་སྐུ་བཞུགས་ཚུལ་བསྟན་པའི་ལེའུ་སྟེ་བཅུ་བཞི་པའོ།།།། ཀྱེ། བཅོམ་ལྡན་ཐུགས་རྗེ་ཐབས་ཀྱི་བདག། ལོངས་སྐུ་བཞུགས་ཚུལ་གསུང་དུ་གསོལ།། བཀའ་སྩལ་པ། སྐུ་གཅིག་སྐུ་ལྔར་ཤར་བས་རྣམ་པར་སྣང་མཛད་ལ། ། དེ་ལས་འགྱུར་བ་མེད་པས་མི་བསྐྱོད་པ།། ཡོན་ཏན་ཕྱོགས་མེད་རང་བྱུང་རིན་འབྱུང་བྱ།། དྲི་མས་མ་གོས་ཐུགས་རྗེ་འོད་དཔག་མེད།། གང་ལ་ཐོགས་མེད་གྲུབ་པས་འཕྲིན་ལས་གྲུབ་པའི་སྐུ། ། ཤེས་རབ་སྐུ་ལྔའི་རང་བཞིན་ནི།། རིག་པ་གཅིག་གི་ངོ་བོ་ལ།། ཐམས་ཅད་འཆར་བར་སྣང་བས་རྣམ་སྣང་ཆེན་པོ་བྱ།། ཡོན་ཏན་མི་འགག་རིན་འབྱུང་ཆེན་པོ་བྱ།། ཐུགས་རྗེ་སྟོབས་ལྡན་འོད་དཔག་མེད། ། ཤེས་བྱ་ཐོགས་མེད་དོན་གྲུབ་ཆེན་པོ་བྱ།། དེ་དོན་རང་བྱུང་འགྱུར་མེད་མི་སྐྱོད་ཆེ།། འགག་མེད་དབྱེར་མེད་རིག་པ་ཤེས་རབ་ཐུགས་ལྡན་ནོ།། ཡོན་ཏན་ཀུན་བརྒྱན་རབ་ཏུ་ངང་ལ་གཅོད།། རྣམ་སྣང་ཐུགས་ཀྱི་རང་བཞིན་འཁོར་ལོ་རྩིབས་བརྒྱད་དོ། ། སྐུ་ལྔ་ཡེ་ཤེས་ལྔ་ལྡན་མི་འགྱུར་མི་ཕྱེད་པས།། མ་བསྐྱོད་ཐུགས་ཀྱི་རང་བཞིན་རྡོ་རྗེ་རྩེ་ལྔར་གནས།། ངོ་བོ་མི་འགྱུར་རང་བཞིན་མི་འགག་ཡོན་ཏན་རང་ལ་འབྱུང། ། རིན་འབྱུང་ཐུགས་ཀྱི་རང་བཞིན་ནོར་བུ་རིན་ཆེན་གནས།། རང་གི་ངོ་བོ་དྲི་མེད་རྣམ་དག་པས།། འོད་དཔག་མེད་པའི་ཐུགས་ནི་པདྨར་གནས།། ཐུགས་ཀྱི་རང་བཞིན་དགོངས་པ་མཐའ་བཞི་འདས། ། ཚད་མེད་ཡེ་ཤེས་འཕྲིན་ལས་བཞི་རྫོགས་པས།། དོན་གྲུབ་ཐུགས་ཀྱི་རང་བཞིན་རྡོ་རྗེ་རྒྱ་གྲམ་གནས།། ཡུམ་ནི་ཡེ་ཤེས་དབྱིངས་ཀྱི་ཆ།། སྐུ་མདོག་ཕྱག་མཚན་ཡབ་དང་མཐུན།། གཉིས་མེད་ཡེ་ཤེས་འོད་དུ་གསལ། ། མ་བཅོས་རང་བཞིན་ཡོངས་ཁྱབ་པས།། ཡུམ་གྱུར་ཀུན་ཏུ་བཟང་མོ་བྱ།། རང་བཞིན་མི་འགྱུར་འགག་མེད་ལ།། ཡུམ་གྱུར་སངས་རྒྱས་སྤྱན་ཞེས་བྱ།། ཡོན་ཏན་དོན་སྡུད་མཉམ་སྦྱོར་བས།། ཡུམ་གྱུར་མཱ་མ་ཀི་ཞེས་བྱ། ། ཡོན་ཏན་ཀུན་སྨིན་འོད་ཀྱི་གདངས་ལྡན་མ།། ཡུམ་གྱུར་གོས་དཀར་མོ་ཡི་དོན་དུ་བཤད།། རང་བཞིན་སྐྱོན་མེད་མི་ལྡོག་གནས་སུ་སྒྲོལ།། རླུང་ཉིད་དམ་ཚིག་སྒྲོལ་མའི་དོན་དུ་བཤད།། སྐུ་གསུམ་ཀུན་ཏུ་འོད་ཀྱི་ས་ལ་ཡེ་ཉིད་སྙིང་པོར་གནས། ། ས་ཡི་སྙིང་པོ་ཞེས་སུ་བཤད་པ་ཡིན།། སྐུ་གསུམ་ཀུན་ཏུ་ཁྱབ་པས་སེམས་དཔའ་ཀུན་བཟང་བྱ།། སྐུ་དེ་དོན་རང་ལ་གཟིགས་པས་སྤྱན་རས་གཟིགས།། སྐུ་གསུམ་ཕྱག་རྒྱ་སྐྱེ་འཇིག་མེད་པ་ཕྱག་ན་རྡོ་རྗེ་དོན། ། སྐུ་གསུམ་འགྲོ་ལ་སྙིང་རྗེ་ཁྱབ་པ་བྱམས་པའི་དོན།། སྐུ་གསུམ་རིག་སྟོང་དབྱེར་མེད་ནམ་མཁའི་སྙིང་པོས་དོན།། སྐུ་གསུམ་མཁྱེན་པར་གསོལ་བ་འཇམ་དཔལ་དོན། ། སྐུ་གསུམ་ཡེ་ཉིད་དག་པས་སྒྲིབ་སེལ་དོན།། སྐུ་གསུམ་ཡེ་ཤེས་སྐུར་སྣང་གཟུགས་ཉིད་སེམས།། སྐུ་གསུམ་ཚུལ་ཁྲིམས་དྲི་ལྡན་མ་ལེ་དྲི།། སྐུ་གསུམ་ཤེས་རབ་རོ་ལྡན་ནིརྟི་རོ།། སྐུ་གསུམ་སྒྲ་ལྡན་གཱི་རྟི་སྒྲ། ། སྐུ་གསུམ་དྲི་ལྡན་དྷཱུ་པེ་མ།། སྐུ་གསུམ་བདེ་བའི་མདངས་ལྡན་པུཥྤེ་མ།། སྐུ་གསུམ་འོད་གསལ་དར་ཤར་ཨཱ་ལོ་ཀེ།། སྐུ་གསུམ་ཏིང་འཛིན་རྒྱུན་འབབ་གནྡྷེ་མ།། སྐྱོན་གྱིས་མ་གོས་ཡེ་ཤེས་བཞི་ཡི་དོན།། ས་སྙིང་དཀར་པོ་རིན་ཆེན་མྱུ་གུར་གནས། ། དྲི་མེད་རང་ལ་རྫོགས་པས་འགྱུར་བ་མེད།། ཀུན་བཟང་མཐིང་སྐྱ་ཐུགས་ཀྱི་རང་བཞིན་རིན་ཆེན་སྙེ་མར་གནས།། ཡེ་ཤེས་དབང་ཐོབ་ཉོན་མོངས་སྐྱོན་དང་བྲལ།། སྤྱན་རས་དམར་སྐྱ་ཐུགས་ཀྱི་རང་བཞིན་པདྨ་དཀར། ། འཕྲིན་ལས་བྱ་རྫོགས་འདུ་འབྲལ་མེད།། ཕྱག་ན་རྡོ་རྗེ་ལྗང་ནག་ཐུགས་ཀྱི་རང་བཞིན་རྒྱ་གྲམ་གནས།། འདོད་པའི་སྐྱོན་བྲལ་ཐུགས་རྗེ་འཛིན།། བྱམས་པ་དཀར་དམར་ཀླུ་ཤིང་མགོ་ལྡོགས་སོ། ། གཟུང་འཛིན་རྣམ་གཅོད་རྟོག་པ་སེལ།། ནམ་སྙིང་མཐིང་སྐྱ་ཐུགས་ཀྱི་རལ་གྲི་གནས།། ཤེས་རབ་རང་གྲོལ་ཡེ་ཤེས་རྒྱས།། འཇམ་དཔལ་དམར་སེར་ཐུགས་ཀྱི་རང་བཞིན་ཨུཏྤལ་ལོ། ། སྒྲིབ་པ་རྣམ་དག་ཡེ་ཤེས་ཐོགས་པ་མེད།། སྒྲིབ་སེལ་མཐིང་ཁ་ཐུགས་ཀྱི་རང་བཞིན་པོ་ཏི་གནས།། ལཱ་སྱེ་དཀར་མོ་ཁུ་ཚུར་བགྱིང།། གཟུགས་ཀྱི་རྣམ་དག་ངོ་བོར་ཤར།། མཱ་ལེ་སྔོན་མོ་སྤོས་མེ་མ།། དྲི་ཡི་རྣམ་དག་ངོ་བོར་ཤར། ། ནི་རྟི་དམར་མོ་འཕྲེང་བ་མ།། རོ་ཡི་རྣམ་དག་ངོ་བོར་ཤར།། གིརྟི་ལྗང་ཁུ་བསིལ་ཁ་མ།། སྒྲ་ཡི་རྣམ་དག་ངོ་བོར་ཤར།། པུཥྤེ་མེ་ཏོག་དུས་འདས་ངོ་བོར་ཤར།། ཨཱ་ལོ་ཀེ་མར་མེ་ལྟ་ངོ་བོར་ཤར། ། གནྡྷེ་ཕྱིས་འབྱུང་ཡེ་ཤེས་རྣམ་དག་ངོ་བོར་ཤར།། སྐུ་གསུམ་སྐྱེ་འགག་མེད་པ་རང་བཞིན་ལྷུན་གྱིས་གྲུབ།། བདེ་ཆེན་སྐྱེ་འཇིག་མེད་པ་བདེ་བ་ཚེ་འཕེལ་མ།། རྣམ་དག་ཡུལ་བརྒྱད་རྟོག་པར་ཤར་བ་ཟ་བྱེད་པ། ། སྐུ་གསུམ་ཡེ་ཤེས་རྟོག་པ་ཟད་པར་བྱེད་པས་བདེ་བ་ཟད་བྱེད་མ།། སྐུ་གསུམ་ཡེ་ཤེས་ཀློང་དུ་འཁོར་བ་ཐིམ་པས་རྣམ་རྟོག་མགོ་རྨོངས་པས།། དེ་ཕྱིར་བདེ་བའི་ཡེ་ཤེས་རྨོངས་བྱེད་མ།། འཁོར་འདས་ཡེ་ཤེས་སྐུ་གསུམ་ངང་དུ་རྒྱས་ཐེབས་པས། ། དེ་ཕྱིར་བདེ་བའི་ཡེ་ཤེས་རྒྱས་འདེབས་མའོ།། ཐམས་ཅད་རིག་པ་རྩལ་གྱི་རོལ་པ་རྣམ་དག་བསྟན་པའི་དོན།། སེང་གེ་སྒྲའི་དགོངས་པ་ཉི་ཟླ་ཁ་སྦྱོར་ལས།། ལོངས་སྐུ་ངེས་དོན་བཞུགས་ཚུལ་གྱི་ལེའུ་སྟེ་བཅོ་ལྔ་པའོ། །།། ཀྱེ། བཅོམ་ལྡན་ཐུགས་རྗེ་ཐབས་ཀྱི་བདག། ཚོམ་བུ་དཀྱིལ་འཁོར་གསུང་དུ་གསོལ།། བཀའ་སྩལ་པ། བཅོམ་ལྡན་རྡོ་རྗེ་མི་བསྐྱོད་ལ།། ས་སྙིང་བྱམས་པ་གཡས་དང་གཡོན། ། ཐུགས་རྗེ་ཐབས་ཀྱི་སྐུ་རུ་ཤར།། ཡུམ་ཆེན་སངས་རྒྱས་སྤྱན་དག་ལ།། ལཱ་སྱེ་དྷཱུ་པེ་གཡས་དང་གཡོན།། ཐབས་དང་ཤེས་རབ་ཆ་འཛིན་པས།། རེ་རེ་ལ་ཡང་གཉིས་གཉིས་སྣང།། ཚོམ་བུ་དཀྱིལ་འཁོར་གཅིག་ཏུ་གསལ། ། བཅོམ་ལྡན་རིན་ཆེན་འབྱུང་ལྡན་ལ།། ཀུན་བཟང་ནམ་སྙིང་གཡས་དང་གཡོན།། ཡུམ་ཆེན་མཱ་མ་ཀི་དག་ལ།། མཱ་ལེ་དྷཱུ་པེ་གཡས་དང་གཡོན།། ཚོམ་བུ་དཀྱིལ་འཁོར་གཅིག་ཏུ་གསལ།། བཅོམ་ལྡན་སྣང་བ་མཐའ་ཡས་ལ། ། སྤྱན་རས་འཇམ་དཔལ་གཡས་དང་གཡོན།། ཡུམ་ཆེན་ན་བཟའ་གོས་དཀར་ལ།། ནིརྟི་ཨཱ་ལོ་གཡས་དང་གཡོན།། ཚོམ་བུ་དཀྱིལ་འཁོར་གཅིག་ཏུ་གསལ།། བཅོམ་ལྡན་དོན་ཡོད་གྲུབ་པ་ལ། ། ཕྱག་རྡོར་སྒྲིབ་སེལ་གཡས་དང་གཡོན།། ཡུམ་ཆེན་དམ་ཚིག་སྒྲོལ་མ་ལ།། གིརྟི་གནྡྷེ་གཡས་དང་གཡོན།། ཚོམ་བུ་དཀྱིལ་འཁོར་གཅིག་ཏུ་གསལ།། ཡབ་རྣམས་ཀུན་ཏུ་བཟང་པོ་ལ།། ཡུམ་རྣམས་ཀུན་ཏུ་བཟང་མོའི་ངང། ། དེ་ཕྱིར་ཀུན་བཟང་ཚོམ་བུ་གཅིག་ཏུ་གསལ།། ཕྱིན་ཅི་ལོག་བཞི་འདས་པ་ཚད་མེད་སྒོ་བ་བཞི།། ཡོན་ཏན་སྟོབས་མ་འགགས་པ་སུམ་ཅུ་རྩ་དྲུག་ནི།། ཡེ་ཤེས་ལྔ་ལྡན་འོད་ལྔ་ཕོ་བྲང་བཞུགས། ། ལོངས་སྐུ་ལྕགས་ཀྱི་ཟེར་ལ་གསུང་ཤར་བ།། ཡི་གེ་དྲུག་པའི་འཁོར་ལོ་ལས།། ཐུབ་དྲུག་ཐབས་མ་འགགས་པ་བཞི་བཅུ་རྩ་གཉིས་སོ།། མཚན་དང་དཔེ་བྱད་ལྷུན་མཉམ་སྐུ་ལ་རྫོགས།། ཐུགས་རྗེ་མཛད་སྤྱོད་རྒྱན་དང་རོལ་པར་ཤར། ། རྣམ་རྟོག་མི་མངའ་ཐམས་ཅད་ས་ལེ་མཁྱེན།། ཡེ་ཤེས་ལུས་ཅན་ཆོས་ཀྱི་སྤྱན་མངའ་བ།། རྫོགས་པའི་སངས་རྒྱས་དྲུག་པ་རྡོ་རྗེ་འཆང།། སངས་རྒྱས་འདུས་པ་རེ་ལྔ་ཐིག་ལེ་སྐུ། ། མ་འགགས་རང་བྱུང་གསུང་མི་འགྱུར།། ལྗགས་ཀྱི་པདྨོ་ཡི་གེ་དྲུག་འགྱུར་ལ།། ཐུགས་རྗེ་སྤྲུལ་སྐུ་འཆར་བའི་སྒོ་མ་འགགས།། དེ་ལས་ཤེས་རབ་ཡེ་ཤེས་ཟེར་འཕྲོ་བ།། ཐབས་མ་འགགས་པ་ཐུགས་རྗེ་སྤྲུལ་སྐུར་གསལ། ། སེང་གེ་སྒྲ་ཉི་ཟླ་ཁ་སྦྱོར་ལས། ལོངས་སྐུ་ཚོམ་བུ་འཕྲོ་བའི་ལེའུ་སྟེ་བཅུ་དྲུག་པའོ།།།། ཀྱེ། བཅོམ་ལྡན་ཐུགས་རྗེ་ཐབས་ཀྱི་བདག། གནས་དང་གདན་རྣམས་གསུང་དུ་གསོལ། ། བཀའ་སྩལ་པ། གནས་མེད་གནས་མཆོག་ཆོས་དབྱིངས་རྣམ་དག་ན།། མ་བྲིས་འོད་གསལ་དཀྱིལ་འཁོར་ཡང་དག་གསང་བའི་མཆོག། བཞུགས་ནས་ལྷུན་གྲུབ་མ་ཡི་ཕོ་བྲང་ངོ།། དེ་ལ་བཞུགས་པ་གདན་གྱི་ཁྱད་པར་ནི། ། རྟགས་དང་ཁྱད་པར་ཆོས་ཉིད་གདན།། རྟགས་ལ་རྣམ་པ་ལྔར་བཤད་པ།། སྐུ་གསུམ་འདུ་འབྲལ་མེད་པའི་རྩལ་རྫོགས་ཏེ།། རྣམ་སྣང་རྩལ་གསུམ་རྫོགས་པ་སེང་གེའི་གདན།། སྐུ་གསུམ་ཆོས་ཉིད་ངང་དུ་མི་འགྱུར་རྟགས། ། མི་བསྐྱོད་གདན་དུ་གླང་ཆེན་མི་བསྐྱོད་ཁྲི།། ཆོས་སྐུ་ཆོས་ཉིད་ངང་ལ་སྐུ་གཉིས་ཐུགས་རྗེ་སྐྱོད་པའི་རྟགས།། རང་བྱུང་ཤུགས་འཆང་སྐྱོད་པ་རྟ་མཆོག་གདན།། སྐུ་གསུམ་འོད་ལ་ཐུགས་རྗེ་འགྲོ་བའི་དོན་བྱེད་པ། ། མཐའ་ཡས་མཛེས་པ་རྨ་བྱ་འོད་ཀྱི་གདན།། སྐུ་གསུམ་རྫུ་འཕྲུལ་སྟོབས་ཀྱིས་འཕྲིན་ལས་ཐོགས་མེད་མཛད།། དོན་གྲུབ་མཁའ་ལྡིང་ཐོགས་མེད་གདན་ལ་བཞུགས་པའོ།། ཤེས་རབ་འགྱུར་བ་མེད་པའི་ཆོས་ཉིད་ལས། ། ཐབས་ལ་འགགས་པ་མེད་པའི་ཡེ་ཤེས་གསལ།། གཉིས་མེད་སྐུ་དང་ཡེ་ཤེས་གསལ་བའི་རྟགས་སུ་ཉི་ཟླའི་གདན།། རིག་པའི་ཡེ་ཤེས་རང་རིག་ཁོ་ནར་ཤར་བས་དྲི་མ་མེད། ། དེ་དོན་མཚོན་པ་པདྨའི་གདན།། སྐྱོན་བྲལ་བ་ཡི་དོན་དུ་མཚོན།། ཞེས་གསུངས། སེང་གེ་སྒྲ་ཉི་ཟླ་ཁ་སྦྱོར་ལས། གནས་དང་གདན་གྱི་ཁྱད་པར་གྱི་ལེའུ་སྟེ་བཅུ་བདུན་པའོ།།།། ཀྱེ། བཅོམ་ལྡན་ཐུགས་རྗེ་ཐབས་ཀྱི་བདག། ལོངས་སྐུ་བཞུགས་རོལ་དེ་ལྟར་ན།། སྤྲུལ་པའི་སྐུ་ཡི་ཞིང་ཁམས་འདིར།། སྟོན་པ་བྱོན་ལུགས་ཇི་ལྟར་ལགས།། བཀའ་སྩལ་པ། རྡོ་རྗེ་འཛིན་པ་ལེགས་པར་ཉོན་ཅིག་ཆོས་སྐུ་འོད་འགྱུར་རྩལ་གྱི་རོལ་པ་ནི། ། ལོངས་སྐུ་ཟེར་འོད་བཞི་བཅུ་རྩ་གཉིས་ཤར།། དེ་ཡི་གསུང་གི་རོལ་པ་ཡི་གེ་དྲུག། འ་ཨ་མ་ཤ་ས་ཧ་དྲུག། དེ་ལས་ང་སོགས་སྤྲུལ་སྐུར་ཤར་བ་ནི།། འདུལ་བྱ་དྲུག་ལ་སོ་སོར་འཚམ་པར་འཆད།། སྟོན་པ་བྱོན་གཞི་དེ་ལྟར་ན། ། འགྲོ་དྲུག་སྐྱེ་བ་མཐུན་པ་རུ།། སྐུ་ཡི་འཁྲུལ་རྟེན་གང་གིས་བགྱིས།། རྟོགས་པའི་ཤེས་རབ་ཇི་ལྟར་སྐྱེས།། ཐུགས་རྗེ་ཡིག་འབྲུ་ཇི་ལྟར་སྤྲོ།། ཞེས་སོ།། ལོངས་སྐུ་ལྗགས་ཀྱི་འཁོར་ལོ་ལས། ། གསུང་གི་ངོ་བོ་ཤེས་རབ་ཡེ་ཤེས་ཤར།། རང་བྱུང་ཀུན་གཞི་ཡི་གེ་མ།། སྐྱེ་མེད་གཞི་ཡང་ཡི་གེ་ཨ།། འགག་མེད་ཡི་གེ་ཧ་དང་འ།། འཛིན་བྱེད་ཡི་གེ་ས་འཕྲོས་ནས།། ཕ་དང་མ་ལ་བརྟེན་པར་བྱ།། བུང་བ་མེ་ཏོག་འཇིབ་པ་ལྟར། ། ཨུ་དུམ་འབར་བའི་མེ་ཏོག་ལ།། རིག་པའི་ཡེ་ཤེས་ཡས་ཞུགས་རྫུས་ནས་སྐྱེས།། ཡང་བཀའ་སྩལ་པ། རྡོ་རྗེ་འཛིན་པ་ངེས་པར་ཉོན།། ངས་ལེན་མ་མྱོང་བ་ཡི་ལུས་གཉིས་བླངས། ། ཆོས་སྐུ་ངོ་བོ་ཉིད་ལས་ནི།། ལོངས་སྐུ་སྤྲུལ་སྐུ་གཉིས་བླངས་སོ།། མཐོང་མ་མྱོང་བའི་ཡུལ་གཉིས་མཐོང།། སྤྱིར་འགྲོ་དྲུག་སྤྲུལ་པའི་ཞིང་ཁམས་དང།། ནང་ཚོམ་བུ་ལྔ་ཡི་ལོངས་སྐུ་མཐོང།། ཤེས་མ་མྱོང་བའི་གཏམ་གཉིས་ཤེས། ། བསོད་ནམས་ཚོགས་དང་ཡེ་ཤེས་སོ།། ངས་བརྗོད་མ་མྱོང་བ་ཡི་ཚིག་གཉིས་བཤད།། བཀྲི་དྲང་ཐེག་པའི་ཆོས་དང་སྙིང་པོའི་དོན་བཤད་དོ།། དེ་ཚེ་རྟོགས་པའི་ཤེས་རབ་རང་ཤར་སྐྱེས། ། ང་ཡི་ཆོས་སྐུ་རྣམ་དག་པས།། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཤར།། ལོངས་སྐུ་མ་བསྐྱེད་ལྷུན་རྫོགས་པས།། རྣམ་པ་ཐམས་ཅད་མཁྱེན་པའི་དོན།། རང་རིག་ཤེས་པས་ཡེ་ནས་རང་ལ་ཤར།། ཐམས་ཅད་སྤྲུལ་པའི་སྐུ་ཡིན་པས། ། ཆོས་རྣམས་རང་བྱུང་ཆེན་པོར་ཤར།། འགྲོ་དྲུག་སེམས་ཅན་ཐམས་ཅད་ཀྱང།། དང་པོ་ཆོས་སྐུ་ཟེར་ལས་འཁྲུལ།། བར་དུ་སྐུ་གསུམ་ངང་དུ་གནས།། ཐ་མ་ཐིམ་ཡང་ཆོས་ཉིད་ངང་དུ་ཐིམ། ། སྐལ་མེད་ལས་མ་དག་པའི་སེམས་ཅན་རྣམས།། སྤྱན་གསུམ་རྣམ་དག་རང་གསལ་ངོ་མ་ཤེས།། སྐལ་ལྡན་སྐུ་གསུམ་རང་ཆས་གནས་པ་ལ།། རྟོགས་པས་སྒོ་གསུམ་རང་ཤར་རང་སར་གྲོལ།། དུས་གསུམ་རང་གྲོལ་མཁྱེན་པའི་ཡེ་ཤེས་འཆར། ། བུམ་པ་ནང་གི་མར་མེ་གསལ་བ་བཞིན།། འགྱུར་མེད་སྐུ་གསུམ་རང་ས་དུས་དེར་ཟིན།། རབ་ཀྱི་རྫོགས་ལྡན་དགོངས་པ་ཚེ་འདིར་ཆོད།། འབྲིང་གིས་ལྔ་ལྡན་ཡེ་ཤེས་བར་དོར་ཆོད། ། སྐུ་གཉིས་ཆོས་སྐུའི་ཀློང་དུ་རྫོགས་ལྡན་ཆེན་པོ་ཆོད།། སེང་གེ་སྒྲ་ཡི་དགོངས་པ་ཉི་ཟླ་ཁ་སྦྱོར་ལས། སྤྲུལ་སྐུ་རྣམ་པར་བྱེ་བྲག་ཚུལ་བསྟན་པའི་ལེའུ་སྟེ་བཅོ་བརྒྱད་པའོ།།།། ཀྱེ། བཅོམ་ལྡན་ཐུགས་རྗེ་ཐབས་ཀྱི་བདག། སྐུ་གསུམ་ཡེ་ཤེས་འཆར་ལུགས་གསུང་དུ་གསོལ།། བཀའ་སྩལ་པ། རང་འབྱུང་ཡེ་ཤེས་ཆེན་པོ་འདི།། ཡིན་མིན་དབྱེ་བ་ངས་བཤད་ཀྱིས།། རྡོ་རྗེ་འཛིན་པ་ངེས་པར་ཉོན།། ཡེ་ཤེས་མ་ཡིན་རང་བྱུང་དེ། ། སེམས་ཅན་ཀུན་ལ་ཡོད་མོད་ཀྱང།། མ་རྟོགས་ཕྱིར་ན་ཡེ་ཤེས་མིན།། མིག་མཁན་མེད་པའི་ལོང་པ་འདྲ།། རང་བྱུང་མེད་པའི་ཡེ་ཤེས་དེས།། གནས་འགྱུར་ཡེ་ཤེས་ལྔ་འདོད་པ།། རྐྱེན་གྱིས་འབྱུང་ཕྱིར་ཡེ་ཤེས་མིན། ། རྒྱུད་ལ་བསེ་རུ་ཟིན་པ་འདྲ།། རང་བྱུང་ཡེ་ཤེས་ཡེ་ནས་ཡིན་པ་ནི།། ཤེས་རབ་ལྷག་མཐོང་རང་བྱུང་ཤར།། ཡེ་ནས་གནས་པའི་རང་བྱུང་དེ།། ལུང་ལྡན་རྐྱེན་གྱིས་རྟོགས་པའི་ཕྱིར།། རང་ཤར་ཡེ་ཤེས་འཇོམས་པ་ནི། ། མར་གྱི་ཡང་ཞུན་ལྟ་བུ་སྟེ།། ཉི་མ་སྤྲིན་དང་བྲལ་བ་འདྲ།། ཡེ་ནི་འོད་གསལ་རང་བཞིན་ལ།། ཤེས་ནི་རིག་པ་འགག་པ་མེད།། ཡེ་ཤེས་དོན་དུ་དེ་བཤད་དོ།། ཡེ་ཤེས་ངོ་བོ་ངེས་ཚིག་དང།། དབྱེ་བ་རྣམ་གྲངས་བཅས་པ་དང། ། མཚོན་པའི་དཔེ་དང་སྦྱར་བཤད་པ།། ཡེ་ཤེས་ངོ་བོ་སྙིང་པོ་འོད་གསལ་བ།། མི་རྟོག་རང་བཞིན་རྣམ་དག་པས།། གཞི་གནས་ཡེ་ཤེས་རང་བྱུང་འོད་གསལ་ལོ།། སྐུ་དང་སྦྱར་ན་ཆོས་སྐུ་ཟང་ཐལ་སྐུ། ། རིག་པ་སྦྱར་ན་ངོ་བོ་ཉིད་ཡིན་ཏེ།། འདུག་ཚུལ་སྦྱར་ན་རང་གསལ་འོད།། སྣ་ཚོགས་འོད་འབར་མཚན་འཛིན་པ།། རང་བཞིན་ལྷུན་གྲུབ་རྟག་ཆད་འདས།། ཕྱི་ནང་མེད་པ་ཟང་ཐལ་འོད། ། སྙིང་པོར་འབྱུང་བ་ཡེ་ཤེས་དོན་དུ་བཤད།། ཡེ་ཤེས་ཞེས་པ་ཡེ་ཉིད་རང་གི་དོན།། དེ་ཉིད་ཤེས་པ་ཚིག་གི་དོན་བཤད་པ།། དེ་ཡི་དབྱེ་བ་བསྟན་པ་ནི།། རིག་པ་རང་དག་ཟང་ཐལ་འོད་གསལ་ལ།། གཞི་གནས་འབྱུང་རུང་ཡེ་ཤེས་ཆེན་པོས་བྱ། ། དེ་ཉིད་སྟོང་པས་ཆོས་དབྱིངས་ཡེ་ཤེས་སོ།། འགག་མེད་གསལ་བས་མེ་ལོང་ལྟ་བུ་ཡིན།། རིག་སྟོང་དབྱེར་མེད་མཉམ་ཉིད་ཡེ་ཤེས་དོན།། གཉིས་མེད་སྐུ་གསུམ་སོ་སོར་རྟོག་པའི་ཡེ་ཤེས་སོ། ། རིག་པའི་ཡེ་ཤེས་ཐོགས་མེད་བྱ་བ་གྲུབ།། དེ་ལྟར་སོ་སོར་བསྟན་ཡང་གདོས་བཅས་མེད།། མི་གནས་ཡེ་ཤེས་བྱ་བར་བསྟན་པ་ཡིན།། དེ་ལྟར་ཤེས་ཤིང་རང་ལ་རང་རིག་པ།། རིག་པའི་ཡེ་ཤེས་སུ་ནི་བསྟན་པ་ཡིན། ། འབྱེད་པ་མེད་པས་རང་བྱུང་ཡེ་ཤེས་སོ།། དེ་དོན་མི་འདའ་འདའ་ཀ་ཐུགས་ཀྱི་ཡེ་ཤེས་སོ།། གཞི་གནས་ཡེ་ཤེས་དཔེ་ནི་ས་གཞི་ལྟར།། ཆོས་དབྱིངས་ཡེ་ཤེས་དཔེ་ནི་ནམ་མཁའ་ལྟར། ། མེ་ལོང་ཡེ་ཤེས་དཔེ་ནི་མེ་ལོང་གཡའ་དག་ལྟར།། སོ་སོར་རྟོག་པ་རྒྱ་མཚོའི་གཟའ་སྐར་ལྟར།། བྱ་བ་གྲུབ་པའི་ཡེ་ཤེས་དཔེ་ནི་ཉི་མའི་སྙིང་པོ་ལྟར།། མི་གནས་ཡེ་ཤེས་དེ་ནི་ཆུ་ཟླ་ལྟར།། རང་རིག་ཡེ་ཤེས་མན་ཤེལ་ལྟ་བུ་སྟེ། ། འདའ་ཀ་ཡེ་ཤེས་དཔེ་ནི་རྒྱལ་པོའི་བཀའ་ཁྲིམས་འདྲ།། ཐམས་ཅད་འབྱུང་བ་གཞི་ཉིད་ཡེ་ཤེས་ཡིན།། ལྟོས་མེད་སྟོང་པ་ཆོས་དབྱིངས་ཡེ་ཤེས་ཡིན།། འགག་མེད་གསལ་བས་མེ་ལོང་ལྟ་བུས་བྱ། ། གཉིས་མེད་སྦྱོར་བྱེད་མཉམ་ཉིད་ཡེ་ཤེས་ཡིན།། མ་འདྲེས་རྫོགས་པར་སོ་སོར་རྟོགས་པར་བྱེད།། ཐོགས་པ་མེད་པར་བྱེད་པས་བྱ་བ་གྲུབ།། མཐའ་བྲལ་བརྗོད་པས་མི་གནས་ཡེ་ཤེས་སོ།། རང་གིས་རང་རིག་རང་ཤར་ཡེ་ཤེས་སོ། ། འགྱུར་མེད་འདུས་མ་བྱས་པ་རང་བྱུང་ཡེ་ཤེས་ལ།། དོན་ལ་མི་འདར་བྱེད་པ་འདའ་ཀ་ཐུགས་ཡེ་ཤེས་ལ།། ཆོས་སྐུ་ཐིག་ལེ་རིག་པའི་རྩལ་སྣང་བ།། ཐ་དད་དང་འོད་ཟེར་དུ་གསལ་བ་ནི། ། རིག་དང་དངོས་མེད་ཟང་ཐལ་དང།། འགག་མེད་དབྱེར་མེད་ཐོགས་པ་མེད་པ་ལ།། ཡེ་ཤེས་ལྔ་ཡི་མཚན་ཉིད་དེ་ལྔས་བཟུང།། དབྱིངས་དང་ཡེ་ཤེས་གཉིས་ནི་རང་གདངས་སྟོང་པའི་ངང།། ཆོས་དབྱིངས་ཡེ་ཤེས་སྟོང་པའི་ངང་ནི་མཐིང་ཁར་གསལ། ། མེ་ལོང་ཡེ་ཤེས་འགག་མེད་ངང་ནི་དཀར་པོར་གསལ།། མཉམ་ཉིད་ཡེ་ཤེས་དབྱེར་མེད་ངང་ནི་སེར་པོར་སྣང།། སོ་སོར་རྟོག་པར་མ་རིག་ངང་ནི་དམར་པོར་སྣང།། བྱ་གྲུབ་ཡེ་ཤེས་ཐོགས་མེད་པ་ནི་ལྗང་ཁུར་གསལ། ། དེ་རྣམས་ཆོས་ཉིད་ངང་ནི་ངོ་བོ་ཡེ་ཤེས་གསལ།། སྐུ་གསུམ་རང་རིག་ཡེ་ཤེས་གསལ་བའི་ལམ།། མ་བསྒྲིབས་ཟེར་འོད་འགག་པ་མེད།། ཡེ་ཤེས་རང་སྣང་གསལ་བའི་ལམ་ཞེས་བྱ། ། ཡེ་ཤེས་ངོ་བོ་འོད་གསལ་ལ།། ཡེ་ཤེས་ཡོན་ཏན་སྒྲིབ་མེད་རིག་པའི་གདངས།། ཡེ་ཤེས་མཁྱེན་ཤར་ཐོགས་པ་མེད།། འབྲས་བུ་སྒྲིབ་མེད་གདངས་ཀྱི་ངང།། སྐུ་གསུམ་རོལ་པ་ཟེར་བརྡ་ལས། ། ཕྱོགས་མེད་རང་གྲོལ་མྱ་ངན་འདས།། མ་རིག་དུས་ཟད་ལས་ཟད་འདས།། འཁོར་བ་ཚེ་ཟད་མཁྱེན་གསུམ་ཐོབ་ཅེས་བྱ།། རྟོགས་པ་སྐུ་དང་ཡེ་ཤེས་ཐོབ།། ཡེ་ཤེས་དོན་ནི་འོད་ཤར་གསལ།། སྒྲིབ་མེད་གསལ་འཚེར་རང་བཞིན་ཟེར་ལ་རོལ། ། མ་རྟོགས་སྣོད་བཅུད་གཉིས་སུ་འཁྲུལ།། དཔེར་ན་མེ་ལོང་དག་པ་ལ།། རྐྱེན་གྱི་དབང་གིས་སོ་སོར་གསལ།། རྐྱེན་གྱི་དབང་གིས་སྣང་ན་ཡང།། སྣང་བ་ངོ་བོར་གོས་པ་མེད། ། དེ་བཞིན་རིག་པ་ཆོས་སྐུ་ལ།། རྩལ་སྣང་མ་འགགས་སྣ་ཚོགས་ཤར།། ཤར་ཡང་རང་རིག་གཅིག་པུ་ལས།། རིག་པའི་ཡེ་ཤེས་བརྗོད་དུ་མེད།། དུས་དང་གནས་སྐབས་ཐམས་ཅད་དུ།། དངོས་མེད་ཡེ་ཤེས་དག་པར་གནས། ། སྒྲིབ་མེད་གདངས་གསལ་ངང་དུ་རོལ།། ལམ་པའི་དུས་ལ་ཡེ་ཤེས་ལྔ་མ་རྫོགས།། མེ་ལོང་ཡེ་ཤེས་མཉམ་ཉིད་གསུམ་ལ་གནས།། གསལ་བ་མ་འགགས་མེ་ལོང་དང།། ཐ་དད་སྣང་བ་སོ་སོ་སྟེ། ། གདམས་ངག་ཐ་དད་མཉམ་སྦྱོར་སྟོན།། མཉམ་ཉིད་ཡེ་ཤེས་རྟོགས་པ་ལམ།། ཡེ་ཤེས་བྱ་བ་རང་ལ་རྫོགས།། ཐོགས་མེད་བྱ་གྲུབ་ཡེ་ཤེས་དེ།། ཡེ་ཤེས་ལམ་དུ་འབྲས་བུ་འཆར།། ཡེ་ཤེས་ལྔ་ཀ་ལྡན་པའི་འོད་སྣང་བ། ། ལྔ་ལྡན་ཡེ་ཤེས་བར་དོའི་ལམ་ལ་འཆར།། ལོངས་སྐུ་མཁྱེན་པའི་འོད་ཟེར་གདངས།། ཡེ་ཤེས་ལྔ་ལྡན་མཁྱེན་སྤྱོད་ཤར་ཞེས་བྱ།། རྫོགས་ལྡན་ཆེན་པོ་ཡེ་ཤེས་སྣང་བ་ནི།། མི་གནས་ཡེ་ཤེས་རང་ལ་ཤར་བའི་ཚེ། ། སྐུ་གཉིས་ཆོས་སྐུའི་ཀློང་དུ་རྫོགས་ཞེས་བྱ།། གཟུགས་སྐུ་གཉིས་ཀྱི་སྣང་བ་ཡང།། རང་ལ་མི་གནས་རྣམ་དག་པས།། འཇའ་ཚོན་སྒྱུ་མ་རང་སྣང་ཡང།། རིག་པའི་རྩལ་དུ་བྱུང་བ་དང།། རྩལ་གྱི་རྣམ་དག་གཅིག་ཏུ་བསྟན། ། རིག་པའི་རྩལ་སྣང་ཡེ་ཤེས་ལྔ།། དེ་ཡི་རྩལ་སྣང་འོད་ཟེར་ལྔ།། འོད་ལྔ་བག་གདུལ་འབྱུང་བ་ལ།། འབྱུང་བ་རྩལ་ནི་སོ་སོ་བ།། ནམ་མཁའ་སྩལ་གྱིས་གོ་ཕྱེ་ནས།། རླུང་གིས་གཡོ་ཞིང་ཆུ་ཡིས་སྡུད། ། ས་ཡིས་འདེགས་བྱེད་མེ་ཡིས་སྨིན།། དྭངས་སྙིགས་གཉིས་ཀྱིས་འབྱུང་བར་ཤར།། སྣོད་བཅུད་ཕྱི་ནང་གཉིས་སུ་བསྟན།། ཐིག་ལེ་ཕྱི་ནང་རྩལ་ཞེས་བྱ།། གཞན་ལས་མ་བྱུང་རང་ལས་བྱུང།། འཁོར་འདས་དབྱེར་མེད་རྩལ་གྱི་ཡེ་ཤེས་གསལ། ། དེ་ལྟར་ཤར་བས་རང་ཤར་ཡེ་ཤེས་བྱ།། སྣོད་བཅུད་འཁོར་འདས་སྐུ་གསུམ་རྩལ་གྱི་ཡེ་ཤེས་ཞེས་བྱའོ།། སེང་གེ་སྒྲའི་དགོངས་པ་ཉི་ཟླ་ཁ་སྦྱོར་ལས། ཡེ་ཤེས་རྒྱས་པར་བཤད་པའི་ལེའུ་སྟེ་བཅུ་དགུ་པའོ། །།། ཀྱེ། བཅོམ་ལྡན་ཐུགས་རྗེ་ཐབས་ཀྱི་བདག། སྐུ་གསུམ་རྩལ་དུ་མ་འགགས་པ།། རྒྱན་དང་རོལ་པ་བཤད་དུ་གསོལ།། བཀའ་སྩལ་པ། རྒྱན་རོལ་ངོ་བོ་ངེས་ཚིག་དང། ། དབྱེ་བ་རྣམ་པ་བསྟན་པ་ནི།། ངོ་བོ་དབྱེ་བའི་འཆར་བཤད་བྱ།། ངེས་ཚིག་མཛེས་པའི་ཆ་ལ་བཏགས།། ཆོས་ཉིད་རྒྱན་དང་ཆོས་སྐུའི་རྒྱན།། ཆོས་ཉིད་དབྱིངས་ལ་ཆོས་སྐུས་བརྒྱན། ། ཆོས་སྐུ་རྒྱན་དུ་སྐུ་གཉིས་བརྒྱན།། མཚན་ཉིད་འཛིན་པའི་འོད་ལྔ་ཡང།། དབྱིངས་དང་ཡེ་ཤེས་འབྲལ་ཡུལ་རྒྱན།། དཔེར་ན་གསེར་ལ་གཡུ་སྤྲས་འདྲ།། མཛེས་པའི་ཕྱིར་ན་རྒྱན་ཅེས་བྱ།། ཆོས་ཉིད་སྟོང་པ་ཆོས་སྐུ་རིག་པས་བརྒྱན། ། སྟོང་པའི་དབྱིངས་ལ་ཡེ་ཤེས་མཛེས།། ཆོས་ཀྱི་སྐུ་ལ་ཡེ་ཤེས་བརྒྱན།། ཡོན་ཏན་ལོངས་སྐུ་འགག་མེད་མཛེས།། ཡེ་ཤེས་ལོངས་སྐུ་གསུང་ལ་ཐུགས་རྗེས་བརྒྱན།། འགྲོ་དྲུག་སྡུག་བསྔལ་གནས་ནས་འདྲེན་པས་སྤྲུལ་སྐུས་མཛེས། ། བྱས་པའི་རྒྱན་མ་ཡིན་ཏེ་ལྷུན་གྲུབ་ཤུགས་ལས་འཆར།། དེ་ནས་རོལ་པའི་དོན་བསྟན་པ།། ཆོས་ཉིད་དག་པའི་རོལ་བ་དང།། འཁོར་བ་རང་རྒྱུད་རོལ་བའོ།། དག་པ་ཆོས་ཉིད་རོལ་པ་ནི། ། མ་བཅོས་པ་ཡི་ཆོས་ཉིད་ལ།། མ་གཡོས་པ་ཡི་ངང་ཉིད་གསལ།། རང་བཞིན་འགག་མེད་ཡེ་ཤེས་ཤར།། བག་དང་བྲལ་བའི་ནམ་མཁའ་ལ།། འབྱུང་བ་བཞི་ཡི་གདངས་ཤར་བཞི།། སྣང་ལ་རང་བཞིན་མེད་པས་མཁྱེན་པས་གྲོལ། ། མ་འགགས་རང་གདངས་འགྲོ་ལ་འོད་གསལ་ལོ།། འཁོར་བ་རང་རྒྱུད་རོལ་པ་ནི།། ཕྱི་ནང་སྣོད་བཅུད་བསྡུས་པའི་ཆོས།། གཟུགས་སུ་སྣང་བ་སྐུ་ཡི་རྒྱན།། ཆུ་ཟླ་བཞིན་དུ་གཟུང་དང་བྲལ། ། སྒྲ་སྐད་ཐམས་ཅད་གསུང་གི་རྒྱན།། བྲག་ཆ་བཞིན་དུ་དངོས་མ་གྲུབ།། དྲན་རིག་ཐམས་ཅད་ཐུགས་ཀྱི་རྒྱན།། ནམ་མཁའ་བཞིན་དུ་དངོས་མ་གྲུབ།། གཟུང་འཛིན་རང་རྒྱུད་མ་གྲུབ་པས།། ཡེ་ཤེས་རྒྱུ་མའི་ཡུལ་ལ་རོལ། ། ལུས་ངག་ཡིད་གསུམ་སྐུ་གསུང་ཐུགས་ཀྱི་ངང་དུ་གྲོལ།། སྐུ་གསུམ་རྒྱན་དང་རོལ་བར་ཀུན་ཤར་བས།། རྟོག་ལྡན་རྒྱན་དང་རོལ་བ་ཀུན་སྣང་སྟེ།། སྣང་གྲགས་སྒྱུ་མ་རྨི་ལམ་དཔེའི་རང་བཞིན་མེད། ། ཡོད་པ་མེད་པར་རྟོགས་པ་རྣམ་རྟོག་ཟིལ་གྱིས་ནོན།། མེད་པ་ཡོད་པར་སྐུ་གསུམ་རྟོགས་པས་ཡེ་ཤེས་ནང་ནས་ཤར།། མན་ཤེལ་སྐུ་ལ་འོད་ལྔ་མི་འགག་པ།། ཆོས་ཀྱི་སྐུ་ལ་ཡེ་ཤེས་བརྒྱན་པའི་དཔེ།། སེང་གེ་སྒྲའི་དགོངས་པ་ཉི་ཟླ་ཁ་སྦྱོར་ལས། ། རྒྱན་རོལ་པའི་ལེའུ་སྟེ་ཉི་ཤུ་པའོ།། ཀྱེ།། བཅོམ་ལྡན་ཐུགས་རྗེ་ཐབས་ཀྱི་བདག། སྐུ་གསུམ་དཔེ་ཡིས་བསྟན་དུ་གསོལ།། བཀའ་སྩལ་པ། ཉི་མའི་སྙིང་པོ་འོད་ཟེར་འབྱུང་བ་ལྟར། ། སྐུ་གསུམ་འོད་ཟེར་འཕྲོ་བའི་བདག་ཉིད་དོ།། རྨ་བྱ་སྒོ་ང་ཁ་དོག་ལྔ་ལྡན་པ།། སྐུ་གསུམ་ཡེ་ཤེས་ཁ་དོག་ལྔ་ལྡན་དཔེ།། མན་ཤེལ་རྐྱེན་དང་ཕྲད་པས་འོད་སྣང་ཕྱིར་འབྱུང་ལྟར།། ཆོས་སྐུའི་ངང་ལས་སྐུ་གཉིས་ནང་ན་གསལ་བར་འཆར། ། སྒོ་ང་བྱེའུ་ཕྲུག་སྨིན་པ་ཕྱིར་འབྱུང་ལྟར།། ལོངས་སྐུ་ཡེ་ཤེས་རྩལ་རྫོགས་སྤྲུལ་སྐུ་ཕྱིར་འབྱུང་འགྲོ་དོན་བྱེད།། རྒྱ་མཚོར་བུ་བྲན་འཕྲོ་ཞིང་འདུ་བ་དང།། སྒྱུ་མའི་གཟུགས་བརྙན་སྟོན་ཅིང་སྡུད་པ་ལྟར། ། རྒྱན་དང་རོལ་པ་ཆོས་ཉིད་ངོ་བོ་སྡུད་པའི་དཔེར་བསྟན།། སེང་གེ་སྒྲ་ཉི་ཟླ་ཁ་སྦྱོར་ལས།། སྐུ་གསུམ་དཔེའི་ལེའུ་སྟེ་ཉི་ཤུ་གཅིག་པའོ།།།། ཀྱེ། བཅོམ་ལྡན་ཐུགས་རྗེ་ཐབས་ཀྱི་བདག། འགྲོ་བ་འདྲེན་པའི་སྤྲུལ་སྐུ་བཤད་དུ་གསོལ།། བཀའ་སྩལ་པ། གདོད་ནས་རྣམ་དག་ཆོས་སྐུ་ཆེན་པོ་ལས།། སྐུ་གཉིས་རོལ་པར་བསྟན་པའི་དཔེ།། ནམ་མཁའ་ལྟ་བུའི་ཆོས་ཉིད་ལ།། མན་ཤེལ་ལྟ་བུ་རིག་པ་གསལ། ། ཉི་ཟེར་ལྟ་བུའི་ཐུགས་རྗེ་བྱུང།། ནད་པ་ལྟ་བུའི་རིགས་དྲུག་ལ།། མུན་པ་ལྟ་བུའི་འཁྲུག་པ་གསལ།། དགོངས་པའི་ཡེ་ཤེས་བདུད་རྩི་ཡིས།། དུག་ལྔ་རང་རྒྱུད་ནད་གཞི་གཡོས།། ཞེས་སེང་གེ་སྒྲ་ཉི་ཟླ་ཁ་སྦྱོར་ལས། འགྲོ་བ་འདྲེན་པར་བསྟན་པ་ཐུགས་རྗེའི་ལེའུ་སྟེ་ཉི་ཤུ་གཉིས་པའོ།།།། ཀྱེ། བཅོམ་ལྡན་ཐུགས་རྗེ་ཐབས་ཀྱི་བདག། སྦུབས་ཀྱི་གནས་ལུགས་བཤད་དུ་གསོལ།། བཀའ་སྩལ་པ། ངོ་བོ་ངེས་ཚིག་དབྱེ་བ་མཚོན་དཔེ་བསྟན།། ངོ་བོ་བསྟན་པའི་སྐུ་ཡིན་པས།། སྦུབས་ཤེས་པ་རུ་བཏགས་པ་ཡིན།། དབྱེ་བ་རྣམ་པ་གསུམ་ཡིན་ཏེ།། རིན་ཆེན་སྦུབས་དང་འོད་ཀྱི་སྦུབས།། བག་ཆགས་སྦུབས་དང་གསུམ་ཡིན་ནོ། ། རིན་ཆེན་སྦུབས་ཀྱིས་མཚན་ཉིད་ནི།། རྣམ་དག་ཟང་ཐལ་གསལ་ལ་འཚེར།། འགྱུར་མེད་འགག་མེད་ངོ་བོ་ཉིད།། འོད་འབར་ཀུན་གསལ་ཡེ་ཤེས་སྐུ།། ཉི་མའི་སྙིང་པོ་ལྟ་བུ་རིན་ཆེན་ཆོས་སྐུ་སྦུབས། ། འོད་གསལ་སྦུབས་ན་རང་རིག་དྲི་མེད་པ།། འགག་མེད་བདེ་ཆེན་ཡེ་ཤེས་འོད་ཀྱི་སྦུབས།། སུམ་ཅུ་རྩ་གཉིས་མཚན་འཆང་བ།། འཇའ་ཚོན་འབར་བའི་ཚོམ་བུར་མཛེས།། ལྷུན་སྡུག་གསལ་འབར་གཟི་བརྗིད་ལྡན། ། འོད་ཀྱི་སྦུབས་ཏེ་ལོངས་སྐུ་ཡིན།། བག་ཆགས་སྦུབས་སུ་བསྟན་པ་ནི།། སྒོང་དང་དྲོད་དང་མངལ་སྐྱེས་དང།། པདྨ་དག་ལས་རྫུས་སྐྱེས་པ།། ཕུང་པོ་ཁམས་དང་སྐྱེ་མཆེད་དང།། ཚོགས་བརྒྱད་སེམས་དང་བཅས་པའི་ལུས། ། ཤ་ཁྲག་སྦུབས་ཏེ་སྤྲུལ་སྐུ་དང།། འགྲོ་བ་དྲུག་གི་སེམས་ཅན་རྣམས།། བཞུགས་དང་གཉེན་པས་སྦུབས་ཤེས་བྱ།། ལ་ལ་ཆུ་བུར་ལུས་དང་ནི།། ཡིད་དང་འོད་ལ་གནས་པའོ།། ཡོན་ཏན་ཀུན་འབྱུང་རིན་ཆེན་སྦུབས། ། སྣང་ལ་དངོས་མེད་འོད་གསལ་བ།། འཇའ་ཚོན་ཆུ་ཟླ་ཉི་ཟླའི་དཔེ།། འཇའ་ཚོན་ལྟ་བུ་འོད་གསལ་ཟང་ཐལ་དཔེ།། འོད་སྦུབས་ལོངས་སྐུར་དཔེར་བསྟན་པའོ།། རྣམ་རྟོག་མཐུ་བརྟས་བག་ཆགས་སྦུབས། ། སྒྱུ་མ་རྨི་ལམ་དཔེས་བསྟན་མི་རྟག་སྟོང།། ཞེས་སེང་གེ་སྒྲ་ཉི་ཟླ་ཁ་སྦྱོར་ལས། སྦུབས་གསུམ་དབྱེ་བའི་ལེའུ་སྟེ་ཉི་ཤུ་གསུམ་པའོ།།།། ཀྱེ། བཅོམ་ལྡན་ཐུགས་རྗེ་ཐབས་ཀྱི་བདག། སྐུ་གསུམ་སྤྱན་གྱི་འཆར་ལུགས་གསུང་དུ་གསོལ། ། བཀའ་སྩལ་པ། སྤྱན་གྱི་ངོ་བོ་དབྱེ་བ་བཅས།། དེ་ཡི་དབྱེ་བ་རྡོ་རྗེ་འཛིན་པས་ཟུང།། ཆོས་སྐུ་ཡེ་ཤེས་ཆོས་ཉིད་ཀྱི།། སྤྱན་ནི་དབྱེར་མེད་རྩེ་གཅིག་གཟིགས། ། ལོངས་སྐུ་ཡེ་ཤེས་སྤྱན་ནི་རྟོག་མེད་ཟང་ཐལ་གསལ།། སྤྲུལ་སྐུ་ཤེས་རབ་སྤྱན་གྱིས་འཁོར་འདས་སོ་སོར་གསལ།། ལྷ་ཡི་སྤྱན་གྱིས་བག་ཆགས་ཟད་པར་གཟིགས།། ཤ་ཡི་སྤྱན་གྱིས་ཏིང་འཛིན་རྣམ་དག་གཟིགས། ། ཆུ་བུར་སྤྱན་ནི་འགྲོ་བ་ཡོངས་ལ་གསལ།། སྤྱན་གྱི་ངེས་ཚིག་མ་བཅོས་འགག་མེད་གསལ།། མཚན་ཉིད་སྒྲིབ་མེད་དཔེར་ན་ཉི་མའི་སྙིང་པོ་ལྟར།། ཀྱེ་རིགས་ཀྱི་བུ་དག་ཆོས་ཉིད་སྤྱན་ཞེས་ཇི་ལྟར་གདགས་ཤེ་ན། ། ཆོས་སྐུ་ཐུགས་ཀྱི་ཁྱབ་བདལ་ལ།། ལོངས་སྐུ་ཡེ་ཤེས་ཁྱབ་བདལ་ལ།། རྣམ་རྟོག་མི་མངའ་ཆོས་ཉིད་ངང་དུ་ས་ལེ་གཟིགས།། ཆོས་ཉིད་ངང་ལ་སྒྲིབ་པ་མེད་པས་ཆོས་ཀྱི་སྤྱན་ཞེས་བྱ།། ལོངས་སྐུ་ཡེ་ཤེས་སྤྱན་གྱིས་སྐད་ཅིག་ཐམས་ཅད་དུ། ། ཡེ་ཤེས་འོད་གསལ་གདངས་ལ་ཅི་ཡང་རྟོག་མེད་གསལ།། སྤྲུལ་སྐུ་ཤེས་རབ་སྤྱན་གྱིས་ལྡོག་གྱུར་ཀུན་འབྱུང་གཟིགས།། བྱང་སེམས་ལྷ་ཡི་སྤྱན་གྱིས་མངོན་ཤེས་གཞན་སེམས་གཟིགས། ། ཤ་ཡི་སྤྱན་ནི་གསལ་ལ་མི་རྟོག་རང་རིག་གོ། ཆོས་སྐུའི་སྤྱན་གྱི་ཟེར་ལས་ལོངས་སྐུ་སྤྱན་གྱི་བུམ་པ་ལྔ།། རང་ཤར་ངོ་བོ་ཉིད་ལས་ངོ་བོ་ཉིད་སྐུ་ཤར།། ལོངས་སྐུ་སྤྱན་གྱི་ཟེར་ལས་ཐུགས་རྗེ་ཡི་གེ་དྲུག། འ་དང་ཨ་དང་ཧ་དང་ཤ་དང་ས། མ་སྟེ་ཡེ་ཤེས་སྤྱན་གྱི་ཟེར་ལ་རང་བཞིན་བཞུགས།། སྤྲུལ་སྐུ་སྤྱན་གྱི་ཟེར་ལས་རྫུ་འཕྲུལ་འགྲོ་བར་བྱེད།། ཆོས་སྐུ་སྤྱན་གྱིས་ཤར་རིངས་ཡུལ་སྣང་ཐག་ཀྱང་ཆོད། ། སྣང་འགྱུར་ཆོས་ཉིད་ངང་གི་སྣང་བར་གསལ།། ཡེ་ཤེས་འགག་པ་མེད་པར་ཡིད་ཀྱང་ཆེས།། ལོངས་སྐུ་སྣང་བ་འོད་སྣང་གདངས་སུ་ངོ་ཡང་ཤེས།། སྒྲིབ་མེད་གདངས་ཀྱི་ངང་དུ་ཡིད་ཀྱང་ཆེས།། མཁྱེན་པའི་རང་གསལ་ཤར་བར་ཐག་ཀྱང་ཆོད། ། སྤྲུལ་སྐུ་སྣང་བ་སྒྱུ་མ་ཟང་ཐལ་ངོ་ཡང་ཤེས།། འཁྲུལ་པ་རྨི་ལམ་ལྟ་བུར་ཡིད་ཀྱང་ཆེས།། ཡེ་ཤེས་རྩལ་གྱི་གདངས་སུ་ཐག་ཀྱང་ཆོད།། སེང་གེ་སྒྲ་ཡི་དགོངས་པ་ཉི་ཟླ་ཁ་སྦྱོར་ལས། ། སྐུ་གསུམ་གཟིགས་སྣང་དག་པ་སྤྱན་གྱི་ལེའུ་སྟེ་ཉི་ཤུ་བཞི་པའོ།།།། ཀྱེ། བཅོམ་ལྡན་ཐུགས་རྗེ་ཐབས་ཀྱི་བདག། སྐུ་གསུམ་འོད་ཟེར་ཇི་ལྟར་འཆར་བ་གསུང་དུ་གསོལ།། བཀའ་སྩལ་པ། ཆོས་སྐུ་སྟོང་ཞིང་འགག་མེད་ཀྱང། ། ལོངས་སྐུ་ཡེ་ཤེས་སྒྱུ་ལུས་སྐུ།། སྤྲུལ་སྐུ་མ་ངེས་གང་འདུལ་འཆར།། སྐུ་གསུམ་ཡེ་ཤེས་རིག་པའི་རྩལ།། སྟོང་ཉིད་འོད་གསལ་རིག་པའི་སྙིང་པོ་ཅན།། རྟག་ཆད་མཐའ་འདས་འོད་ཟེར་ཕུང་པོ་ཉིད། ། སྐུ་གསུམ་དག་པ་ཡེ་ཤེས་སྒྱུ་མ་ཉིད།། འོད་ཟེར་རྣམ་ལྔ་ཇི་ལྟར་འཕྲོ་བ་ནི།། ཡེ་ཤེས་ལྔ་ཡི་རྩལ་སྣང་འཆར།། ཤེས་རབ་སྟོང་པ་ཡེ་ཤེས་འགག་མེད་སྙིང་པོ་དང།། ཤེས་རབ་མི་གཡོ་མཉམ་ཉིད་འགག་མེད་སྙིང་པོ་དང། ། ཤེས་རབ་རྒྱུན་ཆད་མེད་པ་འགག་མེད་སྙིང་པོ་དང།། ཤེས་རབ་ཟག་མེད་མི་འགག་སྙིང་པོ་དང།། ཤེས་རབ་འགྱུར་བ་མེད་པ་མི་འགག་སྙིང་པོ་ལྔ།། བྱས་རྩོལ་མེད་པས་རྒྱུན་གྱི་འོད་ཟེར་འབར་བར་གནས། ། དེ་ནས་སྐུ་གསུམ་སྟོན་པ་ཡེ་ཤེས་སྙིང་པོ་ཅན་ཞེས་བྱ།། དེ་ཉིད་རང་བཞིན་དག་པའི་དབྱིངས་ནས་འོད་ཟེར་འཕྲོ།། སྐུ་གཉིས་ཆོས་སྐུ་ཟེར་འོད་ལ།། རོལ་པའི་ཡེ་ཤེས་འོད་འཕྲོ་བ། ། ཁ་དོག་ལྔར་ནི་མ་འདྲེས་འཚེར།། གསལ་དང་དྲོ་དང་བསིལ་བ་དང།། ཡང་དང་ཡངས་ཤིང་ཁྱབ་པའི་བདག། ཡེ་ཤེས་འབྱུང་ལྔའི་ཆ་འཛིན་པ།། འོད་ཟེར་འཕྲོ་བའི་རང་བཞིན་ནི།། སངས་རྒྱས་ཀུན་གྱི་སྐུ་ལ་འཆར། གཅིག་པུ་རབ་ཏུ་ཆེ་བའི་ལྷ།། ནམ་མཁའ་ཉི་མའི་ཚུལ་དུ་གསལ་འཚེར་བ།། རྡོ་རྗེ་ལྟ་བུའི་ཏིང་འཛིན་ལ།། འདུ་འབྲལ་མེད་པར་དབྱེར་མེད་བཞུགས།། སེང་གེ་སྒྲ་ཉི་ཟླ་ཁ་སྦྱོར་ལས། ཆོས་སྐུ་ངོ་བོ་ཉིད་ལས་ནི་ཡེ་ཤེས་འོད་ཟེར་རྣམ་པ་ལྔ་འགག་མེད་འབྱུང་བའི་ལེའུ་སྟེ་ཉི་ཤུ་ལྔ་པའོ། །།། ཀྱེ། བཅོམ་ལྡན་ཐུགས་རྗེ་ཐབས་ཀྱི་བདག། ལོངས་སྐུའི་འོད་ཟེར་ཇི་ལྟར་འཆར།། ཐབས་ཀྱི་བདག་ཉིད་གསུང་དུ་གསོལ། ། བཀའ་སྩལ་པ། སངས་རྒྱས་ངོ་བོ་རང་བཞིན་ནི།། ལོངས་སྐུའི་འོད་ཟེར་དཔག་མཐའ་ཡས།། ཡེ་ཤེས་འོད་ཟེར་བྱུང་ལུགས་ནི།། མ་འོངས་སྔོན་རོལ་ཐོག་མའི་དུས།། སངས་རྒྱས་མི་འགྱུར་ལྗགས་ཀྱི་པདྨོ་ལས། ། འོད་ཟེར་ལྔ་ནི་ཕྱོགས་བཅུར་འཕྲོས།། རང་བྱུང་གཞལ་ཡས་ཆེན་པོ་དང།། འདུ་འབྲལ་མེད་པར་འོད་དུ་བཞུགས།། སྙིང་པོ་བྱང་ཆུབ་རིག་པའི་སྐུ།། ཆོས་སྐུ་འོད་ཟེར་ཕུང་པོར་བཞི་ཉིད་གནས།། འགག་མེད་འོད་ཟེར་ཕུང་པོ་ནི། ། རྟག་པ་མ་ཡིན་མི་རྟག་མིན།། སྣང་བ་མ་ཡིན་སྟོང་པ་མིན།། ཅི་ཕྱིར་ཆོས་སྐུ་ལས་བྱུང་ཕྱིར།། ཆོས་སྐུ་མཐའ་ཡས་ཡེ་ཤེས་རིག་པའི་དོན།། དེ་ཕྱིར་འོད་ཟེར་ཕུང་པོ་ཡང།། མཐའ་ལས་འདས་པའི་འོད་གསལ་ལོ། ། འོད་ཟེར་སྣང་ལ་རང་བཞིན་མེད།། ནམ་མཁའི་མཐའ་དང་མཉམ་པ་ཞེས་སུ་བྱ།། མ་འདྲེས་ཡོངས་སུ་རྫོགས་པས་ན།། དཔེར་ན་ནམ་མཁའི་འཇའ་ཚོན་ལྟར།། གསལ་སྟོང་དབྱེར་མེད་སོ་སོར་རིགས་ལྔ་འོད་གསལ་ལོ། ། དེ་ཕྱིར་བྱང་ཆུབ་སྙིང་པོའི་རང་བཞིན་ནི།། འོད་གསལ་སྙིང་པོ་ཡེ་ཤེས་བརྗོད་ལས་འདས།། ལོངས་སྐུ་ཐུགས་རྗེ་འོད་ཟེར་འགྲོ་ལ་ཕྱོགས་བཅུར་འཕྲོ།། མི་འགག་སྤྲུལ་པའི་སྐུ་ཉིད་བསམ་མི་ཁྱབ། ། སེང་གེ་སྒྲ་ཉི་ཟླ་ཁ་སྦྱོར་ལས། ལོངས་སྐུ་འོད་ཟེར་འཕྲོ་བའི་ལེའུ་སྟེ་ཉི་ཤུ་དྲུག་པའོ།།།། ཀྱེ། བཅོམ་ལྡན་ཐུགས་རྗེ་ཐབས་ཀྱི་བདག། སྤྲུལ་སྐུ་འོད་ཟེར་གསུང་དུ་གསོལ།། བཀའ་སྩལ་པ། ཐུགས་རྗེ་སྤྲུལ་སྐུ་འབྱུང་དུས་སུ།། ཡེ་ཤེས་སྒོ་ལྔ་ཐམས་ཅད་ནས།། འོད་ཟེར་ལྔ་ལྔ་ཕྱོགས་བཅུར་འཕྲོ།། སེམས་ཅན་སོ་སོའི་གནས་རྣམས་སུ།། བསྟན་པའི་སྙིང་པོ་རེ་རེ་འབྱུང་ཞིང་སྒྲོགས།། ཀྱེ། རིགས་ཀྱི་བུ་དག་ངེས་པར་ཉོན། ། ངས་ནི་སེམས་དེ་དོན་གྱི་ཕྱིར།། སྐུ་གསུམ་ཐུགས་རྗེ་བསམ་མི་ཁྱབ།། བསྟན་ཡང་དོན་ཉིད་བརྗོད་ལས་འདས།། སངས་རྒྱས་ཆོས་རྣམས་མེད་པའི་ཀློང་དུ་ལ་བཟླས་ནས། ། བསྐྱེད་རྫོགས་རྣམ་གསུམ་འབྲལ་མེད་ལམ་དུ་བསྟན།། སངས་རྒྱས་ཐུགས་རྗེ་འབྱུང་བའི་སྒོ་མ་འགགས།། ཨུ་དུམ་ཝ་རའི་མེ་ཏོག་ཚུལ་དུ་བསྟན།། སྤྲུལ་སྐུ་འོད་ཟེར་བྱེ་བ་སྐྱེ་བ་ཡང།། བསྡུ་བ་གཅིག་ཏུ་མ་བསྡུས་ན། ། མདོ་མི་འདུས་པའི་སྐྱོན་དུ་འགྱུར།། དེ་ཕྱིར་སྐུ་གསུམ་དབྱེ་བ་བྱེད་པའི་ངང་དུ་འདས།། རིགས་ལྔའི་ལོངས་སྐུ་བདེ་ཆེན་ངང་དུ་འདས།། སྐུ་ལྔ་ངོ་བོ་ཉིད་ཀྱི་ངང་དུ་འདས།། ཡུམ་ལྔ་མཁའ་གློང་རྣམ་པར་དག་པར་འདས། ། ཡེ་ཤེས་ལྔ་ཡང་མི་གནས་ཡེ་ཤེས་ཆེན་པོར་གནས།། འོད་ལྔ་སྣ་ཚོགས་འབར་བ་ངོ་བོ་ཉིད་ཀྱི་འོད་དུ་འདས།། ཕྱི་ནང་འབྱུང་བ་ཆོས་ཉིད་ནམ་མཁའི་ཀློང་དུ་འདས།། འོད་ཟེར་རང་བྱུང་འོད་ཟེར་ཆེན་པོར་འདས། ། ཟེར་ལ་ཐུགས་རྗེ་རྩལ་གྱི་ངང་དུ་འདས།། རྒྱུད་ཀུན་ཀུན་བཟང་རྩ་རྒྱུད་ཡི་གེ་མེད་པར་འདས།། ལུང་རྣམས་སྙིང་པོ་བྱང་ཆུབ་སེམས་ཀྱི་ལུང་དུ་འདས།། མན་ངག་ཐམས་ཅད་བྱ་རྩོལ་མེད་པའི་ངང་དུ་འདས། ། ཆོས་རྣམས་ཐམས་ཅད་ཡེ་ཤེས་རིག་པའི་གློང་དུ་འདས།། རིགས་ཀྱི་ཆོས་རྣམས་ཐམས་ཅད་ཚིག་དང་བླ་དགས་ཐ་སྙད་དོ།། ཆོས་སྐུ་འོད་གསལ་རིག་པའི་སྙིང་པོ་ཡེ་ཤེས་མཐའ་ལས་འདས།། སྐུ་གསུམ་འོད་ཟེར་ཕུང་པོར་བསྟན་འགྱུར་ཡང། ། དངོས་མེད་ཡེ་ཤེས་ཟང་ཐལ་འོད་ཟེར་སྐུ་ཞེས་བྱ།། རྩལ་གྱི་རོལ་པ་འགག་མེད་སྐྱེ་བ་མེད།། གང་ལ་དྲིས་པ་དེ་ལྟར་བསྟན་ནོ།། རྡོ་རྗེ་འཆང་ཆེན་སེམས་དཔའ་རྡོ་རྗེ་དེ་ལ་བསྟན། ། གཞོན་ནུ་ཁྲོ་གཉེར་ལྡན་པས་མཁའ་འགྲོ་རྣམས་ལ་བཤད།། དེས་ཐོས་དེ་མཐོང་དེས་ཐམས་ཅད་ཤེས།། སེང་གེ་སྒྲ་ཡི་དགོངས་པ་ཉི་ཟླ་ཁ་སྦྱོར་ལས།། སྤྲུལ་སྐུ་འོད་ཟེར་འབྱུང་བ་དང་ཆོས་ཉིད་ཀློང་དུ་འོད་ཟེར་དག་པར་བསྟན་པའི་ལེའུ་སྟེ་ཉི་ཤུ་བདུན་པའོ། །།། ཀྱེ། བཅོམ་ལྡན་ཐུགས་རྗེ་ཐབས་ཀྱི་བདག། སྙིང་པོ་བྱང་ཆུབ་གཅིག་པའི་ཕྱིར།། འགྲོ་བ་རྣམས་ལ་འོད་ཟེར་ཇི་ལྟར་གནས་པ་གསུང་དུ་གསོལ། བཀའ་སྩལ་པ། སྒྱུ་མ་ལྟ་བུའི་འོད་ཟེར་འབྱུང་བ་སྟེ།། སྤྲུལ་སྐུ་ཞིང་ཁམས་འགྲོ་དྲུག་ས་ལམ་ལ།། བྱང་ཆུབ་སྙིང་པོ་འོད་དུ་གནས་པ་ཡིན།། འཁྲུལ་ཀྱང་འོད་ཀྱི་ཟེར་ལ་འཁྲུལ།། གནས་ཀྱང་སྙིང་པོ་འོད་ལ་གནས། ། གྲོལ་ཀྱང་ཡེ་ཤེས་འོད་གསལ་གྲོལ།། འོད་ཟེར་རོལ་པ་འགག་མེད་བྲི་བ་མེད།། འོད་དང་ཟེར་མེད་ཐུགས་རྗེ་རྒྱུན་ལམ་ཆད།། དེས་ན་འོད་ཟེར་ཐུགས་རྗེ་རྒྱུན་གྱི་ལམ་ཞེས་བྱ།། སེམས་ཅན་ཀུན་ལ་ཐུགས་རྗེ་འོད་ཟེར་རྒྱུན་ཁྱབ་ཀྱང། ། ཡེ་ཤེས་རྩལ་མ་རྫོགས་པས་སྦུབས་ཀྱི་བག་ལ་ཞ།། དཔེར་ན་སེང་ཕྲུག་ལུས་ལ་རྫོགས་གྱུར་ཀྱང།། མ་ཡི་ཁོང་ནས་རྩལ་གསུམ་འབྱིན་མ་ནུས།། སྦུབས་ན་གནས་པ་བརྡ་ཡི་མཚན་བསྟན་པ། ། སྐྱེས་བུའི་བྱད་བཞིན་མེ་ལོང་དག་གིས་རང་སྟོན་ལྟར།། གདམས་ངག་གཉིས་ཀྱིས་སྐུ་གསུམ་རང་ངོ་རང་ལ་སྤྲད།། ཡེ་ཤེས་བག་ལ་ཞ་བའི་རྩལ་སྦྱང་ཉམས་སུ་བླང།། རིགས་ཀྱི་བུ་ཉིད་ངེས་པར་ཉོན། ། རིགས་དྲུག་སེམས་ཅན་ཐམས་ཅད་ལ།། ཆོས་ཀྱི་སྐུ་ཡི་རང་བཞིན་འོད།། ཁ་དོག་སྣ་ཚོགས་འབར་བའི་ངོ་བོ་རིག་པའི་དོན།། འོད་ཉིད་འཇའ་ཚོན་རང་གསལ་བ།། སངས་རྒྱས་འོད་དཔག་མེད་པ་ཀུན་ལ་གནས། ། བྱང་ཆུབ་སེམས་ལ་དཔག་ཏུ་ཡོད་པའི་འོད།། མདའ་རེ་ཤེས་རབ་དཔག་ཏུ་ཡོད་ཕྱིར་བཤད།། ལྷ་རྣམས་གཞལ་དུ་ཡོད་པའི་འོད།། ཆག་རེ་མོས་པའི་བསོད་ནམས་ལས་གྲུབ་ཤར།། མི་རྣམས་མཚོན་དུ་ཡོད་པའི་འོད། ། སྒྲོལ་མའི་མཚོན་གང་འོད་གསལ་རང་ཤར་ཏེ།། ཤེས་རབ་ཟབ་མོ་བསྟན་དཀའི་གནས།། ཟག་མེད་སྙིང་པོ་བྱང་ཆུབ་སེམས།། མཚོན་གང་འོད་ཀྱི་དཀྱིལ་འཁོར་ན།། སྙིང་པོ་རིག་པ་ཆོས་ཀྱི་སྐུ། ། ཟབ་ཅིང་ཆ་ཕྲ་ཟབ་མེད་གསལ།། སེང་ཕྲུག་མ་དང་བྲལ་ནས་མཆོང་བ་ལྟར།། ང་བདག་གཟུང་འཛིན་བྲལ་ནས་ཡེ་ཤེས་གདངས་ཀྱི་མཁྱེན་པ་འཆར།། ངན་སོང་གསུམ་པོས་འོད་གསལ་འབྱིན་མ་ནུས། ། རང་རང་རིག་པ་གསལ་བ་ཙམ་ལ་བག་ཆགས་སོག། མཐུན་པའི་ལམ་ངན་དྲན་རིག་བདེན་དོན་སྤྱོད་མི་ནུས།། ཕྱི་ནང་སྣོད་བཅུད་ཀྱི་རོལ་པ་སྟེ།། འབྱུང་ལྔ་ཁ་དོག་ལྔ་དང་རིན་ཆེན་ལྔ།། རྩི་ཤིང་སེམས་ཅན་ཁ་དོག་མེ་ཏོག་སོགས། ། ཐམས་ཅད་ཆོས་སྐུ་འོད་ཀྱི་རོལ་པ་ཟེར་ལས་བྱུང།། སེང་གེ་སྒྲའི་དགོངས་པ་ཉི་ཟླ་ཁ་སྦྱོར་ལས།། སེམས་ཅན་ས་ལམ་འོད་ཀྱིས་མཚོན་པའི་ལེའུ་སྟེ་ཉི་ཤུ་བརྒྱད་པའོ།།།། ཀྱེ། བཅོམ་ལྡན་ཐུགས་རྗེ་ཐབས་ཀྱི་བདག། འགྲོ་དྲུག་སེམས་ཅན་ཐམས་ཅད་ལ།། ཡེ་ཤེས་སྙིང་པོ་ཇི་ལྟར་གནས།། ཀུན་གྱི་སྤྱོད་ཡུལ་ལགས་མ་ལགས།། ཀྱེ། ཐུགས་རྗེའི་བདག་པོས་གསུང་དུ་གསོལ།། བཀའ་སྩལ་པ། ཐེ་ཚོམ་མ་མཆིས་ཡེ་ཤེས་སྙིང་པོ་ནི། ། ཉོན་མོངས་སྦུབས་ཀྱིས་དཀྲིས་པ་ཡི།། བག་ཆགས་སྦུབས་ཀྱིས་རྣམ་པར་གྲོལ་བ་ཡི།། དེ་བཞིན་གཤེགས་པ་ཆོས་སྐུ་ཐེ་ཚོམ་མེད།། འོད་ཟེར་འབར་བར་ཐུགས་རིག་འགག་པ་མེད། ། དེ་བཞིན་གཤེགས་པའི་སྙིང་པོའི་མཚན་ཉིད་ནི།། སེམས་ཅན་མ་ལགས་སྲོག་མ་ལགས།། གང་ཟག་མ་ལགས་བདག་མ་ལགས།། དེ་བཞིན་གཤེགས་པའི་སྙིང་པོ་ནི།། ཆོས་ཀྱི་དབྱིངས་ཀྱི་སྙིང་པོ་ལགས། ། དེ་བཞིན་གཤེགས་པའི་སྙིང་པོ་དེ།། འཇིག་ཚོགས་ལྟ་བར་ལྟུང་བ་དང།། དགེ་སྡིག་ཆོས་ཀྱིས་བཅིངས་པ་དང།། སྟོང་པ་ཉིད་ཀྱི་སེམས་གཡེང་བ།། དེ་རྣམས་སྤྱོད་ཡུལ་མ་ལགས་ཏེ།། དེ་བཞིན་གཤེགས་པའི་སྙིང་པོ་ནི། ། སྐུ་གསུམ་རང་རིག་ངོ་བོ་འོད་གསལ་ལོ།། འགྲོ་འོང་མེད་པར་ཀུན་ལ་གནས།། ཞེས་དགོངས་པ་སེང་གེའི་སྒྲ་སྒྲོགས་ཐེག་དམན་ཟིལ་གྱིས་གནོན་པ་ཡེ་ཤེས་ཟུང་འཇུག་ཉི་ཟླ་ཁ་སྦྱོར་རྒྱུད་ཀྱི་རྒྱལ་པོ་ལས། སྙིང་པོ་འགྲོ་ལ་གནས་པའི་ལེའུ་སྟེ་ཉི་ཤུ་དགུ་པའོ།།།། ཀྱེ། བཅོམ་ལྡན་ཐུགས་རྗེ་ཐབས་ཀྱི་བདག། འགྲོ་བ་སེསམ་ཅན་སྐལ་ལྡན་ལ།། སྙིང་པོ་སྐུ་གསུམ་ཇི་ལྟར་བཞུགས།། བཀའ་སྩལ་པ། བག་ཆགས་ཤ་ཁྲག་སྦུབས་དག་ན།། སྐུ་གསུམ་དཀྱིལ་འཁོར་རང་གནས་པ།། སྤྱན་གསུམ་སྒྲིབ་པ་མེད་པར་ནི།། སྒོ་གསུམ་འོད་གསལ་ཟང་ཐལ་ཤར།། རྟོགས་ལྡན་དུས་གསུམ་རང་གྲོལ་ནས།། མ་བགྲོད་ལམ་ལ་མཁྱེན་པ་ཐོབ། ། དེ་ཡི་གནས་ལུགས་བསྟན་པ་ནི།། ཙཏྟི་རིན་ཆེན་དཔལ་བེའུ་ན།། ཉི་ཟླ་པདྨ་སུམ་བརྩེགས་གདན།། དེ་ཡི་དཀྱིལ་ན་དྭངས་མ་ལྔ།། དེ་དབུས་མི་ཤིག་ཐིག་ལེ་ལས།། དྷུ་ཏི་སྒྲོལ་མར་འབྲེལ་བའི་རྩ། ། ཕྲ་སྦོམ་རྟ་རྔ་ཚད་དུ་གནས།། རིང་ཐུང་རིན་ཆེན་རྒྱ་མཚོར་འབྲེལ།། རྩ་དེ་ངོ་བོ་གདོད་ནས་སྟོང།། རྩེ་མོ་གསུམ་སྒྲག་ཚང་པར་ཟུག། ཐིག་ལེ་འོད་ལྔའི་གཞལ་ཡས་ནང།། གསལ་གདངས་དངོས་སུ་མ་གྲུབ་པ། ། སྐུ་གསུམ་འོད་གསལ་ཉི་ཤུ་བརྒྱད།། འགག་མེད་རྟག་པའི་རང་བཞིན་སྐུ།། འགྱུར་མེད་ཐུགས་ཀྱི་རིག་པ་ཅན།། དངོས་མེད་འོད་གསལ་རང་གྲོལ་སྐུ།། གསལ་སྟོང་དབྱེར་མེད་ལོངས་སྐུ་ཡི།། ཙིཏྟ་དཔལ་བེའུའི་དཀྱིལ་འཁོར་རྫོགས། ། འོད་ལྔ་གསལ་བ་ཡེ་ཤེས་སྤྱན།། རང་གྲོལ་གསལ་བ་ཨ་བ་དྷུ་ཏིའི་གནས།། སྐུ་ཡི་སྒོ་མོ་ཚངས་པའི་བུ་གར་གསལ།། འགག་མེད་ཤར་གསལ་འདས་པའི་ལམ་དུ་གྲོལ།། ལོངས་སྐུ་འོད་ཀྱི་སྦུབས་ན་བཞུགས་ཞེས་བྱ།། སྤྲུལ་སྐུ་ཤ་ཁྲག་སྦུབས་ན་བཞུགས་པ་ནི། ཁ་སྣ་ཤ་ཁྲག་ལས་གྱུར་འདོད་པའི་སྒོ་གསུམ་ན།། ཕྱི་ནང་གསལ་བས་སྦུབས་སྒོ་ཡངས།། གཟུང་འཛིན་འོད་ཟེར་འཕྲོ་བའི་ལམ། ། དཔལ་བེའུ་གློ་བར་སྒྲེལ་བའི་རྩ།། གྲོ་སོག་ཙམ་ནས་སྤྲུལ་སྐུ་ཟེར་དུ་འཕྲོ།། གདོད་ནས་ཐུགས་རྗེ་ཡི་འབྲུར་གནས།། ཕྱིར་འཕྲོས་ཧཱུ~ཾ་ཧཱུ~ཾ་རང་སྒྲར་ཆས།། ཚུར་ལ་སྡུད་ཚེ་དབུགས་དང་སེམས།། ཨོཾ་ཨོཾ་རང་གྲོལ་རང་བྱུང་གནས། ། དབུགས་དེ་རང་བཞིན་གནས་པའི་བར།། སྐྱེ་མེད་ཨ་ལ་རིག་པ་འོད་དུ་གསལ།། ཧཱུ~ཾ་དང་ཨོཾ་གཉིས་གཟུང་འཛིན་ཐུགས་རྗེ་ཟེར་ལ་རོལ།། དེ་རྟགས་བྱད་ལ་ཧཱུ~ཾ་སྒྲིལ་ཁ་སྤྲོད་ནས།། ལ་ཉིད་ཨ་ལ་ཁ་ཉིད་ཨོཾ། ། སྐུ་གསུམ་ཐིག་ལེ་ཡི་གེ་འབྲུ་གསུམ་གནས།། དེ་ཡི་རང་བཞིན་ཡེ་ཤེས་ལྔ་འོད་འཕྲོ།། སྤྲུལ་སྐུ་ཤ་ཁྲག་སྦུབས་ན་རང་བཞིན་གནས།། ལྕེ་ཡི་དབང་པོ་དག་ལ་ནི།། ཤེས་རབ་སྤྱན་གྱི་རང་བཞིན་དྲན་རིག་གནས། ། སྒོ་ལྔ་དབང་པོ་དྭངས་བྱེད་རྩ་ནས་གསུང་གི་སྒོ་མོར་གསལ།། རང་གྲོལ་ཐུགས་རྗེ་གདོད་ནས་རང་ཤར་བ།། སྤྲུལ་སྐུ་བག་ཆགས་སྦུབས་ན་བཞུགས་ཤེས་བྱའོ།། ཆོས་སྐུ་རིན་ཆེན་སྦུབས་ན་བཞུགས་པ་ནི། ། སྒྲོལ་མ་ཆུ་ཡི་རྒྱང་ཞག་ནང་ཉིད་ན།། རང་བཞིན་གསལ་ལ་དྭངས་པའི་རྟགས།། སྤང་བྱར་ལྡན་པ་རིན་ཆེན་དབྱིངས་སུ་གནས།། དེ་དབུས་ཆོས་སྐུ་རིག་པ་ཡེ་ཤེས་གདངས།། ངོ་བོ་སྟོང་གསལ་རང་བཞིན་དྭངས་ལ་རིག། མཚན་ཉིད་དག་ལ་སྤྲོས་པའི་མཐའ་ལས་འདས།། རང་ཤར་རིག་པ་རང་གྲོལ་འོད་གསལ་ལོ།། ཆོས་སྐུ་རིན་ཆེན་སྦུབས་ན་རང་ཆས་ཤར།། ཆོས་ཉིད་སྤྱན་ནི་སྟོང་གསལ་འགག་མེད་ལ། ། རིན་ཆེན་རྒྱ་མཚོར་འབྲེལ་བ་དྷུ་ཏི་ཙིཏྟ་འཆར།། དབྱེར་མེད་ཆོས་སྐུ་འོད་གསལ་གདངས་ཀྱི་སྒོ་མོ་སྒྲོན་མར་གསལ།། རང་གསལ་རང་གྲོལ་འཆར་བ་ལ།། དྭངས་སྙིགས་གཉིས་སུ་སྣང་བས་ཡེ་ཤེས་རྩལ་མ་རྫོགས། ། བག་ཆགས་སྦུབས་ཀྱི་དྲི་མས་འོད་གསལ་ལུང་མ་ཐོབ།། གཟུང་འཛིན་རྟོག་པར་གཟུང་བས་རང་རིག་མཁྱེན་པ་སྒྲིབས།། ཆོས་སྐུ་རིན་ཆེན་སྦུབས་ན་བཞུགས་ཞེས་བྱའོ།། ལུས་ངག་ཡིད་གསུམ་ངོ་བོའི་གདན། ། དབྱེར་མེད་གཅིག་སྟེ་ཐ་དད་དག་ལས་འདས་པར་གནས།། ལོངས་སྐུ་ཡེ་ཤེས་གསལ་བ་ལ།། སྙིགས་མ་འོད་ལྔ་ཟེར་ནི་རང་གྲོལ་རོལ་པར་གནས།། སྤྲུལ་སྐུ་ཐུགས་རྗེ་འབྲུ་གསུམ་སྙིང་པོ་འོད།། སྙིགས་མ་གཟུང་འཛིན་ཟེར་འོད་རང་གྲོལ་རོལ་པར་ཤར། ། ཆོས་སྐུ་ཡེ་ཤེས་རིག་པའི་རང་གདངས་རང་རིག་པ།། སྙིགས་མ་འོད་ཟེར་གསལ་བ་ཕྱོགས་བཅུར་འཕྲོ།། འཕྲོ་ཡང་ཆོས་ཉིད་མ་འདས་རོལ་པ་ཐིམ།། ཆོས་སྐུའི་རོལ་པར་ཡེ་ཤེས་རང་ཆས་ཤར། ། དེ་ཡི་རོལ་པ་ལོངས་སྐུ་སྟེ།། ལོངས་སྐུ་གསུང་གི་ཡིག་འབྲུ་ལས།། སྤྲུལ་སྐུ་ཐུགས་རྗེ་ཟེར་དུ་འཕྲོས།། འཕྲོ་ཡང་རྩལ་གྱི་རོལ་སྣང་ངོ་བོར་གཅིག། བདེན་པ་དབྱེར་མེད་ངོ་བོ་ལས། ། ཡེ་ཤེས་ལྔ་ཡི་རྩལ་ཤར་བས།། མ་བུ་གཉིས་མེད་རང་གྲོལ་ལོ།། སྐུ་གསུམ་རང་ཆས་རང་ལ་གནས་པ་ལ།། སྐུ་གསུམ་ཡེ་ཤེས་འཆར་སྒོ་སྒོ་གསུམ་ཟང་ཐལ་ཏེ།། དེ་ཡི་ལམ་ནས་སྤྱན་གསུམ་ཡེ་ཤེས་སྒྲིབ་མེད་རྟོགས། ། དུས་གསུམ་རང་གྲོལ་དག་ཏུ་མངོན་སངས་རྒྱས།། སེང་གེ་སྒྲ་སྒྲོགས་ཉི་ཟླ་ཁ་སྦྱོར་ལས། འགྲོ་ལ་སྐུ་གསུམ་རང་ཆས་ཀྱི་ལེའུ་སྟེ་སུམ་ཅུ་པའོ།།།། ཀྱེ། བཅོམ་ལྡན་ཐུགས་རྗེ་ཐབས་ཀྱི་བདག། དེ་ལྟར་སྐུ་གསུམ་རང་ཆས་ན། ། ད་ལྟར་མཐོང་སྟངས་ཇི་ལྟར་ལགས།། མ་རྟོགས་ངོ་སྤྲད་ཇི་ལྟར་བགྱི།། བཀའ་སྩལ་པ། བག་ཆགས་ཤ་ཁྲག་སྦུབས་ཚུད་པས།། རབ་རིབ་ཅན་གྱིས་བལྟས་པ་བཞིན།། ལོག་པའི་སྣང་བར་འཁྲུལ་པ་སྟེ། ། སྙིང་པོའི་དོན་ཉིད་མཐོང་མི་འགྱུར།། དཔེར་ན་རང་གི་བྱད་ཉིད་ཀྱང།། མེ་ལོང་དག་གིས་མཚོན་ཏེ་བསྟན།། འཁྲུལ་པས་རང་ངོ་རང་མི་སྣང།། དེ་བཞིན་གདམས་ངག་གཉིས་བརྟེན་ནས།། སྙིང་པོའི་དོན་འདི་བསྟན་པ་ལས། ། ལོག་རྟོག་བློ་ཡིས་དོན་མི་རྙེད།། དཔེ་ཡིས་ཤེས་པར་བྱ་བའི་ཕྱིར།། ངོ་སྤྲོད་བཞི་ཡི་བརྡ་ཡང་སྦྱར།། ཨེ་མ་ཧོ། གསང་བདག་ངེས་པར་གཟུང།། ཆོས་སྐུ་རང་བྱུང་ཡེ་ཤེས་ཆེན་པོ་ལ། ། གཉིས་མེད་སྟོན་པ་ཚིག་ལས་འདས།། མི་སྐྱེ་མི་འགག་རང་བཞིན་རྣམ་པར་དག། ཡོན་ཏན་སྣང་ཚུལ་བརྡ་ཡིས་མཚོན།། སྟོང་ཁྱབ་འགྱུར་མེད་གཡོས་པ་མེད།། དག་ཅིང་གསལ་བ་གོས་པ་མེད།། ཕྱི་ནང་མེད་པས་གཟུང་འཛིན་བྲལ། ། ནམ་མཁའ་རྡོ་རྗེ་རྒྱ་མཚོ་དང།། ཤེལ་དང་ཉི་མ་པདྨ་ཡིས།། མཚན་ཉིད་དང་ནི་ལྡན་པ་རུ།། རང་རིག་འཁོར་ལ་བརྡ་དོན་སྦྱར།། རྟགས་དང་དོན་དང་དཔེས་མཚོན་པ། ། རྟགས་ལ་མཐུན་དཔེ་དམིགས་ཡུལ་སྟོན།། མཚོན་ཚིགས་གནས་པའི་དབང་པོར་བཅུག། སྐལ་ལྡན་རྒྱུད་ལ་རིག་པར་གྱིས།། ཞེས་སེང་གེ་སྒྲ་ལས། ཆོས་སྐུ་ངོ་སྤྲད་པའི་ལེའུ་སྟེ་སོ་གཅིག་པའོ།།།། ཀྱེ། བཅོམ་ལྡན་ཐུགས་རྗེ་ཐབས་ཀྱི་བདག། ལོངས་སྐུ་ངོ་སྤྲད་གསུངས་པ་ནི།། ཐུགས་རྗེ་རང་བྱུང་ནང་ནས་བཀའ་སྩལ་པ།། ཡེ་ཤེས་རྩེ་གཅིག་དགོངས་པ་སྟེ།། ཡེ་ཤེས་ལྔ་ཡིས་རང་གདངས་ལས།། རྒྱལ་བ་སྐུ་ལྔ་འཁོར་དང་བཅས། ། ཆོས་ཉིད་གློང་ན་འོད་གསལ་བ།། ཡེ་ཤེས་རྩེ་གཅིག་དགོངས་པ་སྟེ།། གཉེན་ལྕུག་འཁྲིལ་ལྡེམ་རྒྱན་གྱིས་མཛེས།། གསལ་འཚེར་ལྷུན་སྡུག་འོད་ཟེར་འཕྲོ།། རྣམ་རྟོག་མི་མངའ་ས་ལེ་བ།། སྣང་ལ་དངོས་མེད་ཡེ་ཤེས་ལྷུན་གྱིས་གྲུབ། ། འཇའ་ཚོན་ཆུ་ཟླ་མེ་ལྟར་འདྲ་འབག་བཅས།། སྣོད་ལྡན་རྒྱུད་ལ་གདམས་ངག་གཉིས་ཀྱིས་སྤྲས།། ཞེས་སེང་གེ་སྒྲ་ལས། ལོངས་སྐུ་ངོ་སྤྲད་པའི་ལེའུ་སྟེ་སོ་གཉིས་པའོ། །།། ཀྱེ། བཅོམ་ལྡན་སྐུ་ལྔ་འོད་སྣང་ནས། བཀའ་སྩལ་པ། བདེ་གཤེགས་ལྔ་ཡི་སྣང་བ་ནི།། རང་རང་སོ་སོའི་མཚན་མ་འོད་དུ་གསལ།། གསལ་ལ་མི་གནས་ཡེ་ཤེས་དག་པའི་སྤྱན།། མཐའ་དབུས་མེད་པར་རང་བཞིན་འོད་གསལ་བ། ། འགག་མེད་སྤྲུལ་སྐུ་དུས་དང་གནས་སྐབས་སྦྱར།། མེ་མར་འོད་ཁྱིམ་མེ་ལོང་ངོས་ལ་བསྟན།། བརྡ་དོན་རྟགས་སུ་ཤེས་པར་གྱིས།། སེང་གེ་སྒྲ་ལས། སྤྲུལ་སྐུ་ངོ་སྤྲད་པའི་ལེའུ་སྟེ་སོ་གསུམ་པའོ། །།། དེ་ནས་སྟོན་པས་འདུ་འབྲལ་མེད་པ་ངོ་སྤྲད་པ།། རང་རིག་ཆོས་སྐུ་གསལ་ལ་རྟོག་པ་མེད།། ཡེ་ཤེས་ལྔ་ཡི་མཚན་ཉིད་དང་ལྡན་ལ།། སྙིང་པོ་སྐུ་ལྔ་ཡེ་ཤེས་ལྷུན་གྲུབ་འཆར།། དེ་ཡི་སྣང་བ་ཡེ་ནས་འོད་གསལ་བ། ། ཉི་མའི་སྙིང་པོ་འོད་དང་ཟེར་དུ་ཆས།། གདམས་ངག་སྣོད་ལྡན་ངོ་ཡང་སྤྲད།། སྤྲུལ་སྐུ་གནས་ལུགས་རྟོགས་བྱེད་པ།། རྫོགས་ཆེན་འོད་གསལ་ཁ་སྦྱོར་དག་ལ་སྤྲད།། ལོངས་སྐུ་གནས་ལུགས་རྟོགས་བྱེད་པ། ། མ་ཧཱ་འདྲ་འབག་ངོ་ཡང་སྤྲད།། སྐུ་གསུམ་དབྱེར་མེད་ངོ་སྤྲད་པ།། ཨ་ནུ་ངོ་སྤྲད་ཉི་མའི་སྙིང་པོས་སྤྲད།། ཅེས་ཉི་ཟླ་ཁ་སྦྱོར་ལས། སྐུ་གསུམ་དབྱེར་མེད་ངོ་སྤྲད་པའི་ལེའུ་སྟེ་སོ་བཞི་པའོ། །།། ཀྱེ། བཅོམ་ལྡན་ཐུགས་རྗེ་ཐབས་ཀྱི་བདག། སྤྲད་ཡུལ་བཞི་ལ་དཔེས་མཚོན་པ། ཀྱེ། རིགས་ཀྱི་བུ་དག་ངེས་པར་ཟུང།། རྡོ་རྗེ་སེམས་དཔའི་མེ་ལོང་འདི།། ཆོས་སྐུ་དངོས་ནི་མ་ཡིན་ཏེ།། མཚོན་དཔེ་འོད་གསལ་རྟོགས་པར་གྱིས། ། སྐུ་གདུང་མན་ཤེལ་རིན་ཆེན་ཟུར་ལྔ་པ།། མན་ཤེལ་ཕྱི་ནང་མེད་པ་བཞིན།། ཆོས་སྐུ་ཕྱི་ནང་མེད་པ་ཡིན།། མན་ཤེལ་ངོ་བོ་ཟང་ཐལ་བཞིན།། ཆོས་སྐུ་ངོ་བོ་ཟང་ཐལ་ཡིན།། མན་ཤེལ་དྲི་མ་མེད་པ་བཞིན། ། ཆོས་སྐུ་དྲི་མ་མེད་པ་ཡིན།། མན་ཤེལ་རྐྱེན་མང་ནང་ནས་འོད་ལྔ་འཆར་བ་ལྟར།། ཆོས་སྐུ་ཡེ་ཤེས་ལྔ་འོད་ཁོང་ནས་འཆར།། དེ་ནས་ལོངས་སྐུ་དཔེ་བསྟན་པ།། མེ་ལོང་གཡའ་དག་ནང་དུ་ལུགས་སྐུ་གཞག། མདུན་དུ་མཎྜལ་སྟེང་དུ་དམིགས་རྟེན་དེ་གཞག་གོ། ཤེས་རབ་གཡས་པའི་དྲུང་དུ་མན་ཤེལ་ཕྱར།། བར་སྣང་རིག་པའི་སྒྲོན་མས་ཡེ་ཤེས་སྒོ་ཡང་བལྟ།། འཇའ་ཚོན་འབར་བའི་སྐུ་ཉིད་མཁའ་ལ་འཆར། ། ལོངས་སྐུ་དངོས་མེད་ལོངས་སྐུ་དཔེར་ཤེས་བྱ།། སྤྲུལ་སྐུ་དཔེ་ཡིས་མཚོན་བྱ་བ།། མེ་ལོང་ངོས་ལ་བྲིས་སྐུ་འཆར།། གསལ་མདངས་སྣ་ཚོགས་སྣང་ཡང་དངོས་མ་གྲུབ།། སྤྲུལ་སྐུ་ཅིར་སྣང་མེ་ལོང་གཟུགས་བརྙན་ལྟར། ། སྣང་ཡང་ཡེ་ཤེས་ཆོས་དབྱིངས་དོན།། དངོས་མེད་རྒྱུ་ལ་དཔེས་བསྟན་པ།། སྐུ་གསུམ་དབྱེར་མེད་ཉི་མའི་སྙིང་པོའི་དཔེ།། སྐུ་གསུམ་འབྲལ་མེད་ཉི་མ་ཟེར་འོད་འདྲ།། ཉི་མ་རྒྱུ་རྐྱེན་མེད་པ་ལྷུན་གྲུབ་ལྟར། ། སྐུ་གསུམ་རང་བྱུང་རྒྱུ་རྐྱེན་མེད་པ་ཡིན།། ཉི་མ་འོད་ཟེར་སྣ་ཚོགས་འཕྲོ་བ་ལྟར།། སྐུ་གསུམ་རང་བྱུང་འོད་ཟེར་དཔག་མེད་འཕྲོ།། ཉི་མ་སྒྲིབ་མེད་ཟང་ཐལ་དག་པ་ལྟར།། ཆོས་སྐུ་སྒྲིབ་མེད་ཟང་ཐལ་དག་པའོ། ། ཉི་མའི་སྙིང་པོས་འགྲོ་དོན་བྱེད་པ་ལྟར།། ཆོས་སྐུ་སྐུ་གསུམ་རང་བྱུང་འགྲོ་དོན་མཛད།། ཆོས་སྐུ་ནམ་མཁའ་ལྟར་བུར་རང་བཞིན་སྟོང།། རྡོ་རྗེ་ལྟ་བུར་ངོ་བོ་འཇིགས་འབྲལ་མེད།། རྒྱ་མཚོ་ལྟ་བུ་ཐུགས་རྗེ་རླབས་མི་འགག། ཤེལ་ལྟར་དག་པ་པདྨ་ལྟ་བུར་སྐྱོན་མ་གོས།། ལོངས་སྐུ་ཡེ་ཤེས་འཇའ་ཚོན་སྐུ།། ཆུ་ཟླ་བཞིན་དུ་ངོས་གཟུང་མེད།། མེ་ལོང་གཟུགས་ལྟར་རེག་པའི་དངོས་མ་གྲུབ།། སྤྲུལ་པ་ཁམ་པའི་མི་མོ་ཁོག་སྟོང་ན། ། སྒོ་ལྔ་བུ་གར་བཏོད་ནས་མར་མེ་ནང་བཅུག་པས།། ལུས་ཀྱིས་བསྒྲིབས་ཀྱང་སྒོ་ལྔ་བུ་ག་ཟང་ཐལ་འོད་དུ་གསལ།། དེ་བཞིན་སྤྲུལ་སྐུ་བག་ཆགས་སྦུབས་ནང་ནས།། ཡེ་ཤེས་ཟང་ཐལ་འོད་གསལ་སྒོ་ལྔར་འཆར། ། ཤེས་རབ་ཡེ་ཤེས་འགྲོ་དོན་ཐུགས་རྗེ་ལམ་སྐད་དོ།། ཕྱི་ཡི་སྣང་བ་རྟོག་པ་རགས་པ་ནི།། ལུས་ཀྱི་འཁྲུལ་རྟེན་སྐྱེ་གནས་ཁ་ཡང་བརྒྱུད།། སྣང་ལ་རང་བཞིན་དངོས་མེད་པས།། ཡེ་ཤེས་ཟེར་ལ་འཁྲུལ་རྟོག་བརྟས། ། རྟོག་པ་དེ་ཉིད་ཆོས་དབྱིངས་སྒྱུ་མ་ངོ་ཡང་སྤྲད།། མེ་ལོང་དག་པའི་ངོས་ལ་གཟུགས་བརྙན་སྣ་ཚོགས་འཆར།། བལྟས་པས་མེ་ལོང་ངོས་ལ་སྣ་ཚོགས་དྭངས་ལ་གསལ།། རང་བཞིན་འགག་མེད་སྣ་ཚོགས་མཚན་ཉིད་སྟོང། ། སྤྲོས་མེད་མེ་ལོང་ནང་དུ་སྣང་བ་དག། དེ་བཞིན་རྒྱང་ཞག་ཆུ་ཡི་སྒྲོན་མ་ལ།། འདྲ་འབག་སྣ་ཚོགས་ཕྱི་ཡི་སྣང་བ་འདི།། རང་རིག་གདངས་ཀྱི་འོད་ལ་བལྟས་པའི་ཚེ།། སྣང་ཙམ་ཉིད་ན་ངོ་བོས་སྟོང་པ་དྭངས་ལ་གསལ། ། གསལ་ཙམ་ཉིད་ན་རང་བཞིན་དག་པ་སྤྲུལ་པའི་སྐུ།། རང་བཞིན་འགག་མེད་གསལ་སྟོང་ལོངས་སྐུའི་ངང།། སྤྲོས་མེད་སྒྲོན་མར་སྣང་བ་དག་ལ་ཆོས་སྐུ་ཐུགས་ཀྱི་གཏེར། ། སྣང་བ་སྐུ་གསུམ་དབྱེར་མེད་བདེ་ཆེན་ཡེ་ཤེས་སྤྲད།། ཉོན་མོངས་ཡེ་ཤེས་ཀློང་དུ་ངོ་སྤྲད་པ།། སྒོ་ལྔ་སེམས་ནི་ཆུ་དང་འདྲ་བས་བག་ཆགས་སྡུད།། ཡེ་ཤེས་མེ་དང་འདྲ་སྟེ་རྟོག་སྒྲིབ་བསྲེག། དཔེར་ན་མན་དྷ་ར་བ་ཆེན་པོ་ཡང།། ཟླ་ལྟར་བསིལ་བས་མེ་ཏོག་གཟུང་བར་བྱེད།། ཉི་མ་ཤར་བའི་དུས་སུ་རྒྱས་ཤིང་གསལ་འོད་འབར།། དེ་བཞིན་སྐུ་གསུམ་དྲི་མེད་དག་པ་ལ།། དྲི་མེད་དག་པའི་གདམས་ངག་ཚིག་བརྗོད་པས། ། དོན་དམ་ཉིད་ཀྱི་སྤྲོས་བྲལ་རང་ཤར་ནས།། ཟླ་ལྟར་གཟུང་འཛིན་དག་ནས་ཉི་ཟླ་ཡེ་ཤེས་ངོ་ཡང་སྤྲད།། ཉི་ཟླ་ཁ་སྦྱོར་དགོངས་པ་ཚད་དུ་སྐྱོལ།། ཡེ་ཤེས་སྒྱུ་མའི་ངང་ལ་རིག་པའི་རྒྱལ་པོ་ནི། ། འོད་གསལ་འཁོར་དང་མཉམ་བཞུགས་མེ་ལོང་གསལ་ལ་དག་པ་ལྟར།། སྣང་ལ་དངོས་མེད་རྒྱུ་རྐྱེན་རག་མ་ལས།། ཐུན་མོང་མ་ཡིན་ཁྱད་པར་དགོངས་པས་འཕགས།། བདེ་འོ་ཡངས་སོ་སངས་རྒྱས་ཡེ་ཤེས་ལུས། ། ཤེས་བྱས་ཤེས་པས་དོན་ཉིད་ཁོང་ཆུད་པས།། ཐམས་ཅད་མཁྱེན་པའི་གཟིགས་སྣང་ངོ་བོར་གཟིགས།། ཞེས་སེང་གེ་སྒྲའི་དགོངས་པ་ཉི་ཟླ་ཁ་སྦྱོར་ལས། སེམས་རྟོགས་རང་ས་དགྲོལ་བ་དཔེས་སྐུ་གསུམ་ངོ་སྤྲད་པའི་ལེའུ་སྟེ་སོ་ལྔ་པའོ། །།། ཀྱེ། བཅོམ་ལྡན་ཐུགས་རྗེ་ཐབས་ཀྱི་བདག། ནང་རྟོག་པ་ཕྲ་བའི་གཟུང་འཛིན་གྱིས།། སེམས་ཀྱི་འཁྲུལ་རྟེན་བག་ཆགས་ཁ་ཡང་བརྒྱུད།། རང་གྲོལ་ངོ་སྤྲད་ཇི་ལྟར་ལགས། ། བཀའ་སྩལ་པ། ཉོན་མོངས་ལྔ་ཡི་སྣང་བ་ཡང།། སྒོ་ལྔ་རང་ཐད་ཟེར་ལ་བདག་ལ་གདོས་བཅས་རྟོག་པར་གཟུང།། ཡེ་ཤེས་ལྔ་ཡི་ཟེར་ལས་འཁྲུལ་རྟེན་བྱས།། དེ་ཉིད་ཡེ་ཤེས་ངང་ལས་མ་འདས་པ།། རྨི་ལམ་ལྟ་བུར་ཡེ་ཤེས་ངོ་བོར་གྲོལ། ། ཉོན་མོངས་དངོས་གྲུབ་ཟང་ཐལ་རིག་པ་ཟེར།། དཔེར་ན་གངས་དཀར་རྡོས་པར་སྲ་གྱུར་ཡང།། སྣང་བའི་ཚེ་ན་ཆུ་ཡི་ངོ་བོ་ཡིན།། ཉོན་མོངས་གཟུང་འཛིན་བྲལ་བའི་རིག་པ་དེ། ། འཁོར་བ་རང་གྲོལ་སངས་རྒྱས་ཐུགས་སུ་ངེས།། དེ་ཉིད་དཔེ་སྟེ་གདམས་ངག་ངོ་སྤྲད་པ།། མན་ཤེལ་རྒྱལ་པའི་རིང་བསྲེལ་ཁྲི་འཕང་ལྔ།། སྐར་ཁུང་འོད་ལ་མན་ཤེལ་ཉི་ཟེར་འཆར།། བལྟས་པས་ཤེལ་གྱི་ངོ་བོ་སྟོང་གསལ་ཕྱི་ནང་མེད། ། གསལ་དྭངས་འོད་ལྔ་ཁ་དོག་ནང་ནས་འཆར།། ཤར་ཡང་སྣང་ལ་དངོས་མེད་འོད་དུ་གསལ།། དེ་བཞིན་སྒོ་ལྔ་འོད་ལ་རིག་པ་ཤར་བའི་ཚེ།། རིག་པའི་ངོ་བོ་ཕྱི་ནང་མེད་པར་གསལ་ལ་དྭངས། ། རང་བཞིན་མེད་ཀྱང་ནང་ནས་ཡེ་ཤེས་འོད་ལྔ་འཆར།། ཡེ་ཤེས་རང་སྣང་ཟང་ཐལ་རིག་པ་འགག་མེད་གསལ།། ལྷ་ཡི་ཁྱེའུ་ཕྱག་སོར་ཉི་མ་ཕྱིར་བལྟས་པས།། ཉི་མའི་རྐྱེན་གྱིས་ཐིག་ལེ་འོད་ལྔ་འཆར།། དེ་བཞིན་རིག་པ་རང་ཟེར་ལ་སོགས་ཡུལ་རྐྱེན་གྱིས། ། ཡེ་ཤེས་སྣང་བ་ཉོན་མོངས་ལྔ་སྣང་ཡང།། ཡེ་ཤེས་ལྔ་ཡི་ངང་ལས་གསལ་བ་ལས།། གཞན་སྣང་མ་ཡིན་ཡེ་ཤེས་འོད་གསལ་ལོ།། ཤེལ་འོད་རྣམ་ལྔ་འཕྲོ་བ་ཆོས་སྐུའི་རྒྱན། ། དེ་ལས་འོད་ཀྱང་འཕྲོ་བ་ཐུགས་རྗེ་སྤྲུལ་པའི་སྐུ།། ཤེལ་དེ་རང་བཞིན་དྭངས་གསལ་རིགས་པ་ཆོས་སྐུའི་དཔེ།། ཤེལ་ཉིད་རིག་པའི་དཔེ་ལ་འོད་ལྔ་སྒོ་ལྔ་དཔེ།། འོད་ཀྱང་ཟེར་དུ་འཕྲོ་བ་གཟུང་འཛིན་སེམས་ཀྱི་དཔེ། ། འོད་ལྔ་འོད་ཀྱང་དབྱེར་མེད་གཅིག་སྟེ་མན་ཤེལ་ངོ་བོར་གྲོལ།། གཟུང་འཛིན་ཡེ་ཤེས་དབྱེར་མེད་རིག་པའི་ངང་ལ་གྲོལ།། ཀུན་གཞི་རང་རྩལ་ཡེ་ཤེས་འོད་ཟེར་ལ།། འགྱུ་མི་འགྱུ་ཡེ་གསལ་བ་དྲན་རིག་གིས། ། ཡེ་ཤེས་མི་གཡོ་རིག་པ་སྦུབས་སུ་འཁྲུག། འགྱུ་ཡང་དངོས་མེད་ཟེར་གྱི་གསལ་འགྲིབ་ཡིན།། རིག་པ་ཆོས་ཀྱི་སྐུ་ལ་སྒྲིབ་མེད་འགྱུས་པ་མེད།། ཉི་མའི་སྙིང་པོ་སོག་མའི་སྦུབས་བལྟས་པ། ། འོད་ལྔ་ཁ་དོག་སྣ་ཚོགས་གསལ་འཚེར་གདངས།། དེ་བཞིན་རིག་པ་ཆོས་སྐུ་ཁ་དོག་སྣ་ཚོགས་འབར།། གསལ་ལ་དྭངས་པ་སྒྲོན་མ་ནང་ན་གསལ།། སྐུ་གསུམ་དབྱེར་མེད་ཉི་མ་ཟེར་འོད་དཔེ།། བག་ཆགས་རང་གྲོལ་སྤྲིན་བྲལ་ཉི་མ་བཞིན། ། དེ་ཉིད་ལམ་དུ་ཁྱེར་པ་དགོངས་པ་རང་ཤར་རོ།། སྐུ་གསུམ་དབྱེར་མེད་ཡེ་ཤེས་གདངས་ལ་ངོ་ཡང་ཕྲད།། ཉི་ཟླ་ཁ་སྦྱོར་སེང་གེ་སྒྲ་སྒྲོགས་ལས།། རྟོག་པ་ཕྲ་རགས་ཡེ་ཤེས་དཔེས་ངོ་སྤྲད་པའི་ལེའུ་སྟེ་སོ་དྲུག་པའོ། །།། ཀྱེ། བཅོམ་ལྡན་ཐུགས་རྗེ་ཐབས་ཀྱི་བདག། རང་ལ་གནས་པའི་སྐུ་གསུམ་སྙིང་པོའི་དོན།། རང་དབང་རང་ལ་མ་ཐོབ་པས།། དབང་གི་ལམ་རིམ་ཇི་ལྟར་བགྲོད། ། བཀའ་སྩལ་པ། དབང་ལ་རྣམ་པ་གསུམ་དུ་བསྟན།། གཞི་ལ་རྫོགས་ཚུལ་བསྟན་པ་དང།། རིམ་པར་བབས་ལུགས་བསྟན་པ་དང།། ཇི་ལྟར་བསྐུར་བའི་རིམ་པའོ།། གཞི་ལ་རྫོགས་པར་བསྟན་པ་ནི།། འོད་གསལ་འགྱུར་མེད་ཆོས་སྐུ་ལ།། འགག་མེད་ཡེ་ཤེས་རྣམ་ལྔར་ཤར།། རང་བཞིན་འོད་གསལ་གཞན་སྣང་བའི།། རིན་ཆེན་འོད་འབར་སྐུ་གསལ་བའི།། ཉིད་ལས་མི་ཞན་དབང་གི་ཆུ་བོ་བཞི།། མ་བསྐུར་རང་བཞིན་ཡེ་ནས་གཞི་ལ་རྫོགས། ། རིགས་ལྔ་སྐུ་ལྔ་ཐུགས་རྗེ་མ་འགགས་པས།། སྒོ་ལྔ་ཁྲག་འཐུང་ཧེ་རུ་སྔ་ཕྱིར་ཤར།། ཐུགས་རྗེ་རང་བྱུང་དབང་གི་ཆུ་བོ་བཞི།། མ་བཙལ་གཞི་ལ་ཡེ་ནས་རྫོགས་པར་གནས།། དེ་ཉིད་ཡེ་ཤེས་རང་ཤར་རང་ལ་ཤར་བ་དེ། ། ཡེ་ཤེས་ལུས་ཅན་ངང་ལ་གནས་ཤིང་ངང་དུ་གྲོལ།། ཡེ་ཤེས་ཆེན་པོ་དབང་གི་ཆུ་བོ་བཞི།། མ་བཙལ་མ་བསྐུར་གཞི་ལ་ཡེ་ནས་རྫོགས།། དེ་ཉིད་མཚོན་པ་གསུང་གི་ཡི་གེ་ནི། ། ཨ་ཨོཾ་ས་ཧཱུ~ཾ་ཧ་རིན་ཆེན་ཡི་གེ་ལྔ།། མ་བཙལ་གསུང་གི་ཟེར་འོད་ཡེ་གནས་པས།། དཔའ་བོ་འབྲུ་ལྔ་དབང་གི་ཆུ་བོ་བཞི།། མ་བཙལ་མ་བསྐུར་རང་ལ་ཡེ་ནས་རྫོགས།། དེ་ཕྱིར་སྐུ་གསུམ་རང་དབང་ཡེ་ཤེས་གཞན་མི་རིག། རྒྱུ་རྐྱེན་གཞན་གྱི་དབང་གིས་སྐུ་གསུམ་བགྲོད་མ་ཡིན།། དཔེར་ན་བྲ་བོ་ནས་ཀྱི་འབྲས་བུ་བསྐྱེད་འདོད་ལྟར།། སྐུ་གསུམ་རང་ལ་རྫོགས་པ་ལ།། བྱས་ཤིང་མ་བཅོས་པས་ཟད་མེད་འཕེལ་བ་མེད། ། སེང་གེ་སྒྲ་སྒྲོགས་ཐེག་དམན་ཟིལ་གྱིས་གནོན་པའི་རྒྱུད་ལས།། ཆོས་སྐུ་དབང་བཞི་རྫོགས་ལུགས་བསྟན་པའི་ལེའུ་སྟེ་སོ་བདུན་པའོ།།།། ཀྱེ། དབང་གི་བབས་ལུགས་བཀའ་སྩལ་པ། ། རིམ་པའི་བཀའ་བབས་བཤད་པ་ལ། ཁྱབ་བདལ་ཡེ་ཤེས་སྙིང་པོའི་དོན།། ཤེས་རབ་རང་བཞིན་ཆོས་ཉིད་ཡེ་ཤེས་རྩལ།། ཆོས་སྐུ་འགྱུར་མེད་རོལ་པའི་ཡེ་ཤེས་ལྔ།། རིགས་བཞི་ངོ་བོར་ཤར་བའི་ལོངས་སྐུའི་གཙོ། ། དེ་བཞིན་གཤེགས་པ་ཀུན་སྣང་ཡེ་ཤེས་ལ།། ཆོས་སྐུ་རང་གི་ངོ་བོར་ཡས་བབས་དབང་གི་ཆུ་བཞི་རྫོགས།། སྐུ་གསུམ་མཁྱེན་པ་མ་འགགས་པ།། གཞི་ཉིད་ཆོས་སྐུར་འགྱུར་བ་མེད་པ་ལས།། ཤེས་རབ་འགག་མེད་ལོངས་སྐུའི་དབང་ཐོབ་བོ། ། ཤེས་རབ་འགག་མེད་སྐུ་བཞི་ཤར་བ་དེས།། ཉིད་ལས་མི་ཞན་སྐུ་བཞི་ཞལ་གཟིགས་པས།། ཐུགས་ཀྱི་རང་བཞིན་རིག་པ་རང་གསལ་མཁྱེན།། ཤེས་རབ་རང་བཞིན་ལོངས་སྤྱོད་རིགས་ལྔ་སྐུ་ལྔ་ཡིས། ། དབང་གི་ཆུ་བོ་རང་དབང་ཡས་བབས་ཐོབ།། དེ་བཞིན་རིགས་བཞི་སེམས་དཔའ་སེམས་མ་ལ།། རང་དབང་ཡས་བབས་ཡེ་ཤེས་བསྐུར་ནས་ཐོབ།། ང་ནི་སྤྲུལ་པར་ཤར་ཏེ་རྫོགས་པའི་ཚེ། ། ཐུགས་ཀྱི་ཀློང་ན་རང་དབང་རང་བབས་ཐོབ།། ངས་མཐོང་ཞིང་རྟོགས་ཏེ་གསལ་བའི་ཚེ།། དེ་ཚེ་ངས་རྟོགས་པའི་རང་དབང་ནི།། སྐད་ཅིག་གཅིག་ལ་དེ་བཞིན་ཉིད་དུ་ཐོབ།། དེ་བཞིན་ཁམས་གསུམ་འགྲོ་དྲུག་ཐམས་ཅད་ལ། ། དབང་གི་ཆུ་བོ་བཞི་གནས་པས།། མ་བསྐུར་དབང་གི་ཆུ་བོ་ཡེ་ནས་རྫོགས།། རིག་ན་རིག་པའི་རྩལ་དབང་རང་ལ་ཐོབ་པར་འགྱུར།། དེ་ཕྱིར་ངས་ནི་འགྲོ་ལ་ཡེ་རྫོགས་ལུང་བསྟན་ཏོ། ། ཞེས་སེང་གེ་སྒྲ་ཉི་ཟླ་ཁ་སྦྱོར་ལས།། ལོངས་སྐུའི་དབང་ཡས་བབས་ཀྱི་ལེའུ་སྟེ་སོ་བརྒྱད་པའོ།།།། ཀྱེ། བཅོམ་ལྡན་ཐུགས་རྗེ་ཐབས་ཀྱི་བདག། སྤྲུལ་སྐུ་ཡས་བབས་བཀའ་སྩལ་པ།། སྤྲུལ་སྐུ་དགའ་རབ་རྡོ་རྗེ་ལ། ། སྤྲུལ་སྐུ་རྡོ་རྗེ་སེམས་དཔའ་ཡིས།། ཡེ་ཤེས་ལྷ་ཡི་རང་དབང་མངོན་དུ་བསྐུར།། དེ་ཉིད་དུ་ཡིད་མ་དེ་ཉིད་ཐོབ་པའི་དབང་ཡས་བབས་སོ།། རྒྱལ་པོ་ཨིནྡྲ་བོ་དྷི་ལ།། གསང་བདག་རྡོ་རྗེ་འཆང་ཆེན་གྱིས། ། པོ་ཏི་གླེགས་བམ་གསུམ་གྱི་རང་དབང་མངོན་དུ་བསྐུར།། སློབ་དཔོན་པདྨ་འབྱུང་གནས་ཀྱིས།། རིག་པ་རང་གི་རང་དབང་རང་ལ་ཐོབ།། སློབ་དཔོན་བི་མ་མི་ཏྲ་ལ།། པཎྜི་ཏ་རྣམས་རང་དབང་ཐོབ་པར་བསྐུར། ། སྤྲུལ་པ་དབང་གི་ཆུ་བོ་བཞི་ཞེས་བྱའོ།། སེང་གེ་སྒྲ་སྒྲོགས་དགོངས་པ་ལས། སྤྲུལ་སྐུ་བཀའ་ཡིས་ཡས་བབས་ལེའུ་སྟེ་སོ་དགུ་པའོ།།།། ཀྱེ། བཅོམ་ལྡན་ཐུགས་རྗེ་ཐབས་ཀྱི་བདག། རྡོ་རྗེ་འཛིན་པས་ཞུས་པ། དབང་གི་བབས་ལུགས་དེ་ལྟར་ན།། དབང་གི་བསྐུར་ཐབས་ཇི་ལྟར་བགྱི།། བཀའ་སྩལ་པ། དབང་ལ་བསྐུར་ཐབས་རྣམ་བཞི་སྟེ།། བུམ་དབང་གསང་དབང་ཤེས་རབ་ཚིག་དབང་ངོ།། དབང་གི་རང་བཞིན་ཡེ་ཤེས་རང་གནས་པ། ། བླ་མ་བརྡ་དང་བྱིན་རླབས་མཚོན་ཏེ་བསྟན།། རྟོགས་ཏེ་རང་ངོ་ཤེས་པས་རང་དབང་རང་ལ་ཐོབ།། ཁྱད་པར་དབང་རྫས་ཤེས་རབ་ལ་བརྟེན་ནས།། གཞི་རྫོགས་རིག་པའི་རྩལ་དབང་བཞི་བསྐུར་དང། ། ཐུན་མོང་དབང་རྫས་བཞི་ལ་བརྟེན་བྱས་ནས།། རྡོ་རྗེ་སློབ་དཔོན་གདམས་ངག་བརྟེན་ཏེ་བསྐུར།། ཁྱད་པར་ཤེས་རབ་རིག་པའི་རྩལ་དབང་ནི།། ཐོབ་ལུགས་སྐལ་ལྡན་རྣམས་ལ་འདི་ལྟར་རྫོགས་པར་བསྐུར། ། བཞི་རྫོགས་རིག་པའི་རྩལ་དབང་ནི།། རྒྱུད་འཛིན་བུམ་པའི་དབང་ལྔ་སྟོང་ཉིད་རིག་པར་བསྐུར།། མཁའ་ཀློང་རྣམ་དག་ངང་ལ་ཡུམ་ལྔ་ཡེ་ཤེས་སྤྱན།། འགག་མེད་འོད་ཀྱི་བུམ་པ་ལྔར་གསལ་བ། ། ལོངས་སྐུ་རིགས་ལྔ་བཞུགས་པའི་སྐུར་གྱུར་པས།། བུམ་པ་ཞེས་བྱའི་སྟོང་ཉིད་དབྱིངས།། དེ་དོན་སྟོང་ཉིད་རིག་པས་དངོས་པོའི་མཐའ་ལས་ལོག། རྒྱལ་བ་རང་རྟགས་ཕྱག་རྒྱའི་དབང་བསྐུར་བ། ། བུམ་པ་ལྔ་ཡི་ཀློང་ན་རིགས་ལྔ་བཞུགས་ལུགས་བཤད།། ཤེས་རབ་བདག་ཉིད་ཡེ་ཤེས་ལྔ་གསལ་ཞིང།། ཐུགས་རྗེ་བདག་ཉིད་ཕྱག་རྒྱ་ལྔར་གསལ་བ།། ཀུན་ཀྱང་མ་བསྐྱེད་གཞི་ནས་སྐུ་ལྔ་ཕྱག་རྒྱ་ལྔ།། ཡིན་པ་ཡིན་པར་རིག་པས་དངོས་པོ་མཚན་མ་ཀུན། ། སྐུ་དང་ཡེ་ཤེས་རིག་པའི་རྩལ་དབང་རང་ལ་ཐོབ།། མཚན་མ་རང་སར་དག་ནས་ཡེ་ཤེས་མཁྱེན་པ་འཆར།། དེ་ནས་རྒྱལ་ཐབས་སྤྱི་བླུགས་དབང་བདུན་ནི།། འཁོར་ལོ་སྒྱུར་རྒྱལ་རིན་ཆེན་བདུན་བརྒྱན་ཏེ། ། དེ་ཡི་སྟོབས་ཤུགས་འགྲོ་དོན་བྱེད་པ་ལྟར།། རྒྱལ་ཐབས་རིན་ཆེན་བདུན་གྱི་དབང་བསྐུར་བ།། རང་བྱུང་སྐུ་གསུམ་དངོས་པོ་མི་གནས་པར།། དགོས་འདོད་རང་ལ་འབྱུང་བ་སྦྱིན་པའི་ཕར་ཕྱིན་ཏེ། ། དེ་ཉིད་ནོར་བུ་རིན་ཆེན་ལྟ་བུའི་དབང་དུ་རང་ལ་རིག། རང་རིག་ཡེ་ཤེས་རང་བཞིན་རྣམ་དག་ཚུལ་མི་འདའ།། ཚུལ་ཁྲིམས་ཕ་རོལ་ཕྱིན་པས་ནི།། བཙུན་མོ་རིན་ཆེན་ལྟ་བུར་རང་དབང་རང་ལ་རིག། རང་རིག་ཆོས་སྐུ་འགྲན་པའི་ཟླ་མེད་ལ།། སྐུ་ལྔ་སྣང་ཡང་གཉིས་མེད་མཚན་མ་ངང་གིས་བཅོམ།། རྟོག་པའི་ཆོས་མིན་བཟོད་པའི་ཕ་རོལ་ཕྱིན།། དམག་དཔོན་རིན་ཆེན་ལྟ་བུར་རང་དབང་རང་ལ་རིག། རང་རིག་ཡེ་ཤེས་ཡོན་ཏན་རྩལ་མེད་རང་ལ་རྫོགས།། ཐུགས་རྗེ་ཤུགས་འཆང་མི་བརྗེད་གཟུངས་ཐོབ་པ།། བརྩོན་འགྲུས་ཕ་རོལ་ཕྱིན་གྱུར་ཏེ།། རྟ་མཆོག་རིན་ཆེན་ལྟ་བུར་རང་དབང་རང་ལ་རིག། རང་རིག་ཡེ་ཤེས་རང་གི་ངོ་བོ་མ་གཡོས་པས། ། བསམ་གཏན་ཕར་ཕྱིན་གླང་པོ་རིན་ཆེན་ལྟ་བུར་རང་དབང་ཐོབ།། རང་རིག་ཡེ་ཤེས་ཆོས་སྐུ་ཕྱོགས་ལྷུང་མཐའ་ལས་འདས།། ཤེས་རབ་འགག་མེད་རྩལ་གྱིས་སོ་སོར་གཅོད། ། ཤེས་རབ་ཕར་ཕྱིན་འཁོར་ལོ་ལྟ་བུར་རང་དབང་རང་ལ་རིག། རང་བྱུང་ཡེ་ཤེས་ཐབས་ལ་འགག་མེད་ཀུན་གྱི་རེ་སྨོན་ས།། ཡེ་ཤེས་ཡོན་ཏན་བརྒྱན་པས་ཡེ་ཤེས་ཕ་རོལ་ཕྱིན།། བློན་པོ་རིན་ཆེན་ལྟ་བུར་རང་དབང་རང་ལ་ཐོབ་པར་རིག། དེ་ལྟར་ཚིག་གིས་མཚོན་ནས་རང་དབང་རང་བསྐུར་བས།། དེ་ལྟར་རྟོགས་ཤིང་རིག་པ་རྩལ་གྱི་དབང།། གྲུབ་པའི་མཐའ་ལ་ཡོན་ཏན་སྒོ་མ་འགགས།། རང་རིག་རང་གིས་རྟོགས་པའི་རྩལ་མ་འགགས། ། རྟོགས་པ་དེ་ཉིད་རང་རིག་ཡེ་ཤེས་དབང་ཐོབ་བོ།། རིགས་ཀྱི་བུ་ངེས་པ་ཟུང་ཞིག། ཡེ་ཤེས་སྤྱི་བླུགས་རྒྱ་རྟགས་ཕྱག་རྒྱའི་དབང།། རིག་པའི་རྩལ་དབང་བསྐུར་བས་ཐབས་གསུམ་ནི། ། གསང་བ་ཆོས་སྐུ་རང་ལ་ཤར་བ་ནི།། ཡེ་ཤེས་འོད་གསལ་བུམ་པ་ལྔས་མཚོན་ནས་བསྐུར།། ནང་ལོངས་སྐུ་རང་ལ་གྲུབ་པ་ནི།། ཡུམ་ལྔ་བུམ་པ་ལྔ་ཡི་བརྡས་མཚོན་བསྐུར།། ཕྱི་སྤྲུལ་སྐུ་ད་ལྟ་རང་རང་ངོ་སྤྲད་པས་སྐུ། ། སེང་གེ་སྒྲ་ཉི་ཟླ་ཁ་སྦྱོར་གྱི་དགོངས་པའི་རྒྱུད་ལས། ཆོས་སྐུ་རང་ལ་ཐོབ་པ་དོན་གྱི་བརྡ་མཚོན་གྱི་དབང་བཞི་རྫོགས་རིག་པ་རྩལ་དབང་གི་ལེའུ་སྟེ་བཞི་བཅུ་པའོ།།།། ཀྱེ། བཅོམ་ལྡན་ཐུགས་རྗེ་ཐབས་ཀྱི་བདག། ཐུན་མོང་རྫས་ལ་བརྟེན་པའི་དབང།། དེ་ཡི་མཚོན་ལུགས་ཇི་ལྟར་ལགས།། བཀའ་སྩལ་པ། དེ་ཡི་ཡེ་ཤེས་མཚོན་བྱ་རྣམས།། བུམ་པ་དབྱིངས་ཀྱི་རང་བཞིན་གྱིས།། ཡེ་ཤེས་གཟུངས་སུ་འཛིན་པ་མཚོན། ། དེ་ཡི་བྱང་ཆུབ་ཆུ་རྒྱུན་གྱིས།། སྡིག་འདག་སྒྲིབ་སྦྱངས་བར་ཆད་རྐྱེན་སྦྱོར་ཟློག་པར་མཚོན།། ཡུམ་ལྔ་མཚོན་ཕྱིར་རིན་ཆེན་ལྔ་ལས་བུམ་པ་བྱས།། ཞི་བ་མཚོན་ཕྱིར་ཟླུམ་ལ་བུམ་པ་དཀར།། སྐུ་གསུམ་མཚོན་ཕྱིར་མགུལ་ཆིངས་སོར་གསུམ་དང། ། རྣམ་དག་མཚོན་ཕྱིར་ཞབས་ལ་པདྨའོ།། ཚད་མེད་བཞི་མཚོན་ཁ་ཁྱེར་བཞི་ལ།། ཚུལ་ཁྲིམས་མཚོན་ཕྱིར་དྲི་ཡང་བྱུག། སྦྱིན་པ་མཚོན་ཕྱིར་ཆུ་གཙང་འོ་ཁ་ཆུ།། སྡིག་སྒྲིབ་དག་བྱེད་བྱང་ཆུབ་ཆུ་ཞེས་བྱས། ། བཟོད་པ་མཚོན་བྱེད་ཙན་དན་དྲི་ཡི་བསྒོས།། ཡེ་ཤེས་མཚོན་པ་ནི་པ་ར་ཤ། ཞེས་དག་པའི་ཆུར་བརྗོད།། དེ་བཞིན་གཤེགས་པ་ལྔ་ཡི་ཐུགས།། ཡེ་ཤེས་ལྔ་ལྡན་མཚོན་པའི་སྙིང་པོ་ལྔ། ། མཉམ་ནས་བུམ་པའི་སྙིང་པོར་བྱས།། ཛྙ་ན་རཏྣ་གར་བྷ་ཞེས་བྱ་ཡེ་ཤེས་སྙིང་པོ་མཚོན།། སྐུ་གསུམ་ཡེ་ཤེས་ཡོན་ཏན་མཚོན་པ་ནི།། ནོར་བུ་རིན་ཆེན་རེ་འདོད་སྐོང་བྱེད་པས།། ཕུན་སུམ་ཚོགས་པའི་གཞི་ནི་རིན་ཆེན་ལྔ། ། འཕྲེང་བ་ལྔ་ནི་བུམ་པའི་མགུལ་རྒྱན་འཕྱང།། ཡོན་ཏན་ཚད་མེད་གཏེར་དང་ལྡན།། པཉྩ་རཏྣ་སིདྡྷི་རིན་ཆེན་སྣ་ལྔ་དངོས་གྲུབ་ཐོབ་བྱེད་མཚོན།། རང་བྱུང་ཡེ་ཤེས་འཕྲིན་ལས་ལྔ་མཚོན་པ།། དུག་ལྔ་གཉེན་པོ་སྨན་ལྔ་བརྡ་ཡིས་མཚོན། ། པཉྩ་བེ་ཤ་སིང་དྷི་ཨ་མྲྀ་ཏ།། བདུད་རྩི་སྨན་ལྔ་དུག་ལྔ་གཉེན་པོ་ཡེ་ཤེས་མཚོན།། རང་བྱུང་ཡེ་ཤེས་ཕུན་སུམ་ཚོགས་པའི་དོན།། དྲི་བསྲུང་ལྔ་ཡི་འོད་ཟེར་བསམ་འདས་སྤྲོ།། དུ་བ་པཉྩ་སྤྲ་ར་སིདྷི། ། བདེ་གཤེགས་འཕྲོ་ཞིང་འདུ་བ་མཚོན།། སྦྱངས་པའི་འབྲས་བུ་སྐུ་གསུམ་ངོ་མཚོན་པ།། འབྲུ་ལྔ་སྙིང་པོས་བུམ་པ་བཀང་བས་མཚོན།། པཉྩ་པ་ལ་བི་ཚ་ཤ། སྟོབས་ལྔ་འདུས་པ་འབྲས་བུ་བླ་ན་མེད་ཅེས་སུ་མཚོན། ། རང་བྱུང་སྐུ་གསུམ་དཔེ་བྱད་མཚན་གྱིས་བརྒྱན།། མཛེས་པ་མཚོན་པ་ཁ་རྒྱན་མེ་ཏོག་འབྲས་བུ་ལྡན།། ཞེས། ཡོན་ཏན་རབ་མཛེས་མཚོན་པ་བུམ་པའི་རྒྱན།། ཀ་ཡང་འབྲིག་ཤ་མེ་འོ་པ་ཞེས་པ། ། བུམ་པའི་ཁ་རྒྱན་སྐུ་གསུམ་ཡོན་ཏན་མཚོན།། སྐུ་གསུམ་ཡེ་ཤེས་འཕྲིན་ལས་ཉོན་མོངས་འཇོམས།། འགྲོ་དོན་དུག་ལྔ་ནད་ལས་གསོ་ཕྱིར་ན།། ཅོད་པན་དར་སོགས་མགུལ་རྒྱན་སྤྲུལ་སྐུ་མཚོན།། ཤེས་བྱ་མ་རྨོངས་མཚན་བཟངས་སུམ་ཅུའི་དོན། ། ལྷ་ཡི་དར་དཔྱངས་མཛེས་ལྡན་པ།། རིན་ཆེན་བུམ་པ་དར་གྱི་ཕྲོག་ལྔ་མགུལ་ཆིངས་ནི།། རཏྣ་པ་ཏྲ་ཨ་པི་ཤ། ཡེ་ཤེས་རྒྱན་གྱིས་བརྒྱན་པ་མཚོན།། རང་བྱུང་སྐུ་གསུམ་ཡེ་ཤེས་ལྔ། ། བསོད་ནམས་ཡེ་ཤེས་རིག་པ་དང།། ཤེས་བཞིན་དབྱིངས་དང་ཡེ་ཤེས་དང།། ཤེས་རབ་སྙིང་རྗེ་སྒྲོ་མཚོན་པས།། དྲཝ་བའི་འཕྲེང་བ་བྱ་བའི་ཕྱིར།། ཚོན་སྐུད་ཁ་དོག་རྣམ་ལྔ་ཡེ་ཤེས་མཚོན།། བརྩོན་འགྲུས་ཕར་ཕྱིན་ཏིང་འཛིན་གཟུངས་ཞེས་བྱ། ། ཡོན་ཏན་གཟུངས་སུ་གྱུར་པས་བུམ་པ་གདགས།། པཉྩ་བིརྱ་སུ་ཏྲ་མི་བརྗེད་གཟུངས་ཐོབ་མཚོན།། སྐུ་གསུམ་གཞལ་ཡས་ཡེ་ཤེས་གཞུགས་མཚོན་ཕྱིར།། བྷྲུཾ་ལས་རིན་ཆེན་འོད་གསལ་གཞལ་ཡས་མཚོན། ། ཐབས་དང་ཤེས་རབ་ཟུང་འཇུག་ཉི་ཟླའི་གདན་གྱིས་མཚོན།། སྐུ་གསུམ་སྐྱོན་བྲལ་པདྨའི་གདན་གྱིས་མཚོན།། རིག་པ་ཨ་ཡིས་མཚོན་པས་ཆོས་སྐུ་མཚོན།། ཧེ་ཉིད་འོད་གསལ་རིགས་ལྔ་མཚོན་པ་ནི། ། ཨོཾ་ཧཱུ~ཾ་ཏྲཾ་ཨཾ་ཧྲི་ལས་ཡུམ་ལྔ་ཡབ་ཀྱང་མཚོན།། བུམ་པ་ཕྱི་ཡི་སྣང་བར་ཤར་ཏེ་འགྲོ་དོན་མཛད་པའི་སྤྲུལ་སྐུ་མཚོན།། སྐུ་གསུམ་ཡེ་ཤེས་རྩལ་མི་འགྱུར་བ་བསམ་གཏན་ཕ་རོལ་ཕྱིན།། སྐུ་གསུམ་སྣང་དུ་ཡོད་ལ་རེག་ཏུ་མེད་པ་ཡེ་ཤེས་སྒྱུ་མའི་ངང། ། རིག་པ་འོད་གསལ་ཤེས་རབ་ཕ་རོལ་ཕྱིན།། ཡེ་ཤེས་རོལ་པ་ཅིར་ཡང་འཆར་བས་ཏིང་འཛིན་ཅིར་ཡང་བསམ་པས་མཚོན།། དེ་ལྟའི་རང་བྱུང་ཡེ་ཤེས་དཀྱིལ་འཁོར་དེ། ། དང་པོ་མ་བསྐྱེད་ད་ལྟ་མི་གནས་ཕྱིས་མི་འགག། ངང་གིས་ཡོངས་སུ་དག་པས་དབང་གི་གདམས་ངག་དེས་མཚོན་ཏེ།། པྲཛྙཱ་པཱ་ར་མི་ཏ་སྐྱེ་མེད་སྐུ་གསུམ་ཆུ་ཟླ་ལྟ་བུས་མཚོན་ཏེ་བསྟན།། ཨ་བྷི་ཥིཉྩ་ཞེས་པ་དག་པའི་སྒྲས། ། རང་བཞིན་དག་པའི་སྐུ་གསུམ་རང་ལ་རང་དབང་མཚོན་ནས་བསྐུར།། ཤེས་རབ་ཡུམ་ལྔ་བུམ་པར་མཚོན་པ་ནི།། ནམ་ཟླ་ཀུན་ཏུ་བཟང་མོ་ཕྱག་རྒྱ་བུམ་པ་ཡིས་མཚོན་བྱང་སེམས་ཆུས། ། སྟོང་ཉིད་ཞེ་སྡང་དག་བྱེད་མཚོན་ཏེ་རྣམ་སྣང་ངང་དུ་གྲོལ།། ཆུ་ཉིད་མཱ་མ་ཀི་ཡི་ཕྱག་རྒྱ་བུམ་པའི་ཡེ་ཤེས་ཀྱིས།། ང་རྒྱལ་དགེ་བར་མཚོན་ཏེ་རིན་འབྱུང་ངང་དུ་གྲོལ།། མེ་ཉིད་གོས་དཀར་ཕྱག་རྒྱ་ཡེ་ཤེས་བུམ་པ་ཡིས། ། གཉིས་མེད་རྟགས་མཚོན་བྱང་ཆུབ་སེམས།། འདོད་ཆགས་བྱམས་པར་མཚོན་ཏེ་མཐའ་ཡས་ངང་དུ་གྲོལ།། དམ་ཚིག་སྒྲོལ་མ་ཕྱག་རྒྱ་ཡེ་ཤེས་བུམ་པ་ཡིས།། གཉིས་མེད་རྟགས་མཚོན་བྱང་ཆུབ་སེམས།། ཕྲག་དོག་སྡོམ་པར་མཚོན་ནས་དོན་གྲུབ་ངང་དུ་གྲོལ།། སངས་རྒྱས་སྤྱན་མ་ཕྱག་རྒྱ་ཡེ་ཤེས་བུམ་པ་ནི།། གཉིས་མེད་རྟགས་མཚོན་བྱང་ཆུབ་སེམས།། གཏི་མུག་འོད་གསལ་མཚོན་ནས་རྡོ་རྗེ་སེམས་པའི་ངང་དུ་གྲོལ། ། ཞེས་སེང་གེ་སྒྲ་སྒྲོགས་ཐེག་དམན་ཟིལ་གྱིས་གནོན་པའི་དགོངས་པ་ཡེ་ཤེས་ཟུང་འཇུག། ཉི་ཟླ་ཁ་སྦྱོར་གྱི་རྒྱུད་ལས། ཐུན་མོང་རྫས་ལ་བརྟེན་པ་དབང་གི་ལེའུ་སྟེ་ཞེ་གཅིག་པའོ།།།། ཀྱེ། བཅོམ་ལྡན་ཐུགས་རྗེ་ཐབས་ཀྱི་བདག། བླ་མས་མཚོན་ཏེ་ཇི་ལྟར་བསྐུར།། བཀའ་སྩལ་པ། གློ་བུར་དྲི་མ་དག་བྱའི་ཕྱིར།། བདུད་རྩི་ཆུ་རྒྱུན་བྱང་ཆུབ་སེམས་མཚོན་ནས།། བུམ་ཆུ་སློབ་བུ་བླུགས་པས་ནི།། སྒྲིབ་པ་མི་རྟོག་དག་ནས་མི་བསྐྱོད་ངོ་བོར་མཚོན། ། ཨོཾ་བཛྲ་དྷྲི་ཀ་ཨ་བྷི་ཥཉྩ་ཧཱུ~ཾ། དབུ་རྒྱན་རིག་པ་རིན་ཆེན་དགོས་འདོད་མཚོན།། སློབ་བུ་ལ་བྱིན་བག་ཆགས་སྒྲིབ་པ་ཡིས།། ལོངས་སྐུ་མ་རྟོགས་གྲོལ་ནས་རིན་འབྱུང་ཐོབ།། སྭ་རཏྣ་དྷྲིཀ་ཨ་བྷི་ཥིཉྩ་ཏྲཾ། ། རྡོ་རྗེ་སྟོང་ཉིད་ཡེ་ཤེས་མཚོན་བྱས་ནས།། སློབ་བུ་ལ་གཏད་ལས་ཀྱི་སྒྲིབ་པ་དག། མི་རྟོག་ཡེ་ཤེས་མཐའ་ཡས་ཐོབ།། ཨཾ་ཨ་རོ་ལིག་ཨ་བྷི་ཥིཉྩ་ཨ། སྐུ་གསུམ་བཞུགས་གནས་དྲིལ་བུས་མཚོན། ། སློབ་བུ་བྱིན་པས་སྐྱེ་གནས་སྒྲིབ་པ་དག། ཐུགས་རྗེས་སྐུ་མ་རྟོགས་པ་དག་ནས་དོན་གྲུབ་ཐོབ།། ཧ་པྲཛྙཱ་དྷྲི་ཀ་ཨ། བུམ་པ་སྤྱི་བོར་གཞག་པས་སྐུ་ཡི་དབང་ཐོབ་ལུས་སྒྲིབ་དག་རྣམ་སྣང་སྐུ་ཐོབ། ཨོཾ་ཏྲ་ཙཀྲ་ཨ་བྷི་ཥཉྩ་ཨོཾ། ། སློབ་བུ་མིང་གིས་རང་རིག་རྟོགས་པ་མཚོན།། ཛྙཱ་ན་ཙིཏྟ་བཱཀ་ཀཱ་ཡ་ས་མ་ཡ་སྟྭཾ།། མིང་གི་དབང་བྱིན་རང་དབང་རང་ལ་བྱིན།། ཤེས་བྱ་སྒྲིབ་དག་རྡོ་རྗེ་འཆང་དབང་ཐོབ།། རིག་པའི་དབང་ལྔ་ཡོན་ཏན་རང་ལ་རྫོགས། ། མ་རིག་ལྔ་འདས་ཡེ་ཤེས་ལྔ་དབང་ཐོབ།། སངས་རྒྱས་ལྔ་ནི་རྣམ་དག་ལམ།། མ་བསྐུར་སྐུ་གསུམ་མ་རིག་པའི་དབང་ཞེས་བྱ།། རིག་པའི་ཡེ་ཤེས་ལྔ་ལ་དབང་བས་རིག་པའི་དབང།། སྒྲིབ་པ་རང་གྲོལ་ཟབ་པ་རིག་པའི་དབང། ། སེང་གེ་སྒྲ་ཡི་རྒྱུད་ལས། རིག་པའི་དབང་པོ་སྐུ་ལ་མཚོན་པའི་ལེའུ་སྟེ་ཞེ་གཉིས་པའོ།།།། ཀྱེ། བཅོམ་ལྡན་ཐུགས་རྗེ་ཐབས་ཀྱི་བདག། འཕྲིན་ལས་གསུང་གིས་མཚན་པའི་དབང། ། སྐུ་གསུམ་སྙིང་པོ་འབྲུ་ལྔ་གདོད་ནས་གནས།། ཨོཾ་ཧཱུ~ཾ་ཨ་ཏྲཾ་ཧྲི།། ཡེ་ཤེས་ལྔ་མཚོན་སློབ་བུར་གཏད།། འཕྲིན་ལས་མ་རྫོགས་དག་ནས་སྤྲུལ་སྐུ་ཐོབ།། ཐུགས་ཉིད་སྐྱེ་མེད་རྡོ་རྗེ་མཚོན།། དེ་ཉིད་སློབ་བུ་སྙིང་ཁར་གཏད། ། ཐུགས་ཀྱི་མ་རིག་དག་ནས་ནི།། རིག་པ་སྐྱེ་འཇིག་མེད་པ་རྡོ་རྗེ་ཐུགས་དབང་ཐོབ།། ཨོཾ་ན་མ་ས་སརྦ་ཏ་ཐཱ་ག་ཏ་ཙིཏྟ་བཛྲ་ས་མ་ཡ་ཏིཥྛི་ཨ་བྷི་ཥིཉྩ་ཧཱུ~ཾ། རྡོ་རྗེ་རྟག་ཏུ་བཅང་བ་རིག་པའི་མཚན་ཉིད་མཚོན། ཁ་ཊྭཱཾ་ཅང་ཏི་ཀ་པཱ་ལས།། ཐབས་དང་ཤེས་རབ་ཕྱག་རྒྱ་མཚོན། ཁ་ཊྭཱཾ་ཁ་ནི་ཤེས་རབ་ཡུམ།། ཌ་མ་རུ་ནི་ཡབ་ཉིད་ཐབས།། ཤེས་རབ་རིག་པ་བརྡ་རུ་མཚོན།། ཀ་པཱ་ལ་ནི་གཞལ་ཡས་ཁང།། མཚོན་ཏེ་སློབ་བུ་ལ་གཏད་ནས། ། ལྷན་ཅིག་སྐྱེས་པའི་མ་རིག་དག། མ་རྟོགས་མ་རིག་རིག་པར་གྲོལ་ནས་མཁའ་སྤྱོད་ཚེ་འདིར་ཐོབ།། མི་འཇིགས་འཇིགས་པར་མི་བྱ་སྟེ། ཁྱོད་ནི་འཁོར་བའི་འཇིགས་ལས་ཐར། ། མི་བསྐྱོད་ཡེ་ཤེས་ཞིང་དག་ཏུ།། རྒྱལ་བའི་སྲས་སུ་སྐྱེ་དབང་ཐོབ། ཁྱོད་ནི་ཁམས་གསུམ་དབང་སྡུད་དེ།། སངས་རྒྱས་བདག་ཉིད་ཧེ་རུ་དཔལ། ཁྱོད་ལ་སངས་རྒྱས་ལུང་བསྟན་ནོ།། ཧེ་རུ་ཀ་སརྦ་ཏ་ཏ་ཐཱ་ག་སྟྭཾ། ཁམས་གསུམ་བདག་པོ་དཔལ་ལྡན་རང་བྱུང་ཁྱོད།། བདུད་ཀྱི་ཚོགས་རྣམས་བཅོམ་ནས་ཀྱང། ཁྱེད་ཀྱི་ཐུགས་རྗེ་གཞན་དོན་མཛོད།། སེང་གེ་སྒྲ་ལས། ལྟ་བ་དང། ཉན་པ་དང། བཤད་པ་དང། སྒྲུབ་པ་དང། འཕྲིན་ལས་རྫོགས་ནུས་པས། ནུས་པའི་དབང་བཅུ་ཐོབ་པའི་ལེའུ་སྟེ་ཞེ་གསུམ་པའོ།།།། ཀྱེ། བཅོམ་ལྡན་ཐུགས་རྗེ་ཐབས་ཀྱི་བདག། རྒྱན་དང་ཆ་ལུགས་འཆང་དགོས་པས།། བདག་མེད་ཆོས་རྟོགས་མཁའ་འགྲོ་འོག། དམ་ཚིག་དོན་ཉིད་དྲན་པ་དང།། རྟེན་འབྲེལ་དངོས་གྲུབ་རྒྱུ་ཡིན་ཀྱང།། ཕྱིར་མི་ལྡོག་པར་བྱ་བའི་ཕྱིར།། བུམ་པ་དཀྱིལ་འཁོར་ཆུ་རྒྱུན་མཚོན།། མཚན་ཉིད་སྐུ་གསུམ་མི་འགྱུར་བས།། མི་ལྡོག་དད་པས་བདག་གིས་གཟུང། ། སློབ་དཔོན་བདག་ཉིད་ཏིང་འཛིན་གྱིས།། སྐུ་གསུམ་དཀྱིལ་འཁོར་ཆེན་པོ་མཚོན།། སློབ་བུ་ཁྲི་ལ་གཞག་ནས་ནི།། རང་ཉིད་ས་ལ་བགྲོད་ཟིན་མཚོན།། བུམ་པ་སྤྱི་བོར་བབས་པས་ནི། ། ཡེ་ཤེས་ཆུ་རྒྱུན་རང་བབས་མཚོན།། ཆོས་ཀྱི་སྐུ་ཉིད་བདེ་ཆེན་རང་དབང་རང་ལ་ཐོབ།། ཨོཾ་སུ་པྲ་ཏི་ཙིཏྟ་བཛྲ་ཧཱུ~ཾ། དེ་ཉིད་སྐུ་གསུམ་སྐལ་ལྡན་རང་ཆས་རང་དབང་རང་ལ་ཐོབ།། རྣལ་འབྱོར་དེ་ཉིད་དོན་རྟོགས་པས། ། སངས་རྒྱས་ཀུན་གྱི་བདག་ཉིད་ལ།། རང་ཉིད་རྣལ་འབྱོར་དེ་ཉིད་ཡིན།། དེ་ཕྱིར་རྣམ་པ་ཐམས་ཅད་དུ།། བདག་ཉིད་སྐུ་གསུམ་ཆེ་བའི་མཆོག། ཆོས་རྣམས་ཡེ་ཤེས་སྒྱུ་མ་སྟེ།། རྟེན་ཅིང་འབྲེལ་བའི་ཆོས་དང་ལྡན། ཁམས་གསུམ་རྟོགས་ནས་གཉིས་མེད་སྤྱོད་པ་གྱིས།། ཞེས་སེང་གེ་སྒྲའི་རྒྱུད་ཉི་ཟླ་ཁ་སྦྱོར་ལས། བུམ་པས་མཚོན་པའི་དབང་རྫས་དམ་ཚིག་བཅང་བའི་ལེའུ་སྟེ་ཞེ་བཞི་པའོ།།།། ཀྱེ། བཅོམ་ལྡན་ཐུགས་རྗེ་ཐབས་ཀྱི་བདག། གསང་བའི་དབང་ནི་གསུམ་པ་དང།། ཚིག་དབང་བསྐུར་བ་ཇི་ལྟར་ལགས།། བཀའ་སྩལ་པ། གསང་དབང་མཚན་པ་འདི་ལྟ་སྟེ། ཡབ་ཡུམ་ཐབས་དང་ཤེས་རབ་མཚོན།། རང་རིག་བྱང་ཆུབ་སེམས་ཉིད་མཚོན། ། དེ་ལས་ཡེ་ཤེས་སྐུར་ཤར་བ།། གསང་བའི་དབང་དུ་མཚོན་པ་ཡིན།། ཤེས་རབ་མས་ནི་ཡེ་ཤེས་མཚོན་པའི་དབང།། ཡེ་ཤེས་ཟུང་དུ་ཞུགས་པ་ཡིས།། བདེ་ཆེན་བྱང་ཆུབ་ཡེ་ཤེས་ཤར།། རིག་པ་འོད་གསལ་ཟུང་འཇུག་གིས། ། བདེ་ཆེན་མཚོན་པའི་དབང་ཞེས་བྱ།། ཚིག་དབང་བླ་མའི་གདམས་ངག་རྒྱུད།། སློབ་བུ་དེ་ཉིད་སྨིན་པར་མཛད།། དབང་བཞི་རྫོགས་པར་མཚོན་པའོ།། སེང་གེ་སྒྲ་ཉི་ཟླ་ཁ་སྦྱོར་ལས། དབང་བཞི་རྫོགས་པའི་ལེའུ་སྟེ་ཞེ་བཞི་པའོ།།།། ཀྱེ། བཅོམ་ལྡན་ཐུགས་རྗེ་ཐབས་ཀྱི་བདག། དབང་གི་ངོ་བོ་ངེས་ཚིག་ཇི་ལྟར་ལགས།། བཀའ་སྩལ་པ། དབང་གི་ངོ་བོ་རང་དབང་རང་གིས་ཆོད་པས་དབང། ། རང་བྱུང་གཞན་དབང་མ་གྱུར་དབང།། ངེས་ཚིག་འཁོར་འདས་ཆོས་ལ་ནི།། མངའ་མཛད་རང་དབང་བསྐུར་བས་དབང།། དབྱེ་ན་ཐུན་མོང་ཁྱད་པར་ཏེ།། ཕྱི་ལྟར་རྫས་ལ་བརྟེན་པ་དང། ། ནང་ལྟར་རྫོགས་ལུགས་རང་ཆས་བསྟན།། གསང་དབང་དམ་རྫས་བདུད་རྩིར་མཚོན།། བདུད་རྩི་ལྔ་ཉིད་སྤྱི་བོར་བླངས་པས་བུམ་པའི་དབང།། དེ་ཉིད་རྣམ་ལྔ་ཞལ་དུ་གསོལ་བས་གསང་བའི་དབང། ། བདུད་རྩི་ལྔ་ཉིད་རྒྱན་དུ་བདེ་བར་སྤྱད་པ་ཤེས་རབ་དབང།། དུག་ལྔ་རྩིར་བསྒྱུར་ཡེ་ཤེས་དོན་རྟོག་ཚིག་དབང་ཐོབ།། དཔེར་ན་རྒྱལ་སྲིད་གླང་པོ་མངའ་བསྒྱུར་འདྲ།། རང་དབང་ཐོབ་སྟེ་རྒྱལ་ས་ཟིན་པ་འདྲ། ། གསང་དབང་དམ་རྫས་བདུད་རྩི་འདི།། ང་ཡི་གཞི་ལ་ཡེ་ནས་དབང་བཞི་རྫོགས།། དབང་གི་ཆུ་བཞི་ཡས་བབས་པ།། ཐུགས་རྗེ་གདུལ་བྱ་མ་འགགས་པ།། གདུལ་བྱ་བཞི་ལ་ཐུགས་རྗེ་གཟུང།། ཡིད་ཀྱི་རྣམ་ཤེས་རང་བྱུང་པས། ། ཤེས་རབ་འབྱུང་བའི་གཞི་མ་འགགས།། ལྕེ་ཡི་རྣམ་ཤེས་སྤྲུལ་པའི་སྐུ།། ཚིག་རྣམས་རང་རང་དོན་ལ་སྦྱར།། ཞེས་སེང་གེ་སྒྲའི་དགོངས་པ་ལས། དབང་ངེས་ཚིག་ངོ་བོའི་ལེའུ་སྟེ་ཞེ་ལྔ་པའོ། །།། ཀྱེ། བཅོམ་ལྡན་ཐུགས་རྗེ་ཐབས་ཀྱི་བདག། ཐེག་པའི་དབྱེ་བ་ཇི་ལྟར་ལགས།། བཀའ་སྩལ་པ། ཐེག་པའི་ངོ་བོ་ཤེས་རབ་སྙིང་རྗེ་ལ།། དེ་གཉིས་ཆེ་ཆུང་ཐེག་པ་ཆེ་ཆུང་དང།། ཐེག་པ་ངེས་ཚིག་འདེགས་དང་སྐྱེད་པའོ། ། དབྱེ་ན་གསུམ་སྟེ། ཉན་ཐོས་རང་རྒྱལ་བྱང་སེམས་དང།། ཀྲི་ཡ་ཨུ་པ་ཡོ་ག་དང།། མ་ཧཱ་ཨ་ནུ་ཨ་ཏི་ཡོ།། བསྡུ་ན། རྒྱུ་རྐྱེན་ལམ་ཁྱེར་མཚན་ཉིད་ཐེག་པ་དང།། འབྲས་བུ་ལམ་ཁྱེར་གསང་སྔགས་ཐེག་པའོ། ། སེང་གེ་སྒྲ་ལས། ཐེག་པ་དབྱེ་བའི་ལེའུ་སྟེ་ཞེ་དྲུག་པའོ།།།། ཀྱེ། བཅོམ་ལྡན་ཐུགས་རྗེ་ཐབས་ཀྱི་བདག། ཐེག་པའི་གོལ་སྒྲིབ་ཇི་ལྟར་ལགས།། བཀའ་སྩལ་པ། གོལ་བའི་ངོ་བོ་རིག་པའི་དོན་མ་ཆོད། ། ངེས་ཚིག་གོང་མས་གོང་མ་མ་མཐོང་བསྒྲིབས།། གོང་མ་འོག་མ་དོན་སྤྱོད་གོལ་ཞེས་བྱ།། དབྱེ་ན་མང་ཡང་བསྡུ་ན་བཞི།། ལྟ་སྒོམ་སྤྱོད་པ་འབྲས་བུ་བཞི།། ཨ་ཏི་བློ་འདས་ངོ་བོ་ལ།། གོལ་དང་མ་གོལ་བློ་ལས་འདས། ། གོལ་སྒྲིབ་རང་བཞིན་རྣམ་པར་དག། ཡེ་ནས་རང་བྱུང་གཉིས་མེད་པས།། རྒྱུ་རྐྱེན་འདུས་པ་གོལ་སྒྲིབ་མེད།། ཐེག་བརྒྱད་འོག་ནས་སྣང་བ་ཡང།། ང་ཡི་ཐུགས་རྗེ་མཛད་སྤྱོད་ཡིན།། དབྱེར་མེད་ཤེས་རབ་རྟོགས་པའི་ངང་ལ་གནས། ། མ་འདྲེས་ཡོངས་སུ་རྫོགས་པའི་ཡེ་ཤེས་ལ།། འབྱེད་པ་མེད་པའི་ཤེས་རབ་རང་གསལ་བ།། གོལ་སྒྲིབ་གཉིས་སུ་དབྱེ་རུ་མེད།། ཅེས་སེང་གེ་སྒྲའི་དགོངས་པ་ལས།། གོལ་སྒྲིབ་ལེའུ་སྟེ་ཞེ་བདུན་པའོ། །།། ཀྱེ། བཅོམ་ལྡན་ཐུགས་རྗེ་ཐབས་ཀྱི་བདག། རྒྱུད་ཀྱི་དོན་ཉིད་གསུང་དུ་གསོལ།། བཀའ་སྩལ་པ། རྒྱུད་ཅེས་བྱ་བའི་ངོ་བོ་ནི།། རང་རིག་ཡེ་ཤེས་ཡིན་པར་ཟློས།། ངེས་ཚིག་འབྲེལ་དང་མ་ཚང་མེད། ། གཅིག་ལ་གཅིག་བརྒྱུད་རྒྱུད་ཅེས་བྱ།། རྒྱུད་ལ་དབྱེ་བ་བསམ་འདས་ཀྱང།། སྐུ་གསུམ་འཕྲིན་ལས་རྣམ་པ་ལྔའོ།། དབང་རྣམས་ངོ་བོ་རང་དབང་རང་ལ་ཐོབ།། དམ་ཚིག་ཀུན་གྱི་ངོ་བོ་ནི། ། སྐུ་གསུམ་རང་ངོ་ཤེས་པས་དམ།། རྣམ་རྟོག་བག་ཆགས་སྲེག་པ་ཚིག། དཀྱིལ་འཁོར་ཀུན་གྱི་ངོ་བོ་ནི།། སྐུ་གསུམ་གཙོ་འཁོར་འདུ་འབྲལ་མེད།། འཕྲིན་ལས་ཀུན་གྱི་ངོ་བོ་ནི།། སྐུ་གསུམ་མ་བཙལ་ལྷུན་གྱིས་གྲུབ། ། མཆོད་པ་ཀུན་གྱི་ངོ་བོ་ནི།། རང་ངོ་ཤེས་པས་རྒྱལ་བ་མཉེས།། རྣལ་འབྱོར་ཀུན་གྱི་ངོ་བོ་ནི།། སྐུ་གསུམ་མ་བཅོས་ཡེ་ནས་འབྱོར།། སྔགས་རྣམས་ཀུན་གྱི་ངོ་བོ་ནི།། སྐུ་གསུམ་འཁོར་བའི་དོན་ལ་སྔགས། ། ཕྱག་རྒྱ་ཀུན་གྱི་ངོ་བོ་ནི།། རང་ངོ་ཤེས་པས་མ་རིག་སངས།། སྐུ་གསུམ་ཕྱག་རྒྱ་ཆེན་པོ་ལ།། དབྱིངས་དང་ཡེ་ཤེས་དབྱེ་བྲལ་མེད།། དམ་ཚིག་འོད་གསལ་ཆོས་ཉིད་ལ།། ཐུགས་རྗེ་དོན་མཛད་དམ་ཚིག་ཕྱག་རྒྱའོ། ། ཨ་ཏི་ཐེག་བརྒྱད་གསལ་བར་སྟོན་པས་མིག་དང་འདྲ།། ཨ་ཏི་ཐེག་པ་ཐམས་ཅད་ཐེག་པས་ས་གཞི་འདྲ།། ཨ་ཏི་ཐེག་པ་ཐམས་ཅད་ཤོང་པས་ནམ་མཁའ་འདྲ།། ཐམས་ཅད་འདུས་པས་རྒྱ་མཚོ་འདྲ། ། དེས་ན་ཨ་ཏི་ནམ་མཁའ་མཉམ་ཞེས་བྱ།། སེང་གེ་སྒྲ་ཉི་ཟླ་ཁ་སྦྱོར་ལས། རྒྱུད་དོན་ངེས་པར་འབྱེད་པའི་ལེའུ་སྟེ་ཞེ་བརྒྱད་པའོ།།།། ཀྱེ། བཅོམ་ལྡན་ཐུགས་རྗེ་ཐབས་ཀྱི་བདག། ཨ་ཏི་རྫོགས་ལུགས་བཤད་དུ་གསོལ། ། བཀའ་སྩལ་པ། རྫོགས་པ་ཆེན་པོའི་ངོ་བོ་ནི།། རིག་པ་བྱང་ཆུབ་སེམས་ཞེས་བྱ།། བྱང་ཆུབ་སེམས་སུ་མ་རྫོགས་ན།། སེམས་ཅན་འཁོར་བ་ལྟེ་ཆད་འགྱུར།། ལམ་ཉིད་བྱང་ཆུབ་སེམས་ཉིད་རྒྱུན། ། རང་རིག་ལམ་དུ་མི་འགྱུར་ན།། འཁྲུལ་པས་བྱང་ཆུབ་གང་ལ་ཡིན།། སྣང་བ་འོད་སྣང་སྐུ་གསུམ་ཟེར།། རང་གི་འོད་སྣང་མ་ཡིན་ན།། གཞན་སྣང་རྟག་པ་ལུང་དང་འགལ།། འབྱུང་བས་རང་བྱུང་ཡེ་ཤེས་བྱུང། ། གཞན་འབྱུང་ཉག་གཅིག་དོན་དང་འགལ།། ཨ་ཏི་ཞེས་སུ་གསུངས་པ་ཡང།། བཀའ་ཡི་རྫོགས་པ་ཆེན་པོ་དང།། དོན་གྱི་རྫོགས་པ་ཆེན་པོའོ།། བཀའ་དོན་གཉིས་སུ་མ་འབྲེལ་ན།། བཀའ་ཉིད་དོན་དང་འཛོལ་བའི་སྐྱོན། ། ཐེག་པ་ཀུན་གྱི་ངོ་བོ་ནི།། སྐུ་གསུམ་རྟོགས་པ་ཆེ་ཆུང་ཡིན།། རྟོགས་པ་ཆེ་ཆུང་མ་ཡིན་ན།། ཆོས་རྣམས་མཉམ་ཉིད་དོན་དང་འགལ།། རྒྱུད་རྣམས་ཀུན་གྱི་རང་བཞིན་ནི།། དོན་རྒྱུད་སྐུ་གསུམ་རྒྱུན་དུ་གནས། ། རྟགས་རྒྱུད་གཟུང་འཛིན་གློ་བུར་བྱུང།། དཔེ་རྒྱུད་ཚིག་དང་ཡེ་གེར་གནས།། དོན་རྒྱུད་མ་རྟོགས་སྐུ་གསུམ་དོན་མི་ཕྲད།། རྟགས་རྒྱུད་མ་བསྟན་གང་ཟག་ཡིད་མི་ཆེས།། དཔེ་རྒྱུད་བཀའ་རྒྱུད་མེད་ན་བསྟན་པའི་སྙིང་པོ་འགྲོ་ལམ་སྟོར། ། ཨ་ཏི་གཏན་ཚིགས་ལེའུ་སྟེ་ཞེ་དགུ་པའོ།།།། ཀྱེ། བཅོམ་ལྡན་ཐུགས་རྗེ་ཐབས་ཀྱི་བདག། ཐེག་པ་བསྡུ་ན་ཇི་ལྟར་ལགས།། བཀའ་སྩལ་པ། ཐེག་པ་ཆེ་ཆུང་གཉིས་སུ་འདུས། ། ཐེག་པ་གཉིས་སུ་མ་འདུས་ན།། པྲ་ཡས་པ་ཡི་སྐྱོན་གྱིས་སྒྲིབ།། ངོ་བོ་རང་བྱུང་འོད་གསལ་སྟོང་པར་འདུས།། རིག་པ་འོད་གསལ་མ་ཡིན་ན།། ཀུན་ཏུ་འོད་ཀྱི་ས་ལས་འགལ།། རང་བཞིན་སྣང་སྟོང་དབྱེར་མེད་མ་ཡིན་ན། ། མུ་སྟེགས་རྟག་པ་ཐེར་ཟུག་སྐྱོན།། སྐུ་གསུམ་འོད་གསལ་རང་གྲོལ་ཞེས།། འོད་གསལ་རང་གྲོལ་མ་ཡིན་ན།། མུ་སྟེགས་ཆད་པའི་སྐྱོན་དུ་འགྱུར།། རང་བྱུང་ལྷུན་གྲུབ་མ་ཡིན་ན། ། གཞན་འབྱུང་ཉན་ཐོས་སྐྱོན་དུ་འགྱུར།། སྐལ་ལྡན་བདེན་པ་ད་ལྟ་མཐོང།། བདེན་པ་ད་ལྟ་མ་མཐོང་ན།། ཐེག་པ་ཆེན་པོའི་དོན་དང་འགལ།། འབྲས་བུ་རྗེས་དཔག་སྐྱོན་དུ་འགྱུར།། སྐུ་གསུམ་ལྷུན་གྲུབ་འདུ་འབྲལ་མེད། ། འདུ་འབྲལ་མེད་པ་མ་ཡིན་ན།། སྐུ་གསུམ་ཐ་དད་སྐྱོན་དུ་འགྱུར།། སྐུ་གསུམ་ལྷུན་གྲུབ་མ་ཡིན་ན།། སྐུ་གསུམ་རེ་འཇོག་སྐྱོན་དུ་འགྱུར།། སྐུ་གསུམ་རང་ལ་རྟོགས་པར་འཆར།། རང་ལ་འཆར་བ་མ་ཡིན་ན། ། སྐུ་གསུམ་ཡིད་སྨོན་སྒོམ་པའི་སྐྱོན།། སྐུ་གསུམ་རང་གྲོལ་འགྲོ་དོན་མཛད།། སྐུ་གསུམ་འགྲོ་དོན་མི་མཛད་ན།། གནོད་སྦྱིན་སྲིན་པོར་སྐུ་གསུམ་གོལ།། ཐེག་པ་བསྡུ་བའི་ལེའུ་སྟེ་ལྔ་བཅུ་པའོ།།།། ཀྱེ། བཅོམ་ལྡན་ཐུགས་རྗེ་ཐབས་ཀྱི་བདག། ཐེག་བརྒྱད་ཨ་ཏི་རོལ་པ་མ་འགག་པ།། ཨ་ཏི་ངོ་བོ་ལུང་ལ་ཇི་ལྟར་རྫོགས།། བཀའ་སྩལ་པ། ཨ་ཏི་ང་ཡིས་རང་བྱུང་ལ།། ས་ལ་སྦྱང་མེད་བགྲོད་མི་དགོས།། རང་བྱུང་ཡེ་ཤེས་རྫོགས་པའི་དོན་ལ་ནི། ། ཡོན་ཏན་ས་ལམ་ཐམས་ཅད་ངོ་བོ་དོན་ལ་རྫོགས།། རྒྱུད་ལུང་མན་ངག་ཀུན་གྱི་དོན་བསྡུས་ནས།། ངོ་སྤྲོད་རྣམ་བཞིས་ཚེ་འདིར་བདེན་པ་མཐོང།། དེ་ནི་རབ་ཏུ་དགའ་བའི་ས་ཞེས་བྱ། ། མན་ངག་དོན་གྱིས་བློ་ཡི་ཐེ་ཙོམ་བསལ།། རང་རིག་རྒྱུད་ལ་ངེས་པའི་ཤེས་པ་སྐྱེས།། དྲི་མ་མེད་པའི་ས་ཞེས་དེ་ལ་བྱ།། སེམས་ནི་ཡེ་ཤེས་དབང་དུ་འདུས།། ཡེ་ཤེས་རྩལ་དུ་ཤེས་པ་ནི།། ཤེས་པའི་དོན་བརྗོད་རག་མ་ལུས། ། གསུམ་པ་འོད་འཕྲོས་ས་ཞེས་བྱ་བ་ཡིན།། དེ་དོན་ཀུན་ལ་རང་གསལ་བས།། བཞི་པ་འོད་བྱེད་པའི་ས་ཞེས་བྱ།། ལྔ་པ་དུག་ལྔ་དུག་གསུམ་ངང་དུ་དག། དྲུག་པ་སྦུབས་གསུམ་སྐབས་སུ་སྐུ་གསུམ་གསལ། ། བདུན་པ་ཐེག་བརྒྱད་དོན་ལ་རབ་ཏུ་འཕགས།། དགུ་པ་ཡོན་ཏན་རང་ལ་རྫོགས་པར་མཁྱེན།། བཅུ་པ་ཆོས་རྣམས་ཀུན་ལ་ཐོགས་མེད་སྤྲིན།། བག་ཆགས་སྦུབས་ལ་རྟོག་པ་སྐྱེ་ལུགས་ཡིན།། རྟོགས་ལུགས་འཁྲུལ་བའི་སྣང་བ་འགགས་པའི་ཚེ། ། ཆོས་ཉིད་ཀློང་དུ་ཡེ་ཤེས་འོད་དུ་གསལ།། བཅུ་གཅིག་ཀུན་ཏུ་འོད་ཀྱི་ས་ལ་གནས་ཞེས་བྱ།། དེ་ཚེ་རང་སྣང་ཡིན་པས་མཁྱེན་པ་ཁོང་ནས་འཆར།། ཤེས་རབ་སྐྱེ་བའི་སྟོབས་ཀྱིས་སྐུ་གསལ་བ། ། ཚོམ་བུ་ལྔ་ལ་ཆོས་ཀྱི་སྤྱན་དྲུག་འཆར།། གསལ་ལ་མི་གནས་མ་ཆགས་པདྨ་སྤྱན་གྱིས།། གསུང་གི་ངོ་བོར་རང་བྱུང་ཡི་གེ་དྲུག། ལྗགས་ལས་འོད་འཕྲོས་སྤྲུལ་པའི་སྐུར་གྱུར་པ། ། བཅུ་གསུམ་ཡི་གེ་འཁོར་ལོ་ཚོགས་ཆེན་ས།། སྤྲུལ་པའི་སྐུ་ཡིས་འགྲོ་དོན་རྫོགས་མཛད་པ།། རྡོ་རྗེ་འཛིན་པ་བཅུ་བཞིའི་སར་བཤད་པ།། ཡེ་ཤེས་སྦུབས་སུ་རྫོགས་སངས་རྒྱས་པ་ཡིན།། ཐུགས་རྗེའི་གནས་ནས་སྒྲོལ་ཞིང་རང་རང་བཞི་དོན་སྦྱོར། ། གསང་བ་དོན་གྱི་སྦྱོར་སྒྲོལ་ཞེས་སུ་བཏགས་པ་ཡིན།། རང་བྱུང་ཏ་ཐའི་ཆོས་ལྔས་ཞི་བ་མྱ་ངན་འདས།། རིན་ཆེན་སྦུབས་སུ་སྐུ་གསུམ་ཀློང་དུ་འཁྱིལ།། དེ་ནི་མི་གནས་ཡེ་ཤེས་ཀློང་དུ་འཁྱིལ། ། ཞེས་བྱ་ས་ཡི་དོན་གྱི་ངོ་བོ་ནི།། ཆོས་ཉིད་འགྱུར་བ་མེད་པས་སའོ།། ས་ཡི་མཐོ་དམན་ངོ་བོ་ནི།། ཤེས་རབ་སྙིང་རྗེ་ཆེ་ཆུང་ངོ།། ས་ལ་དབྱེ་བ་གཉིས་ཡིན་ཏེ།། འཇིག་རྟེན་པ་ཡི་ས་དང་ནི།། འཇིག་རྟེན་འདས་པ་གཉིས་ཡིན་ནོ། ། འདས་པ་ལ་ཡང་གཉིས་ཡིན་ཏེ།། ཐེག་ཆུང་ཉན་ཐོས་ས་དང་ནི།། ཐེག་པ་ཆེན་པོའི་ས་ཡིན་ནོ།། ས་ཞེས་ངེས་ཚིག་མི་འགྱུར་གནས།། རིམ་པའི་དཔེ་ནི་མཆོད་རྟེན་བཞིན།། ཞེས་སེང་གེ་སྒྲའི་དགོངས་པ་ལས། ས་ཉིད་རྫོགས་ཚུལ་བཤད་པའི་ལེའུ་སྟེ་ང་གཅིག་པའོ།།།། ཀྱེ། བཅོམ་ལྡན་ཐུགས་རྗེ་ཐབས་ཀྱི་བདག། ལམ་གྱི་བྱེ་བྲག་བཤད་དུ་གསོལ།། བགྲོད་ཅིང་འཇུག་ཏུ་མེད་པའི་ལམ། ། ལམ་མེད་ལམ་དུ་ལྟ་བ་རྣམས་ཀྱི་གནད་ཆེ་བ།། ཕྱིན་པར་འདོད་པས་རི་དྭགས་སྨིག་སྒྱུ་སྙེག་པ་འདྲ།། བགྲོད་མེད་ལམ་ལ་རབ་གནས་པ།། འདུ་འབྲལ་མེད་པའི་དགོངས་པ་ལ།། བགྲོད་དུ་མེད་དོ་ཆོས་ཉིད་བྱང་ཆུབ་སེམས། ། རྩོལ་བས་བགྲོད་ན་ཡེ་ཤེས་མཐའ་ལ་རིང།། འཇུག་ཏུ་མེད་དོ་རང་རིག་ཡེ་ཤེས་ལམ།། འཇུག་པའི་རྩོལ་བས་སྡུག་བསྔལ་ལམ་དུ་རིང།། འོན་ཀྱང་མ་བཤད་གོ་བར་མི་འགྱུར་བས། ། བགྲོད་དུ་མེད་ལམ་རྟོགས་པའི་ཐབས་བསྟན་པ།། སྒྲ་མཐུན་དོན་ལ་འཕགས་པའི་ལམ་ལྔ་བཤད།། བླ་མ་བསྙེན་བཀུར་ཡོངས་རྫོགས་ནས།། དམ་པ་མི་འབྲལ་དྲུང་གནས་པ།། ཚོགས་ལམ་རྫོགས་པའི་ལམ་ཞེས་བྱ། ། བླ་མས་གདམས་ངག་དོན་བཤད་ནས།། རིག་པ་དྲི་མེད་དེ་སྦྱོར་བ།། སྦྱོར་བའི་ལམ་དུ་བཤད་པ་ཡིན།། ངོ་སྤྲོད་བཞི་ཡི་སྒོ་ནས་ནི།། ཚེ་འདིར་ངེས་པའི་བདེན་པ་མཐོང།། མཐོང་བའི་ལམ་དུ་ཤེས་པ་ཡིན། ། སྒོམ་དང་སྒོམ་མེད་ལམ་འདས་ནས།། སྐུ་གསུམ་ངང་ལ་གནས་པ་ནི།། སྒོམ་པའི་ལམ་དུ་བསྟན་པའོ།། སངས་རྒྱས་དགོངས་པ་སྡེ་ཆེན་དྲུག། མི་གནས་ཚུལ་གྱིས་མཐར་ཕྱིན་པས།། མཐར་ཕྱིན་ལམ་དུ་བཤད་པ་ཡིན། ། ལམ་གྱི་ངོ་བོ་རང་བྱུང་འདུ་འབྲལ་མེད།། ལམ་གྱི་ངེས་ཚིག་རྣལ་འབྱོར་དོན་ལ་བགྲོད་པས་ལམ།། དབྱེ་བ་རྣམ་པ་གཉིས་ཡིན་ཏེ།། རྒྱུ་ཡི་ལམ་དང་འབྲས་བུའི་ལམ།། རྒྱུ་ཡི་ལམ་ནི་ཐེག་དམན་ལམ། ། དཔེར་ན་འགྲོ་བའི་ལམ་དང་འདྲ།། འབྲས་བུ་ལམ་དུ་བྱེད་པ་ལས།། ལྷ་སྐུ་ལམ་དུ་བྱེད་པ་དང།། སྟོང་ཉིད་ལམ་དུ་བྱེད་པ་དང།། འོད་གསལ་ལམ་དུ་བྱེད་པའོ།། རྩོལ་འབྲས་ཡེ་ཤེས་ལམ་གྱི་དཔེ། ། མཁའ་ལ་ཁྱུང་ཆེན་ལྡིང་བ་འདྲ།། སེང་གེ་སྒྲ་ཉི་ཟླ་ཁ་སྦྱོར་ལས། ལམ་གྱི་ལེའུ་སྟེ་ང་གཉིས་པའོ།།།། ཀྱེ། བཅོམ་ལྡན་ཐུགས་རྗེ་ཐབས་ཀྱི་བདག། སྒྲ་མཐུན་དོན་ལ་འཕགས་པ་ཡིན།། ཕ་རོལ་ཕྱིན་བཅུ་ཇི་ལྟར་ལགས། ། བཀའ་སྩལ་པ། སྙིང་པོ་སྐུ་གསུམ་ཡེ་སངས་རྒྱས།། རྩོལ་བའི་བསམ་པས་དབྱིངས་མི་བསྐྱོད།། རྩོལ་བཅས་ལྟ་སྤྱོད་ཏིང་འཛིན་ཡེ་ཤེས་སྐུ་གསུམ་སྒྲིབ།། རང་བྱུང་སྐུ་གསུམ་མ་བསྒྲིབས་ཀུན་ཏུ་གསལ། ། ལྷུན་གྲུབ་བཞི་རྫོགས་མ་རྟོགས་ན།། ངེས་པའི་ཕ་རོལ་ཕྱིན་པ་ནི།། ཅི་ཕྱིར་ཡང་དག་ངེས་དོན་འདི།། ངོ་བོ་ནམ་མཁའ་ལྟ་བུ་ལས།། ཡོན་ཏན་ཆར་སྣང་ཕྱོགས་མེད་འཆར།། ཤར་ཡང་རང་རིག་རྣམ་པར་དག། དེ་ཉིད་སྦྱིན་པའི་ཕར་ཕྱིན་ཡིན།། རང་བྱུང་ཡེ་ཤེས་དྲི་མེད་རྣམ་དག་པ།། དེ་ཉིད་ཚུལ་ཁྲིམས་ཕར་ཕྱིན་ཡིན།། འཁྲུལ་མེད་སྡུག་བསྔལ་གྲོལ་བས་བཟོད་ཕར་ཕྱིན།། མི་བརྗེད་རང་ལ་ཤར་བས་བརྩོན་འགྲུས་ཕྱིན། ། གཡོས་པ་མེད་པས་བསམ་གཏན་ཕྱིན།། འགག་སྒྲིབ་མེད་པས་ཤེས་རབ་ཕ་རོལ་ཕྱིན།། བྱས་རྩོལ་མེད་པས་ཐབས་ཀྱི་ཕ་རོལ་ཕྱིན།། འགྲན་ཟླ་མེད་པས་སྟོབས་ཀྱི་ཕ་རོལ་ཕྱིན།། ཡོན་ཏན་རབ་རྫོགས་གཞན་མི་སྨོན་པ་སྨོན་ལམ་ཕྱིན། ། རང་བྱུང་ཡེ་ཤེས་གཞིར་གནས་ཡེ་ཤེས་ཕ་རོལ་ཕྱིན།། ཕ་རོལ་ཕྱིན་པའི་ངེས་ཚིག་ནི།། ཚུ་རོལ་ལས་འདི་འདས་པའོ།། དབྱེ་བ་རྣམ་གྲངས་བཅུ་དང་དྲུག། དབྱེ་བ་རྣམ་པ་གཉིས་སུ་བཤད། ། རྒྱུ་ཡི་ཕ་རོལ་ཕྱིན་པ་དང།། འབྲས་བུའི་ཕ་རོལ་ཕྱིན་པའོ།། དཔེ་ནི་བརྟེན་ཆུ་སྒྲོལ་བའམ།། སྐྱེས་བུ་མཐེབ་མོས་མདའ་ཉིད་སྐྱོད་པ་ལྟར།། ལམ་པ་གྲུབ་པ་མཐར་ཕྱིན་ས་ལ་གནས་པར་བྱེད།། ཅེས་སེང་གེ་སྒྲའི་དགོངས་པ་ལས། ཕར་ཕྱིན་བཅུ་ཡི་ལེའུ་སྟེ་ང་གསུམ་པའོ།།།། ཀྱེ། བཅོམ་ལྡན་ཐུགས་རྗེ་ཐབས་ཀྱི་བདག། རང་བྱུང་སྐུ་གསུམ་རྣམ་གྲོལ་ཡེ་ཤེས་ཆོས་སྐུ་ལ།། གྲོལ་ས་མ་མཆིས་བཤད་དུ་གསོལ།། སྐུ་གསུམ་གཞི་དག་ཉོན་མོངས་སྤོང་མི་དགོས། ། བསོད་ནམས་ཡེ་ཤེས་ཚོགས་གཉིས་ཡེ་རྫོགས་པས།། སྐུ་གསུམ་ཡེ་ཤེས་ཚོགས་གཉིས་གཞི་ལ་བསག་མི་དགོས།། རང་བྱུང་ཡེ་ཤེས་སྒྲིབ་པ་ཡེ་དག་འོད་གསལ་བས། ། ལས་དང་ཉོན་མོངས་སྒྲིབ་པ་སྦྱང་མི་དགོས།། རང་བྱུང་ཡེ་ཤེས་སྐུ་གསུམ་གཟུགས་སྐུར་རང་སྣང་བས།། ཀྲི་ཡོག་ལྟ་བུར་དཀྱིལ་འཁོར་བྲི་མི་དགོས།། སྐུ་གསུམ་ལྷུན་གྲུབ་ཡེ་སངས་རྒྱས་པ་ལ།། ཡོ་ག་ལྟ་བུ་རྩོལ་བས་སྒྲུབ་མི་དགོས། ། རྒྱུད་ལུང་མན་ངག་དོན་དང་འདྲེས།། རང་ཤར་དགོས་པ་རང་རིག་ངོ་ཤེས་པས།། རང་དབང་རང་ཐོབ་མ་ཧཱ་ལ།། དབང་མ་ལྟར་དུ་དབང་མི་བསྐུར།། རང་བྱུང་ཡེ་ཤེས་རིགས་སྟོང་ལྷུན་གྲུབ་པས། ། ཨ་ནུ་ལྟར་དུ་ལྟ་བ་རྟོགས་མི་དགོས།། རང་བྱུང་ཡེ་ཤེས་མ་བཅོས་མཐའ་གྲོལ་བས།། ཐེག་བརྒྱད་ལམ་ལྟར་ལྟ་སྤྱོད་བཅོས་སུ་མེད།། ལྷུན་གྲུབ་བདེ་ཆེན་ངང་ལ་གྲོལ་བའི་ལམ།། ཞེས་སེང་གེ་སྒྲ་ཉི་ཟླ་ཁ་སྦྱོར་ལས། ལེའུ་སྟེ་ང་བཞི་པའོ།།།། ཀྱེ། བཅོམ་ལྡན་ཐུགས་རྗེ་ཐབས་ཀྱི་བདག། སེམས་དེ་རང་རྒྱུད་ཇི་ལྟར་གྲོལ། བཀའ་སྩལ་པ། རང་བྱུང་ཡེ་ཤེས་ཁྱབ་བདལ་དེ།། སྐུ་མེད་སྐུ་དེ་ཡེ་ཤེས་སྐུ། ། གསུང་མེད་གསུང་ལ་འགག་མེད་ཟེར།། ཐུགས་ཀྱི་རིག་པ་འོད་གསལ་རྡོ་རྗེ་ཨ།། ཐབས་ཀྱི་རྒྱལ་པོ་འཕྲིན་ལས་ཡོངས་ལ་ཁྱབ།། འགྲོ་བ་ཀུན་ལ་རིག་པའི་ཉི་མ་ཤར།། སེམས་དེ་ཀུན་གྱི་རང་རྒྱུད་ལ། ། སངས་རྒྱས་ཡེ་ཤེས་སྐུ་གནས་པ།། སྐུ་ནི་རྣམ་དག་འོད་ཀྱི་སྐུ།། དངོས་པོའི་མཐའ་ལས་གྲོལ་བར་གནས།། སེམས་དེ་འགྲོ་བའི་རང་རྒྱུད་ལས།། སངས་རྒྱས་འོད་ཟེར་གསུང་གནས་པ།། གསུང་ནི་འགག་མེད་ཚངས་པའི་དབྱངས། ། བརྗོད་པའི་ཚིག་ལས་འདས་པ་ཡིན།། སེམས་དེ་ཀུན་གྱི་རང་རྒྱུད་ལ།། སངས་རྒྱས་ཐུགས་ཀྱི་རིག་པ་གནས།། ཉི་མ་རྡོ་རྗེ་འཕོ་འགྱུར་མེད།། སྙིང་པོ་འགྱུར་མེད་སྐུ་གསུང་ཐུགས།། རྡོ་རྗེ་ལྟ་བུ་སྐུ་བརྙེས་པ། ། བཅོམ་ལྡན་རྡོ་རྗེ་མི་བསྐྱོད་བྱ།། སྐུ་གཅིག་ཀུན་ལ་ཁྱབ་པའི་སྐུ།། ཉི་མའི་སྙིང་པོ་ལྟ་བུར་གནས།། མན་ཤེལ་ལྟ་བུར་རང་དག་པས།། གཞན་སྣང་བྱེ་བྲག་ཅིར་སྣང་ཡང།། སྐུ་གསུམ་ངོ་བོ་འགྱུར་བ་མེད། ། ཡེ་ཤེས་ཆུ་བོ་རྒྱུན་བཞིན་གནས།། ཡེ་ཤེས་ལྔ་སྣང་འདུ་འབྲལ་མེད།། རྡོ་རྗེ་འཛིན་པ་ངེས་པར་ཉོན།། སྐུ་གསུམ་བདེ་བ་ཆེན་པོའི་དོན།། འགྲོ་བ་ཡོང་མེད་ཀུན་ལ་ཁྱབ།། ཀུན་གྱིས་རྟོགས་ཤིང་མི་རིག་སྟེ། ། ལྷ་ལ་སོགས་པའི་འགྲོ་དྲུག་དང།། བྱང་ཆུབ་སེམས་བློ་ཡིས་འདི་མི་རིག། ཐེག་བརྒྱད་བློས་རིག་པ་མིན།། ལམ་བགྲོལ་བཙལ་བས་འདི་མི་རྙེད།། སངས་རྒྱས་བཙལ་བས་གྲུབ་མིན་པས།། དེ་ཉིད་རྒྱུ་རྐྱེན་འདས་པ་ཡིན། ། ཐུགས་ཀྱི་དཀྱིལ་འཁོར་རང་བྱུང་བ།། དེ་ཉིད་དུས་གསུམ་རྟག་པར་བཞུགས།། སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ།། དྲི་མེད་རང་བྱུང་འོད་གསལ་བ།། འགྲོ་བའི་རྒྱུད་ལ་སྣང་བྱ་བ།། ཡེ་ཤེས་མེ་ལོང་དཔེ་དོན་རྟགས་ཀྱིས་མཚོན། ། ཕྱི་ནང་སྣོད་བཅུད་མ་ལུས་ཀུན།། ཡེ་ཤེས་ཆེན་པོ་ལ་ཡང་བཟླ།། ཞེས་སེང་གེ་སྒྲ་ལས། སེམས་དེ་རང་རྒྱུད་སྐུ་གསུམ་རང་གནས་ལུང་བསྟན་པའི་ལེའུ་སྟེ་ང་ལྔ་པའོ།།།། ཀྱེ། བཅོམ་ལྡན་ཐུགས་རྗེ་ཐབས་ཀྱི་བདག། སྐུ་གསུམ་འགྲོ་ལ་རང་གནས་དཔེ་དོན་རྟགས་ཀྱིས་ཇི་ལྟར་སྲིད།། བཀའ་སྩལ་པ། ང་ནི་སེམས་དེ་ཀུན་གྱི་གསོས།། འདི་དོན་ནད་རྣམས་ཀུན་གྱི་སྨན།། ཤེལ་ལྟར་ཡེ་ཤེས་དྲི་མེད་སྐུ་བསྟན་དཔེ། ། འགག་མེད་རིག་པ་ཡེ་ཤེས་འོད་གསལ་སྐུ།། རང་ལ་གནས་པ་མངོན་སུམ་ཡུལ་ལ་བསྟན།། ཡེ་ཤེས་འོད་སྐུ་ཆུ་ཟླའི་ཚུལ།། ཐུགས་རིག་འགག་མེད་ཉི་མ་ལྟར།། གདུང་སྒྲ་ཟེར་འོད་བྲག་ཆ་བཞིན། ། སྐུ་གསུམ་རྟོགས་པའི་ཀློང་དུ་སུ་འགྲིས་པ།། རྟག་ཆད་ཚིག་ལས་འདས་པ་ཡིན།། ཆོས་ཅན་བློ་འདས་ཡེ་ཤེས་དྲི་མ་མེད།། མ་བསྐྱེད་ཡེ་ཤེས་དཀྱིལ་འཁོར་སྒྱུ་མ་རྣམ་དག་ཀློང།། ཀློད་པ་མེད་པར་ཆོས་ཉིད་རང་ཤར་རོ། ། དེ་ཉིད་ཡེ་ནས་ནམ་མཁའ་འདྲ།། རྣམ་དག་ནམ་མཁའ་མཚོན་ལ་བསྟན།། དེ་ཉིད་ཡེ་ནས་རྡོ་རྗེ་འདྲ།། སྐྱེ་འཇིག་མེད་པས་མཚོན་ལ་བསྟན།། དེ་ཉིད་ཡེ་ནས་རྒྱ་མཚོ་འདྲ།། མཁའ་ཀློང་གཏིང་མི་འགྱུར་བས་མཚོན་ལ་བསྟན། ། དེ་ཉིད་ཡེ་ནས་ཉི་མ་འདྲ།། གསལ་འགྲིབ་མེད་པས་མཚོན་ལ་བསྟན།། དེ་ཉིད་ཡེ་ནས་མན་ཤེལ་འདྲ།། རྐྱེན་མེད་འོད་ལྔ་ནང་འཆར་མཚོན་ལ་བསྟན།། དེ་ཉིད་ཡེ་ནས་པདྨ་འདྲ། ། རྣམ་དག་ངོ་བོར་མཚོན་ལ་བསྟན།། འཇའ་ཚོན་མར་མེ་འདྲ་འབག་དང།། འོད་ཁང་མེ་ལོང་ངོས་མཚོན་ནས།། ཡེ་ཤེས་ཆེན་པོ་སྐུ་གསུམ་མངོན་དུ་སྤྲད།། ཅེས་སེང་གེ་སྒྲ་ཉི་ཟླ་ཁ་སྦྱོར་ལས། སྐུ་གསུམ་ཐུགས་ངོ་སྤྲད་པའི་ལེའུ་སྟེ་ང་དྲུག་པའོ། །།། ཀྱེ། བཅོམ་ལྡན་ཐུགས་རྗེ་ཐབས་ཀྱི་བདག། སྐུ་གསུམ་ཐུགས་སུ་ངོ་སྤྲོད་པ།། གདམས་ངག་གཉིས་སུ་བསྟན་པ་དེ།། ཐུགས་རྗེའི་དཔེ་རྣམས་ཇི་ལྟར་འབྱུང། ། ངག་གི་ཆོས་རྣམས་ཇི་ལྟར་གསུངས།། བཀའ་སྩལ་པ། རང་བྱུང་ཆོས་སྐུ་ཉི་མ་ལྟ་བུ་ལས།། ཟེར་འོད་ཐུགས་རྗེ་འཕྲོས་པས་པདྨ་ཁ་འབུས་ཚུལ།། ཐོག་མའི་སངས་རྒྱས་ཉག་གཅིག་ལས།། རྡོ་རྗེ་སེམས་དཔའི་སྐུ་ཉིད་ནི། ། ཨུ་དུམ་བ་རའི་མེ་ཏོག་ལས།། སྙིང་པོའི་རང་བཞིན་གཟུགས་སྐུར་འཁྲུངས།། ཤེས་རབ་མཐར་ཕྱིན་ཐ་སྙད་རྣམ་པར་དག། རིག་པའི་ཁུ་བྱུག་གསུང་གི་སྒྲ་ཡང་བསྒྲགས།། རང་བྱུང་ཡེ་ཤེས་མ་འགགས་འོད་ཟེར་ཕྱོགས་བཅུར་འཕྲོ། ། རྡོ་རྗེ་སེམས་དཔའ་སངས་རྒྱས་ཀུན་གྱི་གཙོ།། ཐབས་མཁས་ཐུགས་རྗེ་སྟོབས་ཉིད་མཁྱེན་མངའ་བས།། འགྲོ་ལ་བྱམས་པ་གསུང་གི་ཡི་གེ་དྲུག། རང་བྱུང་སྒྲ་ཡི་ཡི་གེ་ཞེས་བྱ་སྟེ། ། ས་ཤ་ཧ་ཨ་འ་མ།། དེས་ཐུགས་རྗེ་མཉམ་སྦྱོར་དོན་དྲུག་བསྟན། ས། ལྷུན་གྱིས་གྲུབ་པའི་དོན་ལ་སྦྱོར།། ཤ་ཤེས་རབ་འགས་མེད་དོན་དུ་སྦྱོར།། ཧ། རྟེན་མེད་ཡེ་ཤེས་དབྱིངས་ལ་སྦྱོར།། མ། ཆོས་རྣམས་མཉམ་པའི་དོན་དུ་སྦྱོར། ། ཨ། སྐྱེ་མེད་འོད་གསལ་ཡེ་ཤེས་སྦྱོར།། ས། སྤྲོས་པ་ཉེ་བར་ཞི་བར་སྦྱོར།། ཡི་གེ་དྲུག་གི་ཡེ་ཤེས་གནས་བསྐྱལ་བ།། མ། ཡེ་ཤེས་གཉིས་སུ་མེད་པར་བསྐྱལ།། ས། ཆོས་ཉིད་བར་དོ་འོད་གསལ་བསྐྱལ། ། ཤ། ཐབས་ལ་མཁས་པའི་ཀློང་དུ་བསྐྱལ།། ཧ། ཡེ་ཤེས་གཉིས་མེད་དབྱིངས་སུ་བསྐྱལ།། ཨ། རིག་པ་ཡེ་ཤེས་གཉིས་མེད་བསྐྱལ།། འ། མཐའ་ལསའདས་པའི་དབྱིངས་སུ་བསྐྱལ།། གཞི་ཆོས་ལ་འདས་པ་ཡེ་ཤེས་ཐུགས་རྗེ་ཡི་གེ་དྲུག་ཅེས་བྱ། ། ས། དབྱེར་མེད་ཡེ་ཤེས་ངང་དུ་འདས།། ཨ། བྱས་རྩོལ་མེད་པའི་ངང་དུ་འདས།། འ། ཚིག་དང་བརྡ་དང་སྒྲ་ལས་འདས།། མ། ཐུགས་རྗེ་ཡེ་ཤེས་ཆགས་པའི་སྒྲ། ། ཤ། ཤེས་རབ་ཡེ་ཤེས་རྩལ་སྦྱོང་སྒྲ།། ཧ། རྫོགས་པ་ཡེ་ཤེས་རང་ལ་ཤར་བའི་སྒྲ།། ཡི་གེ་དྲུག་ལས་ཟེར་གྱི་སྐུ་ལྔ་ནི།། ཐུགས་རྗེ་གསུང་གི་ཞལ་ཆེམས་སྤྲུལ་པ་ལྔ།། བྱམས་པའི་ཆོས་སྟོན་སངས་རྒྱས་རྣམ་པ་ལྔ། ། འགྲོ་བའི་སྟོན་པ་གཞག་ནས་བཀའ་མ་ཉམས།། རྡོ་རྗེ་སེམས་དཔའ་ཐུགས་ཀྱི་དཔལ་བེའུ་ནས།། སངས་རྒྱས་མི་མཉམ་མགོན་པོ་རང་བྱུང་སྐུ།། དབུ་ཡི་གཙུག་ཏོར་འཁོར་ལོ་རྩིབས་བརྒྱད་ནས། ། སངས་རྒྱས་འཇམ་དཔལ་དྲི་མེད་སྙིང་པོ་བྱུང།། མཛོད་སྤུ་བདེ་ལྡན་མགོན་པོ་སྤྱན་རས་གཟིགས་ཉིད་བྱུང།། ཤངས་ནས་ཕྱག་ན་རྡོ་རྗེ་ལྗགས་ལ་བྱམས་པ་རྣམ་པར་གཟིགས།། སྐུ་གསུང་ཐུགས་དང་ཡོན་ཏན་གྱི། ། རྩ་བའི་རྒྱུད་ལྔ་གསུང་གི་ཞལ་ཆེམས་སོ།། ཕྱག་གཡས་འཁོར་ལོ་རིན་ཆེན་ཟུར་བརྒྱད་ལས།། སངས་རྒྱས་གཙུག་ཏོར་དྲི་མེད་རང་བྱུང་སྐུ།། ཕྱག་གཡོན་པདྨ་འདབ་བརྒྱད་ལ།། སངས་རྒྱས་བྱམས་པ་ཀུན་གཟིགས་བྱོན། ། ཞབས་གཡས་པ་ཡིས་ནི་རྒྱ་གྲམ་ལས།། སངས་རྒྱས་ཀུན་གྲོལ་ཡེ་ཤེས་རང་བྱུང་ནི།། ཞབས་གཡོན་ཨུཏྤལ་ནམ་མཁའི་སྙིང་པོ་བྱུང།། དེ་རྣམས་རྟོགས་པའི་ཡེ་ཤེས་ཆོས་ལ་དབང་སྒྱུར་བ། ། སྙན་རྒྱུད་བཞི་བཤད་ཟེར་དུ་འཕྲོས་པས་སངས་རྒྱས་སྟོང་དང་དབྱེ་བ་ཡིས།། བཀའ་འདི་མི་ནུབ་ཆོས་ཀྱི་རྒྱལ་མཚན་བཙུགས།། བརྒྱད་ཁྲི་བཞི་སྟོང་རྒྱལ་བའི་ཞལ་ཆེམས་བཞག། ཐུགས་རྗེ་སྤྲུལ་སྐུ་ཤེས་རབ་རང་བྱུང་བ། ། བྱམས་པས་ཆོས་བསྟན་གང་ལ་ཅི་འདུལ་བ།། མོས་པ་རྒྱན་གྱི་དཀྱིལ་འཁོར་བཤད།། སེང་གེ་སྒྲ་ཉི་ཟླ་ཁ་སྦྱོར་ལས། བཀའ་མི་ནུབ་རྒྱལ་མཚན་གསུང་ཞལ་ཆེམས་བཞག་པའི་ལེའུ་སྟེ་ང་བདུན་པའོ། །།། ཀྱེ། བཅོམ་ལྡན་ཐུགས་རྗེ་ཐབས་ཀྱི་བདག། རྟོགས་པ་བསྐྱེད་ཕྱིར་སྐུ་ཡི་རྟེན།། བརྡ་དཔེ་མཚོན་པ་ཇི་ལྟར་ལགས།། བཀའ་སྩལ་པ། འགྲོ་བ་རྟོགས་པ་བསྐྱེད་པ་སྐུ་ཡི་རྟེན།། དབུ་ཡི་གཙུག་ནས་རིང་བསྲེལ་མངོན་ཕྱུང་བ། ། མར་མེ་མཛད་པ་དབུ་ཡི་གཙུག་ཕུད་བྱ་བར་གྲགས།། སྤུ་ཡི་ཆོས་སྟོན་གླིང་བཞིའི་རྟོག་པ་སེལ།། སྐུ་རྟེན་ལྷོ་ཡི་འཛམ་གླིང་རིན་ཆེན་བརྩེགས་པའི་སྐུ་གདུང་བཞག། བ་གླང་སྤྱོད་དུ་དགའ་བ་བརྩེགས་པའི་རང་བྱུང་སྐུ་གདུང་བཞག། སྒྲ་མི་སྙན་དུ་བཏང་སྙོམས་རྒྱ་གྲམ་བརྩེགས་པའི་སྐུ།། ཤར་གྱི་ལུས་འཕགས་བྱམས་པ་རྡོ་རྗེ་བརྩེགས་པའི་སྐུ་གདུང་བཞག། དེ་བཞི་སྐུ་ཡི་འདྲ་འབག་མཚོན་པའི་དཔེ་བཞག་གོ། སངས་རྒྱས་སྐུ་གསུམ་བཞུགས་པར་དཔེར་མཚོན་ནོ།། སྐུ་གདུང་དེ་ལས་ཟེར་འཕྲོས་རྟེན་བཙུགས་པ།། རྡོ་རྗེ་གདན་གྱི་ཕྱོགས་བཞི་མཚམས་བརྒྱད་དུ།། སྐུ་ཡི་བརྡར་མཚོན་སྐུ་གདུང་ཕྱོགས་བཀོད་པ།། མ་ག་དྷ་ཡི་དུར་ཁྲོད་བསིལ་བ་རུ།། སྐུ་གདུང་རིང་བསྲེལ་བདེ་ཆེན་བརྩེགས་པ་བྱུང།། སིང་ག་ལ་ཡི་དུར་ཁྲོད་སྐུ་ལ་རྫོགས་པ་རུ།། སྐུ་གསུང་རི་བོ་ཏམས་འབར་བྱུང།། ཁ་ཆེ་དུར་ཁྲོད་ཧེ་ཆེན་བདལ།། སྐུ་གདུང་ཀ་ནི་ཀ་ནི་རང་བྱུང་བྱུང། ། ས་ལ་གསང་ཆེན་རོལ་པའི་དུར་ཁྲོད་དུ།། སྐུ་གདུང་འོག་བུ་དོ་ཤལ་བྱུང།། བལ་ཡུལ་དུར་ཁྲོད་ལྷུན་གྲུབ་བརྩེགས།། མཆོད་རྟེན་བྱར་རུང་ཁ་ཤོར་བྱུང།། ཨཽ་རྒྱན་དུར་ཁྲོད་པདྨ་བརྩེགས། ། སྐུ་གདུང་གཟི་བྱིན་བརྩེགས།། ཟ་ཧོར་དུར་ཁྲོད་ལང་ཀར་བརྩེགས།། སྐུ་གདུང་བདེ་བྱེད་གཞོན་ནུ་བྱུང།། ལི་ཡུལ་འཇིག་རྟེན་བརྩེགས་པའི་དུར་ཁྲོད་བྱུང།། སྐུ་གདུང་མགོན་དར་ཤམ་མོ།། སྐུ་གདུང་བརྒྱད་ནི་རྣམ་པར་སྣང་མཛད་སྤྲུལ་པ་སྟེ། ། ཏྲི་ཡོག་ཆོས་བསྟན་རིགས་འཛིན་ཕྱི་པའི་རྟོག་པ་བསྐྱེད།། དུར་ཁྲོད་བརྒྱད་ནི་རྣམ་ཤེས་དུལ་བརྒྱད་བརྡར་མཚོན།། དུར་ནི་སྡུད་པར་བྱེད་པ་ལ།། ཁྲོད་ནི་ཡེ་ཤེས་དབྱིངས་སུ་རོལ། ། རྡོ་རྗེ་གདན་ནི་རིག་པ་ཐུགས་ཀྱི་བརྡལ།། སངས་རྒྱས་ཐུགས་ཀྱིས་ཟེར་འཕྲོས་རྡོ་རྗེ་སེམས་དཔའ་སྤྲུལ།། གསང་སྔགས་ཆོས་བསྟན་རིགས་འཛིན་ནང་གི་རྟོགས་པ་བསྐྱེད།། དེ་རྣམས་ཟེར་དུ་མཆོད་རྟེན་ཆེན་པོ་བརྒྱད་ཀྱང་སྤྲོས། ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྟོགས་པ་བསྐྱེད།། རྡོ་རྗེ་སེམས་དཔའི་སྨིན་མཚམས་མཛོད་སྤུ་ནས།། སངས་རྒྱས་མཐའ་ཡས་མངོན་དུ་བྱུང།། དེ་ཡི་སྨིན་མཚམས་མཛོད་སྤུ་ནས། ། འོད་ཟེར་བྱེ་བ་དྲུག་ཅུ་དྲུག་ཅུར་སྤྲོས།། མན་ཤེལ་སྐུ་གདུང་ཁྲི་འཕང་ལྔ་པ་བྱུང།། སྤྲུལ་སྐུ་ཐུབ་པ་དྲུག་གི་རྟོགས་པ་བསྐྱེད།། དེ་ནས་ལྷ་ཡི་དབང་པོ་མཁར་གྱི་ཡང་རྩེར་ནི།། ཏ་རི་ཀ་ཀ་བྱ་བའི་རྩེ་ལ་བབས། ། ལྷ་དང་བྱང་སེམས་རྣམས་ཀྱི་རྟོག་པ་བསྐྱེད།། དེ་ནས་རྒྱ་ཡི་རི་བོ་རྩེ་ལྔར་བབས།། བྱང་སེམས་རིགས་ལྔ་མགོན་པོའི་རྟོགས་པ་བསྐྱེད།། དེ་ནས་རྡོ་རྗེ་གདན་གྱི་རྩེ་ལ་བབས།། དྷརྨཱ་སིདྷི་མུ་ཏྲ་ཨ་ཞེས་སྨྲས། ། རོ་ལངས་བདེ་བ་དགའ་རབ་རྡོ་རྗེ་ཕྱག་ཏུ་བབས།། པཎྜི་ཏ་ལྔ་བརྒྱ་རྟོགས་པ་དེར་བསྐྱེད།། དེ་ནས་ཏེ་སེ་གངས་ལ་བབས།། དགྲ་བཅོམ་ལྔ་བརྒྱའི་རྟོག་པ་སེལ།། ཡེ་ཤེས་ངོ་བོ་སྟོན་པས་སྐལ་ལྡན་རྟོག་པ་བསྐྱེད། ། རྡོ་རྗེ་སེམས་དཔའ་མེ་ལོང་ཞེས་པ་ལྟར་གཞག་པ།། སྐུ་ཡི་ཞལ་ཆེམས་ཡིད་ཆེས་བསྐྱེད་པའི་གདུང།། སུ་འཆང་སྐལ་ལྡན་རྟོགས་པ་ཚེ་འདིར་བསྐྱེད།། རྡོ་རྗེ་སེམས་དཔའི་ཐུགས་ཀྱི་དཔལ་བེའུ་ནས། ། སངས་རྒྱས་འཇམ་དཔལ་དྲི་མེད་སྙིང་པོ་རང་བྱུང་ཤར།། དེ་ཡི་ཐུགས་ལས་ཉི་མའི་སྙིང་པོ་ཤར།། སྐུ་གསུམ་དབྱེར་མེད་ཁྱབ་བདལ་མཁའ་ལ་གསལ།། ཡི་གེ་མེད་པའི་བརྡ་བཞི་དོན་དུ་ནི།། ཉི་མ་ཁང་པར་གནས་པར་བར་སྣང་གསལ། ། འགྲོ་དྲུག་སྐལ་ལྡན་རྣམས་ཀྱི་རྟོག་པ་སེལ།། རྣལ་འབྱོར་རྟོགས་ལྡན་རྣམས་ལ་ངེས་ཤེས་བསྐྱེད།། འཇིག་རྟེན་སྒྲོན་མ་འགྲོ་བའི་གདུང་བ་སེལ།། བརྒྱད་ཁྲི་བཞི་སྟོང་ཆོས་ཉིད་མ་དང་སྤྲོད། ། བྱེ་བ་དཔག་མེད་སངས་རྒྱས་བསྟན་པ་མཐར་འདོན།། ཐབས་དང་ཤེས་རབ་བརྡ་མཚོན་ཉི་ཟླ་འགྲོ་དོན་མཛད།། དེ་ཡི་འོད་ཟེར་བྱེ་བ་ཕྲག་བརྒྱ་ཡང།། གླིང་བཞི་བྱེ་བ་ཕྲག་བརྒྱར་འགྲོ་དོན་མཛད། ། སྙིང་པོའི་དོན་སྟོན་མུན་པའི་རྟོག་པ་སེལ།། ཞེས་སེང་གེ་སྒྲ་སྒྲོགས་ཐེག་དམན་ཟིལ་གྱིས་གནོན་པ་ཡེ་ཤེས་ཟུང་འཇུག་ཉི་ཟླ་ཁ་སྦྱོར་དགོངས་པའི་རྒྱུད་རྒྱས་པ་ལས། ངོ་སྤྲོད་མེ་ལོང་དཔེ་བརྡར་ཇི་ལྟར་བྱུང་བའི་ལེའུ་སྟེ་ང་བརྒྱད་པའོ། །།། ཀྱེ། བཅོམ་ལྡན་ཐུགས་རྗེ་ཐབས་ཀྱི་བདག། རྟོགས་ལྡན་དགོངས་པ་ཇི་ལྟར་ལགས།། བཀའ་སྩལ་པ། བཅོམ་ལྡན་སེང་གེ་རྣམ་པར་བསྒྱིངས་པའི་ཏིང་འཛིན་ལས་བཞེངས་ནས། ། ཚིག་བཤད་སེང་གེ་འབྲུག་གི་སྒྲ་ལྟར་བསྒྲགས།། རྡོ་རྗེ་ལྟ་བུ་རིག་པའི་ཡེ་ཤེས་ནི།། ནམ་མཁའ་ལྟ་བུར་དག་པོ་མེད།། འོད་གསལ་དྲི་མེད་ངང་གི་ངོ་བོ་ལ།། གཉེན་པོས་མི་ཤིགས་རྐྱེན་གྱིས་མི་འགྱུར་བས། ། དགེ་དང་སྡིག་པ་དེ་ཡི་སྤྱོད་ཡུལ་མིན།། རང་དབང་ཐབས་ཀྱིས་རྫོགས་པས་རྩལ་གསུམ་ལུས་ལ་ཚང།། མཐོ་དམན་གླིང་དུ་གྱུར་པས་ཡེ་ཤེས་ཐབས་ཀྱི་སྐུ།། ས་དང་ལམ་མི་བགྲོད་པས་བདེ་འབྱམ་ཡེ་ཤེས་དབྱིངས། ། རྒྱུད་ལ་བྱང་ཆུབ་འདོད་པ་སྡིག་པའི་ལས།། སུ་ལ་སྙིང་རྗེ་མ་བཟང་སྡིག་པའི་བག་ཡོད་མིན།། ཅི་སྟེ་སྲོག་མེད་སྲོག་བཅད་སྡིག་འགྲོ་ན།། ཡེ་ནས་ཆད་པ་སུ་ལ་སྡིག། སྙིང་རྗེ་ཡེ་གྲོལ་ཐུགས་རྗེ་གང་ལ་བྱ། ། མཆོད་དང་དགེ་བྱ་འཛིན་པའི་ལས།། གང་དང་གྲོལ་བ་རང་སར་ལྷུན་གྲུབ་གྲོལ།། བྱ་བྲལ་ངང་ལ་གནས་པའི་སྐལ་ལྡན་ནི།། རྡོ་རྗེ་མི་འཆང་སྔགས་དང་རྫས་མི་རྟེན།། དབེན་པར་མི་འདུག་མཆོད་གཏོར་འོག་མའི་ལས། ། གང་ལ་མི་བརྟེན་རང་གྲོལ་རང་ཤར་བ།། སེང་གེ་སྒྲ་ཡི་དགོངས་པ་མཐར་སྐྱོལ་ཞེས།། ཉི་ཟླ་ཁ་སྦྱོར་ལས། སེང་གེ་སྒྲ་དགོངས་པ་ཐེག་དམན་ཟིལ་གྱིས་གནོན་པའི་ལེའུ་སྟེ་ང་དགུ་པའོ། །།། ཐུགས་རྗེ་བྱམས་པས་བཀའ་སྩལ་པ།། ཁྱུང་ཆེན་གཤོག་པ་རྫོགས་ཏིང་ངེ་འཛིན་ལས་བཞེངས་ནས།། གཉིས་སུ་མེད་པ་ཆོས་དབྱིངས་བྱང་ཆུབ་སེམས།། བརྗོད་པའི་ཚིག་འདས་ཀུན་བཟང་ཆོས་ཀྱི་སྐུ། ། འགྱུར་མེད་ཡེ་བདལ་བདེ་ཆེན་ལྷུན་གྱིས་རྫོགས།། སྣང་སྲིད་གཞན་སྣང་བལྟས་པས་ངོ་བོ་རྐྱེན་གྱི་གོལ།། སྲིད་གསུམ་མ་ལུས་ཀུན་ཏུ་བཟང་པོ་ལ།། རོལ་པའི་མཛད་སྤྱོད་ཡེ་ནས་རྣམ་པར་དག། དོན་དམ་འགྱུར་མེད་བདེ་ཆེན་བྱང་སེམས་ལ། ། ཡང་དག་ལྷུན་རྫོགས་སྨྲ་བསམ་ཡུལ་ལས་འདས།། ནམ་མཁའ་མཐའ་དང་མཉམ་པར་ལ་བཟླས་པ།། ས་རྣམས་ཡས་ཀྱིས་བཅད་པའི་མཆོང་པོ་ཆེ།། སྣང་སྲིད་གསལ་བར་བྱེད་པས་འོད་ཟེར་ཆེ། ། སྲིད་གསུམ་རྟོགས་པར་ཤར་བས་ཤེས་རབ་ཆེ།། ཆོས་ཉིད་མི་འགྱུར་ཡེ་ཤེས་རིག་པའི་ངང།། གཟུང་འཛིན་ཡུལ་འདས་མཐའ་དབུས་ཁྱབ་པ་ཆེ།། ང་དང་བདག་མེད་ཕྱོགས་རིས་ནམ་མཁའི་ཀློང། ། ཡིད་བཞིན་ནོར་བུ་འདམ་ནས་ཐོན་བཞིན་གཞི་རྩ་ཆོད།། མི་འགྱུར་དབྱིངས་ཀྱི་རིག་པའི་ཉི་མ་ཤར།། དེ་ཉིད་ཡེ་ནས་ཇི་བཞིན་གནས་པ་ནི།། ལུས་འདས་ཆོས་ཉིད་སེམས་འདས་སངས་རྒྱས་ནི།། ཀུན་གཞི་ལ་འདས་ཆོས་སྐུར་ཤར་བ་དེ། ། ཁྱུང་ཆེན་གཤོག་རྫོགས་དགོངས་པ་མཐར་སྐྱོལ་ཞེས།། སེང་གེ་སྒྲ་ལས། ཁྱུང་ཆེན་གཤོག་རྫོགས་དགོངས་པའི་ལེའུ་སྟེ་དྲུག་ཅུ་པའོ།།།། ཐུགས་རྗེ་བྱམས་པས་བཀའ་སྩལ་པ། ། བཅོམ་ལྡན་ནམ་མཁའ་རྣམ་དག་ཏིང་འཛིན་ལས་བཞེངས་ནས།། རེ་དོགས་རྣམ་དག་མཐའ་བྲལ་ཆོས་ཉིད་བསྟན།། རྡོ་རྗེ་ཐུགས་ལ་ཡེ་ཤེས་སྐུ།། ཚིག་གཅིག་མཚོན་པས་དོན་ཆེན་སྤུངས།། རྣམ་དག་ལམ་ཆེན་བགྲོད་མེད་རང་གྲོལ་གནས། ། མ་སྐྱེས་གསང་བའི་དཀྱིལ་འཁོར་འགྲོ་བ་ཀུན་ལ་རྫོགས།། དོན་ཉིད་འགྲོ་ཀུན་མ་རིག་པས།། ལམ་རྒྱུད་ལྔ་ཡི་འཁོར་བར་འཁྲུལ།། དེ་ཕྱིར་མགོན་པོ་དྲི་མེད་ངས།། ཡེ་ཤེས་ལྷུན་རྫོགས་དྲི་མེད་འོད་གསལ་བ། ། རང་བྱུང་མེ་ལོང་ཡེ་ཤེས་ལྔ་བཅས་དཔེ།། མཚོན་བྱེད་སྐུ་གདུང་མན་ཤེལ་ཟུར་ལྔ་པ།། འགྲོ་བ་ཀུན་དོན་རྒྱལ་བས་ལུང་བསྟན་ཏོ།། སྣ་ཚོགས་འཁྲུལ་གཞི་ངོ་བོ་ནི།། ནམ་མཁའ་ལ་ནི་སྤྲིན་བཞིན་དུ། ། རང་གྲོལ་སྤྲོས་བྲལ་ཆོས་ཉིད་ངང་དུ་དྭངས།། ཨེ་མ་སངས་རྒྱས་ཡེ་ཤེས་སྐུ།། རྟོགས་པར་དཀའ་བ་སྙིང་པོའི་དོན།། ཚིག་དང་ཡི་གེའི་སྤྱོད་ཡུལ་མིན།། རང་རིག་གདོད་ནས་མ་སྐྱེས་པས། ། ཨེ་མ་མཉམ་ཉིད་རིག་པའི་གློང།། མིང་དུ་བཏགས་པའི་ཆོས་ཀུན་ཡང།། མཉམ་པ་ཉིད་དེ་ནམ་མཁའི་ངང།། ཨེ་མ་ཧོ་ཆོས་སྐུ་རང་རིག་རྩལ།། ཡེ་ནས་སྣང་ལ་འགག་མེད་པ།། དེ་ཉིད་དག་པའི་རང་གདངས་ལ། ། མཁས་པས་ཇི་ལྟར་སྒོམ་སྣང་འགྲུབ།། ཆོས་སྐུ་ནམ་མཁའ་རྣམ་དག་ཀློང།། རང་གི་ངོ་བོ་བརྗོད་བྱ་མེད།། སྐུ་དང་ཡེ་ཤེས་རོལ་བ་ཀུན།། ནམ་མཁའི་ཀློང་ན་ཇི་ལྟར་སྣང།། ནམ་མཁའ་རྣམ་དག་དགོངས་པ་མཐར་རྫོགས། ། ཞེས་སེང་གེ་སྒྲ་ཡི་རྒྱུད་ལས། ནམ་མཁའ་རྣམ་དག་དགོངས་པའི་ལེའུ་སྟེ་རེ་གཅིག་པའོ།།།། ཡང་ཐུགས་རྗེ་བྱམས་པས་བཀའ་སྩལ་པ། བཅོམ་ལྡན་འདས་ཉི་ཟླ་ཁ་སྦྱོར་གྱི་ཏིང་ངེ་འཛིན་ལས་བཞེངས་ནས། ཆོས་རྣམས་འགག་མེད་ཟུང་འཇུག་བསྟན།། རང་བྱུང་ཡེ་ཤེས་ཤེས་རབ་རྟོགས་གྲོལ་བ།། རང་གྲོལ་སྦྲུལ་གྱི་པགས་པ་བཞིན་ཏེ་གཞན་འགྱུར་གནས་མ་ཡིན།། བག་ཆགས་སྦུབས་ནས་རིག་པ་གསལ་འཆར་བ། ། ཐབས་དང་ཤེས་རབ་ཉི་ཟླ་ཁ་སྦྱོར་ཚུལ།། ཡེ་ཤེས་སྒོ་ལྔ་འཇུག་པའི་སྒོ་ལྔ་ནས།། ཟུང་འཇུག་འགག་མེད་ཁང་ཁྱིམ་མཐོང་ཁུངས་ནམ་མཁའ་འདྲ།། ཐུགས་རྗེ་རྩེ་གཅིག་ཡེ་ནས་གནས་པས་དག། བྱས་པའི་ཆོས་མིན་སྐུ་གསུམ་ཡེ་རྫོགས་ཤར།། ཐེག་བརྒྱད་བློ་ཡིས་ཡེ་རྫོགས་མི་མཐོང་སྟེ།། རུས་སྦལ་མིག་གིས་ཉི་མ་མི་མཐོང་བཞིན།། རིག་པའི་གསང་རྟགས་ཡེ་ཤེས་མཚོན་གང་བ།། རྟོགས་པ་ཀློང་དུ་སུ་འགྲིས་པ། ། འདི་ཉིད་མི་གནས་མྱ་ངན་འདས།། རང་བཞིན་རྣམ་དག་སྐུ་གསུམ་ལ།། སྒྲུབ་དང་རྩོལ་བས་མ་ཡིན་མཁའ་ལ་ཉི་ཤར་ཚུལ།། རྒྱུ་རྐྱེན་འདས་པའི་འབྲས་བུ་ཆོས་སྐུ་ལ།། རྩོལ་བས་ས་ལམ་བགྲོད་ནས་ཐོབ་འདོད་པ། ། ལྡོངས་པ་ནམ་མཁའ་སྙེགས་པ་དག་དང་མཚུངས།། ཉི་ཟླ་ངོ་བོ་འོད་ཀྱི་རང་བཞིན་ལ།། རྩོལ་བས་འོད་ཟེར་འོད་གཞན་ལ་བཙལ་མིན་ཏེ།། ཤེས་རབ་སྐུ་གསུམ་རིག་པར་ཡེ་རྫོགས་ལ། ། རྣ་བ་མཉན་ཏེ་ཚིག་རྟེན་སྒྲུབ་པས་མིན།། སྐྱེ་འགག་བྲལ་བའི་སྙིང་པོ་སྐུ་གསུམ་ལ།། བྱང་ཆུབ་ངོ་བོ་འཁྲུལ་ཡང་རང་བཞིན་དག། མ་རིག་འཁྲུལ་པའི་སྣང་བ་ཟླ་གྲིབ་ཚུལ།། རྟོགས་པའི་ཡེ་ཤེས་ཉི་མ་ཤར་བས་གསལ། ། རྡོ་རྗེ་མི་བསྐྱོད་ཡེ་ཤེས་སྙིང་པོ་ནི།། རིག་པ་ཉི་མའི་སྙིང་པོ་དུས་གསུམ་རྒྱུན་དུ་བཞུགས།། རྣམ་རྟོག་མི་གནས་ཡེ་ཤེས་དྲི་མེད་ངང།། དེ་དང་དེ་ཉིད་ཟུང་འཇུག་ཉི་ཟླ་ཁ་སྦྱོར་ཀློང།། ཀུན་ཏུ་བཟང་པོའི་ངང་ལ་ཡེ་ཤེས་རྒྱུན་གནས་པ། ། དེ་ཉིད་ཁྱད་པར་ཅན་གྱི་གྲོགས་ཤེས་བྱ།། འཁྲུལ་པ་སྒྱུ་མ་རྣམ་དག་ཡེ་ཤེས་ཀློང།། དེ་ཉིད་ཁྱད་པར་ཅན་གྱི་ཐབས་ཞེས་བྱ།། རྡོ་རྗེ་ཚིག་གཅིག་དགོངས་པ་ལ་དོར་བ། ། སྐད་ཅིག་ཀློང་གཅིག་དྲིལ་བའི་ཐུགས་རིག་པ།། བདག་རིག་གཞན་རིག་ཐམས་ཅད་རྟོགས་པའི་རང་ཤར་ཏེ།། ཉི་ཟླ་ཁ་སྦྱོར་དགོངས་པ་མཐར་སྐྱོལ་བའི།། སེང་གེ་སྒྲ་ལས། ཉི་ཟླ་ཁ་སྦྱོར་དགོངས་པའི་ལེའུ་སྟེ་རེ་གཉིས་པའོ། །།། ཐུགས་རྗེ་བྱམས་པས་བཀའ་སྩལ་པ།། རིན་ཆེན་ཀུན་འབྱུང་ཏིང་འཛིན་ལས་བཞེངས་ནས།། རང་བྱུང་ཡེ་ཤེས་ཡོན་ཏན་ཟད་མེད་པ།། སེམས་ཉིད་རིན་ཆེན་གཏེར་གྱི་དབྱིག་ཅེས་བྱ།། སྐྱེད་མེད་ཀློང་ནས་རང་བཞིན་འོད་གསལ་བ། ། བག་ཆགས་སྦུབས་ནས་སྒྲོན་མར་རང་ཤར་གསལ།། ནམ་མཁའི་ཀློང་ནས་ཉི་མ་ཤར་བ་འདྲ།། སྐུ་གསུམ་དབྱེར་མེད་གསལ་བ་ཡེ་ཤེས་ཀློང།། གསལ་ཡང་དངོས་མེད་དག་པ་ཆུ་ཟླ་འདྲ། ། སྣང་ལ་དངོས་མེད་བར་སྣང་འཇའ་ཚོན་ཚུལ།། སྐུ་གསུམ་རིག་པའི་ཡེ་ཤེས་རྡོ་རྗེ་ཐུགས།། ཙཏྟིའི་ཤིང་ལ་གེལ་བའི་འབྲས་བུ་དང།། ཡེ་ཤེས་མེ་ཏོག་འབྲས་བུར་བཅས།། འགྲོ་བ་དུག་ལྔ་ནད་ལས་སེལ་བའི་སྨན། ། རང་བྱུང་རང་གནས་ནོར་བུ་རིན་པོ་ཆེ།། ཕྱི་ནང་སྣོད་བཅུད་ངོ་བོ་རང་ལ་གྲོལ།། གཞན་ལས་ལྟོས་གྱུར་ཆོས་མ་ཡིན།། གླང་ཆེན་འདམ་དུ་བྱིང་བ་དང།། འགྲོ་བ་མ་རིག་རང་བཅིངས་གཉིས། ། གཞན་གྱིས་ཡང་དག་གང་བར་འགྱུར།། ཆོས་ཀྱིས་ཡང་དག་དོན་ལ་བརྗོད་ནུས་ཀྱང།། ཚིག་གིས་ཡང་དག་དོན་ལ་གནས་མི་ནུས།། དེ་ཕྱིར་དགེ་སྤྱོད་རྣམ་སྨིན་ཡེ་ཤེས་དོན་ལ་བསྒྲིབས།། ཆོས་ཀྱི་བློ་ཡིས་སྤྲོས་བཅད་ཆོས་ལ་གནས། ། མན་ཤེལ་དག་པ་དྲི་མེད་ལྟར་དུ་རང་རིག་ཞོག། ཐ་མལ་ཤེས་པ་བློ་ཡིས་བཅོས་པ་ནི།། དེ་ཡི་ནོར་བུ་རིན་ཆེན་འདམ་དུ་བྱིང།། ཡེ་ཤེས་རང་སྣང་ངོ་བོར་ཤར་བ་ལ།། བསླད་པར་བྱ་བའི་ཆོས་ནི་སྒྲིབ་པ་ཡིན། ། ཐབས་ཀྱི་རྒྱལ་པོ་སྟོབས་ཀྱི་རིག་པ་ཤར།། ཆེ་བའི་ཡོན་ཏན་གཞན་ལ་དཔག་ཏུ་མེད།། རིག་པའི་ཡེ་ཤེས་ཆུ་བོ་རྒྱུན་གནས་ལ།། དངོས་པོ་མཚན་མ་དེ་ལ་བར་མ་བཅད།། ཆོས་རྣམས་ཡེ་ནས་རང་རྩལ་སྣང་བ་རྟོགས། ། ནོར་བུ་དགོས་འདོད་རང་བྱུང་དགོངས་པ་ཚད་དུ་སྐྱོལ།། ཞེས་སེང་གེ་སྒྲ་ལས། ནོར་བུ་རིན་པོ་ཆེ་དགོངས་པའི་ལེའུ་སྟེ་རེ་གསུམ་པའོ།།།། ཐུགས་རྗེ་བྱམས་པས་བཀའ་སྩལ་པ། ། བཅོམ་ལྡན་འདས་རྒྱ་མཚོ་ཀློང་ཡངས་ཏིང་ངེ་འཛིན་ལས་བཞེངས་ནས། བདེ་འཽ་ཡངས་སོ་རྒྱ་མཚོའི་ཀློང།། རྒྱ་མཚོར་གཟའ་སྐར་ཤར་བ་མ་འདྲེས་སོ་སོར་གསལ།། དེ་བཞིན་ཆོས་ཉིད་རྣམ་དག་སྤྲོས་བྲལ་རིག་པའི་ངང་ཉིད་ལ། ། སྐྱེ་མེད་ཀློང་ནས་ཡེ་ཤེས་མ་འདྲེས་སོ་སོར་གསལ།། སྐུ་གསུམ་རྒྱལ་བའི་དགོངས་པ་རྒྱ་མཚོ་འདྲ།། ཨ་ཏི་ཡངས་པའི་ཀློང་ན་རྣམ་དག་པ།། ཡེ་ཤེས་ངང་ལས་སྤྲུལ་པའི་སྐུར་བསྟན་ཡང། ། ཐུགས་རྗེ་རྩལ་གྱིས་འགྲོ་བའི་དོན་མཛད་དེ།། རྩལ་འཁྲུལ་ཆོས་མིན་སྐད་ཅིག་མངོན་སངས་རྒྱས།། དེ་ཕྱིར་སངས་རྒྱས་ཆོས་ལ་གནས་མ་ཡིན།། ཆོས་ནི་སེམས་དེ་གནས་པའི་རྣམ་རྟོག་ཡིན། ། མཚོན་ཚིག་བྱང་ཆུབ་ཆོས་རྣམས་ཀྱང།། བརྡས་འགྲོལ་ཚིག་ལ་བྱང་ཆུབ་དོན་མ་ཡིན།། ཀྱེ་རིགས་ཀྱིས་བུས་ངེས་པར་ཟུངས།། དེ་ཕྱིར་མགོན་པོ་དྲི་མེད་པས།། སྐུ་གསུམ་རང་བྱུང་ཡེ་ཤེས་ཐུགས་རིག་པ། ། ཆོས་ལ་མ་བརྟེན་རང་བྱུང་དབྱིངས་ལ་ཤར།། དེ་ཕྱིར་ཆོས་ཀྱི་སངས་རྒྱས་མ་བཤད་དེ།། ཆོས་ནི་ཚིག་ལ་འབྲང་ཞིང་ཚིག་ལ་གནས།། རང་བྱུང་ཡེ་ཤེས་ངོ་བོ་ཚིག་མཐའ་འདས།། དེ་ཕྱིར་ཡང་དག་དོན་ལ་ཚིག་མེད་ཡི་གེ་མེད། ། སེམས་དེ་ཚིག་ལ་བརྟེན་ནས་བདེན་ལམ་ཚོལ་བ་ཡང།། ཆོས་རྣམས་ངོ་བོ་མ་བཅིངས་རང་གྲོལ་ལོ།། ཡེ་ཤེས་རྒྱལ་བ་ཚིག་ལས་འདས་པའི་དོན།། སྨྲ་བའི་ཁྱུ་མཆོག་གཞན་གྱི་དྲིང་མི་འཇོག། ང་ནི་དྲི་མེད་ཡེ་ཤེས་སྐུ་ཉིད་ལ། ། དགེ་སྡིག་ལ་འདས་གདོད་ནས་སྙིང་པོའི་དོན།། རྩོལ་བས་མཐོ་དམན་འབྲས་བུ་རྩིས་ལས་འདས།། ང་ཉིད་སྟོང་པ་ཡེ་ཤེས་སྙིང་པོ་ཅན།། བདེ་སྡུག་རང་གྲོལ་འོད་གསལ་རིག་པའི་སྐུ། ། དབྱེར་མེད་འདུ་འབྲལ་མེད་པ་ངོ་བོ་ཉིད།། རྩལ་གྱི་རོལ་པ་ཐུགས་རྗེ་རྒྱན་ཤར་བ།། མ་འདྲེས་སོ་སོར་གསལ་ཡང་དབྱེར་མེད་རྒྱ་མཚོའི་ངང།། རྒྱ་མཚོ་ཀློང་ཡངས་དགོངས་པ་མཐར་སྐྱོལ་ཞེས།། སེང་གེ་སྒྲ་ཡི་དགོངས་པའི་རྒྱུད་ཉི་ཟླ་ཁ་སྦྱོར་ལས། རྒྱ་མཚོ་ཀློང་ཡངས་དགོངས་པའི་ལེའུ་སྟེ་རེ་བཞི་པའོ།།།། ཀྱེ། བཅོམ་ལྡན་ཐུགས་རྗེ་ཐབས་ཀྱི་བདག། བཞི་ལམ་འབྲས་བུའི་གནས་ལུགས་ལ།། སོ་སོར་གནས་ལུགས་ཐ་དད་གཅིག། སྐུ་གསུམ་དངོས་དང་དབྱེ་བ་དང།། ལམ་པའི་གང་ཟག་རྣམས་ལ་ནི།། བདག་དང་རྟོགས་པའི་དོན་དང་ནི།། དགོངས་པ་རང་ཤར་གནས་ལུགས་དང།། ཉམས་སུ་ལེན་པའི་ལམ་རིམ་རྣམས། ། ཐ་དད་གཅིག་པ་གསུང་དུ་གསོལ།། བཀའ་སྩལ་པ། ཀྱེ་རྡོ་རྗེ་འཛིན་པ་ངེས་པར་ཟུངས།། གཞི་ཡི་གནས་ལུགས་བསྟན་པ་ནི།། མ་བྱུང་མ་སྐྱེས་སྔོན་རོལ་ནས།། ཐོག་མའི་སངས་རྒྱས་འོད་དཔག་མེད། ཀུན་གྱི་འབྱུང་གནས་ཆེན་པོར་ནི།། ཁྱབ་བདལ་ནམ་མཁའི་མཐའ་དང་མཉམ།། ཆོས་དབྱིངས་ཁྱབ་བདལ་ཡེ་ཤེས་དྭངས་མའི་སྐུ།། ས་ནི་ཐབས་མཆོག་ལྡོག་པའི་གདངས།། མ་ནི་ཤེས་རབ་ཆོས་ཀྱི་དབྱིངས། ། གདངས་ཀྱི་སྙིང་པོ་སྐུ་གསུམ་རང་ལ་ཤར།། ལྷུན་གྲུབ་རང་བྱུང་སྙིང་པོ་འོད་ཀྱི་དཀྱིལ་འཁོར་ལ།། བཀོད་པ་ལྷ་ཡི་དཀྱིལ་འཁོར་སྒོམ་མི་དགོས།། ཉི་ཤུ་རྩ་བརྒྱད་གཉིས་པ་ནི།། ངོ་བོ་ཉིད་ལ་ངོ་བོ་ཉིད་ཤར་བ། ། སྲོག་མེད་ལོངས་སྐུ་རིགས་ལྔ་འཁོར།། སེམས་དཔའ་སེམས་མ་དབང་པོ་ཡུལ་ཤར་བ།། མ་གཡོས་དབྱིངས་ན་འཇའ་ཚོན་འབར་བའི་སྐུ།། འཇའ་ཚོན་སྐྱིལ་ཀྲུང་ཡེ་ཤེས་སྣང་བ་ལམ་མེ་པ།། གཞི་སྐུ་རང་བྱུང་གནས་ལུགས་སྤྱི་སའོ། ། ལམ་པའི་གང་ཟག་རྣམས་ལ་ཇི་ལྟར་བཞུགས་པ་ནི།། དཀྱིལ་འཁོར་ལྔ་ཡི་དབུ་ཉིད་ལ།། མི་གསལ་བ་ཡི་ཚུལ་དུ་བཞུགས།། སྣང་སྲིད་དབྱིངས་ཀྱི་དཀྱིལ་འཁོར་ན།། ད་ལྟ་སེམས་དེ་ཐམས་ཅད་བཞུགས། ། སྒྲོན་མ་འོད་ཀྱི་དཀྱིལ་འཁོར་ན།། རིག་པ་ཆོས་སྐུ་ཟང་ཐལ་བཞུགས།། ཙིཏྟ་ཐུགས་ཀྱི་དཀྱིལ་འཁོར་ན།། ལོངས་སྐུ་རྩ་བརྒྱད་འཇའ་ཚོན་འོད་གསལ་བ།། ཀུན་ཏུ་བཟང་པོ་ཆོས་ཉིད་མི་འགྱུར་བ། ། ཁ་དོག་སྣ་ཚོགས་དབྱིངས་དང་ཡེ་ཤེས་ཡབ་ཡུམ་ཚུལ།། མཉམ་གཞག་མཚོན་གང་ཚད་དུ་གནས།། རྟགས་ཀྱི་གསང་སྒོ་སྒྲོན་མ་མཚོན་གང་ངོ།། རིགས་ལྔ་ཐིག་ལེ་འོད་ལས་དྭངས་མའི་རྩལ་དུ་རྫོགས། ། ཕུང་པོ་ལྔ་ཡིས་ཆ་གཟུང་མི་གསལ་སྐུ།། ཕྱག་རྒྱ་དྲན་རིག་ཚོར་བར་བཅས་པའོ།། ཀུན་གཞི་སེམས་ཀྱི་མེ་ལོང་གཟུང་འཛིན་དྲན་རིག་པ།། འོད་ལྔ་ཕོ་བྲང་ཡེ་ཤེས་ལྷ་ཡི་གནས།། འཇུག་པ་སྒོ་ལྔ་ཐུགས་རྗེ་འགྲོ་བ་འདུལ་བའི་དཀྱིལ་འཁོར་གནས། ། སེམས་དཔའ་སེམས་མ་ཟེར་དུ་འཕྲོས་པས་ན།། སེམས་དཔའ་སེམས་མ་མི་གསལ་ཟེར་ལ་རོལ་པར་བཞུགས།། འབྲས་བུ་སྐུ་གསུམ་ཡེ་ཤེས་རྩལ་རྫོགས་བཞི་བཅུ་རྩ་གཉིས་ནི། ། གསལ་འཚེར་ལྷུན་སྡུག་ཡེ་ཤེས་འོད་གསལ་སྐུ།། དེ་ཡི་སྤྲུལ་སྐུ་ཐུགས་རྗེ་ཐུབ་པ་དྲུག། གང་ལ་གང་འདུལ་ཆོས་ཅན་འཚམ་པར་སྟོན།། མི་གནས་ཡེ་ཤེས་ཆོས་སྐུ་དབྱིངས་ལ་ཐིམ་པའི་ཚེ།། དེ་བཞིན་གཤེགས་པའི་ཆོས་ལྔ་དག་ཏུ་མྱ་ངན་འདས། ། གཞི་ལ་ལམ་དུ་མི་བྱ་ཏེ།། རང་རིག་མ་ཤར་སྐྱོན་དུ་འགྱུར།། གཞི་ལ་འབྲས་བུར་མི་བྱ་སྟེ།། སྤྱིར་ཡང་འཁྲུལ་པའི་སྐྱོན་དུ་འགྱུར།། འབྲས་བུ་ལམ་དུ་མི་བྱ་སྟེ།། འཁོར་བ་རང་གྲོལ་སྐྱོན་དུ་འགྱུར། ། འབྲས་བུ་གཞིར་ནི་མི་བྱ་སྟེ།། ཡེ་ཤེས་མཁྱེན་རྩལ་མེད་པར་འགྱུར།། ལམ་ལ་གཞིར་ནི་མི་བྱ་སྟེ།། ཡེ་ཤེས་མཚོན་དུ་མེད་པར་འགྱུར།། ལམ་ལ་འབྲས་བུར་མི་བྱ་ཏེ།། ཉམས་བླང་རྩོལ་མེད་ཐལ་མར་འགྱུར། ། ཆོས་སྐུ་ལོངས་སྐུར་མི་བཤད་དེ།། ཆོས་སྐུ་གཞན་སྣང་རྟོག་པར་འགྱུར།། ཆོས་སྐུ་སྤྲུལ་སྐུར་མི་བཤད་དེ།། ཆོས་སྐུ་གདོས་བཅས་འཇིག་པར་འགྱུར།། ལོངས་སྐུ་ཆོས་སྐུར་མི་བཤད་དེ། ། ཡེ་ཤེས་ཐུགས་རྗེ་སྟོང་པར་འགྱུར།། ལོངས་སྐུ་སྤྲུལ་སྐུར་མི་བཤད་དེ།། འོད་སྣང་ཆོས་དབྱིངས་རྣམ་དག་སྐྱོན།། ཆོས་སྐུ་ཐུགས་སུ་མི་བཤད་དེ།། དེ་ཉིད་ཐུགས་སུ་བཤད་པ་ན།། ཁྱབ་བདལ་ཡེ་ཤེས་སྐུ་འགག་འགྱུར། ། ལོངས་སྐུའི་སྐུར་ནི་མི་བཤད་དོ།། དྲན་རིག་གདོས་བཅས་སྐུར་མི་འགྱུར།། སྤྲུལ་སྐུ་འགྲོ་བར་མི་བཤད་དོ།། ཐུགས་རྗེ་རྫུ་འཕྲུལ་མེད་པར་འགྱུར།། སངས་རྒྱས་ཐུགས་མཆོག་རིག་པ་དྲི་མེད་ལ། ། ངོ་བོ་སྟོང་པ་གདངས་འོད་གསལ།། མཚན་ཉིད་དབྱེར་མེད་ཡོན་ཏན་འགྱུར་བ་མེད།། སྐུ་ནི་དྲི་མེད་འོད་གསལ་ལ།། སྣང་དུ་ཡོད་ལ་རེག་པ་བྲལ།། སྐུ་གསུམ་རང་གི་ངོ་བོ་ནི།། གཅིག་པ་མ་ཡིན་ཐ་དད་མིན། ། དེ་ཉིད་གཞན་དུ་བརྗོད་མེད་དང།། སྐུ་གསུམ་འབྲལ་མེད་ཉི་མའི་ཟེར་འོད་ཚུལ།། གཅིག་དང་གཉིས་པས་ཐ་དད་གྲོལ་བར་གནས།། བརྡ་དོན་སྤྲད་པའི་ཡེ་ཤེས་རྟོགས་པ་དང།། ཐུགས་ཀྱི་ཤེས་རིག་ཤར་བའི་དགོངས་པ་ནི། ། གཅིག་པ་མ་ཡིན་ཐ་དད་དོན་མི་རྙེད།། རྒྱལ་བས་ཐབས་ཀྱི་རིམ་པར་བསྟན་པ་ཡིན།། རྟོགས་པའི་བློ་དེ་དགོངས་པ་མ་ཡིན་ཏེ།། དེ་ཉིད་དགོངས་པ་ཐ་སྙད་ཚིག་ཏུ་འགྱུར།། གདམས་ངག་ཕྲད་པས་ག་ལ་གྲོལ། ། ཉམས་ལེན་དགོངས་པ་མ་ཡིན་ཏེ།། དགོངས་པ་དྲན་རིག་གློ་བུར་འགྱུར།། འདུས་བྱས་དྲན་རིག་ཡེ་ཤེས་རྟོག་བྲལ་ག་ལ་ཐོབ།། དགོངས་པ་རྟོགས་པ་མ་ཡིན་ཏེ།། ཡེ་ནས་རང་ཤར་ལུང་དང་འགལ། ། དགོངས་པ་ཉམས་ལེན་མ་ཡིན་ཏེ།། བྱ་བཙལ་བྲལ་བའི་ལུང་དང་འགལ།། རྟོགས་བྱེད་གདམས་ངག་གཟུང་འཛིན་ཐབས།། རང་ལ་ཤར་བ་བརྡ་ཕྲད་དོན།། དགོངས་པ་རང་ཤར་རིག་པ་གསལ།། ཉམས་ལེན་གཟུང་འཛིན་རང་གྲོལ་ལ།། དྲན་པའི་རྒྱུན་གྱིས་འོད་གསལ་བསྟན།། དྲི་མེད་རིག་པ་རང་ཤར་གསལ།། ལམ་དུ་བྱེད་པ་ཉམས་སུ་ལེན་ཞེས་བྱ།། ཐ་མལ་བློ་ལས་གྲོལ་བའོ།། རིག་པ་རང་བཞིན་དག་པའི་གསལ་བ་དང། ། ནམ་མཁའ་སྟོང་པ་འགག་མེད་གསལ་བ་སྟེ།། ཡེ་ཤེས་འོད་གདངས་འོད་གསལ་གསལ་བ་གསུམ།། རིག་པ་དྲི་མེད་ནམ་མཁའ་འགག་མེད་དེ།། རིག་པ་དྲི་མེད་འོད་གདངས་གསལ་བ་མེད། ། གཅིག་ལ་མིན་ལ་ཐ་དད་མིན།། གཅིག་དང་ཐ་དད་དག་ལས་གྲོལ་བར་གནས།། ནམ་མཁའ་རིག་མེད་སྟོང་པ་དང།། འོད་གདངས་ཟེར་གྱི་གསལ་སྟོང་གཉིས།། གཅིག་པ་མ་ཡིན་ཐ་དད་མིན།། གཅིག་དང་ཐ་དད་དག་ལས་གྲོལ་བར་གནས། ། རིག་པ་རང་གསལ་ངོ་བོ་ནི།། དཔག་དང་གཞལ་ལས་འདས་པའི་འོད་གསལ་རང་ཤར་རོ།། སྟོང་རིག་དབྱེར་མེད་འོད་གསལ་རང་བཞིན་ཏེ།། འགྱུར་མེད་སེམས་དེ་ཀུན་གྱི་སྒྲོན་མར་གསལ། ། ཞེས་སེང་གེ་སྒྲའི་དགོངས་པ་ལས། གཞི་འབྲས་ལམ་པའི་རྣམ་བཤད་ལེའུ་སྟེ་རེ་ལྔ་པའོ།།།། ཀྱེ། བཅོམ་ལྡན་ཐུགས་རྗེ་ཐབས་ཀྱི་བདག། ཨ་ཏི་དོན་ཉིད་བཤད་ནས་ཀྱང། ། དགོངས་པའི་ཁྱབ་བདལ་ཇི་ལྟར་ལགས།། ངེས་པར་ཉམས་སུ་གང་ལྟར་བླང།། བཀའ་སྩལ་པ། རང་བཞིན་དག་པའི་ནམ་མཁའ་ལ།། ཆོས་ཉིད་དག་པ་ནམ་མཁའ་ཀུན་ལ་ཁྱབ།། ཆོས་ཉིད་དག་པའི་ནམ་མཁའ་ལ། ། རིག་པ་ཡེ་ཤེས་ནམ་མཁའི་ཉི་མ་ཤར།། ཕྱོགས་རིས་མེད་པ་ཀུན་ཏུ་འོད་གསལ་བ།། ཡིད་ཀྱི་རྣམ་རྟོག་ཅི་བྱུང་ཅི་འགྱུར་ཡང།། མ་ཕམ་མཚོ་ལ་གསེར་གྱི་ཉ་མོ་ལྟར།། ཆོས་ཉིད་རིག་པ་ཡེ་ཤེས་དོན་ལ་གཡོས་པ་མེད། ། མ་འགགས་རིག་པ་གཉིས་མེད་འོད་གསལ་བ།། བརྟགས་དེ་ངོ་བོར་གཟུང་ཡང་མཐོང་རྙེད་རྟོགས་བྲལ་མེད།། ཟབ་མོའི་ཆ་ཤས་རྟོག་པའི་ཡུལ་ལས་འདས།། མན་ཤེལ་སྐུ་ལྟར་རང་རིག་རྒྱུད་དག་པས། ། སྒྲོན་མ་ཕྱི་ཉིད་གསལ་བ་རིག་པའི་ནང།། དྲི་མེད་ཟང་ཐལ་དག་པ་ཆོས་ཀྱི་སྐུ།། ས་ཆུ་མེ་རླུང་ནམ་མཁའ་སྣང་བ་ཡང།། མ་རྟོགས་བློ་ལ་མཚན་མར་སྣང་མོད་ཀྱང།། རྟོགས་པའི་བློ་ལ་རང་བཞིན་ཡོངས་ཀྱི་མེད། ། ཟང་ཐལ་འོད་གསལ་གདངས་སུ་སྣང་བ་ཤར།། དཔེར་ན། ནམ་མཁར་སྣང་བ་འཇའ་ཚོན་ཤར་བ་ཡང།། མཁའ་ལས་ལོགས་ན་མེད་ཀྱང་ལོགས་ལྟར་སྣང།། ནམ་མཁའི་ནང་ན་གནས་ཤིང་དེ་ལས་མི་བསྐྱོད་ཀྱང། ། ལོག་ལྟ་བྱིས་པའི་སྣང་བས་སོ་སོར་ཕྱེ།། ཆོས་ཉིད་ཆོས་སྐུ་དབྱེར་མེད་ནམ་མཁའ་ཁྱབ་བདལ་ལ།། སྒྲོན་མར་ལོག་རྟོག་ཤར་ཡང་ཟང་ཐལ་འགག་པ་མེད།། གསལ་ལ་རྟོག་མེད་ཡེ་ཤེས་ཆོས་ཀྱི་སྐུ། ། རང་ལ་རང་གསལ་སྣོད་བཅུད་ཡེ་སངས་རྒྱས།། ལས་དང་ཐུགས་རྗེ་མཐའ་གཉིས་རྟོགས་པས་རྣམ་པར་དག། ས་དང་རྣམ་ཐར་བྱང་ཆུབ་མཆོག་ལ་རིག། བགྲོད་དུ་མེད་པའི་ཆོས་ཉིད་བྱང་ཆུབ་ལམ། ། བགྲོད་པར་འདོད་པས་ཡེ་ཤེས་མཐའ་ལ་སྒྲིབ།། མ་བསགས་བཞིན་དུ་ཚོགས་གཉིས་ཡེ་རྫོགས་པས།། མ་སྦྱངས་བཞིན་དུ་སྒྲིབ་གཉིས་ཡེ་དག་ལ།། མ་སྐྱེད་མ་སྐྱེས་འོད་ཀྱི་ཕོ་བྲང་ནས།། ཡེ་ཤེས་ལྷ་སྐུ་སྤྱན་དྲངས་བཞུགས་མི་དགོས། ། རང་ཤར་རང་སྣང་དགོངས་པར་ཆོད་པ་ལ།། མི་རྟོག་སྟོང་ཉིད་སེམས་ལ་དམིགས་མི་དགོས།། ཨ་ཨོཾ་ཧཱུ~ཾ་གི་རང་བཞིན་ནི།། ཟེར་འོད་རྒྱུན་ཆད་མེད་པར་ཡེ་གནས་པས།། གསུང་གི་བཟླས་པས་རྩོལ་པ་བསྐྱལ་མི་དགོས། ། འགྱུར་བ་གཟུང་འཛིན་རང་གྲོལ་ཟང་ཐལ་ལ།། དུག་ལྔ་བཀག་ལ་དགེ་བ་སྤྱད་མི་དགོས།། སྐུ་གསུམ་འོད་གསལ་ངོ་བོར་ཤར་བ་ལ།། ཀུན་ཏུ་འོད་ལ་རིམ་གྱིས་བགྲོད་མི་དགོས། ། ཆེད་དུ་བྱར་མེད་ཡེ་ནས་ལྷུན་གྲུབ་ལམ།། དཔེར་ན་མར་མེ་སྙིང་པོ་རང་གི་འོད་ལ་གནས་པ་ལྟར།། རང་རིག་འོད་གསལ་ཡེ་ཤེས་རང་གདངས་གནས།། འདས་དང་མ་བྱོན་ད་ལྟར་སངས་རྒྱས་ཀྱང། ། གཉིས་མེད་རོ་གཅིག་ཡེ་ཤེས་གདངས།། སྐལ་ལྡན་ལམ་པ་རྣམས་ཀྱང་དགོས་པ་དེ་ལ་བལྟ།། གཉིས་མེད་རོ་གཅིག་ཆུ་ལ་ཆུ་བཞག་བཞིན་དུ་གྲོལ།། རང་རིག་འོད་གསལ་ཡེ་ཤེས་རང་ལ་འཆར།། དེ་ལས་གུད་པ་འོད་གསལ་གཞན་མི་བཙལ། ། ཞེས་སེང་གེ་སྒྲ་ཡི་དགོངས་པའི་རྒྱུད་ལས། དགོངས་པའི་ཁྱབ་བརྡལ་འགྲོ་འོང་ཀུན་ལ་ཁྱབ་པར་འཆར་བའི་ལེའུ་སྟེ་རེ་དྲུག་པའོ།།།། ཀྱེ། བཅོམ་ལྡན་ཐུགས་རྗེ་ཐབས་ཀྱི་བདག། སྐུ་གསུམ་གདངས་ཀྱི་ཡེ་ཤེས་སྣང་བ་སྟེ།། སྐལ་ལྡན་སྒྲོན་མ་ངོ་བོ་ཇི་ལྟར་གནས་པ་གསུང་དུ་གསོལ།། བཀའ་སྩལ་པ། ཡུལ་དང་ཡུལ་ཅན་མི་གཅོད་དེ།། སྐད་ཅིག་རང་གིས་འོད་གསལ་བ། ། ངོ་བོར་མི་འཛིན་བག་ཆགས་རྗེས་མི་གཅོད།། བདེ་སྡུག་བློ་ཡིས་མི་སྡུད་རང་གདངས་གསལ་བའི་ངང།། ཡེ་ཤེས་རང་ཤར་སེམས་ལས་མ་འདྲེས་པ།། སྔར་འབྱུང་བཞིན་སྣང་སེམས་དང་མ་འདྲེས་ཏེ། ། རྟོག་པ་འཁྲུལ་པ་འཛིན་པ་གསུམ་མ་ཡིན།། ཕྱིས་བྱུང་ལས་འབྲས་སེམས་དང་མ་འདྲེས་ཏེ།། ཉོན་མོངས་བག་ཆགས་སྡུག་བསྔལ་སེམས་མ་ཡིན།། ད་ལྟ་ངོ་བོ་སེམས་དང་མ་འདྲེས་པ།། འཁྲུལ་སྣང་ལོག་སྣང་རྣམ་ཤེས་བློ་ཟུར་སེམས་མ་ཡིན། ། རང་རིག་འོད་གསལ་ཟང་ཐལ་རང་ཤར་དེ།། ཡིད་མིན་སེམས་མིན་སྐད་ཅིག་རང་གསལ་བ།། སོ་སོར་རང་རིག་མི་གཡོ་བདེ་བ་ཆེ།། དེ་ཡི་ངོ་སྤྲོད་རང་བཞིན་བསྟན་པ་ནི།། བླ་མའི་བརྡ་ཡིས་སྟོན་པའི་ཚིག། ཕྱི་སྣང་བ་སྒྱུ་མ་ཟང་ཐལ་སྤྲད་པས་ནི།། འཁྲུལ་པ་རང་གྲོལ་སྐུ་གསུམ་འོད་གདངས་འཆར།། བར་སྒྲོན་མེའི་གདངས་ལ་ངོ་སྤྲད་པས།། ཉོན་མོངས་གདོས་བཅས་ཡེ་ཤེས་ངང་དུ་གྲོལ། ། ནང་སྐུ་གསུམ་སྐད་ཅིག་ངོ་སྤྲད་པས།། ཏིང་གསལ་རིག་པ་འོད་གསལ་གདངས་ལ་ལྷག་གིས་རྟོགས།། སྤྲད་ཐབས་ཕྱི་ནས་བློ་ཡིས་ངོ་སྤྲད་ནས།། ལམ་དུ་སྒྲོན་མའི་ཡེ་ཤེས་གདངས་ལ་བཅར།། རྟོགས་པའི་མཁྱེན་པ་ཡེ་ཤེས་ནང་གསལ་འཆར། ། སྐུ་གསུམ་རིག་པའི་ཡེ་ཤེས་ལ།། ཆོས་སྐུ་ངོ་བོ་ཉིད་དུ་རང་ཞལ་རང་གིས་མཐོང།། སེམས་ཅན་དུས་ན་སངས་རྒྱས་དགོངས་པ་ཆོད།། དུས་མ་འགྱུར་བར་སོར་སྣང་ཟང་ཐལ་འགྱུར། ། མངོན་ཤེས་རང་རིག་རྫུ་འཕྲུལ་སྟོབས་ཀྱང་འཆར།། དེ་དུས་རྒྱུ་བ་ཡེ་ཤེས་ཤར་བའི་སྣང་བ་ལ།། གཉིས་སུ་མེད་པའི་སྤྱོད་པས་ཡི་དམ་ལུས་བླངས་ལ།། རིག་སྤྱོད་གཉིས་སུ་མེད་པས་མཁའ་སྤྱོད་གྲོལ།། ཡེ་ཤེས་རྟོགས་ལུགས་རང་བཞིན་ནི། ། ཕྱི་རིག་པའི་སྣང་བ་ཟང་ཐལ་སང་ངེར་རྟོགས།། བག་ཆགས་གདོས་བཅས་འཛིན་རྟོག་རང་སར་གྲོལ།། འགྲོ་དྲུག་ལུས་སུ་སྐྱེ་གནས་མཚམས་མི་སྦྱོར།། བར་ཉོན་མོངས་སྒྲོན་མར་འོད་གསལ་བས། ། ཧྲིག་གེ་ས་ལེ་མ་རིག་དབྱིངས་སུ་དག། མཁྱེན་པའི་ཡེ་ཤེས་ངང་ལ་གསལ་ཡང་བཏབ།། ནང་གཟུང་འཛིན་ཟང་ཐལ་རིག་པར་གྲོལ།། སྐུ་གསུམ་ལྷག་གེ་སྤྲོས་བྲལ་རིག་པའི་གདངས།། ཡེ་ཤེས་སྙིང་པོ་རྡོ་རྗེ་འཆང་གི་སྲོག་ཏུ་ཟིན། ། དེས་ཀུན་ཏུ་འོད་ལ་སྐུ་གསུམ་མཐར་མ་སྐྱོལ།། སྐལ་ལྡན་སྒྲོན་མ་ལྟ་སྟངས་རང་བཞིན་ནོ།། ཡེ་ཤེས་གདངས་ལ་རྩོལ་བ་གྲོགས་སུ་མི་བཅར་ཏེ།། རིག་པ་རྩལ་དང་བཅས་པས་གདངས་སྟོད་ལ། ། ཆོས་སྐུ་རང་དང་ཆས་ས་ལེ་བལྟ།། འོད་གསལ་གདངས་སྒྲོན་མས་ཧུ་རེ་བལྟས་པའི་ཚེ།། སྣང་བ་མདངས་ཐོན་ཟང་ཐལ་འོད་ལ་ལྷག་གེར་འཆར།། རྟོག་པ་རགས་པ་དག་པའི་མི་རྟོག་ཡེ་ཤེས་ལ། ། ཆོས་ཉིད་རང་གདངས་འོད་སྣང་འཆར་བ་ངེས།། རྟོག་པ་ཕྲ་བ་དག་པའི་རང་རིག་ཡེ་ཤེས་ལ།། མཁའ་འགྲོ་རིག་པའི་སྣང་བ་མངོན་ཤེས་རྫུ་འཕྲུལ་འཆར།། བག་ལ་ཉལ་བ་རང་གྲོལ་བའི་སྣང་བ་ལས། ། སྙིང་པོ་ཆོས་མིན་ཡེ་ཤེས་ཆེན་པོ་འཆར།། སྤྱི་དང་རང་གི་མཚན་ཉིད་གསལ་བར་མཁྱེན།། ཕྱི་ནང་རིག་པ་གདངས་ཀྱི་རང་བཞིན་ནི།། ཕྱི་ཡི་སྣང་བ་འོད་གདངས་དང།། བར་སྒོ་ལྔ་ཡེ་ཤེས་ཟེར་གདངས་དང། ། ནང་སྐུ་གསུམ་རིག་པའི་རང་གདངས་ནི།། དབྱེར་མེད་གཅིག་སྟེ་རྩལ་གྱི་ངང།། གཅིག་པ་མ་ཡིན་ཐ་དད་མིན།། གཅིག་དང་ཐ་དད་དག་ལས་གྲོལ་བར་གནས།། ཡེ་ཤེས་ཆེན་པོའི་གདངས་སུ་གསལ།། ཆོས་ཉིད་མཁའ་ལ་ཤར་བའི་ཚེ།། ཕྱི་ཉིད་ནང་ལ་ནང་ཉིད་ཕྱི།། རིག་པ་རང་ངོ་ཤར་བའི་དགོངས་པར་ངེས།། ངང་ལ་རང་བཞིན་བདག་ཉིད་ཆེན་པོའི་དོན།། རང་བཞིན་དག་པའི་ནམ་མཁའ་ལ།། ཡེ་ཤེས་གསལ་བའི་སྒྲོན་མ་རུ། ། རྟོག་དང་བྲལ་བའི་རིག་པ་གསལ།། དབྱེར་མེད་འོད་གསལ་མི་རྟོག་པ།། མ་བཅོས་རང་ཤར་དགོངས་པའི་ངང་དུ་ཞེས།། རང་བཞིན་དག་པའི་ནམ་མཁའ་དང།། ཆོས་ཉིད་དག་པའི་ནམ་མཁའ་དང། ། རིག་པ་གསལ་བའི་ནམ་མཁའ་གསུམ།། དབྱེར་མེད་སྟོང་ཞིང་བདག་མེད་པས།། དགོངས་པ་རང་ཤར་སྐུ་གསུམ་རང་བཞིན་ཞེས་སུ་བྱ།། རང་རིག་ཡེ་ཤེས་གསལ་བ་དང།། རང་བཞིན་གདངས་གསལ་ནམ་མཁའ་ལ། ། མ་འགགས་སྒྲོན་མའི་གདངས་གསལ་བ།། གསལ་བ་ཟང་ཐལ་རང་བཞིན་སྟོང།། དབྱེར་མེད་དགོངས་པའི་བདག་ཉིད་ཆེན་པོའོ།། མདོར་ན་ཡེ་ཤེས་རང་ཤར་ངོ་བོ་ནི།། སྐུ་གསུམ་ཡེ་ཤེས་སྙིང་པོ་རིག་པར་གནས། ། རིག་པའི་ཡེ་ཤེས་ནམ་མཁའི་གདངས་ལ་སྒྲོན་མར་གསལ།། སྐུ་གསུམ་ལྷུན་གྲུབ་རིག་པའི་ཐིག་ལེའི་འོད་གསལ་བས།། གཟུང་འཛིན་རྣམ་རྟོག་ཕྲ་རགས་འཁོར་བའི་ས་བོན་ནོ།། བག་ལ་ཉལ་སོགས་ཡེ་ཤེས་ངོ་བོར་གྲོལ། ། རང་རིག་སྤྲོས་བྲལ་ཡེ་ཤེས་ཆོས་ཀྱི་སྐུ།། སྐུ་གསུམ་མཁྱེན་པ་མཐའ་རུ་བསྐྱལ་ནས་ནི།། མཁྱེན་པའི་ཡེ་ཤེས་རྣམ་ལྔ་དེ་རུ་འཆར།། ཤེས་བྱ་ཕྱི་ནང་མེད་པར་རང་གྲོལ་མཁྱེན། ། ཞེས་སེང་གེ་སྒྲའི་དགོངས་པ་ཐེག་དམན་ཟིལ་གྱིས་གནོན་པ་ཉི་ཟླ་ཁ་སྦྱོར་རྒྱུད་ལས། སྐལ་ལྡན་ཡེ་ཤེས་རང་ཤར་བའི་དོན་རྒྱས་པར་བཤད་པའི་ལེའུ་སྟེ་རེ་བདུན་པའོ།།།། ཀྱེ། བཅོམ་ལྡན་ཐུགས་རྗེ་ཐབས་ཀྱི་བདག། སེམས་ཅན་ལོག་སྣང་ཡེ་ཤེས་གདངས་འཁྲུལ་བ།། ཡུལ་སྣང་མ་རིག་གཟུང་འཛིན་བརྟས།། བག་ཆགས་ལས་ཀྱིས་མཐའ་སྦྱར་ནས།། སྣང་བ་འཁྲུལ་པའི་ང་བདག་བཅིངས།། བག་ཆགས་སྦུབས་འཁྱམས་འཁོར་བ་བགྲོད་པའི་ཕྱིར། ། སྐལ་ལྡན་རིག་པ་ལམ་དུ་ཇི་ལྟར་དགྲོལ།། ཀྱེ། རིགས་ཀྱི་བུ་དག་ངེས་པར་ཟུང།། གདངས་ལ་རིག་པ་འཁྲུལ་པ་ནི།། རིག་པ་མ་འཁྲུལ་ཟེར་གྱི་འཛིན་པ་འཁྲུལ། ། རབ་རིབ་ཅན་གྱི་མིག་བུ་བཞིན།། མེད་པར་ལོག་སྣང་འཛིན་པ་ཞུགས།། དངོས་སུ་གྲུབ་པ་མ་ཡིན་ཏེ།། རྟོག་པ་རགས་པ་ཕྱི་ནང་དང།། བར་གྱི་ཉོན་མོངས་ནང་གི་གཟུང་འཛིན་རྟེན།། གདོས་བཅས་བག་ཆགས་ཤ་ཁྲག་སྦུབས་ཀྱིས་འགྲོ་དྲུག་འཁོར་བར་བརྒྱུད། ། དེ་ཡིས་འགྲོ་དྲུག་སྡུག་བསྔལ་ལམ་ལ་སྤྱོད།། ཕྱི་རྒྱ་ནང་རྒྱ་གསང་བ་རྒྱ།། རྒྱ་གསུམ་རང་སར་གྲོལ་བའི་གདམས་ངག་ནི།། རྒྱ་གསུམ་རང་གྲོལ་ཁ་སྤྲོད་ཁྲིད་ཀྱིས་བསྟན། ། སྒྱུ་མ་རྨི་ལམ་འཇའ་ཚོན་ཚུལ་དུ་ནི།། སྣང་སྟོང་དངོས་མེད་རང་བཞིན་བལྟ།། རྟོགས་པར་གྱུར་པའི་སྐལ་ལྡན་ནི།། སྣང་བ་ཟང་ཐལ་དངོས་མེད་པས།། རིག་པའི་རང་གདངས་ངང་དུ་གྲོལ། ། ཞེས་སེང་གེ་སྒྲ་དགོངས་པ་ལས། རྟོགས་པ་རྒྱ་འགྲོལ་ལེའུ་སྟེ་རེ་བརྒྱད་པའོ།།།། ཀྱེ། བཅོམ་ལྡན་ཐུགས་རྗེ་ཐབས་ཀྱི་བདག། སྒྱུ་མར་སྣང་བ་འཇི་ལྟར་བལྟ།། ཞེས་བཀའ་སྩལ་པ། འོད་སྣང་རྟོགས་པ་བརྟས་པས་དངོས་མེད་སྒྱུ་མ་འཇིག། འབྱུང་སྣང་དུས་ཀྱི་སྒྱུ་མ་དབྱར་དགུན་ལོ་ཟླར་འགྱུར།། རང་བཞིན་རྡུལ་འདུས་ཟང་ཐལ་སྒྱུ་མ་དངོས་མ་གྲུབ།། རྨི་ལམ་ལམ་པས་བལྟ་བ་ནི།། རྨི་ལམ་རྟག་པར་སྣང་བ་བདེན་པའི་དུས། ། འཁྲུལ་པར་སྣང་བ་རྨི་ལམ་རྫུན་པའི་དུས།། རྨི་ལམ་འོད་གསལ་ཟང་ཐལ་རྟོགས་པའི་དུས།། སེམས་ཀྱི་བྱུང་ཚོར་འཇའ་ཚོན་བཞིན་དུ་བལྟ་བ་ནི།། སེམས་རྟོག་འགྱུར་བ་མི་རྟག་རང་རྒྱུད་འཛིན་པའི་དུས། ། སེམས་རྟོག་འགྱུར་བ་མི་རྟག་དུས།། དེ་ཉིད་རིག་པ་འོད་གསལ་གདངས་སུ་གྲོལ་བའོ།། དེ་ལྟར་ཕྱི་ནང་རྟོགས་བཅས་ཉོན་མོངས་དང།། ནང་གཟུང་འཛིན་འཁྲུལ་པ་ཡེ་ཤེས་གདངས་ལ་ངེས་འདས་འཁྲུལ་པ་སེལ། ། སྣང་བ་དངོས་མེད་རྒྱུ་མེད་སྟོང་པའི་ངང་དུ་གྲོལ།། བར་ཉོན་མོངས་སྒོ་ལྔ་གསལ་བའི་གདངས་ལ་ཡལ།། ནང་གཟུང་འཛིན་ནམ་མཁའི་འཇའ་བཞིན་ཡེ་ཤེས་མ་ལ་ཐིམ།། རྒྱ་གསུམ་རང་གྲོལ་ཁ་སྤྲོད་ཀྱི་ལེའུ་སྟེ་རེ་དགུ་པའོ། །།། ཀྱེ། བཅོམ་ལྡན་ཐུགས་རྗེ་ཐབས་ཀྱི་བདག། སྒྱུ་མར་རྟོགས་པས་ཇི་ལྟར་བགྱི།། བཀའ་སྩལ་པ། རྟག་པས་སྒྱུ་མ་མི་རྟོགས་ཆད་པས་དེ་མི་རྟོགས།། དབུ་མ་སྟོང་པས་སྒྱུ་མའི་དོན་མི་རྟོགས། ། སྒྱུ་མའི་དོན་ཉིད་རྟོགས་པར་དཀའ་བ་ནི།། སངས་རྒྱས་བརྒྱུད་པ་མེད་པའི་གང་ཟག་ལ།། བཀའ་ལུང་བློས་བཅོས་ལུང་ཐོས་སྒྱུ་མའི་དོན་མི་རྟོགས།། ལོག་རྟོག་སྣང་བ་སྒྱུ་མ་ངོ་བོ་ཡིན་ཡང་རྟོག་པས་བསྒྲིབས། ། རྨི་ལམ་སྒྱུ་མ་སད་པས་རྟོག་པ་སེལ་བ་ལྟར།། བླ་མས་སྒྱུ་མའི་སྣང་བ་ངོ་སྤྲོད་གཅེས།། སྣ་ཚོགས་སྒྱུ་མར་རྟོགས་པ་རྒྱལ་བ་ཀུན་གྱི་ལམ།། སྒྱུ་མ་ལྟ་བུའི་ཡེ་ཤེས་སྣང་བ་ལ།། སྒྱུ་མར་མཚོན་པའི་གདམས་ངག་ཚིག་བརྗོད་པས། ། མི་འགྱུར་རིག་པའི་དོན་ཉིད་བརྟན་པར་རྟོགས།། རང་བྱུང་ཡེ་ཤེས་སྐུ་གསུམ་སྒྱུ་མ་ལ།། སྣང་དུ་ཡོད་ལ་རེག་ཏུ་མེད་པར་ངོ་ཡང་སྤྲད།། ཏིང་འཛིན་རྩལ་སྦྱོང་ཉམས་ལེན་རྣམས། ། ཡེ་ཤེས་སྒྱུ་མའི་རོལ་པ་རང་ཤར་བརྟག། སྤྱོད་པའི་དུས་སུ་གཉིས་མེད་སྒྱུ་མ་བལྟ།། འཁྲུལ་རྟོག་ཕྲ་རགས་གཟུང་འཛིན་ཀུན།། སྒྱུ་མ་རྨི་ལམ་ངོ་བོར་དངོས་མེད་རྟོག་པ་སེལ།། སྐྱེ་འཇིག་ལམ་པའི་སེམས་ཅན་རོལ་པ་སྒྱུ་མའི་ངང། ། བསྐྱེད་རིམ་ཁམས་དང་སྐྱེ་མཆེད་སྒྱུ་མ་ལ།། འཆི་བ་ཁམས་དང་སྐྱེ་མཆེད་རྫོགས་རིམ་མོ།། བསྐྱེད་རྫོགས་ཟུང་འཇུག་ཡེ་ཤེས་སྒྱུ་མའི་འོད།། རང་རིག་སངས་རྒྱས་ངོ་བོ་ལ།། རྟོག་གེའི་ཡུལ་མིན་བཀའ་འདི་བསྟན། ། ལམ་པ་རང་རིག་སྤྲུལ་སྐུ་ཐུགས་རྗེ་ངང།། ཆོས་ཉིད་བར་དེ་ཆོས་སྐུ་ཁྱབ་བདལ་ལ།། ཡེ་ཤེས་རྟོགས་པར་ཤར་བ་ལོངས་སྤྱོད་སྐུ།། གར་ཡང་གྱུར་ཡང་རོལ་སྣང་སྒྱུ་མའི་ངང།། འཁོར་བའི་རྣམ་སྤྲུལ་སྐུ་གསུམ་སྒྱུ་མ་རོལ་པའི་རྩལ། ། དཔེར་ན་སྒྱུ་མ་མཁན་གྱིས་ཅིར་སྤྲུལ་ཡང།། དངོས་སུ་མ་གྲུབ་སྟོང་ཉིད་སྒྱུ་མའི་ངང།། སྒྱུ་མ་མཁན་གྱི་རོལ་པའི་རྩལ་དུ་ཤར།། འཁོར་འདས་དབྱེར་མེད་སྐུ་གསུམ་རོལ་པའི་རྒྱན། ། ཞེས་སེང་གེ་སྒྲའི་དགོངས་པ་ལས། སྒྱུ་མའི་ཡེ་ཤེས་ཀྱིས་རྟོག་འཛིན་དེས་གཅད་པའི་ལེའུ་སྟེ་བདུན་ཅུ་པའོ།།།། ཀྱེ། བཅོམ་ལྡན་ཐུགས་རྗེ་ཐབས་ཀྱི་བདག། ལམ་པའི་རྣལ་འབྱོར་སྐལ་ལྡན་མ། ། ཉམས་སུ་བླངས་ན་ཇི་ལྟ་བུ།། མ་བླངས་སྐྱོན་ནི་གང་ལྟར་ལགས།། བཀའ་སྩལ་པ། རང་བྱུང་ཡེ་ཤེས་གནས་ལུགས་ལ།། རྟོགས་པས་ཉམས་སུ་མ་བླངས་ན།། ལམ་ལ་གནས་པའི་གང་ཟག་ནི།། སྐུ་གསུམ་ལྷུན་གྲུབ་ཡིན་མོད་ཀྱང། ། ད་རུང་ཡེ་ཤེས་རྩལ་མ་རྫོགས།། བག་ཆགས་སྦུབས་སུ་ཡང་བརྒྱུད་སྲིད།། གང་ཟག་རྩོལ་བས་མི་སྒྲུབ་ན།། རྟོགས་པའི་ཚིག་ལ་འཆེལ་བ་ནི།། དཔེར་ན་རྒྱལ་པོའི་དཀོར་མཛོད་ལ། ། དབུལ་པོས་བསྔོས་ཀྱིན་བཏབ་ཀྱང་ནི།། འབྱོར་པའི་ལོངས་སྤྱོད་ཐོབ་མི་འགྱུར།། དེ་བཞིན་ཡེ་ཤེས་བཞི་ཡི་དོན།། བརྩོན་པས་ཉམས་སུ་མ་བླངས་ན།། ཡེ་ཤེས་མཁྱེན་པ་རྩལ་མི་རྫོགས།། སྐུ་གསུམ་སྦུབས་ལ་ཞ་བར་འགྱུར། ། ཡེ་ཤེས་གཟུང་འཛིན་ངང་ལ་ཡལ།། ངེས་པའི་འབྲས་བུ་མི་ཐོབ་པས།། མ་རིག་མཚང་ཅན་སྐྱར་ལ་གདོན།། གཟུང་འཛིན་སྨྱོན་པ་ལམ་དུ་གཟུང།། གཞོན་ནུ་རིག་པ་གདོང་ལ་བལྟ།། ཡུལ་དང་གཟུང་འཛིན་སྡོང་ཐུག་ཡ་ང་བྲལ། ། ལུས་ངག་ཡིད་གསུམ་འདོད་ཡོན་ལྔས་མི་གཡེང།། རྣམ་ཤེས་ལྔ་ནི་དུག་ལྔའི་དབང་མི་གཏང།། འདུས་བྱས་ཁ་འཛིན་བྱ་བ་གཏང།། ཐོས་ཕྲོས་འགྱུ་བྱེད་བཙོན་རར་གཟུང།། དངོས་ཀྱི་རྟོག་བཅས་དགེ་སྡིག་ལམ་དུ་མི་བྱ་ཞིང།། བདེན་དང་རྟག་པའི་ངོ་བོ་སྟོང་ཉིད་མི་སྒོམ་སྟེ།། རྩོལ་བས་འཆིང་བའི་དོན་ལ་སྦྱོར་བ་མ་ཡིན་པས།། ཆོས་སྐུ་མཚན་མར་མི་ལྟ་བར།། རྣལ་འབྱོར་ཟག་མེད་ཤེས་རབ་ཀྱིས། ། ནམ་མཁའ་བཞིན་དུ་དངོས་བྲལ་ལྟ།། རང་རིག་ཉམས་སུ་ལེན་པ་ནི།། ཡེ་ཤེས་རང་བཞིན་འགག་མེད་ལ།། རང་སྣང་རང་ཤར་གཟུང་འཛིན་བྲལ།། མེ་ལོང་གཟུགས་བརྙན་ལྟར་དུ་སྤྲད། ། རྟོག་པས་ཉམས་སུ་བླང་པ་ནི།། བྱ་བྲལ་ལྷུན་རྫོགས་གཤོག་རྒྱངས་འདྲ།། རང་རིག་རང་གསལ་ངང་ལ་གནས།། དགོངས་པ་ཡེ་ཤེས་ཉམས་ལེན་ནི།། དཔེར་ན་ཆུ་བོ་གདྒཱ་བཞིན།། རྒྱུན་གྱི་ངང་ལ་ཉམས་སུ་བླང། ། འབྲས་བུ་ལ་ཟློས་ཉམས་ལེན་ནི།། ཉི་མའི་འོད་ཟེར་ཤར་བ་བཞིན།། སྐུ་གསུམ་འབྲལ་མེད་ངང་ལ་བླང།། རྣལ་འབྱོར་ལམ་གྱི་ཉམས་ལེན་ནི།། ཤེས་རབ་ཆེན་པོ་དོན་ལས་ནི།། དགོངས་པ་མ་ཡེངས་ཉམས་སུ་བླང། ། རྣལ་འབྱོར་ལུས་ཀྱི་ཉམས་བླང་བ།། དང་པོར་དབེན་པར་སེམས་གཟུང་ནས།། རྟོགས་ནས་རིག་པའི་རྩལ་སྦྱང་སྟེ།། ངེས་ཤེས་རྟོགས་པ་ཤར་ན་གཉིས་མེད་སྤྱོད་པ་བྱ།། ཞེས་སེང་གེ་སྒྲ་དགོངས་པའི་རྒྱུད་ལས། ཉམས་སུ་ལོང་ཞིག་པར་གདམས་པའི་ལེའུ་སྟེ་དོན་གཅིག་པའོ།།།། ཀྱེ། བཅོམ་ལྡན་ཐུགས་རྗེ་ཐབས་ཀྱི་བདག། ཉམས་སུ་བླང་བའི་གང་ཟག་རྣམས།། ཅིག་ཅར་རྟོགས་སམ་རིམ་གྱིས་བགྲོད།། རྩོལ་བས་གྲུབ་བམ་བཙལ་མེད་ཤར།། བཀའ་སྩལ་པ། ཨ་ཏི་ཅིག་ཅར་རྟོགས་པའི་དགོངས་པ་ཡང།། ཡིན་དོན་ཅིག་ཅར་རིག་པའི་དོན།། གོ་རྟོགས་དུས་གྲོལ་དུས་སུ་རིམ་གྱིས་དཔྱད།། དབང་པོ་བག་ཆགས་ལུས་འདི་གཅུད་ལ་སྒྲིལ། ། དབང་པོ་རང་ཡན་བཀུག་པས་རྟོགས་གྲོལ་བདེ་བ་ལུས་ལ་འཆར།། བར་དུ་གསེངས་ལ་ཤེས་རིག་ངང་ལ་གཅུ།། དེ་ལུས་ངག་གི་བྱིན་རླབས་ནུས་པ་སྐྱེས།། ཐ་མ་ཤེས་པ་གློད་ལ་འགྱུ་བ་རང་ཡན་གཏང། ། གཟུང་འཛིན་གཅུད་ལ་བོར་བས་རིག་པ་རང་གསལ་འཆར།། ཤར་བའི་ཚེ་ན་ལྷག་དེ་རང་དགར་མཐོང།། ལྷག་གེ་ས་ལེ་ངང་ལ་འབྲལ་མེད་བྱ།། འདི་ནི་ཡེ་ཤེས་རང་ཡན་བདེ་བ་ཆེན་པོའི་ཀློང། ། རང་བྱུང་ཡེ་ཤེས་ཆོས་སུ་གཞི་བཞེངས་ལ།། ལྟ་བ་རྟོགས་པས་འདི་ལ་ཅི་ཞིག་ལྟ།། རིག་པ་འོད་གསལ་ལམ་དུ་ཤར་བ་ལ།། སྒོམ་པའི་སེམས་འཛིན་འདི་ལ་ཅི་ཞིག་སྒོམ།། ཀུན་ཏུ་བཟང་པོ་དོགས་པ་མེད་དབྱིངས་ལ། ། རིག་པའི་རྒྱལ་པོའི་ངང་ལ་རང་གྲོལ་ཐབས།། སྤྱོད་པ་དཀའ་ཐུབ་འདི་ལ་ཅི་ཞིག་བྱ།། སྙིང་པོ་སྐུ་གསུམ་ལྷུན་གྲུབ་རང་ཆས་ཁྱབ།། རྩོལ་བས་བགྲོད་ནས་འབྲས་བུ་ཅི་ཞིག་ཚོལ།། དགོངས་པས་མཚན་མ་རང་གྲོལ་ཏེ། ། ཉམས་ལ་དུས་མི་འགྱུར་ཡང་སྣང་བ་འགྱུར།། བདེ་ཆེན་ཡེ་ཤེས་ཤར་བའི་དྲོད་ཚད་ཡིན།། ཆོས་སྐུ་ཡེ་ཤེས་སྒོ་ལྔ་རང་ཤར་ལ།། སྣང་བ་ངོ་བོར་དག་པས་རྩལ་སྣང་རང་གྲོལ་ལོ།། དགོངས་པ་རང་ལ་ཤར་བས་ཤེས་རབ་རྒྱུན། ། བག་ཆགས་བག་ལ་ཞ་བས་སྒྲིབ་མེད་ལུང།། སྣང་བ་རྣམ་དག་གཞི་སྣང་ཆེན་པོ་ལ།། རང་བྱུང་སྐུ་གསུམ་བྱས་པའི་ཆོས་མ་ཡིན།། འོད་གསལ་སྒྲིབ་མེད་རྟོག་པ་མེད།། སྐུ་གསུམ་རང་ལ་རྫོགས་པས་འབྲས་བུ་རྩོལ་བ་མེད། ། སྙིང་པོ་ནང་གསལ་ཆོས་སྐུའི་སྣང་བ་ལ།། སྒོ་ལྔ་འོད་གསལ་ལོངས་སྐུ་ཡུལ་སྣང་ངོ།། སྤྲུལ་པའི་སྣང་བ་ཡེ་ཤེས་ཟང་ཐལ་ཏེ།། ཤར་བ་ཐམས་ཅད་སྒྲིབ་མེད་ཡེ་ཤེས་བཀྲག། སྣང་བ་ཐམས་ཅད་དངོས་མེད་འོད་གསལ་གདངས།། ཉམས་ལེན་ཐམས་ཅད་མ་བཅོས་འོད་གསལ་ངང།། རྟོག་པ་ཐམས་ཅད་ཟང་ཐལ་ནམ་མཁའི་མཐའ།། ལུས་ངག་སྤྱོད་པ་རང་ཤུགས་བར་སྣང་རླུང། ། ཡོན་ཏན་ཐམས་ཅད་མ་བཙལ་རྒྱ་མཚོའི་རླབས།། འབྲས་བུ་སྒྲུབ་མེད་ཡེ་ཤེས་ཉི་མའི་དཀྱིལ།། འཁོར་བ་རང་གྲོལ་བྱང་ཆུབ་རིན་ཆེན་གླིང།། རྟོགས་ལྡན་དོན་ལ་ཇི་ལྟར་སྤྱད་ཀྱང་སྙིང་པོའི་དོན། ། འཁོར་འདས་ཐམས་ཅད་ཆོས་སྐུ་འགག་མེད་རྩལ།། འོན་ཀྱང་གཟུང་འཛིན་རྟག་པར་ལྟ་བས་འཁོར་བར་འཆིང།། སེང་གེ་སྒྲ་ལས། དགོངས་པ་བཅའ་བའི་ལེའུ་སྟེ་དོན་གཉིས་པའོ།།།། ཀྱེ། བཅོམ་ལྡན་ཐུགས་རྗེ་ཐབས་ཀྱི་བདག། དུས་བཞི་མཉམ་པར་ཇི་ལྟར་སྦྱར།། བཀའ་སྩལ་པ། རིག་པ་ལྟ་བུ་བག་ཆགས་སྦུབས་ན་གསལ་དུས་སུ།། ཆོས་སྐུ་བག་ཆགས་སྦུབས་ན་འཐུམས་ཞེས་བྱ།། ལོངས་སྐུ་ཙིཏྟ་དཔལ་བེའུའི་ནང་གསལ་བ། ། སྤྲུལ་སྐུ་འདོད་པའི་སྒོ་གསུམ་རང་གྲོལ་ཡང།། སྐུ་གསུམ་གདངས་ཀྱི་འོད་གསལ་སྒོ་ལྔར་ཟང་ཐལ་ཤར།། ཤར་བ་གསལ་བ་ངོ་མ་ཤེས་པས་སྒྲིབ་པ་བྱུང།། ཟང་ཐལ་ངོ་མ་ཤེས་པས་རྟོག་པར་བཟུང། ། རང་གྲོལ་ངོ་མ་ཤེས་པས་སྡུག་བསྔལ་རྒྱུད་ལ་བསགས།། སྙིང་པོ་ཡེ་ཤེས་གསལ་བའི་གནད་ཀྱིས་སྒྲིབ་པ་མེད།། ཐུགས་ཀྱི་རྩལ་རྫོགས་སྣང་བ་ཟང་ཐལ་འཁྲུལ་པ་མེད།། སྐུ་ཡི་རྩལ་རྫོགས་ལོངས་སྐུ་ངོ་བོར་ཤར། ། རང་གྲོལ་འོད་གསལ་ཤར་བས་སྡུག་བསྔལ་གདུང་བ་གྲོལ།། ངོ་བོ་འགྱུར་མེད་ཆོས་སྐུ་རང་ས་ཟིན།། འོད་གསལ་རང་ལ་ཤར་བས་སྒྲིབ་པ་ཡོངས་སུ་དག། དེ་ཡི་དུས་སུ་དུས་བཞི་མཉམ་པར་ཉམས་སུ་བླངས་པ་ནི། ། དབང་པོ་གནས་སྡུད་ཕྱི་སྒོ་གཅད་པའི་དུས།། དེ་མཚོན་རང་གྲོལ་རང་རིག་རྟོགས།། ཤེས་བྱ་བུམ་འཇུག་ཡེ་ཤེས་ནང་གསལ་དུས།། བྱིང་རྨུགས་གཏི་མུག་ཡེ་ཤེས་ངང་ལ་བཟླ།། རིག་པ་རང་གསལ་ཡེ་ཤེས་ནང་སྒོ་འབྱེད་པའི་དུས། ། ཡེ་ཤེས་རང་སྣང་རང་རྩལ་ཕྱལ་བར་མི་གཏོང་བ།། སྣང་བ་རྒྱ་ཡན་རྟོགས་གསལ་ཟང་ཐལ་དུས།། འཁྲུལ་རྟོག་ཡེ་ཤེས་ངོ་བོར་ཤར་བས་ཞེན་པའི་སྐྱོན་ཡང་བསལ། ། ཉིན་མཚན་ཁ་སྦྱོར་ཆུ་བོ་རྒྱན་གྱི་གནས།། འཁྲུལ་པ་གཟུང་འཛིན་ངོ་བོར་མཐའ་གྲོལ་བའོ།། མཚན་མོ་གཏི་མུག་ཡིད་ལུས་ལ།། འཁྲུལ་པ་ཡིད་འཁྲུལ་རྨི་ལམ་དུས།། མཐོང་སྣང་རིག་བྱེད་རང་སྣང་རང་གྲོལ་གཅེས། ། དེ་དོན་མ་རྟོགས་རི་དྭགས་སྨིག་རྒྱུ་འདེད་པ་འདྲ།། འཁྲུལ་པ་ད་ལྟ་ཤ་ཁྲག་ལུས་འདི་ལ།། ཡེ་ཤེས་རང་ཤར་སྣང་བ་རང་གྲོལ་གཅེས།། དེ་དོན་མ་རྟོགས་རྟོག་གེ་ཆོས་རྣམས་སྤྱོད་པ་ནི།། བྱེ་རྫབ་འདབ་རྫབ་བསྣན་དང་འདྲ་སྟེ་སྐམ་དུས་མེད། ། བར་དུ་འོད་གསལ་ལུས་ལ་ནི།། འོད་གསལ་རྟོགས་པའི་གཟེར་མེད་ན།། དམུས་ལོང་ཐང་ལ་གཅོད་པ་འདྲ།། བག་ཆགས་ལེ་ལོ་ཐིབས་ནོན་ནས། ། ཕྱིན་པའི་ཡུལ་མེད་སྲིད་པའི་བར་དོར་འཁྱམས་པར་འགྱུར།། ཞེས་སེང་གེ་སྒྲའི་དགོངས་པ་ལས། དུས་བཞི་མཉམ་པར་དགོངས་པ་སྦྱོར་བའི་ལེའུ་སྟེ་དོན་གསུམ་པའོ།།།། ཀྱེ། བཅོམ་ལྡན་ཐུགས་རྗེ་ཐབས་ཀྱི་བདག། དགོངས་པ་དུས་བཞི་མཉམ་པར་སྦྱར་བྱས་ནས།། དགོངས་པ་ཉམས་ཀྱི་དྲོད་རྟགས་ཇི་ལྟར་འབྱུང།། བཀའ་སྩལ་པ། རྣལ་འབྱོར་སྐུ་གསུམ་ཇི་ལྟར་ཡིད་ཆེས་ང།། སེམས་ཅན་དུས་ན་སངས་རྒྱས་དགོངས་པར་ཤར། ། འཁོར་བའི་བློ་ལ་འཁྲུལ་པ་རང་ངོར་ལོག། དུས་ལ་འགྱུ་བ་མེད་ཀྱང་ཡེ་ཤེས་སྣང་བ་འཆར།། འཁྲུལ་པ་ང་བདག་སྣང་བ་ངོ་བོར་ཟད།། འཇིག་རྟེན་གནས་ཀྱང་ཀུན་ཏུ་འོད་ཀྱི་ས་ནོན་ཏེ། ། འཁྲུལ་པའི་སྡུག་བསྔལ་བདེ་བ་ཆེན་པོར་གྲོལ།། མངོན་ཤེས་ཕྲ་མོ་མེད་ཀྱང་ཐམས་ཅད་མཁྱེན་པའི་ཤེས་རབ་ཤར།། འཁྲུལ་པ་རང་དག་འཁོར་བ་རྒྱུན་ཆད་དོ།། དེར་བརྡ་དོན་སྤྲད་པས་རང་ངོ་ཤེས།། འགྲོ་དོན་ལས་ལ་མཚམས་མི་སྦྱོར། ། མ་རིག་དབྱིངས་སུ་དག་ནས་མཁྱེན་པའི་འཆར་སྒོ་བྱེ།། སྐུ་གསུམ་སྙིང་པོ་འགྱུར་མེད་པས།། འཛིན་རྟོག་ཟང་ཐལ་ཤར་བས་རྫུ་འཕྲུལ་མངོན་ཤེས་ལྡན།། ཕྱི་ཡི་སྣང་བ་དག་སྣང་འགྲོ་དྲུག་སྒྱུ་མར་གྲོལ། ། འགྲོ་དྲུག་སྐྱེ་གནས་འཁོར་བའི་སྒོ་ཡང་འགགས།། ཐུགས་རྗེ་འོད་དུ་གསལ་བས་འགྱུ་བྱེད་རྟོག་སྒྲིབ་དག། འཁོར་བ་སྐྱེ་བའི་རྐྱེན་མེད་མངོན་སངས་རྒྱས།། ཆོས་སྐུ་རང་ངོ་ཤེས་པས་རྟོགས་པའི་ཡུལ་ལ་ཤེས་རབ་ཤར། ། མ་རིག་རིག་པར་དག་པས་མཁྱེན་པའི་ཡེ་ཤེས་ཐོབ།། ཐུགས་རྗེ་ཟེར་དུ་འཕྲོ་བས་རྫུ་འཕྲུལ་རྩལ་ཡང་རྫོགས།། ལོངས་སྐུ་རང་ལ་ཤར་བས་ཡེ་ཤེས་ངང་ལ་གསལ།། ཐུགས་ཀྱི་རྩལ་རྫོགས་མཁྱེན་པ་གསུམ་ཡང་ཤར། ། འགག་མེད་གསུང་གི་རྩལ་རྫོགས་ཆོས་རྣམས་ཐོགས་མེད་མཁྱེན།། རྣལ་འབྱོར་ལམ་གྱི་དྲོད་ཚད་མཐའ་རུ་སྐྱོལ།། ཞེས་སེང་གེ་སྒྲ་ལས། རྣལ་འབྱོར་དྲོད་ཚད་བསྟན་པའི་ལེའུ་སྟེ་དོན་བཞི་པའོ། །།། ཀྱེ། བཅོམ་ལྡན་ཐུགས་རྗེ་ཐབས་ཀྱི་བདག། ཉམས་སུ་བླང་དུས་ཇི་ལྟར་ལགས།། བཀའ་སྩལ་པ། རྣལ་འབྱོར་ཉམས་སུ་ལེན་དུས་ལྔ།། ད་ལྟ་འཁྲུལ་བའི་སྣང་བ་ལ།། རང་སྣང་ཡེ་ཤེས་ལམ་དུ་བཅར། ། ཐུན་མོང་ཏིང་འཛིན་གསལ་བ་ལས།། ཡེ་ཤེས་རང་ཤར་ལམ་དུ་བཅར།། རྨི་ལམ་སྣང་བ་ཉིང་འཁྲུལ་ལ།། ཡེ་ཤེས་སྒྱུ་མས་ཡེ་ཤེས་སྒྱུ་མ་བལྟ།། ཆོས་ཉིད་བར་དོ་དག་པའི་སྣང་བ་ལ།། སངས་རྒྱས་བདེན་པའི་རང་ས་དེ་ལྟར་གཟུང། ། དེར་མཁྱེན་པའི་གསལ་མ་ཐེབས་ན།། བློ་དམན་སྲིད་པའི་བར་དོར་ཡེ་ཤེས་སྤོངས་གདབ་བྱ།། རྟོགས་པ་ཐ་མ་སྐྱེ་བ་རྒྱུད་ལས་གྲོལ་བར་འགྱུར།། ཡེ་ཤེས་རང་སྣང་ལམ་དུ་བྱེད་པ་ནི། ། འདུག་ཡང་ཆོས་ཉིད་གདངས་ལས་མ་གཡོས་ལ།། འགྲོ་ཡང་ཡེ་ཤེས་རང་གདངས་རང་སྣང་མ་འགགས་ཏེ།། ཉི་མ་མེར་མ་རང་སྣང་གདངས་དང་ཆས་ནས་འགྲོ་བ་བཞིན།། ཉལ་ཡང་རིག་པའི་ངང་ལས་མ་གཡོས་ཀློང། ། ནང་ནུབ་རིག་པ་ཟང་ཐལ་རྩལ་གྱི་ངང་ལ་འདུག། གཟུང་འཛིན་ཕྲ་རགས་དངོས་མེད་རང་ངོ་གྲོལ།། མཚན་མ་རང་སར་གྲོལ་བ་ཡེ་ཤེས་རྣལ་འབྱོར་ཆེ།། སྤྱོད་ལམ་རྣམ་བཞི་ཅི་སྤྱད་ཀྱང། ། ཡེ་ཤེས་གདངས་ལས་མི་འདའ་ཞིང།། ཆོས་ཉིད་ངང་ལས་མ་གཡོས་པས།། བྱ་གར་འཕུར་མཁའ་ལས་མི་འདའ་ལྟར།། རྟོགས་ལྡན་རྣལ་འབྱོར་ངང་ལས་གཡོས་པ་མེད།། ཅེས་སེང་གེ་སྒྲའི་དགོངས་པ་ལས། རྣལ་འབྱོར་ཉམས་མྱོང་དུས་བསྟན་པའི་ལེའུ་སྟེ་དོན་ལྔ་པའོ།།།། ཀྱེ། བཅོམ་ལྡན་ཐུགས་རྗེ་ཐབས་ཀྱི་བདག། རྣལ་འབྱོར་ལམ་གྱི་རྣམ་གཞག་ཏུ།། སྐུ་གསུམ་དང་པོ་ཡེ་ཤེས་རྩལ་དུ་གང་ལས་བྱུང། ། གནས་དང་གྲོལ་བའི་རིམ་པ་ཇི་ལྟར་ལགས།། བཀའ་སྩལ་པ། ཐོག་མ་རང་རིག་ཆོས་སྐུ་ངོ་བོ་ལས།། ཡེ་ཤེས་རྩལ་ལྔ་ཐོག་མ་གང་ལས་ཤར།། འདི་ཉིད་རིགས་ཀྱི་བུ་ཡིས་ངེས་པར་ཟུང།། ཤེས་རབ་རྩལ་ནི་མ་བཙལ་རང་ཤར་ཏེ། ། དང་པོ་བྱུང་ཡང་སྐུ་གསུམ་རྩལ་ལས་བྱུང།། བར་དུ་གནས་ཡང་ཤེས་རབ་རྩལ་ལ་གནས།། ཐ་མ་གྲོལ་ཡང་འདུས་ཐིམ་སྐུ་གསུམ་ངང་དུ་གྲོལ།། མ་བཙལ་རང་ཤར་ལྔ་ཉིད་བཤད་པ་ནི། ། རིག་པ་ཆོས་ཉིད་སྟོང་པ་དང།། དེ་ཉིད་འགག་པ་མེད་པ་དང།། དེ་གཉིས་དབྱེ་བ་མེད་པ་དང།། དེ་ལྟར་ཤེས་པའི་ཤེས་རབ་དང།། དེ་ལས་ཐོགས་མེད་འོད་ཟེར་ལྔ།། དེ་ལྔ་མཚན་ཉིད་འཛིན་པའི་ཡེ་ཤེས་ལྔ་ཤར་རོ། ། ཡེ་ཤེས་ལྔ་ནི་འོད་ལྔར་ཤར་བ་ཡིན།། འོད་ལྔ་རིགས་ལྔ་ལོངས་སྐུ་ལྔར་ཤར་རོ།། རིགས་ལྔ་དབྱིངས་ལ་ཡུམ་ལྔ་མ་འགགས་ཤར།། ཡབ་ཡུམ་སེམས་དཔའ་སེམས་མ་མ་འགགས་ཏེ།། སེམས་དཔའ་སེམས་མ་དབང་པོ་མ་འགགས་པ། ། དེ་ནི་ཡེ་ཤེས་རང་ཤར་དགོངས་པའོ།། རང་ཤར་རང་སྣང་གཞན་སྣང་རྟོག་པ་དེ་ལ་མེད།། དེ་ལྟར་འབྱུང་ལྔ་ཕུང་པོ་སྒོ་ལྔ་དང།། རིག་པ་འོད་གསལ་དབྱེར་མེད་རྩལ་གྱི་གདངས་ལས་ཤར། ། དེ་ཉིད་ཡེ་ཤེས་གདངས་སུ་རྟོགས་པ་ནི།། བླ་མས་གདམས་ངག་རྐྱེན་གྱིས་སྣང་བས་ན།། འོད་ཀྱང་དོན་ཤེས་གནས་འགྱུར་མ་ཡིན་ཏེ།། དཔེར་ན་ཁང་ཁྱིམ་ནང་གི་ནམ་མཁའ་ནི།། སྒྲིབ་བྱེད་ར་བས་བཅད་གྱུར་ཀྱང། ། མཐོངས་ཀྱི་ནང་ན་ཟང་ཐལ་ནམ་མཁའ་དབྱེར་མེད་དོ།། དེ་བཞིན་སེམས་ཅན་བག་ཆགས་སྦུབས་ཀྱིས་བཅད་མོད་ཀྱང།། དོན་གྱི་ཡེ་ཤེས་སྒོ་ལྔ་ཟང་ཐལ་ཤར།། རྟོག་པའི་ཡེ་ཤེས་སྒྲིབ་མེད་ཟང་ཐལ་ལོ། ། དེ་ཕྱིར་རྣལ་འབྱོར་སྐུ་གསུམ་ཡིན་པའི་ངང་ལས་བདག་མེད་དོ།། དེ་ཡི་ངང་ལ་དུས་གསུམ་སངས་རྒྱས་ཐམས་ཅད་བཞུགས།། འབྱེད་མེད་གསལ་བ་ཤེས་རབ་རྟོགས་པ་མེད།། དེ་ཡི་ཆོས་སྐུ་རིག་པའི་རང་ས་ཟིན། ། སྟོང་ཉིད་རྡོ་རྗེ་ལྟ་བུའི་སྐུ་ཐོབ་པ།། ལོངས་སྐུ་དེ་ལས་འགག་མེད་ཐུགས་རྗེ་ཤར།། སྤྲུལ་སྐུ་ཐུགས་རྗེ་ཡེ་ཤེས་དབྱིངས་ཀྱི་མངལ་སྡུད་ཅེས།། སེང་གེ་སྒྲའི་དགོངས་པའི་རྒྱུད་ལས། ཐོག་མ་ཡེ་ཤེས་ཀྱི་རྩལ་གང་ལས་བྱུང་བ་དང། བར་དུ་སངས་རྒྱས་སེམས་ཅན་ཇི་ལྟར་གནས་པའི་ལེའུ་སྟེ་དོན་དྲུག་པའོ།།།། ཀྱེ། བཅོམ་ལྡན་ཐུགས་རྗེ་ཐབས་ཀྱི་བདག། དང་པོ་བྱུང་ཡང་ཡེ་ཤེས་རྩལ་ལས་བྱུང། ། ཐ་མ་ཡེ་ཤེས་དབྱིངས་སུ་ཇི་ལྟར་སྡུད་ཅེ་ན།། བཀའ་སྩལ་པ། ལོངས་སྣང་སྤྲུལ་པའི་ཞིང་ཁམས་འགྲོ་དྲུག་ནས།། འདོད་པའི་ཡོན་ཏན་ཡུལ་ལྔ་ཡང།། སྒོ་ལྔ་དབང་པོ་ལྔ་ཡི་ངང་དུ་གྲོལ།། སེམས་དཔའ་སེམས་མ་སྒོ་ལྔ་དེ། ། སྐུ་ལྔ་ཕུང་པོ་ལྔ་དང་ཡུལ་ལྔ་འབྱུང་བ་ལྔ་ལ་གྲོལ།། རིགས་ལྔ་འོད་ལྔ་ཡེ་ཤེས་ལྔ་ཡི་ངང་དུ་གྲོལ།། ཡེ་ཤེས་ལྔ་ཡང་རིག་པའི་མཚན་ཉིད་ལྔ་ཡི་ངང་དུ་གྲོལ།། མཚན་ཉིད་ལྔ་ཡང་འཛིན་མེད་རིག་པའི་འོད་ལ་གྲོལ། ། དེ་ལ་དབང་པོ་གནས་སྡུད་དགོངས་པ་ཞེས་སུ་གསུངས།། དེ་ལས་གྲོལ་ནས་ངང་ལ་མ་གཡོས་པ།། ཆོས་ཉིད་ཆོས་སྐུ་དབྱེར་མེད་བུམ་པས་བྱ།། ཡེ་ཤེས་རང་རིག་མར་མེ་ལྟ་བུས་གསལ།། དེ་ལ་ཤེས་བྱ་བུམ་འཇུག་དགོངས་པ་ཞེས་སུ་བྱ། ། ཐམས་ཅད་བྱུང་ཡང་སྐུ་གསུམ་རང་ལས་བྱུང།། ཐམས་ཅད་སྣང་ཡང་རང་སྣང་ཐིམ་པ་རང་ལ་གྲོལ།། ཐམས་ཅད་གསལ་བ་རང་གསལ་ངོ་བོར་མཆེད།། ཐིམ་དང་གྲོལ་བ་ཡེ་ཤེས་ངང་དུ་སྡུད། ། དཔེར་ན་ནམ་མཁའ་སྤྲིན་དང་ཁུ་རླང་ཅི་བྱུང་ཡང།། ནམ་མཁའི་ངང་བྱུང་གནས་ཐིམ་ནམ་མཁའ་བཞིན།། སྐལ་ལྡན་རྣལ་འབྱོར་སྐུ་གསུམ་ངང་ནས་སྐུ་གསུམ་ཀློང་དུ་སྐྱེལ།། དབང་པོ་ཡ་རབ་གྱུར་པ་ལ། ། ཡེ་ནས་ཟང་ཐལ་ཆེན་པོ་བས།། བར་དོ་མེད་ཅིང་སྐད་ཅིག་མེད།། ད་ལྟ་ཉིད་དུ་ལུས་ངག་སྐུ་གསུམ་ཤར།། རང་བཞིན་དག་པའི་ནམ་མཁའ་ལ།། ཆོས་ཉིད་དག་པའི་ངོ་བོར་གནས།། དེ་ལ་སྣང་བ་ཟང་ཐལ་ཤར། ། རིག་པའི་ཡེ་ཤེས་ཕྱི་ནང་མེད།། མ་འགགས་གསལ་སྒོ་ཟང་ཐལ་འོད་གསལ་ལོ།། དཔེར་ན་ནམ་མཁའ་ཟང་ཐལ་ཕྱི་ནང་མེད་པ་ལ། ཁང་ཁྱིམ་ར་བར་བྱས་པས་ནམ་མཁའ་གུད་དུ་བཅད།། ཁང་ཁྱིམ་ནང་གི་ནམ་མཁའ་དང། ། རང་བཞིན་ཁྱབ་པའི་ནམ་མཁའ་གཉིས།། མཐོངས་ཀྱི་ནང་ན་གཉིས་མེད་སྒྲིབ་མེད་ཟང་ཐལ་ལྟར།། བག་ཆགས་ཤ་ཁྲག་སྦུབས་ཀྱི་རིག་པ་དང།། ཆོས་ཉིད་ཡེ་ཤེས་དབྱིངས་ཀྱི་རིག་པ་གཉིས། ། ཡེ་ཤེས་སྒྲོན་མའི་སྒོ་ཡིས་མཚམས་སྦྱར་ནས།། ཡེ་ཤེས་ཟང་ཐལ་ཆེན་པོ་རྟོགས་པ་ཡིས།། བར་དོ་སྐྱེ་དང་འགག་མེད་པར།། ཐབས་མ་འགགས་པའི་ཡེ་ཤེས་དང།། ཤེས་རབ་འགྱུར་བ་མེད་པའི་ཆོས། ། རྟོགས་པའི་དོན་ཆེན་དེ་ལྡན་ན།། སེང་གེ་མཆོངས་ལྟར་ས་བཅད་པ།། རིན་ཆེན་སྦུབས་སུ་མ་བཙལ་ཆོད།། གདངས་ཀྱི་སྣང་བ་འོད་སྣང་ཤར།། མཁའ་འགྲོ་སྣང་བ་འཇའ་ཚོན་ལས།། ལོངས་སྐུ་ཚོམ་བུ་མཁྱེན་པ་རང་ལ་ཤར། ། ཆོས་ཉིད་སྣང་བ་ཆོས་སྐུ་བདལ་ཁྱབ་མཐོང།། རྩོལ་བས་རྟོགས་པར་རྫོགས་པར་མངོན་སངས་ཚེ་འདིར་རྒྱས།། སྣང་བ་རྒྱས་འདེབས་པ་དགོངས་པ་དེས་མཐར་སྐྱོལ།། ཞེས་སེང་གེ་སྒྲ་ཡི་དགོངས་པའི་རྒྱུད་ལས། སྐུ་གསུམ་རྩལ་གྱི་སྣང་བ་དབྱིངས་ཡེ་ཤེས་ལ་སྡུད་པར་བསྟན་པའི་ལེའུ་སྟེ་དོན་བདུན་པའོ།།།། ཀྱེ། བཅོམ་ལྡན་ཐུགས་རྗེ་ཐབས་ཀྱི་བདག། དངོས་གྲུབ་ཐོབ་པ་ཇི་ལྟར་གྲོལ། ། ལེ་ལོ་ཅན་གྱི་གང་ཟག་ལ།། བར་དོ་གྲོལ་བ་ཇི་ལྟར་ལགས།། བཀའ་སྩལ་པ། མཁའ་སྤྱོད་དངོས་གྲུབ་ཐོབ་པ་ནི།། ཡེ་ཤེས་སྒྱུ་མའི་སྣང་བ་ལ།། གཉིས་མེད་སྤྱོད་པས་མཁའ་སྤྱོད་གྲོལ།། བར་དོ་གྲོལ་བའི་གྲོལ་ལུགས་ལ། ། འཁྲུལ་པའི་སྣང་བ་ཇི་ལྟར་འགག། རང་ལ་ཤེས་པ་ཇི་ལྟར་འཇུག། འཆི་རྟགས་རིམ་པ་ཇི་ལྟར་འབྱུང།། ཡེ་ཤེས་སྣང་བ་ཇི་ལྟར་འཆར།། དབང་འབྲིང་གྲོལ་ལུགས་ཇི་ལྟར་ལགས།། བཀའ་སྩལ་པ། འཇིག་རྟེན་འཁྲུལ་པའི་སྣང་བ་འདི།། དང་པོ་རང་ལ་ཤར་བས་ན།། ཐ་མ་རང་གི་ངང་དུ་གྲོལ།། གཞན་སྣང་འཁྲུལ་པ་འགགས་དུས་སུ།། མཚན་མ་རང་སར་གྲོལ་གྱུར་པ།། འབྱུང་བའི་རང་རྩལ་བཞིར་འདུས་ཏེ། ། ཡུལ་ལྔ་སྒོ་ལྔའི་གནས་སུ་སྡུད།། སྒོ་ལྔ་འབྱུང་བ་ལྔ་ལ་སྡུད།། འབྱུང་ལྔ་ཡུམ་ལྔ་བུམ་པའི་དབྱིངས་སུ་སྡུད།། གཟུང་འཛིན་སེམས་རྟོག་ཡེ་ཤེས་ལྔ་ལ་སྡུད།། ཡེ་ཤེས་གཟུང་འཛིན་བྲལ་བའི་ངོ་བོ་ཆོས་ཀྱི་སྐུ། ཁ་དོག་སྣ་ཚོགས་འབར་བ་རང་གདངས་འོད་དུ་འདུས། ། མཁའ་ལ་འཇའ་ཚོན་གསལ་བ་ལྟ་བུ་དེ།། ཡེ་ཤེས་གསལ་བ་མཐའ་དབུས་མེད་པར་ཁྱབ།། དེ་ཚེ་རིན་ཆེན་ཉི་ཟླ་ཁ་སྦྱོར་ཀློང་ན་བཞུགས།། འབྱེད་མེད་ཤེས་རབ་ཡེ་ཤེས་ཀློང་དྲིལ་ནས། ། སྐད་ཅིག་དང་པོ་བག་ཆགས་སྦུབས་ན་གནས་དུས་སོ།། རིག་པ་འོད་ལ་འཇུག་པ་བསྟན་པ་ནི།། དྭངས་མ་འབྱུང་བ་རྣམ་པ་ལྔ།། ཆོས་ཉིད་སྙིང་པོའི་འོད་ལ་ཤར།། ཕྱི་ཡི་སྣང་བའི་འབྱུང་བ་ལྔ། ། མི་སྣང་རང་རང་ངང་དུ་ཐིམ།། རིན་ཆེན་རྩ་ནས་རིག་པ་ནི།། འོད་ལ་སྒྲོན་མར་ཞུགས་ནས་ཀྱང།། བག་ཆགས་སྦུབས་ནི་ཟླ་བ་ལྟ་བུ་ནས།། ཆོས་ཉིད་ནམ་མཁའི་དབྱིངས་ལ་ནི།། རང་བཞིན་དཀྱིལ་འཁོར་ཉི་མ་ལྟ་བུར་འཕོ། ། ཡེ་ཤེས་རང་ས་རྟོགས་པའི་ཤེས་རབ་ཀྱིས།། ཀུན་ཏུ་འོད་ལ་སྐུ་གསུམ་མཐར་བསྐྱལ་གཅེས།། ཉི་ཟླ་ཁ་སྦྱོར་གདམས་པ་རྟོགས་པར་བྱ།། སེང་གེ་སྒྲ་ལས། སྣང་བ་འགགས་པ་དང་རིག་པ་སྒྲོན་མར་འཇུག་པའི་ལེའུ་སྟེ་དོན་བརྒྱད་པའོ། །།། ཀྱེ། བཅོམ་ལྡན་ཐུགས་རྗེ་ཐབས་ཀྱི་བདག། བག་ཆགས་ཤ་ཁྲག་སྦུབས་ནས་ནི།། ཡེ་ཤེས་སྦུབས་སུ་འཕོ་བ་ལ།། རྟགས་ཀྱི་རིམ་པ་ཇི་ལྟར་ལགས།། བཀའ་སྩལ་པ། ལུས་ཀྱི་འབྱུང་བ་ཐིམ་ཞིང་འདུ།། ས་ཉིད་ས་ཐིམ་འདེགས་པའི་རྩལ་ཉམས་ཏེ།། ལུས་ལྕི་ཤེས་པ་ཐིམ་པ་ཡིན།། དེ་ནས་ཆུ་ལ་ཆུ་ཐིམ་སྟེ།། སྡུད་པའི་ནུས་ཉམས་ཁ་སྣ་སྐམ་ལ་མེད།། མེ་ལ་མེ་ཐིམ་དྲོད་ཉམས་པ། ། ལུས་ཀྱི་དྲོད་འཕོ་རྐང་པ་གྲང།། རླུང་ལ་རླུང་ཐིམ་གཡོ་བའི་ནུས་པ་ཉམས།། ལུས་ཀྱི་ཤེས་པ་རྡིབ་ཅིང་སྐྱོད་པའི་ནུས་པ་ཉམས།། རྣམ་ཤེས་ནམ་མཁར་ཐིམ་ནས་ཚོར་བ་བདེ་སྡུག་རྟོག་བྲལ་ལོ། ། འབྱུང་བ་ཐིམ་པས་འཁྲུལ་པ་འགག་པ་ནི།། འདེགས་པ་ས་ཡི་རླུང་ནི་ཚོགས་པ་ལ་གནས་ཏེ།། དེ་ཉིད་ཉམས་པས་འདེགས་པའི་ནུས་པ་མེད།། ཆུ་ཡི་རླུང་ནི་ལུས་ཀུན་བཀྲག་དང་གཟི་མདངས་གནས།། དེ་ཉམས་བཀྲག་དང་གཟི་ཉམས་མདངས་མེད་ལུས་ཕྲ་འདར། ། མེ་དང་མཉམ་རླུང་ཕོ་བར་གནས་ཏེ་དྲོད་འཆོར་ཟས་མི་འཇུ།། རླུང་གི་རླུང་ནི་སྟེང་སྒོ་འོག་སྒོར་གནས་བཅས་ནས།། དྭངས་སྙིགས་འབྱེད་དེ་ཐིག་ལེ་དྲི་ཆུ་མཆིལ་སྣབས་འདོར། ། དེ་ཉམས་ཤས་ལྗི་ཤེས་པ་བྱིང་ལ་མྱོས།། སྙིང་རྗེ་མེད་པ་ལས་ཀྱི་རླུང་ཞེས་པ།། འཁོར་རླུང་སྲོག་རྩ་གློ་ནས་རྒྱུ་བ་སྟེ།། སྲོག་འཛིན་ཡིན་པས་ཇི་སྲིད་གནས་པར་སྲོག་འཛིན་ནོ།། རྣམ་ཤེས་རིག་པ་ཡེ་ཤེས་རླུང། ། སྐྱོད་པ་ཙིཏྟ་སྒྲོན་མར་སྐྱོད་བྱེད་དོ།། འོད་ལམ་དར་སྐུད་རྩ་ནས་སྐྱོད།། རྟགས་ཀྱི་གསང་སྒོར་ཕྱིན་པ་དང།། དཔེར་ན་ཤར་རིར་ཉི་ཤར་བས།། འོད་ཉིད་ནུབ་རིར་འབྱུང་བ་ལྟར།། ཕྱི་ཡུལ་ཟེར་འོད་སྣང་བ་ནི། ། རིག་པ་ཡེ་ཤེས་སྒྲོན་མ་ནས།། ཆོས་ཉིད་ནམ་མཁའ་ཡུལ་གསལ་འོད།། ཡེ་ཤེས་འོད་ཟེར་ཟང་ཐལ་བ།། ཐུགས་རྗེ་འོད་ཀྱི་རྒྱུན་ལམ་འཆར།། རང་གི་གདངས་ལ་ཟེར་འཕྲོ་བ།། སྐར་མ་ལྟ་བུའི་སྣང་བའམ། ། སྲིན་བུ་མེ་ཁྱེར་དུ་བའམ།། འཇའ་འམ་སྨིག་སྒྱུ་ལྟ་བུར་ཟེར་ཕྲན་འཆར།། ཞེས་སེང་གེ་སྒྲ་ལས། འབྱུང་བ་རྟགས་ཀྱི་ལེའུ་སྟེ་དོན་དགུ་པའོ།།།། ཀྱེ། བཅོམ་ལྡན་ཐུགས་རྗེ་ཐབས་ཀྱི་བདག། འབྱུང་བའི་འཆི་རྟགས་ཤར་ནས་ནི།། དབང་པོ་སོ་སོ་སྣང་བ་ཡིན།། འཁྲུལ་པ་ཡུལ་སྣང་ཇི་ལྟར་འགག། ཡེ་ཤེས་ཞི་ལ་འབྲོས་པའི་རྟགས།། རླུང་རྣམས་རིམ་གྱིས་ཞི་གྱུར་ནས།། ལས་ཀྱི་རླུང་གིས་ཡེ་ཤེས་མཁའ་ལ་སྐྱོད། ། འཆི་བདག་རླུང་གི་གྲོང་ཁྱེར་ནས།། བདུད་ཀྱི་སོ་པ་ཆས་སམ་བརྟག། ལུས་ཀྱི་དབང་པོ་ས་ཡི་རླུང་འགགས་པས།། སྤྱོད་ལམ་རྣམས་འགག་ངོ་ཚ་བྲལ་བར་བྱེད།། ལྕེ་ཡི་དབང་པོ་རླུང་ཉམས་པས། ། ཟས་ཀྱི་རོ་ཡི་ཚོར་བ་འགག། སྣ་ཡི་དབང་པོ་མེ་ཡི་རླུང་ཉམས་པས།། དྲི་ཡང་ཚོར་བར་མི་འགྱུར་ལ།། དབུགས་ཀྱང་རབ་ཏུ་ཐུང་ཞིང་བརྩེགས།། རྣ་བའི་དབང་པོ་རླུང་ཉམས་པས།། སྒྲ་ཡང་མི་ཐོས་ལོག་སྒྲར་ཐོས། ། རྣམ་ཤེས་ནམ་མཁའི་རླུང་ཉམས་པས།། གཟུགས་འགག་མི་ངོ་ཤེས་པར་མི་འགྱུར་རོ།། འབྱུང་བ་ལྔ་ཡང་དྭངས་མ་ལྔ་ལ་འདུས།། དྭངས་མ་ལྔ་ཉིད་ལོངས་སྐུ་འོད་ལ་འདུ།། ས་ཡི་དྭངས་མ་ཉ་མིག་ཙམ། ། རྡོ་རྗེ་སེམས་དཔའ་འོད་ཟེར་དཀར་པོར་ཐིམ།། ཆུ་ཡི་དྭངས་མ་བྱེའུ་ལན་པའི་མགོ་ཙམ་ལ།། རིན་ཆེན་འབྱུང་ལྡན་འོད་ཟེར་སེར་པོར་ཐིམ།། དྲོད་ཀྱི་དྭངས་མ་མེ་ལོང་ཉིད་འོད་ཙམ།། སྣང་བ་མཐའ་ཡས་འོད་ཟེར་དམར་པོར་ཐིམ། ། རླུང་གི་དྭངས་མ་གསེར་ས་འོག་ངད་པ་ཙམ།། དོན་ཡོད་གྲུབ་པ་འོད་ཟེར་ལྗང་ཁུར་ཐིམ།། འབྱུང་བ་འོད་ལ་འདུས་ཏེ་རིགས་ལྔ་ཆོས་སྐུར་ཐིམ།། དེ་ནས་ཡེ་ཤེས་སྐུ་གསུམ་འཛིན་པའི་ཟེར་རླུང་དང། ། ལས་རླུང་འབྱུང་བ་སྲོག་འཛིན་སྙིང་རྗེ་མེད་པ་གཉིས།། ཐག་པ་ཟེར་དུ་ཆད་ནས་དབུགས་ནི་སྣ་སྒོར་འདས།། རིག་པ་ཆོས་སྐུ་སྒྲོན་མར་ཟེར་ཞོན་ནས།། སྒྲོན་མ་འོད་ཞོན་ཆོས་སྐུ་ཆོས་ཉིད་མཁའ་ལ་བསྐྱོད། ། གཅིག་སྐྱེ་གཅིག་འགག་ཡེ་ཤེས་སྣང་བ་འཕྲེང་བ་བརྒྱུད་པའི་ཚུལ།། དེ་ཚེ་ཆོས་ཉིད་ངོ་བོ་ཉིད།། རང་བཞིན་དག་པའི་ནམ་མཁའ་དང།། གཉིས་མེད་གཅིག་མེད་དོན་ཉིད་ཁྱབ་བདལ་ལོ། ། ཞེས་སེང་གེ་སྒྲའི་དགོངས་པ་ཉི་ཟླ་ཁ་སྦྱོར་ལས། སྣང་བ་འགག་པའི་ལེའུ་སྟེ་བརྒྱད་ཅུ་པའོ།།།། ཀྱེ། བཅོམ་ལྡན་ཐུགས་རྗེ་ཐབས་ཀྱི་བདག། ཡེ་ཤེས་གདངས་ཀྱི་རིམ་པའི་སྣང་བ་ཇི་ལྟར་འཆར།། བཀའ་སྩལ་པ། ཆོས་སྐུ་སྒྲོན་མ་ཡུལ་ནས་ཡེ་ཤེས་ལམ་ཞོན་ནས།། ཆོས་ཉིད་བར་དོར་རང་སྣང་རིམ་པར་རྫོགས་ཚུལ་ནི།། དང་པོ་རང་བཞིན་རིམ་པར་འཆར།། ཟླ་འོད་ཤར་བ་ལྟ་བུ་སྟེ།། སྐྱ་ཡལ་བའམ་དཀར་ཡལ་འོད་འཆར་རོ། ། དེ་ཕྱིར་རྟོག་པ་བཞི་བཅུ་འགག་པར་འགྱུར།། དེ་ནས་མཆེད་པའི་འོད་གསལ་ནི།། ཡེ་ཤེས་སྣང་བ་འཇའ་ལྟར་ཁ་དོག་ལྔ།། སྐད་ཅིག་དང་པོ་མཐིང་ཁ་ཡུལ་དུ་འཆར།། རིག་པ་ངོས་གཟུང་བྲལ་བ་ཆོས་ཀྱི་དབྱིངས། ། ཡེ་ཤེས་རང་ཤར་སྣང་བ་གསལ།། དེ་ནས་སྐད་ཅིག་གཉིས་པ་ལ།། དཀར་པོ་ཡུལ་དུ་སྣང་བའི་ཚེ།། རིག་པ་འགག་མིན་མེ་ལོང་ཡེ་ཤེས་ཆོད།། སྐད་ཅིག་གསུམ་ལ་སེར་པོ་ཡུལ་དུ་སྣང།། རིག་སྟོང་དབྱེར་མེད་མཉམ་ཉིད་ཡེ་ཤེས་ཆོད། ། སྐད་ཅིག་བཞི་ལ་འོད་གདངས་དམར་པོ་ཡུལ་དུ་སྣང་བའི་ཚེ།། སོ་སོར་རྟོག་པ་ཡེ་ཤེས་གདངས་སུ་ཆོད།། སྐད་ཅིག་ལྔ་ལ་ལྗང་ཁུ་ཡུལ་དུ་སྣང་བའི་ཚེ།། རང་སྣང་བྱ་བ་གྲུབ་པའི་ཡེ་ཤེས་གདངས་སུ་ཆོད། ། ཡེ་ཤེས་མཆེད་པའི་སྣང་བ་རིམ་གྱི་སྐྱེ་བ་ནམ་ལངས་འདྲ།། ཆོས་པ་རྟོགས་པ་རེ་རེ་ཐད་ཀར་ཆོད།། གཟུང་འཛིན་རྟོག་པ་མེད་པས་ཤེས་བྱ་གུད་གཅོད་མེད།། དེ་ནང་རྟོག་པ་སུམ་ཅུ་རྩ་གསུམ་འགག་པའོ། ། ཡེ་ཤེས་ལྔ་ཡི་སྣང་བ་རྫོགས་ནས་ཐོབ་པའི་འོད་གསལ་ནི།། ཤེས་རབ་ཀྱི་ངོ་བོ་མཐར་ཕྱིན་པ།། སྐད་ཅིག་ཆོས་ཉིད་འོད་གསལ་དཀྱིལ་འཁོར་ན།། ཐོབ་པའི་ཡེ་ཤེས་འོད་གསལ་སྐུ་གསུམ་ལྷུན་མཉམ་པ། ། ཕྱག་རྒྱ་མ་འགགས་གཞི་རྫོགས་ཆོས་ཀྱི་སྐུ།། ཡེ་ཤེས་སྒོ་ལྔ་མ་འགགས་ཉི་མ་ཤར་བ་ལྟ་བུར་ཐོབ།། ཐོབ་པས་གསང་རྟོག་བུ་བདུན་འགགས་སོ།། དེ་ནས་ཆོས་ཉིད་བར་དོ་ཐོབ་པའི་འོད་གསལ་ཞེས་སུ་བྱ། ། སེང་གེ་སྒྲ་སྒྲོགས་ཐེག་དམན་ཟིལ་གྱིས་གནོན་པ་ཉི་ཟླ་ཁ་སྦྱོར་རྒྱུད་ལས། ཡེ་ཤེས་སྣང་བ་འཆར་བའི་ལེའུ་སྟེ་གྱ་གཅིག་པའོ།།།། ཀྱེ། བཅོམ་ལྡན་ཐུགས་རྗེ་ཐབས་ཀྱི་བདག། ཆོས་ཉིད་བར་དོ་དེ་ཉིད་ལས། ། རྟོགས་པའི་ཤེས་རབ་སྐལ་ལྡན་རང་ཤར་བས།། བཞི་བཅུ་རྩ་གཉིས་རྫོགས་སངས་ཇི་ལྟར་རྒྱ།། བཀའ་སྩལ་པ། ཆོས་སྐུ་ཁ་དོག་སྣ་ཚོགས་འོད་འབར་བས།། ངོ་བོ་ཉིད་ཀྱི་སྐུ་ལས་ནི།། ངོ་བོ་ཉིད་ཀྱི་སྐུར་ཤར་བ། ། འོད་བུམ་ལྔ་ལ་རིག་པའི་ཡེ་ཤེས་བཞུགས།། མཐོང་བའི་གཟུགས་ཡོད་རིག་མིན་ལོངས་སྐུ་ལྔ།། ཚོམ་བུ་སེམས་དཔར་བཅས་པ་རིམ་འཇུག་སྐད་ཅིག་འཆར།། ངོ་བོ་ཉིད་རང་དང་འདྲ་བ་རྡོ་རྗེ་སེམས་དཔར་ཤར། ། ཡེ་ཤེས་སྣང་བ་མེ་ལོང་ལྟ་བུར་རྟོགས།། དེས་སྐྱེ་མེད་ཆོས་སྐུའི་སྲོག་ཀྱང་བཟུང།། རིན་འབྱུང་སྣང་ལ་སོ་སོར་རྟོགས་པ་ཤར།། ཡེ་ཤེས་སོ་སོར་གསལ་བས་དཔེ་བྱད་བརྒྱད་ཅུ་དང། ། མཚན་བཟང་སུམ་ཅུ་རྩ་གཉིས་སྟོབས་ནི་བཅོ་བརྒྱད་ལྡན།། སྟོབས་ལྔ་ནི་བྱང་ཆུབ་ཡན་ལག་རྫོགས།། མཐའ་ཡས་རང་ལས་ཤར་བས་མཉམ་ཉིད་ཡེ་ཤེས་གསལ།། དེར་སངས་རྒྱས་གཟིགས་པ་བསམ་གྱིས་མི་ཁྱབ་གསལ། ། རྣམ་དག་ཐུགས་ཤར་ཞིང་ཁམས་སྐུ་གསུམ་བཅས་པ་མཐོང།། འགྲོ་དྲུག་སྣང་བ་རྡུལ་དང་རྡུལ་ཕྲན་གཟིགས།། རྒྱ་མཚོ་ཐིགས་པར་བགྲང་དང་སྐྱེ་གནས་སྡུག་བསྔལ་མཐོང།། འགྲོ་དྲུག་རྣམས་ཀྱི་ལས་དང་བསམ་པ་ཀུན་ཀྱང་མཐོང། ། ངོ་བོ་ཉིད་ལས་དོན་ཡོད་གྲུབ་པ་ཤར་བས་ནི།། བྱ་བ་གྲུབ་པའི་ཡེ་ཤེས་རང་ལ་ཤར།། སྐད་ཅིག་འཁོར་འདས་གར་འགྲོ་འཕྲིན་ལས་གྲུབ།། ངོ་བོ་ཉིད་ལས་རྣམ་པར་སྣང་མཛད་ཤར། ། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་རང་ལ་རྫོགས།། དེས་སྐུ་ལྔ་ཡེ་ཤེས་ལྔ་རྫོགས་རང་ལ་རང་ཉིད་སྣང།། དེས་སེམས་དཔའ་སེམས་མ་སྒོ་བ་རང་ཤར་གནས།། མན་ཤེལ་ལྟ་བུར་སྐུ་གསུམ་ཕྱི་ནང་མེད། ། རང་ལ་སྣང་བར་མཛད་པས་རྣམ་སྣང་ཆེན་པོས་བྱའོ།། རིག་པའི་ལྷ་མོའི་སྒོ་ལ་འཇུག་པའི་ཚེ།། ཡེ་ཤེས་རིག་པ་མ་པང་བུ་རྒྱུག་འདྲ།། ཡེ་ཤེས་རང་སྣང་འདམ་གྱི་པདྨ་འདྲ།། རང་ས་ཟིན་པ་ཉི་མའི་སྙིང་པོ་འདྲ། ། དེར་མཁྱེན་པ་ཐོབ་པའི་དྲུག་པ་རྡོ་རྗེ་འཆང།། ཐུགས་རྗེ་འབྱུང་བ་ཡི་གེ་དྲུག་གི་འགྲོ་དོན་མཛད།། ཐུབ་དྲུག་འགྲོ་དོན་ཟད་ནས་སེམས་དཔའ་ལས་ཟད་ནས།། ཐུགས་རྗེ་མཐའ་ཟད་ཡེ་ཤེས་ཀློང་དུ་གྲོལ། ། ཞེས་སེང་གེ་སྒྲའི་དགོངས་པ་ལས། རྣལ་འབྱོར་མངོན་སངས་རྒྱས་པར་བསྟན་པའི་ལེའུ་སྟེ་གྱ་གཉིས་པའོ།།།། ཀྱེ། བཅོམ་ལྡན་ཐུགས་རྗེ་ཐབས་ཀྱི་བདག། བར་དོ་ངོ་བོ་ངེས་ཚིག་དང།། དབྱེ་བ་བྱེ་བྲག་ཇི་ལྟར་ལགས། ། བཀའ་སྩལ་པ། བར་དོ་ངོ་བོ་མ་འདྲེས་སྐུ་གསུམ་ལ།། ངེས་ཚིག་སེམས་ཅན་ལྔ་ལུས་བོར།། ཕྱི་མ་སེམས་དེ་མ་བླངས་པས།། བར་ན་སྐུ་གསུམ་རང་ཤར་ན།། རྒྱུ་རྐྱེན་མེད་པ་སྔ་ཕྱིར་བར་ན་སངས་རྒྱས་དེ་བོས་བྱ། ། དབྱེ་བ་མང་ཡང་ཆོས་ཉིད་བར་དོ་སྲིད་པ་བར་དོའོ།། མཚན་ཉིད་འབྱུང་ལྔ་མལ་ཞ་རྣམ་ཤེས་དབྱིངས་སུ་ཐིམ།། བག་ཆགས་བག་ལ་ཉལ།། གཟུང་འཛིན་གྱི་རྐུན་སྒོར་ཐོན།། བྱུང་ཚོར་རྒྱུན་ཆད་དགེ་སྡིག་ཆ་མཉམ། ། དེ་དུས་ཆོས་ཉིད་བར་དོ་རང་བཞིན་ནི།། རང་བྱུང་དཀྱིལ་འཁོར་ནམ་མཁའ་ཤར་ཞེས་བྱ།། རྣལ་འབྱོར་རང་ངོ་ཤེས་པ་གྲོལ་བའི་ས།། ཡུན་དུས་ཇི་ཙམ་གནས་ངན་ནི།། སེམས་ཅན་ཚེ་བྲལ་དུས་སུ་ཡང། ། ཞག་ལྔ་བར་དུ་བདེ་དང་ལྡན།། དེ་ཡི་དུས་ན་ཚོར་བ་བདེ་སྡུག་བྲལ།། ཁྱུང་ཕྲུག་དང་ནི་སེང་ཕྲུག་ལྟར།། རྣལ་འབྱོར་ལུས་རྒྱ་གྲོལ་ཞེས་བྱ།། ཚེ་བྲལ་སྐྱེ་གནས་མོད་མི་ལེན།། ལེན་ན་སེམས་ཅན་ཉིད་རྒྱུད་པས། ། བཀའ་ལུང་འགྲོ་ལ་ཕན་མི་ཐོགས་པར་འགྱུར།། རྣམ་ཤེས་གཞིར་ཐིམ་སྔ་ཕྱི་ལུས་མ་བླངས།། ལུས་མེད་ཕྱིར་ན་སེམས་སྐྱེ་སྲོག་རྩ་མེད།། ལུས་མེད་ཕྱིར་ན་སེམས་རྟེན་ཙིཏྟ་མེད།། དེ་ཡི་ཕྱིར་ན་སེམས་སམ་སྒོ་གསུམ་མེད། ། དེ་ཕྱིར་སེམས་རྡ་དབུགས་ཀྱང་མེད།། དེ་ཕྱིར་སེམས་ཀྱིས་འགྲོ་དྲུག་གནས་མི་ལེན་ཞེས་བྱ།། དེས་ན་ཆོས་ཉིད་བར་དོ་ཡེ་ཤེས་དབྱིངས་ཀྱི་གཞི།། སྐྱོན་གྱིས་མ་གོས་སྤྱི་ཡི་ཡོན་ཏན་ནི། ། སྐུ་གསུམ་རྟོགས་པ་མ་ཤར་མཁྱེན་པའི་སར་མི་གནས།། བག་ཆགས་མཚམས་མ་སྦྱར་བས་བར་དོལ་མི་གནས།། ས་ལམ་རང་ས་སྔ་བས་ས་དང་ལམ་མི་གནས།། སྐྱེ་བ་མ་བླངས་འགྲོ་དྲུག་ལ་མི་གནས། ། མི་གནས་གཞི་ཡིས་སྐུ་གསུམ་རང་ངོར་གསལ།། སྔ་ཕྱི་ལུས་མེད་སྒྲིབ་པ་མ་སྦྱངས་དག། རྣམ་ཤེས་གཞིར་ཐིམ་ཉོན་མོངས་མ་སྤངས་དག། སྐྱེ་གནས་མ་བླངས་འཁོར་བ་མ་སྤངས་དག། རང་བྱུང་དཀྱིལ་འཁོར་རང་ཤར་སྣང་སྲིད་དག། དག་པ་གཞི་ཡིས་སྐུ་གསུམ་དྲི་མེད་བསྟན།། སྔ་ཕྱི་ལུས་ཀྱི་སྒྲིབ་ཤིང་མེད།། སྐུ་གསུམ་ཆོས་ཉིད་སྒྲིབ་པའི་དབང་མ་སོང།། རིགས་དྲུག་ལུས་སེམས་མེད་པས་ཉོན་མོངས་དབང་མ་སོང། ། དགེ་སྡིག་སེམས་མ་བསྐྱེད་པས་བག་ཆགས་དབང་མ་སོང།། འགྲོ་དྲུག་ལུས་མ་བླངས་པ་ལས་ཀྱི་དབང་མ་སོང།། དབང་དུ་མ་སོང་གཞི་ཡིས་སྐུ་གསུམ་སྤྱི་ས་བསྟན།། འགྲོ་དྲུག་མ་བླངས་སྐྱེ་གནས་བར་མ་གཅད། ། བག་ཆགས་མཚམས་མ་སྦྱར་བས་བར་དོར་བས་མ་གཅད།། ས་ལམ་མ་བགྲོད་ས་ལམ་བར་མི་གཅད།། བར་མ་གཅད་པས་སྐུ་གསུམ་དཀྱིལ་འཁོར་རང་སར་བསྟན།། དེ་ལྟར་བར་དོ་སྤྱི་ཡི་ཡོན་ཏན་ནི། ། བཅོ་ལྔ་ཡོངས་ལ་ཁྱབ་པར་བསྟན་པའོ།། ཞེས་སེང་གེ་སྒྲ་ཉི་ཟླ་ཁ་སྦྱོར་ལས། བར་དོ་སྤྱི་ཡི་བྱེ་བྲག་རྣམ་པར་བཤད་པའི་ལེའུ་སྟེ་གྱ་གསུམ་པའོ།།།། ཀྱེ། བཅོམ་ལྡན་ཐུགས་རྗེ་ཐབས་ཀྱི་བདག། སྤྱི་ས་བར་དོ་ཡེ་གྲོལ་གནས། ། གདམས་པ་བར་དོར་རང་གྲོལ་བསྟན།། དེ་ཡི་གདམས་ངག་ཇི་ལྟར་ལགས།། རང་བཞིན་གནས་ཀྱི་བར་དོ་ལ།། རྒྱུད་ལུང་ཀུན་གྱི་དོན་བཀྲོལ་ལ།། ངོ་སྤྲོད་གསུམ་གྱིས་གཏན་ལ་དབབ།། རང་རིག་རྟོགས་པས་ཐག་བཅད་ནས། ། དགོངས་པ་རང་ཤར་གསལ་བ་དང།། ཆོས་ཉིད་བར་དོར་ཡེ་ཤེས་ངོས་གཟུང་ལ།། ལོངས་སྐུ་རྡོ་རྗེ་འཛིན་པར་མངོན་སངས་རྒྱས་པར་བྱ།། སྲིད་པ་བར་དོར་ལས་ཀྱི་འཕྲོ་བཟློག་ལ། ། རྡོ་རྗེ་སེམས་དཔར་སེམས་ཀྱང་གདབ།། བློ་དམན་སྐྱེ་བ་ཕྱི་མར་བག་ཆགས་རྗེས་གྲོལ་བྱ།། ཚེ་བྲལ་མོད་དུ་སྐྱེ་བ་མི་ལེན་པ།། ཆོས་ཉིད་བར་དོ་འགྲོ་ཀུན་འཆར་ངེས་དེར།། སྐལ་ལྡན་གྲོལ་བའི་གདམས་པ་བཀའ་སྩལ་པ། ། ཡེ་ཤེས་རང་སྣང་སྐྱོན་མེད་འདམ་གྱི་པདྨ་ལ།། རིག་པ་རང་ས་ཉི་མའི་སྙིང་པོ་ལྟ་བུར་གཟུང།། ཆོས་ཉིད་གནས་ལུགས་སྔ་ཕྱི་ལུས་ཀྱི་སྒྲིབ་པ་མེད།། སྐུ་གསུམ་འོད་གསལ་འཇའ་ཚོན་ལྟ་བུ་གཅེར་བུར་གནས། ། ཡིན་ལུགས་གཟུང་འཛིན་གཞིར་ཐིམ་རིག་པར་གཅེར་བུའི་ཐུགས།། འཆར་ལུགས་ལས་རླུང་ལུས་སེམས་འབྲེལ་མེད་འོད་ཟེར་གཅེར་བུར་གནས།། གཅེར་བུ་རྣམ་གསུམ་མ་ཤེས་ན། ། བག་ཆགས་སྦུབས་ནི་ཉི་ཟླ་གཟས་ཟིན་འདྲ།། འཁོར་དུ་འཁོར་ས་མེད་པ་གཞན་སྣང་དག་པའི་རང་སྣང་ཤར།། གོལ་དུ་གོལ་ས་མེད་པ་རང་ཉིད་དཀྱིལ་འཁོར་ཤར།། འཁྲུལ་དུ་འཁྲུལ་ས་མེད་པ་གདམས་ངག་རྟོགས་པའི་ཤེས་རབ་ཤར། ། གེགས་སེལ་རྣམ་གསུམ་མ་ཤེས་ན།། ལམ་འབྲས་ས་ལམ་ཚོལ་བྱེད་པ།། བྱང་ཐང་ལུས་པའི་མགྲོན་བུ་འདྲ།། སྐུ་གསུམ་འོད་གསལ་ཡེ་ཤར་བས།། ཀུན་ཏུ་འོད་ལ་གནས་པའི་ས། ། མི་ཐོབ་རང་དབང་མེད་པའི་གནད།། ངོ་བོ་སྐུ་གསུམ་ཡེ་སངས་རྒྱས།། སྐྱེ་ཤི་རྒྱུན་ཆོད་ངེས་པའི་གནད།། ཡེ་ཤེས་སྒོ་ལྔ་ཟང་ཐལ་བས།། མཐོང་བའི་ཡུལ་ལ་གདམས་ངག་རང་ངོ་མི་རྟོག་དབང་མེད་གནད། ། གདམས་ངག་གནད་གསུམ་མ་ཤེས་ན།། གྱིང་ལིང་སྒྲོག་ཏུ་བཅུག་པ་འདྲ།། འབྲས་བུ་རང་སར་ག་ལ་ཕྱིན།། རང་སྣང་ཕོ་བྲང་ཟེར་འོད་གསལ་ཡང་བཏབ།། སྐུ་གསུམ་ངོ་བོའི་སྣང་བས་གསལ་ཡང་བཏབ། ། རིག་པ་གདམས་ངག་རྐྱེན་དུ་ཤར་བས་གསལ་ཡང་བཏབ།། གསལ་འདེབས་རྣམ་གསུམ་མ་ཤེས་ན།། མེ་ལོང་གཡའ་ཡིས་བསྒྲིབས་པ་འདྲ།། འོད་ཟེར་ལམ་སྟོན་ཡིད་ཆེས་རྡེབ་པའི་གཟེར།། སྐུ་གསུམ་དོན་ཆོད་འཁོར་བ་རུ་ལོག་གཟེར། ། རང་ཤར་དགོངས་པ་འགྱུར་མེད་རྒྱུན་དུ་བཅས།། ཡེ་ཤེས་སྒོ་ལྔ་རང་ངོ་རང་ལ་མི་གསལ་ཐབས་མེད་གཟེར།། གཟེར་བུ་རྣམ་གསུམ་མ་ཤེས་ན།། ཀོ་སྐྱ་མེད་པའི་གྲུ་བ་འདྲ། ། རང་སྣང་ཆོས་དབྱིངས་ཕོ་བྲང་ནི།། ཀུན་གཞི་མེ་ལོང་ཟང་ཐལ་བས།། ཕྱི་ཡི་སྣང་བ་གཟུང་ཡུལ་མེད་པར་མངོན་སངས་རྒྱས།། རང་བྱུང་སྐུ་གསུམ་དཀྱིལ་འཁོར་ནི།། འོད་གསལ་ཆོས་དབྱིངས་མེ་ལོང་སྟེ། ། ཟང་ཐལ་ཤར་བས་ལུས་ཀྱི་སྒྲིབ་ཤིང་མེད།། འཁོར་བའི་རྟོད་ཕུར་མེད་པར་མངོན་སངས་རྒྱས།། ཐུགས་ཀྱི་རིག་པ་ཆོས་ཉིད་རང་ཤར་བས།། ཐུགས་རིག་པའི་མེ་ལོང་གཟུང་འཛིན་བག་ཆགས་དག། འགྱུར་བྱེད་ཟང་ཐལ་རིག་པར་མངོན་སངས་རྒྱས། ། མེ་ལོང་རྣམ་གསུམ་མ་ཤེས་ན།། མུན་པ་སྲོད་པའི་སྐར་མ་དང་འདྲ།། དེ་ལྟར་དོན་ཉིད་བཅོ་བརྒྱད་ཀྱིས།། རྟོགས་པའི་ཤེས་རབ་ཐམས་ཅད་མཁྱེན་པར་འཆར།། རང་གསལ་དཀྱིལ་འཁོར་དེ་ལ་རྒྱུ་རྐྱེན་མེད། ། རང་གྲོལ་རིག་པ་དེ་ལ་བཅོས་མ་བསླད།། རང་ཤར་དགོངས་པ་སེམས་ཀྱིས་མ་གཟུང་སྟེ།། སྐུ་གསུམ་རང་ས་དངོས་ལས་འབྲས་བུའི་སྤོགས་མི་ཚོལ།། ལྷུན་གྲུབ་ཡེ་ཤེས་དེ་ལས་འཕོ་འགྱུར་གནས་མི་སོད། ། དེ་ཡི་གནད་དང་གཟེར་གསུམ་བསྟན་པ་ནི།། ཕྱི་ཡི་སྣང་བ་ཆོས་ཉིད་རང་གདངས་ཤར།། འཁོར་བར་ལུས་སེམས་འཚོགས་ས་མེད་པའི་གཟེར།། ཐུགས་ཀྱི་མཁྱེན་པ་ཡེ་ཤེས་གདངས་སུ་ཤར། ། གཟུང་འཛིན་སེམས་སུ་འགྱུར་མི་སྲིད་པའི་གཟེར།། གསུང་གི་ཟེར་གདངས་འོད་ཟེར་ཟང་ཐལ་བས།། ལུས་སེམས་ལས་ཀྱི་རླུང་གིས་སྒྲ་མི་སྲིད་པའི་གཟེར།། རང་སྣང་ཟང་ཐལ་རྟོག་སྒྲིབ་མེད། ། རང་རིག་རང་གསལ་མཁྱེན་པར་ཤར།། སྒོ་ལྔ་འོད་གསལ་སྒྲིབ་མེད་རང་སར་གྲོལ།། བགྲོད་དུ་མེད་པའི་གྲོལ་བའི་གཟེར་ཞེས་བྱའོ།། མཁྱེན་པ་ལོངས་སྐུ་ཡེ་ཤེས་རྫོགས་པར་འཆར་བའི་གཟེར་བསྟན་པ། ། རང་གསལ་སྐུ་ཡི་ཁྱབ་བདལ་སྐུ་ཉིད་མཁྱེན་པར་ཤར།། ངོ་བོ་ཉིད་ཆོས་ཀྱི་སྐུ་ལས་ནི།། ངོ་བོ་ཉིད་ཀྱི་སྐུ་ཤར་བ།། རང་དང་མཉམ་བཞི་ལྷ་བཞི་བཅུར་ཤར།། རང་ཤར་ཐུགས་ཀྱི་ཁྱབ་བདལ་རིག་པའི་རང་གདངས་མཁྱེན་པར་ཤར། ། ཐུགས་དང་མཉམ་པའི་རིག་པ་ཡེ་ཤེས་ལོངས་སྐུ་ཁྱབ་པར་ཞུགས།། རང་གྲོལ་གསུང་གི་ཁྱབ་བདལ་ཟེར་གདངས་ཆོས་ཀྱི་སྒོ་མོར་ཤར།། བརྗོད་མེད་དོན་དང་མཉམ་པའི་སྒྲ་དང་ཚིག། ཟེར་འོད་སྒོ་མོ་བརྒྱད་ཁྲི་བཞི་སྟོང་འཆར།། སྐུ་གསུང་ཐུགས་ཀྱི་རྣམ་དག་མཁྱེན་པ་རྣམ་དག་ཕྱོགས་མེད་དོ།། དེ་ལྟར་རྣལ་འབྱོར་གྲོལ་བའི་ས་ཚད་ནི།། ཆོས་ཉིད་བར་དོ་སྲིད་པའི་ལ་ཚིག་ཡིན།། རྣལ་འབྱོར་རྟོག་པ་ཀློང་གྱུར་དུས་མཉམ་བདུན་གྱིས་གྲོལ། ། འཇུག་དང་སྣང་དང་ཤེས་པ་དང།། ཐོབ་གྲོལ་མཁྱེན་པ་ཐུགས་རྗེ་མཉམ།། ཞེས་སེང་གེ་སྒྲ་སྒྲོགས་ཐེག་དམན་ཟིལ་གྱིས་གནོན་པའི་རྒྱུད་ལས། བར་དོར་མངོན་སངས་རྒྱས་པའི་གདམས་ངག་གདབ་བའི་ལེའུ་སྟེ་གྱ་བཞི་པའོ། །།། ཀྱེ། བཅོམ་ལྡན་ཐུགས་རྗེ་ཐབས་ཀྱི་བདག། གྲོལ་བའི་སྐུ་གསུམ་མཁྱེན་པ་དེ།། སྐྱོན་བྲལ་དག་པ་ཇི་ལྟར་ལགས།། བཀའ་སྩལ་པ། ཡེ་ཤེས་སྒྲིབ་མེད་མ་རིག་རང་གྲོལ་བ། ། འོད་གསལ་ཟང་ཐལ་ཤར་བས་རྩལ་གྱི་སྒྲིབ་པ་མེད།། ལྷན་ཅིག་སྐྱེས་པའི་མ་རིག་པ་ལས་གྲོལ།། མཐོང་བའི་ཡུལ་ལ་རྟོགས་པའི་ཤེས་རབ་ཤར།། དེས་བག་ཆགས་བསྒྲིབས་པ་མེད། ། བག་ཆགས་རྒྱུན་མེད་རྨོངས་པའི་མ་རིག་པ་ལས་གྲོལ།། སྐུ་གསུམ་དཀྱིལ་འཁོར་རང་ཤར་བས།། ཀུན་ཏུ་བརྟག་པ་མ་རིག་པ་ལས་གྲོལ།། ཡེ་ཤེས་སྒོ་ལྔ་ཟང་ཐལ་ཤར་བ་ཡིས།། ཉོན་མོངས་སྒྲིབ་མེད་མ་རིག་པ་ལས་གྲོལ། ། སྐུ་གསུམ་རང་ངོ་ཤེས་པས་འཁོར་བ་ཡི།། གཏིང་ཐག་ལས་དང་ལས་ཀྱི་སྒྲིབ་མེད་ཅེས་བྱ།། སྒྲིབ་པ་མེད་པ་མཁྱེན་པ་རང་སར་བསྟན།། དེ་ནི་འཁོར་བའི་འཁྲུལ་པ་ཞིག་པ་ཡིན།། རང་སྣང་སྐུ་གསུམ་ཡེ་ཤེས་རྟོགས་པས་གཞན་སྣང་འཁྲུལ་བ་ཞིག། སྐུ་གསུམ་སྐྱེ་འཇིག་མེད་པས་ལུས་ཀྱི་འཁྲུལ་པ་ཞིག། གསུང་གི་ཉི་འོད་ཟེར་འཕྲོ་བས་ངག་གི་འཁྲུལ་པ་ཞིག། ཐུགས་ལ་མཁྱེན་པ་རིག་པས་གཟུང་འཛིན་ཡིད་སེམས་འཁྲུལ་བ་ཞིག། རླུང་གིས་སེམས་སྒྲལ་བ་མེད་པས་འབྱུང་བའི་འཁྲུལ་པ་ཞིག། སྲིད་པར་སྦྱོར་བ་མེད་པས་སྐྱེ་གནས་འཁྲུལ་པ་ཞིག། ཡེ་ཤེས་ཉི་མ་ཤར་བས་གསལ་འགྲིབ་ཉི་ནུབ་འཁྲུལ་པ་ཞིག། ཞག་དང་ལོ་ཟླ་འདས་པས་དུས་ཀྱི་འཁྲུལ་པ་ཞིག། ཆོས་ཉིད་ཕོ་བྲང་ཐིག་ལེར་འཁྱིལ་བས་ཕྱོགས་ཀྱི་འཁྲུལ་པ་ཞིག། ཅེས་སེང་གེ་སྒྲའི་རྒྱུད་ལས། གྲོལ་བ་མངོན་གྱུར་སངས་རྒྱས་སྒྲིབ་པ་དག་སྟེ་མ་རིག་པ་གྲོལ་ནས་འཁྲུལ་པ་ཞིག་མཁྱེན་པ་ཐོབ་པའི་ལེའུ་སྟེ་གྱ་ལྔ་པའོ། །།། ཀྱེ། བཅོམ་ལྡན་ཐུགས་རྗེ་ཐབས་ཀྱི་བདག། གང་ཟག་སྐལ་བ་ཞན་དང་བློ་དམན་དང།། ཐེག་དམན་བློ་ཡི་བཅོས་དང་རྩོལ་བ་ཞན།། ཆོས་ཉིད་བར་དོར་རྟོགས་པར་མ་གྱུར་ན། ། ཐབས་ཀྱི་ལམ་གྱིས་ཇི་ལྟར་གྲོལ་བར་བགྱི།། བཀའ་སྩལ་པ། ཀྱེ་རྡོ་རྗེ་འཛིན་པས་ངེས་པར་ཟུངས་ཤིག། ཤེས་རབ་རྟོགས་པའི་བློ་ཅན་གྱིས།། མཆོག་གི་འོད་གསལ་ཆེན་པོ་ལ། ། རིག་པ་ཟང་ཐལ་ཤར་བ་གཅེས།། དེ་ཡིས་ཚེ་འདིར་བར་དོ་མེད་པར་གྲོལ།། སྐྱེས་བུ་ལས་དང་སྐལ་ལྡན་ནི།། མཆོག་གི་འོད་གསལ་ཆུང་ངུ་དེ།། ཆོས་ཉིད་མ་ཡི་བར་དོ་ལ།། མཁྱེན་པའི་ཤེས་རབ་ཤར་བ་གཅེས། ། སྲིད་པའི་བར་དོ་མེད་པར་གྲོལ།། བློ་དམན་བར་དོར་རིམ་འཇུག་ལ།། རིག་པའི་རང་ས་ཟིན་པ་གཅེས།། དེས་ཀྱང་ས་ལམ་མེད་པར་གྲོལ།། རིགས་དྲུག་འཁྲུལ་པའི་འོད་དྲུག་ལ།། རིག་པ་འགྲོ་ལྡོག་ཤེས་པ་གཅེས། ། དེ་ཡིས་སྲིད་པ་བར་དོ་ཡེ་ཤེས་སོགས་ཀྱང་ཐེབས།། དེ་ཡིས་གདམས་ངག་གསལ་འདེབས་དུས།། རིག་པ་མངོན་དུ་ཤར་བ་གཅེས།། དེ་ཡིས་ཡི་དམ་རྡོ་རྗེ་སེམས་དཔའི་སྲོག་ཀྱང་ཟིན།། ཆོས་ཉིད་བར་དོ་འདའ་བ་ནི། ། ངོ་བོ་ཆོས་སྐུ་ཐུགས་ཀྱི་ཟེར།། ཡུམ་གྱི་རང་བཞིན་བུམ་པ་ལྔ་ལ་ཡིད་ཀྱི་འགྱུ་བ་ཞུགས།། དང་པོ་སོམ་ཉི་མཚམས་སྦྱོར་ཏེ།། ཅི་ཡིན་མཉམ་པའི་ཡིད་ཙམ་འགྱུས།། དེ་ནས་བག་ཆགས་རྟོག་སྒྲིབ་སྤོགས་འདེབས་ཏེ། ། དུས་ཀྱི་སྙིགས་མ་ཁ་དྲག་ལམ་དང་འདྲ།། སྲིད་པའི་སྐྱེ་གནས་དུག་གི་མེ་ཏོག་འདྲ།། འཁོར་བར་འཇུག་པ་ཟོའི་ཆུ་ཁྱུད་མོ་འདྲ།། སོམ་ཉི་རང་འོད་ཟེར་ལས་བར་དོ་འོད་ལུས་བླངས།། ཅི་ཡིན་སྙམ་པས་ཡིན་མིན་ཤེས་པ་ཞུགས། ། ཆོས་ཉིད་བར་དོ་ཉི་མ་ཤར་བ་ལྟ་བུ་ལ།། རྟོག་པ་ཕྲ་བ་གསང་རྟོག་བདུན་སྐྱེས་པས།། ཆོས་ཉིད་ཡེ་ཤེས་སྣང་བ་དག་པ་ལ།། ནམ་མཁའི་སྤྲིན་ལྟ་བུ་ཡི་སྲུབས་ལ་བྱུང།། དེ་ལས་ངན་རྟོག་སུམ་ཅུ་རྩ་གསུམ་ཇི་རགས་སྣང། ། དེ་ཉིད་ཆོས་ཉིད་བར་དོ་ཉི་མ་རྟོག་པས་ནམ་སྲོད་ལྟ་བུར་ནུབ།། དེ་ནས་ཕྱི་རྟོག་བཞི་བཅུ་སྤོགས།། མུན་པ་སྲོད་པས་སྐར་མ་ཤར་བ་ལྟར།། འགྲོ་དྲུག་གྲོང་ཁྱེར་གསལ་བ་རུམ་ཙེར་བྱུང། ། དེ་ལ་འོད་གསལ་ཆུང་ངུ་གདམས་པ་ཡེ་ཤེས་སོགས་གདབ་པ།། འདི་ནི་སྐལ་བ་ཞན་དང་བློ་དམན་ལེ་ལོ་ཅན།། ཆོས་ཉིད་བར་དོར་རང་གྲོལ་མ་ཐོབ་ན།། གསང་ལམ་བསེགས་ལམ་ཐབས་ཀྱིས་གྲོལ་བའི་ལམ་ཞེས་བྱ། ། འདི་ལ་སྐྱེལ་བསུ་ཡིན་པར་ཤེས་པ་གནད་ཡིན་ཏེ།། བླ་མ་ལུང་ལྡན་གདམས་ངག་སྐྱེལ་མ་དང།། རང་གིས་ཉམས་སུ་ལོངས་ཏེ་རྟོགས་པའི་སྐྱེལ་མ་དང།། འཆི་ཁར་གསལ་འདེབས་གྲོགས་ཀྱི་སྐྱེལ་མ་གཅེས། ། ཟེར་གྱི་བསུན་མས་འོད་ཟེར་ལམ་བསྟན་ནས།། འོད་ལྔ་བསུན་མས་ཞིང་ཁམས་དག་པར་སྐྱེལ།། སྒྲ་ཡི་བསུན་མ་སྐུ་གསུམ་དཀྱིལ་འཁོར་ཐོབ།། ཆོས་ཉིད་འདས་པ་ཡིན་པར་ཤེས་ནས་ནི། ། སྲིད་པ་བར་དོ་སྔོན་གཟུགས་སྲིད་པའི་ཤ་གཟུགས་ཅན།། དབང་པོ་ཀུན་ཚང་འོད་ཀྱི་ལུས་དེ་ལ།། ཡི་ཆད་དྲུག་འབྱུང་ཤི་བ་དྲན་ནས་སྐྱེ་གནས་ཚོལ།། ལས་ཀྱི་དགེ་སྡིག་གཤིན་རྗེའི་སྣང་བ་སྟོན། ། དེ་དུས་གདམས་པ་ཡིན་པར་ཤེས་པར་བྱ།། སྲིད་པའི་བར་དོ་དེ་ནི་རང་བཞིན་ལས།། ཆོས་ཉིད་བར་དོར་རྟོགས་པས་མ་གྲོལ་ན།། ངེས་པར་བར་དོ་འོད་ལུས་ལེན་དང་གཅིག། སྔར་གྱི་བག་ཆགས་རྟོག་པ་དྲན་དང་གཉིས། ། སྔར་དྲན་ཕྱིས་སྐྱེ་དེ་རང་ཤེས་པའི་ཤེས་རབ་གསུམ།། ཡིད་ལུས་འོད་ཀྱི་སྒོ་ལྔས་འགྲོ་དྲུག་མཐོང་ངེས་བཞི།། སྒྱུ་མ་ཡེ་ཤེས་ལུས་ཡིན་དྲན་གསལ་བློ་རྣོ་ལྔའོ།། དེ་ཡང་སེམས་དེ་སྐུ་གསུམ་བརྒྱུད་ནས་བརྒྱུད་མར་གནས་པ་ན། ། ཅི་སྟེ་ད་ལྟར་བག་ཆགས་སྦུབས་ནས་སྤྲུལ་སྐུ་སྟེ།། སྐད་ཅིག་མི་གྲོལ་ཡེ་ཤེས་ལམ་ལ་སྦྱངས།། རིན་ཆེན་ཟང་ཐལ་སྦུབས་ན་ཆོས་སྐུར་གནས།། སྐད་ཅིག་དང་པོ་ངང་ལ་དུས་མཉམ་རྟོག་པས་གྲོལ། ། ལོངས་སྐུ་སྒྱུ་མ་འོད་ཀྱི་སྦུབས་ལ་སྐད་ཅིག་གསུམ་གྱིས་གྲོལ།། སྒྱུ་མ་འོད་ལུས་སྲིད་པའི་ཤ་གཟུགས་ལ།། རྟོག་པ་རྐུན་བུ་བག་ལ་ཉལ་བ་དེ།། དྲན་པའི་སོམ་ཉི་ཀུན་ནས་ལྡང་བའོ།། ཀུན་ནས་ལྡང་བའི་ཡིད་སེམས་དེ། ། སྔ་ཕྱི་ད་ལྟའི་རྟོག་པ་ཤེས་རབ་སྐྱེས་པའི་དུས།། ཤིན་ཏུ་བློ་རྣོ་དྲན་པ་གསལ་བས་ན།། དེ་ལ་གྲོལ་བའི་གདམས་པ་གསང་ལམ་བསེགས་ལམ་བཙལ།། གདམས་ངག་ཉམས་སུ་བླངས་པ་སྔར་ཤུགས་ཀྱིས། ། རང་དབང་དྲན་པ་མངོན་དུ་འགྱུར་བ་ཡིན།། དེ་ཚེ་རྟོགས་པ་ཁྱད་པར་སྐྱེ་དུས་ཡིན།། སྔར་གྱི་ཉམས་ལེན་གདམས་ངག་རྣམས།། དེ་ཚེ་མི་དྲན་མི་སྲིད་དོ།། དེར་སྔར་བྱས་མི་དྲན་མི་འབྱུང་ན། ། དགེ་སྡིག་ལས་ཀྱི་འབྲས་བུ་མི་འབྱུང་དགོས།། ལས་མི་འབྱུང་བར་གྱུར་པས་ན།། ལས་ཀྱིས་འགྲོ་དྲུག་མི་འཁོར་འགྱུར།། དེས་ན་བཀའ་ཡི་གདམས་པ་དྲན་པར་ངེས།། ཁྱད་པར་རྟོགས་པ་ཉམས་ལེན་དང་ནི་རྒྱལ་བའི་ངག། དགེ་སྡིག་ལས་ནི་ཤིན་ཏུ་གསལ་བའི་དུས།། བར་དོ་འོད་ལུས་ཡིན་པས་ཐམས་ཅད་རང་གསལ་ལོ།། གདམས་པས་ཇི་ལྟར་ལམ་བཙལ་ན།། འགྲོ་དྲུག་གྲོང་ཁྱེར་དྲན་པ་དང།། སྐྱེ་བ་ལེན་སྒོ་དགག་པ་དང། ། བར་དོ་ཡིན་པ་དྲན་གསལ་གདབ།། དེ་རང་སྒྱུ་ལུས་ཡིན་པ་དྲན་པ་དང།། གཉིས་མེད་སྤྱོད་པས་སྒྱུ་ལུས་བསྒྱུར་བཏུབ་དྲན།། དེས་རྡོ་རྗེ་སེམས་དཔའ་ཡི་དམ་ལྷར་བསྒྱུར་བ་དྲན་པའོ།། འོད་ལུས་སྒྱུ་མར་ཤེས་པས་གཉིས་སུ་མེད། ། གར་ཡང་བསྒྱུར་དུ་བཏུབ་པར་ཤེས་པའོ།། རྡོ་རྗེ་སེམས་དཔར་ལུས་འཕོས་པས།། ལམ་པའི་རྡོ་རྗེ་སེམས་དཔས་བར་དོ་རང་སྲོག་གཟུང།། སྐྱེ་བ་མི་ལེན་བསམ་ལ་སྐྱེ་བ་འཕོས་པས་ཁེགས། ། དེར་རྡོ་རྗེ་སེམས་དཔའ་དེ་ཉིད་འོད་གསལ་སྐུ།། དེ་རང་ཤར་དགོངས་པ་ཟུང་ཞུགས་པས།། རྡོ་རྗེ་རིགས་འཛིན་ས་ལ་དེ་ཉིད་བསེགས་ལམ་ཐོབ།། སྒོ་ལྔ་ཡེ་ཤེས་ཟང་ཐལ་འོད་གསལ་ལས། ། གསང་ལམ་ཟུང་དུ་བཅུག་པས་རྡོ་རྗེ་ལྟ་བུར་ཐོབ།། དེ་ལ་གསང་ལམ་དག་པའི་གཟེར་གསུམ་ནི།། ཡེ་ཤེས་སྒྱུ་ལུས་རྡོ་རྗེ་སེམས་དཔའ་དེ།། རང་རིག་གཞན་རིག་རིག་པའི་ཐུགས་གསལ་བས།། འོད་གསལ་སྒྲིབ་མེད་ཡེ་ཤེས་སྤོགས་ཀྱང་ཐེབས། ། སྐུ་གསུམ་འོད་གསལ་རང་སྣང་དཀྱིལ་འཁོར་སྤོགས་ཀྱང་ཐེབས།། བླ་མའི་གདམས་པ་རང་ཤར་དགོངས་པ་སྤོགས་ཀྱང་ཐེབས།། དེ་གང་ཞིག་རྟོགས་སེ་ཞེས་པ་ན།། བྱང་ཆུབ་སེམས་ལམ་རིགས་འཛིན་ས་ཡིན་པས། ། ཆོས་ཉིད་ཅན་ནི་ཆ་གང་ཚད་དུ་ཤར།། མངོན་པར་ཤེས་དང་མི་རྟོག་ཏིང་འཛིན་ཡོད།། མངོན་པར་ཤེས་པས་གདམས་ངག་སྔ་ཕྱིར་ཤེས།། ཏིང་འཛིན་རྡོ་རྗེ་སེམས་དཔའ་ལམ་གྱི་སྲོག་ཀྱང་འཛིན། ། དགོངས་པས་སྲོག་ནི་ཇི་ལྟར་འཛིན་ཞེ་ན།། མཚན་བཅས་འོད་ལུས་ལྷར་བསྒྱུར་ནས།། མཚན་མེད་རིག་པའི་འོད་གསལ་རང་གྲོལ་ཆོས།། སྟོང་གསལ་རང་ཤར་འགྱུར་མེད་ངང་ལ་སྲོག་ཀྱང་གཟུང། ། འགྲོ་དྲུག་གྲོང་ཁྱེར་འཁོར་བ་ཟང་ཐལ་ཤེས།། དེས་ཡེ་ཤེས་ལུས་ལ་སྐྱེ་བ་གཞན་མི་ལེན།། བར་དོ་རྟེན་འབྲེལ་སྒྱུ་ལུས་འོད་གསལ་བས།། འདོད་པས་ལེན་པའི་སྐྱེ་གནས་གཞན་མི་ཚོལ།། སྐུ་གསུམ་ལྷུན་གྲུབ་རང་ལ་རྟོགས་པ་པས་ས་ལམ་རང་གྲོལ་ཆོད། ། དེས་མཆོག་གིས་འོད་གསལ་སྤོགས་ཐེབས་མངོན་སངས་རྒྱས།། ཞེས་སེང་གེ་སྒྲ་ཉི་ཟླ་ཁ་སྦྱོར་ལས། འོད་གསལ་ཆུང་ངུ་ཡེ་ཤེས་སྨན་དུ་བྱུང་བའི་ལེའུ་སྟེ་གྱ་དྲུག་པའོ། །།། ཀྱེ། བཅོམ་ལྡན་ཐུགས་རྗེ་ཐབས་ཀྱི་བདག། ཆོས་ཉིད་བར་དོ་ཡེ་ཤེས་ལམ་ལ་མ་གྲོལ་ན།། བློ་དམན་བག་ཆགས་སད་དེ་སྐྱེ་བ་བརྒྱུད་ནས་གྲོལ་ལུགས་ཇི་ལྟར་ལགས།། བཀའ་སྩལ་པ། འགྲོ་བ་དེ་ཡི་སྐྱེ་གནས་ལེན་ལུགས་ནི།། ཞག་ལྔ་སྐད་ཅིག་ལྔ་ལ་ཆོས་ཉིད་བར་དོ་ལ་འདས་ན།། སྐད་ཅིག་དྲུག་ལ་སོམ་ཉི་ཟ་བར་བྱེད།། སྐད་ཅིག་བདུན་ན་བར་དོ་འོད་ལུས་ལེན།། དེ་ནས་ཡི་ཆད་ཤི་བ་རྗེས་སུ་དྲན། ། ཆོས་ཉིད་བར་དོ་ཡེ་ཤེས་ཉི་མའི་དམར་ཐག་ཆད།། བདུན་ནམ་བཅུ་བཞི་ཉི་ཤུ་རྩ་གཅིག་བར།། ཀུན་ཏུ་ཚོལ་བའི་ཡིད་ཀྱིས་དྲན་ནས་ཐོགས་མེད་སྐྱེ་གནས་ཚོལ།། འགྱུ་བྱེད་ཉ་མིག་ཙམ་གྱིས་འཁྲུལ་སྣང་སྐར་མ་ཙམ་པ་མཐོང། ། ཡེ་ཤེས་མུན་སྲོད་འགྲོ་དྲུག་འོད་ཀྱི་ལམ།། ཚོམ་བུ་དར་འཕྱང་ཙམ་ལྔ་ཤར་གྱིས་འབྱུང།། མེ་འོད་ལམ་དམར་པོ་ཅོག་ཏུ་ཞུགས་པ་སྣང།། མངལ་གྱི་གྲོང་ཁྱེར་དུག་གི་མེ་ཏོག་འདྲ། ། དེར་ཚུད་དགའ་དང་བདེ་བ་ལས།། འདོད་པའི་བག་ལ་ཉལ་ནས་འདུག་ཙ་ན།། ཕ་ཡི་ས་བོན་ཀླད་པའི་རྩ་ལས་བབས།། མ་ཡི་ས་བོན་སྙིང་གི་རྩ་ལས་དམར་ལ་དྭངས།། དམར་དྭངས་དཀར་འདྲིལ་སྲིད་པའི་ལུས་ལ་གཡོགས། ། སྔོན་འབྱུང་སྲིད་པའི་ལུས་དེ་ལས་ཀྱི་ཤུགས་ཀྱིས་གོན།། ཕ་ལ་ཞེ་སྡང་མ་ལ་ཆགས་གྱུར་ཏེ།། རང་གི་ལུས་ཀྱི་ཆགས་ལུགས་དང།། དབང་པོ་དོན་སྙིང་ཆགས་ལུགས་ཤེས།། དེ་ལྟར་བར་དོ་ལུས་ཞིག་ནས། ། ནོར་བུ་རིན་ཆེན་རྒྱ་མཚོ་གཏིང་ཏུ་ཀྲོག་གིས་ལྟུང།། སྙིང་པོའི་དོན་ཉིད་སྣ་ཚོགས་འབད་པའི་སྐུ།། འོད་ལྔ་འབར་ཞིང་ཟེར་ལ་ལྡན།། རིག་པ་ཉིད་ལས་འོད་ལྔ་བུམ་པ་འཕྲོ།། ཡེ་ཤེས་རྩལ་མ་རྫོགས་པས་དེ་ལ་ཟེར་ཕྲན་འཕྲོ། ། ཟེར་ཉིད་དཀར་པོ་ཉ་མིག་ཙམ་ལས་ས་ཡི་དྭངས་མ་ཆགས།། ཟེར་ཉིད་སེར་པོ་ཆུ་ཡི་དྭངས་མ་བྱེའུ་ལེན་པའི་མགོ་ཙམ་ཆགས།། བརྟན་པར་བྱེད་པ་ས་ཡིན་ཏེ།། སྡུད་པར་བྱེད་པ་ཆུ་ཡིས་བྱས། ། ཀྲུག་གིས་འདྲེས་པ་མར་མ་མེར་དུ་གནས།། ཟེར་ཉིད་དམར་པོ་དྲོད་ཀྱི་དྭངས་མ་ནི།། མེ་ལོང་ཉི་མས་ཚིག་པའི་ངང་ཙམ་བྱུང།། དེས་ལུས་ཀྱི་ངོ་བོ་རྩ་འདབ་བརྒྱད་དུ་ཆགས།། དེ་ནས་ཟེར་ཉིད་སྔོན་པོ་ལས། ། རླུང་གི་དྭངས་མ་གསེར་ས་འོག་རླངས་ཀྱི་ངད་ཙམ་བྱུང།། ངད་དེ་རྩ་ཡི་ནང་དུ་ཞུགས་གྱུར་ཏོ།། དེ་ནས་འོག་ཀྱི་དྭངས་མ་ནི།། དངུལ་དཀར་ཞུན་མ་ཐིགས་པ་འདྲ་བ་གཅིག། སྙིང་པོའི་དོན་ལ་འཇའ་ཚོན་ལྔ་ཡིས་བསྐོར། ། རྩ་འདབ་བརྒྱད་ཀྱི་དབུས་ཉིད་དུ།། སྙིང་པོའི་གནས་སུ་ཆགས་སྔ་བ།། ས་ཡི་དྭངས་སེམས་སྙིང་ཆགས་སོ།། དེ་ནས་མེ་ཡིས་དྭངས་མས་ཕོ་མཆེར་ཆགས།། དེ་ནས་ཆུ་ཡི་དྭངས་མས་མཁལ་མ་ཆགས། ། རླུང་གི་དྭངས་མས་གློ་མཆིན་དེར་ཆགས་སོ།། ཙིཏྟ་དབུས་ཀྱི་རྩ་ནི་གསེར་གྱི་བ་ཐག་ཙམ།། ཤེལ་གྱི་སྦུ་གུ་དཀར་འཇམ་ཁོག་སྟོང་ནང།། རིག་པ་འོད་གསལ་སྒྲོན་མར་རྒྱུ་བར་བྱེད།། གྲོ་སོག་ཙམ་གྱི་རྩ་ཡིས་སྙིང་དང་གློ་བ་སྦྲིལ། ། གློ་བ་ཁོག་སྦུགས་འདོད་པའི་སྒོ་གསུམ་སྦྲེལ།། ཀུན་གཞི་སེམས་ཀྱི་མེ་ལོང་འོད་ལྔའི་ཕོ་བྲང་ལ།། གཟུང་འཛིན་ཟེར་རླུང་ཞོན་ནས་གློ་བར་རྒྱུ།། དོན་ལྔ་རྟེན་བཅས་ལུས་ཀྱི་ཁོག་སྦུབས་ཆགས་པར་བྱས། ། དེ་ནས་དབང་པོ་ཆགས་ལུགས་བསྟན་པ་ནི།། སྙིང་པོ་རིག་པའི་འོད་ཟེར་ནི།། རིག་པའི་འོད་ལྔ་བུམ་པ་ལྔ་རུ་ཤར།། དེ་ཡི་ཟེར་དཀར་པོ་ཡར་འཕྲོས་པས།། ཤེལ་གྱི་སྦུ་གུས་རྩ་ལམ་བྱས།། སྒལ་པའི་རྟེན་ལ་མིག་གཉིས་ཆགས། ། དྲན་རིག་ཞེ་སྡང་རྣམ་གཉིས་ཡར་ལ་རྒྱུ།། ཟེར་འོད་དམར་པོ་མར་ལ་རྒྱུས།། ཚོར་བ་འགྲོ་མདོའི་རྟེན་ལ་ཕོ་མོས་དབང་རྟེན་ཆགས།། ཚོར་བའི་འདོད་ཆགས་གཉིས་ནི་མར་ལ་རྒྱུས། ། ཡར་མར་རྒྱུ་གཉིས་ཚོམ་བུ་ལྟེ་བ་སྦྲེལ།། སྙིང་པོ་རིག་པའི་གཡས་ན་ཡར།། རྩ་ལམ་ཁམ་སེར་ངན་ངན་ཡར།། ལྕེ་ཡི་རྟེན་ཆགས་ང་རྒྱལ་རྒྱུ།། སྙིང་པོ་རིག་པའི་གཡོན་ན་ཡར།། རྩ་ལམ་ལྗང་ཁུ་ནང་ན་ཡང། ། རྣ་བའི་རྟེན་ཆགས་ཕྲ་དོག་རྒྱུ།། སྙིང་པོ་རིག་པའི་མདུན་ན་ཡང།། རྩ་ལམ་མཐིང་ཁ་ནང་ན་ཡར།། སྣ་ཡི་རྟེན་ཆགས་གཏི་མུག་རྒྱུ།། དེ་ནས་ལུས་སུ་གྲུབ་པ་ནི།། སྙིང་ལ་གཟུགས་ཀྱི་ཕུང་པོ་སྐྱེད། ། ཕོ་མཆེར་འདུ་ཤེས་ཕུང་པོ་སྐྱེད།། མཁལ་མས་ཚོར་བའི་ཕུང་པོ་སྐྱེད།། གློ་མཆིན་འདུ་བྱེད་ཕུང་པོ་སྐྱེད།། མཆིན་པས་རྣམ་ཤེས་ཕུང་པོ་སྐྱེད།། ས་ཡི་དྭངས་མས་རུས་པ་ཆུ་རྒྱུས་སྐྱེད།། ཆུ་ཡི་དྭངས་མས་ཁྲག་ལས་ཤ་སྐྱེད་དོ། ། མེ་ཡིས་དྲོད་དང་རླུང་གིས་སྲོག་རྟེན་སྐྱེད་བྱེད་དོ།། ནམ་མཁའ་གོ་ཕྱེ་འབྱུང་བའི་ལུས་སུ་གྲུབ།། རིག་པའི་ཟེར་འགྱུས་རླུང་གིས་སེམས་ཀྱི་རྟ་བྱས་ནས།། འབྱུང་བའི་ལམ་རྒྱུ་རྩ་བྱུང་སྦུབས་ནས་དྭངས་མ་རྒྱུ། ། སྙིང་པོ་རིག་པ་སེམས་ཀྱི་སྦུབས་ཚུད་ལས་རླུང་དབུགས་ཕྱིར་རྒྱུ།། དེ་ལྟར་ཆུ་ཡི་ལྷ་མོ་བུམ་འཛིན་མ་ཡིས་གཟུགས་སུ་བསྡུས།། མེ་ཡི་ལྷ་མོ་འོད་གསལ་མ་ཡིས་སྨིན།། རླུང་གི་ལྷ་མོ་འདེགས་བྱེད་མ་ཡིས་བཏེག་ནས་གནས། ། དེ་ནས་ཕྱི་རོལ་མཐོང་སྣང་མ་ལ་སྐྱེས།། ཤ་ཁྲག་སྦུབས་ལ་བརྟེན་ནས་དུག་གསུམ་ངང་ལ་སྤྱོད།། ཐུགས་རྗེ་ལན་ཅིག་ལས་ཀྱི་འཕྲོ་སད་ནས།། བཅུ་བཞི་ལོན་ནས་དད་པ་རྗེས་སུ་དྲན།། བླ་མས་རྗེས་སུ་དྲན་པས་རྒྱལ་བའི་བཀའ་དང་ཕྲད། ། ལུས་ངག་སྐུ་གསུམ་དུག་ལྔ་ཡེ་ཤེས་ལྔ་རུ་རྟོགས།། སུམ་ཅུ་རྩ་བཞི་དག་ལ་ཆོས་སྐུ་ཆོས་ཉིད་རྒྱས་ཐེབས་ཏེ།། ལོངས་སྐུ་རྟོགས་པའི་དོན་ལ་རྒྱ་ཡིས་ཐེབས། ། སྤྲུལ་སྐུ་སྒྱུ་མའི་ས་ལ་མི་རྟོག་ཡེ་ཤེས་རྒྱ་ཡིས་ཐེབས།། གྲོལ་བའི་དགོངས་པ་རང་ལ་རང་ཤར་ཏེ།། སྣང་བ་སྒྱུ་མར་གྲོལ་ནས་སྨིག་སྒྱུ་ཙམ་དུ་བུན་ཙེར་འཆར།། ཉོན་མོངས་རང་གྲོལ་ལན་ཚྭ་ཆུར་ཞུ་བཞིན་དུ་ལྟེམས་ཙེར་འགྲོ། ། སྤྲིན་བྲལ་ཉི་མ་བཞིན་དུ་རིག་པ་ལྷག་ཙེར་འཆར།། ཤེས་རབ་སྤྱན་གྱིས་ཕྱིར་ལྟས་སྣང་བའི་ཡུལ་མ་བཅིངས་མ་གྲོལ་མེ་ལོང་གཟུགས་བརྙན་ལྟར།། སྣང་ལ་རང་བཞིན་མེད་པར་འཛིན་པ་བྲལ། ། ཤེས་རབ་སྤྱན་གྱིས་ནང་དུ་བལྟས་པའི་ཚེ།། ཉིད་ཀྱིས་ཉིད་བཤད་ཉིད་ཀྱིས་ཉིད་ལ་བཤད།། ཉིད་ཀྱི་ངོ་བོར་རྟོགས་ཤིང་ཉིད་ཀྱིས་ངོ་བོར་གྲོལ།། སྤྱི་མདུན་ནམ་མཁའ་མཐའ་ལ་ཡེ་ཤེས་ལམ་དུ་བཀྲོལ། ། གསང་རྫོགས་ཕྱག་རྒྱ་ཆེན་པོའི་རང་ས་དེ།། དེ་ནས་ཚེ་འདིའམ་བར་དོ་ནས་ནི།། གྲོལ་བ་སྐུ་གསུམ་སྟོབས་ཆེ་བ།། ཡེ་ཤེས་འོད་ཟེར་དག་ཏུ་མྱ་ངན་འདས།། འགྲོ་བ་སྐུ་གསུམ་ས་ལ་གྲོལ་བར་ངེས། ། ཞེས་སེང་གེ་སྒྲའི་དགོངས་པའི་རྒྱུད་ཉི་ཟླ་ཁ་སྦྱོར་ལས། སྐྱེ་བ་བརྒྱུད་ནས་གྲོལ་བའི་ལེའུ་སྟེ་གྱ་བདུན་པའོ།།།། ཀྱེ། བཅོམ་ལྡན་ཐུགས་རྗེ་ཐབས་ཀྱི་བདག། རབ་འབྲིང་གྲོལ་ལུགས་ཇི་ལྟར་ལགས། ། བཀའ་སྩལ་པ། ཡེ་ཤེས་ཉི་ཟླ་ཁ་སྦྱོར་ལས།། འཇུག་པ་རིམ་གྱིས་འཇུ་བ་ལས།། འཆར་བ་ཅིག་ཅར་འཆར་བར་འདོད།། ཞི་གནས་ཡེ་ཤེས་ལ་བརྟེན་ནས།། རང་ཤར་ལྷག་མཐོང་འཆར་བ་ཡིན། ། དྲན་རྟོགས་དེ་ལ་བརྟེན་བྱས་ནས།། མི་རྟོག་ཡེ་ཤེས་མངོན་པར་འཆར།། དེས་སྙིང་པོ་ཆོས་མིན་བློ་ལས་འདས།། འཁོར་འདས་དག་ལ་བརྟེན་བྱས་ནས།། མྱ་ངན་འདས་པ་མངོན་དུ་ཐོབ།། དགོངས་པ་དག་ལ་མ་བརྟེན་ན། ། མཁྱེན་པའི་ཡེ་ཤེས་ཐོབ་མི་འགྱུར།། ཐ་མ་གྲོལ་ལུགས་སྐུ་གསུམ་ལུས་རྫོགས་མཐར།། མཐོང་བའི་ཡུལ་ལ་རྟགས་པའི་ཤེས་རབ་ཤར།། ང་ཡི་ཆོས་སྐུ་རྣམ་དག་ལ།། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཤར། ། ལོངས་སྐུ་མ་བསྐྱེད་ལྷུན་གྱིས་རྫོགས།། ཆོས་སྐུ་རྣམ་དག་རང་བྱུང་རྟོགས་བྲལ་ཤར།། འབྲིང་གི་གྲོལ་ལུགས་བསྟན་པ་ནི།། དང་པོ་ཕྱི་ནང་རྟོག་པ་འགགས།། གཉིས་པ་རང་གདངས་ཡེ་ཤེས་སྣང་བ་འོད་དུ་གསལ། ། གསུམ་པ་དེ་ལ་སྐད་ཅིག་གནས།། བཞི་པ་རང་སྣང་དེ་ལ་ཤེས་རབ་སྐྱེས།། བཞི་བཅུ་རྩ་གཉིས་མངོན་སངས་རྒྱས།། ནམ་མཁའི་མཐོངས་ནས་ཉི་ཤར་ལྟར།། རྣམ་པ་ཀུན་ལ་མཁྱེན་པའི་ཡེ་ཤེས་ཤར། ། རབ་ཀྱི་གྲོལ་ལུགས་བསྟན་པ་ནི།། སྐལ་ལྡན་སྤྲུལ་པའི་སྐུ་ཡིན་པས།། སྐད་ཅིག་དྲུག་ལ་མྱ་ངན་འདས།། ཡེ་ཤེས་རླུང་གི་སྟོབས་རྣམས་ཀྱིས།། གཟུགས་སྐུའི་ངང་ལ་ཆོས་སྐུར་སྐྱོད།། ཐ་མ་གཙོ་འཁོར་རིམ་པས་ཐིམ། ། སྤྲུལ་སྐུ་འབྱུང་ལྔ་འོད་ལྔའི་ངང་དུ་ཐིམ།། དེ་ལྔ་ཡེ་ཤེས་ལྔ་ཡི་ངང་དུ་གྲོལ།། དང་པོ་མ་ལ་ཤར་བས་མ་ཡི་ངང་དུ་ཞ།། ཆོས་ཉིད་ངང་ལ་ཤར་བས་ངང་དུ་ཐིམ།། སྤྱན་གསུམ་རྣམ་དག་འགྱུར་མེད་གཅིག་ཏུ་གསལ། ། ཆོས་ཉིད་རིག་པའི་ཡེ་ཤེས་གནས།། ཕྱི་མི་གསལ་ཡེ་ཤེས་ནང་གསལ་ལོ།། བུམ་པ་ནང་གི་མར་མེ་གསལ་བ་བཞིན།། དེ་ཚེ་འགྱུར་མེད་སྐུ་གསུམ་རང་ས་ཟིན།། རབ་ནི་སྤྲུལ་སྐུ་རྫོགས་ལྡན་ཆེན་པོས་བྱ། ། འབྲས་བུ་རྫོགས་སངས་རྒྱས་པའི་ལ་དོར་རོ།། ཞེས་སེང་གེ་སྒྲའི་དགོངས་པ་ལས། རབ་འབྲིང་གྲོལ་ལུགས་ཀྱི་ལེའུ་སྟེ་གྱ་བརྒྱད་པའོ།།།། ཀྱེ། བཅོམ་ལྡན་ཐུགས་རྗེ་ཐབས་ཀྱི་བདག། སྐུ་གསུམ་རོལ་པའི་མཁྱེན་པ་ཇི་ལྟར་ལགས། ། མངོན་ཤེས་དྲུག་ལྡན་སྤྱན་གསུམ་འཆར།། ཆོས་ཀྱི་སྤྱན་གྱིས་ཡར་ལ་ཆོས་སྐུ་རིན་ཆེན་ལྟ་བུར་གཟིགས།། གཟིགས་སུ་མེད་པའི་ཡུལ་གཟིགས་སོ།། ཐད་ཀར་ལོངས་སྐུ་ཚོམ་བུ་སྣང་བ་གཟིགས། ། མར་ལ་སྤྲུལ་སྐུ་གནས་ལུགས་རྟོགས།། བག་ཆགས་སྦུབས་ནས་ཇི་ལྟར་གནས་པ་གཟིགས།། སྙན་གྱི་མངོན་ཤེས་ཡར་ལ་ནི།། ཆོས་སྐུའི་ཞིང་ན་རྩེ་གཅིག་ཐུགས་ཀྱི་གླེང་བ་གསན། ། ཐད་ཀ་ལོངས་སྐུ་བརྡ་ཡིས་གསུང་ཡང་གསན།། མར་ལ་སྤྲུལ་སྐུའི་ཞིང་ཁམས་ན།། འགྲོ་བ་ཀུན་གྱི་སྒྲ་སྐད་གསན།། ཐུགས་ཀྱི་མངོན་པར་ཤེས་པ་ཡིས།། ཡར་ལ་རིན་ཆེན་སྦུབས་ཀྱི་ཆོས་སྐུ།། འབྱེད་མེད་ཤེས་རབ་འཛིན་མེད་རང་གསལ་བ། ། རང་སྣང་རྟོག་མེད་རིག་པའི་འོད་གསལ་མཁྱེན།། ཐད་ཀ་ཚོམ་བུ་དགོངས་པ་མི་འགག་གསལ།། མར་ལ་སེམས་དེ་རྟོག་པ་སོ་སོ་ཐམས་ཅད་མཁྱེན།། གནས་ཀྱི་མངོན་ཤེས་སྐུ་གསུམ་བཞུགས་ལུགས་ནི། ། ཆོས་སྐུ་ཆོས་དབྱིངས་ལོངས་སྐུ་འོད་སྣང་དང།། སྤྲུལ་སྐུ་འགྲོ་དྲུག་སྐྱེ་གནས་མཐོ་དམན་མཁྱེན།། ལས་ཀྱི་མངོན་པར་ཤེས་པ་ནི།། སྔོན་དང་ད་ལྟ་ཕྱིས་འབྱུང་འགྲོ་བ་ཀུན། ། ཇི་ལྟར་སྤྱོད་འབྱུང་ལས་འབྲས་རྣམ་སྨིན་མཁྱེན།། སྤྱན་ཞེས་པ་ཡི་བརྗོད་པ་ནི།། གསལ་བ་མི་རྟོག་འགྲོ་དོན་མཛད།། ཐུགས་རྗེའི་མངོན་པར་ཤེས་པ་ནི།། འགྲོ་དྲུག་རང་རང་མཐུན་པ་རུ།། སྤྲུལ་སྐུ་ཡུལ་གཟིགས་ཐུབ་དྲུག་འཆད། ། ཡི་གེ་དྲུག་ལྡན་སྤྲུལ་སྐུ་འཆར།། མ་ས་ཤ་ཨ་ཧ་འ་དང་དྲུག། རིགས་ཀྱི་ཡི་གེ་དྲུག་ཅེས་བྱ།། ཆོས་སྐུ་དོན་དུ་བཞུགས་པ་ལས།། ལོངས་སྐུ་སྤྱན་ལས་ཡི་གེ་སྤྲུལ་པར་འཕྲོ།། སྐལ་ལྡན་ལུས་དག་འདུ་འཕྲོའི་བར། ། དཀར་དམར་རྣམ་གཉིས་ལུས་བསྒྱུར་བྱས།། ཡི་གེ་དྲུག་པོས་རིག་པ་སེམས་སུ་བརྟེན།། ལུས་ཀྱི་རྒྱུ་ལ་སེམས་ཀྱི་རྟེན་ཤར་བ།། དཀར་དམར་རིག་པ་གནས་པ་ནི།། གནས་ལ་གནས་གབ་ལུས་ལ་སེམས་ཀྱི་ཚུལ། ། དེས་འགྲོ་བ་འདྲེན་པ་སྤྲུལ་སྐུ་མཛད།། འགྲོ་བ་མ་ལུས་ཐམས་ཅད་ལ།། རང་རིག་ཡེ་ཤེས་ཁྱབ་གནས་པས།། སྙིང་པོ་འགྱུར་མེད་ཡེ་ཤེས་འགག་པ་མེད།། དེ་དོན་ངེས་པའི་ཆོས་ཀུན་འགྲོ་ལ་སྟོན། ། ཐུགས་ཀྱི་དགོངས་པ་འགྲོ་བ་ཀུན་ལ་འཆར།། སྟོན་པའི་དགོངས་པ་ལོངས་གྱུར་ནས།། ཐུགས་ལ་ཐུགས་འདྲེས་བཅུད་ལ་བཅུད་གབ་འགྱུར།། དེ་ནས་འགྲོ་བས་རྟོགས་ནས་གྲོལ་བར་འགྱུར།། ཞེས་སེང་གེ་སྒྲའི་དགོངས་པ་ལས། ། མཁྱེན་ཚད་དང་ཐུགས་རྗེ་འབྱུང་ཚུལ་གྱི་ལེའུ་སྟེ་གྱ་དགུ་པའོ།།།། ཀྱེ། བཅོམ་ལྡན་ཐུགས་རྗེ་ཐབས་ཀྱི་བདག། ཐུགས་རྗེ་སྤྲུལ་སྐུ་མྱ་ངན་ཇི་ལྟར་འདའ།། བཀའ་སྩལ་པ། དེ་ནས་སྐད་ཅིག་དྲུག་པ་ལ། ། ཡེ་ཤེས་རླུང་གི་སྟོབས་ལྡན་གྱིས།། དང་པོ་གཟུགས་སྐུ་ཆོས་སྐུར་སྐྱོད།། དེ་ནས་གཙོ་འཁོར་རིམ་པར་ཐིམ།། ཡེ་ཤེས་རླུང་གི་ཆོས་ཉིད་ངང་ལ་སྤྱོད།། དེ་ཚེ་འབྱུང་བ་མཚན་མ་རང་སར་གྲོལ།། སྤྲུལ་སྐུའི་འབྱུང་ལྔ་འོད་ལྔའི་ངང་དུ་ཐིམ། ། འོད་ལྔ་ཡེ་ཤེས་ལྔ་ཡི་འབྱུང་ལྔར་གྲོལ།། དང་པོ་ཆོས་ཉིད་མ་ལ་ཤར་བས་མ་ཡི་ངང་དུ་ཞི།། སྟོབས་ལྡན་མ་དང་ཤུགས་འཆང་མ།། གཉིས་སུ་མེད་པར་སྦྱོར་བར་བྱེད།། དཔེར་ན་ཉི་མའི་སྙིང་པོ་ལྟར། ། རིག་པའི་རང་རྩལ་སྐུ་དང་ཡེ་ཤེས་ཤར།། ཐ་མ་འཁོར་རྣམས་གཙོ་ལ་སྡུད།། གཙོ་བོ་ལྔ་ཡང་ཆོས་སྐུ་རིན་ཆེན་སྦུབས་སུ་གཤེགས།། རྩོལ་དང་བཅས་ནས་བསྐྱོད་པ་མ་ཡིན་ཏེ།། ངང་གི་འགྲོ་བ་ཕྱིར་ན་ཤུགས་འཆང་ངོ། ། དེ་དུས་ཆོས་སྐུ་རིན་ཆེན་ལྟ་བུ་སྟེ།། གདོས་པ་ཅན་གྱི་ཆོས་མེད་དེ།། ཆོས་ཉིད་ནམ་མཁའ་ལྟ་བུ་དང།། ཆོས་སྐུ་ནམ་མཁའ་ལྟ་བུ་གཉིས།། གཉིས་མེད་ཡེ་ཤེས་ཟང་ཐལ་ཏེ།། མི་འབྱེད་སང་ངེ་གནས་པས་འདེགས་བྱེད་མ། ། དེ་ཙམ་དུས་ཀྱི་ངོ་བོ་ན།། རླུང་གིས་ཡེ་ཤེས་མ་གཡོས་བརྟན་མས་བྱའོ།། དེ་རྣམས་མཚན་ཉིད་གཅིག་ལ་གནས་པའོ།། འབྱུང་བ་མ་ལ་ཞ་བའི་མཚན་ཉིད་ལྔ།། འཁྲུལ་པའི་ས་ཆུ་མེ་རླུང་ལྔ།། ཡེ་ཤེས་འབྱུང་ལྔའི་ཡེ་ཤེས་གདངས་ལ་འདུས།། ཡེ་ཤེས་ལྔ་ཡི་འོད་གདངས་ཡང།། རང་བྱུང་འབྱུང་བ་ལྔ་ལ་འདུས།། དེ་ཚེ་རྡོ་རྗེ་གྱ་གྲམ་བཀོད་ལེགས་གདན།། དུས་དེར་གཡོ་བ་མེད་པ་རྒྱ་གྲམ་ལྟར། ། དེས་ནི་གཡོས་པ་མེད་པར་བསྐྱོད་པའོ།། ཆུ་ཤེས་འཁོར་ལོ་བརྩེགས་ལེགས་ཏེ།། འབྱེད་མེད་ཤེས་རབ་ཀློང་གཅིག་འཁྱིལ།། གཤེར་བ་མེད་པའི་ཆུ་ཞེས་བྱ།། དེ་ཉིད་རྣམ་དག་དབྱིངས་ཉིད་བརྩེགས་ལེགས་སོ། ། དབྱིངས་ཀྱི་རྣམ་དག་ཡན་ལག་ནི།། རིག་པ་གསལ་སྟོང་དབྱེར་མེད་དོ།། དེ་ཡི་ས་ན་ཡེ་ཤེས་སྤྱན་མ་འགགས།། ཡེ་ཤེས་འོད་གསལ་བུམ་པ་ལྔར་ཤར་བ།། དེ་ཡི་སྙིང་པོ་རིགས་ལྔ་གསལ་བཀྲམ་བརྡལ། ། དེས་ན་སྲ་བ་མེད་པའི་ས་བརྩེགས་ལེགས།། ཀྱེ་རིགས་ཀྱི་བུ་ངེས་པར་ཟུང།། རང་གསལ་འཛིན་མེད་ས་ཉིད་ལ།། སྲ་བ་མེད་པའི་ངང་དུ་གྲོལ་བ་མི་འགྱུར་བ།། མ་འདྲེས་ཡོངས་རྫོགས་མཆོད་རྟེན་ལྟར། ། བཟང་ངན་ཡངས་དོག་ཆེ་ཆུང་ཁོང་སྙོམས་པས།། འདུག་ཚུལ་སྐུ་ཡི་ཡེ་ཤེས་ལས།། སྣང་ཚུལ་སྐུ་ཡི་ཤེས་རབ་ཤར།། རྟོགས་པ་གཉིས་མེད་ཡེ་ཤེས་ཚུལ།། འབྱེད་པ་མེད་པའི་ཚུལ་ཤེས་སོ།། དེ་ཡིས་དུས་ཉིད་ཙམ་ན་ནི། ། ཚ་བཅས་མ་ཡང་ཚ་མེད་མེ་ཡི་ངང་དུ་གྲོལ།། རང་རིག་ཡེ་ཤེས་གཞན་སྣང་རྟོག་པ་མེད།། དྲི་མེད་རིག་པ་འགྱུར་མེད་གནས།། མེ་ཉིད་པདྨའི་དྲ་བས་སྨིན་པར་བྱས།། རིག་པ་འཐུང་ལྔ་འདས་པའི་རང་གདངས་ལ། ། འོད་ལས་འདས་པའི་ཡེ་ཤེས་དང།། ཡིད་ལས་འདས་པའི་ཤེས་རབ་ཀློང།། ནམ་མཁའ་ཁྱབ་པ་མེད་པའི་གདངས་ཅན་ལས།། སྐྱེ་འགག་ནུབ་པ་མེད་གནས་པ།། རྒྱལ་མཚན་རྩེ་མོ་ལྟར་དུ་མཐར་བསྐྱལ་ལོ། ། དེ་ལྟར་འབྱུང་ལྔ་དབྱིངས་དང་ཡེ་ཤེས་དབྱེར་མེད་ཤར།། དེ་ཉིད་དེ་ཡི་ངང་དུ་དག་ཅིང་ཐིམ།། སོ་སོར་རྟོག་པའི་ཡེ་ཤེས་ལས་འདས་ཤིང།། གཟིགས་སྣང་ཡུལ་ལས་འདས་ནས་གཉིས་མེད་པས།། ཡེ་ཤེས་རྩེ་གཅིག་ངང་ལས་གསལ་བ་ལས། ། ཡེ་ཤེས་སྤྱན་གྱི་ངོ་བོ་རྣམ་པར་དག། དེ་ཚེ་ཤེས་རབ་སྤྱན་དང་ཆོས་ཀྱི་སྤྱན།། ཡེ་ཤེས་སྤྱན་གསུམ་ངོ་བོ་དག་ནས་གཅིག་ཏུ་འཁྱིལ།། ཀྱེ་རིགས་ཀྱི་བུ་ངེས་པར་ཟུང་ཞིག། ཡེ་ཤེས་དབྱིངས་སུ་ཐིམ་པ་ཡང།། སྟོང་པ་བྱང་ཆད་མ་ཡིན་ཏེ།། ཆོས་དབྱིངས་ཡེ་ཤེས་ཐིག་ལེ་ལ།། གཤེར་མེད་ཆུས་མེད་ནང་དུ་བསྡུས།། སྐུ་དང་ཡེ་ཤེས་ནང་གསལ་ངང་དུ་གནས།། ཤེས་རབ་མཁའ་ལ་འཁྱིལ་བ་ཞེས་སུ་བྱ། ། རྒྱས་པར་བསྟན་ན་མཚན་ཉིད་བཞི།། སྐུ་དང་ཡེ་ཤེས་དབྱིངས་ཐིམ་ནས།། རིག་པ་རང་གསལ་དབྱིངས་ན་མ་འགགས་པ།། ངོ་བོ་ཐིམ་ལ་མ་རྨུགས་པ་ཞེས་བྱ།། མ་རྨུགས་སེམས་རྟོག་རྣམ་དག་སྟེ། ། རང་སྣང་ཡེ་ཤེས་འོད་གསལ་ལ་འདས་ན།། གཞན་སྣང་རྟོག་འཛིན་མི་མངའ་དག། འབྱེད་པ་མེད་པའི་ཤེས་རབ་འགག་མེད་པས།། རིག་པའི་ཡོན་ཏན་རང་གི་ཀློང་གསལ་བ།། ཡུམ་གྱི་བུམ་པ་ལྔ་ན་ཡེ་ཤེས་སྐུ་ལྔ་གསལ། ། རང་སྣང་གཞན་སྣང་དག་ཀྱང་མ་འདྲེས་སོ་སོར་གསལ།། རིག་པའི་རང་སར་གནས་པ་ཆོས་སྐུའི་ངང།། སྟོང་ཉིད་རྡོ་རྗེ་ལྟ་བུའི་སྐུ་ཐོབ་ནས།། ཆོས་སྐུའི་ཀློང་ན་ཡེ་ཤེས་ལོངས་སྐུ་ཡེ་ཤེས་སྤྱན། ། མ་འགགས་གསལ་བས་སྐུ་གཉིས་རྒྱན་དུ་ཆེ།། གཡུང་དྲུང་ལྟ་བུ་ཚེ་ལ་ནི།། འབྱེད་མེད་ཤེས་རབ་ཀློང་གཅིག་འཁྱིལ།། ཐུན་མེད་ཐུན་ཆེན་གཅིག་གི་ངང་དུ་གྲོལ།། རྒྱུན་གྱི་ཏིང་འཛིན་རྩེ་གཅིག་ངང་ལ་གནས། ། དེ་ཚེ་ཡུལ་གཉིས་སྣང་བ་ལས་གྲོལ་ནས།། རང་སྣང་གཞན་སྣང་རྟོག་པ་ངོ་བོར་དག། སྐུ་གཉིས་འདས་ནས་རིན་ཆེན་སྦུབས་ཉིད་གཅེར་བུར་གནས།། སྤྱན་གཉིས་འདས་ནས་ཡེ་ཤེས་རྩེ་གཅིག་གོ། ཤེས་རབ་མཁའ་ལ་འདེགས་པ་ཡིས།། མ་བསྐྱོད་ཤུགས་ཀྱིས་བསྐྱོད་པ་ཡིན།། འབྱུང་བ་མ་ལ་ཞ་བ་ཡིས།། མཚན་མ་རང་སར་གྲོལ་བར་བྱས།། ཡེ་ཤེས་དབྱིངས་སུ་ཐིམ་པ་ཡིས།། རྩལ་སྟོབས་བཞི་ལ་ཐིམ་པར་སྟོན། ། ཤེས་རབ་མཁའ་ལ་འཁྱིལ་བ་ཡིས།། སྐུ་གསུམ་ཡེ་ཤེས་ནང་གསལ་ལོ།། རིག་པ་རང་ས་ཟིན་པ་ཡིས།། དགོངས་པ་འགྱུར་མེད་མཐའ་རུ་སྐྱོལ།། དེར་སྐུ་གཉིས་ཆོས་སྐུར་མྱ་ངན་འདས།། མྱ་ངན་འདས་པའི་ངོ་བོ་ནི། ། ངོ་བོ་མི་གནས་ཡེ་ཤེས་ཆེན་པོ་ཡིན།། ངེས་ཚིག་སྡུག་བསྔལ་མཐའ་ལས་འདས་པ་སྟེ།། མི་རྟོག་བདེ་ཆེན་གནས་པའོ།། དབྱེ་བ་ཟག་བཅས་མྱ་ངན་འདས།། ཟག་མེད་མྱ་ངན་འདས་པའོ།། མཚན་ཉིད་མཐའ་བཞི་ལས་གྲོལ་འདས། ། འཁོར་བའི་ཆོས་ལ་མི་གནས་གྲོལ་བའི་ངོ་བོར་ཤར།། གྲོལ་བ་རང་ངོ་སོ་སོ་སྟེ།། རང་གདངས་ཆེན་པོར་གསལ་བ་ཡིན།། ལུས་ལས་གྲོལ་བའི་ངོ་བོ་ནི།། རྟོག་མེད་རིག་པའི་གནས་ལུགས་ཡིན། ། རིག་པ་གྲོལ་བའི་ངོ་བོ་ནི།། རྩོལ་བའི་ཆོས་ལས་རབ་འདས་ཤིང།། འཁྲུལ་པ་གསུམ་གྱིས་མ་བཅིངས་གྲོལ།། དཔེར་ན་སྦྲུལ་མདུད་བོར་བའམ།། རྔ་མ་དག་པའི་མདུད་པ་བཞིན།། ངོ་བོ་ཉིད་ལས་ངོ་བོར་གྲོལ། ། སྐུ་གཉིས་ཡེ་ཤེས་ཀློང་བསྐྱོད་པ།། རྫོགས་སངས་རྒྱས་པ་ཤེས་སུ་བཤད།། སེང་གེ་སྒྲ་ཉི་ཟླ་ཁ་སྦྱོར་ལས། སྤྲུལ་སྐུ་མྱ་ངན་འདའ་བར་བསྟན་པའི་ལེའུ་སྟེ་དགུ་བཅུ་པའོ།།།། གནས་གསང་ཆེན་དུར་ཁྲོད་རོལ་པ་དེར། ། མེ་རི་འབར་བའི་བྲག་ཕུག་ན།། གཞོན་དུ་དཔའ་བོ་སྟོབས་ལྡན་དེས།། ལག་ན་རྡོ་རྗེ་ཉེར་གནས་བྱས།། རྩེ་གསུམ་མཁའ་འགྲོ་རོལ་མོ་དང།། ཌ་མ་རུ་ཡི་སྒྲ་དབྱངས་དང།། ཀ་པཱ་ལ་ཡིས་ཞལ་བུ་དང། ། བདུད་རྩི་ལྔ་དང་ཤ་ལྔ་ལོངས་སྤྱོད་དང།། རུས་པའི་རྒྱན་གྱིས་མཚོན་ནས་ནི།། འཁོར་གྱི་མཁའ་འགྲོ་བསྡུ་བ་མཛད།། བྱང་ཆུབ་སེམས་དཔའ་རྣམ་དྲུག་དང།། མཁའ་འགྲོ་ཕྱི་ནང་འཁོར་བསྡུས་པ། ། མཁའ་འགྲོ་པུ་རྣ་ཉེ་བར་ཞི་བ་དང།། མཁའ་འགྲོ་ཚངས་པ་དུད་མགྲིན་མ་དང།། དྲང་སྲོང་ཆེན་པོ་ཟླ་འོད་དང།། ཁྱུང་གི་སྡེར་མོ་ཅན་དང་བཞིས།། དེ་རྣམས་ཡོན་བདག་བྱས་ནས་ནི། ། སྣང་བ་སྟོན་པ་དམ་པའི་ཆོས།། བདུད་རྩི་ཡང་ཞུན་ཐིགས་པ་འདི་བཤད་དོ།། རྒྱུད་འདི་ནི་སེང་གེ་སྒྲ་སྒྲོགས་དགོངས་པ་ཐེག་དམན་ཟིལ་གྱིས་གནོན་པར་ཡང་ཟུངས་ཤིག། ཡེ་ཤེས་ཟུང་འཇུག་ཉི་ཟླ་ཁ་སྦྱོར་ཞེས་བྱ་བར་ཡང་ཟུང། ངོ་སྤྲོད་སྟོན་ཉི་སྣང་བའི་སྒྲོན་མར་ཡང་ཟུང། སྐུ་གསུམ་མངོན་རྫོགས་རྒྱ་རྟག་གསེར་གྱི་མེ་ལོང་བྱ་བར་ཡང་ཟུངས་ཤིག་ཅེས་རྒྱུད་གཏད་པའི་ལེའུ་སྟེ་དགུ་བཅུ་གཅིག་པའོ།།།། མཁའ་འགྲོ་རྡོ་རྗེ་ཞེ་སྡང་མ་དང། ། ང་རྒྱལ་རྡོ་རྗེ་མ་དང། གཏི་མུག་རྡོ་རྗེ་མ་དང། འདོད་ཆགས་རྡོ་རྗེ་མ་དང། ཕྲག་དོགས་རྡོ་རྗེ་མ་དང། བྱང་ཆུབ་སེམས་དཔའ་འཁོར་ཤུགས་ཅན་དང། སྟོབས་ཀྱི་གླང་པོ་དགའ་བྱེད་གཞོན་ནུ། ཏིང་འཛིན་བཟང་པོ། ལག་ན་རིན་པོ་ཆེ། ལག་ན་ཅོད་པན།། ལག་ན་རྡོ་རྗེ་ལ་སོགས། གསེར་འོད་དམ་པ་སྒྲ་སྒྲོགས་པས་ཐུགས་སོ་སོར་ཚིམ་ནས་དགའ་མགུ་ཡི་རངས་ཏེ། མགྲིན་གཅིག་ཏུ་ཐབས་ཀྱི་རྒྱལ་པོས་ཡང་གསང་རྒྱུད་བཤད་པ། ཨེ་མ་ཧོ། སངས་རྒྱས་མ་བཀག་མ་སྦྱངས་པར།། མ་བཙལ་བདེ་ཆེན་ངང་ལ་གྲོལ་བ་ངོ་མཚར་རོ།། འདི་ཚིག་ཀུན་ལ་བཤད་པའི་ཐུགས་རྗེ་ཡིས།། ཐབས་མཁས་ཐུགས་རྗེ་སྟོབས་མངའ་བྱམས་པ་ཁྱོད་ལ་འདུད། ། ཨེ་མ་ཐུགས་རྗེ་ཐབས་ཀྱི་བདག། སྙིང་པོ་གསང་བ་དོན་གྱི་རྒྱུད་གསུངས་པས།། སྣོད་ཀྱི་འཇིག་རྟེན་དབྱིངས་སུ་དག། བཅུད་ཀྱི་སེམས་རྟོག་ཡེ་ཤེས་རིག་པར་གྲོལ།། ལུས་ངག་ཡིད་གསུམ་སྐུ་གསུམ་ངོ་བོར་དག། དུག་ལྔ་ཡེ་ཤེས་ལྔར་ཤར་ནས།། བདག་ཅག་རྣམས་ཀྱང་མི་གནས་ངང་དུ་མཆི།། ཞེས་མི་རྟོག་པའི་ངང་དུ་གཤེགས་སོ།། སྟོན་པ་རྡོ་རྗེ་སེམས་དཔའ་ལ། ཞུ་བ་པོ་ཕྱག་ན་རྡོ་རྗེས་ཞུས། དགའ་རབ་རྡོ་རྗེས་མཇུག་བསྡུས་སོ།། སེང་གེ་སྒྲའི་དགོངས་པ་ཉི་ཟླ་ཁ་སྦྱོར་ལས། རྗེས་སུ་ཡི་རངས་བསྟོད་པའི་ལེའུ་སྟེ་གོ་གཉིས་པའོ།།།། པཎྜི་ཏ་བི་མ་ལ་དང་ལོ་ཙ་བ་གཉགས་ཀུ་མཱ་རས་མཆིམ་ཕུ་བྲེའུ་དགེའུར་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའི་རྒྱུད། སེང་གེ་སྒྲའི་དགོངས་པ་ཉི་ཟླ་ཁ་སྦྱོར་ཞེས་བྱ་བའི་རྒྱུད། ཡང་གསང་རྨད་དུ་བྱུང་བ་བཀླགས་པས་གོ་བའི་བཤད་རྒྱུད་རྫོགས་སོ། །།། གསང། གསང། གསང་རྒྱ་རྟགས།།།། ཐུགས་ཀྱི་དངོས་པོ་ཅི་ཡང་མི་མངའ་བར།། ཐམས་ཅད་རང་གི་ངོ་བོ་ཆོས་སྐུར་མཁྱེན།། མཁྱེན་པ་མེད་པའི་མཁྱེན་པ་ཆེན་པོ་དེ།། རྡོ་རྗེ་སེམས་དཔས་མཁྱེན་པའི་མཆོག་ཏུ་གསུངས།། རྣམ་རྟོག་མི་མངའ་ཅིར་ཡང་སལ་ལེ་མཁྱེན། ། ང་དང་གཞན་དུ་བྱ་བྱེད་ལ་སོགས་པའི།། རྣམ་རྟོག་མི་མངའ་ཆོས་སྐུ་སལ་ལེ་མཁྱེན། དེ་ནི་ངེས་དོན་ཐམས་ཅད་མཁྱེན་པ་ཡིན།། དེ་ནི་ཐམས་ཅད་མཁྱེན་པའི་མཆོག་ཏུ་གསུངས། ། སྐུ་གསུང་ཐུགས་ཀྱང་གཅིག་གི་ངོ་བོར་བཞུགས།། སྐུ་གསུམ་ངོ་བོ་ཉིད་ཀྱི་སྐུ་ལ་བཞུགས།། ཐམས་ཅད་ཐིག་ལེའི་ངོ་བོར་བཞུགས་པ་ལ།། གཡོས་པ་མི་མངའ་སལ་ལེ་མཁྱེན།། དེ་ལས་གཞན་དུ་ཐམས་ཅད་མཁྱེན་པའི་བདུད། ། དྲང་དོན་ཨ་ནུ་མན་ཆོད་ཐམས་ཅད་མཁྱེན་པ་དེ།། བདག་གི་གཞན་མཁྱེན་མཁྱེན་བྱ་མཁྱེན་བྱེད་དེ།། བདག་མེད་རྟོགས་པའི་མཁྱེན་པ་མེད།། དེ་ནི་ད་དུང་འདུས་བྱས་གཟུང་འཛིན་ཡིན། ། དེ་ནི་ང་ཡི་ཡོན་ཏན་མ་ཡིན་ནོ།། ང་ཡི་ཡོན་ཏན་གོང་དུ་སྨོས་པ་དེ།། ཁྱོད་ཀྱི་བློ་ཡིས་གཏིང་དུ་གོ་བར་གྱིས།། དེ་དོན་གོ་བས་རེ་དོགས་ཆད་པར་གྱིས།། དེ་ལྟ་བུ་ཡི་ཡོན་ཏན་ཆེན་པོ་དེ།། བསྒྲུབས་ནས་གཞན་ནས་བྱུང་བ་མ་ཡིན་ཏེ། ། རང་གི་ངོ་བོ་ཡེ་ནས་དེ་ལྟར་གནས།། ཡེ་ནས་གནས་པ་རྟོགས་ནས་བསྟན་པ་ལ།། མཐར་ཐུག་སངས་རྒྱས་དེ་ལ་བྱས་པ་ཡིན།། དེ་ལྟར་རང་གིས་རྟོགས་ནས་བསྟན་པ་ལ།། ཕྱི་ནང་སྣོད་བཅུད་ང་ཡི་ཡོན་ཏན་ནོ། ། ང་ཡི་ཡོན་ཏན་ཕྱོགས་སུ་མ་ཆད་པས།། ཡོན་ཏན་མཆོག་ཏུ་གྱུར་པར་རྒྱལ་བས་གསུངས།། ཡོན་ཏན་ཕྱོགས་ཆད་སངས་རྒྱས་ཡོན་ཏན་མེད།། དེ་ནི་སེམས་ཅན་བློ་ཡི་ཡོན་ཏན་ཡིན། ། ཆོས་ཉིད་བསམ་གྱིས་མི་ཁྱབ་པའི།། དོན་དེ་རྟོགས་ནས་སངས་རྒྱས་བསྟན་པ་ནི།། སངས་རྒྱས་སྐུ་གསུང་ཐུགས་ཡིན་ནོ།། ཐམས་ཅད་ང་ཡི་དངོས་གཞིའི་སྐུ།། ང་ཡི་ཐམས་ཅད་འབྲེལ་བས་གསུངས། ། ང་ཡི་ངོ་བོ་མི་བྱེད་ཐུགས།། ང་ཉིད་དངོས་པོར་གྱུར་ཙམ་ན།། སྐུ་གསུང་ཐུགས་སུ་ཕྱེ་བ་མེད།། ཆོས་ཉིད་དོན་གྱི་ངོ་བོ་དེ།། མ་བྱས་སྤྲོས་བྲལ་ཆོས་ཀྱི་སྐུ།། མ་འགགས་རང་བྱུང་ལོངས་སྤྱོད་སྐུ།། ཆོས་ཉིད་གཅིག་ལས་མ་གཡོས་པར། ། མཚན་མ་སྣ་ཚོགས་སྤྲུལ་པའི་སྐུ།། སེམས་ཅན་ཆོས་སུ་འདྲེས་པ་ནི།། སྐུ་གསུང་ངོ་བོ་ཕྱེ་བ་མེད།། ཕྱེ་བ་མེད་པའི་ཡོན་ཏན་དེ།། ཡོན་ཏན་མཆོག་ཏུ་རྒྱལ་བས་གསུངས།། བློ་ལྡན་ཁྱོད་ཀྱིས་དེ་ལྟར་ཟུང། ། སྐལ་མེད་གཞན་ལ་བསྟན་གྱུར་ཀྱང།། ངེས་ཤེས་མི་སྐྱེ་ཐེ་ཚོམ་ཟ།། ཟོས་ན་གཞན་ཡང་བཟློག། དེ་བས་དེ་ཡང་ཉེས་པ་ནི།། རྒྱ་མཚོར་དུག་གི་དཀྲུགས་པ་ཡི།། བྱེ་བའི་ཆར་ཡང་མི་ཕོད་དོ།། རྡོ་རྗེའི་དམྱལ་ལམ་ལྷུན་གྲུབ་སྐུ། ། གཞན་གྱིས་རེག་ན་ཕུང་འགྱུར་བས།། བཙན་དུ་གཞན་དུ་ལེགས་པར་བཙལ།། ཞེས་ཡོན་ཏན་ལྷུན་གྱིས་གྲུབ་པའི་ཡི་གེའི་ལེའུ་སྟེ་བཅུ་གཉིས་པའོ།།།། བཅོམ་ལྡན་འདས་བྱ་བྲལ་ངང་ལ་ཕྱག་འཚལ་ལོ། ། ཆོས་སྐུ་ཡེ་ནས་རྣམ་པས་དབེན་པ་ལ།། བདག་དང་གཞན་དུ་འཛིན་པས་སེམས་ཅན་དེ།། པའམ་ཅན་ནི་ལྡན་པའི་སྒྲ།། བདག་ཏུ་འཛིན་པའི་སེམས་ཤེས་ཏེ།། གཞན་དུ་གཟུང་བས་ཅན་ཞེས་བྱ། ། སེམས་ལ་སེམས་སུ་འཛིན་པས་ན།། སེམས་ཤེས་འཛིན་པའི་དོན་གྱིས་སོ།། དོལ་གཟུང་པའི་ཡུལ་བྱུང་བས།། ཡུལ་ལ་ཅན་ཞེས་བཏགས་པའོ།། བདག་དང་གཞན་ཡོད་ཇི་བཞིན་དུ།། བྱ་བྱེད་ཡོད་པས་རྒྱལ་བས་གསུངས་བྱེད་པའི་ངོས་ནས་སེམས་ཞེས་བྱ། ། བྱ་བའི་ངོས་ནས་ཅན་ཞེས་བྱ།། བདག་ཡོད་བར་དུ་ཕན་གནོད་ཡོད།། བདག་ཆའི་ངོས་ནས་ཅན་ཞེས་ཏེ།། འདོགས་བྱེས་ངོས་ནས་སེམས་ཞེས་ཏེ།། ཇི་སྲིད་བདག་ཡོད་བར་དུ་ན། ། གཞན་མེད་ཟེར་བ་བླུན་པ་སྟེ།། ཚུར་ཀ་མེད་པའི་ཕར་ཀ་ནི།། རྨི་ལམ་ན་ཡང་མཐོང་བ་མེད།། བདག་ནི་ཤེས་བྱའི་སྒྲིབ་པ་སྟེ།། ཡུལ་ནི་ཉོན་མོངས་སྒྲིབ་པ་ཡིན།། སྒྲིབ་པ་ཅན་ཞེས་དེ་ལ་བཤད། ། སེམས་ཅན་ཞེས་སུ་བསྟན་པ་ཡིན།། ཉན་ཐོས་ཨ་ནུ་མན་ཆོད་དུ།། ཐེག་པའི་བྱེ་བྲག་བསམ་ཡས་ཀྱང།། སྒྲུབ་ནས་གྲུབ་པའི་འབྲས་བུ་དེ།། བསྒྲུབ་བྱ་བསྒྲུབ་བྱེད་ཡོད་པས་ན།། དེ་ཡང་ཡུལ་དང་ཡུལ་ཅན་མོད། ། རེ་དོགས་བླང་དོར་མ་ལྡོག་པས།། རེ་ཡང་སེམས་ཅན་བློ་ཡིས་ཆོས།། གོང་གི་ཆོས་ལས་མ་འདས་པས།། བྱ་བྱེད་ཡོད་པ་ཇི་བཞིན་དུ།། སེམས་ཅན་ཡིན་པར་རྡོ་རྗེ་སེམས་དཔས་གསུངས།། གཟུང་འཛིན་མེད་པའི་བྱ་བྱེད་དམ། ། བདག་གཞན་མེད་པའི་གཟུངས་འཛིན་ནམ།། བདག་མེད་རྟོགས་པའི་རེ་དོགས་ནི།། སྔར་ཡང་མ་ཐོས་མི་ཐོས་སོ།། ཅི་ཕྱིར་མ་གསུངས་མི་གསུང་ཞིང།། གསུང་བར་གྱུར་པ་མ་ཡིན་ཏེ། ། དེ་ལྟ་བའི་ཆོས་ཅན་ནི།། ཡོད་པར་འོས་པ་མ་ཡིན་ནོ།། ཕན་གནོད་མེད་པའི་སྨད་དུ་ནི།། སྨྲ་བར་ནུས་པ་མ་ཡིན་ནོ།། ཕ་མ་མེད་པའི་བུ་དེ་ཡང།། སྨྲ་བར་རིག་པ་མ་ཡིན་ནོ།། བདག་གཞན་བཅས་པའི་སངས་རྒྱས་སམ། ། བྱ་བྱེད་ཡོད་པའི་སངས་རྒྱས་སམ།། རེ་དོགས་ཡོད་པའི་སངས་རྒྱས་ཀྱང།། ཀུན་རྫོབ་ཨ་ནུ་མན་ཆོད་དུ།། དྲང་བའི་དོན་དུ་བསྟན་པ་ཙམ།། ངེས་པར་སྨྲ་བར་བྱེད་པ་ནི།། རྒྱུ་མཚན་གང་དང་གང་གི་ཕྱིར། ། གལ་ཏེ་བསྒྲུབས་པས་གྲུབ་པ་ནི།། སངས་རྒྱས་རྫས་ཡོད་མི་རྟོག་གོ། དོན་དམ་བསྒྲུབ་ཏུ་མེད་ན་ཡང།། ཁྱོད་རང་ཉིད་དམ་གཞན་ཞིག་ཡིན།། ཁྱོད་རང་ཉིད་ན་སྒྲུབ་ཅི་དགོས།། གཞན་ཞིག་ཡིན་ན་འབྲེལ་མ་འབྲེལ། ། འབྲེལ་ན་འབྲེལ་བ་རྣམ་གཉིས་རྟག། མ་འབྲེལ་འབད་པ་དོན་མེད་འགྱུར།། དེ་བས་སེམས་ཅན་ཆོས་ཀྱང་གསུངས།། སེམས་ཅན་བྱ་བ་དེ་དང་དེ་ལ་བྱ།། མདོར་ན་བྱ་བྱེད་རེ་དོགས་གཉིས་ལ་བྱ།། ཨ་ནུ་མན་ཆད་སེམས་ཅན་ཆོས་སུ་ནི། ། རྡོ་རྗེ་སེམས་དཔས་དུས་འདི་ཉིད་དུ་གསུངས། དེ་བས་ཀུན་གྱིས་ཐོབ་ན་ལྔ་པ་འདི།། ཁྱོད་ཀྱིས་གཞན་ལ་སྤེལ་བར་མི་བྱའོ།། སྤེལ་ན་གང་ཟག་སྐལ་མེད་ཀྱིས།། ཀུན་བཟང་དགོངས་པ་འདི་ལ་གཤེ་གྱུར་ན། ། ནམ་མཁའ་ཇི་སྲིད་བར་དུ་ནི།། ཤི་བའི་འོག་ཏུ་དམྱལ་བར་འགྲོ།། ཞེས་གཟུང་འཛིན་སེམས་ཅན་དུ་བསྟན་པའི་ཡི་གེའི་ལེའུ་སྟེ་བཅུ་གསུམ་པའོ།།།། བཅོམ་ལྡན་འདས་ཆེ་བཙན་རྒྱལ་བའི་སྐུ་ལ་ཕྱག་འཚལ་ལོ། ། བདག་མེད་རྣམ་གཉིས་རྟོགས་པའི་སངས་རྒྱས་དེ།། བྱ་བྱེད་རེ་དོགས་བྲལ་བས་སངས་རྒྱས་ཡིན།། བདག་གཞན་འཛིན་པ་ཆོས་སྐུའི་ངང་དུ་སངས།། ཤེས་པ་མེད་པའི་ཤེས་པ་བསྟན་པས་རྒྱས། ། གཞི་ནི་བདག་གཞན་དབེན་པས་སངས།། དེ་བཞིན་རང་གི་རིག་པ་རྒྱས་པར་བཤད།། རང་བྱུང་ཆོས་སྐུ་སྤྲོས་པ་བྲལ་བས་སངས།། སྤྲོས་བྲལ་རྟོགས་པས་གདེང་དུ་གྱུར་པས་རྒྱས།། རྣམ་རྟོག་བདག་ཏུ་འཛིན་པ་སངས་པས་སངས། ། མི་རྟོག་ཡེ་ཤེས་གཉིས་ནི་གསལ་བས་རྒྱས།། གཟུང་འཛིན་བག་ཆགས་མ་ལུས་ཀུན་སངས་ནས།། ཡེ་ཤེས་མཁའ་ལ་ཉི་མ་ཤར་བཞིན་རྒྱས།། སངས་རྒྱས་ཞེས་ཀྱང་དེ་ལ་བཏགས་པ་ཡིན། ། རིག་པ་མེད་པའི་རིག་པ་ཤར་ཙམ་ན།། སྒོམ་དུ་མེད་པའི་སྒོམ་པ་ཤུགས་ཀྱིས་འབྱུང།། ཐོབ་ཏུ་མེད་པའི་འབྲས་བུ་རང་དབང་མེད་པར་ཐོབ།། རང་དབང་མེད་པའི་འབྲས་བུའི་རྒྱལ་པོ་དེ།། རྡོ་རྗེ་སེམས་དཔས་སངས་རྒྱས་ཞེས་སུ་གསུངས། ། ཡུལ་སེམས་འཁོར་བའི་སྡུག་ཆེན་སངས་པ་ཡིས།། སྣང་སྲིད་ཆོས་སྐུའི་ངང་དུ་རང་སངས་རྒྱས།། དེ་ལས་སངས་རྒྱས་ཞེས་སུ་སེམས་དཔས་གསུངས།། བདག་གཞན་འདུ་ཤེས་ཆོས་ཉིད་ངང་དུ་སངས། ། བདག་མེད་རྟོགས་པས་ལྷག་མེད་ཆོས་སྐུར་རྒྱས།། བདག་གཞན་འདུ་ཤེས་ངང་གིས་ལོག་པ་ན།། ཡིད་ཀྱི་གཡོ་བ་རང་དབང་མེད་པར་ལྡོག། ཡིད་ཀྱི་གཡོ་བ་བྲལ་བ་བསྟན་པ་ལས། ། གཞན་དུ་སངས་རྒྱས་སེམས་དཔས་མ་གསུངས་སོ།། དེ་ལས་གཞན་པའི་སངས་རྒྱས་ཡོད་པར་ནི།། ངེས་རྒྱུད་ཀུན་ཏུ་བཙལ་ཡང་རྙེད་མི་སྲིད།། དྲང་དོན་སངས་རྒྱས་རྣམ་གྲངས་བསམ་མི་ཁྱབ། ། དེ་ནི་སེམས་ཅན་མོས་པ་བསྐྱེད་ཕྱིར་གསུངས། དེ་ནི་འཛམ་གླིང་བྱེ་བ་ཕྲག་བརྒྱར་ཡང།། སྤྲུལ་པ་བསམ་ཡས་འགྲོ་དོན་མཛད་པར་གསུངས།། སེམས་ཅན་རང་རང་མོས་པ་ཇི་ལྟར་བར།། ཆོས་སྟོན་པ་ལ་སོགས་པ་འཚལ་བར་སྟོན། ། དེ་ནི་དྲང་དོན་སངས་རྒྱས་ཡིན་པར་གསུངས།། ཞེས་སངས་རྒྱས་གདགས་གཞི་དང་བཅས་པའི་ཡི་གེའི་ལེའུ་སྟེ་བཅུ་བཞི་པའོ།།།། རྣམ་དག་སེམས་ཀྱི་དབྱིངས་ལ་ཕྱག་འཚལ་ལོ། ། ཡང་དག་སངས་རྒྱས་སྒྲུབ་པའི་སྒྲུབ་རྫས་སུ།། རྫས་ཀྱི་རྒྱལ་པོར་རང་སེམས་ཁྱད་པར་འཕགས།། རང་སེམས་རྫས་ཀྱི་རྒྱལ་པོ་འདི་རྟོགས་ན།། ཕྱི་ནང་སྣོད་བཅུད་སྣང་སྲིད་ཐམས་ཅད་ཀུན།། མ་ལུས་རྫས་སུ་གྱུར་པས་སྒྲུབ་རྫས་ཆེ། ། བློ་ཉིད་དངོས་པོར་གྱུར་པའི་རྣལ་འབྱོར་ལ།། སྣང་སྟོང་བདེ་སྡུག་རྣམ་རྟོག་ཅི་སྐྱེས་ཀྱང།། ཐམས་ཅད་དེ་ཡི་རྫས་དེ་གུད་ན་མེད།། རང་བྱུང་ཡེ་ཤེས་ཡེ་ནས་གནས་པ་ལ།། རྟོག་པའི་ཡེ་ཤེས་རྫས་དང་ལྡན། ། རང་ལ་གནས་པས་སྒྲུབ་པ་ཡིན།། རང་གི་རང་རྫས་རང་ལ་ཆེ།། བྱ་བ་མེད་པའི་ཐབས་དག་དང།། བྱེད་པ་མེད་པའི་ཤེས་རབ་གཉིས།། གཉིས་མེད་ཡེ་ཤེས་རྟོགས་གྱུར་ན།། སྣང་བ་སྐུ་ཡི་སྒྲུབ་རྫས་ཡིན། ། སྒྲ་རྣམས་གསུང་གི་སྒྲུབ་རྫས་ཡིན།། དྲན་རྟོག་ཐུགས་ཀྱི་སྒྲུབ་རྫས་ཡིན།། ཡེ་ནས་ལྷུན་གྱིས་གནས་པ་ལ།། རྟོག་པས་ནོར་རམ་རྫས་དང་ལྡན།། དེ་ཉིད་ངང་གནས་སྒྲུབ་པའོ།། སྒྲུབ་རྫས་ལྡན་ཞེས་སེམས་དཔས་གསུངས། ། གལ་ཏེ་སྒྲུབ་རྫས་དེ་མེད་ན།། རྫས་རྣམས་ཐམས་ཅད་ཅི་བསོགས་ཀྱང།། འཁོར་བ་བསྒྲུབ་པའི་རྫས་སུ་གསུངས།། སྒྲུབ་རྫས་བགྲང་བར་རིགས་པ་མིན།། ཡེ་ནས་ལྷུན་གྲུབ་སྤྲོས་དང་བྲལ། ། བསྙེན་པ་ཡིན་ཏེ་བསྙེན་པའི་མཆོག། དེ་རྟོགས་ཉེ་བའི་བསྙེན་པའོ།། ངང་ལ་གནས་པ་སྒྲུབ་པའོ།། མངོན་འགྱུར་སྒྲུབ་པ་ཆེན་པོར་བཤད།། ཡེ་ནས་ལྷུན་གྲུབ་སྤྲོས་བྲལ་དེ།། སེམས་དཔས་རྫས་སུ་གསུངས་པ་ཡིན། ། མ་རྟོགས་ནོར་རམ་རྫས་དང་བྲལ།། རྫོགས་ནས་རྫས་དང་ལྡན་ཞེས་བྱ།། རྟོགས་པའི་རྫས་མཆོག་དེ་རྟེན་ན།། རང་གི་ངོ་བོ་རྡོ་རྗེའི་སྐུ།། མངོན་དུ་གྱུར་ན་སྒྲུབ་པ་ཡིན།། རྫས་མཆོག་སྤྱི་བཅིངས་དེ་ལྡན་ན། ། ལྷ་ཡང་གཞན་ནས་བོད་མི་དགོས།། སྔགས་དང་ཕྱག་རྒྱ་བསྒྱུར་བ་མེད།། དཀའ་ཐུབ་སྦྱིན་སྲེག་དེ་ཉིད་དོ།། དེ་ཉིད་མཆོད་པ་ཁྱད་པར་འཕགས།། ཁྱོད་ཀྱི་རྫས་ཀྱི་རྒྱལ་པོ་དེ་བསྟེན་ན།། ཡུན་དུ་རྫས་མཆོག་འདི་དང་མ་འབྲལ་ཅིག། གལ་ཏེ་རྫས་མཆོག་འདི་དག་བྲལ་ན་ནི།། བསྐལ་པར་སྡུག་བསྔལ་འཁོར་བར་འཁྱམས་ས་རེ།། སྒྲུབ་རྫས་ཀྱི་ཡི་གེའི་ལེའུ་སྟེ་བཅོ་ལྔ་པའོ།།།། བདག་མེད་སྤྲོས་བྲལ་ངང་ལ་ཕྱག་འཚལ་ལོ། ། ཐིག་ལེ་སྤྲོས་བྲལ་ངང་ལ་གནས་ཙམ་ན།། བདག་གཞན་སྤྲོས་པའི་རྣམ་རྟོག་བགེགས་ཆེན་དེ།། ཕར་ལ་བསལ་བས་སོལ་བ་མ་ཡིན་ནོ།། ཐམས་ཅད་ཆོས་སྐུར་རང་གི་ངོ་བོར་གཞོམ། ། ཐམས་ཅད་ཆོས་སྐུར་ངོ་བོ་གཅིག་པ་ལ།། བདག་གཞན་བར་ཆད་བགེགས་ཆེད་དེ་བྱུང་བས།། བགེགས་ཆེན་དེ་ཡི་ཐམས་ཅད་དབང་གྱུར་པས།། ཐམས་ཅད་བགེགས་སུ་མ་གྱུར་གང་ཡང་མེད།། དེ་བས་བདག་གཞན་འཛིན་པའི་བགེགས་དེ་བས། ། གཞན་དུ་བགེགས་ནི་ནམས་ཀྱང་ཡོད་མ་ཡིན།། དེ་ཡོད་པ་ན་བགེགས་རྣམས་དེ་ལས་བྱུང།། བདག་གཞན་གཉིས་ཀྱི་བགེགས་ཆེན་དེ།། རང་ལས་བྱུང་ཞིང་རང་གིས་བདུད། ། བགེགས་དེ་ངེས་པར་འཇོམས་འདོད་ན།། ཐབས་དང་ཤེས་རབ་ལྡན་བྱས་ལ།། གཉིས་མེད་ཡེ་ཤེས་ཆེན་པོ་ཡིས།། མཉམ་ཉིད་ངང་དུ་ལྷན་ཅིག། ངང་དེ་ཉིད་ལ་ལྷན་ནེ་གཞག། གཉིས་མེད་ངང་དང་མ་བྲལ་ན། ། བགེགས་དེ་སྡང་བར་ནུས་མ་ཡིན།། དེ་བས་གཉིས་མེད་མ་ཡེངས་པར།། བློ་ལྡན་བག་དང་ལྡན་པར་བྱོས།། བགེགས་ལ་སོགས་པའི་ཕྱོགས་རྣམས་ཐམས་ཅད་ཀུན།། ནམ་ཡང་འབྱུང་བར་སེམས་དཔས་ན་གསུངས་སོ། ། བགེགས་ཞེས་བྱ་བའི་མིང་ཡང་མི་སྲིད་དེ།། སྣང་སྲིད་ཡེ་ཤེས།། ཡེ་ཤེས་མ་ཡིན་པ་ནི་གཅིག་ཀྱང་མེད།། ཐམས་ཅད་ཀུན་ཏུ་བཟང་པོའི་ངང་དུ་གསལ།། ཁྱོད་ཀྱིས་དེ་ལྟར་ཁོང་དུ་ཆུད་པར་གྱིས། ། གལ་ཏེ་ཐབས་དང་ཤེས་རབ་མ་ལྡན་ན།། ཡེ་ཤེས་ཆེན་པོའི་གཉིས་མེད་བྲལ་ན་ནི།། རྣམ་རྟོག་བདུད་ཀྱི་བར་དུ་བཅད་ནས་ནི།། འཁོར་བའི་བཙོན་རའི་ནང་དུ་བཅུག་ནས་ནི།། གཟུང་འཛིན་གཉིས་ཀྱི་ལྕགས་སྒྲོག་བཅུག་ནས་ནི། ། རེ་དོགས་གཉིས་ཀྱི་ཚེར་ལྕག་ལས་སུ་འབྲལ།། ཟས་སུ་འདོད་ཆགས་ཞེ་སྡང་གཏི་མུག་བྱིན།། ནད་དུ་སྐྱེ་རྒ་ན་འཆིས་སྙིང་ལ་འཁོར།། གཟིགས་མོར་ཁམས་གསུམ་སྣང་བ་སྣ་ཚོགས་བསྟན། ། ལས་སུ་སྡུག་བསྔལ་སྣ་ཚོགས་ཐར་མེད་བྱེད།། ཟོ་ཆུའི་ཁྱུད་མོ་བཞིན་དུ་གཅིག་ནས་གཅིག་ཏུ་འཁོར།། གཉིས་མེད་སྐྱབས་ཆེན་དེ་དང་མ་ཕྲད་ན།། ཐར་པའི་དུས་མཐའ་ནམ་ཡང་མི་འབྱུང་ངོ།། དེ་བས་ཐབས་དང་ཤེས་རབ་ལྡན་པར་བྱོས། ། པར་ཆད་བགེགས་ཆེན་བདག་གཞན་གཟུང་འཛིན་དེ།། གཉིས་མེད་ཐབས་དང་ཤེས་རབ་མེ་ཡི་དབྱིངས་སུ་བསྲེག། བློ་ལྡན་ཁྱོད་ཀྱིས་དེ་ལྟར་ཤེས་པར་གྱིས།། དེ་ལྟར་ཤེས་ནས་བགེགས་དང་བར་ཆད་བརླག། དེ་ལས་གཞན་དུ་བར་ཆད་སེལ་འདོད་པ།། དེ་ཉིད་བགེགས་ཆེན་ཡིན་པས་བགེགས་རྣམས་ཐམས་ཅད་འབྱུང།། སེམས་དཔའ་ཁྱོད་ཀྱིས་གཉིས་མེད་ཡེ་ཤེས་སྟེན།། བློ་ལྡན་ཁྱོད་ཀྱིས་བླ་མ་རྣམ་གཉིས་ཟུང། ། དཀོན་མཆོག་གསུམ་དང་ནམ་ཡང་མ་བྲལ་བར།། ཡང་དག་མཆོད་པ་བླ་མེད་མཆོད།། རང་གི་དམ་ཚིག་རྟག་ཏུ་སྲུངས།། གྲོགས་སུ་རང་གི་བརྩོན་འགྲུབ་སྟེན། ། གལ་ཏེ་དེ་ལས་འགལ་འགྱུར་ཏེ།། རྡོ་རྗེ་སེམས་དཔའི་དགོངས་པ་འདི།། ཁོང་ཁྲོ་སྡུག་བཙིར་སེར་སྣ་ཆེ།། རིག་པ་རྒྱུ་དང་ཐབས་ཀྱིས་འཚོལ།། རྙེད་ན་སྲི་ཞུ་རྡུལ་ཙམ་མེད།། ཚིག་དང་བསམ་པ་ཆོ་རོལ་སྨྲ། ། ཆོས་ཉིད་དོན་དང་རྟག་ཏུ་འགལ།། དེ་འདྲའི་སྡིག་ཅན་ལག་ཏུ་བཏང་ན་ནི།། དཀོན་མཆོག་གསུམ་གྱི་དབུ་འཕངས་སྨད།། སངས་རྒྱས་བསྟན་པ་གཉན་པོ་བཤིག། ཆོས་སྒོར་ཞུགས་ནས་དམྱལ་བ་བསྒྲུབས། ། བདག་གཞན་གཏན་དུ་བརླག་པར་བྱས།། ཕུང་མཁན་དེ་དང་མ་སྡོངས་ཤིག། ཁམས་གསུམ་དམྱལ་བ་མ་སྒྲུབ་ཅིག། རྡོ་རྗེའི་རི་མོ་མ་བཤིག་ཅིག། ཅེས་བར་ཆད་བགེགས་ཀྱི་མཚན་ཉིད་དམ་བསལ་ཐབས་ཀྱི་ཡི་གེའི་ལེའུ་སྟེ་བཅུ་དྲུག་པའོ། །།། བཅོམ་ལྡན་འདས་སྣ་ཚོགས་ཀུན་ཏུ་བཟང་ལ་ཕྱག་འཚལ་ལོ།། བགྲོད་དུ་མེད་པའི་ལམ་གྱི་ཆ་རྐྱེན་ཡང།། བསམ་དུ་མེད་པའི་སྣང་སྲིད་ངང་གིས་རྐྱེན།། ཆ་ནི་ཆོས་སྐུ་གཅིག་པ་ལ། ། རྐྱེན་ནི་འཁོར་འདས་གཉིས་སུ་སྣང།། ཆ་ནི་རང་བྱུང་ཡེ་ཤེས་ལ།། རྐྱེན་ནི་རྟོག་པའི་ཡེ་ཤེས་ཤར།། ཆ་ཉིད་རྐྱེན་ལ་རྐྱེན་ཉིད་ཆ།། སྣང་བ་དང་ནི་སྟོང་པ་དང།། བདེ་བ་དང་ནི་སྡུག་བསྔལ་དང། ། མྱ་ངན་འདས་དང་འཁོར་བ་དང།། ཡོད་མེད་གཉིས་དང་གཉིས་མེད་དང།། མཐའ་རྣམས་ཀུན་བཟང་དགོངས་པའི་རྐྱེན།། སྤྲོད་དང་སྤྲོས་བྲལ་ངང་གི་ལམ།། གཟུགས་ཀུན་ང་རང་ཉིད་ཀྱི་གཟུགས།། སྒྲ་ཀུན་ང་རང་ཉིད་ཀྱི་སྒྲ། ། དྲན་རྟོག་ང་རང་ཉིད་ཀྱི་སེམས།། ང་རང་ཉིད་ཀྱི་རོལ་པ་ལ།། སྤང་བླང་ང་རང་རང་ཉིད་ཤར།། བཟང་ངན་ང་ཡི་ལམ་གྱི་གྲོགས།། ང་ཉིད་མ་ཡིན་གཅིག་ཀྱང་མེད།། ཐམས་ཅད་ལམ་དུ་སེམས་དཔས་གསུངས། ། ཐམས་ཅད་ཡེ་ནས་རང་གི་རྒྱན།། མཚོན་ཕྱིར་དེ་སྐད་བསྟན་པ་ཙམ།། ཐམས་ཅད་ང་ཡི་རྐྱེན་ཡིན་ཏེ།། གཅིག་མ་ཚང་ན་དོན་མི་འགྲུབ།། ཐམས་ཅད་སེལ་མེད་ཆ་དང་རྐྱེན།། གང་ཡང་རུང་ངོ་ཅི་ཡང་ཡིན། ། ཐམས་ཅད་ཆོས་སྐུར་རང་གི་རང།། ཀུན་ཀྱང་མཉམ་ཉིད་ཡིན་པ་ལ།། ཁ་ཅིག་ཡང་དག་དོན་རྨོངས་པས།། ཡེ་ནས་རྫོགས་པའི་ཆ་རྐྱེན་ལ།། སྡོད་ཀྱི་རྫས་དང་ཆ་རྐྱེན་སོགས།། གཟའ་དང་རྒྱུ་སྐར་དུས་ཚིགས་དང། ། གནས་དང་དུས་དང་བདག་ལ་སོགས།། ཚོགས་པས་འབྲས་བུ་གྲུབ་པར་འདོད།། བསགས་ནས་ཚོགས་པའི་རྫས་དེ་དང།། བསྒྲུབས་ནས་གྲུབ་པའི་འབྲས་བུ་དེ།། སངས་རྒྱས་ཐེག་པར་བགྲང་བ་མིན། ། དཔར་ན་ལུས་ཉིད་གཅིག་པ་ལ།། ཡན་ལག་ལ་སོགས་ཆ་རྐྱེན་ཡང།། རང་གི་སྟོབས་ཀྱིས་རང་ལ་རྫོགས།། དེ་བཞིན་སྣང་སྲིད་སེལ་མེད་པར།། ཆོས་ཉིད་ཆ་རྐྱེན་ངང་གིས་རྫོགས།། ཁམས་གསུམ་སྲིད་གསུམ་དུས་གསུམ་དུ། ། ཆོས་སྐུ་རང་གི་ངོ་བོ་ལས།། ཡོད་པས་སེམས་དཔས་མ་གསུངས་སོ།། གང་ཡང་དྲན་མཐོང་དེ་ཁོ་ནའོ།། སྨན་གྱི་རྒྱལ་པོ་མ་གི་ཏས།། གང་ལ་རིགས་པས་སྨན་དུ་འགྱུར། ། རྟོགས་པའི་གང་ཟག་སྐལ་ལྡན་གྱིས།། སྣང་སྲིད་ཡེ་ཤེས་འོད་དུ་འབར།། འཁོར་བ་བྱ་བའི་མིང་ཡང་མེད།། ཁམས་གསུམ་ཉོན་མོངས་གཏན་ནས་ཟད།། རིགས་ལྔའི་སངས་རྒྱས་དོན་དང་ཕྲད།། སྐུ་གསུམ་ཡོན་ཏན་འཕྲིན་ལས་ཀྱང། ། བསམ་ལས་འདས་ཏེ་ཐ་སྙན་ཙམ།། རྟོགས་པ་ཙམ་ལས་གདགས་པ་ལས།། ཕྱོགས་དང་རིས་སུ་ཆད་པ་ནི།། ཀུན་བཟང་ཡོད་པར་མི་གསུང་ངོ།། དེ་འདྲའི་རྟགས་དང་ལྡན་པ་ལ། ། ལམ་དང་ཆ་རྐྱེན་ལྡན་པར་ནི།། རྡོ་རྗེ་སེམས་དཔས་གསུངས་པ་ཡིན།། དོན་དང་ལྡན་པའི་སྐྱེས་བུ་ནི།། དཀོན་མཆོག་གསུམ་ཡང་ངང་དུ་གྲོལ།། འགྲོ་བའི་སྲོག་ཀྱང་ངང་དུ་གཅོད།། དགེ་སྡིག་གཉིས་ཀྱང་ངང་དུ་སྙོམས། ། རིག་ཀུན་ངང་དུ་རླག་པར་བྱེད།། རིག་པའི་རྒྱུན་ཡང་ངང་དུ་གཅོད།། འཁོར་འདས་ངང་ཡང་ངང་གིས་གཅོད།། བློ་ཡི་ཆོས་ཀུན་ཟད་པ་ན།། དོན་དང་ལྡན་དེ་ཆ་རྐྱེན་ཚང།། ཁྱོད་ཀྱི་དེ་ལྡན་ཤེས་པར་གྱིས། ། མདོར་ན་འདི་ཡི་ཆ་རྐྱེན་དུ།། མ་གྱུར་མི་འགྱུར་མི་སྲིད་དེ།། སྐལ་ལྡན་བརྒྱལ་འགའ་ཡིས་རྟོགས།། ཀུན་གྱི་ཐུན་མོང་མ་ཡིན་པས།། རྒྱ་མཚོའི་གཏིང་གི་ཕ་བོང་བཞིན།། སྲིད་པ་འཁྲུགས་ཀྱང་ཁར་མི་དབྱུང། ། གལ་ཏེ་འདུལ་བའི་དུས་མཐོང་ན།། ཟླ་བ་རེ་ཞིང་ཚིགས་བཅད་རེ།། རིམ་གྱིས་སྣོད་དང་སྦྱར་ལ་བསྟན།། དེ་ལས་གཞན་དུ་བློ་དམན་གྱིས།། འདོད་པ་ཅུང་ཟད་རང་དོན་དུ།། སྤེལ་ན་གཉིས་ཀ་དམྱལ་བར་འགྲོ། གལ་ཏེ་བརྒྱ་ལ་ཐར་གྱུར་ན།། རུ་དྲ་སྡེ་གསུམ་དག་ཏུ་སྐྱེ།། དེ་ནས་འཕགས་པའི་ཐུགས་རྗེས་བསྐུལ།། སྔོན་གྱི་དམ་ཚིག་རྗེས་སུ་དྲན།། སྡོད་ཀྱི་གསང་སྔགས་དོན་ལ་འཇུག། གསང་སྔགས་བཀའ་མགོ་ལོག་པ་ཡིས། ། ཉོན་མོངས་དུག་གསུམ་རང་དགར་སྤྱད།། བསྐལ་པ་སྟོང་ཕྲག་བཅུ་གཉིས་སུ།། རྡོ་རྗེ་དམྱལ་བའི་སྡུག་བསྔལ་མྱོང།། དེ་ནས་དེ་ལས་ཐར་པ་ན།། མ་ཏྲང་ཁ་ཏྲཾ་ཨ་ཀར་ཤ།། མགོ་བོ་བརྒྱ་ལ་ལུས་གཅིག་གམ། ། ལུས་པོ་བརྒྱ་ལ་མགོ་གཅིག་གམ།། མཐུ་དང་རྫུན་འཕྲུལ་བསམ་མི་ཁྱབ།། ཚངས་པའི་འཇིག་རྟེན་མན་ཆོད་དུ།། ཀུན་ལ་གནོད་ཅིང་འཚེ་བར་བྱེད།། དེ་ནས་བཛྲ་ཧེ་རུ་ཀས།། ཤིན་ཏུ་གདུག་ཅིང་གཏུམ་པ་ལས། ། ཞི་བས་ཕན་པར་མི་འགྱུར་ཏེ།། ཤེས་རབ་ཐབས་ཀྱི་ངོ་བོ་ཡིས།། ཁྲོ་བོར་དེ་བཞིན་གཤེགས་ཀུན་མཛད།། དུས་དེར་སྔོན་གྱི་དམ་ཚིག་དྲན།། འཁོར་དང་བཅས་པ་ཞི་བར་འགྱུར།། རང་བཞིན་ཆོས་ཉིད་མ་རྟོགས་པར། ། སྒྲ་ཕྱིར་འབྲངས་པའི་ཉེས་པའོ།། དེ་བས་གོང་གི་དོན་ལ་ལྟོས།། ཞེས་ལམ་གྱི་ཆ་རྐྱེན་ཡི་གེའི་ལེའུ་སྟེ་བཅུ་བདུན་པའོ།།།། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ།། ཡེ་ནས་ལྷུན་གྱིས་གྲུབ་པའི་འབྲས་བུ་ལས། ། ཡུན་དང་གྲུབ་ཚུལ་བསྟན་པར་མི་འོས་ཀྱང།། རྟོགས་པ་བསྟན་པའི་ནུས་པ་འདི་ལྟར་མོད།། ཐོགས་མེད་དུས་སུ་གྲུབ་པའི་འབྲས་བུ་ལ།། རྟོགས་ལྡན་ཡེ་ཤེས་གང་ཟག་གཞི་རུ་གསུངས། ། ཡང་རབ་རབ་དང་འབྲིང་དང་ཐ་མ་བཞིས།། ཡང་རབ་ཕུང་པོ་ལྷག་མ་མི་ལུས་དེ།། གཟུང་འཛིན་དབེན་པའི་རྟོགས་པ་བརྟན་པ་ཡིས།། བདག་གཞན་མཉམ་པོར་ངང་གིས་ངང་གི་ནི། ། ཆོས་སྐུ་མཉམ་ཉིད་ངང་དུ་བན་བུན་ལ།། བདག་གཞན་སྣང་སྲིད་ཐམས་ཅད་ཆོས་སྐུར་བུན་གྱིས་བུན།། འབྱུང་བ་ལྔ་ལ་སོགས་པ་ལྷག་གིས་ཤར།། ཡང་རབ་འབྲས་བུ་དེ་ལྟར་དེ་ཡིས་འགྲུབ།། རབ་ཀྱིས་ཐུན་མོང་མ་ཡིན་གཉིས་མེད་དེ། ། རྟོགས་ནས་ངང་གིས་གཟུང་འཛིན་ངང་དུ་དུལ།། ལེ་ལོ་ཕྲ་མོ་སྣང་བ་མ་འགྱུར་ཡང།། འཆི་བའི་སྲིད་པས་རང་གིས་གྲོས་བྱས་ནས།། ས་ཆུ་མེ་རླུང་རྣམ་ཤེས་རབ་གསལ་དང།། གཉིས་མེད་ངང་དུ་རིམ་གྱིས་ཐིམ་གྱུར་ནས། ། ལྷུན་གྲུབ་ནམ་མཁའི་དགོས་པ་ལྷག་གིས་འཆར།། རང་གི་ངོ་བོ་འགྱུར་བ་མེད་པ་ཡང།། རབ་ཀྱི་འབྲས་བུ་ཐ་སྙད་དེ་ལ་གདགས།། འབྲིང་གི་ཟླ་བྲལ་དོན་ཚད་གཅིག་ཏུ་རྟོགས་ན་ནི། ། ཐ་དད་འཁྲུལ་པར་ངེས་པ་སྐྱེས་ནས་ནི།། འཁྲུལ་པ་འཁྲུལ་པར་ངེས་པའི་མཐུ་སྟོབས་ཀྱིས།། བར་མ་དོ་ལ་བར་དོའི་ཤེས་པ་འབྱུང།། བར་དོར་བར་དོའི་ཤེས་པ་བྱུང་ཙམ་ན།། རང་གི་དགོངས་པ་ནམ་མཁའ་ལྟ་བུ་དྲན། ། དྲན་ནས་དེ་ཡི་ངང་ལ་གནས་པ་ལས།། གཟུང་འཛིན་བྱེད་པས་སྐྱེ་བ་ལེན་པར་ནི།། རྡོ་རྗེ་སེམས་དཔས་གསུངས་པ་མ་ཡིན་ནོ།། ཐ་མ་འདི་ཡི་དོན་ལ་ཞུགས་ནས་ནི།། རྟོགས་ཀྱང་བསྟན་པར་བྱ་བ་བསྐལ་མེད་དེ། ། འཇིག་རྟེན་འདི་ཡི་ཟང་ཟིང་འཁྲུལ་པ་ལ།། སླུ་བྱེད་དམ་པ་ཡིན་པར་མ་གཟུང་སྟེ།། འདོད་པ་ཡོད་པས་སྐྱེ་བ་ཕྱི་མ་ལེན།། མོས་པའི་སྟོབས་ཀྱི་མི་ལུས་བླངས་ནས་ཀྱང།། བླ་མེད་ཐེག་མཆོག་འདི་དང་ཕྲད་གྱུར་ནས། ། དེ་ལ་ཕུང་པོ་མ་ལུས་སངས་རྒྱས་པར།། རྡོ་རྗེ་སེམས་དཔའི་ཞལ་ནས་གསུངས་གྱུར་ཡང།། ཁྱོད་ཀྱི་དེ་ལ་རེ་བ་སྐྱེ་གྱུར་ན།། མངོན་ཤེས་གཞན་ཡང་བར་ཆད་འཁོར་བའི་རྒྱུ།། དེ་བས་ཁྱོད་ཀྱི་འདི་ལྟར་ཤེས་པར་གྱིས། ། ཐེག་པའི་རྒྱལ་པོ་བྱ་བ་བྲལ་བའི་ཐབས།། བཀའ་ཡི་ཡང་སྙིང་བྱ་བྲལ་ཤེས་རབ་འདི།། ཐབས་དང་ཤེས་རབ་ཟུང་འབྲེལ་སངས་རྒྱས་ཐུགས།། རྒྱུ་འབྲས་འདས་པའི་ཆོས་སུ་སེམས་དཔས་གསུངས། ། བྱ་བ་བྲལ་བའི་ཆོས་སུ་རྡོ་རྗེ་སེམས་དཔས་གསུངས།། སྐྱེ་བ་ཕྱིས་མི་ལེན་པའི་ཆོས།། ཡིན་པར་ཀུན་བཟང་རྡོ་རྗེ་སེམས་དཔས་གསུངས།། དེ་བས་འདི་ལ་མ་ཡེངས་ཕྱི་མར་རེ་ཐག་ཆོད། ། དཀའ་ཁྱོད་ཞུ་བར་དཔའ་བར་བློ་དང་ལྡན་འདྲ་ཡང།། གཡེང་བའི་དབང་གིས་དོན་ལ་མི་གནས་ན།། བར་དུ་སྐྱེ་རྒ་ན་འཆི་ལ་སོགས་ཀྱིས།། བསྟན་དུ་ཁྱོད་ནི་གྱུར་ཏ་རེ།། སྣོད་མེད་འགའ་ལ་ཁྱོད་ཀྱིས་བསྟན་ན་ནི། ། ཀུན་བཟང་རྡོ་རྗེ་སེམས་དཔའི་བཀའ་ཡང་ཁྱོད་ཀྱིས་བསླུས།། ང་ཡི་བཀའ་ལས་འགལ་ཏེ་འདས་གྱུར་ན།། སྣང་བ་འདི་དག་ཐམས་ཅད་མེར་གྱུར་ནས།། ནམ་མཁའ་གནས་ཀྱི་བར་དུ་ཁྱོད་ཉིད་སྲེག། སྣང་སྲིད་ཀུན་ཡང་ཁྱོད་ཀྱི་གཤེད་མར་འགྱུར།། ཆོས་སྐྱོང་སྲུང་མ་ལ་སོགས་ཐམས་ཅད་ཀྱིས།། ཁྱོད་ལ་མི་བཟང་པ་ཡི་ཆད་པས་གཅོད།། ཐར་པའི་དུས་མེད་འོ་དོད་ཆེན་པོ་འབོད།། དེ་འདྲའི་རྣམ་སྨིན་ས་ལ་མི་སྨིན་པར། ། རང་ལ་སྨིན་ཏེ་འོང་བར་གོ་བར་གྱིས།། ཁྱོད་ཀྱིས་ང་ཡི་བཀའ་ལས་མ་འདས་ན།། རང་གི་ཡི་དམ་ཆོས་ཉིད་མི་གཏོང་ཞིང།། ཀུན་བཟང་རྡོ་རྗེ་སེམས་དཔའི་དགོངས་པ་འདི།། སྣོད་ངན་དམ་ཉམས་ཀུན་ལ་མི་སྤེལ་ཏེ། ། དད་པ་རི་རབ་ལྟ་བུར་མི་འགྱུར་ཞིང།། བརྩོན་འགྲུས་ཆུ་དང་རླན་བཞིན་མི་འབྲལ་ཞིང།། བཟོད་པ་ས་རྡོ་ཆུ་བུར་ཐོབ་པ་ལ།། མ་བཞག་ནན་ཏན་བྱས་ལ་འགའ་ཙམ་ལས།། གཞན་ལ་མ་སྤེལ་རྟེན་གྱི་ཚུལ་དུ་སྦྱིན། ། ཁྱོད་ཀྱིས་ང་ཡི་བཀའ་ལས་མ་འདས་ན།། རྡོ་རྗེ་མཁའ་འགྲོ་ལ་སོགས་ཕྱི་ནང་བསྲུངས་མས་ཀྱང།། ལུས་དང་གྲིབ་མ་བཞིན་དུ་འགྲོགས་ལ་བར་ཆད་ཞི་བར་མཛོད།། དཀོན་མཆོག་གསུམ་གྱི་བྱིན་རླབས་ཐུགས་རྗེ་ཆར་བཞིན་ཕོབ། ། བདག་གི་སྨོན་ལམ་མཐུ་ཡང་ངན་སྔགས་བཞིན།། རྣོ་བས་ཁྱོད་ཉིད་རྡོ་རྗེ་སེམས་དཔར་ཚེ་འདིར་གསུངས།། ཞེས་ཡུན་ནི་ཇི་སྲིད་ཀྱིས་འགྲུབ་པའི་ཡི་གེའི་ལེའུ་སྟེ་བཅོ་བརྒྱད་པའོ། །།། དེ་ནས་འཇམ་དཔལ་བཤེས་གཉེན་ཁྱེའུ་སྣང་བ་བསམ་གྱིས་མི་ཁྱབ་པ་དེ་ཡིད་རབ་ཏུ་དངས་ཏེ།། ཕ་ཧཱ་སུ་ཀ་ཧོ་ནི།། ཨོཾ་མཱ་ཨེ་མ།། རྡོ་རྗེ་སེམས་དཔའི་སྐུ་མཆོག་འགྲོ་དཔལ་ཐུགས་དཀྱིལ་ནས་བདུད་རྩི་ཆུ་རྒྱུན་བྱང་སེམས་བཅོ་བརྒྱད་འབབ། ། ཉོན་མོངས་ཀོ་སྐམ་དག་གི་ཐ་བ་ལ།། མི་བངས་སྐམས་མེད་འགྲོ་ཀུན་གྲོལ་མཉམ་སེམས།། བྱང་སེམས་གབ་པ་ཞུས་པའི་ཡི་གེ་འདི།། བདག་གི་བློ་བའི་དཀྱིལ་དུ་ས་མ་ཡ། ། བདེ་གཤེགས་བྱིན་རླབས་མ་ལུས་དུས་འདིར་བདག་ལ་འདུས།། འགྲོ་བའི་དུག་ཆེན་སེལ་མཛད་སྨན་ཆེན་མགོན་པོ་སེམས་དཔས་གསུངས།། སྐལ་ལྡན་འགྲོ་བ་གྲོལ་བར་ཐེ་ཚོམ་མེད།། ཀུན་ཏུ་བཟང་པོའི་ཞལ་ཡང་དུས་འདིར་མཐོང། ། རྡོ་རྗེ་སེམས་དཔའི་ཞལ་ཡང་དུས་འདིར་མཐོང།། རིགས་གསུམ་མགོན་པོའི་ཞལ་ཡང་དེ་རིང་མཐོང།། བདེ་གཤེགས་ཐུགས་ཀྱི་ཉི་མ་ད་ལྟར་ཤར། ཁམས་གསུམ་འཁོར་པའི་མུན་པ་ད་ནང་སངས། ། འཁོར་འདས་གཉིས་ཀྱི་ཟམ་པ་དེ་རིང་ཚུགས།། ཁམས་གསུམ་དུག་གསུམ་ནང་ནས་སྐྱས་ཆེན་འདེབས།། ཟག་པ་ཟད་ཅིང་བྱ་བ་དེ་རིང་བྱས།། དེ་རིང་འཁོར་བའི་གདོས་དང་བྲལ། ། རྡོ་རྗེ་སེམས་དཔའི་ཐུགས་ཀྱི་ཐིགས་པ་འདི།། བདག་གིས་དམ་པ་ཉིད་དུ་གཟུང་བར་བྱ།། མགོན་པོ་ཁྱོད་ཀྱི་བཀའ་ལས་བདག་མི་འདའ།། རྡོ་རྗེ་སེམས་དཔའི་བཀའ་ལས་བདག་མི་འདའ།། མཁའ་འགྲོ་དམ་ཅན་བཀའ་ལས་བདག་མི་འདའ། ། རྡོ་རྗེ་སེམས་དཔའ་ཁྱོད་ཀྱི་བཀའ་སྩལ་ཚུལ་བཞིན་བགྱི།། ཐུགས་རྗེ་ཅན་གྱི་བཀའ་བཞིན་བདག་བགྱིད་དོ།། དཀོན་མཆོག་གསུམ་གྱི་བཀའ་མི་སླུ།། ཉི་ཟླ་ས་ལ་ལྟུང་བ་སྲིད་དུ་རུང། ། སེམས་དཔའ་ཁྱོད་ཀྱི་བཀའ་ལས་འདའ་མི་སྲིད།། ཁྱོད་ཀྱི་བཀའ་དྲིན་ཡལ་བར་བདག་མི་གཏོང།། དེ་བཞིན་གཤེགས་པའི་དགོངས་པའི་ཡང་སྙིང་འདི།། དམ་ཉམས་སྡིག་ཅན་ཀུན་གྱི་ལག་ཏུ་བདག་མི་གཏོང། ། འཇིག་རྟེན་གཡེང་བའི་ལག་ཏུ་བདག་མི་གཏོང།། དེ་བཞིན་གཤེགས་པ་ཀུན་གྱི་བྱིན་རླབས་དང།། མགོན་པོ་སེམས་དཔའ་ཁྱོད་ཀྱི་བྱིན་རླབས་ཀྱིས།། བདག་ཉིད་འཁྲུལ་པའི་དབང་དུ་མ་གྱུར་ཅིག། མཐུ་དང་རྫུ་འཕྲུལ་དབང་དུ་མ་གྱུར་ཅིག། བར་ཆོད་བདུད་ཀྱི་དབང་དུ་མ་འགྲོ་ཞིག། སྲིད་པའི་འཚོ་ལས་འགྲོ་བ་འདོན་པར་ཤོག། རྫོགས་སོ།།།། རྒྱ་གར་གྱི་མཁན་པོ་བི་མ་ལ་མི་ཏྲ་དང།། ཞུ་ཆེན་གྱི་ལོ་ཙ་བ་དྲན་པའི་ཡེ་ཤེས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་ནས། ། ཉང་ཏིང་འཛིན་ལ་གདམས།། དེས་སྦ་མོ་རྒྱ་ལེ་མཚོ་ལ་གདམས།། དེས་སྦ་བློ་གྲོས་དབང་ཕྱུག་ལ་གདམས།། དེས་འབྲོམ་ཡེ་ཤེས་བླ་མ་ལ་གདམས། ། དེས་སྲས་རྒྱལ་བའི་ཤེས་རབ་ལ་གདམས།། དེས་ཞང་དར་མ་ཡེ་ཤེས་ལ་གདམས།། དེས་ཤངས་པ་ལྕེ་ཆུང་བ་ཡེ་ཤེས་རྒྱལ་མཚན་ལ་གདམས།། དེས་ཤུད་ཀྱེ་སྟོན་པ་མི་འཇིགས་ལ་གདམས། ། དེས་སྔོན་སྟོག་རྒྱལ་མཚན་ལ་གདམས།། དེས་ལྕེ་སྟོན་རྡོ་རྗེ་གཟུངས་ལ་གདམས་སོ།། སྙན་རྒྱུད་ངེས་པའི་ལྡེ་མིག། པོ་ཏི་སེ་རུ་མཐིང་ཤོག་ཅན་གྱི་རྒྱུད་རྫོགས་སོ།།།། མ་ཨིསསིང་མ་ཨིསསིང་མ་ཨིསསིང་མ་ཨིསསིང་མ་ཨིསསིང་བྱང་ཆུབ་སེམས་ཐིགས་པ་ཉི་ཤུ་རྩ་གཉིས་པའི་རྒྱུད་ཞེས་བྱ་བ་བཞུགས་སོ། ། འདི་ཡང་དོན་ལ་མ་ཡེངས་ན།། གང་ལ་རྣམ་རྟོག་མི་སྐྱེ་འོ།། ལྟ་བ་ཁྱུང་ཆེན་ལྡིངས་པ་ཡིན།། ཀུན་བཞི་བྱང་ཆུབ་སེམས་ལ་སེལ་མེད་ན།། དམ་ཚིག་ཤེལ་གོང་ཕྱིས་པ་ཡིན།། ཅི་ཡང་ཆགས་སྡང་མ་སྐྱེས་ན། ། ནང་རྟགས་ཕྱི་རུ་ཕྱིན་པ་ཡིན།། བྱང་ཆུབ་སེམས་ཀྱི་དོན་རྟོགས་ན།། རང་བྱུང་ཡེ་ཤེས་རྙེད་པ་ཡིན།། བླང་དོར་གཙང་སྨེ་མི་ལྟ་ན།། སྤྱོད་པ་གླང་པོ་ཆུར་ཞུགས་ཡིན།། བྱང་ཆུབ་སེམས་ཀྱི་སྤྱི་ལུང་ཆེན་པོ་རྫོགས་པའི་རྒྱུད། ། བྱང་ཆུབ་སེམས་ལྟ་བའི་མན་ངག་གི་བུ་ལྔ།། ལྟ་བ་དོན་གྱི་བཅའ་བཞི་རྫོགས་སོ།།།། རྒྱ་རྒྱ་རྒྱ། #།། དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ།། འདི་སྐད་བཤད་པའི་དུས་གཅིག་ན། ། རང་བྱུང་ཇི་བཞིན་བདེ་ཆེན་པོ།། ཟབ་མོ་རང་རིག་བསམ་མི་ཁྱབ།། མ་བཅོས་གསང་བ་རྫོགས་པའི་བདག། ལྷུན་གྲུབ་ངང་ལ་བཞུགས་པར་གྱུར།། སངས་རྒྱས་སེམས་ཅན་ཐམས་ཅད་དང། ། སྣང་སྲིད་རྗེས་ལྟ་མཐའ་ཡས་པ།། དུས་གསུམ་འབྱེད་མེད་གཅིག་པའི་ཕྱིར།། ཐིག་ལེ་རྫོགས་པར་འདུས་ཏེ་གནས།། དེ་ཚེ་སེམས་དཔའ་རྡོ་རྗེ་ཡིས།། རབ་ཏུ་གསལ་ལ་མི་གཡོ་བས།། མི་རྩོལ་ཇི་བཞིན་འདུན་པ་ལས། ། བསམ་གྱིས་མི་ཁྱབ་དགོངས་པར་ཞུས།། བདེ་ཆེན་རིག་པའི་རྒྱལ་པོ་ཉིད།། ཇི་བཞིན་མ་བཅོས་དགོངས་པའི་བརྡས།། སྐལ་ལྡན་དོན་དུ་གཏན་ལ་ཕབ།། འདའ་མེད་བདེ་ཆེན་དམ་ལ་གནས།། དང་པོར་རྣ་རྒྱུད་གདམས་པའི་ལུང། ། རིན་ཆེན་གུས་པས་ནོད་པར་བྱ།། རིན་ཆེན་འོད་ཀྱི་བསྟན་པའམ།། རྩི་བཅུད་བུང་བས་བཞིབས་པ་ལྟར།། མ་ལུས་སྙིང་པོ་ཐུགས་ཆུད་ནས།། དེ་ནས་སོ་བཞག་ཉམས་པ་མེད། ། དོན་མཐོང་རིག་པ་ཆ་སྦྱངས་པས།། སྣང་གསུམ་རྫོགས་ཆེན་རྒྱས་བཏབ་ལ།། ཐིག་ལེ་རྫོགས་པར་གནས་པར་བྱ།། རང་སེམས་ངེས་བའི་དོན་རྟོགས་པས།། ངེས་པར་དོན་ལ་འདའ་མེད་པའོ། ། གདམས་པའི་རྣམ་གྲངས་ཅི་བསྟན་པ།། ཀུན་གྱི་ངེས་དོན་སྟོན་པ་ཡིན།། བླ་མའི་གདམ་ངག་ལུང་མེད་ཅིང།། རྣ་བརྒྱུད་དགོངས་པ་མི་ལྡན་པས།། གང་བསྟན་ལོག་བའི་ཁམས་སུ་འགྱུར།། དེ་བས་གདམས་ངག་ཐོབ་པར་བྱ། ། ངེས་པར་ཐོབ་པར་ཤེས་པ་ཡིས།། དེ་དག་དོན་ལས་མི་འདའ་ཡང།། རིན་ཆེན་གླིང་ལ་བགྲོད་པའམ།། མུན་པ་འོད་དང་ཕྲད་པ་ལྟར།། གཞི་གཅིག་སྟོབས་ཀྱིས་ཁྱད་པར་འཕགས།། དུ་བཞི་ཐོག་མ་དང་པོ་ནས། ། འཁྲུལ་བཅད་བརྟགས་པ་རྣམ་པར་བཟློག།། དབང་པོ་གོམས་པ་ཆེ་ཆུང་གིས།། མི་གནས་པ་དང་ཅུང་ཟད་གནས།། ཡུན་རིངས་དལ་བས་འབབ་ཆུ་འདྲ།། དེ་ལ་ཡེ་ཤེས་མ་བཙལ་ན། ། བར་ཆད་མེད་པའི་བརྩོན་འགྲུས་ཀྱིས།། འབབ་ཆུ་ལྟ་བུར་གནས་གྱུར་ན།། རྒྱ་མཚོ་ལྟ་བུར་མི་གཡོ་བ།། མཁའ་གསལ་འོད་ཀྱིས་བརྡལ་བ་ལྟར།། དུས་འཚམས་མེད་པར་གནས་པར་འགྱུར།། དུས་གཅིག་འཇུག་པས་རྣལ་འབྱོར་པས། ། མན་ངག་ངེས་པའི་ལུང་ཐོབ་ནས།། རྒྱ་མཚོ་འོད་ཀྱིས་ཕོག་པའམ།། མཁའ་ལ་ཉི་འོད་འབར་བ་ལྟར།། དེ་མ་ཐག་པར་ལྷུན་གྱིས་གྲུབ།། ཐག་གུ་སྦྲུལ་མཐོང་སེལ་བ་ལྟར།། ངེས་པ་ཐོབ་པས་དབུགས་ཆེན་ཕྱིན། ། མ་བཙལ་ལྷུན་བཞག་རྣལ་འབྱོར་པས།། ཐུན་དང་མཉམ་གཞག་རྩིར་མེད་པས།། དུས་གཅིག་མི་གཡོ་རྣལ་འབྱོར་ཐོབ།། འོན་ཀྱང་མ་ཡེངས་གཞི་གཅིག་ལ།། རྣམ་པའི་བྱེ་བྲག་ཅིར་འགྱུར་བ། ། ཡེ་ཤེས་སྲོག་གསུམ་འགྱུར་བ་མེད།། མཚན་མ་ཆུ་དང་རླབས་བཞིན་ནམ།། བཅུད་དང་སྙིང་པོ་རྣམ་པའམ།། མཁའ་ཡི་ཆོ་འཕྲུལ་ཇི་ལྟ་བར།། མ་བཙལ་རང་བཞིན་གཡོ་མི་འགྱུར།། གང་དག་ཐུགས་རྗེའི་ངང་ཡིན་པས། ། གང་ལ་དགའ་བའི་དོན་ཆེད་དུ།། ཡེ་ཤེས་མཚོན་སྒོར་མ་གྱུར་པ།། ཅུང་ཟད་ཙམ་ཡང་ཡོད་མ་ཡིན།། ཀུན་ཀྱང་ཡེ་ཤེས་ཉིད་རྟོགས་པས།། ལྕགས་ལ་ཐབས་ཀྱིས་མཛད་པ་ལྟར།། མན་ངག་ཐབས་ཀྱིས་ཕ་རོལ་ཕྱིན། ། གང་ཡང་གཡང་ས་ལམ་དུ་བདེ།། བདེ་སྡུག་གང་ཡང་མི་འདོར་ན།། དེ་དག་ལེན་པར་ག་ལ་ཡིན།། དང་པོ་རང་བཞིན་བསྟན་པ་སྟེ།། གཉིས་པ་རིག་པས་ཕྲད་པ་ཡིན།། གསུམ་པ་གཟུངས་དང་ལྡན་པ་སྟེ། ། བཞི་པ་གཏང་སྙོམས་ཆེན་པོ་ཡིན།། ལྔ་པ་འབབ་ཆུ་ལྟ་བུ་སྟེ།། དྲུག་པ་མཁའ་ལ་ཉི་ཤར་བཞིན།། མི་འདའ་འབྱེད་པ་མེད་པའོ།། བདུན་པ་རིན་ཆེན་གླིང་ཕྱིན་ཏེ།། བརྒྱད་པ་རིན་ཆེན་ལྷུན་རྫོགས་སམ། ། ཉི་མའི་འོད་དང་སྙིང་པོ་ལྟར།། བདག་གཞན་དོན་ཀུན་རྫོགས་པར་གནས།། རིན་ཆེན་གཞི་ལ་འགྱུར་མེད་ཀྱང།། དབང་པོ་ཤེས་རབ་གོམས་ཚུལ་གྱིས།། རིན་ཆེན་སེལ་དང་བྲལ་བ་ལྟར། ། གོམས་པའི་ཤུགས་ཀྱིས་གྲུབ་པ་ཡིན།། དང་པོར་མོས་དང་ལྡན་པ་སྟེ།། གཉིས་པར་མི་གཡོ་རྩེ་གཅིག་པ།། གསུམ་པ་འབྲེལ་བས་བར་ཆད་མེད།། བཞི་པ་རང་ཡང་ལྷུག་པ་ཡིན།། ལྔ་པ་གང་ཡང་འབྲེལ་མེད་སྤྱད། ། དྲུག་པ་གླང་པོ་དོགས་མེད་ཉིད།། སྲོག་ལྡན་ཉམ་ང་རེ་དོགས་མེད།། བདུན་པ་ཐམས་ཅད་དག་པའི་ཕྱིར།། བྱ་དང་མི་བྱ་ཅུང་ཟད་མེད།། བརྒྱད་པ་ལྷུན་རྫོགས་སྤྱོད་པ་སྟེ།། སྲོག་ལྡན་ཇི་བཞིན་རྣལ་འབྱོར་པས། ། ཐབས་ལྡན་རིག་སྟོབས་ཁྱད་པར་དུ།། གང་གྱུར་མ་ཡེངས་སྤྱད་པར་བྱ།། མི་འགྱུར་བྲལ་ན་རང་བཞིན་བཏང།། ངེས་བྲལ་རྩོལ་ཐ་མལ་སེམས།། ངོས་ཅན་མཐར་འཛིན་ལོག་སྲེད་ཅན།། ཆེད་བྱས་རྩོལ་དང་གྲུབ་པ་དང། ། ཟིན་ཆགས་བླང་དོར་དགག་སྒྲུབ་དང།། ཞེན་དང་འགོག་དང་ཕྱལ་བ་དང།། བཏང་སྙོམས་ཡོད་དང་མེད་པ་དག། མི་དོར་རྒྱུ་མེད་རང་བཞིན་བཏང།། ཐོགས་ཆགས་མེད་པའི་ཡེ་ཤེས་ཀྱིས། ། ཕྱོགས་བྲལ་ཡེ་ཤེས་ཆེན་པོས་རྒྱས།། རིག་པ་རྫོགས་པ་གཏིང་དཔག་མེད།། མྱོང་བ་བདེ་བའི་རང་བཞིན་ཏེ།། རྟོག་སྤྱོད་རྒྱུ་བ་བྲལ་བ་ཡིས།། བསམ་མེད་དྲན་མེད་སལ་ལེ་བ།། ཏིང་འཛིན་ཤེས་རབ་རྫོགས་པ་སྟེ། ། ལྷག་པའི་སླབ་པ་ཀུན་རྫོགས་པའོ།། ནམ་མཁའ་རྡོ་རྗེ་འགྲོ་འདུལ་ཐབས།། ཇི་སྙེད་སྤྱོད་པ་མདོར་བསྡུས་པ།། དང་པོ་ནས་གཟུང་མཐར་ཐུག་བར།། ཁྱབ་པས་དགོངས་པས་སྤྱོད་པ་ཡིན།། ཇི་སྙེད་རྒྱལ་བ་ཐམས་ཅད་ཀྱི། ། སྐུ་གསུང་ཐུགས་ཀྱི་ངོ་བོ་ནི།། བདེ་ཆེན་རིག་པའི་ཡེ་ཤེས་ཏེ།། མ་ལུས་མཁའ་ལྟར་ཁྱབ་པ་ཡིན།། འདི་དག་ངེས་པར་ཐུགས་ཕྲད་དུ།། ངེས་པར་བསྟན་གྱིས་ཤེས་པར་གྱིས།། དེ་དག་རྟོགས་གོམས་དེ་ཕྱིན་ཆད། ། བུལ་པོ་གཏེར་དང་ཕྲད་པ་ལྟར།། བདེ་བར་གནས་ནས་བཅིངས་པར་གྲོལ། ཁྱུང་ཕྲུག་སྤུབས་དང་བྲལ་བའམ།། སེང་གེ་དོང་ཐག་བཀྲོལ་བ་ལྟར།། ཉི་འོད་སྤྲིན་དང་བྲལ་བ་ལྟར།། ཕྱིན་ཆད་སྟོབས་དང་ལྡན་པ་ཡིན། ། འདོད་པའི་དངོས་པོ་གང་མཐོང་ཚོར།། བདེ་ཆེན་རྫོགས་པའི་ངོ་བོར་གནས།། འདི་དག་ཡེ་ཤེས་རྫོགས་པའི་ཕྱིར།། མ་ཉམས་རིག་པའི་ངང་ལས་སྤྱོད།། ཤེས་རབ་མ་ལུས་གཅིག་ལ་རྫོགས། ། གཅིག་པོ་རིག་པས་ངོས་བཟུང་ན།། ཐེག་པའི་རྣམ་གྲངས་མ་ལུས་པ།། དུས་གཅིག་རྫོགས་པར་རྟོགས་གྱུར་ནས།། མ་ཡེངས་གཞག་པས་གྲོལ་བ་ཡིན།། འདུལ་བའི་དུས་ན་བསམས་པ་བཞིན།། ཐུགས་རྗེ་འགྲོ་འོང་མེད་པར་བདལ། ། དངོས་གྲུབ་ཐོགས་མེད་ལྷུན་རྫོགས་ཀྱིས།། ཞེས་བཅོམ་ལྡན་འདས་བདེ་བ་ཆེན་པོ་རིག་པའི་རྒྱལ་པོ་རྡོ་རྗེ་སེམས་དཔས་གསུངས་ནས་དེ་བཞིན་ཉིད་དུ་གནས་པར་གྱུར་ཏོ།། མན་ངག་རིག་པ་ཀློང་རྫོགས་ཀྱི་རྒྱུད་རྫོགས་སོ། །།། དགེ་སློང་བཻ་རོ་ཙ་ན་ལ།། རྡོ་རྗེ་སེམས་དཔའི་ཐུགས་ཀྱི་གཏེར།། མཁས་པའི་གདམས་ངག་བརྒྱུད་པ་འདི།། རྡོ་རྗེ་ཡང་དག་རྩལ་ལ་སོགས།། སྐལ་ལྡན་རེ་ལས་མ་གཏོགས་པ། ། གཅིག་ལ་མི་སྣུབ་གཉིས་ལ་མི་སྤེལ་ཏེ།། ཐུགས་ཀྱི་གཏེར་དུ་བཅང་ཞིང་སེམས་ལ་བསླན།།།། རྒྱ་གར་སྐད་དུ།། ཨ་ཏི་ཡོ་ག་དྷརྨ་མ་ཧཱ་ཏན་ཏྲ། ། བོད་སྐད་དུ།། རྫོགས་པ་ཆེན་པོ་རྣལ་འབྱོར་ཆོས་ཉིད་ཀྱི་རྒྱུད།། བཅོམ་ལྡན་འདས་དཔལ་རྡོ་རྗེ་འཆང་ཆེན་པོ་ལ་ཕྱག་འཚལ་ལོ།། དེ་ནས་ཡང་དེའི་ཚེ་བཅོམ་ལྡན་འདས་ཀྱིས།། དཔལ་རྡོ་རྗེ་སེམས་དཔའ་འདི་སྐད་ཅེས་བཀའ་སྩལ་ཏོ། ། བདག་གཞན་གདོད་ནས་མེད་པ་ཡི།། ལྷུན་གྱིས་རྫོགས་པའི་ངང་ཉིད་ལ།། འཆི་འཕོ་འགྱུར་བའི་ཆོས་མེད་དེ།། མི་འགྱུར་བརྟན་པའི་གསེར་བཞིན་ནོ།། དགེ་བའི་ཕྱོགས་དང་སྡིག་པ་སོགས། ། ཐ་དད་ཙམ་ཡང་ཡོད་མ་ཡིན།། རྣལ་འབྱོར་རྣམ་པར་འཆིང་བ་ཉིད།། གཉིས་པོ་འདི་དག་གདོད་ནས་མེད།། གང་གིས་དེ་ལྟར་མ་རིག་པའི།། དོན་མེད་སྒྲ་ཕྱིར་དེ་འབྲངས་ནས།། དགེ་བའི་ཕྱོགས་སྤོང་སྡིག་པ་སྤྱོད། ། དེ་ཉིད་འཐོམས་པས་དམྱལ་བར་འགྲོ།། དཀར་བས་དཀར་པའི་ཉི་མ་མེད།། གནག་པའི་མུན་པ་དག་ཀྱང་མེད།། འཁོར་བ་མེད་ཅིང་མྱང་འདས་མེད།། རིག་པ་མེད་ཅིང་གནས་པ་མེད། ། བྲི་བ་མེད་ཅིང་གང་བ་མེད།། འགྲིབ་བ་མེད་ཅིང་འཕེལ་བ་མེད།། སུ་ལའང་ཕན་མེད་གནོད་མི་འགྱུར།། སྣང་བ་མེད་ཅིང་འགྱུར་བའང་མེད།། ཤེས་རབ་མེད་ཅིང་ཐབས་ཀྱང་མེད།། ལམ་མེད་བྱང་ཆུབ་ཡོད་མ་ཡིན། ། དྲན་པ་མེད་ཅིང་ཡིད་བྱེད་མེད།། དམིགས་པ་མེད་ཅིང་ཡུལ་ཀྱང་མེད།། མེད་པ་མ་ཡིན་སྙིང་པོའི་དོན།། སྐལ་ལྡན་རྣལ་འབྱོར་པ་ཉིད་ཀྱིས།། ཐེ་ཙོམ་རྨུགས་པ་རབ་སོལ་ལ།། དོན་རྟོགས་གཏིང་དུ་གོ་བ་ཉིད། ། གདེང་དུ་ཆོས་འདི་སུ་འཆང་བ།། ཐབས་ཅད་སྒོམ་སྒྲུབ་དགེ་བའི་ཆོས།། དཀར་པོའི་ཕྱོགས་དང་སྡིག་ཏུ་མཉམ།། ཅི་ཡང་མི་འཛིན་ཤེས་པ་ཉིད།། གང་ལྟར་སྤྱད་ཀྱང་མེ་ཏོག་སྐྱེ།། རྣལ་འབྱོར་རྫོགས་པ་ཆེན་པོ་ཆོས་ཉིད་ཀྱི་རྒྱུད་རྫོགས་སོ། །།། སློབ་དཔོན་པདྨས་སྒྲ་རང་འགྱུར་དུ་བསྒྱུར་བའོ།།། རྒྱ་གར་སྐད་དུ།། ཤྲཱི་ཧེ་ཏན་ཏྲ་ནཱ་མ།། བོད་སྐད་དུ།། དཔལ་ལྡན་དགྱེས་པའི་རྒྱུད་ཅེས་བྱ་བ། ། ངོ་མཚར་ཚེ་དང་དགྱེས་པའི་ཐུགས།། གཉིས་སུ་མེད་ལ་ཕྱག་འཚལ་ལོ།། བསྟན་པ་སྟོན་པ་འཁོར་གནས་དུས།། བདེ་བ་ཐམས་ཅད་འབྱུང་བའི་གནས།། ངོ་མཚར་ཆེན་པོའི་ཚིག་དགུ་ལ། ། དགྱེས་པའི་ཐུགས་ཀྱིས་ཐབས་དགུར་བཞད།། སངས་རྒྱས་སེམས་ཅན་རྒྱུ་གཅིག་པར།། ངོ་མཚར་ཆེན་པོ་རྨད་དུ་བྱུང་ཧ་ཧ།། ཕྱི་ནང་སྣོད་བཅུད་རང་བཞིན་གཅིག་པ་ཧ་ཧ།། ཡེ་ཤེས་འཁྲུལ་བ་གཞི་ལ་གཅིག་པ་ཧ་ཧ། ། བདེ་དང་སྡུག་བསྔལ་ངོ་བོ་གཅིག་པ་ཧ་ཧ།། དགེ་སྡིག་ལས་ཀྱི་འབྲས་བུ་གཅིག་པ་ཧ་ཧ།། གསེར་དངུལ་ལུགས་ཀྱི་དཀྱིལ་འཁོར་དང།། ས་རྡོ་རི་བྲག་དོན་ལ་གཅིག་པ་ཧ་ཧ།། ཐུབ་པའི་མཛད་པ་བཅུ་གཉིས་དང། ། རྫོགས་ཆེན་རོལ་པ་ལས་གཅིག་པ་ཧ་ཧ།། དྲུག་གི་བསྟན་པའི་ལོག་ཆོས་དང།། རྒྱལ་བའི་བཀའ་རྒྱུད་བདུད་རྩི་གཉིས།། བྱང་ཆུབ་སེམས་ཀྱི་ངང་དུ་གཅིག་པ་ཧ་ཧ།། དངོས་པོ་གཅིག་ལ་སྣང་ཚུལ་བཅུ་དགུར་གསལ། ། ཆོས་ཀྱི་དབྱིངས་སུ་རང་བཞིན་གཅིག་པ་ཡོངས་ཀྱིས་མཉམ།། ངོ་མཚར་ཆེ་ཧ་ཧ།། ངོ་མཚར་ཆེན་པོའི་ཚིག་དགུ་ལ།། དུས་གསུམ་རྒྱལ་བས་ལན་དགུར་བཞད།། ཧེ་ཧེ་ཧེ།། ཚིག་ཏུ་འདུས་ལ་དོན་དུ་རྒྱས། ། རྒྱ་མཚོ་ཆུ་བོའི་འཕྲོ་འདུ་བཞིན།། ནམ་མཁའ་རྡོ་རྗེ་ཨ་ལས་བྱུང།། བདེ་བ་ཆེན་པོའི་མཆོག་འདི་ལ།། མཚོན་དུ་ཡོད་པ་མ་ཡིན་ཏེ།། མཚོན་དུ་མེད་པའི་ཆོས་ཉིད་ནི།། བརྗོད་དུ་མེད་པའི་བདེ་ཆེན་ཡིན། ། བརྗོད་དུ་མེད་པའི་བདེ་ཆེན་ལ།། བརྗོད་དུ་མེད་པའི་ཚིག་བརྗོད་ནས།། བརྗོད་དུ་མེད་དོན་གྱི་ངོ་བོ་སྟོན།། མཚོན་མེད་བརྗོད་ལས་འདས་པ་ཡི།། བྱང་ཆུབ་སེམས་ཀྱི་བདེ་ཆེན་ལ།། དགོངས་པའི་དབང་གིས་རྒྱལ་བ་རྣམས། ། ང་དང་བདག་ཅེས་གསུངས་པ་ནི།། དེ་བཞིན་པ་ཡི་དབང་གིས་ནི།། ཆོས་སྒོ་བརྒྱད་ཁྲི་བཞི་སྟོང་གསུངས།། གསུངས་ཀྱང་གནས་ལུགས་གཅིག་ལས་མེད།། བསྟན་པའི་སྙིང་པོ་བདེ་ཆེན་མཆོག། གནས་ལུགས་ཡིན་པར་ཤེས་པར་བྱའོ།། བྱང་སེམས་བདེ་བ་ཆེན་པོ་ལ།། རྒྱལ་སྲས་གང་འདོད་དབང་ཕྱུག་སྐལ་ལྡན་གྱིས།། ངེས་པར་རྟོགས་ལ་ཐུགས་ཀྱི་དཀྱིལ་དུ་ཆོངས།། སླད་མ་གཞན་དང་བྱིས་པ་ཕྱོགས་རིས་ཅན་གྱི་མི་གོ་བས། ། དོན་ལ་འགྲེད་ལ་ཚིག་ལ་འཕྱར།། གནད་ལ་མ་ཐེབས་ཉོན་མོངས་རགས།། མན་ངག་མེད་པར་རྫོབ་རྐྱེན་ཆེ།། དེ་འདྲའི་ལག་ཏུ་དེ་བསྐུར་ན།། གདོན་སྦྱིན་ལག་ན་མཚོན་ཐོགས་དང། ། མོན་མོའི་ལག་ན་དུག་སྤྱོད་འདྲ།། རྒྱལ་ཁམས་མེ་ཡིས་གཏོང་བ་ཡིན།། མེད་ཐུང་མེད་པར་འདི་འཆང་ན།། རྒྱ་མཚོར་གསེར་སྦྲ་མ་ཤོར་བ་དང།། རི་གཟར་ཁ་ནས་རྦབ་ཤོར་འདྲ།། གྱེན་དུ་བཟློག་པའི་ཐབས་མེད་ཕྱིར། ། རྒྱལ་ཁམས་ཕུང་བའི་ཐབས་ཡིན་པས།། གདམས་པ་རྒྱ་དང་ལྡན་པར་གྱིས།། རང་རིག་བྱང་ཆུབ་སེམས་ཀྱི་འཁྲུལ་དགུ་ལ།། དུས་གསུམ་རྒྱལ་བའི་ཐུགས་ཀྱིས་དགྱེས་དགུར་རོལ།། རྣལ་འབྱོར་དོན་རྟོགས་སེམས་ཀྱི་དགའ་དགུར་སྤྱོད། ། རང་ན་གུ་ཧྱ་སི་དྷི་ཀན།། ཞང་དྲུང་དྲི་མེད་ཟླ་ཤར་རྒྱ།། ཀུ་མ་ར་ཡིས་རྒྱ་བོད་གྲགས།། ཛྙཱ་ན་བུ་ཡིས་གདེང་ལྡན་གྱིས།། ངོ་མཚར་ཆེ་བའི་ཚིག་དགུ་སྨྲས།། དཔལ་ལྡན་དགྱེས་པའི་རྒྱུད་རྫོགས་སོ། །།། རྒྱ་གར་སྐད་དུ།། ཏྲ་ཏ་ཀེ་རཱ་ཛ་ཏན་ཏྲ།། བོད་སྐད་དུ་མངོན་ཤེས་རིག་པའི་རྒྱལ་པོའི་རྒྱུད།། ཧེ་རུ་ཀ་དཔལ་འཇམ་པའི་དབྱངས།། གསང་བདག་ཆེ་ལ་ཕྱག་འཚལ་ནས།། མངོན་ཤེས་རིག་པའི་གནས་དགུ་འདི། ། དུས་གསུམ་རྒྱལ་བའི་ཐུགས་གཏེར་བས།། རྫ་ཤིང་སྣོད་ལ་ཡོངས་མི་བསྟན།། ཨུ་རྒྱན་ཡུལ་གྱི་ཐོར་ཅོག་ཅན།། བརྩེ་གདུང་ལྷུན་གྲུབ་པའི་གནས།། དྷ་ན་ཀོ་ཤའི་གླིང་གོང་དུ།། གུ་ལང་གསེར་གཟོའི་དོན་དུ་བཤད། ། གཞི་མོའི་དོན་ལ་མཁས་པ་དང། 1། ཆོས་དང་ཆོས་ཉིད་འབྱེད་དུས་དང། 2། ཆོས་ཉིད་ཟླ་ལ་ལེན་འདེབས་དང། 3། གྱབས་ཀྱིས་ཆོད་པའི་ལྟ་བ་དང། 4། ཀློང་དུ་གྱུར་པའི་སྒོམ་པ་དང། 5། གདེང་གིས་ཟིན་པའི་སྤྱོད་པ་དང། 6། བརྡར་ཤ་ཆོད་པའི་གོལ་སྒྲིབ་དང། 7། ཐབས་ཀྱིས་ཟིན་པའི་དམ་ཚིག་དང། 8། རང་ལ་རྙེད་པའི་འབྲས་བུ་དགུ། 9། མངོན་ཤེས་རིག་པའི་གནད་ཡིན་པས།། སྐལ་ལྡན་ལས་འཕྲོ་ཅན་གྱི་གཏེར། ། གཞི་མོའི་དོན་ལ་མཁས་པ་ནི།། མ་བྱུང་མ་སྐྱེས་སྔོན་རོལ་ན།། སེམས་ཀྱི་ངོ་བོ་ཇི་ལྟར་གནས།། མཁའ་དང་འཇའ་ཚོན་ཚུལ་དུ་གནས། 1། ཆོས་དང་ཆོས་ཉིད་འབྱེད་དུས་ནི། ། མཁའ་དང་འཇའ་ཚོན་གཅིག་པ་ལ།། གཞའ་ཚོན་ཡུལ་དུ་བཅས་པས་འཁྲུལ།། མེད་ལས་ཡོད་གཟུང་རྒྱུ་ཉིད་ཀྱིས།། རྨི་ལམ་ཚུལ་དུ་སྡུག་བསྔལ་མྱོང།། རིགས་དྲུག་སྐྱེ་འགུལ་དེ་ལས་བྱུང། 2། ཆོས་ཉིད་ཟླ་ལ་ལན་འདེབས་ནི། ། གདོད་ནས་དག་པའི་རང་བཞིན་ནམ་མཁའ་ལ།། བསྐལ་པ་སྟོང་དུ་བསགས་པའི་མུན་ནག་ཐིབས་པོ་ཡང།། རིག་པའི་རྒྱལ་པོ་ཡེ་ཤེས་ཉི་ཟེར་གྱིས།། སྐད་ཅིག་ཡུད་ཙམ་ཅིག་གིས་དེངས་པ་བཞིན། ། གསལ་སྟོང་དུས་གཅིག་རྟོགས་པས་བདེ་བ་ཤུགས་ལ་འབྱུང།། དཔེར་ན་དོམ་ཕྲུག་མ་དང་ཕྲད་པ་བཞིན། 3། གྱབས་ཀྱིས་ཆོད་པའི་ལྟ་བ་ནི།། སྣང་སྲིད་འཁོར་འདས་ཐམས་ཅད་ལ།། སེམས་ལས་མ་གཏོགས་ཆོས་མེད་ཕྱིར། ། རང་སེམས་བདེ་བར་ངོ་ཤེས་པས།། སྣང་སྲིད་བདེ་བར་ཤར་བ་ཡིན།། གཅད་བྱ་གཅོད་བྱེད་གཉིས་མེད་པས།། མཁའ་ལ་ཉི་མ་ཤར་བ་འདྲ། 4། ཀློང་དུ་གྱུར་པའི་སྒོམ་པ་ནི།། ཡུལ་རྣམས་ཀུན་ལ་འཇུག་བྱེད་པ། ། མཚན་མའི་བྱེ་བྲག་ཐམས་ཅད་ལ།། བདེ་བ་ཆེན་པོའི་རོས་ཁྱབ་ཕྱིར།། གསེར་འགྱུར་རྩི་ཡི་སྙིང་པོ་འདྲ། 5། གདེང་གིས་ཟིན་པའི་སྤྱོད་པ་ནི།། ཚོགས་དྲུག་སྤྱོད་ཡུལ་ཐམས་ཅད་ལ། ། མེ་ཏོག་བུང་བ་ཕྲད་པ་བཞིན།། གང་འཕྲད་བུང་བས་སྦྲང་རྩི་རྙེད།། སྣང་སྲིད་བདེ་བར་ཤར་བ་ཡིན། 6། གདར་ཤ་ཆོད་པའི་གོལ་སྒྲིབ་ནི།། གཅིག་ལ་གཉིས་སུ་སྣང་བའི་ཕྱིར།། གྲོད་པ་ཕྱི་ནང་བཟློག་པ་འདྲ། 7། ཐབས་ཀྱིས་ཟིན་པའི་དམ་ཚིག་ནི།། འཆིང་བའི་ལས་རྣམས་སྤྱད་པ་ཡིས།། གྲོལ་བར་འགྱུར་བའི་ཐབས་ཞེས་བཤད།། དུག་ལ་སྔགས་ཀྱིས་བསད་པ་འདྲ། 8། རང་ལ་རྙེད་པའི་འབྲས་བུ་ནི།། ཐོག་མ་མེད་པའི་དུས་མཐའ་ནས། ། རང་ལ་རང་ཆས་ཡོད་པའི་ཕྱིར།། རང་ངོ་ཤེས་ཤིང་རྟོགས་པས་ཆོག། རྨི་ལམ་སད་པའི་དུས་བཞིན་ནོ། 9། མངོན་ཤེས་རིག་པའི་རྒྱལ་པོའི་རྒྱུད།། རིག་པའི་གནད་དགུ་ཞེས་བྱ་བ་རྫོགས་སོ། །།། རྒྱ་གར་སྐད་དུ།། ཏིལ་སི་ཏ་པེ་དུ་དིའུ་ར་ན་ཏན་ཏྲ་ནཱ་མ།། བོད་སྐད་དུ།། བསྐལ་བ་དུམ་བུ་འབར་བ་སྒྲོན་མ་སྣང་བའི་རྒྱུད་ཅེས་བྱ་བ།། དཔལ་ཀུན་ཏུ་བཟང་པོ་བདེ་བ་རང་རིག་པའི་རྒྱལ་པོ་ཆོས་ལས་འདས་པའི་སྐུ་ལ་ཕྱག་འཚལ་ལོ། ། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན།། བཅོམ་ལྡན་འདས་ཏིང་ངེ་འཛིན་སྒྲོན་མ་འབར་བ་ཞེས་བྱ་བ་ལས་བཞེངས་ཏེ།། གསང་བའི་བདག་པོ་རྡོ་རྗེ་སེམས་དཔའ་དང་ཐབས་ཅིག་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་སོགས་པ། ། ལག་ན་རྡོ་རྗེ་དང།། རྡོ་རྗེ་འདུས་པ་དང།། རྡོ་རྗེ་ཀུན་དུ་བཟང་པོ་རྣམས་ལ་བཀའ་སྩལ་པ།། རང་བཞིན་གྱིས་རྣམ་པར་དག་པ་ལྷུན་གྱིས་གྲུབ་པའི་གནས་འདི་ཉིད་ན། ། བྱ་སྣ་ཚོགས་སྐད་སྙན་པ་སྣ་ཚོགས་སྒྲོག་པ།། ཉམས་དགའ་བའི་ཕྱོགས་འདིར་རང་བསྐལ་བ་དུམ་བུའི་རྒྱུད་བཤད་པར་བྱའོ།། ཞེས་གསུངས་པ་དང། ། གསང་བའི་བདག་པོ་ལ་སོགས་པ་རྣམས་ཤིན་ཏུ་ཡི་རང་སྟེ།། སུས་མོ་གཡས་པའི་ལྷ་ངས་ལ་གཙུགས་ཏེ་ཕྱགས་འཚལ་ནས།། ལེགས་སོ་ལེགས་སོ་བཅོམ་ལྡན་འདས།། བདག་ཅག་མཁའ་འགྲོ་མ་རྣམས་དང། ། ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་ལ།། བདག་ཅག་གྲོལ་བར་བྱ་བའི་ཕྱིར།། བསྐལ་བ་དུམ་བུ་བཤད་པར་ཞུ།། ཞེས་ཞུས་པས།། ངས་གསུངས་པ་ལ་མ་སྐྲག་པར།། རབ་ཏུ་ལེགས་པར་ཡིད་ལ་ཟུང། ། ཞེས་གསུངས་སོ།། གླེང་གཞིའི་ལེའུ་སྟེ་དང་པོའོ།།།། དེ་ནས་ཀུན་ཏུ་བཟང་པོ་ཡིས།། གསང་བདག་རྡོ་རྗེ་སེམས་དཔའ་རྣམས།། ཐོག་མཐའ་མེད་པའི་ལྷུན་གྲུབ་ལ།། རྒྱ་ཆད་ཕྱོགས་ལྷུང་མེད་པའི་དབྱིངས། ། ཀུན་གྱི་མཉམ་ཉིད་ཡིན་པ་ལ།། ལྷུན་གྲུབ་འགག་མེད་རླུང་ཆེན་གྱིས།། སྲིད་པ་འཕྲུལ་གྱི་མེ་ལོང་མཐོང།། སྣང་སྲིད་གསལ་བའི་མེ་ལོང་དུ།། ང་ཉིད་མཉམ་བཞག་ཕྱག་རྒྱས་བཏབ།། རང་གྲོལ་རང་ཤར་གྱི་བདག་པོ་ཡིན། ། ཕྱོགས་ལྷུང་མེད་པའི་ཤེས་རབ་དང།། གཉིས་སུ་མེད་པའི་ཤེས་རབ་དང།། བདག་འཛིན་མེད་པའི་ཤེས་རབ་ཀྱིས།། རང་གྲོལ་ཉིད་ཀྱི་དགོངས་པ་ཐོབ།། ཅེས་གསུངས་སོ།། བསྐལ་པ་དུམ་བུའི་རྒྱུད་ལས། ། ཀུན་ཏུ་བཟང་པོ་རང་གྲོལ་གྱི་ལེའུ་སྟེ་གཉིས་པའོ།།།། དེ་ནས་ཡང་ཐིག་ལེ་ཆོས་མེན་གྱི་ཀློང་བྱ་བཙལ་དང་བྲལ་བའི་ངང་ནས།། རྡོ་རྗེ་སེམས་དཔའ་ལ་སོགས་པ་ལ་བཀའ་སྩལ་པ། ། ཀྱེ་ཀྱེ་གསང་བའི་བདག་པོ་ཉོན་ཅིག། ཞེ་སྡང་དྲག་པོའི་ལས་ཀྱི་འབྲས་བུ་ནི།། མཚམས་མེད་ལྔ་སྤྱད་མི་དགེ་བཅུ་སྤྱད་པས།། ཚ་གྲང་བརྒྱད་གཉིས་ཉི་ཚེ་ཉེ་འཁོར་ཏེ།། ལས་ཀྱི་འབྲས་བུ་དམྱལ་བའི་ཁ་བརྒྱུད་ལས། ། དམ་ཚིག་ཉམས་པའི་རྡོ་རྗེ་དམྱལ་བ་རྣམས།། དམྱལ་དཔོན་ཆོས་ཀྱི་རྒྱལ་པོས་སྐྱོབ་བམ་ཅི།། གལ་ཏེ་མི་སྐྱོབ་ཐུབ་པར་ཅི་ལ་གྲགས།། སྐྱོབ་ན་དམྱལ་བའི་འབྲས་བུ་ཚ་གྲང་རྫུན།། མེ་ཉིད་ཆུར་གྲུབ་ཁྲོ་ཆུ་ཞུན་མ་དང། ། ཆུ་ཉིད་མེར་གྱུར་གྲང་བའི་ཆུ་རྣམས་དང།། རླུང་ཉིད་བྲག་གྱུར་རྡོ་རྗེ་རྒྱ་གྲམ་རྣམས།། རང་སྣང་རྐྱེན་གྱིས་བསྒྲིབས་པས་དམྱལ་བར་སྣང།། རང་སྣང་དག་པའི་རྡོ་རྗེ་སེམས་དཔའ་ལ། ། དམྱལ་བའི་མེ་ཆུ་ཞིང་ཁམས་རྣམ་དག་ཡིན།། འཛིན་པ་རྣམ་དག་ཚ་གྲང་གནས་ནས་དྲང་མི་དགོས།། ཆོས་སྐུ་ཐུག་ཕྲད་སྐྱེས་པས་མྱོང་མཐོང་རྣམ་པར་དག། དེས་ན་དེ་ཡི་དམྱལ་དཔོན་ཐུབ་པ་ཡིན།། རང་གྲོལ་རང་སྣང་ཤར་ནས་ཐུབ་པའི་རྒྱལ་པོ་ཡིན།། ཅེས་གསུངས་སོ།། བསྐལ་པ་དུམ་བུའི་རྒྱུད་ལས།། དམྱལ་བའི་གནས་ན་ཐིག་ལེ་ཆོས་མིན་དུ་བསྟན་པའི་ལེའུ་སྟེ་གསུམ་པའོ།།།། ཡང་ཐིག་ལེ་ཆོས་མིན་གྱི་ཀློང་ནས། ། གསང་བའི་བདག་པོ་ལ་བཀའ་སྩལ་པ།། ཀྱེ་གསང་བདག་རྡོ་རྗེ་སེམས་དཔའ་ཉོན།། འདོད་ཆགས་དྲག་པོ་ལས་ཀྱིས་མཚམས་མེད་སྤྱད།། སེར་སྣས་བཅིངས་ཏེ་མི་དགེ་བཅུ་ཡང་སྤྱད།། སྤྱད་པའི་འབྲས་བུ་ཡི་དྭགས་རྣམ་གསུམ་དུ། ། མྱོང་བ་རྒྱུ་མཐུན་འབྲས་བུ་སོ་སོར་སྨིན།། ཕྱི་ཡི་སྒྲིབ་པ་ནང་གི་སྒྲིབ་པ་དང།། གཉིས་ཀའི་སྒྲིབ་པ་རབ་ཏུ་གདུངས་པ་ལ། ཁ་འབར་རྒྱལ་མོས་སྐྱོབ་བམ་ཅི།། སྐྱོབ་ན་སྒྲིབ་པས་མནར་བ་ག་ལ་སྲིད། ། མི་སྐྱོབ་ཐུབ་པར་གདགས་པའི་རྒྱུ་མཚན་ཅི།། སྣང་བ་རང་སར་དག་ན་ཐུབ་པའི་ཐུགས་རྗེ་རྫུན།། མོས་པས་དྲང་ཕྱིར་ཐུབ་པ་ཙམ་དུ་བཏགས།། རང་གྲོལ་རང་ཤར་ཤེས་ཙམ་ན།། ཡི་དྭགས་གནས་ན་བདེ་ཆེན་ཐིག་ལེར་འབར། ། འབར་བའི་རྒྱལ་པོ་འདི་ལ་གྲོལ་དང་མ་གྲོལ་མེད།། ཐིག་ལེ་ཆོས་མིན་སྐུ་སྒྲིབ་པ་ཡེ་ནས་དག། མྱོང་བའི་རྒྱུ་འཐུན་འབྲས་བུ་གདོད་ནས་རྣམ་པར་དག། རྒྱ་ཆད་ཕྱོགས་སུ་མ་ལྷུང་ཐིག་ལེ་ཆོས་མེན་སྐུ། ། རང་བྱུང་གདོད་ནས་དག་པས་བཙལ་བའི་བློ་ལས་འདས།། ངོ་བོ་རང་སར་གྲོལ་བས་སྒྲིབ་པ་ག་ལ་ཡོད།། གདོད་ནས་རང་བྱུང་རྫུན་མིན་རྣམ་དག་རྫུན།། ཅེས་གསུངས་སོ།། བསྐལ་བ་དུམ་བུའི་རྒྱུད་ལས། ། ཡི་དགས་རང་བྱུང་གདོད་ནས་དག་པའི་ལེའུ་སྟེ་བཞི་པའོ།།།། དེ་ནས་ཡང་ཐིག་ལེ་ཆོས་མིན་གྱི་ཀློང་ནས་བཀའ་སྩལ་པ།། གསང་བའི་བདག་པོས་ལེགས་པར་ཟུང་ཞིག་གཏི་མུག་མི་རིག་དབང་གི་ནི། ། ལས་ཀྱི་འབྲས་བུ་བྱོལ་སོང་རིགས་བཞི་འཁྲུལ། ངམ་འགྲོག་གཅོང་རོང་ཟབ་མོའི་གཡང་ས་དག་ཏུ་བཟུང་བ་ཡང།། གཏི་མུག་དབང་གིས་དེ་ལྟར་མཐོང་བ་ཡིན།། གླང་མགོའི་ཐུགས་རྗེས་མི་གཏོང་སྟེ།། རང་སྣང་རྣམ་དག་ཡེ་ཤེས་འོད་ལྡན་པའི། ། བྱོལ་སོང་ཙམ་དུ་མིང་དུ་བཏགས་པ་ལས།། དེ་ནས་བྱོལ་སོང་རྒྱུད་དུ་འགྲུབ་པ་མེད།། ཐིག་ལེ་ཆོས་མེན་ཡེ་ཤེས་ཟང་ཐལ་ཡིན།། སྣང་སྲིད་རང་བྱུང་སྐྱེ་འགག་གདོད་ནས་དག། ནམ་མཁའ་བཞིན་དུ་མཐའ་དབུས་གྲུབ་པ་མེད།། རྒྱ་ཆད་ཕྱོགས་སུ་མ་ལྷུང་དོན་གཅིག་མ་རྟོགས་ན།། བློ་ཆུང་ཕྱོགས་རྟོགས་མཁན་པོ་དེ།། དམ་པར་ཞན་ནས་བདུད་དུ་སོང་བར་འཆིའོ།། ཞེས་གསུངས་སོ། ། བསྐལ་བ་དུམ་བུ་འབར་བའི་རྒྱུད་ལས།། བྱོལ་སོང་རང་དག་གི་ལེའུ་སྟེ་ལྔ་པའོ།།།། ཡང་ཐིག་ལེ་ཆོས་མེན་གྱི་ཀློང་ནས་བཀའ་སྩལ་པ།། གསང་བའི་བདག་པོ་ཉོན་ཅིག། ང་རྒྱལ་རང་རྒྱུད་དྲག་པོས་རྒྱ་བྱས་ནས། ། མ་རིག་གླིང་བཞིར་བཅད་ཀྱིན་ཕྱེ་བ་ཡང།། བཅོམ་ལྡན་ཐུབ་པའི་སྐུ་ཡི་ཐུགས་རྗེ་དེ།། འགའ་ཙམ་འདྲོངས་སམ་ཐམས་ཅད་ཡོངས་མི་འདྲོངས།། འདྲེན་པའི་ཐུབ་པས་འདྲོངས་སུ་དུས་དང། ། གནས་སྐབས་འགའ།། དུས་ལ་བབ་ཀྱང་རང་གྲོལ་མ་ཤེས་ན།། གནས་སྐབས་ཙམ་གྱི་འབྲས་བུ་སངས་མི་རྒྱ།། འདྲེན་པའི་ཐར་པར་འབྲས་བུ་འཁོར་བར་འཁྱམས།། རིག་པས་བཅུན་པའི་གདམས་པའི་ཞལ་ཆེམས་ནི། ། རྒྱུད་པ་མང་དུ་གདམས་ཏེ་གོ་བ་དཀའ།། སྣོད་ངན་ཞབས་རྡོལ་ལ་སོགས་ལ།། རྣ་བར་འགའ་ཙམ་བླུགས་པའི་འབྲས་བུ་ཡིས།། ཕྱི་མར་སྤྲུལ་སྐུ་ཐོབ་ནས་སངས་རྒྱས་པ།། ཐབས་ཀྱིས་སྤྱོད་པས་བསྟུན་གྱིན་བཀྲི་བར་བྱ། ། ཚོགས་གཉིས་མ་རྫོགས་སྒྲིབ་གཉིས་མ་སྦྱངས་ཀྱང།། རྡོ་རྗེ་ལྟ་བུའི་ཏིང་འཛིན་ཐོབ་པར་འགྱུར།། རིག་པ་སྐྱང་སྒོམ་སྣང་བ་སྟོང་མི་བསྒོམ།། དངོས་པོ་སྒོམ་པས་འདུས་བྱས་ཟང་ཀ་མ། ། མེད་པ་མི་སྒོམ་ཡིད་སྨོན་བློ་ཡི་ཆོས།། རང་རྒྱུད་དག་ཏུ་མི་འཆོར་ཡེ་ཤེས་བལྟས་བས་གྲོལ།། གླིང་བཞི་མི་རིགས་ཀློང་ལ་ཐིག་ལེར་བདལ།། རེ་དོགས་གཟུང་འཛིན་མཚན་མ་མེད།། རྒྱ་ཆད་ཕྱོགས་སུ་མ་ལྷུང་ལྷུན་གྲུབ་འགག་མེད་ཡིན། ། ཡིན་པར་ངས་མ་ཤེས་པས་རྒྱལ་པོ་རྐང་འཁྱམས་འདྲ།། འདྲ་བ་ངོས་མ་ཟིན་འཁོར་བར་འཁྱམས།། སྤྲུལ་སྐུ་ཐུག་ཕྲད་འདི་ལ་སྒོམ་དུ་གདོད་ནས་མེད།། ཅེས་གསུངས་སོ།། བསྐལ་པ་དུམ་བུའི་རྒྱུད་ལས། ། གླིང་བཞི་མི་རིགས་ཡེ་གྲོལ་དུ་བསྟན་པའི་ལེའུ་སྟེ་དྲུག་པའོ།།།། ཡང་བཀའ་སྩལ་པ།། གསང་བའི་བདག་པོ་ཉིན་ཅིག། ཁོང་ཁྲོ་དྲང་ཐད་དྲག་པོའི་འབྲས་བུ་ཡིས།། ལྷ་མ་ཡིན་དང་དཔག་བསམ་ལྗོན་པ་རྣམས། ། འཐབ་རྩོད་བཞིར་གྱུར་འཕམ་རྒྱལ་སྣ་ཚོགས་ཀྱང།། ཐིག་ལེ་ཆོས་མེན་ཀློང་ནས་བདེ་ལ་ཡངས།། འཐབ་རྩོད་རང་གྲོལ་ཐིག་ལེ་ཡེ་ཤེས་གསལ།། ཏིལ་གྱི་གང་བུ་བཞིན་དུ་ཡེ་ནས་བར་མཚམས་མེད། ། རིག་པ་རང་གྲོལ་མཚན་མའི་བློ་ལས་འདས།། ཡེ་ཤེས་ཁོང་གསལ་མཚན་མ་རང་སར་གྲོལ།། ཐིག་ལེ་ཕྱི་ནང་མེད་པར་ཡ་མཚན་ཆེ།། སྲོག་གི་སེ་དར་དྲག་པོའི་སྤུ་གྲི་འབར་བ་དེ།། ཙན་ད་ལོག་སྤྱོད་ཅན་གྱིས་བདག་གསོད་གཞན་སྒྲོ་ལྟར། ། འཁོར་བའི་དྲས་ཐག་བཅད་ནས་གཞན་བསྒྲལ་ཏེ།། མཚན་མ་རང་སར་སྒྲོལ་བས་གཞན་ཡང་བསྒྲལ།། ཅེས་གསུངས་སོ།། བསྐལ་བ་དུམ་བུའི་རྒྱུད་ལས།། ལྷ་མ་ཡིན་ཡེ་ནས་རང་གྲོལ་བའི་ལེའུ་སྟེ་བདུན་པའོ། །།། ཡང་བཀའ་སྩལ་པ།། ཉོན་ཅིག་གསང་བའི་བདག་པོ་ཁྱོད།། ཕྲག་དོག་དྲག་པོའི་ལས་ཀྱི་འབྲས་བུ་ཡིས།། ལྷ་ཡི་གནས་སུ་འབྲས་བུར་འཁྲུལ་བ་ནི། ། འདོད་ཁམས་གཟུགས་ཁམས་གཟུགས་མེད་ཁམས་གསུམ་མོ།། དབང་པོ་བརྒྱ་བྱིན་ཐུབ་པའི་སྤྲུལ་སྐུ་དེ།། ལྷ་ཡི་ལྟུང་བ་མ་འདྲོངས་ཐུགས་རྗེ་རྫུན།། ཐམས་ཅད་འདྲོངས་པར་ངས་མ་མཐོང་སྟེ་དེ་བས་ལྟུང་བ་མང། ། དེ་ཡི་ཐུགས་རྗེ་བདེན་ན་ཐམས་ཅད་འདྲོངས།། འགའ་ཙམ་འདྲོངས་པ་འདྲ་བ་མཁར་ཆེ་སྟེགས་པར་འགྱུར།། ཐམས་ཅད་འདྲོངས་ཐུབ་པའི་ཐུགས་རྗེ་རྫུན།། ཐུག་རྗེ་དབྲི་བཀོལ་ཡེ་ནས་མེད་པ་ལ། ། ཕྱོགས་རྟོགས་ཙམ་དུ་རང་གིས་བཟུང་བ་ཡིན།། ཐིག་ལེ་ཆོས་མེན་ཀློང་ནས་འགྲོ་དྲུག་ཡངས་ཀྱང་ཡངས།། རང་རྒྱུད་འཛིན་པ་ཙམ་ལ་སྲིད་གསུམ་དོག་ཀྱང་དོག། ཐིག་ལེ་ཆེན་པོའི་རིགས་ལ་ཡེ་ནས་ཡངས་ཀྱང་ཡངས། ། བློ་ཆུང་སྨན་པ་རྣམས་ལ་སེམས་འཛིན་ཙམ་ཡང་དོག། རང་གྲོལ་རང་ཤར་ཤེས་ན་སྲིད་གསུམ་གདོད་ནས་དག། སེམས་འཛིན་ཕྲ་མོ་རྩོམ་པ་ནི།། སངས་རྒྱས་ཐུགས་རྗེ་ཕྱོགས་མེད་དོག། འཛིན་པ་མ་འགགས་སངས་རྒྱས་ཐུགས་རྗེ་ཡིན། ། རོལ་པ་མ་འགགས་སངས་རྒྱས་རྒྱན་དུ་ཤར།། སྣང་བ་མ་འགགས་སྣང་སྲིད་ཐིག་ལེར་བདལ།། ཁྱབ་གདལ་ཀློང་ན་ཡེ་ཤེས་ཡངས་ཀྱང་ཡངས།། རྒྱ་མ་ཆད་ཅིང་ཕྱོགས་སུ་མ་ལྷུང་བས། ། སངས་རྒྱས་ཐུགས་རྗེ་དམྱལ་བའི་ཚེར་ལྷང་ནས།། འདོད་འཇོའི་བ་ལ་དབྱེ་བ་ཡེ་ནས་མེད།། ཐུན་དུ་བཅུག་ལ་སྒོམ་དུ་ཡེ་ནས་མེད།། འཛིན་པ་མི་འགེགས་ཐུགས་རྗེ་ཡིན།། ཐུགས་རྗེ་འགེགས་ན་ཡེ་ཤེས་རྒྱུད་གཅོད་དམ། ། རང་ལ་རྩལ་དུ་རང་བྱུང་འགག་པར་གསུངས།། དབྱེར་མེད་སྒྲུབ་ཏུ་གཉིས་སྣང་ཁ་རུ་འཆོར།། སངས་རྒྱས་ཡིད་སྨོན་བྱེད་ན་ཡེ་ནས་རང་ཆས་རྫུན།། ཅེས་གསུངས་སོ།། བསྐལ་བ་དུམ་བུ་འབར་བའི་རྒྱུད་ལས། ། འགྲོ་དྲུག་རང་སར་གྲོལ་པའི་ལེའུ་སྟེ་བརྒྱད་པའོ།།།། དེ་ནས་ཡང་བཅོམ་ལྡན་འདས་ཀྱིས།། གསང་བའི་བདག་པོ་ལ་བཀའ་སྩལ་པ།། ཀྱེ་གསང་བའི་བདག་པོ་ཉོན་ཅིག། སྣང་བའི་གདམས་པ་བསྟན་གྱིས་ཞེས་གསུངས་ཏེ། ། ཉིད་ཀྱིས་བཀའ་སྩལ་དུ་གསོལ་ཅེས་ཞུས་པས།། བཀའ་སྩལ་པ།། འགྲོ་བ་རིགས་དྲུག་མུ་སྟེགས་རྟག་ཆད་དང།། ཐེག་པ་རིམ་བརྒྱད་དག་ལ་འཇིག་རྟེན་པའོ།། སྣང་བ་བསྡུས་པ་རྣམ་པ་བཞི་ཡིན་ཏེ། ། འགྲོ་བ་རིགས་དྲུག་དག་གི་སྣང་བ་ནི།། ཐུགས་རྗེ་སྐུ་གསུམ་སྤྲུལ་པའི་རང་སྣང་ལ།། ལོག་པར་མཐོང་བས་ངན་འགྲོ་བདེ་འགྲོ་ཡི།། སྣང་བ་དྲུག་ཏུ་ཕྱེ་ཡང་རང་སྣང་རྣམ་དག་ཆོས་སྐུ་ཡི། ། བྱིན་བརླབས་དབྲི་བཀོལ་མེད་པར་མ་ཤེས་ན།། འགྲོ་དྲུག་རང་གྲོལ་འོང་བའི་དུས་མི་མཆི།། མུ་སྟེགས་རྟག་ཆད་ལྟ་བའི་སྣང་བ་དེ།། རང་སྣང་དབྱེར་མེད་མ་ཤར་ན།། རྟག་ཆད་སྣང་བ་ལོག་ནས་འཁོར་བར་འཁྱམ། ། ཀུན་བརྟགས་རིམ་དགུའི་སྣང་བ་སོ་སོར་འབྱེད།། བློ་ཆུང་སྣང་བ་ཕྱོགས་མེད་མ་རྟོགས་ན།། ཡང་དག་རང་སར་གྲོལ་བའི་དུས་མི་མཆི།། ཀུན་བརྟགས་ལྷ་ཡི་སྣང་བ་སྒྱུ་མ་ཙམ།། སྒྱུ་མ་རང་གྲོལ་རང་ཤར་མ་ཤེས་ན། ། བདེ་ཆེན་རང་སྣང་དག་པའི་དུས་མི་མཆི།། གསང་བའི་བདག་པོ་ཉོན་ཅིག། འགྱུ་བ་ཕྱོགས་མེད་ཡི་གེ་འབྲི་བ་ལ།། ཀློག་མཁན་མ་བྱེད་མཁྱེན་པ་སྐྱུངས།། རང་སྣང་གདངས་ཤོག་གསལ་བ་ལ། ། འགྱུ་བའི་ཡི་གེ་འབུར་དུ་བཀོད་པ་འདི།། རྡོ་རྗེ་སེམས་དཔའ་ཁྱོད་ཀྱིས་ཀྱང་བཤིག་པར་དཀའ་འོ།། དོན་འགྱུར་བ་མེད་པའི་རང་སྣང་ལ།། ཤེས་རབ་རྩལ་གྱིས་གཟོ་བྱས་སྣང་བ་དེ།། ང་ཀུན་ཏུ་བཟང་པོས་རྙེད་པར་དཀའ། ། དུས་གསུམ་འགྱུར་བ་མེད་པའི་ཡེ་ཤེས་དེ།། རང་རིག་བློ་བུ་རྐུན་མས་ཁྱེར་བ་ནི།། ཕྱ་ཧེ་ལེས་སྤྱད་གཏིང་ཡང་མི་རྙེད་དོ།། རྟག་ཏུ་འགྲོགས་པའི་རང་རིག་དེ།། དཔྲལ་ཆུང་གི་ཆུ་བོའི་རྦ་ལ་གཡེངས་བ་མཚོར་ན། ། རྟག་ཏུ་ལྟ་སྒོམ་བྱས་ཀྱང་སླུ་སྟེ་མཆིའོ།། རིགས་ཀྱི་བུ་ཉོན་ཅིག། གོ་བར་དཀའ་བའི་ཚིག་དོན་དེ།། ཟབ་མོའི་སྒྲ་རུ་བརྗོད་པས་བཅས།། ཕྱོགས་སུ་ལྷུང་ཞིང་རྒྱ་ཡང་ཆད།། དབྲི་བཀོལ་མེད་པའི་ཡེ་ཤེས་ལ། ། ལྟ་སྒོམ་སྤྱོད་པའི་ལྷད་ཀྱིས་བསླད།། ཤེས་བྱ་གཤིས་ཀྱི་འདུག་ཚུལ་ལ།། ཕྱོགས་རེ་ཙམ་ལ་རྟེན་བྱས་ནས།། ཡེ་ཤེས་སྐྱེས་སོ་ཟེར་བ་རྒོད་རེ་བྲོ།། སྐྱེས་པ་འགག་པས་ཡེ་ཤེས་འདུས་བྱས་ལ།། རང་སྣང་ཁྱབ་གདལ་ཕྱོགས་ལྷུང་མེད་པ་ལ། ། ཉམས་མྱོང་ཤར་རོ་ཟེར་བ་རྒོད་རེ་བྲོ།། ཤར་བ་ནུབ་པས་ཉམས་མྱོང་འདུས་བྱས་ཐལ།། གཉེན་པོ་སྒོམས་པས་འབྲས་བུ་ཐོབ་ཅེར་ཟེར་བ་དེ།། གཉེན་པོ་ཐུག་མེད་འབྲས་བུ་འདུས་བྱས་འགྱུར། ། རྒྱུ་འབྲས་རོ་མཉམ་ཡེ་ཤེས་ཆོས་ཀྱི་སྐུ།། རྟོག་སྤྱོད་ཡུལ་ལས་འདས་པའི་དགོངས་པ་ནི།། ཀུན་ཏུ་བཟང་པོའི་དགོངས་པ་སྟེ།། རང་སྣང་ཡེ་ཤེས་འབའ་ཞིག་གོ།། ཞེས་གསུངས་སོ།། བསྐལ་བ་དུམ་བུའི་རྒྱུད་ལས། ། སྣང་བ་ཐམས་ཅད་རང་སྣང་དུ་བསྟན་པའི་ལེའུ་སྟེ་དགུ་པའོ།།།། དེ་ནས་གསང་བའི་བདག་པོས་ཞུས་པ།། སྣང་འཛིན་གཉིས་ལ་ངོ་སྤྱད་བསྟན་དུ་གསོལ།། ཞེས་ཞུས་པས།། ཐིག་ལེ་ཡངས་པའི་ཀློང་ཉིད་ནས་བཀའ་སྩལ་པ། ། ཐུན་མོང་མ་ཡིན་པ་ཡི་ཆོས་འདི་ནི།། བརྒྱུད་པའི་བརྡ་དེ་དག་གིས་མཚོན་པ་ནི།། སྣང་བའི་བརྡ་ནི་རྣམ་པ་བཞི།། རང་སྣང་རང་གྲོལ་གསལ་བའི་མེ་ལོང་བས་ཀྱང་གསལ་བ་འདི། ། འཛིན་པ་སོ་སོར་མཐོང་བ་འདི།། ཇི་ལྟ་བུར་ཀྱང་སྣང་བ་འདི།། མ་ངེས་ཁ་དོག་དཀར་དམར་གྱིས།། བར་མ་དོ་ལ་སྣང་བ་འགྱུར།། སྣང་འདོད་རྩོལ་བའི་ནད་ཀྱིས་འཛིན།། སྣང་བ་འགྱུར་བས་ལུས་སེམས་འགྱུར། ། རང་སྣང་ལོག་པའི་ངོ་སྤྲོད་འདི།། ད་ལྟ་ཆོས་ཐོབ་སྣང་བའི་ཞགས་པ་ལ།། འཛིན་པའི་རྟོད་ཕུར་མ་ཆོད་ཀྱིས།། གནས་ལུགས་ཁྱབ་གདལ་ཆེན་པོ་ལ། ཁུངས་འབྱིན་པ་ནི་ཕུང་བར་མཆིའོ།། སྒོམ་པ་འབྱམས་དང་ལྟེངས་པ་དང། ། གུག་པ་དང་ནི་རྨུགས་དང་འཕྲོ།། འགྱུ་བ་ཡིག་ནག་མ་ལྷོགས་ན།། བར་མ་དོ་རུ་ཡི་གེ་འདྲི།། འདྲི་མཁན་བཙོན་དུ་མ་གཟུང་ན།། ཇི་ཙམ་སྒོམས་ཀྱང་སྡུག་བསྔལ་རྒྱུ།། འབྱམས་ལྟེང་གུག་པར་བྱེད་པ་ནི། ། གང་དུ་མི་འཆོར་ཡི་གེ་ལྟོས།། རྨུགས་དང་འཕྲོ་བ་སྒོམ་པ་ནི།། བློ་ཆུང་ཀུན་གྱི་ཐུན་སྒོམ་ཡིན།། ཞེན་པ་ཆེར་གྱིས་རང་མཐོང་ཆེ་བར་གྱིས།། རྨུགས་ན་གསལ་ལ་འཕྲོ་ན་སྐྱེ།། ཞེས་གསུངས་སོ། ། བསྐལ་བ་དུམ་བུའི་རྒྱུད་ལས།། འགྲོ་དྲུག་གི་སྣང་བ་ལོག་ལ་རང་སྣང་གི་རྒྱས་བཏབ་པ་དང།། འཛིན་པ་རང་གྲོལ་དུ་བཏང་བའི་ལེའུ་སྟེ་བཅུ་པའོ།།།། དེ་ནས་ཡང་བཀའ་སྩལ་པ།། སྣང་བའི་བརྡ་ལ་ངོ་སྤྲོད་དེ། ། འགྱུ་བའི་སྣང་བ་སྣ་ཚོགས་ལས།། མ་བྱས་པ་ཡི་འབྲས་བུ་ལ།། མ་བྱས་པའི་དགོངས་པ་སྟོན་ཏེ།། མི་འགྱུར་བ་ཡི་དོན་སྟོན་ནོ།། དེ་ཡང་དཔེ་ངོ་སྤྲོད་ཀྱིས་དོན་མཚོན་ཏེ།། ཐོག་མ་མན་ཤེལ་བཞིར་བཞག་ནས། ། ཆོས་ལྔ་དག་དང་ལྡན་པ་ནི།། གསལ་བ་སྟོང་པ་ཐོགས་པ་མེད།། འགག་མེད་མི་འགྱུར་བ་དང་ལྔ།། ཆོས་མེན་རྒྱུ་རྐྱེན་མེད་པ་ཡིས།། གཉེན་པོ་གང་གིས་མི་ཆོམས་ཏེ།། སངས་རྒྱས་མ་བྱས་སེམས་ཅན་གྱིས་མ་བཅོས། ། བྱེད་པས་མ་བྱས་ཡེ་ནས་ལྷུན་གྲུབ་ལ།། རྒྱུད་ལ་མ་བྱུང་ལུང་གིས་ཀྱང་མ་མཚོན།། མན་ངག་གཏན་ལ་མ་ཕབ་རིགས་ལྔས་ལུང་མ་བསྟན།། དངོས་པོའི་གནས་ལུགས་ཤེས་བྱའི་གཤིས་སུ་གྲུབ། ། དེ་ནི་རྟགས་ཡིན་དོན་ནི་འདི་ལྟ་སྟེ།། རིག་པ་ཆོས་མེན་ཡེ་ཤེས་རྒྱུ་རྐྱེན་མེད།། བྱེད་པས་མ་བྱས་ཡེ་ནས་ལྷུན་གྱིས་གྲུབ།། དཔེ་དང་ལྡན་པའི་རྟགས་རྣམས་ཡེ་ནས་ཡིན།། ཡིན་པར་ཤེས་པས་སངས་རྒྱས་ཐོབ་དུ་མེད། ། དེ་ཕྱིར་འབྲས་བུ་ཡེ་ནས་རང་གྲོལ་ཡིན།། བློ་དངོས་ཤན་འབྱེད་ཡེ་ཤེས་ཟང་མ་ཡིན།། བློ་དངོས་ཤན་མ་ཕྱེད་ན་འཁོར་བ་ཟང་ཁ་བརྒྱུད།། རང་སྣང་ཐིག་ལེ་ཡིན་པར་མཤེས་ན།། སྣང་བ་སྟོང་སྒོམ་བྱས་པས་སྐྱེ་མཆེད་མུ་བཞི་ལས། ། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལྷ་རུ་གོལ།། འགྱུར་བ་རིག་པའི་རྩལ་དུ་མ་ཤེས་ན།། འགྱུ་བ་རྐྱང་སྒོམ་བྱས་པའི་འབྲས་བུ་ནི།། ཅི་ཡང་མེད་པའི་སྐྱེ་མཆེད་གོལ་བ་ཡིན། ། ཅེས་གསུངས་སོ།། བསྐལ་བ་དུམ་བུའི་རྒྱུད་ལས།། བློ་དངོས་ཤན་འབྱེད་ཀྱི་ལེའུ་སྟེ་བཅུ་གཅིག་པའོ།།།། དེ་ནས་ཡང་བཀའ་སྩལ་པ།། དངོས་པོའི་རྟགས་སུ་རྟགས་ཀྱི་ཡི་གེ་བྱུང།། རང་བྱུང་སྣང་སྲིད་གསལ་བའི་མེ་ལོང་འདི། ། མཚོན་གང་ཙམ་ལས་མ་རྟོགས་པ།། དེ་མན་ཟླ་ཡང་ཆུ་བུར་བློ་ཡི་ཆོས།། བློ་དངོས་བར་ན་སྣང་བ་འགག་མེད་འཆར།། ངོ་བོ་ཐིག་ལེ་ཆོས་མེན་ཡེ་ཤེས་དེ།། རྒྱུ་རྐྱེན་ལ་སོགས་དེ་དག་གོང་དང་འདྲ། ། དེ་ཡང་རྟགས་ཡིན་དོན་དུ་འབྲེལ་བས་ན།། རྩ་ཡི་རྒྱལ་པོ་ཤེལ་གྱི་སྦུ་གུ་ཅན།། ཚེ་རབས་ཐོག་མ་མེད་པ་ནས།། ཚེ་ལྟའི་རྟེན་དང་གཞི་མ་བྱེད།། དེ་ནང་འོད་ཀྱི་སྒྲོན་མ་ལྔ། མུ་ཏིག་ཚར་ལ་བརྒྱུས་པ་འདྲ་བ་དེ། ། ཚེ་ཡི་རྟ་ནི་འགྱུར་བ་ཡིན།། སྙིང་ནས་ལོངས་སྤྱོད་འཁོར་ལོ་འབྲེལ་བ་ཡིན།། དེ་ནས་འཇུངས་པའི་ནང་དུ་སོང་ནས་ནི།། བདེ་ཆེན་གཞལ་ཡས་ཁང་ན་ཀ་བ་བཙུགས་པ་འདྲ།། གདུང་མ་ལྟ་བུར་མཛོད་པུའི་བུ་གར་བྱུང། ། སུས་ཀྱང་མི་ཁེགས་རང་བྱུང་རྟགས་སུ་གསལ།། རྨི་ལམ་གྲོང་ཁྱེར་རྣམ་ཤེས་གྲོང་ཁ་ཡིན།། དུས་གསུམ་ཉིད་ཀྱི་གདམས་ངག་ཤིན་ཏུ་གཅེས།། བར་མ་དོ་རུ་གདོན་མི་ཟ་སྟེ་དཔའ་བོ་ཡིན། ། ཀ་བའི་མགོ་ལ་ཉི་ཟླ་གཉིས་ཡོད་པ།། བདེ་གསལ་སྟོང་པའི་སྐར་ཁུང་ནང་དུ་ནི།། གསེར་གྱི་སླངས་པ་ལྟ་བུ་ནི་དབུགས་མེད་པ།། ཡེ་ཤེས་འགག་པ་མེད་པའི་རྟགས་ཡིན་ཏེ།། རབ་ཀྱི་གསང་ལམ་ཡིན་པར་ཤེས་པར་བྱ། ། གཞུང་པ་མགོ་ནས་རྩ་ཡི་བ་ཐག་ཙམ།། གཉིས་སུ་གྱེས་ཏེ་མཐིལ་གྱི་མེ་ལོང་གཉིས་སུ་ཤར།། ཤེས་རབ་འགག་པ་མེད་པའི་མེ་ལོང་ཡིན།། ཕར་ལ་ལྟ་མི་དགོས་ཏེ་རང་ལ་བལྟས་པས་ཆོག། གསལ་བཟང་ཐལ་འདིལ་ལྟ་ཤེས་ན།། འབྲིང་དང་ཐ་མའི་གསང་སྒོ་ཡིན་པར་ཤེས།། གདུང་མ་ལ་ཡང་མགོ་བོ་བསྣོལ་མར་བྱུང།། མནར་མེད་སྐྱེ་བ་བདུད་སྒོ་དག་ནས་འབྱུང།། དེ་ཡང་རྩ་ཡི་རྟེན་གྱི་གསང་ལམ་ཡིན། ། སྲོག་གཅོད་བདུད་པོ་ལེགས་ན་མེད་དེ་རང་ཆས་གནས།། འཆི་བའི་སྲོག་རྟེན་བྱ་བ་དེ་ན་ཡོད།། དེ་ནི་འཆི་འབྲས་དྲག་ཏུ་རླན་པས་འཆད།། དེ་ཆད་བདུད་དུ་བྱུང་བས་ན།། འཆི་བདག་བདུད་དུ་བྱུང་བ་ཡིན་ཏེ། ། གསོད་བྱེད་གཞན་ན་མེད།། མཛོད་པུའི་ཐུགས་རྗེ་འགག་མེད་རང་ཤར་ལས།། བདག་འཛིན་མེད་དང་གཉིས་སྣང་མེད།། ཕྱོགས་ལྷུང་མེད་པའི་ཤེས་རབ་ཆེན་པོ་ཡིས།། དུས་གསུམ་གཅིག་ཏུ་བསྟན་པ་ནི། ། དབང་པོ་རབ་མགོ་གསང་བ་ཡིན་པར་ཤེས།། ལམ་ནི་རྟགས་ཀྱི་གསང་ལམ་རྩ་ཡི་ནང།། དོན་གྱི་གསང་ལམ་འགྱུ་བའི་ཡིག་ནག་ཡིན།། ཞེན་པའི་སྒོམ་པ་ཆགས་སྡང་ཁ་རུ་ཤོར།། སེམས་དང་འགྱུར་བ་ཡིན་པས་བློ་དངོས་འབྲེལ་པ་མེད། ། དབུགས་མེད་ཟང་ཐལ་ཐོགས་པ་མེད་པ་ཡིན།། ཐམས་ཅད་ཀུན་ལ་འཇུག་པས་གསང་ལམ་ཆེན་པོ།། དོན་གྱི་གསང་སྒོ་དབྱེ་བ་དང།། རྟགས་ཀྱི་གསང་སྒོ་མཚོན་པ་དང།། ངེས་པའི་གསང་སྒོ་རྙེད་པ་ནི། ། རྒྱལ་པོ་རྒྱལ་ས་བཟུང་བ་འདྲ།། འགྱུ་བའི་ཡི་གེ་ལྟ་ཤེས་ན།། རུས་སྦལ་འཁར་གཞོང་བཅུག་པ་འདྲ།། འགྱུ་བའི་ཡི་གེ་ཀློག་ཤེས་ན།། དབུལ་པོས་རིན་ཆེན་གཏེར་རྙེད་འདྲ།། འགྱུ་བའི་ལོག་རྟོག་སེལ་བ་ན། ། ཡིད་བཞིན་ནོར་བུ་རྙེད་པ་འདྲ།། འགྱུ་བ་མ་ཤེས་སེམས་སྒོམ་རྩོམ།། རྟ་རྒྱགས་སྒྲོག་ཏུ་བཅུག་པ་འདྲ།། ཞེས་གསུངས་སོ།། བསྐལ་པ་དུམ་བུའི་རྒྱུད་ལས།། ངོ་སྤྲོད་བརྗོད་པའི་ལེའུ་སྟེ་བཅུ་གཉིས་པའོ། །།། དེ་ནས་ཡང་བཀའ་སྩལ་པ།། རྩ་ལ་རྩ་རྒྱུད་རྣམ་གཉིས་ཏེ།། སྟོད་ཀྱི་རྩ་དང་སྨད་ཀྱི་རྩ།། རྣམ་པ་གཉིས་སུ་ཤེས་པར་བྱ།། སྨད་ཀྱི་རྩ་རྣམས་ཐམས་ཅད་ཀྱང།། སྲོག་པ་རྩ་རུ་འདུས་པ་སྟེ།། དབུགས་མེད་རྒྱུ་སྟེ་གཏི་མུག་རྩ། ། ལྟེ་བ་སྤྲུལ་པའི་འཁོར་ལོ་ལ།། དྲུག་ཅུ་རྩ་བཞིར་གྱེས་པ་ཡང།། དབུས་ན་གཏི་མུག་འབྱེད་མེད་རྩ།། ཞེ་སྡང་འདོད་ཆགས་མཐའ་རྟེན་ཅན།། གཡས་ཀྱི་ཕྱོགས་ནས་ཞེ་སྡང་རྩ། ། སུམ་ཅུ་རྩ་གཉིས་རྒྱུ་བའོ།། གཡོན་གྱི་ཕྱོགས་ནས་འདོད་ཆགས་རྩ།། སུམ་ཅུ་རྩ་གཉིས་རྒྱུ་བ་ནས།། དྲུག་ཅུ་རྩ་བཞིར་བཤད་པ་ཡིན།། དེ་གསུམ་གཙོ་བོ་དྷུ་ཏི་ཡིན།། སྲོག་པ་རྩ་ཡི་ནང་དུ་ནི།། དབུགས་མེད་འགྱུ་བའི་རྟག་པོ་བྱེད། ། རྩ་རྣམས་ཐམས་ཅད་འཕར་བ་ཡང།། དབུགས་མེད་རྒྱུ་བ་འཕར་བ་ཡིན།། གསང་བའི་གནས་ན་རྩ་གནས་པ།། འདོད་ཆགས་ཞེ་སྡང་རྩ་རྟ་ཕོལ།། བདེ་བ་སྟོང་པའི་མི་ཕོ་ཞོན།། ཉམས་ལ་ཆགས་ན་རྟ་དང་བྲལ། ། འཕྱེ་བོ་རྟ་དང་བྲལ་བ་ཡིས།། རྟ་ཡི་ཞེན་པ་འདུད་པ་གྲོལ།། ཅེས་གསུངས་སོ།། བསྐལ་པ་དུམ་བུའི་རྒྱུད་ལས།། སྨད་ཀྱི་རྩ་རྒྱུད་མདོར་བསྟན་པའི་ལེའུ་སྟེ་བཅུ་གསུམ་པའོ།།།། དེ་ནས་ཡང་བཀའ་སྩལ་པ། ། གསང་བའི་བདག་པོ་ལེགས་པར་ཉོན་ཅིག། སྟོད་ཀྱི་རྩ་རྒྱུད་བཤད་པར་བྱ།། སྟོད་ཀྱི་རྩ་རྣམས་ཐམས་ཅད་ཀྱང།། ཤེས་རབ་འགག་པ་མེད་པའི་རྩ།། རྩ་ཡི་རྒྱལ་པོ་ཤེལ་གྱི་སྦུ་གུ་ཅན།། ཤེས་རབ་འགག་པ་མེད་པའི་རྩ། ། སྙིང་ནས་གྱེན་དུ་འབྲེལ་བ་ཡང།། ཐམས་ཅད་འགག་མེད་ཤེས་རབ་རྣམ་གསུམ་རྩ།། གཡས་ན་མྱུར་བའི་རྩ་གནས་ཏེ།། གཡོན་ན་ཐོགས་པ་མེད་པའི་རྩ།། དབུས་ན་ཟབ་པའི་རྩ་གནས་ཏེ། ། འགྱུ་བ་འགག་མེད་ཐོགས་མེད་རྩ།། བསྣོལ་མར་འགྲོ་འོང་འཕེལ་འགྲིབ་བྱེད་པ་ཡི།། རུས་སྦལ་འཁར་གཞོང་བཅུག་གི་གདམས་ངག་མང་ཤེས་ན།། རྟག་ཏུ་སྒོམས་ཀྱང་བདེ་བའི་ནད་ཀྱིས་འཛིན། ། མགྲིན་པ་ལོངས་སྤྱོད་རྩ་ལ་རྣམ་པ་བཅུ་དྲུག་ཡོད།། འོད་གསལ་ཟུང་འཇུག་གཉིས་མེད་གསུམ་དུ་འདུས།། སྤྱི་བོ་བདེ་བ་ཆེན་པོའི་རྩ་ནི་སུམ་ཅུ་སོ་གཉིས་ཏེ།། དེ་ཡང་འོད་གསལ་ཟུང་འཇུག་གཉིས་མེད་གསུམ་དུ་འདུས། ། ཞེས་གསུངས་སོ།། བསྐལ་པ་དུམ་བུའི་རྒྱུད་ལས།། སྟོད་ཀྱི་རྩ་རྣམས་འདུས་པའི་ལེའུ་སྟེ་བཅུ་བཞི་པའོ།།།། དེ་ནས་ཡང་བཀའ་སྩལ་པ།། རང་སྣང་རང་རྒྱུད་བསམ་གྱིས་མི་ཁྱབ་སྟེ།། གཞི་ལ་ལྷུན་གྲུབ་རྩ་ཡི་གནད་གཅོད་པ། ། ཐོགས་པ་མེད་པའི་སྣང་བ་རྒྱས་པ་ཡིན།། ཐིག་ལེའི་སྣང་བ་བསམ་གྱིས་མི་ཁྱབ་སྟེ།། རང་གསལ་ཡན་ལག་འགག་མེད་རྒྱས་པ་ཡིན།། རླུང་གི་སྣང་བ་བསམ་གྱིས་མི་ཁྱབ་སྟེ། ། འགག་མེད་རང་སྣང་ཡན་ལག་གཡོས་པ་ཡིས།། ལམ་གྱི་དུས་སུ་རྩ་རྒྱུད་ཐིག་ལེ་རླུང།། སྟོད་རྒྱུད་སྨད་རྒྱུད་གཉིས་སུ་ཕྱེ་བ་ཙམ།། འབྲས་བུའི་དུས་སུ་སྐུ་གསུམ་ལྷུན་གྱིས་གྲུབ།། རང་གྲོལ་ཞེན་འདོད་མེད་པ་འདི་རང་ཡིན། ། ཅེས་གསུངས་སོ།། བསྐལ་པ་དུམ་བུའི་རྒྱུད་ལས།། གཞི་ལམ་འབྲས་བུ་ལྷུན་གྲུབ་ཀྱི་ལེའུ་སྟེ་བཅོ་ལྔ་པའོ།།།། དེ་ནས་གསང་བའི་བདག་པོ་དེ་སྟན་ལས་ལངས་ཏེ།། ཕྱག་བཙལ་ཏེ་བསྐོར་བ་བྱས་ནས། ། མདུན་དྲང་པོར་འཁོད་པ་དང།། ཀྱེ་བཅོམ་ལྡན་འདས་བདག་མཁའ་འགྲོ་མ་རྣམས་ལ་བཀའ་སྩལ་པའི།། རྒྱུད་འདི་ལ་ཇི་ལྟར་གདགས་པར་བགྱི།། ཞེས་ཞུས་པས།། ཐམས་ཅད་དུམ་བུར་སྟོན་པས་ན། ། བསྐལ་པ་དུམ་བུའི་རྒྱུད་དུ་ཟུང།། དུམ་བུ་ཡེ་ཤེས་རབ་འབར་བས།། དུམ་བུ་འབར་བའི་རྒྱུད་དུ་ཟུང།། ངོ་སྤྲོད་དངོས་སུ་འབྱིན་པས།། ཐིག་ལེ་རྗེན་སྟོན་རྒྱུད་དུ་ཟུང།། ཞེས་བཀའ་སྩལ་པ། ། གསང་བའི་བདག་པོ་རྗེས་སུ་ཡི་རང་ངོ།། རྒྱུད་ཀྱི་རྒྱལ་པོ་བསྐལ་བ་དུམ་བུ་འབར་བའི་རྒྱུད།། མཁའ་འགྲོ་མའི་ལག་ནས་བྱུང་བ་རྫོགས་སོ།།།། རྒྱ་གར་སྐད་དུ།། རད་ན་བི་ཤ་ཏིག་སྣ་ཏན་ཏྲ། ། བོད་སྐད་དུ།། རིན་པོ་ཆེ་སྣ་ཚོགས་རལ་གྲིའི་རྒྱུད།། བཅོམ་ལྡན་འདས་ལྷུན་གྱིས་གྲུབ་པའི་རྒྱལ་པོ་ལ་ཕྱག་འཚལ་ལོ།། འབྱུང་བ་རྩ་བ་སྟོན་པའི་དུས་དག་ཏུ།། འོག་མིན་ཡངས་ལ་སྣང་བའི་གནས་དག་ཏུ། ། སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་དེས།། སྡུད་པ་པོ་རྡོ་རྗེ་སེམས་དཔའི་འཁོར་རྣམས་ལ།། བྱ་བ་ལས་ཀྱི་རིམ་པ་འདི་བཤད་དོ།། ཡན་ལག་རྩལ་གྱིས་སྣང་བའི་དངོས་པོ་ལ།། རྒྱུད་དང་འབྲས་བུ་ཐ་དད་འདོད་པ་ལ། ། དགེ་སྡིག་ལས་ཀྱི་འབྲས་བུ་སོ་སོར་བྱེད།། གཉིས་མེད་གཉིས་ཀྱི་དངོས་པོ་སོ་སོར་བཤད།། གླེང་གཞིའི་ལེའུ་སྟེ་དང་པོའོ།།།། སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་ལ།། སྡུད་པའི་གསང་བདག་རྡོ་རྗེ་སེམས་དཔས་སུ། ། རྩལ་གྲུབ་པ་ཡི་གནས་འདི་གང་དུ་བཤད། 1། རྩལ་གྱི་མཎྜལ་གང་ལ་ཇི་ལྟར་དབུལ། 2། རྩལ་གྱི་མཎྜལ་ཚད་དེ་ཇི་ཙམ་བྱ། 3། རྩལ་གྱི་མཎྜལ་རྒྱན་ནི་ཅི་ཡིས་བྱ། 4། རྩལ་གྱི་མཎྜལ་ཕུལ་བའི་དགོངས་པ་གང། 5། སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་དེས།། རྩི་ཤིང་ནག་ཚལ་མེ་ཏོག་བརྒྱན་པའི་གནས།། ཉམས་དགའ་ཡིད་འོང་དབེན་པའི་གནས་དེ་རུ།། འཚོགས་པའི་ཡིད་འོངས་བསགས་པའི་ཕོ་ཉ་དང། ། འཕྲུལ་པའི་ལྷ་མཆོད་ལྷ་ཡི་རྫས་རྣམས་དང།། འབོལ་བའི་སྟན་ལ་འདུས་ཉིད་ལེགས་འདུག་སྟེ། 1། སྲོག་ཆགས་མེད་པའི་ས་གཞི་སྣུམ་པ་ལ།། བ་ཡིས་རྣམ་ལྔས་ལེགས་པར་རབ་བརྫིས་ལ། ཁ་དོག་ནག་པོ་ཁྲུ་གང་ཚད་དུ་བྱ།། ཟླུམ་ཞིང་མཐོ་བ་གྲཝ་ཟུར་མེད་པར་བྱ། 3་ཆ་མཉམ་ཡིད་འོང་མཛེས་པའི་མཎྜལ་ལ།། སྨན་ལྔ་སྤོས་ལྔ་སྙིང་པོ་རྣམ་ལྔ་ཡིས།། རིན་ཆེན་ལྔ་དང་ལེགས་པར་བྱུགས་བྱས་ལ། 5། གསེར་དངུལ་མེ་ཏོག་རིན་ཆེན་རྣམ་ལྔ་འམ།། ཆུ་དང་ཐང་སྐྱེས་མཛེས་པའི་མེ་ཏོག་ཀུན།། ཆོས་སྐུ་སྤྲོས་བྲལ་དེ་ལ་དབུལ་བའི་ཕྱིར།། ཚོམ་བུ་ལྔ་རུ་ལེགས་པར་མཉམ་ལ་དགོད།། ཡེ་ཤེས་ལྔ་ཡི་ངོ་བོར་སྦྲུལ་ལ་དབུལ། ། སངས་རྒྱས་དཀོན་མཆོག་སྔགས་འདིས་དབུལ་བར་བྱ།། ན་མོ་བྷུདྷ་ཡ་མཎྜལ་པུ་ཛ་ས་མ་ཡེ་ཧཱུཾ།། མཛེས་པའི་མེ་ཏོག་རིམ་པ་དགུར་བཀོད་དོ།། ཐེག་པའི་གྲངས་དང་རིམ་པར་སྦྱར་བྱས་ལ།། བསྟན་པའི་ཆོས་རྣམས་ཀུན་ལ་དབུལ། ། ན་མོ་དྷརྨཱ་ཡ་མཎྜལ་པུ་ཛ་བཛྲ་ས་མ་ཡེ་ཧཱུཾ།། མེ་ཏོག་ཚོམ་བུ་གསུམ་བྱས་ལ།། དགེ་འདུན་བདེན་པ་རྣམས་ལ་དབུལ།། ན་མོ་སང་གྷཱ་ཡ་མཎྜལ་པཱུ་ཛ་ས་མ་ཡེ་ཧཱུཾ།། 2མཎྜལ་ཕུལ་བའི་དགོས་པ་འདི་འབྱུང་སྟེ། ། མཎྜལ་རྣམ་གསུམ་རིམ་གྱིས་ཕུལ་བ་ཡིས།། སྒྲིབ་པ་རྣམ་གསུམ་རིམ་གྱིས་འབྱང་བར་འོང།། ཕ་རོལ་ཕྱིན་དྲུག་དབང་དུ་རྫོགས་པའོ།། ས་དང་ལམ་ཉེ་མྱུར་དུ་ཐོབ་པར་འགྱུར། ། དཀོན་མཆོག་གསུམ་གྱི་རྩལ་འདི་སྤྱད་པས།། སྐུ་གསུམ་དབྱེར་མེད་ཆོས་སྐུ་དོན་རྟོགས་འགྱུར།། རྩལ་སྣང་མཎྜལ་བྱ་ཞིང་དབུལ་བའི་ལེའུ་སྟེ་གཉིས་པའོ།།།། སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་ལ། ། སྡུད་པའི་གསང་བདག་རྡོ་རྗེ་སེམས་དཔས་སུ།། ཡན་ལག་རྩལ་དུ་སྣང་བའི་ཆོས་རྣམས་ལ། སེམས་ཉིད་གཟུང་བའི་ཐབས་ནི་དུ་ཞིག་མཆིས། སེམས་ཉིད་བཞག་པའི་ཐབས་ནི་དུ་ཞིག་མཆིས། སེམས་དེ་ཟིན་པའི་ཚད་ནི་ཇི་ལྟ་བུ། སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་དེ།། སེམས་ཉིད་གཟུང་པའི་ཐབས་ནི་འདི་གསུམ་སྟེ།། དང་པོ་སེམས་ཀྱི་ཞི་ལ་ཕར་བརྩལ་བས།། སེམས་དེ་ཅིར་ཡང་གྲུབ་པ་མེད་པར་ཤེས།། གྲུབ་མེད་ངང་ལ་རྟག་ཏུ་གནས་པར་བྱ། ། སྒྲུབ་པ་མེད་པའི་སེམས་ཉིད་དེ།། ཕྱི་རོལ་ཡུལ་ལ་ཕར་ལྟས་པས།། ཡུལ་དེ་དངོས་པོ་སྟོང་པར་ཤེས།། སྟོང་ངང་ལ་གནས་པར་བྱ།། སྟོང་པའི་རིག་པ་ཆེན་པོ་དེས།། ཕྱི་ནང་ཀུན་གྱི་ཆོས་རྣམས་ལ། ། དངོས་ཞན་དངོས་རྟོགས་མི་སྐྱེ་ན།། དངོས་བྲལ་ངང་ལ་གནས་པར་བྱའོ།། སེམས་ཉིད་གཞག་པའི་ཐབས་གསུམ་སྟེ།། དངོས་མེད་མཁའ་ལ་གཞག་པ་དང།། རིག་མེད་སེམས་ལ་གཞག་པ་དང། ། སྤྲོས་བྲལ་ཡུལ་ལ་གཞག་པའོ།། ཟིན་པའི་ཚད་ནི་རྣམ་གསུམ་སྟེ།། ཚོགས་བརྒྱད་ཡུལ་ལ་བལྟས་ཙམ་ན།། ཡུལ་ལ་མི་འཇུག་ཟིན་པ་ཡིན།། ཚོགས་བརྒྱད་ནང་དུ་བསྡུས་ཙམ་ན།། མིང་མི་འདོགས་ན་ཟིན་པ་ཡིན། ། ཚོགས་བརྒྱད་རང་སོར་གཞག་ཙམ་ན།། གཡོས་པ་མེད་ན་ཟིན་པ་ཡིན།། སེམས་སུ་གཟུང་བའི་ཐབས་ཏེ་གསུམ་པའོ།།།། སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་ལ།། སྡུད་པའི་གསང་བདག་རྡོ་རྗེ་སེམས་དཔའ་ཡིས། ། ཡན་ལག་རྩལ་སྣང་འཁྲུལ་པའི་སེམས་ཅན་ལ།། རྣམ་རྟོག་ཆེ་བའི་སྒོམ་པ་ཇི་ལྟ་བུ།། འདོད་ཆགས་ཆེ་བའི་སྒོམ་པ་ཇི་ལྟ་བུ།། ཞེ་སྡང་ཆེ་བའི་སྒོམ་པ་ཇི་ལྟ་བུ།། གཏི་མུག་ཆེ་བའི་སྒོམ་པ་ཇི་ལྟ་བུ། ། ང་རྒྱལ་ཆེ་བའི་སྒོམ་པ་ཇི་ལྟ་བུ།། སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་དེས།། རྣམ་རྟོག་ཆེ་བའི་སྒོམ་པ་ཆེན་པོ་ནི།། རྣམ་རྟོག་དབུགས་ཀྱི་རྟ་ལ་རྟེན་པའི་ཕྱིར།། དབུགས་ཀྱི་རྟ་ལ་སེམས་ཉིད་ཕར་བཏང་ལ།། ཕྱི་རུ་སྤྲོས་ཡང་མི་གདག་པར་བཞག། ། ནང་དུ་རྔུབ་ཀྱང་རྟོག་པ་མི་སྐྱེའོ།། སེམས་ཉིད་སྟོང་པ་དབུགས་ཀྱང་སྟོང་པར་སྒོམ།། འདོད་ཆགས་ལྡན་པའི་སྒོམ་པ་ཆེན་པོ་ནི།། འདོད་ཆགས་ཡུལ་ལས་སྐྱེས་པའི་ཕྱིར།། ཡུལ་གྲུབ། ། བདག་གིས་ལས་ཀྱང་འདི་འདྲར་རྣམ་པར་སྒོམ།། ཞེ་སྡང་ལྡང་བའི་སྒོམ་པ་ཆེན་པོ་ནི།། དང་པོ་ཞེ་སྡང་ཁ་ཡིས་བསྒྲུབས།། བར་དུ་འདོད་ཆགས་མ་ཡིས་བསྐྱེད།། ཐ་མར་རང་འདུས་ཞེས་སྡང་གྲུབ། ། ཞེ་སྡང་རང་མཉམ་རྒྱུ་ལས་སྐྱེས།། རང་ཡང་ཕ་མའི་རྩིས་ལས་གྲུབ།། གཞན་ཡང་ཕ་མའི་རྩོག་ལས་གྲུབ།། ངན་པའི་ཡུལ་ལས་ཞེ་སྡང་སྐྱེ་མི་དགོས།། སྐྱེ་བའི་རྒྱུ་མེད་ནང་དུ་སྒོམ་པའོ།། གཏི་མུག་ཆེ་བའི་སྒོམ་པ་ནི། ། ཆོས་ཉིད་མ་གསལ་ཤིན་ཏུ་བྱིང་བ་ལ།། ལུས་ཀྱང་ལེགས་འདུག་སེམས་ཀྱང་གཟེངས་བསྟོད་ལ།། ཆོས་ཉིད་ནམ་མཁའི་ངང་ལ་བློ་བཞག་སྟེ།། ཡེངས་པ་མེད་པའི་སེམས་ཀྱིས་བལྟ་བར་བྱའོ།། ང་རྒྱལ་ཆེ་བའི་སྒོམ་པའི་གཞག་ཐབས་ནི། ། ང་རྒྱལ་རང་གི་ཡོན་ཏན་བརྗོད་པ་སྟེ།། ཡོན་ཏན་མ་ཡིན་རང་གི་སེམས་ཀྱང་ཡིན།། སེམས་དེ་ཡོན་ཡན་བརྗོད་ཀྱང་ཅིར་ཡང་གྲུབ་པ་མེད།། བརྗོད་པའི་སྒྲ་དག་སེམས་ལ་འབྲེལ་བ་མེད། ། འབྲལ་མེད་ངང་དུ་རྟག་ཏུ་བསྒོམ་པར་བྱའོ།། ཉོན་མོངས་ལྔ་སྒོམ་པའི་ལེའུ་སྟེ་བཞི་པའོ།།།། སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་ལ།། སྡུད་པའི་གསང་བདག་རྡོ་རྗེ་སེམས་དཔས་སུ།། སྣང་བ་ཆེར་ཕྲད་སྒོམ་པ་ཇི་ལྟ་བུ། ། སྣང་བ་རྟག་པའི་སྒོམ་པ་གང་ལྟ་བུ།། སྣང་བ་བསྒྱུར་བའི་སྒོམ་པ་ཇི་ལྟ་བུ།། སྣང་བ་འཛིན་པའི་སྒོམ་པ་ཇི་ལྟ་བུ།། སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོས་སུ།། དབང་པོ་དྲུག་གི་ཡུལ་དུ་གྱུར་པ་ལ། ། སྣ་ཚོགས་སྣང་ཡང་ངོས་བཟུང་མེད་པར་བཞག། སྣ་ཚོགས་གྲགས་ཀྱང་འཚིག་པ་མེད་པར་ཞི།། སྣ་ཚོགས་སྒོམ་ཡང་རྟོག་པ་མེད་པར་བཞག། སྣ་ཚོགས་མྱོང་ཡང་བརྗོད་བྱ་མེད་པར་བཞག།། སྣ་ཚོགས་རེག་ཀྱང་ཞེན་ཆགས་མེད་པར་ཞེན། ། སྣ་ཚོགས་རྒྱུ་ཡང་མི་དོགས་མེད་པར་བཞག། སྣང་བ་དངོས་པོ་ཅི་དང་ཅིར་སང་ཡང།། དེ་ཉིད་ཀ་ན་ཆོས་སྐུ་ངང་དུ་སྒོམ།། རིག་རྟོག་ཤེས་པ་ཅི་དང་ཅི་རྒྱུས་ཀྱང།། དེ་ཉིད་ཀ་ནས་ཡེ་ཤེས་ངང་དུ་སྒོམ། ། སྣང་བ་རྟགས་པའི་སྒོམ་པ་ཆེན་པོ་ནི།། འཁོར་དང་མྱ་ངན་འདས་པའི་ཆོས་ཀུན་ཡང།། དེ་རྣམས་མཚན་ཉིད་སྟོང་པའི་རྒྱུ་ཡིན་ཏེ།། སྟོང་པའི་ངང་ལས་མཚན་ཉིད་ཀུན་མ་འདས།། སྐུ་ཡི་རྒྱ་མཚོ་ཆུ་ཡི་ཕུང་པོ་ཡང། ། ཐིགས་པའི་ངང་ལས་དེ་ཀུན་ཡོངས་མ་འདས།། ཐིགས་པ་དེ་ཀུན་གཅིག་ཏུ་གྲུབ་པ་མེད།། གླིང་བཞི་རི་རབ་ས་ཡི་དཀྱིལ་འཁོར་ཡང།། ཕྲ་རབ་རྡུལ་གྱི་དངོས་པོ་དག་ལས་གྲུབ།། ཕྲ་རབ་རྡུལ་གྱི་ཆོས་ཞིག་ན། ། རྡུལ་དེ་དངོས་པོ་གཅིག་ཏུ་གྲུབ་པ་མེད།། ནང་གི་རིག་པ་ཤེས་པའི་རྣམ་པ་ཡང།། སྣ་ཚོགས་རིག་གི་སྣ་ཚོགས་མི་འདོགས་ཀྱང།། དངོས་པོ་འདི་ཡིན་བརྟགས་ན་གྲུབ་པ་མེད།། སྣང་གྲགས་ཆོས་ཀྱི་དངོས་པོ་ཐམས་ཅད་ཀུན། ། བརྟགས་ན་ཅིར་ཡང་གྲུབ་པ་མེད་པར་སྒོམ།། སྣང་བ་བསྒྱུར་བའི་སྒོམ་པ་ཆེན་པོ་ནི།། སྣ་ཚོགས་བསྐྱེད་པའི་ཆོས་རྣམས་ཐམས་ཅད་ཀུན།། ཀུན་གཞི་རྣམ་ཤེས་གཡོས་པ་མེད་པ་ཡིན། ། གཡོས་པ་མེད་པ་རྟག་ཏུ་སྒོམ་པར་བྱ།། སྣང་བའི་འཛིན་པ་སྒོམ་པས་ནི།། སྣ་ཡི་རྩེ་ལ་སེམས་ཕབ་སྟེ།། གཡོས་པ་མེད་པར་སྒོམ་པར་བྱ།། ཡུལ་དུ་བྱས་པའི་དམིགས་པ་ལ།། མིང་མི་འདོགས་པར་རང་དགར་སྒོམ། ། སྒོ་ལྔ་རྣམ་ཤེས་རང་སོར་བཞག་པ་སྟེ།། རྟོག་པ་མེད་ན་སྣང་ཡང་སྒོམ་པ་ཡིན།། ནམ་མཁའ་གཡོས་པ་མེད་པ་ལ།། རང་སེམས་གཡོས་པ་མེད་པར་བཞག། སྣང་བ་སྒོམ་པའི་ལེའུ་སྟེ་ལྔ་པའོ། །།། སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་ལ།། སྡུད་པའི་གསང་བདག་རྡོ་རྗེ་སེམས་དཔས་སུ།། རྩལ་གྱི་དངོས་པོ་དག་ལ་གྲུབ་པའོ།། ལུས་ངག་ཡིད་གསུམ་དུལ་བའི་ཐབས་ནི་གང།། སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་དེས། ། ལུས་ནི་ལྷ་ཡི་ཕྱག་རྒྱ་ཆེན་པོས་འདུལ།། རང་ཉིད་མོས་པ་ལྷ་རུ་གསལ་བ་ལ།། ཕྱག་མཚན་ཆ་ལུགས་ལྷ་བཞིན་དུ།། དངོས་པོར་མ་གྲུབ་འོད་ཀྱི་ཚུལ་དུ་སྒོམ།། འགྲོ་འདུག་སྤྱོད་ལམ་རྣམ་བཞིའི་དུས་སུ་ཡང། ། གཡོས་པ་མེད་པར་ལྷ་ཡི་ངང་དུ་སྒོམ།། ངག་དེ་བྱང་ཆུབ་སྔགས་ཀྱིས་དུལ་བར་བྱ།། གསང་སྔགས་འཕྲོ་འདུ་གཉིས་མེད་རིག་པ་གཟུང།། སྣང་གྲགས་ཆོས་ཀྱང་བྱང་ཆུབ་སྔགས་སུ་ཤེས།། སྔགས་ཀྱི་དབང་ཕྱུག་བདེན་པའི་ལམ་ལ་མཁས། ། ངག་གི་བདེན་པ་འགྲོ་བ་འདུལ་བའི་མཆོག། ཡིད་ཀྱི་རྣམ་ཤེས་མིང་ལ་མཁས་པ་དེ།། མིང་མེད་ནམ་མཁའི་ངང་དུ་དུལ་བར་བྱ།། ནམ་མཁའི་ངོ་བོ་མིང་གི་བདེན་པ་དེ། ། ཡིད་ཀྱི་རྣམ་ཤེས་མིང་གི་བདེན་པར་སྒོམ།། ལུས་ངག་ཡིད་གསུམ་ངང་གིས་དུལ་བའི་ཐབས།། ཕྱོགས་བཅུར་མི་འགྲོ་ལྷ་ཡི་ཕྱག་མཚན་སྒོམ།། སྣ་ཚོགས་མི་སྨྲ་གསང་སྔགས་འཁོར་ལོ་བཟླས།། སྣ་ཚོགས་མི་བསམ་གཉིས་མེད་རིག་པ་སྒོམ། ། དེ་ལྟར་བྱས་ན་འབྲས་བུ་ཁམས་གསུམ་སྤངས།། སྐུ་གསུམ་དོན་བྱེད་བདེ་བའི་ཞིང་ཁམས་སྐྱེ།། ལུས་ངག་ཡིད་གསུམ་འདུལ་བའི་ལེའུ་སྟེ་དྲུག་པའོ།།།། སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་ལ། ། སྡུད་པའི་གསང་བདག་རྡོ་རྗེ་སེམས་དཔའ་ཡིས།། རྩལ་ལས་གྲུབ་པའི་སེམས་ཅན་མ་ལུས་ལ།། དམིགས་མེད་ཚོགས་བསོག་བྱ་བ་ཇི་ལྟ་བུ།། ཟས་ཀྱི་རྣལ་འབྱོར་བྱ་བ་ཇི་ལྟ་བུ།། སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་དེས། ། ཡུལ་མེད་ལྷ་ཡི་ཚོགས་རྣམས་བསག་པར་ནི།། བདེ་གཤེགས་ཞིང་ཁམས་མ་ལུས་ཐམས་ཅད་ལ།། དམིགས་པ་མེད་པའི་མཆོད་པ་ཆེན་པོར་བསྔོ།། ཤེས་རབ་ཐབས་ཀྱིས་ཟིན་པའི་མཆོད་པ་ཆེན་པོའོ། ། སྣང་བའི་ཡུལ་དུ་བྱས་པའི་སེམས་ཅན་ལ།། ཐུགས་རྗེ་ཕྱོགས་རིས་མེད་པར་ཤེས་བྱས་ལ།། གཉིས་མེད་ངང་གིས་ཕན་པའི་དོན་བྱའོ།། ལྷ་ཡི་རྣལ་འབྱོར་སྒོམ་པའི་རིམ་པ་ནི།། སྟོང་པའི་ངང་ལས་གསལ་བའི་ལྷར་བསྐྱེད་ལ། ། འགྲོ་བའི་དོན་བྱ་ཁ་དོག་ཅིར་ཡང་གསལ།། ཡུལ་དུ་བྱས་ཀྱང་གཡོས་པ་མེད་པར་སྒོམ།། རྒྱུད་ཀྱི་ཉོན་མོངས་ཞི་ན་ལྷ་ཡི་སྐུ་ཡིན་ཏེ།། ཉོན་མོངས་མི་སྐྱ་ཁ་དོག་ཅི་ཡང་རུང།། རང་སེམས་མ་བཅོས་ཚད་མ་ཅི་ཡང་རུང། ། མ་བཅོས་ངང་གིས་གྲུབ་པ་ལྷ་སྒོམ་མོ།། ཟས་ཀྱི་རྣལ་འབྱོར་མཆོད་སྦྱིན་བྱ་བ་ནི།། སྙིང་པོ་མེད་པའི་ལྷ་ཡི་ལུས་འདི་ལ།། རོ་དང་ལྡན་པའི་ཟས་མཆོག་འདི་རྣམས་ལ། ། རོ་ལ་ཆགས་ཤིང་རྒྱགས་ཕྱར་མི་བཟའ་འོ།། ཁེང་གྲགས་དགའ་ཕྱིར་མི་འགྲོའོ།། རང་ལུས་སྙིང་པོ་མེད་པའི་མཆོག་ཡིན་ཏེ།། བདེ་གཤེགས་ཀུན་གྱི་སྙིང་པོ་མཆོག་ཡིན་ནོ།། བདེ་གཤེགས་མཆོད་བྱ་རང་གི་ཟས་བཟའ་འོ། ། རང་ལ་གནས་པའི་སྲིན་བུ་འབུམ་ཆགས་ལ།། སྲིན་བུ་ལུས་རྒྱས་སྦྱིན་པ་ཆེན་པོར་བསམ།། ཟས་དེ་ཟ་ཡང་རང་བཞིན་མེད་པར་བཞག། ཚོགས་གཉིས་བསག་ཅིང་ལྷ་སྒོམ་ཟས་ཀྱི་རྣལ་འབྱོར་གྱི་ལེའུ་སྟེ་བདུན་པའོ། །།། སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་ལ།། སྡུད་པའི་གསང་བདག་རྡོ་རྗེ་སེམས་དཔའ་ཡིས།། རྒྱུད་འདི་གང་ལ་ཇི་ལྟར་གཏད་པ་ཡིན།། སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་དེས།། ཉིད་ལས་མི་ཞན་སྡུད་པ་པོ་ལ་གཏད། ། སྡུད་པའི་གསང་བདག་རྡོ་རྗེ་སེམས་དཔའ་དེས།། བརྒྱ་བྱིན་ལྷ་ཡི་བུ་ལ་གཏད།། བརྒྱ་བྱིན་ལྷ་ཡི་བུ་དེས་རྒྱུད་ཀྱི་རྒྱལ་པོ་འདི།། ལྷ་དང་མཁའ་འགྲོ་རྣམས་ལ་གཏད།། ལྷ་དང་མཁའ་འགྲོ་དེ་རྣམས་ཀྱིས། ། མཆོད་པའི་རྟེན་དུ་རབ་མཐོང་སྟེ།། རིན་ཆེན་གསེར་གྱི་གླེགས་བམ་ལ།། བཻ་ཌཱུརྱ་ཡི་ཞུན་མས་བྲིས།། རང་བྱུང་མཆོད་རྟེན་དེ་ལ་གཏད།། གསང་བ་གཉིས་སུ་མེད་པའི་འཁོར་ལོ་བསྐོར་ཏེ། ། རིན་པོ་ཆེ་རལ་གྲིའི་རྒྱུད་གཏད་པའི་ལེའུ་སྟེ་བརྒྱད་པའོ།།།། རིན་པོ་ཆེ་སྣ་ཚོགས་རལ་གྲིའི་རྒྱུད་རྫོགས་སོ།།།། རིན་པོ་ཆེ་ཤེས་རབ་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། ། ལྔ་ཕུང་ཡན་ལག་ཐམས་ཅད་ནི།། འབྲུ་ལྔ་བཞག་པའི་བྱང་ཆུབ་སྟེ།། ཨོཾ་དང་སྐུ་འདྲར་འབྲེལ་བས་བྱང་ཆུབ་ཉིད་ལས་བྱུང།། སྤྱི་ནི་བརྗོད་པས་ཐམས་ཅད་མིང་ཙམ་ཡིན་ཏེ་ཨ།། ཨ་ཉིད་མངོན་རྫོགས་རྒྱལ་པོ་དབྱིངས་ཀྱི་ངང། ། སྐྱེ་འཇིག་ཉིད་ན་ཡི་གེ་ཨ།། དེ་ཉིད་བྱང་ཆུབ་སེམས་ཡིན་ཏེ།། མི་དམིགས་བྱང་ཆུབ་མཆོག་འབྱུང་བའི།། གསུམ་ཆར་ལྔ་འབར་བཅུར་འབྱོར་པའི།། ཟད་མེད་རིན་ཆེན་གཏེར་ཡིན་ཏེ།། མངོན་ཤེས་དྲུག་ལྡན་མཚན་གསོལ་དཔགས། ། དེ་ཉིད་ཕུང་པོ་རྫོགས་པའི་དོན།། གཉིས་མེད་ཡེ་ཤེས་བྱང་ཆུབ་སེམས།། མི་དམིགས་ཡེ་ཤེས་ཐིག་ལེར་གསལ།། སྤྲོས་མེད་ཡེ་ཤེས་ནམ་མཁའི་དབྱིངས།། འགྱུར་མེད་ཡེ་ཤེས་རྒྱས་པ་ལ། ། རྒྱས་འདེབས་ཆེན་པོ་བདག་ཉིད་ཆེ།། ཨ་ཧོ་ཕྱོགས་བཅུ་རྒྱལ་བའི་དཀྱིལ་འཁོར་ཀུན།། དེས་པའི་དོན་བཀྲོལ་བཞི་བཅུ་རྩལྔར་གསུངས།། བསྡུས་པའི་དོན་དུ་ཡེ་ཤེས་འབྲུ་ལྔར་གསུངས།། ལྔ་པོ་ཉིད་ཀྱང་འབྲུ་གསུམ་ནང་དུ་བསྡུས། ། གསུམ་པོ་ཉིད་ཀྱང་ཡི་གེ་ཨར་འདུས་ཏེ།། ཨ་ཉིད་མ་སྐྱེས་མངོན་རྫོགས་ཉིད་ལ་ཐིམ།། དབྱིངས་ཉིད་ཡེ་ནས་རིན་ཆེན་ལུས་ལ་གསལ།། རིན་ཆེན་ལུས་ཉིད་ཡེ་ཤེས་བཅུད་ལ་གནས། ། ཧཱུཾ་ནི་བདེ་ཆེན་ཐུགས་ཀྱི་དབྱིངས།། སྐྱེ་འགག་མེད་པའི་གཡུང་དྲུང་དབྱིངས།། གང་གིས་རྟོགས་པ་རིན་པོ་ཆེ།། རྡོ་རྗེ་སྤུ་གྲི་གནོན་པོ་སྟེ།། གསང་ཆེན་བདེ་བའི་ཐིག་བཏབ་པས།། མ་གོས་ལམ་ཞེས་བགྲོད་དུ་མེད། ། དེ་ཉིད་དུར་ཁྲོད་དཔལ་ཆེན་ཏེ།། ཐུགས་ནི་ཧེ་ཆེན་དཔལ་གྱི་ངོ་བོར་བསྟན།། ཨོཾ་བཛྲ་ཤྲཱི་ཧེ་རུ་ཀ་ཧཱུཾ།། དབྱིངས་དང་མཉམ་པའི་ཚོགས་ལ་ཕྱག་འཚལ་ལོ།། ཨ་ལ་སྤྲོས་ཤིང་བསྡུ་བ་ནི། ། གསང་བའི་ཐིག་ལེ་ཉིད་ཀྱི་དབྱིངས།། ནམ་མཁའི་དབྱིངས་ནས་སྤྲིན་བྱུང་སྟེ།། ས་ལས་འབྲས་བུ་སྣ་ཚོགས་སྨིན།། གཅིག་པུའི་ངང་ལས་བསམ་མི་ཁྱབ།། བྱིན་རླབས་ཡོན་ཏན་ཆེན་པོ་འབྱུང།། ཡོན་ཏན་རིན་ཆེན་འབྱུང་ལྡན་ཆེ་ཧོ། ། གཅིག་གི་ངང་ལས་བསམ་མི་ཁྱབ།། དབྱིངས་ལས་མི་ཞན་ཡོན་ཏན་ཐིག་ལེའི་ངང།། ཡེ་ནས་དབྱིངས་ཉིད་ཆེ་བའི་ཚུལ།། སྣང་བྱེད་ཉིད་ལ་བྱ་བྱེད་མེད་པར་གནས།། ཡེ་ཤེས་བརྡལ་ཁྱབ་རིན་པོ་ཆེ། ། ཕྱི་མར་གར་འགྲོ་བསྟན་པ་ནི།། རྣམ་ཤེས་སེམས་ཀྱི་རྒྱལ་པོ་ལ།། ཏིང་འཛིན་ཐུགས་ལ་བྱིན་གྱིས་བརླབས།། མི་སྐྱེས་སེམས་ཀྱི་མེ་ལོང་ལ།། མི་འགོག་སྐུ་ཡི་ངོ་བོར་གསལ།། སྐྱེ་འགག་མེད་པའི་ཆོས་དབྱིངས་ལས། ། བདེ་བ་ཆེན་པོའི་འོད་ཟེར་གསལ།། དེ་ཡི་ངང་ལས་ངེས་པའི་དོན།། མངོན་རྫོགས་རྒྱལ་པོའི་དབྱིངས་ལ་རོལ།། བདེ་ཆེན་རྒྱལ་བའི་ཐུགས་ལ་ཤར།། རིན་ཆེན་སྤྲུལ་པ་སྤྲོས་པས་ཁམས་གསུམ་དབྱིངས་ལ་རོལ། ། ཆགས་མེད་ཐུགས་ལ་ཤར་བས་སྲིད་པའི་དཔའ་བོ་མཛད།། རྩ་བརྒྱད་ལུས་ལ་རྫོགས་པས་དཔག་ཙམ་སྐུ་ཡི་བརྒྱན།། ཐིག་ལེ་དབྱིངས་ལ་སྦྱོར་བས་ཉེས་པའི་སྐྱོན་མི་མངའ།། ཤེས་རབ་མཆོག་དང་རྣམ་བྲལ་བ། ། དུག་དང་འཁོར་བ་མཐོང་བ་ཡི།། རང་སེམས་བསླུས་པའི་སེམས་ཅན་ལ།། ནམ་ཡང་སྤེལ་བར་ཡོང་མ་གསུངས།། རིན་པོ་ཆེ་འོད་འབར་བ་རྫོགས་སོ།།།། བཅོམ་ལྡན་འདས་དཔལ་མངོན་རྫོགས་རྒྱལ་པོ་ལ་ཕྱག་འཚལ་ལོ།། དེ་ལ་བདག་གི་རྒྱུ་ཇི་ལྟ་བུ་ཞེ་ན།། རྒྱུ་དང་རྐྱེན་དང་རྟེན་དང་ལེན།། དེས་ནི་མངོན་པར་ཡོད་མ་ཡིན།། ཤེས་པ་གསུམ་ལ་ཞེན་པ་ཡི། ། ཡུལ་དང་དྭངས་མ་འཁོར་བའི་ལམ།། ནག་པོ་གསུམ་དང་མངོན་པར་གནས།། ནག་པོ་གསུམ་གྱིས་འཕེན་པོ་ཡིན།། དེ་ལ་བདུད་ཀྱི་ཐ་མ་ནི།། དམར་ནག་གདོང་ལ་ཨོ་ཤོལ་དབྱིངས།། དེ་ནི་བློ་རྨུགས་སྣོད་ཡིན་ཏེ། ། ཤེས་པ་གསུམ་ལ་སྙོམ་པར་འགེབས།། དེ་ལས་གནས་འགྱུར་མཉམ་པ་ཉིད།། ཤེས་པ་གསུམ་གི་མཚན་ཉིད་ནི།། དབྱིབས་དང་ཁ་དོག་ལ་སོགས་ཏེ།། རང་གི་གནས་འགྱུར་སྣ་ཚོགས་པ།། སྡུད་ཀྱིས་བསྡུས་ཏེ་བདུད་བཞི་བསྒྲལ། ། གཅིག་ལས་གཅིག་ཏུ་གཞུ་འདུལ་བྱས།། རང་རིག་ལྡུམས་ནས་མངོན་པར་ཕྱུང།། ཐུགས་ཀྱི་སྲས་སུ་བཞག་པ་ཡིན།། ཡེ་ཤེས་རང་གསལ་ཆེན་པོ་ཡིན།། དགྱེས་ནས་བསྟོད་པ་བགྱིས་ནས་སུ། ། ཆོས་རྣམས་གཅིག་དུ་འདུས་པའི་དོན།། མངོན་རྫོགས་རྒྱལ་པོས་བཤད་དུ་གསོལ།། ཞེས་གསོལ་བ་དང།། དེ་ནས་བླ་མེད་ཧེ་རུ་ཀ་ཡབ་ཡུམ་གཉིས་པོས།། དགྱེས་པའི་འཕྲོ་འདུ་མཛད་པ་དང། ། ཡབ་ཡུམ་གཉིས་སུ་མེད་པར་གྱུར་ཏེ།། དགྱེས་པའི་ཡེ་ཤེས་ཀྱི་མདངས་ཀྱིས།། ཐིག་ལེ་ཆེན་པོ་ལ་བཞེངས་ཏེ།། ཆོས་ཐམས་ཅད་ཀྱི་དོན་གཅིག་ཏུ་འདུས་པར་རྡོ་རྗེའི་ལྗགས་བརྐྱང་སྟེ་བཀའ་སྩལ་པ།། ཆོས་རྣམས་ཐམས་ཅད་ཅིར་བསྟན་ཀྱང། ། ཡང་དག་དོན་ནི་གཅིག་ཏུ་འདུས།། ལྔ་ཕུང་ཡན་ལག་གཅིར་བསྟན་ཀྱང།། བརྒྱ་ཕྲག་སྟོང་གི་འཇིག་རྟེན་ན། ཁམས་གསུམ་ཁྱབ་པའི་ངང་ཉིད་ན།། སྲིད་པའི་འཇིག་རྟེན་རབ་འབྱམ་ན། ཁམས་གསུམ་ཧེ་ཡི་ངང་ཉིད་ནི།། སྲིད་པའི་ཁྲག་གི་རང་བཞིན་ཉིད།། གླིང་བཞི་བསྐོར་བའི་འཛམ་གླིང་ན།། སྐྱེ་འགྲོ་ཧཱུཾ་གི་ངང་ཉིད་དེ།། འཁོར་བའི་ལམ་ལྔ་སྒོ་བཅད་དེ།། ཐབས་ལ་མཁས་པའི་བྱེ་བྲག་གིས། ། ཐེག་པའི་རིམ་པ་བསམ་ཡས་པར།། གནས་དང་གནས་ཀྱི་ཁྱད་པར་ཡང།། ས་ཡི་ཁྱད་པར་བཅུ་དང་གསུམ།། གཅིག་ཅེས་བྱ་བའི་དོན་རྟོགས་ན།། ཅི་བྱས་ཅིང་སྤྱད་སྐྱོན་མེད་པས།། སྲིད་པ་བསྒྲལ་ཡང་སྡིག་མི་ཡོང། ། དེ་ཕྱིར་གཅིག་པོ་སྤྱད་མི་རིགས།། འབྲུ་གསུམ་གསེར་གྱི་སྒྲོམ་བུ་ན།། ཤེས་པ་གསུམ་གྱི་བཅུད་བསྡུས་རྒྱལ་པོ་ཁྱོད།། ཉེས་པའི་སྐྱོན་སྤངས་མངོན་རྫོགས་རྒྱལ་པོ་བཞུགས།། ཡེ་ཤེས་རབ་རྫོགས་སོ།།།། དཔལ་མངོན་རྫོགས་རྒྱལ་པོ་ལ་ཕྱག་འཚལ་ལོ།། མི་གནས་བདེ་བའི་དཀྱིལ་འཁོར་ལ།། རྩེ་ལ་རྒྱ་གྲམ་འཕྲ་བཀོད་པས། ཁ་དོག་སྣ་ཚོགས་སོ་སོར་གསལ།། ཐིག་ལེ་ཆེན་པོ་མདོར་འབྲེལ་བ།། གནས་བཞི་འཛིན་པའི་ས་བོན་ལས། ། ཕབ་པའི་འོད་ཆེན་འཕྲོ་འདུ་ཡིས།། འབུར་བཞི་མཛེས་ལྡན་རྒྱུད་བསྐུལ་བས།། བར་གྱི་ས་བོན་འོད་ལ་བསྡུ།། དེ་ནས་རིག་པ་ཧཱུཾ་ལས་གཟུང།། ཧཱུཾ་ཉིད་ས་ཡི་ལམ་ཞུགས་ཏེ།། འོད་ཀྱིས་འཇིག་རྟེན་ཁེངས་པར་སྤྲོས། ། མྱ་ངན་ལས་འདས་པའི་སྒྲོན་མ་རྫོགས་སོ།།།། སྡེ་རྒྱུད་ཆེན་པོ་བཞི་ཡི་གང་ལ་ཡང།། གསང་བར་ཐུགས་ཀྱི་དགོངས་པ་སྟེ།། དུས་ཕྱིས་ལུས་པར་གཟིགས་ནས་མ་བསྟན་ཏོ། ། རྒྱུད་ཆེན་པོ་བཅུ་བདུན་ཡོད་པར་གྲགས་པ་ལས་ཕལ་ཆེར་སྣང་བ་ནི།། འགའི་སྤྱོད་ཡུལ་ཙམ་སྟེ།། བདེ་བྱས་སྡུག་བསྔལ་དབྱིངས་ཕྱུག་བྷ་ག་ལ།། དབྱེར་མེད་ལྷུན་རྫོགས་དབྱིངས་ཉིད་ཆེ་སྐྱེད་པ། ། མི་འདའ་ཡེ་ཤེས་རིན་པོ་ཆེ།། བྱ་བ་མེད་པས་ལྷུན་རྫོགས་ཐིག་ལེ་ཆེ།། ཐམས་ཅད་མ་འགགས་དབྱེར་མེད་བདག་གི་རྒྱུད།། སྐྱེ་མེད་དབྱིངས་ལས་ཐམས་ཅད་སྐྱེས།། དོན་དམ་ཉིད་དུ་སེམས་དཔའ་ཆེ། ། བསྒྲུབ་ཏུ་མེད་པས་ཡེ་ནས་གནས།། བཙལ་དུ་མེད་པས་མངོན་སུམ་དབྱིངས།། སྨོན་དུ་མེད་པས་རང་ལ་རྫོགས།། ཐ་སྙད་མེད་པས་རྣལ་འབྱོར་བདག། གོ་འཕང་ཆོད་པས་ཀུན་གྱི་དབྱིངས།། ལས་རྣམས་སྤྱད་ཅིང་ཅི་སྤྱད་ཀྱང། ། ཐིག་ལེ་ཉིད་པས་སྤང་དུ་མེད།། འདོད་ཆགས་ཞེ་སྡང་གཏི་མུག་ཀྱང།། སྤང་དུ་མེད་པས་བདག་གི་རྒྱུད།། གཏི་མུག་ཉིད་པས་བསམ་དུ་མེད།། རྣམ་གྲངས་ཉིད་པས་དབྱིངས་ཉིད་ཀློང། ། གཟུགས་རྣམས་མེད་པས་བྱང་ཆུབ་སྐུ།། ཐིག་ལེ་ཡེ་ནས་དམ་ཚིག་གསང།། དམ་ཚིག་མིང་དུ་བཏགས་པ་མེད།། འཆི་བ་མེད་པས་བདུད་རྩི་དབྱིངས།། ཁྱད་པར་ཉིད་ལས་ཡེ་ཤེས་ཆེ།། རི་རབ་རྩེ་ལ་ཉི་མ་སྟོང་ཤར་བས། ། ཡེ་ཤེས་ཐུགས་ཀྱི་ཉི་མ་ཤར་རོ།། ཤར་བ་ཉིད་ན་ནུབ་པ་མེད།། སྒོམ་པ་ཉིད་པས་སྒོམ་དུ་མེད།། སྒོམ་པ་དམིགས་སུ་མེད་པའོ།། སྒོམ་པ་གཞན་ནས་ཆོས་མི་རྙེད།། རྡོ་རྗེ་རིན་ཆེན་འབར་བ་ལྟར། ། ཐམས་ཅད་ཀུན་ཀྱང་དེ་བཞིན་ནོ།། འགྱུར་བ་མེད་པས་བལ་ནག་བཞིན།། བསྒྱུར་དུ་བཏུབ་པས་བལ་དཀར་བཞིན།། བརྟགས་ན་བལ་ནག་ཉིད་ཀྱི་དབྱིངས།། ལྷུན་གྱིས་གནས་པས་གོ་འཕང་ཆོད།། གདོད་ནས་དག་པས་པད་མ་བཞིན། ། འགྱུར་བ་མེད་པས་ཐིག་ལེ་བདེ།། བྱ་བ་མེད་པས་ཐིག་ལེ་བདེ།། དུས་གསུམ་མེད་པས་ཐིག་ལེ་བདེ།། བཙལ་དུ་མེད་པས་ཐིག་ལེ་བདེ།། བཙལ་བར་འདོད་པས་དབྱིངས་མི་བསྐྱོད། ། དྲ་བ་ཉིད་པས་མུ་ཁྱུད་བདེ།། ཐིག་ལེ་ཉིད་པས་ཐིག་ཕྲན་བདེ།། རྩེ་རྒྱལ་རྟོགས་ན་གནས་ཆེན་བདེ།། ཐོགས་མེད་ཡོངས་སུ་སྦྱངས་པའི་བྷ་ག་ལ།། དབྱེར་མེད་ལྷུན་རྫོགས་ཐིག་ལེ་དབྱིངས་ཉིད་ཆེ།། སྐུ་གསུང་ཐུགས་ཤར་མུ་ཁྱུད་དཀྱིལ། ། རྣམ་པར་དག་པས་བྱང་ཆུབ་རྒྱུ།། འགྲོ་བའི་ལམ་ཆེ་ནམ་མཁའ་དབྱིངས་ཉིད།། ཐིག་ལེ་ཡེ་ནས་རྡོ་རྗེ་དབྱིངས།། ཐིག་ལེ་ཉིད་པས་འདུ་འབྲལ་མེད།། དེ་བས་ཐིག་ལེ་བདལ་བའི་དབྱིངས། ། བདལ་བ་ཉིད་ན་ནུབ་པ་མེད།། བྱང་ཆུབ་སེམས་ཀློང་ཡངས་པའི་དཀྱིལ་འཁོར་རྫོགས་སོ།།།། རྒྱ་གར་སྐད་དུ།། ཨ་ར་ལི་དྲི་ཀུ་ཤ་ན་ཧི་ཏན་ཏྲ་ན་མ། ། བོད་སྐད་དུ།། ཨ་ར་ལི་རྙོག་པ་མེད་པའི་རྒྱུད་ཅེས་བྱ་བ།། དཔལ་རྡོ་རྗེ་འཛིན་པ་ཉིད་ལ་ཕྱག་འཚལ་ལོ།། འདི་སྐད་བཤད་པའི་དུས་གཅིག་ན།། རང་བྱུང་རིག་པའི་རྒྱལ་པོ་ཉིད།། སངས་རྒྱས་ཀུན་གྱི་བདག་ཉིད་དེ། ། ཟབ་མོ་རྙོག་པ་མེད་པའི་སྐུ། ལྷུན་གྱི་གྲུབ་པའི་ངོ་བོ་ཉིད།། རིག་པ་ལྷུན་གྲུབ་གཞལ་ཡས་ཁང།། དཔག་མེད་རྒྱལ་བའི་གནས་ཆེན་ན།། རང་བཞིན་རྙོག་པ་ཡོད་མེད་ཀྱིས།། རྒྱལ་བ་ཀུན་དང་ལྷན་ཅིག་བཞུགས། ། དེ་ནས་རིག་པའི་རྒྱལ་པོ་ཉིད།། རྣམ་དག་བདེ་ཆེན་ཀུན་བསྒྲལ་ཕྱིར།། ཀུན་འདུས་རང་རིག་རྣམ་པར་དག།། ཟབ་མོ་རྫོགས་ལུང་གཉིས་སུ་མེད།། ཇི་སྙེད་ཆོས་ཀྱི་རྣམ་གྲངས་ཀྱི།། སྙིང་པོ་གཅིག་ཏུ་རྫོགས་པའི་ལུང། ། རིན་ཆེན་ཆུ་ཟླ་ཇི་བཞིན་ལྟར།། ཨ་ར་ལི་སྟེ་བདག་ཉིད་ཆེ།། རྫོགས་པ་མཁའ་ལ་འགྲོ་བའི་མཆོག།། རྙོག་པ་ཀུན་བྲལ་ཡེ་ཤེས་ལུང།། སྒྲོ་དང་སྐུར་པ་རྣམ་པར་གཅོད།། དྲི་མེད་ནམ་མཁའི་རང་བཞིན་ལྟར། ། གསལ་ལ་དམིགས་འཇུག་སྤངས་པའོ།། འཇིག་རྟེན་ལོག་པའི་བསམ་གཏན་པ།། ཀུན་ཀྱང་དྭངས་མའི་བློ་དང་བྲལ།། མ་བཅོས་རྫོགས་པའི་རང་བཞིན་ལས།། དུང་ལས་སེར་པོར་འཛིན་པ་ལྟར། ། རྙོག་པ་གསུམ་གྱིས་རྙོགས་པ་ལས།། རང་གསལ་རྙོགས་པའི་འདམ་དུ་བྱིང།། རྫོགས་པའི་དོན་ལ་གཉིས་མེད་ན།། བརྙོགས་པའི་བློ་ཡིས་གཉིས་སུ་ཕྱེ།། རྙོགས་པས་རྙོགས་པར་ལོང་བཏགས་པས། ། འཁོར་བ་ཐོག་མཐའ་མེད་པར་གནས།། ཀུན་ཀྱང་རྙོག་མེད་ཆོས་ཀྱི་དབྱིངས།། དྲི་མེད་གསལ་བའི་བདེ་ཆེན་པོ།། རང་རིག་མ་བཅོས་བསམ་མི་ཁྱབ།། དྭངས་མའི་ཆུ་ལྟར་རང་བཞིན་གནས།། ཆུ་དེ་རྙོག་པའི་རང་བཞིན་ནམ། ། རྙོག་པ་ཆུ་ཡི་རང་བཞིན་ནམ།། ཐ་དད་ཡིན་ནམ་མ་ཡིན་ཆ།། རྟོགས་པའི་ངོ་ལ་ཆུ་རྙོག་ཅིང།། ཡེ་ཤེས་རྟོགས་པའི་རྣལ་འབྱོར་ལ།། དེ་ཉིད་དེ་ཡི་རང་བཞིན་ཏེ།། མི་མཁས་བློ་ལ་ཐ་དད་སྣང། ། རྟོགས་པའི་བློ་ལ་གཉིས་སུ་མེད།། རྟེན་མེད་བདེ་ཆེན་ཆགས་མཆོག་ཉིད།། རྒྱས་བཏབ་ཡཻ་རྫོགས་བརྟེན་པར་གནས།། མི་མཁས་རྟེན་བཅས་བདེ་མཆོག་ལ།། དང་པོ་དེ་ལྟར་གོམས་ནས་ནི།། ཕྱི་ནས་རྫོགས་པ་ཉིད་དུ་འགྱུར། ། སྟོང་དང་བདེ་ཆེན་གཉིས་མེད་པས།། སྐལ་ལྡན་རྒྱལ་སྲས་ཐུགས་ལ་བཏབ།། འདའ་མེད་མི་གཡོ་བརྟན་པར་གནས།། སྐུ་གསུང་རྫོགས་པའི་དོན་མེད་ན།། རྩོལ་སྒྲུབ་དཀའ་ཐུབ་ཐབས་ཆེན་གྱིས། ། རེ་དོགས་མཚན་མའི་འབྱུང་འཇུག་གིས།། སྐུ་གསུང་ལྷུན་རྫོགས་དོན་དང་འགལ།། བདེ་ཆེན་ལོངས་སྤྱོད་དོན་བྲལ་ན།། བཏང་སྙོམས་དབུ་མར་དོན་གོལ་ནས།། ཡེ་ཤེས་ལོངས་སྤྱོད་མི་མྱོང་ཞིང།། བདེ་བ་ཆེན་པོ་སྲོག་དང་བྲལ། ། སྟོང་ཆེན་མི་གནས་རྒྱ་མེད་ན།། རྗེས་ཆགས་འཇིག་རྟེན་ཉིད་དུ་འགྱུར།། སྟོང་གསུམ་བྲལ་བའི་ཐབས་མེད་ན།། རྟག་ཆད་དབུ་མའི་མཐའ་མི་སེལ།། བདེ་ཆེན་རང་རིག་མི་རྟོག་པ།། མི་རྩོལ་གཡོ་མེད་ཅི་དགར་གནས། ། ལུས་ངག་སེམས་ཀྱི་བྱ་བ་ཀུན།། དྭངས་མའི་ཆུ་ལྟར་མ་རྙོགས་གསལ།། རྫོགས་པའི་ཡེ་ཤེས་ཀློང་དུ་ཐིམ།། ལྷུན་གྱིས་གྲུབ་པའི་དོན་ལ་འཇུག།། ཐམས་ཅད་རང་སེམས་གཉིས་མེད་ན། ། རྙོག་པའི་དྲི་མ་ཀུན་གྱིས་སྟོང།། རང་བཞིན་དག་པའི་སེམས་ཉིད་ལ།། སྒོམ་པ་སླད་ཕྱིར་སྒོམ་མི་བྱ།། ཐབས་ལས་བྱུང་ཡང་གཞན་མིན་པས།། གཞན་གྱིས་བསལ་ཡང་རང་ལ་རྫོགས།། མ་རྙོགས་དང་མའི་བརྙན་མ་ལྟར། ། གསལ་ཡང་འདུ་ཤེས་ཀུན་དང་བྲལ།། བདེ་ཆེན་ཉམས་མྱོང་རྗེས་སུ་དཔགས།། ནམ་མཁའི་ཁམས་དང་རབ་མཉམ་པའི།། བདེ་བ་མཆོག་གི་དོན་ལ་ཞུགས།། བདེ་ཆེན་རིག་པའི་རྒྱས་ཐེབས་ན། ། རྟོག་པའི་ཟུག་རྔུ་གཡོ་མི་འགྱུར།། རང་རིག་རང་བྱུང་གསང་བའི་ཉམས།། གསལ་བར་ཤེས་ཤིང་རིག་པས་གོ། རྒྱུ་བ་མེད་དེ་མངོན་པར་རྟོགས།། སྣང་སྲིད་ཡེ་ཤེས་རང་གསལ་པས།། ཇི་བཞིན་རིག་པའི་ངོ་བོ་གསལ། ། ཨ་ར་ལི་རྙོག་པ་མེད་པའི་རྒྱུད་ལས།། བདེ་བ་ཆེན་པོ་དང་ཕུན་སུམ་ཚོགས་པའི་ལེའུ་སྟེ་དང་པོའོ།།། དེ་ནས་རང་བྱུང་རྒྱལ་པོ་དེས།། ཇི་བཞིན་དོན་ལ་མངོན་འཇུག་པ།། རང་རིག་གསལ་བའི་ཉམས། ། ཡེ་ཤེས་གསལ་བ་བསམ་མི་ཁྱབ།། མ་བཅོས་ཐབས་ལ་བརྟེན་པ་ཡིས།། རྣལ་མའི་དོན་ལ་སྦྱོར་བར་ནུས།། དངོས་ལ་ཐམས་ཅད་གཅིག་པ་དང།། རོལ་པའི་དོན་ལ་བླང་དོར་མེད། ། རྟོགས་པའི་དོན་ལ་གཅིག་པའི་ཕྱིར།། གང་མཚོན་ཐབས་ཀུན་དེ་ཉིད་ཡིན།། རྟོགས་པའི་དོན་ལ་ཞེན་པ་དང།། ཕྱོགས་འཛིན་ཆོས་ལ་ཞེན་པ་དང།། དངོས་འཛིན་སྟུག་པོའི་ཞེན་པ་ཡིས།། དངོས་པོའི་རྙོག་པར་འདོད་པ་ཡིས། ། ཡོད་པའི་ཆོས་ལྡོགས་གཞིག་པ་ཡིས།། སྟོང་ཞེས་གང་དམིགས་མེད་པར་ཞེན།། མཐའ་འདི་དངོས་མེད་རྙོག་པ་ཉིད།། བདེ་ཆེན་དོན་དང་བྲལ་བ་ཡིས།། སྟོང་སྣང་གཉིས་མེད་ཉམས་མྱོང་འཕྲ། ། ཞེན་དང་འདུ་ཤེས་མི་གནས་པ།། བཏང་སྙོམས་དབུ་མའི་རྙོག་པ་ཡིན།། འདི་ལྡན་ཏིང་འཛིན་མ་རབས་སེམས།། བྲལ་བས་རིག་པ་གཏར་དང་ལྡན།། རྟག་དང་ཆད་དང་མི་གནས་དང།། དྲང་སྲོང་ལྟུང་དང་འདུ་ཤེས་མེད། ། མ་རབས་ཐ་མལ་འདུ་ཤེས་ཡིན།། བདེ་བ་ཆེན་པོའི་ལུས་ཉིད་དང།། སྟོང་པ་ཆེན་པོའི་ལུས་ཉིད་དང།། རང་རིག་ཡེ་ཤེས་ཆེན་པོ་ལུས།། གཅིག་ལ་རྫོགས་སོ་ཁྱད་པར་ཆེ།། དང་པོ་དེ་ལ་གཉིས་མེད་ན། ། ཞེན་འཛིན་ཐེར་ཟུག་ཉིད་དུ་ལྟ།། བེམས་པོ་ཡེ་ཤེས་རིག་མེད་པས།། དེ་ཉིད་མྱོང་མེད་ཉིད་དུ་འགྱུར།། གཉིས་ལ་གཉིས་མེད་ཆད་པ་དང།། ཡེ་ཤེས་མེད་པས་ནམ་མཁའ་ཉིད།། བདེན་བྲལ་བཏང་སྙོམས་ཉིད་དུ་འགྱུར། ། འདི་ཡང་ལོག་པའི་ཤེས་པ་ཡིན།། གསུམ་ལ་གཉིས་པའི་ཆོས་མེད་ན།། རྣལ་འབྱོར་སྤྱོད་པར་ལྟུང་བ་དང།། ཡང་དག་ཉིད་དུ་གྲུབ་པ་དང།། བདེ་ཆེན་བྲལ་བའི་སངས་རྒྱས་ཉིད།། ལོངས་སྤྱོད་མེད་པས་བཏང་སྙོམས་འགྱུར། ། བདེ་ཆེན་རིག་པའི་ངོ་བོ་ལ།། ལུས་གསུམ་དུས་གཅིག་རྫོགས་པས་ན།། འབྲས་བུ་མ་བཙལ་ལྷུན་གྱིས་རྫོགས།། དྭངས་པའི་དུས་དང་སྙིགས་པའི་དུས།། འཕྲ་མེན་ངོས་འཛིན་མན་ངག་བསྟན། ། རྟེན་དང་བཅས་རུང་མ་བཅས་རུང།། ཐམས་ཅད་སྙིང་པོར་ཐིམ་པའི་ཕྱིར།། བདེ་མཆོག་བྱང་ཆུབ་སེམས་ཀྱིས་སོ།། བདེ་ཆེན་རིག་པའི་ཀློང་དུ་འཁྱིལ།། རྟེན་པ་ལས་ཀྱི་རླུང་ཟིན་ན།། གཉིས་མེད་རིག་པ་འཆར་བར་འགྱུར། ། མ་རྟོགས་བསམ་པ་ཐ་དད་ཀྱང།། འདི་ཡང་རང་རིག་ཡེ་ཤེས་ཡིན།། བསྐྱོད་པ་རླུང་གི་ཕྱག་རྒྱ་ཡིས།། རིན་ཆེན་ཕུང་པོ་རྩི་བསྐྱོད་པ།། བཅོས་མར་ངོས་བསྟན་རྣལ་འབྱོར་ཉིད།། མ་བཅོས་གསང་བའི་རང་བཞིན་ཡིན། ། ཕྱག་རྒྱ་ཆེན་པོ་སྤངས་རྒྱུད་སྦྱོར།། བདེ་ཆེན་ཀླུངས་སུ་ཞུགས་པ་ཉིད།། རྩེ་ནས་རྩེ་རུ་ཤར་བའི་འོད།། ནམ་མཁའ་ཁྱབ་པའི་འོད་དུ་འབར།། འདི་དག་སྨན་པའི་སྦྱོར་བ་ཡིས།། དམན་པ་ཉིད་དུ་སྦྱོར་བ་ཡིན། ། དམན་པ་དམ་པ་སྦྱོར་བའི་ལུང།། ངོ་མཚར་མ་མཚན་ཐབས་ཆེན་ཡིན།། གང་ཡང་ཕྱོགས་ཀྱི་ཞེན་པ་ཡིས།། ཐབས་ཀྱི་སེམས་དང་ཐབས་ཀྱི་རིམ།། བཅིངས་པ་མཐར་འདོད་བཅིངས་པ་ལྟར། ། ཆེད་དུ་བྱས་པའི་རྙོག་པས་བསྒྲིབས།། རང་གསལ་རོལ་པའི་སེམས་མེད་ན།། བག་ལ་ཉལ་བའི་ཞེན་པ་ཡིས།། མངོན་པར་མི་རྒྱུ་འཕྲ་བར་གནས།། རྟོག་མེད་རང་བཞིན་རྙོག་པ་ཡིན།། གང་དུའང་མི་འཛིན་དབུ་མའང་སྤངས། ། རོ་མེད་བདེ་སྡུག་མྱོང་ཚོར་མེད།། མི་གསལ་མི་གནས་རྒྱུ་བྲལ་བ།། བཏང་སྙོམས་རྙོག་པ་ཉིད་དུ་འདོད།། རྙོག་པ་ཀུན་བྲལ་ཡེ་ཤེས་ནི།། མ་སྤངས་ཀུན་བྲལ་རྫོགས་པ་ཡིན། ། ཇི་བཞིན་རིག་པའི་ཕྱག་རྒྱར་སྦྱོར།། ཨ་ར་ལི་རྙོག་པ་མེད་པའི་རྒྱུད་ལས།། རྙོག་པས་བརྙོགས་པའི་ལེའུ་སྟེ་གཉིས་པའོ།།།། དེ་ནས་རང་བྱུང་རྒྱལ་པོ་ཉིད།། རིག་པ་གསལ་བར་གློད་པའི་སེམས།། མ་བཅིངས་མ་གྲོལ་དངས་མའི་ཡིད། ། བདེ་ཆེན་ཕྱག་རྒྱ་བཏབ་སྟེ་གནས།། དྭངས་པའི་ཆུ་ལ་རྐྱེན་ལྡན་ན།། དེ་བྲལ་བར་དུ་འཁྲིགས་པ་ཡིན།། མ་བརྙོགས་བཞག་ན་དངས་པ་ཡིན།། དེ་བཞིན་རིན་ཆེན་རྫོགས་པའི་སེམས། ། ལུས་ངག་སེམས་ཀྱིས་གང་བཙལ་བ།། བརྙོགས་པས་དྭངས་པའི་བློ་དང་བྲལ།། བདེ་ཆེན་རང་རིག་མི་གཡོ་བ།། མ་བཙལ་རང་བཞག་འབྱུང་བར་འགྱུར།། དང་པོ་མ་བཅོས་དོན་ལྡན་པས།། མ་བཙལ་གྱི་ནར་བཞག་པ་ཡིན། ། ཐམས་ཅད་ཡེ་ཤེས་གསལ་བའི་ཚེ།། བཞེད་དུ་བྱས་པའི་ཞི་བ་ཡིན།། རོལ་པ་སྣང་ལ་མི་གཡོ་བ།། ངོས་གཟུང་མ་ཡིན་ཕྱོགས་རིགས་མེད།། ཐམས་ཅད་མ་འདྲེས་མཁྱེན་པའི་ཚེ།། རང་བཞིན་རྙོག་པའི་ཞི་བ་ཡིན། ། བདེ་བ་ཆེན་པོ་གཉིས་མེད་པ།། རང་རིག་ཡེ་ཤེས་གཅིག་ཏུ་འབྲེལ།། བར་མའི་སེམས་དེ་བསྟན་དུ་མེད།། བཏང་སྙོམས་རྙོག་པ་སེལ་བ་ཡིན།། རང་རིག་ཡེ་ཤེས་སྐུ་གསུང་རྫོགས།། རྟོག་མེད་མ་བཅོས་ཆོས་ཀྱི་སྐུ། ། བདེ་ཆེན་ཉམས་མྱོང་ལོངས་སྤྱོད་རྫོགས།། ཡེ་ཤེས་རོལ་པ་སྤྲུལ་སྐུ་ཡིན།། རང་རིག་བདེ་ཆེན་ཕྱག་རྒྱ་ཡིས།། བཏབ་པ་མེད་པར་ལྷུན་གྱིས་རྫོགས།། ཇི་ལྟར་གཉིས་སྣང་འཛིན་པའི་ཡིད།། ཡེ་ཤེས་གཅིག་ཏུ་རང་སྣང་བ། ། དྲི་མ་དུས་གཅིག་ཆད་པ་ཡིན།། ཐོ་རངས་ཐུན་མཐའ་དང་པོའི་ཚེ།། ཆ་མཉམ་རྙོག་པ་ཀུན་གསལ་ཏེ།། ལུས་གསུམ་ལྡན་པར་རྫོགས་པ་ཡིས།། མ་བཙལ་མ་རྙོག་ཆུ་བཞིན་དུ།། མ་བཅོས་བདེ་ཆེན་དྲན་པར་བཞག། མཚན་མའི་འདུ་ཤེས་གང་བྱུང་བ།། ཡེ་ཤེས་རྫོགས་པ་ཉིད་དུ་ལྟ།། ཡེངས་པ་མེད་པའི་རབ་ཞི་བ།། རྩོལ་བའི་དྲི་མ་རྣམ་པར་དག། རིན་ཆེན་གསལ་བའི་འོད་ཀྱིས་ཁྱབ།། རང་རིག་ཡེ་ཤེས་འོད་གསལ་གྱིས། ། མ་ལུས་ཡེ་ཤེས་སྙིང་པོར་གསལ།། རྙོག་པ་མེད་པའི་དུས་ཉིད་དང།། མ་བཙལ་ལྷུན་གྱིས་གྲུབ་པའི་དུས།། རོལ་པ་ཕྱོགས་མེད་ཤར་བའི་དུས།། ངེས་པར་རྟགས་དེ་ཟིན་པར་བྱ། ། དང་པོ་གླེན་པའི་སྤྱོད་པ་བྱ།། དེ་ནས་བག་ཡངས་རྒྱལ་པོ་ལྟར།། སྨྱོན་པའི་སྤྱོད་པ་གཟའ་གཏད་མེད།། རང་བྱུང་ཐབས་ཀྱི་སྤྱོད་པ་ཡིས།། དང་པོའི་དུས་སུ་སྦྱོར་བར་བྱ།། རྙོག་པའི་དུས་སུ་སྤྱོད་ལམ་ཉིད། ། འཕྲ་མེན་རིགས་བྱེད་ངེས་པ་བསྟན།། འདི་ལྟར་རྗེས་སུ་གསུང་པ་ཡིན།། མ་བཙལ་བ་དང་མ་ཡེངས་པ།། མི་འཇུག་པ་ཉིད་གཅེས་པ་ཡིན།། མི་བདེན་གང་དགར་བཞག་པའི་སེམས།། མ་བྱས་རང་བཞིན་རྫོགས་པར་ལྡན། ། དུས་མཐའི་ཆ་ལ་མངོན་པར་རྟོགས།། ཨ་ནི་མ་སྐྱེས་ཆོས་ཀུན་སྟོང།། ར་ནི་ཆགས་པ་བདེ་མཆོག་སེམས།། ལི་ནི་རང་རིག་ཡེ་ཤེས་ཉིད།། གཅིག་ལ་གསུམ་རྫོགས་ལྷུན་གྱིས་གྲུབ།། ངོ་མཚར་ཆོས་སྐུ་ཨ་ར་ལི། ། རྙོགས་མེད་ཡེ་ཤེས་དྭངས་མའི་ཡིད།། ཉི་མའི་དཀྱིལ་ལྟར་གནས་པ་ཡི།། ཐབས་ཀྱིས་བསྟན་པས་སེམས་ཀྱིས་རྟོགས།། སྐལ་ལྡན་ཅིག་གི་དོན་དུ་གསུངས།། ཨ་ར་ལི་རྙོག་པ་མེད་པའི་རྒྱུད་ལས། ། ཡེ་ཤེས་ངོས་བཟུང་བ་དང་རྙོག་པ་སེལ་བའི་ལེའུ་སྟེ་གསུམ་པའོ།།།། དེ་ནས་རིག་པའི་རྒྱལ་པོ་ཉིད།། མ་བཅོས་རྫོགས་ཆེན་རང་བཞིན་ཉིད།། ཆོས་རྣམས་འདུས་པའི་སྙིང་པོ་ཡིན།། རིན་ཆེན་འཕྲུལ་གྱི་ཁྱད་པར་གྱིས། ། གཅིག་དོན་རྟོགས་པས་ཀུན་དོན་རྟོགས།། བདེ་ཆེན་རོལ་པ་ཉིད་དུ་ཤར།། རིན་ཆེན་འཕྲུལ་གྱི་ལྡེ་མིག་གིས།། བརྟག་པའི་ཞེན་པ་རྣམ་པར་བཟློག། བརྗོད་པའི་ཚིག་གི་དང་པོ་ལ།། ཆོས་རྣམས་བྱང་ཆུབ་སེམས་སུ་བསྒྱུར། ། ཐ་མལ་ཞེན་པ་དག་པར་བྱས།། སེམས་ཉིད་རྫོགས་པའི་ཐིག་ལེར་བརྟག། བརྗོད་པ་སྒྲ་ཚིག་བར་གྱི་བརྡས།། བརྗོད་བྲལ་ཡུལ་མེད་ཕྱག་རྒྱ་ཡིས།། སྒྲོ་སྐུར་བསམ་པ་ཀུན་བཅད་པའི། ། སེམས་ཉིད་ཆོས་ཉིད་དོན་དུ་བསྒྱུར།། བརྗོད་པའི་ཚིག་སྒྲ་ཐ་མའི་བརྡས།། ཐུན་མོང་ཆོས་ཉིད་ཞེན་བཅད་ནས།། རྟག་སྟོང་བདེ་མཆོག་ཕྱག་རྒྱས་བཏབ།། ཆོས་ཉིད་བདེ་བ་ཆེན་པོར་སྤྲད།། དཀྱིལ་འཁོར་གསུམ་ལ་འཇུག་པ་ཡི། ། སྐད་ཅིག་གསུམ་ལྡན་གང་ཟག་གིས།། དུས་གཅིག་ཕྲད་པའི་དོན་གྱི་ལམ།། མ་ཡེངས་རྙོག་མེད་ཆོས་ཉིད་ཀློང།། མཐའ་ཐུག་མེད་པར་རང་བཞིན་གཞན།། སྙིང་པོ་རང་བྱུང་རྫོགས་པ་ལ། ། མ་ལུས་ཡེ་ཤེས་རྫོགས་པར་མཐོང།། དྲི་མེད་རང་བྱུང་ཨ་ར་ལི།། སྙིང་པོ་རྫོགས་པའི་ནམ་མཁར་གཅིག། ནམ་མཁར་འགྲོ་བའི་ཡེ་ཤེས་ཉིད།། ཨ་ར་ལི་ཞེས་གྲགས་པ་སྟེ།། བསྒྲིབས་པ་མེད་ཅིང་རྙོག་པ་མེད། ། ནམ་མཁའི་དྲི་མེད་ལྟ་བུར་གཟུང།། རྟོག་སྤྱོད་ཞི་བས་ནམ་མཁའི་ལམ།། དྲི་མེད་སེམས་ཀྱི་ནམ་མཁའ་ལ།། བདེ་ཆེན་རིག་པས་ཁྱད་པར་འཕགས།། རྫོགས་དང་ཁྱབ་དང་སྟོང་གནས་དང།། བསམ་མེད་བསམ་མི་ཁྱབ་སྦྱོར་བ། ། རྫོགས་པ་དྲི་མེད་སྙིང་པོ་ལ།། རྙོག་པའི་དྲི་མ་རང་བཞིན་དག། རང་གསལ་ཡུལ་ལ་མི་རྟོག་པས།། རང་རིག་སྙིང་པོ་ཉི་མ་ཤར།། ཕྱོགས་རིས་མེད་པའི་ཡེ་ཤེས་འོད།། རང་བཞིན་ཀུན་ཏུ་ཁྱབ་པར་འཆར། ། མ་སྐྱེས་ཕྱག་རྒྱ་ཆེན་པོ་ཡིས།། རྒྱལ་བའི་དགོངས་པ་རྫོགས་པར་སྟོན།། རྙོག་པའི་དྲི་མ་གང་སྣང་བ།། ཡེ་ཤེས་དག་པའི་མིག་གིས་ལྟ།། མ་བཅོས་རྫོགས་པའི་ཕྱག་རྒྱ་ཡིས།། སྣང་བ་ཡེ་ཤེས་སྙིང་པོ་བསྟིམ། ། རོལ་པ་རོལ་སྣང་ཕྱོགས་རིས་མེད།། སྟོན་ཀའི་ནམ་མཁའ་ཇི་བཞིན་དུ།། དྲི་མེད་གསལ་བའི་བསམ་གཏན་བྱ།། རང་སེམས་རྫོགས་པ་གཉིས་མེད་ལ།། མ་ཡེངས་གོམ་པར་གནས་པ་ཡིན། ། ཨ་ར་ལི་རྙོག་པ་མེད་པའི་རྒྱུད་ལས།། བསྒྱུར་བ་གསུམ་བསྟན་པའི་ལེའུ་སྟེ་བཞི་པའོ།།།། དེ་ནས་རང་བྱུང་རྒྱལ་པོ་ཉིད།། བསམ་གྱིས་མི་ཁྱབ་ཆོས་ཀྱི་དབྱིངས།། ཕྱག་རྒྱ་ཆེན་པོའིདགོངས་པ་བསྟན། ། གཉིས་མེད་གསང་བ་རང་གི་རོ།། བསམ་བརྗོད་བྲལ་བའི་འདུ་ཤེས་ཀྱིས།། བརྗོད་བྲལ་རང་བཞིན་གོ་བར་བྱ།། བྱུང་ཚོར་མཚན་མའི་སྣང་བ་ཀུན།། མ་བཅོས་དབྱིངས་ལ་ཐིམ་པར་བྱ།། ཞི་བ་རང་བྱུང་ཡེ་སངས་རྒྱས། ། རྟོག་པ་ཙམ་ལྡན་ལྷུན་གྱིས་གྲུབ།། ཤེས་བྱ་རིག་པའི་རྩལ་རྫོགས་ན།། གདམ་ངག་ལུང་དང་བྲལ་གྱུར་ན།། མཚན་མའི་སྒྲ་ཚིག་འཆལ་བ་ཡིས།། ངན་འགྲོ་ལོག་པའི་གཡང་སར་འགྲོ།། རང་སེམས་ཡེ་ཤེས་ཀུན་གྱི་བདག། ལུང་ཆེན་ཟབ་མོ་ཀུན་དང་འབྲེལ།། རྣ་བརྒྱུད་ལུང་གི་རྗེས་འབྲངས་ནས།། ངེས་པའི་དོན་ལ་དེ་མ་ཐག། མ་བཙལ་རང་བྱུང་ཐུགས་ལས་འཆར།། དབང་པོ་ཡུལ་ལས་ཡེན་པར་ཞོག། ཆོས་དང་ཆོས་ཉིད་དབྱེར་མེད་པས། ། རང་སེམས་འོད་གསལ་བདེ་མཆོག་ལ།། རྩོལ་སྒྲུབ་འཁོར་བའི་ལོག་ཆོས་ཡིན།། རང་སེམས་མ་བཅོས་བདེ་མཆོག་ལ།། སྐྱོན་ཡོན་ཟད་རྫོགས་ལྷུན་གྲུབ་པས།། སེམས་ཉིད་སངས་རྒྱས་ཀུན་གྱི་རྗེ། ། བཙལ་མེད་གདོད་ནས་རང་འཁྲུངས་ཡིན།། ལོངས་སྤྱོད་རོལ་པ་རང་ལས་འཆར།། མ་ལུས་ཀུན་གྱི་བདག་ཉིད་པས།། ཚོགས་དང་ལོངས་སྤྱོད་ཐམས་ཅད་ཡིན།། ཚོགས་དང་ལོངས་སྤྱོད་རང་འཁྲུངས་ཡིན། ། རང་སེམས་བསྟན་པ་ཀུན་གྱི་བདག། བརྗོད་བྲལ་རིག་པའི་སྒོ་མོ་ལས།། བྱིན་བརླབས་བསྟན་པ་རྒྱ་ཆེར་འཆད།། བསྟན་པ་རང་འཁྲུངས་རྫོགས་པའི་ལུང།། རང་སེམས་རྫོགས་པའི་རང་བཞིན་ནི།། བསམ་སྦྱོར་བློ་དང་བྲལ་བ་ཡིན། ། དེ་དག་གནས་ཚུལ་ངེས་པ་ནི།། གང་ཡང་ཐོག་མེད་ཅིར་མི་འཇུག།། སྤྲོ་བསྡུ་མེད་པས་སྙིང་པོར་རྫོགས།། སྣང་བ་མི་འགག་རང་བཞིན་ཉིད།། རྙོག་མེད་བདེར་བཞག་མ་བཙལ་བས། ། རང་བཞག་ཉིད་ཀྱི་གོ་བ་སྟེ།། དུས་གཅིག་རྫོགས་པར་གནས་པ་ཡིན།། མ་བཅོས་དེ་བཞིན་བཞག་པ་དང།། མ་ཡེངས་འདུ་འབྲལ་མེད་པ་དང།། མ་བཙལ་རྙོག་སེལ་ལྷུན་གྱིས་གྲུབ།། རང་བཞིན་བཞག་པས་བཞག་པ་ཡིན། ། བདེ་ཆེན་སྟོང་ཉིད་རང་རིག་སེམས།། འདའ་བ་མེད་པའི་དམ་པ་གསུམ།། སྤྱོད་ལམ་སེམས་ཉིད་དགོངས་པ་དག། བཅོས་མེད་རང་སེམས་སྙིང་པོར་ཐིམ།། གསལ་བས་རྙོག་པ་ཀུན་བྲལ་ཞིང། ། འདུ་ཤེས་མེད་པས་དབྱིངས་ལ་རྫོགས།། འབྱུང་འཇུག་སྤངས་པས་ཡེངས་པ་མེད།། དུས་གཅིག་གསལ་བས་རིམ་པ་མེད།། ཨ་ར་ལི་རྙོག་པ་མེད་པའི་རྒྱུད་ལས།། རྣ་བརྒྱུད་གདམས་པའི་ལེའུ་སྟེ་ལྔ་པའོ། །།། དེ་ནས་རང་བྱུང་རྒྱལ་པོ་སྟེ།། དུས་གསུམ་རྒྱལ་བ་ཀུན་ཀྱི་བདག། རྫོགས་པའི་རང་བཞིན་གཉིས་མེད་ཉིད།། མ་བརྗོད་རང་བཞིན་གསལ་བར་འཆད། གང་ཕྱིར་རྙོག་པས་རྙོག་པ་སྟེ། ། དངོས་པོ་ཉིད་ཀྱང་རྙོག་པ་སྟེ།། དེ་མེད་དེ་ཡང་དེ་དང་མཚུངས།། གཉིས་ཀའི་མཐའ་འདས་དེ་ཉིད་རྙོགས།། འཛིན་པ་མ་ལུས་རྙོག་པ་ཡིས།། དྲི་མ་རྙོག་པའི་ངོ་བོ་ཉིད།། བདེ་ཆེན་ནམ་མཁའི་ཁམས་ལྟར་གསལ། ། རྙོག་པ་མེད་པས་གསལ་དུའང་མེད།། དགྲ་མེད་འཇིགས་པ་སྤང་མེད་ཚུལ།། སྔོན་དུ་བླ་མ་ཉེས་པ་ཡིས།། རང་སེམས་དྲི་མེད་ངོས་བཟུང་ནས།། ཡེ་ཤེས་རྫོགས་པའི་ངོ་བོ་ལ།། གློ་བུར་རྩོལ་བས་རྙོག་མི་བྱ། ། དངས་བར་འདོད་ཚོལ་རྙོག་པ་ལྟར།། དེ་བཞིན་དྲི་མེད་རིན་ཆེན་སེམས།། རང་བཞིན་ཆེས་བྱས་རྩོལ་བས་རྙོགས།། དེ་དག་བྲལ་བའི་ཐབས་བསྟན་པས།། དྲི་མེད་འོད་གསལ་ལྷུན་གྲུབ་འགྱུར།། བདེ་ཆེན་ཁྱབ་པའི་རོས་གང་ཞིང། ། གསལ་ལ་འབྱུང་འཇུག་སྤྱད་པའི་སེམས།། གང་དུ་མ་བཙལ་གྱི་ནར་བཞག། འདི་ནི་རིན་ཆེན་གཉིས་མེད་སེམས།། རང་རིག་འོད་གསལ་རྣམ་པར་དག། ཡེ་ཤེས་ལྷུན་གྱིས་རྫོགས་པ་ལ། ། གདོད་ནས་རྙོག་པའི་དྲི་མ་མེད།། དེ་ལྟར་ལྷུན་གྱིས་གྲུབ་པ་ཡིས།། ཕྱི་ནས་སླད་པ་མི་འབྱུང་དེས།། ཉི་མའི་དཀྱིལ་དང་མུན་པ་ལྟར།། རྙོག་པ་ལོག་རྟོག་སྣང་བ་ཡིན།། དེ་ཉིད་ཤེས་པས་དེ་ལྡོག་པས།། མངོན་དུ་གྱུར་པ་ཉིད་ཀྱིས་གསལ། ། འདི་ལྟར་ངེས་པའི་ཐབས་མེད་ན།། རྩོལ་བའི་ཞན་པས་ཅི་སྤྱད་ཀྱང།། བསྐལ་བ་སྟོང་ཕྲག་བསམ་ཡས་སུ།། ལྷུན་གྲུབ་འབྲས་བུ་མི་རྙེད་དེ།། བླུན་པོས་བུ་ཁུར་ཇི་བཞིན་དུ།། ལོག་པའི་ལྟ་བས་བརྙོགས་པས་བསྒྲིབས། ། ཕྱིན་ཅི་ལོག་གི་གཡང་སར་ལྷུང།། རིན་ཆེན་འབར་བའི་གཏེར་དང་བྲལ།། ཆེད་བྱས་ཞེན་པའི་ཐ་རམ་བཅུག། རང་གིས་ཆེད་བྱས་ཞེན་པའི་ཐ་རམས་བཅུག། རང་གིས་ཆེད་བྱས་རང་གིས་འཇིག། རེ་བ་འཇོག་ཅིང་དམིགས་པས་སྦྱོང།། ས་ལ་བགྲོད་ཅིང་ལམ་ལ་བརྟེན།། དག་པས་དག་པ་བསྒྲུབ་ཏུ་མེད།། མ་དག་དག་པར་འགྱུར་མི་སྲིད།། དག་པས་དངས་པའི་ནམ་མཁའ་ལྟར།། རང་སེམས་གཉིས་མེད་ཤེས་པར་གྱིས། ། ཨ་ར་ལི་རྙོག་པ་མེད་པའི་རྒྱུད་ལས།། དྲི་མ་རྙོག་པའི་ལེའུ་སྟེ་དྲུག་པའོ།།།། དེ་ནས་རང་བྱུང་རིག་རྒྱལ།། ཡེ་ཤེས་ཆེན་པོ་ཨ་ར་ལི།། རྙོག་བྲལ་བདེ་མཆོག་གསང་བའི་ཐུགས། ། མ་སྐྱེས་སྙིང་པོ་བརྡ་ཡིས་བསྟན།། རིག་པའི་ཐིག་ལེ་བདེ་བས་བརྒྱན།། རང་སེམས་རྫོགས་པ་ཀུན་གྱི་ཐུགས།། རང་རིག་ཉམས་མྱོང་རྣམ་པར་དག། གཉིས་སྣང་མ་ཡིན་རོལ་པ་ཉིད།། སྣང་བ་མ་བཀག་འཛིན་པ་འགགས། ། ཤེས་པ་མི་འགག་རྟག་པ་འགག། བརྟག་མེད་རང་སྣང་འདུ་ཤེས་མེད།། མི་རྟོག་རྣམ་གྲོལ་བདེ་ཆེན་ཐུགས།། བསྐྱོད་པ་མེད་པ་ཅི་དགར་ཞོག།། འཇུག་མེད་རང་བྱུང་གསལ་བའི་ཡིད། ། རྙོག་བྲལ་བསམ་པའི་ངོ་བོས་སྟོང།། ཐིག་ལེ་ཆེན་པོ་འདུ་འཕྲོ་མེད།། གསང་བ་རང་རིག་བསམ་མི་ཁྱབ།། ཡེ་ཤེས་གསང་བ་རིག་པའི་ཉམས།། བདག་ལ་གནས་པ་གཞན་གྱིས་གསལ།། གཞན་མེད་རིག་པ་བདེ་ཆེན་སེམས། ། བདག་གཞན་རྣམ་རྟོག་འཁྲུལ་བའི་སེམས།། འཁྲུལ་མེད་སེམས་ལ་བདག་གཞན་མེད།། འཁྲུལ་པ་བཅད་པའི་ཡེ་ཤེས་ཉིད།། རང་བྱུང་རོལ་པ་ཉིད་དུ་སྣང།། སྣང་བརྟགས་ཞན་པ་མ་ལུས་པ། ། ཡེ་ཤེས་རིག་པའི་སྟོབས་ཀྱིས་དག། རང་རིག་མི་སྐྱེ་འགག་པ་མེད།། བསམ་པ་ཀུན་ཟད་ཟག་པ་མེད།། ཡེ་ཤེས་གོམས་པའི་ཀློང་ན་གནས།། ཐུགས་རྗེ་བྱིན་རླབས་མཁའ་ལྟར་ཁྱབ།། ཡེ་ཤེས་ཆོས་ཀྱི་དབྱིངས་ལ་སྦྱོར། ། ཞེན་པ་མ་ལུས་ཀུན་བཅད་པས།། ཡེ་ཤེས་ཕྱོགས་མེད་གསལ་བར་འཆར།། ཏི་ནི་གསལ་བ་རིག་པའི་ལུང།། རྗེས་སུ་ཞུགས་པས་རང་བཞིན་གྲོལ།། བཅིངས་མེད་གྲོལ་བ་ཐབས་ཀྱི་ལམ།། གང་ལྟར་བསམ་པ་ཕྱིན་ཅི་ལོག། གང་ལྟར་རྟོགས་པ་ལོག་པའི་ལམ།། བཅིངས་པ་མེད་པས་གྲོལ་བ་མེད།། རང་བཞིན་རིག་པས་གྲོལ་བ་མེད།། རྙོག་བྲལ་ཡེ་ཤེས་གསལ་གྱུར་ན།། ཡེ་ཤེས་སྤྱོད་པ་སྤོང་ལེན་མེད། ། ཐུགས་རྗེའི་སྤྱོད་པ་ཕྱོགས་རིས་མེད།། འཇིག་རྟེན་ཀུན་གྱིས་སྤངས་པའི་ཆོས།། ཐབས་ལྡན་སྐྱེས་བུས་གང་སྤྱད་པ།། ཡེ་ཤེས་མཆོག་ཏུ་གཅིག་པའི་ཕྱིར།། ཡེ་ཤེས་རྫོགས་པའི་སྤྱོད་པར་བཤད།། དངོས་དབང་ཇི་བཞིན་དོན་རྟོགས་ན། ། བསམ་པའི་ཕྱག་རྒྱ་འདུལ་དབང་དུ།། མ་ངེས་དེ་ལྟར་ཅི་ཡང་རུང།། ཡེ་ཤེས་རོལ་པ་མཆོག་ཏུ་ངེས།། ཨ་ར་ལི་རྙོག་པ་མེད་པའི་རྒྱུད་ལས།། དེ་བཞིན་ཉིད་ལ་གནས་པ་དང་སྤྱོད་པའི་ལེའུ་སྟེ་བདུན་པའོ། །།། དེ་ནས་རང་བྱུང་རྒྱལ་པོ་ཉིད།། ཆོས་ཀུན་རང་སེམས་རྫོགས་པའི་ལུང།། ཨ་ར་ལི་ལ་རྫོགས་པར་གནས།། ཐོག་མ་ཐ་མ་མེད་པའི་དངོས།། སྤྲིན་མེད་མཁའ་ལྟར་གསལ་བ་ཉིད། ། ཡེ་ཤེས་རྒྱས་འདེབས་བདག་ཉིད་ལ།། སྙོམས་འཇུག་ཉིད་དུ་རིག་པར་བྱ།། རྙོག་བྲལ་དྭངས་པའི་ཡེ་ཤེས་ཉིད།། ཁྱབ་པ་ཆེན་པོ་ཆོས་ཀྱི་སྐུ།། ནམ་མཁའི་མཐའ་ལྟར་སྙོམས་པར་གནས།། དང་པོར་ཡེ་ཤེས་ངོས་བཟུང་ནས། ། ཕྱི་ནས་རང་བྱུང་གཡོ་མེད་གཞག། ཡེངས་པ་མེད་པའི་རང་བཞིན་ཉིད།། ལྷུན་གྱིས་གནས་པ་རྫོགས་པ་ཡིན།། ཐོགས་པ་མེད་པའི་ཡེ་ཤེས་ཀྱིས།། ཀུན་ཀྱང་རང་བྱུང་སྙིང་པོར་མཐོང།། བདེ་མཆོག་རྩོལ་བྲལ་བྱང་ཆུབ་སེམས། ། ཅི་དགར་བཞག་ཀྱང་གཡོ་བ་མེད།། རང་བྱུང་གཡོ་མེད་ཡེ་ཤེས་ཉིད།། ཐམས་ཅད་སྤྱོད་ཡུལ་བདེ་ཆེན་དུ།། དབང་བསྐུར་གང་དེའི་ཐབས་ཐོབ་པ།། དེ་ཕྱིན་ཆད་ནི་ལྷུན་གྲུབ་ཉིད། ། མཐའ་བྲལ་ཡེ་ཤེས་གང་རྟོགས་ན།། མཐའ་དབུས་འདུ་ཤེས་ཅིར་མི་འཇུག། སེམས་ལས་གཞན་མེད་ཡེ་ཤེས་ལས།། ལྷུན་གྱིས་གནས་པས་བཙལ་དུ་མེད།། མ་ཡེངས་བར་ཆད་མེད་པའི་ལམ། ། འདུ་འབྲལ་མེད་པར་གཞག་པར་བྱ།། འདི་ལྟར་རང་བཞིན་ཞི་བ་ལ།། བསམ་པའི་འདུ་ཤེས་རྒྱུ་བ་ཆད།། ཡལ་བ་ཕྱལ་བ་འདུ་ཤེས་མེད།། བཏང་སྙོམས་སྟོང་བ་ཆེད་བྱས་སོགས།། རྫོགས་པའི་ཡེ་ཤེས་ཆེན་པོ་ལ། ། དེ་དག་མ་ལུས་ཀུན་གྱིས་སྟོང།། དེ་དག་རྗེས་སུ་གང་འཇུག་པ།། ལོག་པའི་བསམ་གཏན་ཉིད་དུ་འགྱུར།། གང་བསྒོམས་རྟོག་དཔྱོད་ཀུན་བརྟགས་པ།། སྒོམ་པའི་ལོག་པའི་ལྕགས་ཀྱིས་བསྡམས།། རང་བཞིན་རྟོགས་པས་སྒོམ་མི་དགོས། ། གང་དགར་བཞག་ཀྱང་མི་གཡོ་བ།། རང་བྱུང་རྫོགས་པའི་དྲོད་ཚད་ཡིན།། དུས་གསུམ་རྫོགས་པའི་ངོ་བོ་ལ།། ཇི་བཞིན་གསལ་བར་གནས་པ་ཡིན།། བཙལ་མེད་མར་མེད་ཆུ་བོ་ལྟར། ། དེ་བཞིན་སེལ་མེད་སངས་རྒྱས་ཉིད།། ཡེངས་ཤིང་བརྟགས་པས་སེམས་ཅན་ནོ།། གདོད་ནས་རྫོགས་ལ་དེ་མེད་པས།། མཐའ་དབུས་སྙིང་པོ་ཅིར་མི་དགོངས།། གང་ལྟར་ཡིན་པ་དེ་ལྟར་ཡིན།། སྣང་བརྟགས་ཀུན་བྲལ་དྭངས་མའི་ཡིད། ། ཡེངས་མེད་གསལ་བས་བསམ་གཏན་ཡིན།། མ་བཅོས་རྫོགས་པའི་ངོ་བོ་ལ།། མ་བསླད་རིག་པ་རང་བཞིན་ཞོག། མི་འཇུག་མི་འབྱུང་ཡུལ་དང་བྲལ།། ཐིག་ལེ་ཉིད་ལས་སྤྲོ་བསྡུ་མེད། ། དེ་ལྟར་དུས་གསུམ་མ་ཡེངས་པས།། བདེ་ཆེན་རྫོགས་པས་སངས་རྒྱས་སོ།། བདེ་བའི་ཡུལ་ཆེན་འོད་འབར་བ།། རྒྱུ་རྐྱེན་བྲལ་བར་ཐབས་ཀྱིས་རྟོགས།། རྟེན་འབྲེལ་ཤེས་པ་གློད་པས་གྲོལ།། བསྒྲིམས་པར་འཆིང་འགྱུར་གཞན་དུ་མིན། ། བཀག་པས་མུན་པ་འགོག་པ་ཉིད།། ཞེན་པས་ཐ་མལ་འདུ་ཤེས་ཉིད།། བཏང་སྙོམས་རྙོག་པ་བདེ་རིགས་མེ།། དེ་དག་མ་གསལ་བྲལ་བར་གནས།། བསྒོམས་ཤིང་བཙལ་བས་རྩོལ་རྙོག་རྒྱུ། ། མ་བཙལ་ཐ་མལ་གླིང་ཉིད་གསུམ།། བསམ་གཏན་གཟུགས་མེད་བྱོལ་སོང་གནས།། འདི་དག་རང་བཞིན་ཀུན་དག་ནས།། ཀུན་ཀྱང་ལེགས་པར་སྨིན་པར་བྱ།། རྙོག་མེད་དག་པའི་ཆུ་བཞིན་ནོ།། ཨ་ར་ལི་རྙོག་པ་མེད་པའི་རྒྱུད་ལས། ། བདེ་བ་ཆེན་པོ་ཉིད་ལས་མི་གཡོ་བའི་ལེའུ་སྟེ་བརྒྱད་པའོ།།།། དེ་ནས་རང་བྱུང་རྒྱལ་པོ་ཉིད།། རྙོག་མེད་བདེ་བའི་དོན་ལ་བཞུགས།། ངོ་མཚར་གཉུག་མ་སྙིང་པོ་ཉིད།། དྭངས་སྙིགས་མེད་པར་གནས་པར་བྱ། ། གང་ཞིག་རྒྱུ་དང་མི་རྒྱུ་ལས།། དྭངས་སྙིགས་བློ་ནི་གསལ་བར་འབྱུང།། རྣམ་པར་རྟོག་བྲལ་རིན་ཆེན་སེམས།། གང་བཏང་འགྱུར་མེད་དབྱིངས་ལ་བཞུགས།། གར་བཞག་གཡོ་མེད་བདེ་བའི་སེམས། ། གང་ལྟར་བཞག་ཀྱང་བཏང་བཞག་བྲལ།། བརྙོགས་དང་མ་བརྙོགས་ཅིར་བརྟགས་ཀྱང།། མ་བཅོས་སེམས་ལ་དེ་དག་མེད།། གསལ་ལ་མི་གཡོ་ཐིག་ལེར་གསལ།། འབྱུང་འཇུག་མེད་པར་གསལ་བར་གནས། ། ཟབ་མོ་བརྟག་པར་དཀའ་བའི་སེམས།། ཇི་བཞིན་མ་བཅོས་དེ་ལྟར་གནས།། རང་བྱུང་ཐུགས་རྗེའི་བྱིན་བརླབས་ལས།། ཇི་ལྟར་འདོད་པ་དེ་ལྟར་སྣང།། འདོད་པའི་དངོས་པོ་མཐོང་ཚོར་རྣམས། ། དེ་དག་རོལ་པར་སྣང་བ་ཡིན།། རང་སེམས་མཐོང་སྣང་ཡེ་ཤེས་དག། དེ་དག་གང་དང་གང་འཐད་པར།། རིན་ཆེན་གསང་བའི་གཏེར་སྤྲད་པས།། འབད་པ་མེད་པས་གྲོལ་བ་ཡིན།། གཏང་དང་བཟུང་དང་གང་དགར་བཞག། དུས་གཅིག་རྫོགས་ན་གྲོལ་བར་འགྱུར།། ཆོས་སྐུ་ཨ་ར་ལི་དག་ཉིད།། བྱིན་བརླབས་མ་བསྐྱེད་རྫོགས་པ་ཡིན།། དེ་ཡོད་ཀུན་རྫོགས་ཡེ་ནས་གནས།། དེ་མེད་རིན་ཆེན་གཏེར་དང་བྲལ། ། གཏེར་མེད་མཐོངས་ལས་ཡེངས་པ་མེད།། བཏང་གཟུང་བྲལ་བའི་རང་བཞག་སེམས།། མི་གཡོ་བྱིན་བརླབས་འོད་ལྟར་འཕྲོ།། མ་བཙལ་རྫོགས་པའི་རང་བཞིན་སེམས།། དྭངས་སྙིགས་མེད་པའི་སྙིང་པོར་ཐིམ། ། འདྲེས་པས་དག་པའི་འོད་ཀྱིས་ཁྱབ།། བདེ་ཆེན་གསང་བྲལ་རྙོག་བྲལ་བློ།། ཅེ་དགར་ནས་ཀྱང་གཡོ་བ་མེད།། རྟེན་མེད་སེམས་ཀྱི་རང་བཞིན་ལས།། བརྟེན་དང་རྟེན་པར་དབྱེར་མེད་དེ།། བདེ་ཆེན་ནམ་མཁའི་ཁམས་སུ་གསལ། ། བསྐལ་བ་ཐོག་མཐའ་མེད་པ་རུ།། ཡེངས་པ་མེད་པར་ཅི་དགར་ཞོག། ལས་དང་དྲི་མའི་བག་ཆགས་ཀུན།། རང་དག་ལྷུན་རྫོགས་སྙིང་པོར་གསལ།། ཨ་ར་ལི་རྙོག་པ་མེད་པའི་རྒྱུད་ལས། ། མ་བཅོས་བདེ་བར་གནས་པའི་ལེའུ་སྟེ་དགུ་པའོ།།།། དེ་ནས་རང་བྱུང་བདེ་བའི་རྒྱལ།། མ་བཅོས་རྫོགས་པའི་ཨ་ར་ལི།། ཐམས་ཅད་གསང་བའི་ཀློང་ཆེན་ཉིད།། བདག་ཉིད་རྩོལ་བྲལ་དོན་ལ་བཞུགས། ། རྙོག་བྲལ་དྭངས་མའི་སྙིང་པོར་ནི།། མ་ལུས་གཅིག་དང་ཐ་དད་མིན།། དུས་གསུམ་རྒྱལ་བའི་དགོངས་པའི་དོན།། རྣ་བརྒྱུད་དགོངས་པའི་ཚིག་བཀྲོལ་ནས།། རྟོགས་པའི་ཀློང་ཆེན་ཡོངས་བརྡལ་བའོ། ། རིག་པ་རྫོགས་ཆེན་ཟབ་མོ་ལ།། གོལ་དང་སྒྲིབ་པའི་ཆོས་མེད་པས།། མ་བརྙོགས་དག་པས་དྭངས་པ་ལྟར།། མ་ལུས་འབྱུང་ཡང་ཐ་དད་ཡིན།། དེ་དག་རང་བཞིན་གང་ཡིན་པ།། རྒྱས་བཏབ་དབྱེར་མེད་དུས་ན་གསལ། ། མ་ལུས་སངས་རྒྱས་དབྱེར་མེད་མེད་དེ།། དེ་དག་ཤེས་དང་མ་ཤེས་ལས།། བློ་ཡི་ཁྱད་པར་གསལ་བར་འབྱུང།། བདེ་མཆོག་མ་ཡེངས་བརྟན་པར་གནས།། དེ་དག་ཙམ་གྱིས་རྫོགས་པ་ཡིན།། རྙོག་མེད་རིག་པ་བདེ་བའི་སེམས། ། བཅིངས་མེད་བདེར་བཞག་ཉིད་དང་མཚུངས།། འབད་མེད་རང་བཞག་གོམས་པའི་ཚུལ།། གསེར་ལྟར་མི་འགྱུར་གདམས་པའི་ལུང།། བཙལ་བས་འཆིང་འགྱུར་བཏང་ན་གྲོལ།། ཐམས་ཅད་དེ་ལྟར་གནས་པ་ཡིན། ། བདེ་ཆེན་ཐིག་ལེར་མཚམས་སྦྱར་ནས།། མ་ཡེངས་གནས་ན་ལྷུན་གྲུབ་སྟེ།། བདག་ཉིད་རྣམ་གྲོལ་མཁའ་ལ་འགྲོ།། གདམས་ངག་ལེགས་པར་ཐོབ་འདོད་པས།། རིན་ཆེན་ཕུང་པོ་ཕུལ་བྱས་པས། ། བརྡ་དོན་བཀྲོལ་ནས་རྒྱལ་གྲལ་བཞག། བདེ་ཆེན་དབང་ཕྱུག་ཕུན་སུམ་ཚོགས།། དང་པོར་ངེས་པའི་དོན་ཐོབ་ནས།། རིན་ཆེན་བླ་མ་སྣ་རྩེའི་རིམ།། བགྲོད་མེད་རིན་ཆེན་སེམས་ཀྱི་ལམ། ། སྒོམ་དུ་ཡོད་མེད་བརྡ་བཀྲོལ་ནས།། དབུ་མ་དྲང་པའི་ལམ་ལ་སྦྱར།། བཀའ་བཞིན་རྗེས་སུ་ནན་ཏན་བྱ།། རིན་ཆེན་ལམ་གྱི་སྟོབས་མེད་ན།། ཐ་མལ་གནས་དང་མཚུངས་འགྱུར་ན།། བགྲོད་རྩོལ་འཇིག་རྟེན་ལམ་འགྱུར་ཞིང། ། མི་འགལ་རྣལ་མའི་དོན་ལ་སྦྱར།། དེ་ནས་བར་ཆད་མེད་པ་ཡིས།། དྲི་མེད་གསལ་བའི་བསམ་གཏན་བྱ།། ལྷག་པའི་བསམ་པ་དྲི་མེད་སེམས།། མ་བཅོས་ལྷུག་པར་གནས་པས་རྫོགས།། དབང་པོ་གང་ཡང་ནུབ་འགྱུར་ཞིང། ། ཉམས་མྱོང་རིམ་པ་བསམ་མི་ཁྱབ།། གདོད་ནས་བཙལ་མེད་དོན་རྟོགས་པས།། ཐ་མལ་པ་ནི་མི་རྟག་རྐྱེན་དུ་གྱུར་པས་ཏེ།། མི་རྟག་རྐྱེན་གྱིས་ཤི་བའི་རོ་དག་ལ།། དང་པོ་འདི་ཉིད་འདོད་ཆགས་རྒྱུ་ཡིས་ལས་རྣམ་གྲོལ་ཞིང། ། གང་ཡང་མ་བཀག་རྫོགས་པས་ན།། འགོག་དང་ཆད་པའི་མཐའ་དང་བྲལ།། བདེ་ཆེན་ཉམས་མྱོང་དོན་ལྡན་པས།། བཏང་སྙོམས་མཐའ་དག་བསལ་བ་ཡིན།། སྟོང་དང་སྙིང་རྗེ་རྒྱས་བཏབ་པས། ། རང་རིག་སེམས་པའི་མཐའ་དང་བྲལ།། གདོད་ནས་ཕྱོགས་རིས་མི་གནས་པས།། ཕྱོགས་མེད་འོད་གསལ་ལྷུན་གྲུབ་ཡིན།། མི་རྩོལ་དེ་བཞིན་གཅིག་པའི་ཕྱིར།། ས་ལམ་ཐེག་སྐྱོན་དུས་གཅིག་བྲལ། ། མ་བཅོས་དོན་ལས་འདའ་མི་བྱ།། ཨ་ར་ལི་རྙོག་པ་མེད་པའི་རྒྱུད་ལས།། མཐའི་སྐྱོན་མེད་པར་གནས་པའི་ལེའུ་སྟེ་བཅུ་པའོ།།།། དེ་ནས་རང་བྱུང་ཨ་ར་ལི།། རྙོག་མེད་ཐིག་ལེ་རྫོགས་པའི་སྐུ། ། ཨ་ཏི་ཡོ་ག་སེམས་ཀྱི་ལུང།། སྒྲོ་སྐུར་བཅད་པ་སེམས་ཉིད་ཀློང།། བསྟན་པའི་སྙིང་པོ་དུས་གཅིག་རྫོགས།། བསམ་གཏན་དྲི་མེད་རྫོགས་པའི་རྒྱུད།། ཐོས་པ་ཙམ་གྱིས་ཀུན་གྲོལ་ནས།། འབད་མེད་ལྷུན་རྫོགས་ས་ལ་སྦྱོར། ། བརྡ་དོན་བཀྲོལ་བས་བཅིངས་པ་བཅད།། བདེ་ཆེན་མཐོང་བས་རྫོགས་སངས་རྒྱས།། འཇིགས་པ་མེད་པས་བདུད་རྣམས་བཏུལ།། མ་བརྗོད་བསྟན་པ་རྒྱ་མཚོའི་ཀློང།། རིག་པ་མཁའ་འགྲོ་ཡེ་ཤེས་རྫོགས། ། རིན་ཆེན་ལྷུན་རྫོགས་སྙིང་པོ་འདི།། དད་དང་དམ་ཚིག་ལྡན་པ་དང།། ཆོས་ལ་ཕྱོགས་རིས་མེད་པ་དང།། བླ་མ་སྲོག་ཏུ་འཛིན་པ་དང།། ལུས་སྲོག་རྫས་ལ་འཕངས་མེད་དང།། ཏིང་འཛིན་ཤེས་རབ་རྫོགས་པ་དང། ། མན་ངག་གཏེར་དུ་འཛིན་པ་དང།། དམ་པའི་དོན་ལས་མ་ཡེངས་དང།། སྒྲོ་དང་སྐུར་པ་ཞི་བ་དང།། རྟོགས་ནས་དོན་ལ་སྒོམ་པ་ལ།། གསང་བའི་གཏེར་ཁ་དབྱེ་བར་བྱ།། གང་ཞིག་ཡོན་ཏན་མི་ལྡན་ཞིང། ། སྐྱོན་ལྡན་དམ་མེད་སློབ་མ་ལ།། བརྟག་དང་དམ་ཚིག་མི་ཤེས་པར།། རྒྱལ་ཐབས་གསག་བའི་དབང་བསྐུར་ཞིང།། རྣ་བརྒྱུད་ཐུགས་ཀྱི་ལུང་བྱིན་ཏེ།། རྫོགས་ཆེན་ཀློང་དགུའི་རྒྱུད་བཤད་ན།། འདམ་ཤོད་གླིང་གི་དུར་ཁྲོད་དུ། ། མཁའ་འགྲོ་རྣ་ཉན་འདུས་པ་ལྟར།། ལྷུང་ཞིང་སྲོག་གཅོད་ཕུང་བར་འགྱུར།། ཨ་ར་ལི་རྙོག་པ་མེད་པའི་རྒྱུད་ལས།། བསྟན་པ་དམ་པ་ལ་གདམས་པའི་ལེའུ་སྟེ་བཅུ་གཅིག་པའོ། །།། ཨ་ར་ལི་རྙོག་པ་མེད་པའི་རྒྱུ་ཟབ་མོ་རྫོགས་སོ།།།། རྒྱ་གར་སྐད་དུ།། དྷ་རྨ་རྦཱ་རྠ་དེ་ཤ།། བོད་སྐད་དུ།། ཆོས་ཐམས་ཅད་ཀྱི་དོན་བསྟན་པ།། ཀ་དག་ཡེ་རྫོགས་ངང་ལ་ཕྱག་འཚལ་ལོ། ། འདི་སྐད་བདག་གིས་བསྟན་པའི་དུས་གཅིག་ན།། གནས་འོག་མིན་ཆོས་ཀྱི་ཕོ་བྲང་དུ།། སྟོན་པ་རིག་སྟོང་ཀུན་ཏུ་བཟང།། ལོངས་སྐུ་རྡོ་རྗེ་འཆང་དུ་སྤྲུལ།། ཞལ་ཕྱག་རྣམ་པར་སྐུ་བཞེངས་ནས། ། འཁོར་ནི་ཞི་ཁྲོ་སངས་རྒྱས་དཔག་ཏུ་མེད།། ཁྱད་པར་སྐུ་ཡི་འཁོར་ནི་འདི་ལྟ་སྟེ།། རྡོ་རྗེ་རིགས་དང་རིན་ཆེན་རིགས།། པདྨའི་རིགས་དང་ལས་ཀྱི་རིགས།། བདེ་གཤེགས་རིགས་ལ་སོགས་པ་དང།། སངས་རྒྱས་ཆོས་དང་དགེ་འདུན་དང། ། བྱང་ཆུབ་སེམས་དཔའ་དཔག་ཏུ་མེད།། ཕྱི་བའི་འཁོར་ནི་འདི་ལྟ་སྟེ།། དབང་ཕྱུག་ཆེན་པོ་དང།། མུ་སྟེགས་མུར་ཐུག་རྒྱང་འཕེན་དང།། ལྷ་དང་ལྷ་མིན་དྲི་ཟས་བསྐོར།། གསུང་གི་འཁོར་ནི་འདི་ལྟ་སྟེ། ། ཉན་ཐོས་རང་རྒྱལ་བྱང་ཆུབ་སེམས།། ཀྲི་ཡ་ཨུ་པ་ཡོ་ག་དང།། མ་ཧཱ་ཨ་ནུ་ཨ་ཏི་དང།། རྡུལ་དང་རྡུལ་ཕྲན་སྙིང་སྟོབས་གསུམ།། ཕྱི་ཡི་རྟག་ཆད་མུ་བཞིས་བསྐོར།། ཐུགས་ཀྱི་འཁོར་ནི་འདི་ལྟ་སྟེ། ། གསལ་སྟོང་དང་ནི་སྣང་སྟོང་དང།། བདེ་སྟོང་དང་ནི་གྲགས་སྟོང་དང།། རིག་སྟོང་དག་དང་རྣམ་ལྔས་བསྐོར།། ཐབས་ཅིག་ཏུ་ནི་བཞུགས་པའི་ཚེ།། བཅོམ་ལྡན་རྡོ་རྗེ་འཆང་ཆེན་ནི།། མི་གཡོ་པ་ཡི་ངང་ཉིད་ལས། ། ལྷང་ངེ་ལྷམ་མེ་ལྷན་ནེར་བཞུགས།། དེ་ཚེ་དེ་ཡི་དུས་ཉིད་དུ།། འཁོར་རྣམས་ཀུན་ནས་ལྷགས་པའི་ལྷ།། གཞོན་ནུ་ཉིད་ནི་ཁྲོ་གཉེར་ཅན།། བླ་གོས་ཕྲག་པ་ཁ་ལ་བཀལ།། པུས་གཡས་ལྷ་ང་ས་ལ་བཙུགས། ། སྟོན་པ་ཉིད་ལ་འདི་སྐད་ཞུས།། ཆོས་རྣམས་ཀུན་གྱི་མཐར་ཐུག་ནི།། ཐེག་པ་རྣམས་ལ་ཐུག་པས་ན།། འདི་ཡི་མ་བརྗེད་དབྱེ་བ་ནི།། བདག་ཅག་རྣམས་ལ་གསུང་དུ་གསོལ།། དེ་སྐད་ཅེས་ནི་ཞུས་པ་དང། ། དེ་ནས་སྟོན་པས་བཀའ་སྩལ་པ།། ཀྱེ་མ་གསང་བདག་ལེགས་པར་ཉོན།། ངས་བསྟན་ཡིད་ཀྱི་རྟོག་པ་སེལ།། ཁྱོད་ནི་རྩེ་གཅིག་ཡིད་ཀྱིས་ཉོན།། དེས་ན་ཡེ་ཤེས་ཀློང་ཡངས་ལས།། འོད་ཀྱི་ཡུལ་དང་རིག་པའི་གནས། ། སྐུ་ཡི་མཁའ་ལ་གསུང་གི་ཟེར།། ཐུགས་ཀྱི་དབྱིངས་ནས་ཤེས་རབ་ཕོ་བྲང་དུ།། དེ་སྐད་ཅེས་ནི་རབ་ཏུ་གསུང།། འདི་སྐད་བདག་གི་ཐོས་པ་ཡི།། དུས་དང་དྲན་པའི་ཚེ་ན་ནི།། ཐེག་པ་དབྱེ་བ་འདི་ལྟ་སྟེ། ། མདོ་དང་རྒྱས་པ་ཆེན་པོ་དང།། ཤིན་ཏུ་རྒྱས་པ་ཆེན་པོའོ།། བརྒྱད་ཁྲི་བཞི་སྟོང་བསམ་མི་ཁྱབ།། རྒྱ་ཆེ་གྲངས་མང་ཆེན་པོ་སྟེ།། བསམ་མི་ཁྱབ་སྟེ་གཞལ་དུ་མེད།། བརྗོད་མེད་བསམ་འདས་ཆེན་པོ་འོ།། རྒྱས་པ་ཆེན་པོ་འདི་ལྟ་སྟེ། ། དབྱེ་བ་རྣམ་པ་དགུ་རུ་འདོད།། ཉན་ཐོས་དང་ནི་རང་རྒྱལ་དང།། དེ་བཞིན་བྱང་ཆུབ་སེམས་དཔའ་འོ།། ཀྲི་ཡ་དང་ནི་ཨུ་པ་ཡི།། དེ་བཞིན་ཡོ་ག་དག་དང་གསུམ།། མ་ཧཱ་ཨ་ནུ་ཡོ་ག་དང། ། དེ་བཞིན་རྫོགས་ཆེན་ཨ་ཏིའོ།། དེ་ལྟར་རྣམ་པ་དགུ་པ་ནི།། ཆོས་རྣམས་ཀུན་གྱི་བསྟན་པ་ཆེན་པོ་ཡིན།། དེ་སྐད་ཅེས་ནི་བདག་གིས་ཐོས།། ཡང་ཅིག་གཞོན་ནུ་ཁྲོ་གཉེར་ཅན།། སྟོན་པ་ཉིད་ལ་འདི་སྐད་ཞུས། ། ཀྱེ་མ་སྟོན་པ་རྡོ་རྗེ་འཆང།། ཐེག་པའི་རྣམ་གྲངས་དེ་ལྟར་ན།། ཐེག་པའི་བཤད་ལུགས་གསུང་དུ་གསོལ།། སྟོན་པས་ལན་དུ་བཀའ་སྩལ་པ།། ཀྱེ་ཧོ་གཞོན་ནུ་ཁྲོ་གཉེར་ཅན།། ང་ཡི་ཐེག་པ་བསམ་ཡས་ཀྱང། ། བཤད་ལུགས་རྣམ་པ་གཉིས་སུ་འདུས།། འཁོར་བ་དང་ནི་མྱང་འདས་སོ།། དེ་ཡང་འཁོར་བ་འདི་ལྟ་སྟེ།། ལོག་ལྟ་དང་ནི་དག་ལྟ་གཉིས།། དང་པོ་ལོག་པའི་ཐེག་པ་བཤད།། འཇིག་ཚོགས་གསུམ་བརྒྱ་དྲུག་ཅུར་འདོད། ། སུམ་བརྒྱ་དབྱིངས་ལས་བཤད་པར་བྱ།། དྲུག་ཅུའི་ལྟ་བ་འདི་ལྟ་སྟེ།། ལེགས་པར་རྣམ་གྲངས་ཡིད་ལ་ཟུང།། གྲངས་ཅན་ལོག་པར་སྨྲ་དང་གཅིག། བྱེ་བྲག་རང་གི་རྒྱུར་སྨྲ་གཉིས།། ཀུ་མ་ར་ཡི་གྲུབ་མཐའ་གསུམ། ། གོལ་བ་དག་ཏུ་སྨྲ་དང་བཞི།། རྣ་མ་ཕུག་པར་འཛིན་དང་ལྔ།། གསང་བ་མེ་ལྔ་བསྟན་དང་དྲུག། མེ་རས་ཏིལ་མརལུས་བསྲེག་བདུན།། མདུང་རྩེ་གསུམ་པའི་དཀའ་ཐུབ་བརྒྱད།། ཚོང་དང་ཚོགས་པའི་དཀའ་ཐུབ་དགུ། ། ཤ་ཁེལ་ལུས་ལ་བྱ་ཐོག་བཅུ།། ཁྱི་ཡི་ཆ་བྱད་སྤྱོད་པ་དང།། མངོན་ཤེས་ཕྲ་མོ་གཙོར་བྱེད་དང།། སངས་རྒྱས་བྱིན་རླབས་ཅིར་སྣང་དང།། ལོག་པའི་དཀའ་ཐུབ་སྤྱོད་པ་དང།། བྱེད་པ་རྒྱུར་སྨྲ་དག་དང་བཅོ་ལྔའོ། ། བྱེད་པ་ལམ་དུ་འཁྱེར་བ་དང།། རྟག་པ་དོན་མཚོན་ཆེན་པོ་དང།། ཐེར་ཟུག་འགྱུར་མེད་སྨྲ་བ་དང།། གནས་སྐབས་རྟག་པར་ལྟ་བ་དང།། འབྲས་བུ་རྟག་པར་འདོད་དང་ཉི་ཤུའོ།། རྟག་པ་ལམ་ལ་ལྟོས་པ་དང། ། སྤྱོད་བ་རྟག་པར་འདོད་པ་དང།། དོན་ལ་རྟག་མེད་ཆད་ལྟ་དང།། ཚད་མེད་ངན་སྔགས་གཙོར་བྱེད་དང།། མོ་དང་པྲ་ལ་གཙོར་བྱེད་དང།། རྫུ་འཕྲུལ་མོ་ལ་གཙོར་བྱེད་དང།། རྩོད་པ་ལྷུ་རུ་ལེན་པ་དང། ། ལོག་པའི་དཀའ་ཐུབ་སྤྱོད་པ་དང།། འཇིག་རྟེན་འདི་ལ་ཞེན་པ་དང།། རང་གི་བྱ་བ་འཛིན་པ་དང་སུམ་ཅུ་པའོ།། ལ་བ་ཅན་དང་སོ་གཅིག་གོ། མི་ཕམ་རས་གོས་ཅན་དང་ནི།། ཕྱག་མཚན་གཙོ་བོར་བྱེད་པ་དང། ། བྱ་བ་ལྟོས་པར་སྨྲ་བ་དང།། རིག་པས་ཕ་རོལ་སུན་འབྱིན་དང།། རྒྱུ་མེད་ཆད་པར་སྨྲ་བ་དང།། ལམ་ཆད་ཡེ་ཤེས་ཆད་ལྟ་དང།། ཚད་མེད་ཐེར་ཟུག་ཆེན་པོ་དང།། ལམ་ཆད་འབྲས་བུ་གཏན་ཆད་དང།། ལོག་པའི་སེམས་ཀྱི་གཏན་ཆད་དང་བཞི་བཅུ་པའོ། ། ཆད་པ་སྟོང་པ་ཆེན་པོའོ།། རིག་བྱེད་གསང་བར་སྨྲ་བ་དང།། ཆ་མཐུན་གོལ་བའི་མུ་སྟེགས་དང།། འཁྲུལ་བ་སྣང་བའི་མུ་སྟེགས་དང།། ཞེ་སྡང་བསྐྱེད་པའི་མུ་སྟེགས་དང། ། ཆ་བྱད་སེམས་ཀྱི་མུ་སྟེགས་དང།། འཛིན་པ་དོན་མེད་མུ་སྟེགས་དང།། ཁ་ཚིག་གོལ་བའི་མུ་སྟེགས་དང།། རྟག་པ་དོན་མེད་མུ་སྟེགས་པ་དང་ལྔ་བཅུ་པའོ།། ཀ་ནི་ཁ་ཡི་གྲུབ་མཐའ་དང།། སེར་སྣ་པ་དང་ང་གཉིས་སོ། ། བྷ་སིར་དང་ང་གསུམ་མོ།། སི་དྷ་ར་དང་ང་ལྔའོ།། དྷ་སི་པ་དང་ང་དྲུག་གོ། ཀ་པི་ར་དང་ང་བདུན་ནོ།། སང་པ་བ་དང་ང་བརྒྱད་དོ།། ཤེ་ཀ་རི་དང་ང་དགུ་འོ།། རྡོ་ཤ་དང་དྲུག་ཅུ་ཐམ་པའོ། ། དེ་ལྟར་ལྟ་ལོག་སུམ་བརྒྱ་དྲུག་ཅུ་ཡོད་པའོ།། སུམ་བརྒྱ་དེ་ཡི་ཁོངས་སུ་འདུས།། དྲུག་ཅུ་ཐམ་པའི་རྐང་གྲངས་ལེགས་པར་བསྟན་པ་སྟེ་སྤྱི་སྡོམ་གླེང་གཞི་ལེའུ་སྟེ།། རྡོ་རྗེ་འཆང་གིས་ལེགས་པར་བཤད། ། འཁོར་རྣམས་རྗེས་སུ་ཡི་རང་སྟེ།། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད།། སྤྱི་སྡོམ་གྱི་ལེའུ་གཅིག་པའོ།། ས་ཡ་ཡ།། གཏེར་རྒྱ།། སྦས་རྒྱ།། ཟབ་རྒྱ།། ལྟ་ལོག་སུམ་བརྒྱ་དྲུག་ཅུ་གྲངས་མེད་པར་བསྟན་ཀྱང།། མདོ་རྣམ་པ་གཉིས་སུ་འདུས་པའོ།། དེའང་རྟག་པར་ལྟ་བ་གཅིག། ཆད་པར་ལྟ་བ་དང་གཉིས་སུ་འདུས་པའོ།། དེ་ལས་འཇིགས་ཚོགས་ཀྱི་འདྲ་བ་གྲངས་མེད་འཕྲོ་སོ། ། འཇི་ཚོགས་ཀྱི་ལྟ་བ་འདི་རྣམས་ནི།། ལྷ་མིའི་ལྟ་བ་སྟེ།། འཇིག་རྟེན་པའི་ཐེག་པར་རྟོག་པའོ།། རིགས་ཀྱི་བུ་དད་པ་དང་ལྡན་པ་རྣམས་ནི།། ལོག་པའི་ལམ་དུ་ཞུགས་ཀྱིས་དོགས་པའི་ཕྱིར། ། འཇིག་ཚོགས་ཀྱི་ལྟ་བ་བསྡུས་ཏེ་བཤད་པའོ།། འཇིག་རྟེན་ཐེག་པའི་ལེའུ་སྟེ་གཉིས་པའོ།།།། ཡང་ཅིག་གཞོན་ནུ་སྟོབས་ལྡན་གྱིས།། སྟོན་པ་ཉིད་ལ་འདི་སྐད་ཞུས།། ཀྱེ་ཀྱེ་སྟོན་པ་རྡོ་རྗེ་འཆང།། ལྟ་ལོག་སུམ་བརྒྱ་དྲུག་ཅུ་ཡི། ། རང་རང་འདོད་གཞུང་གསུང་དུ་སོལ།། དེ་སྐད་ཅེས་ནི་ཞུས་པའི་ལན།། རྡོ་རྗེ་འཆང་གིས་ལན་གསུངས་པ།། ངས་བསྟན་ལེགས་པར་ཡིད་ལ་ཟུང།། ལྟ་ལོག་དྲུག་ཅུའི་ཐོག་མ་ནི། ། གྲངས་ཅན་ལོག་པར་སྨྲ་བའི་འདོད་གཞུང་འདི་ལྟ་སྟེ།། རྡུལ་དང་མུན་པ་སྙིང་སྟོབས་གསུམ།། རྟག་པ་ལོག་པར་འཛིན་པའོ།། དེ་ཡང་གཏི་མུག་གིས་གཞི་བྱེད་པར་འདོད།། འདོད་ཆགས་ཀྱིས་བདེ་བ་སྐྱེ་བར་འདོད། ། ཞེ་སྡང་གིས་བདུད་དཔུང་བཟློག་པར་འདོད་པའོ།། དེ་ནི་གྲངས་ཅན་ལོག་པར་སྨྲ་བའི་འདོད་གཞུང་སྟེ།། ལྟ་ལོག་ལེའུ་གཅིག་པའོ།།།། བྱེ་བྲག་རང་གིས་རྒྱུར་སྨྲ་བ།། དེ་ཡི་འདོད་གཞུང་འདི་ལྟར་རོ། ། ཕྱི་ཡི་ཕུང་པོ་ཁམས་དང་སྐྱེམ་ཆེད་ཀུན།། རྡུལ་དང་རྡུལ་ཕྲན་དག་ཏུ་ལྟ།། དེ་ཡང་དངོས་པོ་འཛིན་པས་གཟུངས་ནས།། རྡུལ་དང་རྡུལ་ཕྲན་དུ་བགྲང་ནས།། འདི་ནི་འཇིགས་པའི་རྒྱུ་རུ་འདོད།། འདི་ནི་སྟོང་པ་ཅི་ཡང་མེད་རྒྱུ་ཅན་ནོ། ། འདི་ནི་སྟོང་པའི་རྒྱུ་མེད་རྒྱུ་ཅན་ནོ།། ལུས་པོ་འདི་ཀ་བོར་བ་དང།། སེམས་ནི་ནམ་མཁའི་བག་ལ་ཞ།། ལུས་འདི་འབྱུང་པའི་བག་ལ་ཞ།། ཅང་མེད་སྟོང་པའི་མུ་ལ་གནས།། བྱུང་ཡང་ནམ་མཁའ་རང་ལས་བྱུང། ། ཐིམ་ཡང་ནམ་མཁའ་རང་ལ་ཐིམ།། ཐམས་ཅད་སྟོང་པ་ཕྱང་ཆད་དོ།། བྱེ་བྲག་པ་ཡི་འདོད་གཞུང་ངོ།། ལྟ་ལོག་ལེའུ་གཉིས་པའོ།།།། ཀུ་མ་རའི་གྲུབ་མཐའ་འདི་ལྟར་འདོད། ། སེམས་མེད་པའི་ལུས་སུ་འདོད།། ལུས་ལ་སེམས་མེད།། དེ་སེམས་མེད།། ཐོན་དུས་ལུས་ཀྱང་མེད་དོ།། ལུས་སེམས་གཉིས་ཀ་མེད་ཙམ་ལ།། སྟོང་པ་ཅི་ཡང་མེད་པར་འདོད།། སེམས་མེད་པ་ཡི་དུས་སུ་ལུས་འདུག་གམ།། སེམས་མེད་ལུས་ཀྱང་ཡོད་མ་ཡིན། ། ཅེས་སོ།། ཀུ་མ་ར་ཡི་འདོད་གཞུང་ངོ།། ལྟ་ལོག་ལེའུ་གསུམ་པའོ།།།། གོལ་བར་སྨྲ་བའི་གྲུབ་མཐའ་ནི།། ལྟ་སྤྱོད་སྒོམ་སྒྲུབ་ཐམས་ཅད་ཀུན།། འགྱང་པ་ཅན་དུ་འགྲོ་བ་སྟེ། ། ལྟ་བ་ལྟ་རྒྱུ་མེད་པའོ།། སྒོམ་པ་བྱ་རྒྱུ་མེད་པའོ།། སྤྱོད་པ་སྤྱད་རྒྱུ་མེད་པའོ།། འབྲས་བུ་བྱས་མེད་བྱུང་མེད་ཡིན།། ཡར་སངས་རྒྱས་ལ་མི་རེ།། མར་འཁོར་བར་མི་དོགས།། བར་དགེ་སྡིག་གིས་ཕན་གནོད་མི་བྱེད་པའོ། ། འདི་ནི་གོལ་བའི་འདོད་གཞུང་ངོ།། ལྟ་ལོག་ལེའུ་བཞི་པའོ།།།། རྣ་མ་ཕུག་པའི་གྲུབ་མཐའ་འདི་ལྟ་སྟེ།། སྣང་བ་འདི་ལ་གནས་སྐབས་ཀྱི་རྟག་པར་མཐོང་ལ།། དོན་དམ་པ་ལ་སྣང་བ་འདི་མི་རྟག་པར་འདོད་པའོ། ། ཚེ་ཕྱི་མའི་སྣང་བ་ལ་ཕྱའང་དབང་ཕྱུག་གི་འཁོར་དུ་རྟག་པར་འདོད་པའོ།། རྣ་མ་ཕུག་པའི་འདོད་གཞུང་ངོ།། ལྟ་ལོག་ལེའུ་ལྔ་པའོ།།།། གསང་བ་མེ་ལྔ་བསྟན་པའི་གྲུབ་མཐའ་ནི། ། སངས་རྒྱས་རྣམས་ཀྱིས་སྤྲུལ་པའི་ཞིང་འདིར་གནས་པའི་གང་ཟག་གིས།། ཞེན་པ་མེད་པ་མེར་བཏང་བས།། ཡེ་ཤེས་ལྔའི་སྣང་སངས་རྒྱས་པར་འདུག་པ།། མངོན་པར་ཤེས་པ་ཕྲ་མོས་མཐོང་སྟེ།། མེ་ལྔ་ལ་སྤྱོད་པའོ། ། དེ་ཡང་ཙན་དན་གྱི་སྡོང་པོ་ལ་ཏིལ་མར་གྱིས་བྱུགས་ནས།། མེའི་ཕུང་པོའི་ཕྱོགས་བཞི་དབུས་དང་ལྔར་བཏང་ནས།། རང་ལུས་འོད་བསྲེག་བྱས་པས།། གང་གི་ཕྱོགས་སུ་འགྱེལ་བ་དེ་ལ་ཡེ་ཤེས་རེ་རེའི་འབྲས་བུ་ཐོབ་པར་འདོད་པ་ཡོད་དོ། ། དེ་ནི་མེ་ལྔ་པའི་འདོད་གཞུང་ངོ།། ལྟ་ལོག་ལེའུ་དྲུག་པའོ།།།། མེ་རས་པའི་གྲུབ་མཐའ་འདི་ལྟར་རོ།། རས་ཡུག་ཏིལ་མར་ནང་དུ་སྣབ་པས།། རང་ལུག་དྲིལ་ནས་མེ་ཡང་སྦར། ། དབང་ཕྱུག་རྟེན་གྱི་དྲུང་དུ་ལངས།། འབྲས་བུ་འོད་གསལ་ཐོབ་པ་དང།། རང་ལུས་གཅེས་འཛིན་བྲལ་བར་འདོད།། མེ་རས་པ་ཡི་འདོད་གཞུང་ངོ།། ལྟ་ལོག་ལེའུ་བདུན་པའོ།།།། མདུང་རྩེ་གསུམ་པའི་གྲུབ་མཐའ་ནི། ། ཁ་ཊཱཾ་རྩེ་གསུམ་ས་ལ་བཙུགས།། གཡངས་ཀྱི་ཁ་ནས་དེ་རུ་མཆོངས།། གཡས་པ་སྐུ་གཡོན་སྤྲུལ་སྐུ།། བར་མ་ཟུག་ན་ཆོས་སྐུ་ཐོབ།། གསུམ་ཀ་ཟུག་ན་སྐུ་གསུམ་ཐོབ།། མདུང་རྩེ་གསུམ་པའི་འདོད་གཞུང་ངོ། ། ལྟ་ལོག་ལེའུ་བརྒྱད་པའོ།།།། ཚོང་དང་འཚོགས་པའི་གྲུབ་མཐའ་ནི།། ཚོང་དུས་སམ་མི་འཚོགས་ཆེན་པོའི་དུས།། རང་ལུས་ངག་དང་ཡིད་གསུམ་ལ།། ཆགས་ཞེན་ཨེ་འདུག་ལྟོས་ཤིག་ཟེར། ། བྲག་ལ་མཆོངས་ནས་རང་ལུས་རླག། ཕྱི་ཡི་དབང་ཕྱུག་འཁོར་དུ་སྐྱེ།། ཚོང་དང་ཚོགས་པའི་འདོད་གཞུང་ངོ།། ལྟ་ལོག་ལེའུ་དགུ་པའོ།།།། ཤ་འཁོལ་པ་ཡི་གྲུབ་མཐའ་འདི་ལྟར་རོ། ། ལོག་པའི་ཆ་འཛིན་སྤྱོད་པ་ནི།། རང་གི་དཔུང་པ་གཡས་གཡོན་དང།། སྤྱི་གཙུག་ཤ་འཁོལ་མེ་ལོང་ཙམ་བཏོན་ནས།། རང་ལུས་དོང་ན་བཅུག་ནས་ནི།། དུར་བྱའི་རིགས་ཀྱིས་ཟ་རུ་འཇུག།། སྦྱིན་པའི་ཕ་རོལ་ཕྱིན་པར་འདོད། ། ལྟ་ལོག་ལེའུ་བཅུ་པའོ།།།། ཁྱི་ཡི་ཆ་བྱད་སྤྱོད་པ་ནི།། ལོག་པ་དུད་འགྲོའི་སྤྱོད་པ་སྟེ།། ཁྱི་ཡི་ཆས་སུ་ཞུགས་ནས་ནི།། ཁྱི་ཡི་སྤྱོད་པ་སྣ་ཚོགས་སྤྱད།། གཙང་སྨེའི་རྟོག་པ་ལམ་དུ་ཁྱེར་བར་འདོད། ། ལོག་པར་སྤྱོད་པའི་ལེའུ་བཅུ་གཅིག་པའོ།།།། མངོན་ཤེས་ཕྲ་མོའི་གྲུབ་མཐའ་ནི།། དཔེར་ན་ཤིང་མཁན་མཁས་པ་ཡི།། སྐྱེས་པ་དང་བུད་མེད་ཀྱི་གཟུགས་འདི་ལྟར་ཐ་དད་པར་མངོན་པར་སྤྲུལ་ནས། ། བྱ་བའི་ལས་ཐམས་ཅད་བྱེད་པ་ལྟར།། ཆོས་ལ་སོགས་པ་ཀུན་ཀྱང་རང་གིས་མངོན་ཤེས་ཀྱི་བྱ་བ་བྱས་ནས།། ཕྱའམ་དབང་ཕྱུག་གི་འཁོར་དུ་སྐྱེ་བར་འདོད་པའོ།། ལྟ་ལོག་ལེའུ་སྟེ་བཅུ་གཉིས་པའོ། །།། སངས་རྒྱས་བྱིན་གྱིས་རླབས་ཅིར་སྣང་བའི་གྲུབ་མཐའ་ནི།། མཐུ་དང།། སྟོབས་དང།། ནུས་པ་དང།། རྫུ་འཕྲུལ་དང།། འོད་དང།། འོད་ཟེར་ཐམས་ཅད་སངས་རྒྱས་པས་ལྷག་པའི་ཡོན་ཏན། ། རྩོལ་སྒྲུབ་མི་དགོས་པར་འབྱུང་བ་དག་ཀྱང་ཡོད་དོ།། སངས་རྒྱས་ཀྱི་བྱིན་རླབས་ཅིར་སྣང་ཡང།། འདི་ལས་ལྷག་པ་མེད་དོ།། ཞེས་པའོ།། ལྟ་ལོག་ལེའུ་བཅུ་གསུམ་པའོ།།།། ལོག་པའི་གྲུབ་མཐའ་འདི་ལྟ་སྟེ། ། རྫུ་འཕྲུལ་སྟག་ལ་སོགས་དུད་འགྲོ་རུ་སྤྲུལ་ནས།། སངས་རྒྱས་ཡོན་ཏན་འདི་རང་ཡིན་ཟེར་ནས།། དུད་འགྲོའི་སྤྱོད་པ་སྣ་ཚོགས་སྤྱོད་པ་དག་ཀྱང་ཡོད་དོ།། དུད་འགྲོ་ལོག་པའི་འདོད་གཞུང་སྟེ།། ལྟ་ལོག་ལེའུ་སྟེ་བཅུ་བཞི་པའོ། །།། བྱེད་པ་རྒྱུར་སྨྲའི་གྲུབ་མཐའ་འདི་ལྟ་སྟེ།། དཔེར་ན་སྣང་སྲིད་འཁོར་འདས་ཀུན།། བསྒོམས་སོ་བྱ་ཡི་བྱས་པ་ཡིན།། བསྐོས་བཞག་ཐམས་ཅད་ཕྱ་ཡི་བྱས།། དེ་བཞིན་ད་ལྟའི་ཆོས་ལ་སོགས། ། སྐུ་དང་ཞིང་ཁམས་ཐམས་ཅད་ཀྱང།། བྱས་པས་ཕྱའམ་དབང་ཕྱུག་གི་འཁོར་དུ་སྐྱེ་བར་འདོད་པའོ།། ལྟ་ལོག་ལེའུ་སྟེ་བཅོ་ལྔ་པའོ།།།། བྱེད་པ་ལམ་དུ་ཁྱེར་བའི་གྲུབ་མཐའ་ནི།། འཇིག་རྟེན་འདི་ལ་ཁྱིམ་ལ་སོགས་པའི་སྤྱོད་པ་སྤྱད་པས། ། ཕྱའམ་དབང་ཕྱུག་གིས་རང་གི་མདུན་བསུ་ནས།། རི་རབ་ཀྱི་བང་རིམ་ལ་གནས་པར་བྱེད་པའོ།། ལྟ་བ་ལོག་པའི་ལེའུ་སྟེ་བཅུ་དྲུག་པའོ།།།། རྟག་པ་དོན་མཚོན་གྲུབ་མཐའ་ནི། ། དོན་རང་གིས་རྟག་པར་འཛིན་ལ།། གཞན་ལ་ཆད་པ་ཕྱམ་ཆད་དུ་སྟོན་པའོ།། དེ་ལྟར་གོ་ལོག་བཤད་པ་སྟེ།། རྟག་པ་དོན་མཚོན་འདོད་གཞུང་ངོ།། ལྟ་ལོག་ལེའུ་བཅུ་བདུན་པའོ།།།། ཐེར་ཟུག་འགྱུར་མེད་གྲུབ་མཐའ་ནི། ། དོན་རྟག་པ་འགྱུར་མེད་ཆེན་པོ།། རང་བཞིན་མ་ངེས་པར་འདོད་པའོ།། ལྟ་ལོག་ལེའུ་བཅོ་བརྒྱད་པའོ།།།། གནས་སྐབས་རྟག་པར་ལྟ་བའི་གྲུབ་མཐའ་ནི།། རྒྱུན་ཆད་པ་ལ་གནས་སྐབས་ཀྱིས་རྟག་པར་ལྟ་བ་ནི། ། རྒྱུ་རྟག་པར་ལྟ་བ་སྟེ།། རང་གི་སྙིང་གི་དཀྱིལ་དུ་རྒྱུའི་དངོས་པོ་སྟེ།། དབྱིབས་ཟླུམ་པ། ཁ་དོག་དཀར་བ།། ཆེ་ཆུང་གི་ཚད་སྲན་མ་ཙམ།། ཕའི་རྒྱུ་ལས་མ་བྱུང་ཞིང།། མའི་རྐྱེན་གྱིས་མ་བསྐྱེད་པར། ། དུས་ཐམས་ཅད་དུ་རྟག་པར་ལྟ་བ་ཡོད་དོ།། ལྟ་ལོག་ལེའུ་བཅུ་དགུ་པའོ།།།། འབྲས་བུ་རྟག་པར་འདོད་པའི་གྲུབ་མཐའ་ནི།། རྒྱུ་མི་རྟག་སྟེ་སེམས་ལ་དངོས་པོ་མེད།། འབྲས་བུ་རྟག་སྟེ་ཕྱའམ་དབང་ཕྱུག་ཡོད་ཟེར་བའོ། ། ལྟ་ལོག་ལེའུ་ཉི་ཤུ་པའོ།།།། རྟག་པ་ལམ་ལ་ལྟོས་པ་ནི་འདི་ལྟར་རོ།། རྒྱུ་མི་རྟག་སྟེ་སེམས་དང་དངོས་པོ་མེད།། འབྲས་བུ་མི་རྟག་སྟེ་ཕྱའམ་དབང་ཕྱུག་གི་སར་གྲོགས་མེད་པར་མི་ཕྱིན་ཏེ། ། ལམ་རྟག་ཕྱའམ་དབང་ཕྱུག་གི་ལམ་ནི་རི་རབ་ཀྱི་སྟེང་ན་གནས་ཏེ།། དེ་ལྟར་ལམ་རྟག་ནས་རྒྱུ་འབྲས་གཉིས་མི་རྟག་པར་འདོད་པའོ།། ལྟ་ལོག་ལེའུ་སྟེ་ཉེར་གཅིག་པའོ།།།། སྤྱོད་པ་རྟག་པར་འདོད་པའི་གྲུབ་མཐའ་ནི། ། རྒྱུ་དང་འབྲས་བུ་མི་རྟག་སྟེ།། སྤྱོད་པ་རྟག་པས་སངས་རྒྱས་པར་འདོད་དེ།། ཡུལ་དང་ཁང་པ་ཐམས་ཅད་རྟག་པའི་དངོས་པོ་ཡིན།། སྣང་བ་འདི་གང་ཡང་རྟག་པར་འདོད་པའོ། ། སྤྱོད་པ་རྟོག་པས་ཐམས་ཅད་སྤྱོད་པས་རྟག་པའོ།། ལྟ་ལོག་ལེའུ་ཉེར་གཉིས་པའོ།།།། དོན་ལ་རྟག་མེད་ཆད་མཐའི་གྲུབ་མཐའི་གྲུབ་མཐའ་ནི།། དོན་ལ་ཆད་པར་ལྟ་བས་ཏེ།། འདི་ཉིད་ལ་རྟག་པའི་གྲུབ་མཐའ་སྤྱོད་དོ། ། ལྟ་ལོག་ལེའུ་ཉེར་གསུམ་པའོ།།།། དོན་ལ་རྟག་མེད་ཆད་མཐའི་གྲུབ་མཐའ་ནི།། ངན་སྔགས་གཅིག་པུ་ལ་གཙོར་སྟོན་ནས་ཕུང་བའི་ལས་དྲག་པོ་བྱེད་པ་ནི།། ནག་པོ་གཅིག་ཙུགས་སུ་སྨྲ་བ་སྟེ། ། དེ་ལ་མངོན་པར་ཞེན་ཅིང་འབྲས་བུ་འདོད་པ་དག་ཀྱང་ཡོད་དོ།། ལྟ་ལོག་ལེའུ་ཉེར་བཞི་པའོ།།།། མོ་དང་པྲ་ལ་གཙོར་བྱེད་ནི།། འཇིག་རྟེན་འདིའི་བདེ་བ་འབའ་ཞིག་ལ་ཞེན་ནས།། ཕྱི་གང་བྱུང་ལ་རྒྱབ་གཏོད་པ་དག་ཀྱང་ཡོད་དོ། ། ལྟ་ལོག་ལེའུ་སྟེ་ཉེར་ལྔ་པའོ།།།། རྫུ་འཕྲུལ་ཕྲ་མོ་བྱེད་པའི་གྲུབ་མཐའ་ནི།། འཇིག་རྟེན་འདིའི་མིག་འཕྲུལ་ལ་སོགས་པ།། དམག་དཔུང་ལ་བརྟེན་པ་དང།། གཟི་བརྗིད་ལ་བརྟེན་ནས། ། ཕྱི་མའང་དམག་དཔུང་དང་རྫུ་འཕྲུལ་གྱིས་ཟིལ་གྱིས་མནན་ནས།། ཕྱ་དང་དབང་ཕྱུག་གི་འཁོར་དུ་སྐྱེ་བར་འདོད་པ་ཡང་ཡོད་དོ།། ལྟ་ལོག་ལེའུ་ཉེར་དྲུག་པའོ།།།། རྩོད་པ་ལྷུ་རུ་ལེན་པའི་གྲུབ་མཐའ་ནི། ། རང་གི་བདེན་པ་ཁོངས་སུ་བཅུག་སྟེ།། ཕ་རོལ་གྱི་བདེན་པ་སུན་འབྱིན་པ་དག་ཀྱང་ཡོད་དོ།། ལྟ་ལོག་ལེའུ་ཉེར་བདུན་པའོ།།།། ལོག་པའི་དཀའ་ཐུབ་སྤྱོད་པ་ནི།། སྲོག་རྣམས་བཅད་ནས་དགེ་བར་འདོད། ། རྫུན་དུ་སྨས་ནས་བདེན་པར་འདོད།། ལོག་ནོར་སྤྱོད་པས་ཆོས་པར་འདོད།། བློ་རྣམས་བརྐུས་ནས་དྲང་པོར་འདོད།། བདག་བསྟོད་གཞན་ལ་སྨོད་པ་ཡི།། ཞུན་འབུ་ལ་ཡི་བྱང་སེམས་སྤྱོད། ། ལྟ་ལོག་ལེའུ་ཉེར་བརྒྱད་པའོ།།།། འཇིག་རྟེན་འདི་ལ་ཞེན་པའི་གྲུབ་མཐའ་ནི།། འཇིག་རྟེན་རྒྱང་འཕེན་ཞེས་བྱ་བ་སྟེ།། བྱ་བ་ཐམས་ཅད་ཚེ་འདིའི་བྱ་བ་སྤྱོད།། རང་གི་བདེན་པ་ཁོངས་སུ་བཅུག་ནས་སུ། ། གཞན་རྣམས་ཁྱད་དུ་སོད་པར་བྱེད།། ལྟ་ལོག་ལེའུ་ཉེར་དགུ་པའོ།།།། རང་གི་བྱ་བ་འཛིན་པའི་གྲུབ་མཐའ་ནི།། གཞན་ལ་ཕན་པས་ཁས་བླངས་ནས།། དོན་ལ་རང་དོན་རྩེ་གཅིག་སྒྲུབ་པ།། ལ་ལ་རྐུ་ཕྲོག་རློམ་སེམས་འཆང། ། གཞན་ལ་མི་དགོས་པར་རང་ལ་དགོས།། མུ་སྟེགས་ལོག་པའི་ལྟ་བ་སྟེ།། ལེའུ་སུམ་ཅུ་རུ་བཤད།།།། ལ་བ་ཅན་གྱི་མུ་སྟེགས་གྲུབ་མཐའ་ནི།། ཆ་ལུགས་དག་གིས་དོན་ཚོལ་ཏེ།། རལ་པ་རིང་པོ་དག་གིས་ནི། ། མགོ་ལ་ལ་ཐོད་དག་ཏུ་བཅིངས།། རྒྱན་དང་ཆས་གོས་བཟང་པོ་དང།། སྨ་ར་ཨག་ཙོམ་བཤད་པ་ནི།། དོན་གྱི་སྙིང་པོ་ཡོད་པར་སྒོམ།། ཚད་པའི་ཡུལ་དུ་རས་རྐྱང་རེ།། ང་ལ་ནང་ལ་བདེ་དྲོད་ཡོད་ཟེར། ། མུ་ཐུག་གོམ་པའི་རས་གོས་དང།། རྫས་ལ་བརྟེན་པའི་རས་རྐྱང་བྱེད་པ་དག་ཀྱང་ཡོད་དོ།། ལྟ་ལོག་ལེའུ་སོ་གཉིས་པའོ།།།། ཕྱག་མཚན་གཙོར་བྱེད་གྲུབ་མཐའ་ནི།། ཁ་ཊྭཱཾ་ཁ་དང་ཌཱ་རུ་དཀྲོལ།། རང་གི་རང་གཟེངས་བསྟོད་ནས་སུ། ། ང་ནི་རྟོགས་ལྡན་སྤྲུལ་སྐུ་ཡིན་ནོ་ཟེར།། ཕྱག་མཚན་ཅན་གྱི་འདོད་གཞུང་ངོ།། ལྟ་ལོག་ལེའུ་སོ་གསུམ་པའོ།།།། བྱ་བ་བལྟོས་པར་སྨྲ་བ་ནི།། ཁྱོད་ཀྱི་དགེ་བ་ཅི་བྱས་པ།། ང་ལ་ཕན་ནོ་ཟེར་ཞིང་དུ། ། དོན་ཉིད་དེ་ལ་ཚོལ་བ་ཡོད།། ལྟ་ལོག་ལེའུ་སོ་བཞི་པའོ།།།། རིག་པས་ཕ་རོལ་སུན་འབྱིན་གྲུབ་མཐའ་ནི།། རང་གིས་རིག་པས་ཕ་རོལ་གྱི་རིག་པ་སུན་ཕྱུང་ནས།། ངའི་བྱ་བ་ཡིན་ནོ་ཟེར་ཞིང། ། དོན་དེ་ལ་བལྟོས་པ་ཡང་ཡོད་དོ།། ལྟ་ལོག་གི་ལེའུ་སོ་ལྔ་པའོ།།།། རྒྱུ་མེད་ཆད་པར་སྨྲ་བའི་གྲུབ་མཐའ་ནི།། རྒྱུ་ཆད་དེ་ནམ་མཁའ་ལྟ་བུར་ཕྱམ་ཆད་དོ།། ཕྱམ་ཆད་དེ་རང་ལུས་ཡང་སྟོང་ངོ།། ཟེར་བ་དག་ཀྱང་ཡོད་དོ། ། རྒྱུ་ཡང་ཆད།། འབྲས་བུ་ཡང་ཆད་པ་ནི།། རྒྱུ་ཆད་དེ་སེམས་ཅན་དངོས་པོར་གཟུང་དུ་མེད།། འབྲས་བུ་ཆད་དེ་ཕྱ་དང་དབང་ཕྱུག་མེད་ཟེར་བ་དག་ཀྱང་ཡོད་དོ།། ལྟ་ལོག་ལེའུ་སོ་དྲུག་པའོ། །།། ལམ་ཆད་ཡེ་ཤེས་ཆད་ལྟའི་གྲུབ་མཐའ་ནི།། ཡང་ལམ་ཆད་དེ་སུན་མ་མེད།། ཡེ་ཤེས་ཆད་དེ་སངས་རྒྱས་མེད་པའོ།། ལྟ་ལོག་ལེའུ་སོ་བདུན་པའོ།།།། ཆད་པ་ཐེར་ཟུག་ཆེན་པོའི་གྲུབ་མཐའ་ནི། ། རྒྱུ་ཡང་མེད་ལ་འབྲས་བུ་དག་ཀྱང་མེད་དེ་སྟོང་ངོ།། ཕྱམ་ཆོད་ཟེར་བ་དག་ཀྱང་ཡོད་དོ།། ལྟ་ལོག་ལེའུ་སོ་བརྒྱད་པའོ།།།། ལམ་ཆད་འབྲས་བུ་ཆད་པའི་གྲུབ་མཐའ་ནི།། ལམ་ལ་གནས་སྐབས་ཀྱི་ཆད་པ་དེ་ལ་འབྲས་བུ་ཡང་གཏན་ནས་ཆད་ཟེར་བ་དག་ཀྱང་ཡོད་དོ། ། ལྟ་ལོག་ལེའུ་སོ་དགུ་པའོ།།།། ལོག་པའི་སེམས་ཀྱི་སྲོག་བཅད་ནས།། དེ་ལ་དོན་གོ་འབྱུང་བར་འདོད།། མི་ཡི་ཁྲག་གིས་ཁྲུས་བྱས་ནས། ། དེ་ཡིས་དྲི་མ་དག་པར་འདོད།། བསད་པ་ཐམས་ཅད་ཕྱ་དང་དབང་ཕྱུག་གི་འཁོར་དུ་སྐྱེ་བར་འདོད་པ་དག་ཀྱང་ཡོད་དོ།། ལྟ་ལོག་ལེའུ་བཞི་བཅུ་པའོ།།།། ཆད་པ་སྟོང་པ་ཆེན་པོ་གྲུབ་མཐའ་ནི།། ཆད་པ་ཐམས་ཅད་སྟོང་པ་ཡིན། ། ཅིས་ཏེ་ཁྱོད་ཡང་ཆད་ལང་ཡང་ཆད་པའི་ཕྱིར།། སྟོང་པ་ཅན་མེད་མིང་དང་ཁ་དོག་ཚད་བཟུང་ཐམས་ཅད་དང་བྲལ་ལོ།། ཟེར་བ་དག་ཀྱང་ཡོད་དོ།། ལྟ་ལོག་ལེའུ་ཞེ་གཅིག་པའོ། །།། རིག་བྱེད་གསང་བར་སྨྲ་བའི་གྲུབ་མཐའ་ནི།། དོན་དམ་སྟོང་པ་ཇི་བཞིན་དུ།། སྟོང་པ་ཕྱམ་ཆད་དེ་ཡོད་པར་དངོས་པོར་མེད།། ཆབ་གཅིག་ཡོད་དེ།། དབང་པོ་ལ་སྣང་དུ་རང་བ་ནི་གང་ཡང་མེད་དོ། ། ཟེར་བ་དག་ཀྱང་ཡོད་དོ།། ལྟ་ལོག་ལེའུ་ཞེ་གཉིས་པའོ།།།། ཆ་མཐུན་གོལ་བའི་མུ་སྟེགས་ཀྱི་འདོད་གཞུང་འདི་ལྟར་རོ།། ནང་པ་སངས་རྒྱས་པ་དང་ཆ་མཐུན་པ་ལས་གོལ་ཏེ།། ནང་པ་སངས་རྒྱས་པའི་གྲུབ་མཐའ་ལས་ལོག་པ་ཤ་སྟག་གོ། ཅིའི་ཕྱིར་ན།། ཆ་ལུགས་ཐམས་ཅད་ནང་པ་དང་མཐུན་ལ།། དོན་གོ་ལོག་ཏུ་སྤྱོད་པའོ།། ལྟ་ལོག་ལེའུ་ཞེ་གསུམ་པའོ།།།། མངོན་སྣང་སེམས་ཀྱི་མུ་སྟེགས་གྲུབ་མཐའ་ནི།། ཐམས་ཅད་མངོན་སྣང་སེམས་ཀྱི་ཆོ་འཕྲུལ་ལོ། ། ཞེས་བྱ་བར་རྟོགས་ཏེ།། ཐམས་ཅད་སེམས་ཀྱི་ཆོ་འཕྲུལ་ཞེས་བྱ་བར་སྟོན་པ་དག་ཀྱང་ཡོད་དོ།། ལྟ་ལོག་ལེའུ་ཞེ་བཞི་པའོ།།།། འཁྲུལ་སྣང་པའི་མུ་སྟེགས་གྲུབ་མཐའ་འདི་ལྟར་འདོད། ། འཁྲུལ་པའི་སྣང་བ་འདི་དག་བདེན་པ་ཡིན་ལ།། དོན་དམ་མེད་པའི་ཕྱིར་ཟེར་བདག་ཀྱང་ཡོད་དོ།། ལྟ་ལོག་ལེའུ་ཞེ་ལྔ་པའོ།།།། ཞེ་སྡང་བསྐྱེད་པའི་མུ་སྟེགས་གྲུབ་མཐའ་འདི་ལྟར་རོ།། ཞེ་སྡང་དྲག་པོས་འབྱུང་པོ་ཚར་གཅོད་པས། ། རིགས་ཀྱི་བུ་ཞེ་སྡང་ལ་གནས་པར་བྱའོ།། ཟེར་བ་དག་ཀྱང་ཡོད་དོ།། ལྟ་ལོག་ལེའུ་ཞེ་དྲུག་པའོ།།།། ཆ་བྱད་སེམས་ཀྱི་མུ་སྟེགས་གྲུབ་མཐའ་འདི་ལྟར་རོ།། ཆ་བྱད་དུ་སེམས་འདི་རང་སངས་རྒྱས་ཡིན། ། འདི་ལ་བཅོས་སུ་མེད་ཟེར་བ་དག་ཀྱང་ཡོད་དོ།། སེམས་སངས་རྒྱས་སུ་འདོད་པའི་ལེའུ་སྟེ་ཞེ་བདུན་པའོ།།།། འཛིན་པ་དོན་མེད་མུ་སྟེགས་གྲུབ་མཐའ་འདི་ལྟར་འདོད།། ལྷའི་སྐུ་བསྒོམ་པས་སུ། ། འབྱུང་བཞིའི་བརྟེན་ཅིར་བསྒོམ་ཡང་ཆོག།། ལྷ་ཡང་འབྱུང་བཞི་ལས་གྲུབ་པ་ཡིན་ལ།། དམིགས་བརྟེན་གང་ལ་བྱས་ཀྱང་ཆོག།། ཟེར་བ་དག་ཀྱང་ཡོད་དོ།། ལྟ་ལོག་ལེའུ་ཞེ་བརྒྱད་པའོ།།།། ཁ་ཚིག་གོལ་པའི་མུ་སྟེགས་གྲུབ་མཐའ་ནི། ། ང་མུ་སྟེགས་ཡིན་པས་མུ་སྟེགས་ཀྱི་ནུས་པ་ཐམས་ཅད་དང་ལྡན་པ་ཡིན་ནོ།། མུ་སྟེགས་རྒོད་པོ་ལྟ་སྨྲ་བ་དག་ཀྱང་ཡོད་དོ། ལྟ་ལོག་ལེའུ་ཞེ་དགུ་པའོ།།།། རྟག་པ་དོན་མེད་མུ་སྟེགས་ནི། ། རྟག་པ་འདི་ཁོ་ན་ཡིན་པས།། འདི་ལ་ཅིར་ཡང་བྱར་མེད་དོ།། བཟོ་དང་བཅོས་མ་མང་ན་དོན་དང་འགལ་བ་ཡིན།། ཅེས་པ་ཡང་ཡོད་དོ།། ལྟ་ལོག་ལེའུ་ལྔ་བཅུ་པའོ།།།། ཀ་ནི་བའི་གྲུབ་མཐའ་འདི་ལྟར་འདོད། ། དོན་དམ་པ་འདི་ལ་ཕྱལ་བར་འདོད་པ།། ཀུན་རྫོབ་དོན་ཅན་དུ་འདོད་པའོ།། ལྟ་ལོག་ལེའུ་ང་གཅིག་པའོ། སེར་སྣ་བའི་མུ་སྟེགས་གྲུབ་མཐའ་འདི་ལྟར་འདོད།། སྣང་བ་འདི་ཟད་ཅིང་སྟོངས་ཀྱིས་དོགས་པའི་སྡུག་བསྔལ་དང་ལྡན་པ་འོ། ། ལྟ་བ་ལོག་ལེའུ་ང་གཉིས་པའོ།།།། བྷ་པ་རིའི་གྲུབ་མཐའ་ནི།། མཆོག་ཁྱད་པར་གྱི་དོན་ནི་གང་ཡང་མེད།། ཐུན་མོང་གི་དོན་ཅི་ཡང་ཡོད་པར་འདོད་པའོ། ། ལྟ་ལོག་ལེའུ་ང་གསུམ་པའོ།།།། ཀ་བྷི་ཤའི་གྲུབ་མཐའ་ནི།། ཐུན་མོང་དོན་ཅི་ཡང་མེད་པ་ལ།། ཁྱད་པར་མཆོག་གི་དོན་ཅི་ཡང་ཡོད་པར་འདོད་པའོ།། ལྟ་ལོག་ལེའུ་ང་བཞི་པའོ།།།། སི་དྷ་རའི་གྲུབ་མཐའ་ནི། ། ཐུན་མོང་ཁྱད་པར་གཉིས་ཀ་ལ་དོན་ཅི་ཡང་མེད་པར་འདོད་པའོ།། ལྟ་ལོག་ལེའུ་ང་ལྔ་པའོ།།།། དྷ་པིས་པའི་གྲུབ་མཐའ་ནི།། ཐུན་མོང་ཁྱད་པར་གཉིས་ཀ་ལ་དོན་ཅི་ཡང་ཡོད་པར་འདོད་པའོ།། ལྟ་ལོག་ལེའུ་ང་དྲུག་པའོ། །།། ཀ་བྷཾ་པ་ཞེས་བྱ་བའི་གྲུབ་མཐའ་ནི།། དོན་ཅི་ཡང་ཡོད་པ་ལ་དབུགས་ཆད་པ་དང་དོན་ཐམས་ཅད་ཆད་པར་འདོད་པའོ།། ལྟ་ལོག་ལེའུ་ང་བདུན་པའོ།།།། སང་གྷ་པའི་གྲུབ་འཐའ་འདི་ལྟར་འདོད། ། ང་དགེ་འདུན་གྱི་ཆ་བྱད་ལ་ཞུགས་པ་རང་གིས་ཆོག།། དོན་ཅི་ཡང་བྱར་མེད་དོ།། ཟེར་བ་དག་ཀྱང་ཡོད་དོ།། ལྟ་ལོག་ལེའུ་ང་བརྒྱད་པའོ།།།། ཤ་ཀ་རའི་གྲུབ་མཐའ་ནི། རྨམས་པར་མི་རྟག་བདེན་པའོ། ། ལུས་རྣམས་པར་མི་རྟག་པར་མི་རྟག་བདེན་པ་ནི།། ཕྱ་འམ་དབང་ཕྱུག་བདེན་པའོ།། ལྟ་ལོག་ལེའུ་ང་དགུ་པའོ།། མདོ་ཤ་ཀ་ཡི་གྲུབ་མཐའ་ནི།། ཐམས་ཅད་ཀྱི་མདོ་ཕྱ་དང་དབང་ཕྱུག་ཆེན་པོ་ལ་མ་འདུས་པ་མེད་དོ། ། འདི་གཉིས་ལ་མ་འདུས་པ་གཅིག་ཀྱང་མེད་དོ།། ཕྱ་དང་དབང་ཕྱུག་ཆེན་པོ་རི་རབ་ཀྱི་ཁ་ལ་ཡོད་ངེས་ཟེར་བ་དག་ཀྱང་ཡོད་དོ།། དེ་ལྟར་ན་ལྟ་ལོག་དྲུག་ཅུ་ཐམས་ཅད་ཀྱི་འདོད་གཞུང་དང།། གྲུབ་མཐའ་བསྟན་པའི་ལེའུ་སྟེ་དྲུག་ཅུ་ཐམ་པའོ། ། ས་མ་པ:་གཏེར་རྒྱ:་སྦས་རྒྱ:་ཟབ་རྒྱ:་སྤྱི་སྡོམས་ཁོག་དབུབ་ཀྱི་ལེའུ་སྟེ་གསུམ་པའོ།། རྒྱ་ལྟ་ལོག་དྲུག་ཅུ་ཐམ་པ་ཡང།། བསྡུ་ན་རྣམ་པ་གཉིས་སུ་འདུས། ། རྟག་པ་དང་ནི་ཆད་པའོ།། ཆད་པར་ལྟ་བའི་དོན་ནི་འདི་ལྟར་རོ།། ཕྱམ་ཆད་མུ་མེད་ཐམས་ཅད་སྟོང་པ་ཆེ།། རྒྱུན་ཆད་ནམ་མཁའ་སྟོང་པ་བཞིན།། ཆད་པར་རང་བཞིན་མེད་པར་ལྟ།། ཆད་པའི་དོན་ནི་སྟོང་པའོ། ། རྒྱུ་དང་འབྲས་བུ་གཉིས་ཀ་ཆད།། ལན་དང་སུ་མ་མེད་པར་ཆད།། ཐམས་ཅད་ཕྱལ་བ་ཉིད་དུ་འདོད།། སྟོང་པ་མེད་པའི་རྟག་པ་ནི།། རྟག་པའི་གྲུབ་མཐའ་འདི་ལྟར་འདོད།། རྒྱུ་རྟག་དངོས་པོ་འདི་ལྟར་རོ། ། རང་གི་སྙིང་གི་དཀྱིལ་ཤེད་དུ།། ཕ་ཡི་རྒྱུ་ལས་མ་བྱུང་ཞིང།། མ་ཡི་རྐྱེན་ལས་མ་བརྟེན་པར།། ཆེ་སྟེ་ཆེ་ན་སྲན་མ་ཙམ།། ཆུང་སྟེ་ཆུང་ན་ཡུང་འབྲུ་ཙམ།། ཡང་ཆུང་སྐྲ་ཡི་རྩེ་མོ་ཙམ།། སྣུམ་ལ་འདྲིལ་ལ་དཀར་ལ་དྭངས། ། དེ་བཞིན་རྒྱུ་འམ་རང་བཞིན་ཏེ།། ཡེ་ནས་མི་འགྱུར་རྟག་པར་འདོད།། དེ་ཡང་བག་ཆགས་ཕུང་པོ་འདི།། མི་འབྲལ་གཅིག་ཏུ་གནས་པས་ན།། རྒྱུ་ཡང་རྟག་པའི་གྲུབ་མཐའ་ཡིན།། འབྲས་བུ་རྟག་པ་འདི་ལྟར་རོ། ། ཕྱ་དང་དབང་ཕྱུག་ཆེན་པོ་ནི།། བརྟེན་ཅིང་མཆོད་པའི་ཡོན་ཏན་གྱིས།། དང་པོའི་ལུས་འདི་བོར་ནས་ཀྱང།། རང་རང་ས་ལ་སྐྱེ་བར་བྱེད།། ཕྱ་འམ་དབང་ཕྱུག་ཆེན་པོ་ནི།། བྱས་ཏེ་འབྲས་བུ་རྟག་པར་འདོད། ། རྟག་དང་ཆད་པ་རྣམ་པ་གཉིས།། རང་རང་དོན་ལ་མི་མཐུན་པའི།། དེ་ལ་སོགས་ཏེ་ལྟ་ལོག་རྣམས།། རྣམ་པ་བཞི་རུ་འདུས་པར་བཤད།། མུ་སྟེགས་དང་ནི་མུར་ཐུག་གཉིས།། རྒྱང་འཕེན་པ་དང་ཕྱལ་བ་བཞི། ། དེ་ཡང་བཤད་པ་འདི་ལྟ་སྟེ།། མུ་སྟེགས་རྟག་པ་ཐེར་ཟུག་གོ། མུར་ཐུག་ཕྱེད་རྟག་ཕྱེད་ཆད་དོ།། ཕྱལ་བ་ཆད་པ་ཕྱམ་ཆད་དོ།། རྒྱང་འཕེན་འབྲས་བུ་ཆད་པའོ།། དེ་ལྟར་སུམ་བརྒྱ་དྲུག་ཅུ་ཡང།། རྣམ་པ་བཞི་རུ་འདུས་པའོ། ། དེ་ཡང་རྟག་ཆད་གཉིས་སུ་འདུས།། དེ་ཡང་དོན་མེད་ཕྱལ་བར་འདུས།། འཇིག་རྟེན་ཐེག་པའི་རྐང་གྲངས་སོ།། རྐང་གྲངས་གོང་དུ་བཤད་ན་ཡང།། བསྡུས་དོན་ཟུར་ཙམ་བཤད་ལགས་ཀྱང། ། རྒྱས་པར་འདོད་གཞུང་རིམ་པར་བཀྲོལ།། དེ་ཡང་བཅའ་བ་བཞི་རུ་བསྟན།། དེ་ཡང་རྟག་ཆད་གཉིས་སུ་བསྟན།། དེ་ཡང་སྟོང་ཉིད་ཆད་ལྟར་བསྟན།། གང་ཟག་ལམ་སྣ་ནོར་དོགས་ནས།། འཇིག་རྟེན་ལྷ་མིའི་ཐེག་པར་བཤད། ། འཇིག་རྟེན་ཐེག་པའི་རྣམ་གྲངས་ཀྱི་ལེའུ་སྟེ་བཞི་པའོ།། ས་མ་ཡ:་གཏེར་རྒྱ:་སྦས་རྒྱ:་གཏད་རྒྱ:ཡང་ཅིག་གཞོན་ནུ་སྟོབས་ལྡན་གྱིས།། རྡོ་རྗེ་འཆང་ལ་ཡང་ཞུས་པ།། འཇིག་རྟེན་ཐེག་པ་དེ་ལྟར་ན། ། རིམ་དགུའི་ཐེག་པ་བཤད་དུ་གསོལ།། དེ་སྐད་ཅེས་ནི་ཞུས་པའི་ལན།། རྡོ་རྗེ་འཆང་གིས་བཀའ་སྩལ་པ།། ཀྱེ་ཧོ་གསང་བའི་བདག་པོ་ཉོན།། གཞོན་ནུ་སྟོབས་ལྡན་ཁྱོད་ཉིད་ཀྱིས།། ཐེག་པའི་སྒོ་རྣམས་ཡིད་ལ་ཟུང། ། ང་ཡི་དོན་བསྡུས་ཁྱོད་ལ་བསྟན་པར་བྱ།། ཉན་ཐོས་ཐེག་པ་འདི་ལྟ་སྟེ།། འཇུག་པའི་སྒོ་ནི་བདེན་པ་བཞི།། ཉན་ཐོས་སྤྱི་ཡི་འཇུག་སྒོ་ཡིན།། དེ་ཡང་དབྱེ་བ་གཉིས་སུ་འདོད།། བྱེ་བྲག་པ་དང་མདོ་སྡེའོ། ། བྱེ་བྲག་པ་ཡི་ལྟ་བ་ནི།། ཕུང་པོ་ཁམས་དང་སྐྱེ་མཆེད་ལ།། གཡག་རྔ་ནེའུ་གསིང་ཚུལ་དུ་འདོད།། རང་གི་བློ་ཡི་བལྟས་གྱུར་ན།། རྡུལ་དང་རྡུལ་ཕྲན་ཚུལ་དུ་འདོད།། དེ་བཞིན་རྣམ་པ་གཞིག་ནས་ནི།། སྟོང་པ་ཉིད་དུ་བསྒོམ་པའོ། ། མདོ་སྡེ་པ་ཡི་ལྟ་བ་ནི།། ཁ་ཐོན་བྱས་པའི་རང་བཞིན་དང།། ཐོས་པ་བསམ་པ་བསྒོམ་པ་གསུམ།། ཤེས་རབ་རྣམ་གསུམ་གོམས་པ་ཡི།། ས་བཅུའི་འབྲས་བུ་ཐོབ་པར་འདོད།། ཉན་ཐོས་ཕྱི་ཡི་བསྒོམ་པ་ནི། ། བདེན་པ་རྣམ་པ་བཞི་བསྒོམ་ཞིང།། འབྲས་བུ་རྣམ་བཞི་འདོད་པའོ།། དེ་ཡང་བསྒོམ་ལུགས་འདི་ལྟ་སྟེ།། འགོག་པ་བསྒོམ་པར་འདོད་པ་ལ།། ཀུན་འབྱུང་སྤང་བར་འདོད་པའོ།། འགོག་པ་བསྒོམ་ལུགས་འདི་ལྟ་སྟེ། ། ཕྱི་ཡི་འབྱུང་བ་འདི་དག་ལ།། མི་ཆགས་གནས་སུ་ཞུགས་ནས་ནི།། དང་པོ་ཟས་ལ་གོམས་པར་བྱེད།། ཟས་ལ་གོམས་པར་གྱུར་པ་དང།། བསམ་གཏན་ཏིང་འཛིན་སྒོམ་པར་བྱེད། ། བསམ་གཏན་མི་རྟོག་གཅིག་ཚུག་བསྒོམ།། རྒྱལ་བ་བྱམས་པའི་བསྟན་པ་ལ།། འབྲས་བུ་ཐོབ་པར་འདོད་པའོ།། ཀུན་འབྱུང་སྤོང་བ་འདི་ལྟར་རོ།། ཟས་ཀྱི་འདུ་ཤེས་བྲལ་བ་དང།། ཀུན་འབྱུང་རྒྱུན་ཐག་གཅོད་པར་འདོད། ། དེ་ཡང་ཞེ་སྡང་གཉེན་པོར་སྒོམ།། ཉོན་མོངས་ཐམས་ཅད་སྤོངས་པའོ།། སལ་སྒོམ་པ་འདི་ལྟ་སྟེ།། འདོད་ཆགས་གཉེན་པོར་བསྒོམ་པ་དང།། གཏི་མུག་གཉེན་པོར་བསྒོམ་པ་དང།། དེ་བཞིན་ལམ་གྱི་སྒོམ་པ་ནི། ། སྡུག་བསྔལ་སྤོང་བར་འདོད་པའོ།། ལམ་གྱི་སྒོམ་ལུགས་འདི་ལྟ་སྟེ།། འདོད་ཆགས་གཉེན་པོར་འདི་ལྟར་སྒོམ།། རང་གི་དཔྲལ་བའི་དཀྱིལ་འཁོར་དུ།། ཀེང་རུས་དཀར་པོ་མཐེ་བོང་ཙམ། ། དཀར་པོ་འོད་ཆགས་སྒོམ་པ་ལས།། དེ་ལ་བསྐྱེད་ནས་མགོ་བོ་ཙམ།། དེ་ནས་ལུས་པོ་ཙམ་པ་སྒོམ།། དེ་ནས་རང་གི་ཐོ་ཕྱི་ཙམ།། དེ་ནས་ཅེར་སྣང་ཐམས་ཅད་སྒོམ།། དེ་ལྟར་སྟོང་གསུམ་དཀར་པོས་ཏེ།། དེ་ལྟ་དཀར་པོར་གོམས་གྱུར་ན། ། འདོད་ཆགས་སྡུག་བསྔལ་སྤོངས་པའོ།། གཏི་མུག་སྡུག་བསྔལ་སྤོངས་བ་ནི།། རང་གི་སྤྱི་བོའི་གཙུག་ཏུ་ཡང།། མར་མེ་གསལ་ལ་དྭངས་པ་གཅིག། སྒོམ་པས་ཤེས་པ་གསལ་པ་དང། ། སེམས་ནི་སྟོང་པར་འདོད་པའོ།། དེས་ནི་གཏི་མུག་སྡུག་བསྔལ་སྤོངས།། དེ་ལྟར་རྣམ་བཞི་སྒོམ་པ་ཡིན།། འབྲས་བུ་རྣམ་པ་བཞི་ཐོབ་སྟེ།། འབྲས་བུ་རྣམ་བཞི་གང་ཡིན་ན།། འགོག་པ་བསྒོམས་པའི་འབྲས་བུ་ནི། ། རྒྱུན་དུ་ཞུགས་པ་ཐོབ་པ་སྟེ།། ས་དང་པོ་རབ་ཏུ་དགའ་བ་ནས།། དེ་ཡང་ས་བདུན་མན་ཆོད་དོ།། ཀུན་འབྱུང་བསྒོམས་པའི་འབྲས་བུ་ཡི།། ལན་ཅིག་ཕྱིར་མི་འོངས་བ་ཐོབ།། ས་བརྒྱད་མན་ཆད་ཐོབ་པའོ། ། ལམ་བསྒོམས་པ་ཡི་འབྲས་བུ་ནི།། དགྲ་བཅོམ་འབྲས་བུ་ཐོབ་པ་སྟེ།། ས་བཅུ་མཐར་ཕྱིན་ཐོབ་པའོ།། ས་དང་ལམ་ལ་གནས་པའི་ཚེ།། ཉན་ཅིང་ཐོས་པར་བྱེད་པའོ།། ས་བདུན་མན་ཆད་སེམས་དཔའ་ནི། ། རང་རང་དཔོན་ལ་ཉན་པའོ།། ས་བརྒྱད་མན་ཆད་སེམས་དཔའ་ནི།། སྤྲུལ་པའི་སྐུ་ལ་ཉན་པའོ།། དེ་ཡང་དངོས་པོར་མཐོང་མེད་དོ།། བྱིན་གྱིས་བརླབས་ཀྱིས་ཐོས་པའོ།། རྒྱུད་ཆེན་དྲི་མེད་ཟླ་ཤེལ་ལས། ། ཉན་ཐོས་ཐེག་པའི་གྲུབ་མཐའ་སྟེ་ལེའུ་སྟེ་ལྔ་པའོ།།།། དེ་ནས་གཞོན་ནུ་སྟོབས་ལྡན་གྱིས།། རྡོ་རྗེ་འཆང་ལ་འདི་སྐད་ཞུས།། ཀྱེ་ཀྱེ་བཅོམ་ལྡན་ཐེག་ཆེན་བདག།། ཉན་ཐོས་ཐེག་པ་དེ་ལྟར་ན།། རང་རྒྱལ་ཐེག་པ་གསུང་དུ་གསོལ། ། ཅེས་ཞུས་སོ།། དེ་ནས་སྟོན་པས་བཀའ་སྩལ་པ།། ཀྱེ་ཧོ་གཞོན་ནུ་སྟོབས་ལྡན་ཉོན།། རང་རྒྱལ་མདོ་སྡེའི་གྲུབ་མཐའ་ནི།། འཇུག་སྒོ་རྟེན་འབྲེལ་བཅུ་གཉིས་སོ། ། རྟོགས་པའི་ལྟ་བ་འདི་ལྟ་སྟེ།། གང་ཟག་བདག་ཏུ་མེད་པ་སྟེ།། ཆོས་ལ་བདག་ཏུ་མེད་པར་ལྟ།། ཚུལ་ཁྲིམས་གཉིས་བརྒྱ་ལྔ་བཅུ་བསྲུངས།། བསྒོམ་ནི་མི་རྟོག་ཆོས་ཉིད་བསྒོམ།། ཕྱི་དང་ནང་གི་རྟེན་འབྲེལ་རྣམས། ། གོམས་ནས་མཐའ་རུ་ཕྱིན་པ་དང།། འབྲས་བུ་མཐར་ཕྱིན་ཚད་དུ་འདོད།། དེ་ཡང་དཔེ་མཚོན་འདི་ལྟ་སྟེ།། དཔེར་ན་དུར་ཁྲོད་མི་རོ་བཞིན།། རིམ་པ་ལྟར་དུ་ཁྲིད་པ་ནི།། རང་གི་བུ་སློབ་རྗེས་འཇུག་རྣམས། ། དུར་ཁྲོད་ཆེན་པོར་ཁྲིད་ནས་སུ།། རོ་རྣམས་བསྟན་ལ་འདི་སྐད་དོ།། རོ་འདི་དང་པོ་གང་ལས་འབྱུང།། བར་དུ་གང་ལྟར་གནས་པ་ཡིན།། ད་ལྟར་འདི་ཡི་དངོས་པོ་ཅི།། ཟེར་ནས་དཔེ་ཡི་མཚོན་པ་དྲིས།། དེ་ཡང་བྱུང་ལུགས་འདི་ལྟ་སྟེ། ། རོ་འདི་དང་པོ་མ་རིག་པ་ལས་བྱུང།། མ་རིག་པ་ལས་འདུ་བྱེད་དོ།། འདུ་བྱེད་རྣམ་པར་ཤེས་པའོ།། རྣམ་པར་ཤེས་ལས་མིང་བྱུང་ཞིང།། མིང་ལས་གཟུགས་ཀྱི་རང་བཞིན་བྱུང། ། གཟུགས་ལ་སྐྱེ་མཆེད་རྣམ་དྲུག་བྱུང།། སྐྱེ་མཆེད་དྲུག་ལས་རེག་པ་བྱུང།། རེག་པ་ལས་ནི་ཚོར་བ་བྱུང།། ཚོར་བ་ལས་ནི་སྲེད་པ་བྱུང།། སྲེད་པ་དག་ལས་ལེན་པ་བྱུང།། ལེན་པ་ལས་ནི་སྲིད་པ་བྱུང།། སྲིད་པ་ལས་ནི་སྐྱེ་བ་བྱུང། སྐྱེ་བ་ལས་ནི་རྒས་པ་བྱུང།། རྒས་པ་ལས་ནི་ན་བ་བྱུང།། ན་བ་ལས་ནི་ཤི་བ་བྱུང།། དེ་བཞིན་རྟེན་འབྲེལ་བཅུ་གཉིས་བསྒོམ།། དེ་ལྟར་བསྒོམས་པའི་ཡོན་ཏན་གྱིས།། ས་བཅུའི་ས་ནི་འབྲས་བུ་ཐོབ། ། འཇུག་སྒོ་གཅིག་ལ་འདི་ལྟར་རོ།། མི་སྡུག་རྣམ་པ་བརྒྱད་སྒོམ་སྟེ།། དུར་ཁྲོད་ཆེན་པོར་ཕྱིན་ནས་སུ།། རང་གི་ལུས་ལ་འདི་ལྟར་བསྒོམ།། དང་པོ་རྣམ་པར་བསྔོ་བར་བསྒོམ།། དེ་ནས་ཐམས་ཅད་དམར་བར་བསྒོམ། ། དེ་ནས་ཐམས་ཅད་བརྣག་པར་བསྒོམ།། དེ་ནས་ཐམས་ཅད་རུལ་བར་བསྒོམ།། དེ་ནས་ཐམས་ཅད་འབུ་ཞུགས་བསྒོམ།། དེ་ནས་འཐོར་ནས་དངོས་མེད་བསྒོམ།། དེ་ནས་ཐམས་ཅད་གཅིག་ལ་བསྡུ། ། དེ་ནས་ཐམས་ཅད་དཀར་པོར་བསྒོམ།། དེ་བཞིན་འདོད་ཆགས་གཉེན་པོ་རུ།། མི་སྡུག་རྣམ་པ་བརྒྱད་བསྒོམ་མོ།། ཉན་དང་ཐོས་པ་མེད་པས་ཏེ།། དེ་ཕྱིར་རང་རྒྱལ་གྲུབ་མཐའ་ཡིན།། རྒྱུད་ཆེན་དྲི་མེད་ཟླ་ཤེལ་ལས། ། རང་རྒྱལ་ཐེག་པའི་གྲུབ་མཐའ་སྟེ།། རྒྱུད་ཚིག་ལེའུ་དྲུག་པའོ།།།། ཡང་ཅིག་གཞོན་ནུ་སྟོབས་ལྡན་གྱིས།། རྡོ་རྗེ་འཆང་ལ་འདི་སྐད་ཞུས།། ཀྱེ་ཀྱེ་བཅོམ་ལྡན་རྡོ་རྗེ་འཆང།། རང་རྒྱལ་ཐེག་པ་དེ་ལྟར་ན། ། བྱང་ཆུབ་སེམས་དཔའི་གྲུབ་མཐའ་དང།། ཐེག་པའི་འདོད་གཞུང་ཇི་ལྟར་ལགས།། ཞུས་པའི་ལན་དུ་བཀའ་སྩལ་པ།། ཀྱེ་ཧོ་གཞོན་ནུ་སྟོབས་ལྡན་ཉོན།། ངས་བསྟན་ལེགས་པར་ཡིད་ལ་ཟུང།། བྱང་ཆུབ་སེམས་དཔའི་གྲུབ་མཐའ་ནི། ། འཇུག་པའི་སྒོ་ནི་རྣམ་པ་གཉིས།། དོན་དམ་དང་ནི་ཀུན་རྫོབ་བོ།། བསྲུང་བའི་ཚུལ་ཁྲིམས་ཡན་ལག་ནི།། སྡོམ་པ་བརྒྱད་ཅུ་རྩ་ལྔ་བསྲུང།། རྟོགས་པའི་ལྟ་བ་འདི་ལྟ་སྟེ།། སྟོང་པ་ཉིད་ཀྱི་ཡེ་ཤེས་བསྒོམ། ། དོན་དམ་ཀུན་རྫོབ་འདི་ལྟ་སྟེ།། ཀུན་རྫོབ་རྣམ་པ་གཉིས་སུ་འདུས།། ལོག་པ་དང་ནི་ཡང་དག་གོ། ལོག་པའི་ཀུན་རྫོབ་འདི་ལྟ་སྟེ།། རྟག་པར་སྣང་བ་ཐམས་ཅད་དང།། མཐུན་པར་སྣང་བས་དོན་བྱེད་ནུས། ། བརྟགས་ན་ངོ་བོ་ཉིད་ཀྱིས་དབེན།། དོན་ནི་མེད་པ་ལྟར་སྣང་ངོ།། དེ་ནི་ལོག་པའི་ཀུན་རྫོབ་བོ།། ཡང་དག་ཀུན་རྫོབ་འདི་ལྟ་སྟེ།། དགེ་བ་བཅུ་ཡི་ལས་རྣམས་དང།། དཀར་པོར་གྱུར་པའི་བསམ་པ་དང། ། མོས་པའི་བསམ་པ་ཇི་སྙེད་པ།། ཡང་དག་ཀུན་རྫོབ་ཆེན་པོར་འདོད།། སྦྱིན་པ་ལ་སོགས་ཚུལ་ཁྲིམས་དང།། དེ་བཞིན་ཏིང་འཛིན་ལ་སོགས་རྣམས།། ཡང་དག་ཀུན་རྫོབ་ཆེན་པོའོ།། དོན་དམ་ལ་ཡང་རྣམ་པ་གཉིས། ། མཚན་མ་ཚིག་གི་དོན་དམ་དང།། ཡང་དག་སེམས་ཀྱི་དོན་དམ་མོ།། མཚན་མ་ཚིག་གི་དོན་དམ་གྱིས།། ཐམས་ཅད་སུན་འབྱིན་རྩོད་པའོ།། དེ་ཡང་མཚན་མའི་རིག་པ་ལ།། གང་དེ་ཉིད་ལ་དེ་ལྟར་སྣང། ། ཚིག་གི་སྟོང་པ་ཆེན་པོ་ལ།། དོན་ལ་སྟོང་ཞིང་མ་རྟོགས་པའི།། མཚན་མ་ཚིག་གི་དོན་དམ་མོ།། ཡང་དག་སེམས་ཀྱི་དོན་དམ་ནི།། སྟོང་པ་ཅད་མེད་སྒོམ་པར་འདོད།། དཔེར་ན་ནམ་མཁའ་སྟོང་པ་ལས། ། སྟོང་པའི་དོན་ཉིད་དེ་བཞིན་ནོ།། སྟོང་ཉིད་ཕྱམ་ཆད་མུ་མེད་དོ།། ཞེས་ནི་སྤྱོད་ཅིང་ལགས་པའོ།། ལམ་ནི་འདི་ལྟར་འདོད་པ་སྟེ།། ས་ལམ་སྦྱོང་བར་འདོད་པའོ།། དེ་ཡང་དྲོད་རྩེ་བཟོད་པ་དང།། རྩེ་མོ་འཇིག་རྟེན་ཆོས་མཆོག་གོ། དྲོད་ལ་རྣམ་པ་གསུམ་གྱིས་བསྟན།། ཕྱི་དང་ནང་དང་གཉིས་ཀའོ།། ཕྱི་ཡི་དྲོད་སྐྱེས་འདི་ལྟ་སྟེ།། ས་གཉིས་དྲི་མ་མེད་པ་ལ།། དང་པོའི་སྣང་བ་སྟོང་པར་སྐྱེ།། དེ་ནི་ཏིང་འཛིན་ཉམས་ལེན་ཏེ། ། ས་གཉིས་དག་ལ་སྐྱེ་བར་འགྱུར།། ནང་གི་དྲོད་ནི་དྲུག་པ་ལ།། སྟོང་པ་རིག་བྱེད་དག་ཏུ་རྟོགས།། གཉིས་ཀའི་དྲོད་ནི་འདི་ལྟ་སྟེ།། ས་བདུན་དག་ལ་སྐྱེ་བར་འགྱུར།། ས་བརྒྱད་བཟོད་པ་ཐོབ་པ་སྟེ།། ས་དགུ་རྩེ་མོ་མཐར་ཕྱིན་ནོ། ། ས་བཅུ་ཏིང་འཛིན་ཆོས་ཀྱི་མཆོག། དེ་བཞིན་ས་བཅུ་ཐོབ་པར་འདོད།། དེ་ནི་བྱང་ཆུབ་ཐེག་པ་སྟེ།། སྟོང་པ་ཚིག་མེད་ཡི་གེ་མེད།། ཅང་མེད་སྟོང་པར་འདོད་པའོ།། རྒྱུད་ཆེན་དྲི་མེད་ཟླ་ཤེལ་ལས། ། བྱང་ཆུབ་སེམས་དཔའི་ཐེག་པ་སྟེ།། རྒྱུད་ཚིག་ལེའུ་བདུན་པའོ།།།། ཡང་ཅིག་གཞོན་ནུ་སྟོབས་ལྡན་གྱིས།། སྟོན་པ་ཉིད་ལ་འདི་སྐད་ཞུས།། ཀྱེ་ཧོ་སྟོན་པ་རྡོ་རྗེ་འཆང།། མཚན་ཉིད་བྱང་སེམས་གྲུབ་མཐའ་དང། ། ཐེག་པའི་བྱེ་བྲག་དེ་ལྟར་ན།། ཀྲི་ཡའི་ཐེག་པ་གསུང་དུ་གསོལ།། ཞུས་པའི་ལན་དུ་འདི་ལྟར་རོ།། ཀྲི་ཡ་ཐེག་པའི་གྲུབ་མཐའ་ནི།། འཇུག་པའི་སྒོ་ནི་དག་པ་གསུམ།། ཁྲུས་དང་གཙང་སྦྲ་མཆོད་པའོ།། སྲུང་བའི་དམ་ཚིག་འདི་ལྟར་རོ། ། ལུང་གཅིག་ཆུ་ལ་མི་འཐུང་ཞིང།། མ་ཡེངས་ངང་ལ་སྤྱོད་པའོ།། བྱ་བ་དག་པ་རྣམ་གསུམ་བྱེད།། དག་པ་རྣམ་གསུམ་གང་ཞེ་ན།། ལྷ་དང་དཀྱིལ་འཁོར་དག་པ་དང།། རྫས་དང་ཡོ་བྱད་དག་པ་དང། ། སྔགས་དང་ཏིང་འཛིན་དག་པའོ།། རྟོགས་པའི་ལྟ་བ་འདི་ལྟར་རོ།། ལྷ་དང་རྣལ་འབྱོར་དག་པ་གཉིས།། རྗེ་དང་འབངས་ཀྱི་ཚུལ་དུ་ལྟ།། སྤངས་པའི་རིམ་པ་འདི་ལྟ་སྟེ།། ཉ་དང་ཤ་དང་སྒོག་པ་དང། ། དེ་བཞིན་ཆང་ལ་སོགས་པ་སྤངས།། ཏིང་ངེ་འཛིན་ལ་ཞེན་པའོ།། རྒྱུད་ཆེན་དྲི་མེད་ཟླ་ཤེལ་ལས།། ཀྲི་ཡའི་གྲུབ་མཐའ་བསྟན་པ་དང།། ཨུ་པ་ཡ་ཡི་སྤྱོད་པ་བསྟན་པ་སྟེ།། རྒྱུད་ཚིག་ལེའུ་བརྒྱད་པའོ། །།། ཡང་ཅིག་གཞོན་ནུ་སྟོབས་ལྡན་གྱིས།། རྡོ་རྗེ་འཆང་ལ་འདི་སྐད་ཞུས།། ཨ་ཧོ་སྟོན་པ་རྡོ་རྗེ་འཆང།། ཀྲི་ཡའི་ཐེག་པ་དེ་ལྟར་ན།། ཨུ་པའི་ཐེག་པ་གསུང་དུ་གསོལ།། ཞུས་པའི་ལན་དུ་འདི་སྐད་དོ། ། གཞོན་ནུ་སྟོབས་ལྡན་ལེགས་པར་ཟུང།། ཨུ་པའི་ཐེག་པ་འདི་ལྟར་རོ།། ལྟ་བ་ཡོ་ག་དང་མཐུན།། སྤྱོད་པ་ཀྲི་ཡར་སྤྱོད་པའོ།། དེ་ཕྱིར་གཉིས་ཀའི་རྒྱུད་ཅེས་གྲགས།། ཨུ་པ་གཉིས་ལྡན་དེ་ལ་ཟེར།། རྒྱུད་ཆེན་དྲི་མེད་ཟླ་ཤེས་ལས། ། ཨུ་པ་ཡ་ཡི་གྲུབ་མཐའ་དང།། གཉིས་ལྡན་གྱི་ལེའུ་དགུ་པའོ།།།། ལྷ་དང་བདག་ཉིད་དཔོན་གཡོག་ལྟ།། ལུས་ངག་ཡིད་གསུམ་ཕྱག་རྒྱ་བསྒོམ།། རང་བཞིན་མི་དགེ་བཅུ་པོ་སྤངས།། འབྲས་བུ་རྡོ་རྗེ་འཆང་གི་ས།། ཨུ་པ་གཉིས་ལྡན་གྲུབ་མཐའ་འོ། ། ས་མ་ཡཱ།། ཡང་ཅིག་གཞོན་ནུ་སྟོབས་ལྡན་གྱིས།། ཀྱེ་ཀྱེ་སྟོན་པ་རྡོ་རྗེ་འཆང།། ཨུ་པའི་གྲུབ་མཐའ་དེ་ལྟར་ན།། ཡོ་གའི་གྲུབ་མཐའ་གསུང་དུ་གསོལ།། ཞུས་པའི་ལན་དུ་བཀའ་སྩལ་པ།། ཀྱེ་མ་གཞོན་ནུ་སྟོབས་ལྡན་ཉོན། ། ཡོ་གའི་གྲུབ་མཐའ་འདི་ལྟར་རོ།། འཇུག་པའི་སྒོ་ནི་བྱང་ཆུབ་ལྔ།། ལྷ་དང་བདག་གཉིས་སྤུན་གྲོགས་ལྟ།། བསྲུང་བའི་དམ་ཚིག་མ་ཁྲེལ་རྣམ་གསུམ་བསྲུངས།། སྤྱོད་པ་དགག་སྒྲུབ་མེད་པར་སྤྱོད།། མངོན་བྱང་བྱང་ཆུབ་ལྔ་པོ་ནི། ། གདན་གྱི་སྒོ་ནས་བྱང་ཆུབ་དང།། སྐུ་ཡི་སྒོ་ནས་བྱང་ཆུབ་དང།། ཕྱག་མཚན་སྒོ་ནས་བྱང་ཆུབ་དང།། བསྐྱེད་པའི་སྒོ་ནས་བྱང་ཆུབ་དང།། ཡིག་འབྲུའི་སྒོ་ནས་བྱང་ཆུབ་སྟེ།། དེ་ལྟར་བྱང་ཆུབ་ལྔ་ལ་སྤྱོད།། མ་ཁྲེལ་གསུམ་པོ་འདི་ལྟ་སྟེ། ། ཡི་དམ་ལྷ་ཡི་མ་ཁྲེལ་དང།། སློབ་དཔོན་མཆེད་ཀྱི་མ་ཁྲེལ་དང།། རང་གི་སེམས་ཀྱི་མ་ཁྲེལ་གསུམ།། དམ་ཚིག་ཡིན་པས་དམ་དུ་བསྲུངས།། ལྷ་དང་རྣལ་འབྱོར་བདག་ཉིད་ཀྱང།། སྤུན་དང་གྲོགས་པོའི་ཚུལ་དུ་འདོད།། ལྷ་ཡི་དཀྱིལ་འཁོར་ཐམས་ཅད་ཀུན། ། བདག་དང་གཉིད་མེད་གཅིག་ཏུ་བསྒོམ།། ལྷ་ཉིད་རང་ལ་རང་ཉིད་ལྷ།། དེ་ལྟར་བདག་དང་ལྷ་ཡི་འཕྲོ་འདུར་འདོད།། དེ་ནི་ཡོ་གའི་གྲུབ་མཐའ་འོ།། རྒྱུད་ཆེན་དྲི་མེད་ཟླ་ཤེལ་ལས།། ཡོ་གའི་ཐེག་པ་བཤད་པ་དང། ། གྲུབ་མཐའི་ལེའུ་སྟེ་བཅུ་པའོ།།།། ཡང་ཅིག་གཞོན་ནུ་སྟོབས་ལྡན་གྱིས།། སྟོན་པ་ཉིད་ལ་ཡང་ཞུས་པ།། ཀྱེ་ཧོ་སྟོན་པ་རྡོ་རྗེ་འཆང།། ཡོ་གའི་གྲུབ་མཐའ་གསུང་ན་ཡང།། མ་ཧཱའི་གྲུབ་མཐའ་གསུང་དུ་གསོལ།། ཞུས་པའི་ལན་དུ་འདི་སྐད་དོ། ། མ་ཡེངས་ལེགས་པར་ཡིད་ལ་ཟུང།། མ་ཧཱའི་གྲུབ་མཐའ་འདི་ལྟ་སྟེ།། དེ་བཞིན་ཉིད་ཀྱི་ཏིང་འཛིན་སོགས།། འཇུག་སྒོ་ཏིང་འཛིན་རྣམ་གསུམ་མོ།། རྟོགས་པའི་ལྟ་བ་ལྷ་དང་ལྷ་མོར་ལྟ། ། བསྲུང་བའི་ཚུལ་ཁྲིམས་རྩ་བ་གསུམ་ཡིན་ཏེ།། ལུས་ངག་ཡིད་དང་གསུམ་དུ་འདུས།། འབྲས་བུ་ཐབས་ཤེས་གཉིས་སུ་མེད།། ཏིང་འཛིན་རྣམ་གསུམ་འདི་ལྟ་སྟེ།། དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན།། རྟོག་མེད་སང་ངེ་སལ་ལེའོ། ། ཀུན་ཏུ་སྣང་གི་ཏིང་ངེ་འཛིན།། གསལ་ལ་ཡེངས་པ་མེད་པ་སྒོམ།། དེ་བཞིན་རྒྱུ་ཡི་ཏིང་ངེ་འཛིན།། ཧཱུཾ་ལས་སེམས་དཔའ་གསུམ་བརྩེགས་སྒོམ།། བདག་ཉིད་དམ་ཚིག་སེམས་དཔའ་ལ། ། ཕུན་སུམ་ཚོགས་པ་བཞི་དང་ལྡན།། ཏིང་འཛིན་ཡིག་འབྲུའི་སེམས་དཔའ་ལ།། གསལ་བ་རྣམ་པ་གསུམ་དང་ལྡན།། ཏིང་འཛིན་སེམས་དཔའ་འདི་ལྟ་སྟེ།། ཞི་བ་དང་ནི་ཁྲོ་བོ་ཡིན།། རྒྱུ་ཡི་ཏིང་འཛིན་འདི་ལྟ་སྟེ། ། ཡཾ་ལས་རླུང་གི་དཀྱིལ་འཁོར་བསྒོམ།། རཾ་ལས་མེ་ཡི་དཀྱིལ་འཁོར་བསྒོམ། ཁཾ་ལས་ཆུ་ཡི་དཀྱིལ་འཁོར་ཟླུམ།། ར་ལས་ར་ཀྟའི་རྒྱ་མཚོ་འཁྱིལ།། སུམ་ལས་གསེར་གྱིས་གཞི་བདལ།། ཀེཾ་ལས་རུས་པའི་རི་རབ་སྟེང། ། བྷྲུཾ་ལས་རཏྣའི་གཞལ་ཡས་ཁང།། པཾ་ལས་པདྨ་འདབ་སྟོང་ལྡན།། ཨ་ལས་ཟླ་བའི་དཀྱིལ་འཁོར་རྒྱས།། མ་ལས་ཉི་མའི་དཀྱིལ་རྒྱས།། སང་ཧ་ར་ན་ཧཱུཾ་ཞེས་པས་ཚུར་ལ་བསྡུས་ཤིང་བསྟིམ་པའོ།། ཕ་ར་ན་ཕཊ་ཀྱིས་ཕར་ལ་འཕྲོས། ། ཡིག་འབྲུ་འོད་ཟེར་བསམ་མི་ཁྱབ།། རབ་ཏུ་སྤྲུལ་ནས་ང་རྒྱལ་ལྡན།། རྣམ་པ་ལྷ་དང་སྟོང་གསལ་ལོ།། དེ་ནི་ཏིང་འཛིན་གསུམ་དུ་འདོད།། དམ་ཚིག་རྣམ་གསུམ་འདི་ལྟ་སྟེ།། ལུས་ཀྱི་སྒོ་ནས་སྲོག་གཅོད་པ། ། མ་བྱིན་ལེན་དང་མི་ཚངས་སྤྱོད།། དེ་ནི་སྐུ་ཡི་དམ་ཚིག་ཡིན།། ངག་གི་སྒོ་ནས་བརྫུན་དང་ཕྲ་མ་སྤངས།། དེ་ནི་གསུང་གི་དམ་ཚིག་ཡིན།། ཡིད་ཀྱི་བརྣབ་སེམས་གནོད་སེམས་དང།། ལོག་ལྟ་བསམ་ངན་སྤང་བར་བྱ། ། དེ་ནི་ཐུགས་ཀྱི་དམ་ཚིག་ཡིན།། ཐབས་དང་ཤེས་རབ་འདུ་འབྲལ་མེད་པར་རྟོགས།། དེ་ནི་ཧཱའི་གྲུབ་མཐའ་ཡིན།། རྒྱུད་ཆེན་ནི་དྲི་མེད་ཟླ་ཤེལ་ལས།། མ་ཧཱ་ཡོ་གའི་འདོད་གཞུང་སྟེ།། རྒྱུད་ཚིག་ལེའུ་བཅུ་གཉིས་པའོ། །།། ཡང་གཅིག་གཞོན་ནུ་སྟོབས་ལྡན་གྱིས།། སྟོན་པ་ཉིད་ལ་ཡང་ཞུས་པ།། ཀྱེ་ཀྱེ་སྟོན་པ་རྡོ་རྗེ་འཆང།། མཧཱའི་གྲུབ་མཐའ་དེ་ལྟར་ན།། ལུང་ཆེན་ཨ་ནུའི་གྲུབ་མཐའ་གང།། ཞུས་པའི་ལན་དུ་བཀའ་སྩལ་པ། ། ཀྱེ་ཧོ་རྡོ་རྗེ་འཛིན་པ་ཉོན།། ལུང་ཆེན་ཨ་ནུའི་ཐེག་པའི་གྲུབ་མཐའ་ནི།། དབྱིངས་དང་ཡེ་ཤེས་རྣམ་པ་གཉིས།། འདུ་འབྲལ་མེད་པའི་རྡོ་རྗེར་འདོད།། འཇུག་སྒོ་ཅིག་ཅར་རིམས་ཀྱིས་གཉིས། ། རྟོགས་པའི་ལྟ་བ་འདུ་འབྲལ་མེད།། ཅིག་ཅར་འཇུག་སྒོ་གང་ཞེ་ན།། ལྷ་རྣམས་མ་བསྐྱེད་སྙིང་པོ་དྲན་པས་རྫོགས།། རིམ་ཀྱིས་འཇུག་པ་གང་ཞེ་ན།། དབྱིངས་དང་ཡེ་ཤེས་རིམ་ཞུགས་ནས།། རྡོར་འཛིན་ས་ལ་འབྲས་བུ་ཐོབ། ། བསྲུང་བའི་དམ་ཚིག་འདི་ལྟར་རོ།། གསང་སྔགས་དོན་སྟོན་རྟག་ཏུ་བསྟོད།། ཅི་འབྱོར་བ་ཡི་མཆོད་པ་འབུལ།། སློབ་དཔོན་དང་ནི་དེ་བཞིན་གཤེགས།། ཁྱད་མེད་གཅིག་གི་ངོ་བོར་གནས། ། མདོར་བསྡུས་དབྱིངས་དང་ཡེ་ཤེས་སོ།། ལུང་ཆེན་ཨ་ནུའི་གྲུབ་མཐའ་འོ།། རྒྱུད་ཚིག་ཨ་ནུའི་ལེའུ་སྟེ་བཅུ་གསུམ་པའོ།། ས་མ་ཡཱ:་ཡང་ཅིག་གཞོན་ནུ་སྟོབས་ལྡན་གྱིས།། རྡོ་རྗེ་འཆང་ལ་ཡང་ཞུས་པ། ། ཨ་ནུའི་གྲུབ་མཐའ་གསུངས་ན་ཡང།། ཨ་ཏིའི་གྲུབ་མཐའ་གསུང་དུ་གསོལ།། ཞུས་པའི་ལན་དུ་འདི་སྐད་གསུངས།། ཉོན་ཅིག་གཞོན་ནུ་རྡོ་རྗེ་འཛིན།། རྫོགས་ཆེན་ཨ་ཏིའི་གྲུབ་མཐའ་ནི།། ཐེག་པ་མདོར་བསྡུས་བཤད་པར་བྱ། ། ལྟ་བ་ཕྱིན་ཅི་མ་ལོག་པ།། རྫོགས་ཆེན་ཨ་ཏི་ཡོ་ག་ལ།། གཅིག་རྫོགས་གཉིས་རྫོགས་ཐམས་ཅད་རྫོགས།། གཅིག་བྱུང་གཉིས་བྱུང་ཐམས་ཅད་བྱུང།། གཅིག་སྐྱེས་གཉིས་སྐྱེས་ཐམས་ཅད་སྐྱེས། ། གཅིག་མེད་གཉིས་མེད་ཐམས་ཅད་མེད།། དེ་བཞིན་རྫོགས་ཆེན་ཨ་ཏི་ལ།། བྱས་པའི་ཆོས་ནི་ཀ་ནས་དག། བྱ་དང་བྱེད་པ་མེད་པའོ།། རྫོགས་པ་ཆེན་པོའི་དོན་ཉིད་ལ།། དམ་ཚིག་བསྲུང་དུ་མེད་པས་ཏེ། ། ཡེ་ནས་བསྲུང་དང་བྲལ་བའོ།། མེད་པ་ཕྱལ་བ་ལྷུན་གྲུབ་ཆེ།། ཉག་གཅིག་ཟང་ཐལ་ཉིད་དུ་འོ།། གསང་སྔགས་ཀུན་གྱི་དགོངས་པ་ཆེ།། རྫོགས་ཆེན་ཨ་ཏི་ཡོ་ག་ནི།། དཔེར་ན་གཅན་གཟན་སེང་གེ་བཞིན། ། རང་རིག་གཏན་ལ་ཕེབས་པ་སྟེ།། ཐེག་དམན་ཟིལ་གྱིས་གནོན་པའོ།། རང་བྱུང་རང་ལ་ཐིམ་པའི་སྐུ་གསུམ་དོན།། སྐྱེ་མེད་དབྱིངས་ལས་སྒོམ་མེད་ཆེན་པོའོ།། བསྒོམ་བྱ་སྒོམ་བྱེད་གཉིས་དང་བྲལ།། འཛིན་པ་མེད་པའི་རང་གྲོལ་ནི། ། དཔེར་ན་སྦྲུལ་གྱི་མདུད་པ་བཞིན།། རང་གྲོལ་རང་སངས་ཆེན་པོའོ།། དེ་བཞིན་མཚན་མའི་བསམ་པ་རྣམས།། རང་གྲོལ་རང་སངས་ཆེན་པོའོ།། རྫོགས་ཆེན་ཨ་ཏིའི་ཐེག་པ་ལ།། རེ་དང་དོགས་པ་ག་ལ་ཡོད། ། རེ་དོགས་ཡོད་ན་ལྟུང་བའི་རྒྱུ།། དེ་བཞིན་འཛིན་མེད་རང་གྲོལ་ལོ།། དཔེར་ན་མཚན་མར་སྣང་བ་ཡང།། རང་ལས་བྱུང་ཞིང་རང་ལ་ཐིམ།། དེ་བཞིན་རྫོགས་ཆེན་ཨ་ཏི་ལ།། སྒྲུབ་མེད་སྒྲུབ་དང་བྲལ་བའོ། ། བྱས་མེད་བྱུང་ས་མེད་པའོ།། འགག་མེད་ཁྱབ་གདལ་འུབ་ཆུབ་བོ།། འགྱུར་མེད་ཀློང་ཡངས་ཆེན་པོའོ།། ཆོས་མེད་སངས་རྒྱས་མེད་པའོ།། གནས་མེད་ཡེ་ཤེས་མེད་པའོ།། སེམས་མེད་ཡིད་མེད་སངས་རྒྱས་མེད། ། དེ་ནི་ཨ་ཏིའི་གྲུབ་མཐའ་འོ།། རྒྱུད་ཆེན་དྲི་མེད་ཟླ་ཤེལ་ལས།། ཐེག་པ་རིམ་དགུའི་འདོད་གཞུང་དང།། དོན་རྣམས་བསྡུས་ནས་དབྱེ་བ་བསྟན།། ཐེག་པ་རིན་ཆེན་དོན་བསྡུས་ཀྱི།། ཕྱི་དང་ཁྱད་པར་བསྟན་པ་ཡི། ། རྒྱུད་ཚིག་ལེའུ་བཅུ་བཞི་པའོ།། སྟོན་པ་ཉིད་ཀྱི་བསྟན་པའོ།། ས་མ་ཡཱ། གཏེར་རྒྱ་སྦས་རྒྱ་ཟབ་རྒྱ། དེ་ནས་གཞོན་ནུ་སྟོབས་ལྡན་གྱིས། ། སྟོན་པ་རྡོ་རྗེ་འཆང་ཆེན་ལ།། འདི་སྐད་ཅེས་ནི་ཞུ་བ་ཕུལ།། ཀྱེ་མ་སྟོན་པ་རྡོ་རྗེ་འཆང།། ཐེག་པའི་དབྱེ་བ་བསྟན་ན་ཡང།། གྲུབ་མཐའ་མདོར་བསྡུས་བཤད་ན་ཡང།། སེམས་ཅན་རྣམས་ཀྱིས་མི་གོ་བས། ། མ་གྲུབ་ཐོག་མའི་གོང་དག་ཏུ།། ཀུན་ཁྱབ་ཡེ་ཤེས་གནས་པ་ལ།། འཁྲུལ་མེད་འཁྲུལ་དང་གནས་པའི་ཚུལ།། ལམ་དང་འཆར་སྒོ་ཡུལ་གང་གསལ།། ཉམས་ལེན་གོང་འཕེལ་གྲོལ་བའི་རྟགས། ། རྐྱེན་དང་བར་ཆད་སུ་དང་འཕྲད།། སྟོན་པ་ཉིད་ཀྱིས་ལེགས་པར་གསུངས།། དེ་སྐད་ཅེས་ནི་ཞུས་པའི་ལན།། སྟོན་པ་ཉིད་ཀྱིས་བཀའ་སྩལ་པ།། ཉོན་ཅིག་གཞོན་ནུ་དཔའ་བོ་ཆེ།། སྟོབས་དང་ལྡན་པ་ཚུར་ཉོན་ཅིག། ། མ་གྲུབ་ཐོག་མའི་གོང་དག་ཏུ།། ཀུན་ཁྱབ་ཡེ་ཤེས་འདི་ལྟར་རོ།། ཐོག་མའི་ཀ་དག་གསལ་སྟོང་ཁྱབ།། ངོ་བོ་སྟོང་ལ་རང་བཞིན་གསལ།། ཐུགས་རྗེ་ཀུན་ཏུ་སྣང་ནུས་པས།། དེ་ཡང་ཡེ་ཤེས་ཆེན་པོ་ཉིད། ། ཐོག་མའི་ཀ་དག་གསལ་སྟོང་ལ།། རང་བཞིན་ཉིད་ནི་འདི་ལྟ་བུ།། སུས་ཀྱང་མ་བྱས་རང་གསལ་ཉིད།། ཡེ་ཉིད་ནས་ནི་རང་བཞིན་ཁྱབ།། རང་བྱུང་ཡེ་ཤེས་རང་ལས་བྱུང།། མ་བཅད་པ་ཡི་ཡུལ་ཅན་ཡིན། ། སྔར་འདས་ཕྱིས་འབྱུང་ད་ལྟ་མེད།། ལས་དང་བག་ཆགས་མ་རིག་མེད།། ཡིད་དང་འཁོར་བ་ཤེས་རབ་མེད།། མྱང་འདས་དག་ཀྱང་ཡོད་མ་མྱོང།། རིག་པ་ཉིད་ཀྱང་ཡོད་མ་ཡིན།། ཡེ་ཤེས་སུ་ཡང་སྣང་བ་མེད། ། ཀྱེ་མ་རིག་སྟོང་ཉག་གཅིག་ཉོན།། རང་བྱུང་ཡེ་ཤེས་སྲོག་མེད་པས།། དགེ་སྡིག་གཉིས་ཀྱི་མཐའ་ལས་འདས།། རང་བྱུང་ཡེ་ཤེས་བྱེད་དང་བྲལ།། དབྱིངས་རིག་གཉིས་ལས་འདས་པའོ།། རང་བྱུང་ཡེ་ཤེས་མི་གཡོ་བས། ། སྣང་བའི་རྟོག་པ་ཆོད་པའོ།། རང་བྱུང་ཡེ་ཤེས་འདུ་འབྲལ་མེད།། སྐུ་དང་ཡེ་ཤེས་མངོན་སྣང་ཉིད།། རང་བྱུང་ཡེ་ཤེས་སྣང་མཐའ་བྲལ།། ཡུལ་དང་ཡུལ་ཅན་ཀུན་ལས་འདས།། རང་བྱུང་ཡེ་ཤེས་རྩིས་མེད་པས། ། གཟུང་འཛིན་གཉིས་ལས་འདས་པའོ།། རང་བྱུང་ཡེ་ཤེས་ཕྱི་ནང་མེད།། སྐྱོན་དང་ཡུལ་ཅན་ལན་ལས་འདས།། རང་བྱུང་ཡེ་ཤེས་འཁྲུལ་པ་མེད།། ཀ་དག་ཡིན་མིན་མཐའ་ལས་འདས།། རང་བྱུང་ཡེ་ཤེས་ཆོས་མེད་མཐའ་ལས་འདས། ། རང་བྱུང་ཡེ་ཤེས་འགྱུ་བྱེད་ཤེས་རབ་མེད།། རང་བྱུང་ཡེ་ཤེས་ཆེན་པོའི་སྣང་བ་ལ།། སྟོང་པ་སྣང་བ་མ་སྤངས་རྫོགས།། ངོ་བོ་ཉིད་ཀྱི་སྣང་བ་ལ།། ངོ་བོ་ཉིད་ཀྱི་སྐུ་ཤར་ཏེ།། ཆོས་སྐུ་ཐིག་ལེ་ཉག་གཅིག་གོ། ངོ་བོ་ཉིད་ཀྱི་སྣང་བ་ནི།། ཡེ་ཤེས་ལྷུན་གྲུབ་ཆེན་པོར་བཞུགས།། དེ་ཡང་འདི་ལྟ་ཉིད་དུ་གནས།། རྒྱ་ཆད་མེད་པའི་ཡེ་ཤེས་དང།། ལྷུན་གྱིས་གྲུབ་པའི་ཡེ་ཤེས་དང།། སྤྲོས་དང་བྲལ་བའི་ཆོས་ཉིད་དང། ། མཐའ་དང་བྲལ་བའི་རིག་པ་དང།། དག་པ་ཆེན་པོའི་སྣང་བ་དང།། ཕྱོགས་ལྷུང་མེད་པའི་ལྟ་བ་དང།། སྤང་ཐོབ་མེད་པའི་འབྲས་བུ་དང།། ཡངས་པ་གསལ་བ་མི་འགྱུར་བ།། ཟང་ཐལ་ཡེ་ཤེས་མ་འགགས་པ། ། མི་འཁྲུལ་བ་ཡི་ཆོས་ཉིད་དོ།། ཕྱི་ཡི་རྒྱ་ཡང་མ་རལ་པ།། ནང་དུ་འོད་ལྔ་མ་འགགས་པ།། སྐུ་དང་ཡེ་ཤེས་འདུ་འབྲལ་མེད།། ངོ་བོ་སྟོང་པ་ཆོས་ཀྱི་སྐུ།། རང་བཞིན་གསལ་བ་ལྷུན་གྲུབ་སྐུ། ། དགོངས་པ་ཡངས་པ་ཡེ་ཤེས་སྐུ།། ཐུགས་རྗེ་ཀུན་ཁྱབ་སྤྲུལ་པའི་སྐུ།། བཞི་ལྡན་ཆོས་སྐུའི་ཚུལ་དུ་བཞུགས།། དེ་ལྟར་ཆོས་སྐུ་ཀ་དག་ནི།། ནམ་མཁའི་དཀྱིལ་ལྟར་འཕོ་འགྱུར་མེད།། རི་བོ་ལྟ་བུར་གཡོ་འགུལ་མེད། ། རྒྱ་མཚོ་ལྟ་བུར་ཁ་གཏིང་མེད།། གསེར་དངུལ་ལྟ་བུར་འགྱུར་བ་མེད།། འདི་ཉིད་ཆོས་སྐུ་ཀ་དག་ཡིན།། དེ་ཡི་སྙིང་པོ་ཡེ་ཤེས་ནི།། ཡེ་ཤེས་ཟང་ཐལ་ཉིད་དུ་གནས།། ཡེ་ཤེས་ཟང་ཐལ་བཀྲག་མདངས་གསལ། ། རང་བྱུང་ཡེ་ཤེས་འོད་སྐུར་ཤར།། དཔེར་ན་ཉི་མའི་སྙིང་པོ་འདྲ།། དེ་ཡང་ཆོས་སྐུ་ཡེ་ཤེས་ལ།། མདུན་རྒྱབ་མེད་པར་ཟང་ཐལ་ལེ།། ཡེ་ཤེས་ལུས་ཅན་དེ་བཞིན་གཤེགས།། ཡེ་ཤེས་ལུས་ཏེ་ལུས་ཀྱི་མཆོག། ཡེ་ཤེས་ལུས་ལ་ཤ་ཁྲག་མེད།། རིན་ཆེན་འོད་འབར་སྐུ་རུ་བཞུགས།། ཡེ་ཤེས་སྤྱན་ལ་གསལ་འགྲིབ་མེད།། གསལ་དག་ཟང་ཐལ་ཆེན་པོར་ཁྱབ།། ཡེ་ཤེས་འོད་ལ་ཕྱི་ནང་མེད།། ཡེ་གསལ་ཟང་ཐལ་ཉིད་དུ་གནས། ། ཡེ་ཤེས་ཐུགས་ལ་ཡངས་དག་མེད།། སྟོང་གསལ་གདང་ལྔ་ཉིད་དུ་བཞུགས།། དེ་ཡང་དངོས་པོར་མ་གྲུབ་པས།། རྟག་པ་ཐེར་ཟུག་ཅན་དུ་མིན།། རྒྱ་ཆད་དུ་ཡང་མ་ཡིན་ཏེ།། རང་བཞིན་འོད་གསལ་ཚུལ་དུ་བཞུགས། ། སྟོང་གསལ་ཡིན་པས་གཉིས་མཐའ་ཟད།། རྟག་ཆད་གཉིས་ཀྱི་མཐའ་ལས་འདས།། ངོ་བོ་ཉིད་ཀྱི་སྣང་བ་ནི།། རང་བཞིན་བཀྲག་མདངས་མེ་རེ་རེ།། གསལ་འཚེར་ལྷུན་སྡུག་ཅེ་རེ་རེ། ནོར་བུ་འོད་འབར་ཚུལ་དུ་བཞུགས། ། གསུང་ནི་རང་གསལ་དོན་གྱི་གསུང།། གྲགས་སྟོང་ཆོས་ཀྱི་སྐུ་རུ་གནས།། ཐུགས་ནི་རྟོགས་མེད་ངང་ལ་གནས།། ང་དང་བདག་ཏུ་འཛིན་པ་མེད།། དབང་པོ་ལྔ་ལ་རག་མ་ལུས།། ཉོན་མོངས་པ་ཡི་ཡིད་མ་སྐྱེས། ། བདེ་སྡུག་མྱོང་ཚོར་མེད་པའོ།། ཡིད་ཀྱི་རྣམ་པར་ཤེས་པ་མེད།། རིག་པ་སྒོ་ལྔ་དག་ལ་ཡན།། རྣམ་པར་ཤེས་པ་ཚོགས་བརྒྱད་བྲལ།། ཉོན་མོངས་མ་སྐྱེས་ཆོས་ཉིད་ཀ་ནས་དག།། སྒྲིབ་མེད་ཡེ་ཤེས་གསུམ་དང་ལྡན། ། ངོ་བོ་ཀ་དག་ཡེ་ཤེས་དང།། རང་བཞིན་ལྷུན་གྲུབ་ཡེ་ཤེས་དང།། ཐུགས་རྗེ་རང་སྣང་ཡེ་ཤེས་གསུམ།། འབྲལ་མེད་གཅིག་གི་ངོ་བོར་གནས།། ངོ་བོ་ཀ་དག་ཡེ་ཤེས་ནི།། མ་རིག་རྟོག་པ་ཀུན་དང་བྲལ། ། རང་བཞིན་ལྷུན་གྲུབ་ཡེ་ཤེས་ནི།། འཁྲུལ་བ་ཚིག་གི་ཐ་སྙད་བྲལ།། ཐུགས་རྗེ་རང་སྣང་ཡེ་ཤེས་ནི།། ཐམས་ཅད་དབྱིངས་རིག་གཅིག་ཏུ་སྣང།། ཡེ་ཤེས་རང་ལ་རང་གནས་ཕྱིར།། གསུམ་གྱི་ཚུལ་དུ་དབྱེར་མེད་དོ། ། རྣམ་གྲངས་ཀུན་གྱི་མཐའ་ལས་འདས།། རྣམ་པ་ཐམས་ཅད་མཁྱེན་པ་ཡི།། ཡེ་ཤེས་ཆེན་པོ་གཅིག་ཏུ་བཞུགས།། ཡེ་ཤེས་དེ་ཡི་འཕྲིན་ལས་ནི།། སྐུ་ལྔ་དང་ནི་ཡེ་ཤེས་ལྔ།། འོད་ལྔ་དང་ནི་ཞིང་ལྔ་འཕྲིན་ལས་ལྔ། ། རིགས་ལྔ་ཡུམ་ལྔ་ལ་སོགས་ཏེ།། ལྔ་མཚན་སུམ་ཅུ་སོ་ལྔ་ནི།། ཡེ་ཤེས་གཅིག་གི་ངོ་ལ་རྫོགས།། ཆོས་སྐུའི་ཀློང་ནས་ཐོག་མེད་ཤར།། ལོངས་སྐུའི་ངོས་ནས་མ་འགགས་ཤར།། སྤྲུལ་སྐུའི་ངོས་ནས་སྣ་ཚོགས་ཤར། ། མི་མཛད་སྣ་ཚོགས་འཆར་བའི་སྒོ།། མཛད་པ་ལྟར་སྣང་ངོ་བོར་རྫོགས།། དེ་ཡང་གནས་ལུགས་འདི་ལྟ་སྟེ།། རིག་པའི་ངོ་བོ་སྐུ་ལྔར་བཞུགས།། སྐུ་ལྔའི་སྙིང་པོ་ཡེ་ཤེས་ལྔ།། ཡེ་ཤེས་བཀྲག་མདངས་འོད་ལྔར་ཤར། ། བཞི་ཡི་མཚན་ཉིད་ཡེ་ཤེས་ལྔ།། སྐུ་ལྔ་དག་ནི་འདི་ལྟ་སྟེ།། ཐིག་ལེ་ཉག་གཅིག་སྐུ་དང་གཅིག།། འོད་ཟེར་མི་འགྱུར་སྐུ་དང་གཉིས།། རིག་པ་ཀུན་བཟང་སྐུ་དང་གསུམ།། རང་བཞིན་ལྷུན་གྲུབ་སྐུ་དང་བཞི། ། གཞོན་ནུ་བུམ་པའི་སྐུ་དང་ལྔ།། སྙིང་པོ་ཡེ་ཤེས་རྣམ་ལྔ་ནི།། ཆོས་སྐུའི་ངོ་བོ་སྟོང་པས་ན།། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཟེར།། སྟོང་པའི་རང་མདངས་གསལ་བས་ན།། མེ་ལོང་ལྟ་བུའི་ཡེ་ཤེས་ཟེར། ། སྟོང་གསལ་གཉིས་སུ་མེད་པས་ན།། མཉམ་པ་ཉིད་ཀྱི་ཡེ་ཤེས་ཟེར།། ཡོན་ཏན་ཐམས་ཅད་སོ་སོར་ཤར་བས་ན།། སོ་སོར་རྟོགས་པའི་ཡེ་ཤེས་ཟེར།། དེ་དག་ཐམས་ཅད་བཞི་ལ་གྲུབ་པས་ན།། བྱ་བ་གྲུབ་པའི་ཡེ་ཤེས་ཟེར། ། དེ་ཡི་བཀྲག་མདངས་འོད་ལྔར་ཤར།། ཆོས་སྐུ་མི་འགྱུར་འོད་ཟེར་མཐིང།། རིག་པ་དྲི་མེད་འོད་ཟེར་དཀར།། རིག་པ་འོད་ལྡན་འོད་ཟེར་སེར།། རིག་པ་བདེ་གསལ་འོད་ཟེར་དམར།། རིག་པ་འགག་མེད་འོད་ཟེར་ལྗང། ། འོད་ཟེར་དེ་དག་སྣང་ཚུལ་ནི།། ཕྲ་ལ་དྭངས་ཤིང་གསལ་ལ་འཚེར།། རང་བཞིན་བཀྲག་མདངས་མ་ཉམས་པས།། སོས་ཀའི་སྨིག་སྒྱུ་ལྟ་བུ་རུ།། རྒྱ་མཚོར་གཟའ་སྐར་ཤར་པ་འདྲ། ། བལྟས་པས་མི་ངོམ་མཚན་དཔེར་ལྡན།། ཡེ་ཤེས་འོད་དང་ཁ་དོག་ལྔ།། བཅོ་ལྔ་གཅིག་ཏུ་འདུས་པ་ལ།། ཀ་དག་བབས་ཀྱི་སངས་རྒྱས་ཟེར།། དེ་ཡི་གནས་ཚུལ་ཤེས་པ་ལ།། ཡེ་ཇི་བཞིན་པའི་སངས་རྒྱས་ཟེར། ། དེ་ཡི་མཚན་ཉིད་ཤེས་པ་ལ།། རང་བཞིན་ལྷུན་གྲུབ་སངས་རྒྱས་ཟེར།། དེ་ཡིས་རྟོགས་ཚུལ་ཤེས་པ་ལ།། རྟོགས་པ་མངོན་གྱུར་སངས་རྒྱས་ཟེར།། ངོ་བོ་ཉིད་ཀྱི་སྣང་བ་ལ།། ངོ་བོ་ཉིད་ཀྱི་སྐུར་ཤར་བས།། ཡེ་ཇི་བཞིན་པའི་སངས་རྒྱས་ཟེར། ། ཐམས་ཅད་གཤིས་ལ་གྲུབ་པས་ན།། སངས་རྒྱས་སྐུ་ལྔའི་སྙིང་པོ་ཅན།། རྟག་ཆད་གཉིས་ཀྱི་མཐའ་ལས་འདས།། རང་གྲོལ་མཐའ་བཞིའི་དྲི་མ་སངས།། རྒྱུ་རྐྱེན་ཀུན་ལས་འདས་པའོ། ། ལྷུན་གྲུབ་རེ་དོགས་ཀུན་ལས་གྲོལ།། ཀ་དག་ཡིན་ཕྱིར་ཀུན་ལས་གྲོལ།། ངར་འཛིན་མེད་པས་ཉོན་མོངས་གྲོལ།། གཟུང་འཛིན་མེད་པས་རྣམ་ཤེས་གྲོལ།། སྐྱེ་འགག་མེད་པས་སྒོ་ལྔ་གྲོལ།། བཅོས་བསླད་མེད་པས་རྟོག་པ་གྲོལ། ། དྲི་མ་མེད་པས་འབྱུང་བཞི་གྲོལ།། འོད་གསལ་སྟོང་པས་སྐུ་ལྔར་ལྡན།། དེ་ནི་གཞི་ཡི་བཞུགས་ཚུལ་ཡིན།། ཆོས་སྐུ་ཡེ་ཤེས་ཆེན་པོ་ནི།། མཚན་ཉིད་རྣམ་པ་གསུམ་དང་ལྡན།། ངོ་བོ་རང་བཞིན་ཐུགས་རྗེ་གསུམ། ། ཆོས་ཀྱི་སྐུ་ཡི་མཚན་ཉིད་ཡིན།། མི་འཇིགས་གདངས་དང་གསལ་བ་དང།། བྱ་བ་ཐམས་ཅད་རྫོགས་པ་ནི།། ཆོས་ཀྱི་སྐུ་ཡི་ངེས་ཚིག་ཡིན།། འགྱུར་མེད་འགག་མེད་ཁྱབ་པ་གསུམ། ། གསལ་དང་མདངས་དང་མ་འདྲེས་གསུམ།། ཆོས་ཀྱི་སྐུ་ཡི་ཡུམ་ཡིན་ནོ།། དཔག་མེད་དམིགས་མེད་འཛིན་པ་མེད།། ཆོས་ཀྱི་སྐུ་ཡི་གནས་ཡིན་ནོ།། འགག་མེད་ཞེན་མེད་ཆགས་པ་མེད།། ཆོས་ཀྱི་སྐུ་ཡི་སྤྱོད་པ་ཡིན། ། ལྷན་ནེ་ལྷང་ངེ་ཡེངས་པ་མེད།། ཆོས་ཀྱི་སྐུ་ཡི་སྒོམ་པ་ཡིན།། ལྟར་མེད་བལྟས་ཟིན་ལྟ་བ་རྫོགས།། ཆོས་ཀྱི་སྐུ་ཡི་ལྟ་བ་ཡིན།། བྱས་མེད་བྱུང་མེད་བྱུང་ས་མེད།། ཆོས་ཀྱི་སྐུ་ཡི་འབྲས་བུ་ཡིན།། སྒྲུབ་མེད་སྒྲུབ་ཟིན་སྒྲུབ་དང་བྲལ། ། ཆོས་ཀྱི་སྐུ་ཡི་འཕྲིན་ལས་ཡིན།། གཅིག་བྱུང་གཉིས་བྱུང་ཐམས་ཅད་བྱུང།། ཆོས་ཀྱི་སྐུ་ཡི་ཡོན་ཏན་ཡིན།། འགགས་མེད་གསལ་དང་ངོ་བོ་སྟོང།། ཆོས་ཀྱི་སྐུ་ཡི་སྣང་བ་ཡིན།། ཕྱི་མེད་ནང་མེད་དབྱིབས་སུ་མེད། ། ཆོས་ཀྱི་སྐུ་ཡི་རང་ལུས་ཡིན།། འགྲོ་མེད་འོང་མེད་གནས་པ་མེད།། ཆོས་ཀྱི་སྐུ་ཡི་རང་རྟགས་ཡིན།། ཉི་ཟླ་པདྨ་རྒྱ་མཚོ་བཞི།། ཆོས་ཀྱི་སྐུ་ཡི་མཚན་དཔེ་ཡིན།། ཆོས་སྐུ་ཡེ་ཤེས་དེ་ལྟར་གནས། ། ལོངས་སྐུའི་ཡེ་ཤེས་ལྔ་ལྡན་ནི།། དབྱེ་བ་བསམ་གྱིས་མི་ཁྱབ་ཀྱང། ཁ་དོག་མེད་པར་སོ་སོར་གསལ།། མཚན་དང་དཔེ་བྱད་འོད་ཟེར་འདྲ།། ཡབ་ཡུམ་སྐུ་ཡི་ཆ་ལུགས་འཛིན།། ལོངས་སྤྱོད་རྫོགས་སྐུའི་མཚན་ཉིད་ཡིན། ། སྐྱེ་མེད་འཆི་མེད་རྡོ་རྗེའི་སྐུ།། འོད་ལྔ་སྐུ་ལྔ་ཡེ་ཤེས་ལྔ།། ཡབ་ལྔ་ཡུམ་ལྔ་ཚོམ་བུ་ལྔ།། ཞིང་ཁམས་རྟོགས་པ་ལྔ་དང་ལྡན།། གཞི་ལྔ་ལམ་ལྔ་འབྲས་བུ་ལྔ།། གནས་ལྔ་ཡུལ་ལྔ་ངོ་བོ་ལྔ། ། ལོངས་སྤྱོད་རྫོགས་སྐུའི་ངོ་བོ་ཡིན།། ཆོས་ཉིད་ངང་ལ་གནས་པས་ལོངས།། གསལ་ལ་མ་འདྲེས་ཁྱབ་པས་ལོངས།། ཡེ་ཤེས་ལྔ་དང་ལྡན་པས་ལོངས།། ཐབས་ཤེས་གཉིས་སུ་མེད་པས་ལོངས།། འཛིན་མེད་རང་སར་རོལ་པས་སྤྱོད། ། སལ་ལེ་སིང་ངེ་སྙམ་པས་སྤྱོད།། གནས་ཤིང་སྤྲུལ་པ་འགྱེད་པས་སྤྱོད།། སྐུ་དོན་མཐར་ཕྱིན་རོལ་པས་སྤྱོད།། རང་བྱུང་རང་ལ་བྱུང་ཞིང་སྤྱོད།། བྱ་བྱེད་ཀུན་ལས་འདས་པས་རྫོགས། ། དམིགས་མེད་དོན་ལ་གནས་པས་རྫོགས།། ཕྱོགས་ལྷུང་འགྲོ་འོང་མེད་པས་རྫོགས།། བྱས་པ་མེད་པས་རང་བྱུང་རྫོགས།། གསལ་སྟོང་ཡེ་ཤེས་རྫོགས་པས་པ།། རྒྱན་དང་ཆ་ལུགས་འཛིན་པས་པ།། འཛིན་མེད་རང་སར་དག་པས་སྐུ། ། ཀུན་སྣང་ཐུགས་རྗེ་འཆར་བའི་སྐུ།། ལྷུན་གྲུབ་ལོངས་སྐུའི་བཞུགས་ཚུལ་ལོ།། ཐུགས་རྗེ་སྤྲུལ་སྐུའི་བཞུགས་ཚུལ་ནི།། བྱ་བ་རྫོགས་དང་བྱ་བ་བྱེད།། ཕྱི་ནང་བྱ་བ་རྫོགས་པས་ཏེ།། བྱ་བ་རྫོགས་པས་སྤྲུལ་པའི་སྐུའི། ། གང་ལ་གང་འདུལ་ཚུལ་དུ་ནི།། དེ་ལ་དེར་སྟོན་མཐུན་པར་སྣང།། ཐུགས་རྗེ་ཉི་འོད་ཀུན་ལ་ཁྱབ།། འགྲོ་བ་ཡོངས་ལ་སྣང་ནུས་པས།། སྤྲུལ་པ་སྐུ་ཡི་བཞུགས་ཚུལ་ལོ།། ཡེ་ཤེས་རང་རྩལ་ཕྱོགས་བཅུར་ཁྱབ། ། སྐུ་གསུམ་ངོ་བོ་གཅིག་གི་ངང།། ཡེ་ཤེས་གསུམ་གྱི་རང་བཞིན་ཅན།། གཞི་ཡི་གནས་ལུགས་དེ་ལྟར་རོ།། གཞི་ལ་མང་དུ་བཤད་ལགས་ན།། ངོ་བོ་ངེས་ཚིག་དབྱེ་བ་མཐུན་དཔེ་བཞི། ། ངོ་བོ་ཐིག་ལེ་ཉག་གཅིག་ཡིན།། ངེས་ཚིག་གཞི་ལ་རྩལ་རྫོགས་པས།། ཀུན་གྱི་ཀུན་གཞི་ཞེས་ཀྱང་བྱ།། དབྱེ་བ་རྣམ་པ་གསུམ་ཡིན་ཏེ།། ཡེ་དོན་དང་པོའི་ཀུན་གཞི་དང།། སྣ་ཚོགས་སོགས་པའི་ཀུན་གཞི་དང། ། སྦྱོར་བ་དོན་གྱི་ཀུན་གཞིའོ།། འདི་ནི་ཡེ་དོན་ཀུན་གཞི་སྟེ།། མཚན་ཉིད་བཞུགས་ཚུལ་དབྱེ་བ་དང།། སྐུ་གསུམ་ཡེ་ཤེས་གསུམ་ལྡན་དུ།། ཉག་གཅིག་རང་གནས་བཞུགས་ལུགས་སོ།། གཞི་གནས་ཆོས་སྐུ་ཀ་དག་ལ།། རིག་རྩལ་རྫོགས་ལུགས་བཤད་པར་བྱ།། རླུང་དང་རིག་པ་ནམ་མཁའ་གསུམ།། བྱ་བ་གྲུབ་པའི་ཡེ་ཤེས་བཞི།། དབྱེར་མེད་གཅིག་གི་ཚུལ་དུ་བཞུགས།། ཡེ་ཤེས་རླུང་ནི་གཡོ་འགུལ་མེད། ། རིག་པ་དྲི་མེད་གཅེར་བུར་བཞུགས།། ནམ་མཁའ་སྟོང་ལ་བསྣན་ཕྲི་མེད།། བྱ་བ་གྲུབ་པའི་ཡེ་ཤེས་ནི།། ཡེ་ཤེས་ལྔ་ཡི་དྭངས་མ་སྟེ། འོད་ནི་ལྗང་གུ་ཁྲ་ལྡེམས་ལྡེམས།། རིག་པའི་ངོ་བོར་གནས་པའོ། ། གཞི་ལ་གཡོ་འགུལ་མེད་པ་སྟེ།། བྱ་གྲུབ་ཡེ་ཤེས་ནང་ལ་གསལ།། ཤེས་པ་བཅུད་དུ་དྲིལ་བ་སྟེ།། རླུང་དང་རིག་པའི་རྩལ་ལ་སྤྱོད།། རྫོགས་ལྡན་ཆེན་པོར་བཞུགས་པའོ།། ད་ནི་གཞི་ཡི་མཐུན་དཔེ་བཤད། ། སྟོངས་པ་ཡངས་པ་ཁྱབ་པ་སྟེ།། ནམ་མཁའ་ལྟ་བུར་གནས་པའོ།། དྲི་མེད་གསལ་དག་ཟང་ཐལ་ལེ།། མན་ཤེལ་དྲི་མེད་ལྟ་བུར་གནས།། མ་གྲུབ་ཐོག་མའི་གོང་དག་ཏུ།། ཀུན་ཁྱབ་ཡེ་ཤེས་གནས་ཚུལ་དང། ། ཐོགས་མའི་སྤྱི་གཞི་འདུག་ཚུལ་སྟེ།། རྒྱུད་ཚིག་ལེའུ་བཅོ་ལྔ་པའོ།། ས་མ་ཡཱ། གཏེར་རྒྱ། སྦས་རྒྱ། ཟབ་རྒྱ། དེ་ནས་གཞོན་ནུ་སྟོབས་ལྡན་གྱིས།། རྡོ་རྗེ་འཆང་ལ་འདི་སྐད་གསོལ། ། ཐོག་མའི་སྤྱི་གཞི་བསྟན་པ་དང།། ཀུན་ཁྱབ་ཡེ་ཤེས་གནས་ལུགས་བཤད།། ལེགས་པར་རྒྱས་པར་གསུང་ནའང།། འཁྲུལ་མེད་འཁྲུལ་ཚུལ་གསུང་དུ་གསོལ།། དེ་སྐད་ཅེས་ནི་བཤད་པའི་ལན།། རྡོ་རྗེ་འཆང་གིས་བཀའ་སྩལ་པ། ། ཉོན་ཅིག་གཞོན་ནུ་སྟོབས་དང་ལྡན།། གོང་ལྟར་གཞི་ལ་འཁྲུལ་མེད་ཀྱང།། འཁོར་འདས་གཉིས་སུ་འཁྲུལ་པ་ཡི།། གཞི་ཡི་ཀློང་ནང་འགྱུས་ལུགས་བསྟན།། གཞི་ཡི་ཡེ་ཤེས་རང་རླུང་དང། ། གཞི་ཡི་རིག་པ་གཅེར་བུ་དང།། གཞི་ཡི་ནམ་མཁའ་གསལ་སྟོང་དང།། གཞི་ཡི་བྱ་གྲུབ་ཡེ་ཤེས་བཞི།། དབྱེར་མེད་གཅིག་གི་རང་བཞིན་ཏེ།། རྒྱ་ཞོ་ཆགས་པ་ལྟ་བུར་གནས།། འདི་ལ་གཡོ་འགུལ་འདི་ལྟར་འབྱུང། ། ཡེ་ཤེས་རླུང་གིས་རིག་པ་བཏེག།། རིག་པའི་སྒོ་ནི་ནམ་མཁས་ཕྱེས།། བྱ་གྲུབ་རིག་རྩལ་མ་འགགས་ཏེ།། གཡོ་འམ་མི་གཡོ་བག་ཙམ་གཡོ།། འགྱུ་འམ་མི་འགྱུ་བག་ཙམ་འགྱུ།། གཞི་ལ་གཡོ་འགུལ་མེད་མོད་ཀྱང། ། རིག་པའི་རྩལ་ལས་གཡོ་འགུལ་བྱུང།། འགྱུ་བ་དེ་ལ་ཡིད་ཅེས་ཟེར།། དེ་ཡང་ཡེ་ཤེས་རིག་རྩལ་ཡིན།། རིག་རྩལ་ཅི་ཙམ་འགྱུས་པ་དེ།། གསེར་ས་འོག་ཡོད་པ་ཡི་རླངས་པ་འམ། ། བྱེའུ་ཆུང་གི་ཁ་རླངས་ཙམ།། བྱ་ཕོད་རྐྱེན་མེད་འགུལ་བའམ།། རྟ་རྔ་བརྒྱ་གཤགས་ཆ་ཙམ་གཅིག། རིག་པ་ཉིད་ཀྱང་ཡིད་དུ་འགྱུས།། རིག་པ་དེ་ལ་མཐོང་སྣང་ནི།། ཕྲ་རག་རྟོག་པ་མང་པོ་ཤར།། འོད་ཁྱིམ་ཁ་དོག་ལྔ་ལྡན་ནི། ། ནམ་མཁའ་སྟོང་པའི་ཀློང་དུ་ཤར།། རིག་པ་འགག་སྟེ་ཡིད་དུ་འགྱུས།། འོད་ཁྱིམ་དེ་ལ་རྟག་དཔྱད་བཏང།། རྟོག་པ་ཕྲ་མོ་མང་པོ་སྐྱེས།། འོད་ཁྱིམ་ཕ་གི་ང་ཡིན་ནམ།། ཕ་གི་ང་ལས་བྱུང་ངམ་ཅི།། ང་ཉིད་ཕ་གི་ཡིན་ནམ་ཅི། ། གཉིས་འཛིན་རྟོག་པ་མང་པོ་ཤར།། ཡེ་ཤེས་ཉིད་ལས་མ་རིག་འཁྲུལ།། རང་སྣང་རང་གིས་མི་རིག་པས།། ལྷན་ཅིག་སྐྱེས་པའི་མ་རིག་པ།། གང་དུ་སྐྱེས་ནས་ཆོས་སྐུའི་ཀློང་དུ་སྐྱེས།། སུ་ཡི་སུ་ཉིད་མ་རིག་ན། ། དཔེར་ན་མེ་ལོང་དཀྱིལ་འཁོར་ལ།། བདག་པོ་རང་གིས་བལྟས་པའི་ཚེ།། རང་གཟུགས་ཡིན་པར་མ་རིག་སྟེ།། འོད་བྱད་ཡུལ་སྣང་སོ་སོར་བཟུང།། འོད་བྱེད་ཡུལ་སྣང་རྟོག་དཔྱོད་རྣམས། ། དུས་གཅིག་སྔ་ཕྱི་མེད་པ་སྟེ།། ལྷན་ཅིག་སྐྱེས་པའི་མ་རིག་དཔེ།། དེ་བཞིན་ནམ་མཁའ་སྟོང་པ་ལ།། རིག་དང་མ་རིག་འོད་སྣང་དང།། རིག་པ་ཡེ་ཤེས་རྩལ་ཉིད་རྣམས།། སྔ་ཕྱི་མེད་པར་ལྷན་ཅིག་སྐྱེས། ། ལྷན་ཅིག་སྐྱེས་པའི་མ་རིག་པ།། ཡུལ་དང་ཡུལ་ཅན་གཉིས་སུ་འཁྲུལ།། ཡེ་ཤེས་གསལ་བའི་ཡུལ་དྲུག་ལ།། གཉིས་འཛིན་སེམས་དེ་བྱུང་བའོ།། དུང་ལ་སེར་པོ་མཐོང་བ་དང།། གསེར་ལ་ནག་པོར་མཐོང་བ་རྣམས། ། གཉིས་སྣང་རྟོག་པའི་ཆ་ལས་འཁྲུལ།། ངོ་བོ་རང་བཞིན་ཐུགས་རྗེ་གསུམ།། དངོས་སུ་ཡོད་ཀྱང་མ་རིག་པས།། རྒྱུ་རྐྱེན་འབྲས་བུ་གསུམ་དུ་བྱུང།། ཡུལ་སྣང་ཆོས་ཉིད་མ་རིག་འཁྲུལ།། མདོར་ན་འཁྲུལ་པ་རྩད་གཅོད་ལ། ། རྒྱུ་ཡི་རྐྱེན་དང་དམིགས་པའི་རྐྱེན།། བདག་པོའི་རྐྱེན་དང་མཚུངས་པའི་རྐྱེན།། རྐྱེན་བཞི་འདུས་པའི་འཁྲུལ་བ་ནི།། རྒྱུ་ཡི་རྐྱེན་ནི་ཆོས་ཉིད་དང།། དམིགས་པའི་རྐྱེན་ནི་འོད་སྣང་ཉིད།། བདག་པོའི་རྐྱེན་ནི་རིག་པ་ཉིད། ། དེ་གསུམ་དུས་མཚུངས་མཚུངས་པའི་རྐྱེན།། འཁྲུལ་པ་དེ་མ་ཐག་ཅེས་ཟེར།། འཁྲུལ་པའི་དུས་ནི་འདི་ལྟར་རོ།། རིག་དང་མ་རིག་གཉིས་འཛིན་གཉིས།། ཆོས་ཉིད་ཡུལ་ལ་ཤར་དུས་འཁྲུལ། ། ཡེ་ཤེས་ཁ་དོག་འབྱུང་བ་ལྔ།། གདོད་ནས་ཡེ་ཤེས་རྩལ་ཉིད་དུ།། འབྲལ་བ་མེད་དེ་མ་རིག་འཁྲུལ།། འོད་ཁྱིམ་ཁ་དོག་རྣམ་ལྔ་ལ།། རྟོག་དཔྱོད་བྱས་པས་འབྱུང་ལྔར་འཁྲུལ།། གཞི་དག་པ་མེ་ལོང་ཡེ་ཤེས་ལ། ། རྟོག་དཔྱོད་བྱས་པས་ཆུ་རུ་འཁྲུལ།། གཞི་དག་པ་མཉམ་ཉིད་ཡེ་ཤེས་ལ།། རྟོག་དཔྱོད་བྱས་པས་ས་རྡོར་འཁྲུལ།། གཞི་དག་པ་སོར་རྟོག་ཡེ་ཤེས་ལ།། རྟོག་དཔྱོད་བྱས་པས་མེ་རུ་འཁྲུལ།། གཞི་དག་པ་བྱ་གྲུབ་ཡེ་ཤེས་ལ། ། རྟོག་དཔྱོད་བཏང་བས་རླུང་དུ་འཁྲུལ།། གཞི་དག་པ་ཆོས་དབྱིངས་ཡེ་ཤེས་ལ།། རྟོག་དཔྱོད་བཏང་བས་ནམ་མཁར་འཁྲུལ།། ཡེ་ཤེས་ལྔ་ཡོ་གཞི་ཡིན་ཏེ།། རྟོག་སྤྱོད་བྱས་པས་ཡུལ་ལྔར་བཟུང། ། མིང་མེད་མིང་དུ་བོས་པ་ལྟར།། འབྱུང་ལྔ་མེད་བཞིན་རིམ་གྱིས་ཆགས།། ཕྱི་ཡི་འབྱུང་ལྔ་དག་ལ་ནི།། ནང་གི་སེམས་ཀྱི་ང་དང་བདག། གཉིས་སུ་བཟུང་བས་འོད་ལྔ་ནི།། གསལ་བར་མ་ནུས་འབྱུང་བཞིས་སྒྲིབ། ། མ་རིག་པ་དེ་སེམས་ཡིན་ཏེ།། དེ་ལས་བྱུང་བ་འབྱུང་བའོ།། སེམས་ལ་དྲན་བསམ་བྱུང་བས་ན།། ངོ་བོ་ཉིད་ཀྱི་རྟོག་པས་བཏུམ།། ད་ནི་བཅུད་ཀྱི་འཁྲུལ་ལུགས་ནི།། འཁྲུལ་གཞི་ཡེ་ཤེས་རྣམ་ལྔས་བྱས། ། འཁྲུལ་རྒྱུ་མ་རིག་གཉིས་ཀྱིས་བྱས།། འཁྲུལ་རྐྱེན་སྐད་ཅིག་ལྔ་ཡིས་བྱས།། འཁྲུལ་པའི་འབྲས་བུ་ཡིད་ཀྱིས་བྱས།། ཡེ་ཤེས་མ་རིག་ཡུལ་ལ་བཟུང།། དེར་འཛིན་རླུང་སེམས་འདུས་པ་ལས།། འབྱུང་བ་ལྔ་ཡི་སྦུབས་སུ་ཆུད། ། རླུང་སེམས་ཡིད་དུ་འགྱུས་པ་ལས།། ཤུགས་ལྡན་སྣ་ཚོགས་རྒྱ་གྲམ་རླུང།། དེ་ལས་ཡེ་ཤེས་དྲོད་རླན་འབྱུང།། རྒྱ་མཚོ་ཆེན་པོ་དེ་ཉིད་ལས།། ཆན་ལ་ཕབ་རྩི་བཏབ་པ་ལྟར།། ས་ཡི་རྣམ་པ་སྙོམས་པར་ཆགས། ། དེ་ལ་དུད་རླངས་ལག་ངར་ཙམ།། དེ་ཡི་དྭངས་མ་འོད་སྐོར་ནི།། སྦ་ཕུ་བ་ཙམ་པ་གསུམ་དུ་བྱུང།། འོད་གཅིག་སྣང་ལ་རང་བཞིན་མེད།། དེ་ལ་སྐྱེ་མཆེད་མུ་བཞི་ཆགས།། འོད་གཉིས་མཐོ་རས་གནས་བཅུ་ཆགས། ། དེ་ནས་ཡིད་ཀྱིས་རྟོག་དཔྱོད་བཏང།། ཡིད་ཀྱི་སྤྱན་གྱི་གཟིགས་པས་ན།། སྲིད་པ་འོད་ཀྱི་སྒོ་ངར་མཐོང།། དེ་ཉིད་མཛེས་པར་མཐོང་ནས་སུ།། ཡིད་ཀྱིས་སྦྱོར་བ་བྱས་པ་ལས།། མཛེས་པའི་ཆགས་སེམས་སྒོ་ངར་འཐུམ། ། ཉི་མ་རབ་སྣང་དྲོད་བྱས་ཏེ།། ནོར་བུ་དྲི་མེད་རླན་བྱས་སོ།། ཕྱི་ལྟར་ཤེད་བུ་ཤེད་ལ་རོག། ནང་ལྟར་འདོད་ཆགས་བྱ་སྒོང་དང།། ཞེ་སྡང་སྦྲུལ་གྱི་སྒོ་ང་ཟེར།། གསང་བ་ལྟར་ན་ཐབས་ཤེས་གཉིས། ། དེ་དུས་ཟ་བའི་ཟས་མེད་པས།། འདོད་པའི་ཡོན་ཏན་ལྔ་ལ་སྤྱོད།། ས་ལ་བརྟེན་ནས་གཟུགས་རྣམས་བྱུང།། ཆུ་ལ་བརྟེན་ནས་སྒྲ་རྣམས་བྱུང།། མེ་ལ་བརྟེན་ནས་དྲི་རྣམས་བྱུང།། རླུང་ལ་བརྟེན་ནས་རོ་རྣམས་བྱུང། ། ནམ་མཁར་བརྟེན་ནས་རེག་རྣམས་བྱུང།། དེ་ནས་རིག་པའི་ཁ་ལོ་དེ། ཁ་ལོ་ལ་ཕྱིར་བལྟས་པ་ཡིས།། འདོད་ཡོན་ལྔ་ལ་ཡུལ་ལྔར་སོང།། ཤེས་པ་ནང་དུ་ལོག་པ་ཡིས།། དུག་ལྔ་དག་ལ་བརྟེན་པ་ལས།། ནང་གི་འཛིན་པའི་སེམས་སུ་སོང། ། ཉོན་མོངས་ལྔ་དང་དུག་ལྔར་ཤར།། ས་ལ་བརྟེན་ནས་གཏི་མུག་བྱུང།། ཆུ་ལ་བརྟེན་ནས་འདོད་ཆགས་བྱུང།། མེ་ལ་བརྟེན་ནས་ཞེ་སྡང་བྱུང།། རླུང་ལ་བརྟེན་ནས་ཕྲག་དོག་བྱུང། ། མཁའ་ལ་བརྟེན་ནས་ང་རྒྱལ་བྱུང།། དེ་ནས་དུག་ལྔའི་རྩལ་ལ་ནི།། འགྲོ་བ་རིགས་དྲུག་དཔག་མེད་སྨིན།། ཞེ་སྡང་ཆ་ལས་བསད་བཅད་བྱས།། འབྲས་བུ་ཚ་གྲང་དམྱལ་བ་མྱོང།། འདོད་ཆགས་ཆ་ལས་སེར་སྣ་ཕྲག་དོག་བྱས། ། འབྲས་བུ་ཡི་དག་བཀྲེས་སྐོམ་བྱུང།། གཏི་མུག་ཆ་ལས་ལེ་ལོ་བླུན་རྨོངས་བྱས།། འབྲས་བུ་བྱོལ་སོང་གླེན་ལྐུགས་བྱུང།། ང་རྒྱལ་ཆ་ལས་ང་བདག་འཛིན་པ་བྱས།། འབྲས་བུ་བྲེལ་འཕོངས་ལྷ་མི་བྱུང། ། ཕྲག་དོག་ཆ་ལས་ཁོང་ཁྲོ་ང་རྒྱལ་བྱས།། འབྲས་བུ་ལྷ་མ་ཡིན་དུ་སྨིན།། འགྲོ་བ་རིགས་དྲུག་དེ་དག་ལ།། སྣང་སྲིད་ལྷ་འདྲེ་ཐམས་ཅད་བྱུང།། ལྷ་མེད་པ་ལ་ལྷ་རུ་མཆོད།། འདྲེ་མེད་པ་ལ་འདྲེ་རུ་བཀར། ། མིང་མེད་རྣམས་ལ་མིང་དུ་བཏགས།། རྣམ་རྟོག་འདྲེ་རུ་བཟུང་བས་བྱུང།། དམྱལ་བ་རྣམས་ལ་གཤིན་རྗེ་བྱུང།། ཡི་དྭགས་རྣམས་ལ་མོ་འདྲེ་བྱུང།། ཕོ་འདྲེ་ཐམས་ཅད་ཞོར་ལས་བྱུང།། བྱོལ་སོང་རྣམས་ལ་ཀླུ་གཉན་བྱུང། ། མི་ལ་གནོད་སྦྱིན་ཐམས་ཅད་བྱུང།། ལྷ་ལ་ཕྱ་དང་དབང་ཕྱུག་གཟའ་སྐར་བྱུང།། ལྷ་མ་སྲིན་ལ་གཟའ་སྲིན་བྱུང།། འགྲོ་བ་རིགས་དྲུག་དེ་དག་ལ།། ཚེ་ཚད་ལུས་ཚད་ལོངས་སྤྱོད་དང།། བདེ་སྡུག་སྐྱེ་བ་རྣམ་བཞི་དང། ། ནད་རིགས་བཞི་བརྒྱ་རྩ་བཞི་དང།། བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་དང།། ཉོན་མོངས་བརྒྱད་ཁྲི་བཞི་སྟོང་བྱུང།། རྒྱུད་ཆེན་དྲི་མེད་ཟླ་ཤེལ་ལས།། ཕྱི་སྣོད་ནང་བཅུད་འཁྲུལ་ལུགས་ཀྱི།། རྒྱུད་ཚིག་ལེའུ་བཅུ་དྲུག་པའོ། ། ཡང་ཅིག་གཞོན་ནུ་སྟོབས་ལྡན་གྱིས།། སྟོན་པ་ཉིད་ལ་འདི་སྐད་ཞུས།། ཀྱེ་ཀྱེ་སྟོན་པ་རྡོ་རྗེ་འཆང།། འཁྲུལ་མེད་འཁྲུལ་ཚུལ་གསུངས་ནའང།། འབྱུང་བ་དྭངས་སྙིགས་དབྱེ་བ་དང།། གནས་ཚུལ་ཡེ་ཤེས་གསུང་དུ་གསོལ། ། ཞུས་པའི་ལན་དུ་བཀའ་སྩལ་པ།། ཉོན་ཅིག་གཞོན་ནུ་སྟོབས་དང་ལྡན།། འབྱུང་བ་དྭངས་སྙིགས་དབྱེ་བ་དང།། ཕྱི་དང་ནང་དང་གསང་པ་གསུམ།། དྭངས་སྙིགས་འདི་ལྟར་ཕྱེ་བར་བྱ། ། ཕྱི་ས་རྡོ་རི་བྲག་སྙིགས་མ་ཡིན།། དེ་ཡི་དྭངས་མ་ཉི་མ་རྩེ་ཤིང་ནགས་ཚལ་དང།། འབྲས་བུ་རྩི་ཐོག་དྭངས་མ་ཡིན།། འབྱུང་བ་ཆུ་འདི་སྙིགས་མ་ཡིན།། དེ་ཡི་དྭངས་མ་ཆུ་ཟླ་ཡིན།། འབྱུང་བ་མེ་འདི་སྙིགས་མ་ཡིན། ། དེ་ཡི་དྭངས་མ་ཉི་མ་ཡིན།། འབྱུང་བ་རླུང་འདི་སྙིགས་མ་ཡིན།། དེ་ཡི་དྭངས་མ་རང་སྒྲ་ཡིན།། ནམ་མཁའ་སྟོང་པ་སྙིགས་མ་ཡིན།། དྭངས་མ་འཇའ་དང་གཟའ་སྐར་ཡིན།། ད་ནང་གི་འབྱུང་བ་དྭངས་སྙིགས་དབྱེ། ། ཤ་རུས་སྤུ་ལྤགས་སྙིགས་མ་ཡིན།། དེ་ཡི་དངས་མ་ཀ་ཏི་ཙ།། ཤེལ་དཀར་སྐུད་པ་སྙིང་ལ་གནས།། ཁྲག་དང་ཆུ་སེར་སྙིགས་མ་ཡིན།། དེ་ཡི་དྭངས་མ་ཁྲག་ཐིག་ནི།། མཐེ་བོང་ཙམ་ཅིག་སྙིང་ནང་གནས། ། ལུས་པོའི་དྲོད་འདི་སྙིགས་མ་ཡིན།། དེ་ཡི་དྭངས་མ་རང་དྲོད་ནི།། ཉི་འོད་ཙམ་ཅིག་སྙིང་དུ་གནས།། འབྱུང་འཇུག་དབུགས་འདི་སྙིགས་མ་ཡིན།། དྭངས་མ་རྟ་རྔ་ཙམ་ཅིག་སྙིང་དུ་གནས།། བྱང་ཁོག་རྩ་སྦུགས་སྟོང་པ་འདི། ། སྙིགས་མའི་ཚུལ་དུ་འདོད་པའོ།། དྭངས་མ་ཐིག་ལེ་ཁྲ་ཡི་མིག།། སྟོང་གསལ་སྙིང་གི་དཀྱིལ་དུ་གནས།། གསང་བའི་དྭངས་སྙིགས་དབྱེ་བ་ནི།། ནང་ཡེ་ཤེས་རྣམ་ལྔ་དྭངས་མ་ཡིན།། ཕྱི་རུ་ཤར་བའི་འོད་སྣང་ལྔ། ། སྙིགས་མ་མིང་དུ་བཏགས་པ་ཡིན།། དོན་ལ་སྐུ་ལྔ་ཡེ་ཤེས་ལྔ།། འོད་ལྔ་ཁ་དོག་ལྔ་དང་ལྡན།། དབྱེར་མེད་སྙིང་གི་དཀྱིལ་དུ་གནས།། རྒྱུད་ཆེན་དྲི་མེད་ཟླ་ཤེལ་ལས།། འབྱུང་ལྔ་དྭངས་སྙིགས་དབྱེ་བ་དང། ། གནས་ཚུལ་ཟུར་ཙམ་བཤད་པ་སྟེ།། རྒྱུད་ཚིག་ལེའུ་བཅུ་བདུན་པའོ།། ས་མ་ཡཱ།། ཡང་ཅིག་གཞོན་ནུ་སྟོབས་ལྡན་གྱིས།། སྟོན་པ་ཉིད་ལ་འདི་སྐད་ཞུས།། ཀྱེ་མ་སྟོན་པ་བཅོམ་ལྡན་འདས། ། འབྱུང་ལྔ་དྭངས་སྙིགས་དབྱེ་བ་དང།། གནས་ཚུལ་ཟུར་ཙམ་བཤད་ན་ཡང།། སེམས་ཅན་རྣམས་ཀྱིས་མི་གོ་བས།། གནས་ཚུལ་ཆགས་ཚུལ་རྒྱས་པར་ཞུ།། དེ་སྐད་ཅེས་ནི་ཞུས་པ་དང། ། སྟོན་པ་ཉིད་ཀྱིས་ལན་གསུངས་པ།། ཉོན་ཅིག་གཞོན་ནུ་སྟོབས་དང་ལྡན།། ལྷུན་གྲུབ་ཡེ་ཤེས་རིག་པ་དང།། རང་བྱུང་ལུས་ཀྱི་གནས་ལུགས་ནི།། ལེགས་པར་བཤད་ཀྱིས་ཡིད་ལ་ཟུང།། བརྟེན་བཞི་ལུས་ཀྱི་ཆ་ལུགས་ནི། ། རང་དབང་ཅན་དུ་འཁོར་བ་དང།། རང་དབང་མེད་པར་འཁོར་ལུགས་སོ།། རང་དབང་ཅན་གྱི་འཁོར་ལུགས་ནི།། འོད་ཟེར་མཐིང་ཁ་ཕྱི་ལ་ཐོན།། ལྗང་ཁུ་ནང་དུ་ལོག་པས་ཏེ།། ཡེ་ཤེས་ཁོང་གསལ་ཆེན་པོར་གནས། ། དེ་ནི་ཆོས་སྐུ་ལྷུན་གྲུབ་ཡིན།། དྲན་བཞིན་སྐྱེ་བ་ལེན་པས་ཏེ།། ལོངས་སྤྱོད་རྫོགས་པའི་འཁོར་ལུགས་སོ།། དྲན་བཞིན་འགྲོ་དོན་བྱེད་པས་ན།། སྤྲུལ་པའི་སྐུ་ཡི་འཁོར་ལུགས་སོ།། མེ་ཏོག་ལ་སོགས་རྫུས་ཏེ་སྐྱེས། ། དག་པའི་མངལ་དུ་དྲན་བཞིན་འཇུག། དེ་རྣམས་རང་དབང་ཅན་ཡིན་ནོ།། རང་དབང་མེད་པའི་འཁོར་ལུགས་ནི།། དགེ་བ་ཅན་ནི་ཡར་ལ་འཁོར།། སྡིག་པ་ཅན་ནི་མར་ལ་འཁོར།། དེ་ཡང་སྡིག་ཅན་འཁོར་ལུགས་ནི། ། རླུང་དང་རྣམ་ཤེས་སྣང་བ་འདི།། ལས་ཀྱི་དབང་གིས་གཟུགས་སྣང་ཤར།། དབང་པོ་ཀུན་ལྡན་ཕྱོགས་མེད་དུ།། ཟས་དང་སྐོམ་དང་སྐྱབས་གནས་ཚོལ།། སྟོང་གསུམ་ཐམས་ཅད་སེ་གོལ་གཅིག་ལ་འཁོར། ། སྡུག་བསྔལ་ཚོར་བ་མང་པོ་མྱོང།། དེ་ལ་སྐྱེ་བ་རྣམ་བཞི་སྟེ།། མངལ་སྐྱེས་སྒོང་སྐྱེས་དྲོད་གཤེར་སྐྱེས།། རྫུས་ཏེ་སྐྱེས་དང་རྣམ་པ་བཞི།། མ་ཡི་མངལ་དུ་འདི་ལྟ་སྟེ།། བར་དོའི་རྣམ་ཤེས་འཁྱམ་པ་དང། ། ཕ་མའི་འདོད་སྲེད་རྟེན་འབྲེལ་འཛོམ།། བསོད་ནམས་མཐུན་ཅིང་ལས་འབྲེལ་ལྡན།། རྒྱུ་རྐྱེན་ཕུན་ཚོགས་མངལ་དུ་འཇུག། འཇུག་སྒོ་དག་དང་མ་དག་གཉིས།། ལྔ་འདུས་མཚན་མ་སྦྱོར་བ་ལ།། ཉོན་མོངས་ལྔ་དང་ཡིད་དྲུག་དང། ། ཡེ་ཤེས་ལྔ་ཡི་བདག་ཉིད་དོ།། ཡེ་ཤེས་རང་ངོ་མ་ཤེས་ཏེ།། དེར་འཛིན་དྲི་མས་འབྱུང་བ་འདུས།། དེ་ནས་ལུས་གྲུབ་རྒ་ཤིའི་བར།། འཁོར་བར་འཁྱམ་ཞིང་འབྱུང་བ་འདུས།། ཆོས་ཉིད་བར་དོ་ངོ་མ་ཤེས། ། དེར་འཛིན་དུག་ལྔ་དུག་གསུམ་རྒྱས།། ཡུལ་དྲུག་དག་གིས་འཛིན་པ་ཡིས།། ཕོ་མོ་སྦྱོར་བ་བྱེད་པ་ལ།། དེར་འཛིན་སྐྱེས་པས་ཡེ་ཤེས་རྩལ།། རིག་པ་ཡིད་དུ་འགྱུ་བ་དེ།། ཕ་མ་བདེ་བ་གཉིས་མཉམ་དུས། ། དེར་འཛིན་འདྲེས་པས་མངལ་རྒྱར་འཐུམ།། དེ་ཡང་འཐུམ་ལུགས་འདི་ལྟ་སྟེ།། ཕ་ཡི་ཐིག་ལེ་ཟླ་བའི་ཚུལ།། མ་ཡི་ཁུ་ཁྲག་ཉི་མའི་ཚུལ།། ཉི་ཟླ་གའུ་ཁ་སྦྱར་བར།། བར་དོའི་རྣམ་པར་ཤེས་པ་འདི། ། ཡི་གེ་ཨ་ཡི་ཚུལ་དུ་ཚུད།། ཆུ་ལ་ཆུ་བཞག་ཚུལ་དུ་ཐིམ།། དྲན་པའི་བྱུང་ཚོར་ཐམས་ཅད་འགགས།། བདེ་བ་ཆེན་པོའི་ངང་ལ་གནས།། སེམས་ཡིད་ཐོགས་པ་ཅན་དུ་སོང།། མི་ལུས་ལེན་པ་རླུང་སེམས་དང། ། ཕ་མའི་ས་བོན་བཞི་པོ་འདྲེས།། རྒྱུ་རྐྱེན་དེ་བཞི་འཛོམ་པ་རྣམས།། འབྱུང་བ་བཞི་ཡི་ལས་སུ་སོང།། དེ་ཡང་བྱེད་ལས་འདི་ལྟ་སྟེ།། ཞག་ནི་བདུན་ཕྲག་དང་པོ་ལ།། སྲུབ་བྱེད་རླུང་གི་རབ་སྲུབ་ནས།། ཉི་ཟླ་གའུ་དེ་དག་ནི། ། མེར་མེར་ཞོ་རླན་ལྟ་བུ་སྟེ།། ཡུངས་འབྲུ་བརྒྱ་ཡི་ཆ་ཙམ་ཆགས།། འབྱུང་བ་ཆུ་ཡི་བྱེད་ལས་སོ།། ཞག་ནི་བདུན་ཕྲག་གཉིས་པ་ལ།། ནུར་ནུར་ཞོ་དང་ཁྲག་འདྲེས་ཚུལ།། འབྱུང་བ་བཞི་ཡི་ཡི་གེ་དང།། རང་བཞིན་ཡི་གེ་བཞི་བཅུ་ནི། ། རྟ་རྔ་བཅུ་ཡི་ཆ་ཙམ་ཆགས།། ཐིག་ལེ་ཡུངས་འབྲུའི་ཆ་ཙམ་ཆགས།། འབྱུང་བ་ས་ཡི་བྱེད་ལས་སོ།། ཞག་ནི་བདུན་ཕྲག་གསུམ་པ་ལ།། འབྱུང་བ་མེ་ཡི་བསྐྱེད་པས་ཏེ།། གོར་གོར་པོ་ནི་ཞོ་ལྟར་ཆགས། ། རང་བཞིན་ཡི་གེ་རྩ་ཡི་ཚུལ།། རྣམ་པ་བརྒྱད་དུ་སྣང་བར་འགྱུར།། ཐིག་ལེ་ཡུངས་འབྲུའི་བཅུ་ཆ་ཙམ།། གོར་གོར་པོ་རུ་ཆགས་པའོ།། ཞག་ནི་བདུན་ཕྲག་བཞི་པ་ལ།། འབྱུང་བ་རླུང་གི་རབ་ཏུ་གཏོར། ། ལྟར་ལྟར་དངུལ་ཆུ་ལྟ་བུ་སྟེ།། ཡུངས་འབྲུ་ཕྱེད་ཀྱི་ཚད་དུ་བྱས།། དེ་དུས་རྩ་རྣམས་རགས་པར་བསྐྱེད།། ཞག་ནི་བདུན་ཕྲག་ལྔ་པ་ལ།། མཁྲང་གྱུར་ཆུ་ཡི་རབ་བསྡུས་ཏེ།། བརྟེན་པར་ཡུངས་འབྲུ་ཙམ་ཅིག་བྱས། ། དེ་དུས་རྩ་འདབ་བཅུ་དྲུག་ཆགས།། རྩ་ཡི་རྩེ་མོར་ཐིག་ལེ་ནི།། ཉ་ཡི་མིག་ཙམ་གཅིག་ཏུ་ཆགས།། དེ་ལ་བརྟེན་ནས་སྙིང་ཁ་རུ།། དེ་ནས་ལྟེ་བ་སྤྲུལ་པ་ཡི།། འཁོར་ལོ་ཡིས་ནི་གཞི་མ་ཆགས།། ཞག་ནི་བདུན་ཕྲག་བདུན་པ་ལ། ། མེ་རླུང་གཉིས་ཀྱི་སྨིན་པར་བྱས།། ཡུངས་འབྲུ་གཉིས་ཀྱི་ཆ་ཙམ་ཅིག།། ཁྱབ་འཇུག་ཉ་ཡི་ཚུལ་དུ་ཆགས།། དེ་དུས་རྩ་དཀར་རྩེ་མོ་ལ།། ཐིག་ལེ་ཉ་མིག་ཙམ་ཅིག་ཆགས།། དེ་ལ་བརྟེན་ནས་སྙིང་ཁ་རུ། ། ཆོས་ཀྱི་འཁོར་ལོའི་གཞི་མ་ཆགས།། ཞག་ནི་བདུན་ཕྲག་བདུན་པ་ལ།། འབྱུང་བ་ཆར་གྱིས་བསྡུས་པ་ཡིས།། ཡུངས་འབྲུ་གསུམ་གྱི་ཆ་ཙམ་བསྐྱེད།། མེར་མེར་རུས་སྦལ་ལྟ་བུ་སྟེ།། ཆུ་ཡིས་བཤིག་ཅིང་ས་ཡིས་མནན། ། མེ་ཡིས་སྡུད་ཅིང་རླུང་གིས་གཏོར།། ཡང་ཅིག་འབྱུང་བཞི་འདུས་པ་ཡི།། ཉི་ཤུ་རྩ་བཞི་ཡི་གེ་དང།། ལྟེ་བ་དག་ནས་བསྐྱེད་པ་ཡི།། རོ་མ་རྐྱང་མ་ཀུན་དར་མ།། རྟ་རྔ་ཙམ་དུ་ཡར་ཆད་ནས།། སྙིང་ཁར་འཁྲིས་ནས་མགྲིན་པ་རུ། ། ལོངས་སྤྱོད་འཁོར་ལོའི་ཚུལ་དུ་ཆགས།། དེ་ནས་རྩ་གསུམ་རྩེ་མོ་ལ།། ཐིག་ལེ་ཉ་མིག་ཙམ་པ་ལ།། བརྟེན་ནས་སྤྱི་བོ་བདེ་ཆེན་ཆགས།། དེ་ལ་བརྟེན་ནས་མིག་གཉིས་ཆགས།། འབྱུང་བ་བཞི་ཡི་དྭངས་མ་བཞི་པོ་ནི། ། སྙིང་གི་དཀྱིལ་དུ་འགྱུར་མེད་བཞུགས།། ཞག་ནི་བདུན་ཕྲག་བརྒྱད་པ་ལ།། ཆུ་ཡི་རབ་ཏུ་བསྡུས་པ་ལས།། སྲན་མ་བཅུ་ཆ་ཙམ་དུ་བྱས།། དེ་དུས་སྙིང་གི་དྭངས་མ་ལྔ། ། རྩ་ཆེན་ལྔ་པོ་ཕྱིར་ཤར་ཏེ།། ནང་གི་དོན་སྙིང་རྣམ་ལྔ་ཆགས།། ཐིག་ལེའི་དངས་མ་སྙིང་ཡང་ཆགས།། སྙིང་རྩ་ཡར་སོང་རྩེ་ཆགས་སོ།། དེ་ལས་གྱེས་ནས་མགོ་བོ་ཆགས།། རྩ་ཆེན་བཞི་ནི་སྙིང་དུ་འདུས། ། མཆེར་པའི་རྩ་ལ་མཆུ་ཆགས་སོ།། དེ་ལ་བསྟེན་ནས་ལུས་ཆགས་སོ།། དེ་ནས་ལག་པ་གཡས་པ་ཆགས།། དེ་ནས་མཁལ་མ་གཡས་གཡོན་ཆགས།། མཁལ་རྩ་ཡར་སོང་སྙན་གཉིས་ཆགས།། དེ་ནས་རྐང་པ་གཡས་པ་ཆགས། ། དེ་ནས་མཆིན་རྩ་མཆིན་པ་ཆགས།། མཆིན་རྩ་ཡར་སོང་སྤྱན་གཉིས་ཆགས།། དེ་ནས་ལག་པ་གཡོན་པ་ཆགས།། རླུང་གི་དྭངས་མ་གློ་བ་ཆགས།། གློ་རྩ་ཡར་སོང་སྣ་གཉིས་ཆགས།། དེ་ནས་རྐང་པ་གཡོན་པ་ཆགས། ། དེ་ནས་སྨད་ཀྱི་ནང་རོལ་ཆགས།། ལུས་ཀྱང་སྦལ་པ་ལྟ་བུའོ།། ཞག་ནི་ལྔ་བཅུ་ང་དྲུག་སྟེ།། བདུན་ཚན་བརྒྱད་དུ་ལུས་རྣམས་བསྐྱེད།། འཁོར་ལོ་བཞི་ཡི་རྩ་འདབ་དང།། རང་བཞིན་ཡི་གེ་སྤྱན་དང་བཅས། ། ལུས་ཀྱི་ཤ་རུས་ཐམས་ཅད་ནི།། ཆ་རྣམས་ཚང་བར་ཆགས་པའོ།། ཞག་ནི་བདུན་ཕྲག་དགུ་པ་ལ།། འཁོར་ལོ་བཞི་དང་རྩ་ཆེན་བརྒྱད།། རྣམ་ཤེས་རྨི་ལམ་ལྟ་བུ་ཆགས།། འབྱུང་བ་ས་ཡི་སྲ་བར་བྱས། ། ཞག་ནི་བདུན་ཕྲག་བཅུ་པ་ལ།། ལུས་ལ་སྲིན་བུའི་གྲོང་ཁྱེར་དང།། ཕྱི་རོལ་ཤ་ལྤགས་བར་རྣམས་ཀུན།། རྩ་ཡི་དྲཝ་བ་དྲཝ་ཕྱེད་ཀྱི།། ཐམས་ཅད་འབྲེལ་བའི་རྣམ་པ་ཆགས།། གོང་གི་དེ་དག་ཐམས་ཅད་ཀུན། ། རིམས་ཀྱིས་བསྐྱེད་ཅིང་རིམ་ཀྱིས་ཆགས།། གལ་ཏེ་ཕ་མ་སྐྱོན་ཅན་ནམ།། དབང་པོ་མ་ཚང་ལུས་སྐྱོན་ཞུགས།། དེ་ལ་ཆགས་ལུགས་འཁྲུལ་པའོ།། འཁོར་ལོ་བཞི་ལ་སྤྱན་གཉིས་གཉིས།། ཐབས་ཤེས་ཚུལ་དུ་སྤྱན་བརྒྱད་ཆགས། ། ཞག་ནི་བདུན་ཕྲག་བཅུ་གཅིག་ལ།། མ་ལ་རྨི་ལོ་འདི་ལྡངས་ཏེ།། མགོན་སྐྱུག་བྲོ་དང་འགའ་འགག། རྩ་རྣམས་དྲཝ་བ་ལྟ་བུར་ཆགས།། གཟུགས་ཀྱང་སྦལ་པ་ལྟ་བུ་སྟེ།། མཐོ་གང་དག་ཏུ་རག་པར་ཆགས། ། འབྱུང་བ་ཆེན་པོ་འདུས་པ་ཡི།། རླུང་གིས་ཕྱིས་ཤིང་ཆུ་ཡིས་བསྡུས།། ས་ཡིས་བཟུང་ཞིང་མེ་ཡིས་སྨིན།། རྩ་གསུམ་འཁོར་ལོ་བཞི་ལ་སོགས།། ལུས་ཀྱི་རྟེན་འབྲེལ་ཚང་མར་ཆགས།། ཞག་ནི་བདུན་ཚན་བཅུ་གཉིས་ལ། ། ལྟེ་བ་སྤྲུལ་བའི་འཁོར་ལོ་ཡི།། རྩ་མདུད་ཐམས་ཅད་རྫོགས་པར་ཆགས།། ཞག་ནི་བདུན་ཕྲག་བཅུ་གསུམ་ལ།། ཕ་ཡི་ས་བོན་རུས་པ་ཆགས།། ཞག་ནི་བདུན་ཕྲག་བཅུ་བཞི་ལ།། མ་ཡི་ས་བོན་ཤ་རྣམས་བསྐྱེད། ། ཞག་ནི་བདུན་ཕྲག་བཅོ་ལྔ་ལ།། ཤ་རུས་དྭངས་མ་རྐང་མར་ཆགས།། ཞག་ནི་བདུན་ཕྲག་བཅུ་དྲུག་ལ།། ལྤགས་པ་ཀྲིས་མ་ཐམས་ཅད་ཆགས།། ཞག་ནི་བདུན་ཕྲག་བཅོ་བརྒྱད་ལ།། ལུས་ཀྱི་ཡན་ལག་གསལ་བར་དོད། ། ཞག་ནི་བདུན་ཚན་བཅུ་དགུ་ལ།། ཉ་སུམ་ཐམས་ཅད་སྦྲུལ་ལྟར་འཁྱིལ།། ཞག་ནི་བདུན་ཕྲག་ཉི་ཤུ་ལ།། རྩ་རྣམས་དྲཝ་བའི་ཚུལ་དུ་གཡོགས།། ཞག་ནི་བདུན་ཚན་ཉེར་གཅིག་ལ། ། མེ་ཁམས་སྙིང་ནི་བྲ་བོ་ཙམ།། ཞག་ནི་བདུན་ཚན་ཉེར་གཉིས་ལ།། ལྕགས་ཁམས་གློ་བ་གངས་རི་ཆགས།། ཞག་ནི་བདུན་ཕྲག་ཉེར་གསུམ་ལ།། ཤིང་ཁམས་མཆིན་པ་ནགས་ལྟར་ཆགས།། ཞག་ནི་བདུན་ཕྲག་ཉེར་བཞི་ལ། ། མཆེར་པ་ས་ཁམས་སྤང་ལྟར་ཆགས།། ཞག་ནི་བདུན་ཕྲག་ཉེར་ལྔ་ལ།། ཀུ་ཡ་དར་གྱི་ཡོལ་ལྟར་ཆགས།། ཞག་ནི་བདུན་ཕྲག་ཉེར་དྲུག་ལ།། ཀླད་པ་ཞོ་ཕོར་ལྟ་བུར་ཆགས།། ཞག་ནི་བདུན་ཕྲག་ཉེར་བདུན་ལ། ། རྒྱུ་མ་འདོམ་པ་གསུམ་དུ་ཆགས།། ཞག་ནི་བདུན་ཕྲག་ཉེར་བརྒྱད་ལ།། རྒྱུ་མའི་ཁུག་པ་ཚིལ་བུ་དང།། ཤིན་ཏུ་རགས་པར་ཆགས་པའོ།། ཞག་ནི་བདུན་ཕྲག་ཉེར་དགུ་ལ།། ཕོ་བ་རང་གི་སྙིམ་གང་ཆགས། ། ཞག་ནི་བདུན་ཕྲག་སུམ་ཅུ་ལ།། གྲོད་པ་རང་གི་བྱིན་པ་ཙམ།། ཞག་ནི་བདུན་ཕྲག་སོ་གཅིག་ལ།། ལོང་ཀ་རང་གི་ལག་ངར་ཙམ།། ཞག་ནི་བདུན་ཕྲག་སོ་གཉིས་ལ།། ལྟེ་བ་སྤྲུལ་པའི་རྩ་ཁ་དབྱེ།། མ་ཡི་ཟས་སྐོམ་བུ་ལ་ཕན། ། ཟས་ཀྱི་དྭངས་མ་ཕོ་བར་སོང།། ལྟེ་བ་སྤྲུལ་བའི་འཁོར་ལོ་ནས།། སྲུབ་བྱེད་རླུང་གིས་དངས་སྙིགས་ཕྱེས།། དྭངས་མ་མེ་ཡི་ཁམས་ལ་ནི།། མཁྲིས་པ་རང་གི་ཁྱོར་གང་ཆགས།། སྙིགས་མ་བད་ཀན་ཆུ་ཡི་ཁམས། ། ཁྱོར་བ་གང་ནི་ཕོ་བར་ཆགས།། ཞག་ནི་བདུན་ཕྲག་སོ་གསུམ་ལ།། རླུང་མཁྲིས་བད་ཀན་གསུམ་གྱིས་ནི། ཁམས་ཀྱི་ནུས་པ་སྐྱེད་པར་བྱེད།། བརྟེན་པ་ས་ཡི་ཁམས་ཀྱིས་ནི།། ལུས་ཟུང་ཐམས་ཅད་གསོ་བར་བྱེད། ། རླན་པ་ཆུ་ཡིས་ལུས་ཟུང་བསྡུས།། གཡོ་བ་རླུང་གིས་ལུས་ཟུང་སྡོམ།། དྲོ་བ་མེ་ཡི་ལུས་རྣམས་སྨིན།། ཞག་ནི་བདུན་ཕྲག་སོ་བཞི་ལ། ཁམས་ཀྱི་དྭངས་མ་འཆར་བ་སྟེ།། སྙིང་ནི་མེ་ཁམས་ཡིན་པས་ན། ། རོ་ཡི་མྱོང་བ་ཚོར་བར་བྱེད།། གློ་བ་ལྕགས་ཀྱི་ཁམས་ཡིན་པས།། དྭངས་མ་རྣ་བ་གཉིས་ཀྱི་ནི།། སྒྲ་ཡི་དོན་ཀུན་ཚོར་བར་བྱེད།། མཆིན་པ་ཤིང་གི་ཁམས་ཡིན་པས།། དྭངས་མ་མིག་གཉིས་གཟུགས་སྣང་ཤར། ། མཆེར་པ་ས་ཡི་ཁམས་ཡིན་པས།། དྭངས་མ་ས་ཡི་དྲི་རྣམས་ཚོར།། མཁལ་མ་ཆུ་ཡི་ཁམས་ཡིན་པས།། དྭངས་མ་རྡོ་རྗེ་པདྨ་ཡི།། བདེ་བ་ཐམས་ཅད་མྱོང་བར་བྱེད།། ཞག་ནི་བདུན་ཕྲག་སོ་ལྔ་ལ།། རྩ་ཡི་ལམ་རྣམས་དོད་པར་བྱེད། ། ཞག་ནི་བདུན་ཕྲག་སོ་དྲུག་ལ།། རླུང་དང་རྣམ་ཤེས་འཕྲད་པར་བྱེད།། ཞག་ནི་བདུན་ཕྲག་སོ་བདུན་ལ།། བདེ་སྡུག་མྱོང་ཚོར་དྲག་པོ་སྐྱེས།། ཞག་ནི་བདུན་ཕྲག་སོ་བརྒྱད་ལ།། ལུས་ཀྱི་སྟོབས་རྣམས་སྐྱེད་པར་བྱེད། ། ཞག་ནི་བདུན་ཕྲག་སོ་དགུ་ལ།། རྣམ་ཤེས་བྱུང་ཚོར་ཕྱི་ལ་འབྲངས།། ཞག་ནི་བདུན་ཕྲག་བཞི་བཅུ་ལ།། སྐྱེ་བ་སྔ་ཕྱི་ཐམས་ཅད་དྲན།། དེ་ལྟར་བདུན་ཕྲག་བཞི་བཅུ་ལ།། ཟླ་བ་དགུ་དང་ཞག་པོ་བརྒྱད། ། སྤྱིར་ན་ཟླ་དགུ་ངོ་བཅུ་ལ།། མངལ་འདི་བཙོག་པའི་འདུ་ཤེས་ཤར།། ཕུལ་བྱེད་རླུང་གིས་མར་ལ་བདས།། མགོ་མཇུག་ལོག་ནས་ཕྱི་ལ་ཐོན།། དེ་ལྟར་མངལ་གྱི་རྒྱ་དང་བྲལ།། སྔར་གྱི་བག་ཆགས་སྲབ་ཏུ་སོང། ། ཕྱིས་ཀྱི་ཉེར་ལེན་ངོ་མ་འཕྲད།། ཤེས་པ་སྔར་བས་མི་གསལ་ཅིང།། རྩ་རླུང་ཀུན་གྱི་སྟོབས་མ་སྐྱེས།། ཁམས་ཀྱི་དྭངས་མ་མ་བྱེད་པས།། ནད་གདོན་མི་མཐུན་ཕྱོགས་རྣམས་སྡང།། དེ་ནས་ཁམས་ཀྱི་ཟས་ཟོས་པས། ། དྭངས་མས་ཁམས་ཀྱི་ནུས་པ་བསྐྱེད།། སྙིགས་མས་ལུས་ཀྱི་སྟོབས་བསྐྱེད་ནས།། རིམ་ཀྱིས་ལུས་རྣམས་བསྐྱེད་པར་འགྱུར།། དེ་ལྟར་རྫོགས་ལྡན་མི་ལུས་ལ།། རུས་དུམ་སུམ་བརྒྱ་དྲུག་ཅུ་ཡོད། ། ཤ་ནི་སྤར་ཚད་ལྔ་བརྒྱ་ཡོད།། ཁྲག་ནི་རང་གི་སྙིམ་པ་དྲུག། རྩ་ནི་ནི་ཁྲི་ཆིག་སྟོང་ཡོད།། ཉ་སུལ་ཆེན་པོ་དྲུག་ཡོད་དོ།། ཀླད་པ་རང་གི་སྙིམ་པ་གང།། རྒྱུ་མ་རང་འདོམ་གསུམ་ཡོད་དོ།། དབུ་སྐྲ་བརྒྱད་ཁྲི་བཞི་སྟོང་ཡོད། ། བ་སྤུ་བྱེ་བ་གཅིག་ཡོད་དོ།། སོ་ནི་སུམ་ཅུ་རྩ་གཉིས་ཡོད།། སྒལ་ཚིགས་ཉི་ཤུ་རྩ་བརྒྱད་ཡོད།། རྩིབས་མ་བཅུ་དྲུག་ལ་སོགས་ཏེ།། འདོམ་གང་གྲུ་བཞིའི་ལུས་ལ་རྫོགས།། རང་ལུས་རྒྱལ་བའི་དཀྱིལ་འཁོར་འདི། ། ཤུབས་ནས་ཐོན་ཏེ་སྤྲུལ་པའི་སྐུ།། འབྱུང་བ་ལྔ་ལས་ལུས་གྲུབ་སྟེ།། ཐབས་ཤེས་སྐུ་ནི་འདུ་འབྲལ་མེད།། བདུན་ཚན་རྣམས་ནི་རྟགས་ཚད་དེ།། ཟླ་བ་དགུ་ནི་ཐེག་པ་དགུ།། ཟླ་ངོ་བཅུ་ནི་ས་རྣམས་བགྲོད། ། ཅེས་སོ།། རྒྱུད་ཆེན་དྲི་མེད་ཟླ་ཤེལ་ལས།། འབྱུང་བཞི་ལུས་ཀྱི་ཆགས་ཚུལ་ཏེ།། རྒྱུད་ཚིག་ལེའུ་བཅོ་བརྒྱད་པའོ།། ཡང་ཅིག་གཞོན་ནུ་སྟོབས་ལྡན་གྱིས།། སྟོན་པ་ཉིད་ལ་འདི་སྐད་ཞུས། ། ཀྱེ་ཧོ་སྟོན་པ་རྡོ་རྗེ་འཆང།། ལུས་ཀྱི་གྲུབ་ཚུལ་གསུངས་ན་ཡང།། རྩ་ཡི་གནས་ལུགས་གསུང་དུ་གསོལ།། ཞུས་པའི་ལན་དུ་འདི་སྐད་དོ།། ཀྱེ་མ་གཞོན་ནུ་ཁྲོ་གཉེར་ཅན།། ཧྲིལ་གྱི་དྲིལ་ནས་འདི་ལྟར་རོ། ། མ་རིག་གཉིས་སྣང་འཛིན་པ་ཡིན།། ཡེ་ཤེས་རྩལ་ཀྱང་འབྱུང་བཞིར་འདུས།། འབྱུང་བཞི་ལས་ཀྱི་གཟུགས་སུ་གྲུབ།། ལུས་དང་མཉམ་པོར་རྩ་རྣམས་གྲུབ།། རྩ་དང་དུས་མཉམ་ཐིག་ལེ་གྲུབ།། ཐིག་ལེ་གྲུབ་པས་སྐུ་དང་ཡེ་ཤེས་གྲུབ། ། ཐམས་ཅད་དབྱེར་མེད་ལྷུན་གྲུབ་ཡིན།། དེ་ཡང་ལུས་དང་དུས་མཉམ་དུ།། འབྱུང་བཞི་ལུས་ཀྱི་རྩ་རྣམས་གྲུབ།། སྤྱིར་ན་བ་སྤུའི་གྲངས་དང་མཉམ།། གྲངས་ཅན་རྩ་ནི་སྟོང་ཕྲག་བརྒྱད་ཅུ་གཉིས། ། དེ་ཡང་བསྡུ་ན་འདི་ལྟ་སྟེ།། ལུས་ཀྱི་འཁོར་ལོ་བཞི་རུ་འདུས།། སྐྱེད་བྱེད་དྲུག་ཅུ་རྩ་བཞི་གནས།། དྲན་པ་སུམ་ཅུ་རྩ་གཉིས་གནས།། རོ་འདུས་བརྒྱད་གཉིས་བཅུ་དྲུག་གནས།། རྣམ་བཀོད་སུམ་བརྒྱ་དྲུག་ཅུ་གནས། ། སྤྱིར་ནི་འཁོར་ལོ་བཞི་པོ་ལ།། རྩ་ཡི་གྲངས་མ་བཤད་པ་ནི།། བཞི་བརྒྱ་བདུན་ཅུ་རྩ་གཉིས་ལྡན།། དེ་ནི་བསྡུས་ཏེ་གྲངས་ཅན་ནོ།། འཁོར་ལོ་བཞི་པོ་དེ་ཡི་དབུས།། རྩ་གསུམ་ཀ་བའི་ཚུལ་དུ་གནས།། ཤེལ་རླུང་གིས་བསྐྱེད། ། ཤེལ་སྦུགས་ཅན་ནི་མེ་ཡིས་བསྐྱེད།། རོ་མ་ལྟེ་བའི་གཡོན་དུ་ནི།། བྱང་སེམས་འབབ་པའི་རྟེན་བྱེད་དོ།། རྐྱང་མ་སྙིང་རྩེ་གཡོན་པ་ནས།། མགྲིན་པའི་རྩེ་ནས་སྣ་གཉིས་ནུས་པ་ཕྱེས། ། རྩེ་ཆུང་གཉིས་ནས་ཐོད་པ་རུ།། དར་སྐུད་བ་མེན་རྭ་འདྲའི་ཆ།། རྩ་ནི་མིག་གི་འབྲས་ལ་ཟུག།། ཡེ་ཤེས་སྣང་བ་འཆར་བའི་ལམ།། ཀུན་དར་མ་ནི་དབུས་སུ་གནས།། རྩེ་མོ་གསུམ་དུ་ཡར་སོང་ནས།། གཡས་གཡོན་རྣ་བ་གཉིས་ལ་ཟུག། དབུས་ནི་ཚངས་པའི་གནས་སུ་ཟུག། རྩ་ཡི་མདུད་པ་དེ་དག་ཏུ།། རང་བཞིན་ཡི་གེ་འོད་དང་བཅས།། རླུང་ལྔ་ཡེ་ཤེས་རྣམ་ལྔ་དང།། ཐིག་ལེ་འོད་འབར་ཚུལ་དུ་གནས།། དེ་ནི་རྩ་ཡི་སྤྱི་བཤད་ཡིན། ། ད་ནི་སོ་སོའི་རྩ་གནས་བཤད།། དང་པོ་སྐྱེད་བྱེད་ལྟེ་འཁོར་གྱིས།། སྲིད་པ་ཆགས་པའི་གཞི་མ་བྱས།། དགོངས་པའི་དོན་ནི་རྣལ་དུ་ཕེབས།། མགྲིན་པ་ལོངས་སྤྱོད་འཁོར་ལོ་ཡིས།། སྣང་སྟོང་གཉིས་ལ་ལོངས་སྤྱོད་དོ། ། སྤྱི་བོར་བདེ་ཆེན་འཁོར་ལོ་ཡིས།། བདེ་བ་ཆེན་པོའི་རྣལ་དུ་འཇོག། དེ་ཡང་མི་འགྱུར་འདི་ལྟ་སྟེ།། ལུས་མི་འགྱུར་རྩ་ཡི་ཐེམས་སུ་བཞུགས།། ངག་མི་འགྱུར་ཡི་གེའི་ཐེམས་སུ་བཞུགས།། རྩ་ཡིག་རྣམས་ནི་ལུས་ངག་ཡིད། ། དེ་རྣམས་ལྟེ་བ་དག་ནས་བསྐྱེད།། ད་ནི་སྐྱེད་བྱེད་རྩ་གནས་བཤད།། དེ་ལ་རྩ་དང་ཡི་གེའོ།། རྩ་འདབ་བརྒྱད་ཅུ་རྩ་བཞི་དང།། རང་བཞིན་ཡི་གེ་དེ་དང་མཐུན།། ཡི་གེ་འོད་ཀྱི་གོང་བུར་གནས། ། འོད་ཀྱི་ནང་དུ་རང་བཞིན་སྐུ།། ཀུན་ཏུ་བཟང་པོ་སོ་གཉིས་དང།། ཀུན་ཏུ་བཟང་མོ་སོ་གཉིས་ནི།། ཐབས་དང་ཤེས་རབ་གཉིས་སུ་མེད།། དེ་ལས་ཐམས་ཅད་སྐྱེད་པར་བྱེད།། སྐྱེད་བྱེད་བྱ་བ་དེ་ལ་ཟེར། ། སྒྲོན་མའི་སྤྱན་དང་འབྱུང་བཞིའི་སྤྱན།། ས་དང་ས་ཡི་མཚན་མར་གནས།། ཁྱད་པར་ལུས་སྲོག་སྨིན་པའི་རྩ།། གྲངས་ཅན་ཉི་ཤུ་རྩ་བརྒྱད་ཡོད།། ཐིག་ལེའི་སྤྱན་རྩ་བཅུ་དྲུག་ཡོད།། སྒྲོན་མའི་རྩ་ནི་བཅུ་གཉིས་ཡོད། ། དེ་ལ་ཡི་གེ་རེ་རེ་གནས།། ཨ་ར་ཧ་ཨུ་ཉ་རཾ་ནཾ་ན་ཛ་དེ་ས་ཁ་རཾ་ཡཾ་ཕོ་མོའི་རྩ་བཅུ་དྲུག་ཡོད།། :ཡཱ་ཧ་ཥྟ་ཊ་ཕམ་ཀྵ་ཧི་ཛ་ཕ་སུ་ཛ་ཧཱུཾ།། སྒྲོན་མ་མེ་ཡི་ཐིག་རྩ་བཅུ་གཉིས་ནི།། ཡི་གེ་འོད་ཀྱི་གོང་བུར་གནས། ། ལྟེ་བར་འབྱུང་བའི་ས་བོན་ཏེ།། ཡི་གེ་སུ་སེར་ཚུལ་དུ་གནས།། དབུ་མ་རོ་མ་རྐྱང་མ་གསུམ།། རྩ་གསུམ་ཀ་བའི་ཚུལ་དུ་གནས།། དེ་ནས་ལྟེ་བ་སྤྲུལ་པའི་རྩ།། འདབ་མ་དྲུག་ཅུ་རྩ་བཞི་ནི།། ལྗོན་ཤིང་ཡལ་ག་གྱེས་འདྲར་གནས། ། དེ་ནི་སྐྱེད་བྱེད་དེ་ཡི་གནས་ལུགས་སོ།། ས་ཡ་ཨུརྒྱ་ཧཱུཾ་ད་ནི་དྲན་བྱེད་འཁོར་ལོ་བཤད།། ལྟེ་བ་དག་ནས་སོ་བརྒྱད་པར།། སྙིང་ཁའི་རྩ་རྣམས་ཡལ་གའི་ཚུལ།། རྩ་འདབ་སུམ་ཅུ་རྩ་གཉིས་ནི། ། རང་བཞིན་ཡི་གེ་དག་དང་བཅས།། འོད་དང་ཐིག་ལེའི་ཚུལ་དུ་གནས།། འཁོར་ལོ་དེ་ཡི་ལྟེ་བ་རུ།། ཆུ་ཡི་ཡི་གེ་ཁམས་དཀར་གནས།། ཡབ་ཡུམ་ཡི་གེ་ནི་དང་ཧྲི།། འོད་ཀྱི་གོང་བུའི་ཚུལ་དུ་གནས།། རྩ་ཡིག་རྣམས་ནི་འདི་ལྟར་རོ། ། ཁ་ཙ་ཏ་ཏ་ཕ་ཡ་ས་ཏཿ་ཀ་གྷ་བྷ་ཛྙ་ཏེ་དྷ་ར་ཙཿ། ལྷག་མ་རྣམས་ལ་ཨ་གནས་སོ།། དེ་ནི་ཀུན་བཟང་ཡབ་ཡུམ་ཡིན།། ས་མ་ཡ་ཨུ་རྒྱ་ལོཾ།།།། ད་ནི་རོ་འདུས་ལོངས་སྤྱོད་ཀྱི། ། རྩ་དང་ཡི་གེའི་གནས་ལུགས་བཤད།། རྩ་འདབ་གྲངས་ནི་བཅུ་དྲུག་ལ།། རང་བཞིན་ཡི་གེ་རེ་རེ་གནས།། དབུས་སུ་མེ་ཡིག་རཾ་དང་ནི།། ཡབ་ཡུམ་ཡི་གེ་རེ་དང་རྩ།། འོད་ཀྱི་གོང་བུའི་ཚུལ་དུ་གནས། ། རྩ་ཡིག་རྣམས་ནི་འདི་ལྟར་རོ།། ར་ཏྭ་ལི་ལཱི་ཨེ་ཨ་ཨཱ་ཨཱ་ཨ་ཨཱ་ཨེ་ཨཱ་ཨ་ཨཱ།། ད་ནི་རྩེ་མོ་རྣམ་བཀོད་ཀྱི།། རྩ་དང་ཡི་གེའི་གནས་ལུགས་བཤད།། རྩ་འདབ་སུམ་བརྒྱ་དྲུག་ཅུ་ཡོད།། དེ་ཡང་བསྡུ་ན་སུམ་ཅུ་གཉིས། ། རང་བཞིན་ཡི་གེ་རེ་རེ་གནས།། དབུས་སུ་ཡི་གེ་ཡཾ་ལྗང་དང།། ཡབ་ཡུམ་ཡི་གེ་ཧ་དང་ར།། འོད་ཀྱི་གོང་བུའི་ཚུལ་དུ་གནས།། རྩ་ཡིག་རྣམས་ནི་འདི་ལྟར་རོ།། ཕ་ཕཱ་ཕི་ཕཱི།། མི་མཱི་བ་བཱ་བི་བཱི་ཉ་ཉཱ་ཉི་ཉཱི་ཁ་ཁཱ་ག་གྷ་ཙ་ཚ་ཚཱ་ད་དྷཱ་ཐ་ཐཱ་ས་སཱ་ན་མཱ་ཨ་ཨ། ། རྩ་འདབ་རྣམས་ནི་གདུགས་རྩིབས་ལྟར།། རྩ་ཡི་གཙོ་བོ་གསུམ་ལས་གྱེས།། དེ་ལྟར་ལུས་ཀྱི་འཁོར་ལོ་བཞིར།། རྩ་དང་ཡི་གེའི་གནས་ལུགས་རྫོགས།། རྒྱུད་ཆེན་དྲི་མེད་ཟླ་ཤེལ་ལས། ། ལུས་ལ་བརྟེན་ནས་རྩ་འཁོར་བཞི།། གནས་ཚུལ་བསྟན་པའི་རྒྱུད་ཚིག་ལེའུ་བཅུ་དགུ་པའོ།། ས་མ་ཡཱཿ་ཡང་ཅིག་གཞོན་ནུ་སྟོབས་ལྡན་གྱིས།། སྟོན་པ་ཉིད་ལ་འདི་སྐད་ཞུས། ། ཀྱེ་མ་སྟོན་པ་རྡོ་རྗེ་འཆང།། རྩ་ཡི་གནས་ལུགས་གསུངས་ན་ཡང།། ཡེ་ཤེས་རླུང་གི་གནས་ས་གསུམ།། ལེགས་པར་ཡང་དག་ཉིད་དུ་གསུངས།། ཞུས་པའི་ལན་དུ་འདི་སྐད་དོ།། ཡེ་ཤེས་རླུང་གིས་ཀུན་ལ་ཁྱབ། ། རླུང་ལ་རྣམ་གྲངས་མང་ན་ཡང།། ལས་ཀྱི་རླུང་དང་ཡེ་ཤེས་རླུང།། ཡེ་ཤེས་རླུང་ནི་སེམས་དང་འདྲེས།། སེམས་ནི་ལས་ཀྱི་རླུང་དང་འདྲེས།། རླུང་སེམས་གཉིས་སུ་མེད་པ་སྟེ།། དེ་ཕྱིར་རླུང་གིས་ལས་ཀུན་བྱེད། ། རླུང་ནི་རྩ་གསུམ་ནང་དུ་རྒྱུ།། ས་རླུང་ལྔ་སྟོང་བཞི་བརྒྱ་དང།། མེ་ཆུ་གཉིས་ཀྱང་དེ་ཙམ་ཅིག། ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་འགྱུ།། གྱེན་རྒྱུ་ཐུར་སེལ་ལས་རྣམས་བྱེད།། སྣང་སྲིད་ཐམས་ཅད་རླུང་ལ་བརྟེན། ། ཐམས་ཅད་རླུང་གི་བྱེད་ལས་སོ།། ས་ལ་རླུང་གིས་མ་ཁྱབ་ན།། འདེགས་པའི་རྩལ་ཤུགས་ག་ལ་ཡོང།། ཆུ་ལ་རླུང་གིས་མ་ཁྱབ་ན།། འབབ་པའི་རྩལ་ཤུགས་ག་ལ་ཡོང།། མེ་ལ་རླུང་གིས་མ་ཁྱབ་ན།། འབར་བའི་རྩལ་ཤུགས་ག་ལ་ཡོང། ། རླུང་ལ་རླུང་གིས་མ་ཁྱབ་ན།། འགྲོ་བའི་རྩལ་ཤུགས་ག་ལ་ཡོང།། ནམ་མཁར་རླུང་གིས་མ་ཁྱབ་ན།། བཀྲག་དང་ཡོན་ཏན་ག་ལ་འཆར།། སྤྱིར་ན་འདི་ལྟར་ཤེས་པར་བྱ།། རྩ་དང་རླུང་དང་སེམས་དང་གསུམ། ། ཐ་དད་བཤད་ཀྱང་གཅིག་ཏུ་འདུས།། ཡེ་ཤེས་མེད་ན་སེམས་མི་འབྱུང།། སེམས་འདི་མེད་ན་རླུང་མི་འབྱུང།། སེམས་གཅིག་བྱུང་ན་ཡེ་ཤེས་གྲུབ།། ཡེ་ཤེས་རྩལ་ལས་མ་འགག་འཆར།། རྩ་རླུང་ཐིག་ལེ་ཡེ་ཤེས་མེད་ན་སེམས། ། ཐམས་ཅད་དབྱེར་མེད་གཅིག་ཏུ་འདུས།། དེ་ལྟར་མ་ཤེས་སོ་སོར་བཟུང།། མིང་མེད་མིང་དུ་སོང་བ་ལྟར།། ཡེ་ཤེས་ལྔ་དང་འབྱུང་བ་ལྔ།། དུག་ལྔ་ཉོན་མོངས་ལ་སོགས་པ། ། གཅིག་ལ་མང་པོར་བཟུང་བས་འཁྲུལ།། ཡང་དག་དོན་ལ་ཉེ་བ་མེད།། སྤྱིར་ན་ཐམས་ཅད་ཡེ་ཤེས་རླུང་གི་རྩལ།། དབྱེར་མེད་གཅིག་ཏུ་ཤེས་པ་ནི།། རང་སེམས་ཉིད་ལས་རང་གྲོལ་ཏེ།། ཟག་བཅས་ཉིད་ཀྱང་མི་སྣང་བར། ། ཡེ་ཤེས་ཀློང་དུ་སངས་རྒྱས་སོ།། ཡེ་ཤེས་རྩལ་གྱི་ལུས་ཉིད་ལ།། རླུང་ནི་སྤྱི་དང་བྱེ་བྲག་གཉིས།། མང་དུ་བཤད་ཀྱང་ལྔ་རུ་འདུས།། འདེགས་བྱེད་རླུང་ཞེས་བྱ་བ་ནི།། འོད་དམར་ཚུལ་དུ་སྙིང་ལ་གནས། ། མཆེར་པའི་རྩ་ནང་ཕར་སོང་སྟེ།། ལུས་རྣམས་ཀུན་ལ་ཁྱབ་པར་ཆགས།། ཁྱད་པར་ལྷུ་ཚིགས་བཞི་ལ་གནས།། ཤ་དང་རུས་པའི་སྟོབས་རྣམས་བསྐྱེད།། བཀྲག་དང་གཟི་མདངས་བསྐྱེད་པའི་རླུང།། འོད་ཟེར་ཚུལ་དུ་སྙིང་དུ་གནས། ། མཁལ་མའི་རྩ་མར་སོང་ནས།། ལུས་ཀྱི་མགོ་མཇུག་ཀུན་ལ་ཁྱབ།། ཁྱད་པར་སྨིན་འཕྲག་བར་ལ་གནས།། ཁྲག་དང་ཆུ་སེར་བཀྲག་མདངས་བསྐྱེད།། དྲོད་འབེབས་མེ་དང་མཉམ་པའི་རླུང། ། འོད་དམར་ཚུལ་དུ་སྙིང་ལ་གནས།། མཆིན་པའི་རྩ་ལ་ཕར་སོང་སྟེ།། ལུས་ཀྱི་མགོ་མཇུག་ཀུན་ལ་ཁྱབ།། ཁྱད་པར་ཕོ་བའི་ནང་དུ་གནས།། ཟས་རྣམས་འཇུ་ཞིང་ལུས་དྲོད་བསྐྱེད།། དྭངས་སྙིགས་འབྱེད་པའི་རླུང་ཞེས་པ། ། འོད་ལྗང་ཚུལ་དུ་སྙིང་ལ་གནས།། གློ་བའི་རྩ་ནས་ཕར་སོང་སྟེ།། ལུས་རྣམས་ཀུན་ལ་ཁྱབ་པར་གནས།། ཁྱད་པར་ཁ་གཉིས་བར་ལ་གནས།། ཟས་རྣམས་དྭངས་སྙིགས་གཉིས་སུ་ཕྱེ།། དྭངས་མས་ཕུང་ཁམས་སྐྱེ་མཆེད་བསྐྱེད། ། སྙིགས་མ་དྲི་ཆེན་དྲི་ཆུར་ཕྱེ།། སྙིང་རྗེ་མེད་པའི་ལས་རླུང་ནི།། འོད་མཐིང་ཚུལ་དུ་སྙིང་ནས་གནས།། རིག་པ་དག་དང་གཉིས་སུ་མེད།། དེ་རྩལ་སྲོག་པ་རྩ་ལ་ཞུགས།། ལུས་རྣམས་ཀུན་ལ་ཁྱབ་པར་གནས། ། ཁྱད་པར་སྲོག་རྩ་ལྕེ་ལ་གནས།། གསལ་སྟོང་འཆང་བའི་གཞི་མའོ།། དེ་ནི་རླུང་ལྔ་ཡེ་ཤེས་ལྔ།། དབྱེར་མེད་གཅིག་ཏུ་གནས་ཚུལ་བསྟན།། ད་ནི་བྱེ་བྲག་འཁོར་ལོ་བཞིར།། རླུང་ལྔའི་གནས་ཚུལ་བཤད་པར་བྱ། ། དང་པོ་ལྟེ་བ་སྐྱེད་བྱེད་དུ།། རླུང་གི་དབྱིབས་ནི་འོད་མའི་གཞུ།། ཆང་ཟུང་ཏིལ་གྱི་སྒང་བུ་ལྟར།། རབ་ཏུ་རྒྱས་ཏེ་ཐིག་ལེས་བརྒྱན།། སྤྱན་གྱི་རྣམ་པ་ལྟ་བུ་སྟེ།། དེ་ནི་སྲོག་འཛིན་རླུང་ཡིན་ནོ།། ཆང་ཟུང་འོག་ཏུ་སྙིང་རྗེའི་རླུང། ། བྱེའུ་ལན་མ་ཡི་ལྟར་གནས།། དེ་ཡི་གཡས་སུ་མེ་རླུང་མཉམ།། ཐིག་ལེ་སྤྲིན་གྱི་རྣམ་པར་ལས། བྱི་བའི་ཁ་རླུངས་ལྟ་བུར་གནོད།། དེ་ཡི་གཡོན་དུ་ཁྱབ་བྱེད་རླུང།། ཆུ་ལ་བུ་བོར་རྡོལ་ཚུལ་གནས་མ། ། གཞུ་རྒྱུད་དཀྱིལ་དུ་དྭངས་སྙིགས་རླུང།། ལྕགས་ཚགས་སྤྱན་གྱི་རྣམ་པར་གནས།། འདི་ནི་ཐོག་མར་ཆགས་པ་སྟེ།། སྲིད་པ་ཆགས་བྱེད་ལྟེ་བ་ཡིས།། རླུང་ལྔ་ཡེ་ཤེས་གནས་ཚུལ་ལོ།།། ད་ནི་དྲན་པ་འདུས་བ་རུ། ། རླུང་ལྔ་ཡེ་ཤེས་གནས་ཚུལ་བསྟེན།། ཙིཏྟ་རིན་ཆེན་ཟུར་བརྒྱད་ཚུལ།། དབུས་སུ་སྲོག་འཛིན་རླུང་ཞེས་པ།། ཐིག་ལེ་སྲན་སྒང་ལྟ་བུར་གནས།། དེ་ཡི་འོག་ཏུ་ལས་ཀྱི་རླུང།། མཚོན་དྲུག་ཚུལ་དུ་གནས་པའོ། ། དེ་ཡི་རྩེ་མོར་ཐིག་ལེ་སྐུ་ཡི་ཚུལ།། ཀུན་ལ་ཁྱབ་པར་གནས་པའོ།། དེ་ཡི་གཡས་སུ་དངས་སྙིགས་རླུང།། ཐིག་ལེ་སྐུ་ཡི་གང་བར་གནས།། དེ་ཡི་གཡོན་དུ་ཁྱབ་བྱེད་རླུང།། ཐིག་ལེ་ཡབ་ཡུམ་ཚུལ་དུ་གནས། ། མེ་མཉམ་རླུང་ནི་ཐིག་ལེ་དང།། ཐིག་ཕྲན་ཚུལ་དུ་གནས་པའོ།། ད་ནི་རོ་འདུས་རླུང་ལྔ་བཤད།། རླུང་གཟུགས་ལྕེ་སྤྱང་ལྕེ་འདྲར་གནས།། དབུས་སུ་སྲོག་འཛིན་རླུང་ཞེས་པ།། ཐིག་ལེ་སྤྱན་མིག་དགུ་བརྩེགས་གནས། ། དེ་ཡི་འོག་ཏུ་ལས་ཀྱི་རླུང།། ཉ་ཡི་མིག་ལྟར་གནས་པ་ལ།། ཕྱོགས་བཞི་མཚམས་བཞིར་ཐིག་ལེ་བརྒྱད།། སྦྲ་ཡི་ཆུན་ཐག་བརྒྱངས་པ་ལྟར།། གཡོ་འགུལ་མེད་པར་གནས་པའོ།། གཡས་སུ་མེ་དང་མཉམ་པའི་རླུང། ། ཐིག་ལེ་ལྔ་བརྩེགས་མུ་ཁྱུད་ལྔར།། དར་ལྕེ་ཕྱར་བ་ལྟ་བུར་གནས།། གཡོན་དུ་དྭངས་སྙིགས་འབྱེད་པའི་རླུང།། ཐིག་ལེ་ཐིག་ཕྲན་སྤུངས་པར་གནས།། འོག་ཏུ་ཀུན་ཏུ་ཁྱབ་བྱེད་རླུང།། ཐིག་ལེ་དྲཝ་བའི་རིས་སུ་གནས། ། རྩེ་མོ་རྣམས་བཀོད་རླུང་ལྔ་ནི།། འཁོར་ལོ་རྩིགས་ལྔ་མུ་ཁྱུད་ལྔ།། ལྟེ་བར་སྲོག་འཛིན་རླུང་ཞེས་པ།། ཐིག་ལེ་ཞལ་གསུམ་ཕྱག་དྲུག་གནས།། དེ་ཡི་འོག་ཏུ་ལས་ཀྱི་རླུང།། ཁྲོ་བོ་ཞལ་གསུམ་ཕྱག་དྲུག་པ། ། མེ་རླུང་ནང་དུ་བཞུགས་པར་གནས།། ཕྱོགས་མཚམས་བརྒྱད་དུ་ཐིག་ལེ་བརྒྱད།། རེ་ཐག་འཐེན་འདྲར་གནས་པའོ།། འཁོར་ལོའི་རྩིབས་ནི་གཉིས་པ་ལ།། ཐིག་ལེ་རྨ་བྱའི་མདོངས་ལྟར་གནས། ། གཡོན་གྱི་རྩིབས་ལ་དྭངས་སྙིགས་འབྱེད་པའི་རླུང།། ཐིག་ལེ་ཉ་ཡི་མིག་ལྟར་གནས།། ལྷག་པའི་རྩིབས་ནི་གཉིས་པ་ལ།། ཐིག་ལེ་ཟ་འོག་གུར་ཁྱིམ་གནས།། རྩིབས་མཆན་རྣམས་སུ་ལྷག་པའི་རླུང།། སྨིག་སྒྱུ་ལུག་རྒྱུད་ཚུལ་དུ་གནས། ། ལྟེ་བར་ས་ཡི་རླུང་གནས་སོ།། དྲན་པ་ཆུ་ཡི་རླུང་གནས་སོ།། རོ་འདུས་མེ་ཡི་རླུང་གནས་སོ།། རྩེ་མོར་རླུང་གི་རླུང་གནས་སོ།། རྒྱུད་ཆེན་དྲི་མེད་ཟླ་ཤེལ་ལས།། ཁྱད་པར་འཁོར་ལོ་བཞི་ཡི་རྩར། ། རླུང་ལྔ་ཡེ་ཤེས་གནས་ལུགས་ཀྱི།། རྒྱུད་ཚིག་ལེའུ་ཉི་ཤུ་པའོ།། ས་མ་ཡཱཿགཏེར་རྒྱ། སྦས་རྒྱ། ཡང་ཅིག་གཞོན་ནུ་སྟོབས་ལྡན་གྱིས།། སྟོན་པ་ཉིད་ལ་འདི་སྐད་ཞུས།། ཀྱེ་ཧོ་སྟོན་པ་རྡོ་རྗེ་འཆང།། རླུང་ལྔའི་གནས་ཚུལ་བཤད་ན་ཡང། ། ཐིག་ལེའི་གནས་ལུགས་གསུང་དུ་གསོལ།། ཞུས་པའི་ལན་དུ་བཀའ་སྩལ་པ།། ཀྱེ་མ་གཞོན་ནུ་སྟོབས་ལྡན་ཉོན།། ཡེ་ཤེས་རྩལ་གྱི་ལུས་གྲུབ་པས།། དེ་ལ་རྩ་གྲུབ་དེ་ལ་ཐིག་ལེས་ཁྱབ། ། རྒྱུ་ཡི་ཐིག་ལེ་ཡི་གེར་གནས།། དེ་ལ་སྐུ་དང་ཡེ་ཤེས་ཀྱིས།། ཐིག་ལེ་དག་ནི་གནས་པའོ།། དེ་ཡང་སྤྱི་དང་བྱེ་བྲག་གོ། སྤྱི་ནི་འོད་ལྟར་གནས་པས་ཏེ།། རྩ་རེའི་ནང་དུ་རླུང་རེ་གནས།། རླུང་དང་ཡེ་ཤེས་ཐིག་ལེ་ནི། ། ཡུངས་འབྲུ་ཙམ་གྱིས་རྩ་རྣམས་ཁྱབ།། ཕོ་ལ་ཐིག་ལེ་དངོས་སུ་འབབ།། མོ་ལ་སྙོམས་འཇུག་ཁམས་རྒྱས་དུས།། སྣའུ་གཡས་སུ་འབབ་པར་འགྱུར།། ཀུན་རྫོབ་ཐིག་ལེ་དེ་ཉིད་ནི། ། འབྱུང་བ་ལྔ་ཡི་དངས་མ་ཡིན།། ཡུམ་ཆེན་ལྔ་པོ་དངོས་དང་མཐུན།། མཁའ་འགྲོ་རྣམས་ཀྱི་སྲོག་ཡིན་ནོ།། དེ་ལ་ཡེ་ཤེས་ཐིག་ལེ་གནས།། དོན་དམ་ཀུན་རྫོབ་ཐིག་ལེ་གཉིས།། དབྱེར་མེད་གཅིག་གི་རང་བཞིན་ནོ། ། ཀླད་པ་རྐང་མར་རུས་པ་རྣམས།། ཕ་ཡི་ཐིག་ལེ་དཀར་པོ་བསྐྱེད།། རུས་པ་རྩ་དང་ཆུ་རྒྱུས་དང།། ཞག་དང་ཚིལ་ལུ་ཐམས་ཅད་བསྐྱེད།། ཤ་ཁྲག་ཆུ་སེར་སྤུ་ལྤགས་རྣམས།། མ་ཡི་ཐིག་ལེ་དམར་པོས་བསྐྱེད། ། དེ་ནས་ལུས་རྣམས་རྫོགས་པས་ཏེ། ཁ་མིག་རྣ་བ་ཅན་དུ་བྱོན།། བྱེ་བྲག་ཐིག་ལེའི་གནས་ལུགས་ནི།། ཁྱད་པར་འཁོར་ལོ་བཞི་ཡི་རྩ་མདུད་དུ།། ཕ་མའི་ཐིག་ལེ་ཡུངས་འབྲུ་ཙམ།། དངུལ་ཆུ་རྒྱ་སྐག་མདོག་ལྟར་གནས། ། དེ་ཡང་ཁ་དོག་ལྔ་དང་ལྡན།། ཡི་གེའི་གཟུགས་སུ་གནས་པའོ།། དེ་ཡང་འཁོར་ལོ་བཞི་དང་མཐུན།། གྲངས་ཅན་རྩ་དང་གྲངས་མེད་རྩ།། བ་སྤུའི་བུ་ག་ཐམས་ཅད་དུ།། ཕ་མ་གཉིས་ཀྱི་ཐིག་ལེ་ཁྱབ། ། ཐིག་ལེ་གཉིས་ཀྱང་ཡེ་ཤེས་རྩལ་ལས་བྱུང།། འབྱུང་ལྔ་འདུས་པའི་དྭངས་མ་ནི།། འདས་མ་འདས་གཉིས་ཀྱི་སྲོག་ཡིན་ནོ།། སྐུ་དང་ཐིག་ལེ་གཉིས་སུ་མེད།། རང་ལུས་ཀུན་ལ་ཁྱབ་པར་གནས།། ཐིག་ལེ་དེ་དག་ངོ་སྤྲོད་ནི། ། མ་ཡེངས་འདི་ལྟར་ཤེས་པར་གྱིས།། ཕྱི་རབ་རྣམས་ཀྱིས་ཉམས་སུ་ལོང།། ཕྱི་ནང་གསང་བ་ཡང་གསང་ཉིད།། ཕྱི་ལྟར་འབྱུང་བ་རྣམ་ལྔ་ཡིན།། ནང་ལྟར་ཡུམ་ཆེན་རྣམ་ལྔ་ཡིན།། གསང་བ་ལྟར་ན་མ་རིག་ལྔ། ། ཡང་གསང་ལྟར་ན་ཡེ་ཤེས་ལྔ།། ཕྱི་ལྟར་འོད་ཟེར་ལྔ་ཡིན་ནོ།། ནང་ལྟར་ཐིག་ལེ་ལྔ་ཡིན་ནོ།། གསང་བ་ལྟར་ན་ཡི་གེ་ལྔ།། ཡང་གསང་ལྟར་ན་མ་རིག་ལྔ།། ཕྱི་ལྟར་དབང་པོ་ལྔ་ཡིན་ལ།། ནང་ལྟར་ཉོན་མོངས་དུག་ལྔ་ཡིན། ། གསང་བ་ལྟར་ན་སྐུ་ལྔ་སྟེ།། ཡང་གསང་ལྟར་ན་ཡེ་ཤེས་ལྔ།། དེ་ལྟར་ཡིན་པའི་ཡོན་ཏན་གྱིས།། རྒྱུ་ཡི་ཐིག་ལེ་མ་སྤོངས་བསྒྲུབ།། རྒྱུ་ཡི་ཐིག་ལེ་སྤངས་གྱུར་ན།། གསང་སྔགས་དམ་ཚིག་ཉམས་ནས་སུ། ། བསྐལ་པ་འབུམ་ཁྲིར་ན་རག་སྤྱོད།། དེ་ཕྱིར་ཐིག་ལེ་མ་ཉམས་སྲུངས།། རྒྱུ་ཡི་ཐིག་ལེ་ཉམས་གྱུར་ན།། མཁའ་འགྲོ་ཁྲི་འབུམ་ངུ་སྐད་འདོན།། མི་མཐུན་རྐྱེན་དང་བར་ཆད་འབྱུང།། དེ་ཕྱིར་ཐིག་ལེ་མ་ཉམས་སྲུངས། ། ཐིག་ལེ་མ་ཉམས་སྲུངས་གྱུར་ན།། འདས་དང་མ་འདས་ཐམས་ཅད་ཀུན།། དབང་དུ་འགྱུར་བར་ཐེ་ཚོམ་མེད།། འཁོར་འདས་ཀུན་གྱི་སྲོག་ཡིན་ནོ།། དེ་ཕྱིར་ཐིག་ལེ་མ་ཉམས་པར།། མཚན་ལྡན་མ་ལ་བདེ་བ་བསྐུལ། ། ཕབ་ཟློག་འདྲེན་དང་འགྲེམ་པ་དང།། བཅུ་དྲུག་ཕྱེད་ཕྱེད་ཐིག་ལེ་སྦྱངས།། ཕུང་པོ་ཁམས་དང་སྐྱེ་མཆེད་ཀུན།། རྒྱལ་བའི་དཀྱིལ་འཁོར་ཆེན་པོར་སྒོམ།། དབང་པོའི་འདོད་ཡོན་ཐམས་ཅད་ཀུན། ། ཕྱི་རུ་མི་འབུལ་ནང་དུ་འབུལ།། དེ་ལྟར་མི་ཤེས་བླུན་པོ་རྣམས།། ཡི་དམ་ཕྱི་ནས་སྒོམ་པ་དང།། ཡེ་ཤེས་ཕྱི་རུ་ཚོལ་བ་དང།། ཐིག་ལེ་སྤོང་དང་ཐབས་ཤེས་བྲལ།། ཚོགས་མཆོད་འདོད་ཡོན་ཕྱི་ལ་འབུལ། ། ལྟ་སྒོམ་སྤྱོད་གསུམ་ཕྱི་ནས་ཚོལ།། སངས་རྒྱས་ཕྱི་ལ་རེ་བ་རྣམས།། བསྐལ་པ་ཞིང་གི་རྡུལ་སྙེད་དུ།། བསོད་ནམས་བསགས་ཀྱང་གྲོལ་མི་འགྱུར།། ཅི་ཕྱིར་ཡེ་ཤེས་རང་གསལ་ནི།། རང་ལ་རང་གསལ་ཡོད་པའི་ཕྱིར། ། རང་ལུས་རྒྱལ་བའི་དཀྱིལ་འཁོར་དུ།། སྐུ་དང་ཡེ་ཤེས་ཐིག་ལེ་རྣམས།། སྐུ་གསུམ་རང་ལ་རང་ཆས་གནས།། དེ་ཕྱིར་རང་ལ་རང་སྤྱོད་དོ།། རྒྱུད་ཆེན་དྲི་མེད་ཟླ་ཤེས་ལས།། ཐིག་ལེའི་གནས་ལུགས་བསྟན་པ་སྟེ། ། རྒྱུད་ཚིག་ལེའུ་ཉེར་གཅིག་པའོ།། ས་མ་ཡཱ། གཏེར་རྒྱ། སྦས་རྒྱ། ཟབ་རྒྱ། ཏ། ཏཅ།ུ0f7f་ཡང་ཅིག་གཞོན་ནུ་སྟོབས་ལྡན་གྱིས།། སྟོན་པ་ཉིད་ལ་ཡང་ཞུས་པ།། ཀྱེ་མ་སྟོན་པ་རྡོ་རྗེ་འཆང། ། ཐིག་ལེའི་གནས་ལུགས་བཤད་ན་ཡང།། བྱིས་པ་རྣམས་ཀྱིས་མི་གོ་བས།། ཡེ་ཤེས་གནས་ལུགས་གསུང་དུ་གསོལ།། བཞུགས་ཚུལ་མཚན་ཉིད་ཇི་ལྟ་བུ།། ཞུས་པའི་ལན་དུ་བཀའ་སྩལ་པ།། ཉོན་ཅིག་གཞོན་ནུ་བུམ་པ་ཅན། ། ལུས་ལ་ཡེ་ཤེས་གནས་ཚུལ་ནི།། དག་དང་མ་དག་རྣམ་པ་གཉིས།། མ་དག་ཉོན་མོངས་གནས་ཚུལ་དང།། དག་པ་སྐུ་དང་ཡེ་ཤེས་ཀྱི།། གནས་པའི་ཚུལ་དང་ངོ་སྤྲད་པ།། རྣམ་པ་གཉིས་སུ་ངས་བཤད་དོ། ། དང་པོ་ཉིད་ནི་འདི་ལྟར་རོ།། མ་དག་ཉོན་མོངས་གནས་ཚུལ་ནི།། རླུང་ཅན་གློ་བའི་གྲོང་ཁྱེར་དུ།། མ་རིག་པ་དང་སེམས་དང་ཡིད།། རྣམ་པ་གསུམ་དུ་གནས་པའོ།། དེ་ཡང་མ་རིག་པ་ཞེས་པ། ། དངོས་པོའི་གཤིས་ལ་སྒྲིབ་པར་བྱེད།། སེམས་ཀྱིས་ཡེ་ཤེས་ཉིད་ལ་སྒྲིབ།། ཡིད་ཀྱིས་རིག་སྣང་ཉིད་ལ་སྒྲིབ།། དེ་ལ་ཉོན་མོངས་བག་ཆགས་དང།། ཀུན་གཞི་དང་ནི་འཛིན་པ་འབྱུང།། ཉོན་མོངས་དག་ལ་རྣམ་ལྔ་སྟེ། ། གནས་ལུགས་དོན་གོ་མ་ཤེས་ན།། གཏི་མུག་མུན་པ་ལྟ་བུས་འཐིབ།། དེ་ཡང་མ་གྲུབ་མེད་བཞིན་དུ།། སེམས་མ་རིག་པའི་ཆ་ལ་ཞེ་སྡང་བྱུང།། རང་གཞན་དོན་ལ་སྒྲིབ་པས་ན།། ང་རྒྱལ་བྲག་རི་ལྟ་བུ་རྒྱས། ། བདེ་བའི་དོན་ལ་སྒྲིབ་པས་ན།། འདོད་ཆགས་རང་ཁ་མ་རུ་སོང།། གཞན་ལ་འགྲན་པས་ཕྲག་ཀྱང་དོག། དེ་ལ་དེ་རྟེན་ཉོན་མོངས་ནི།། བརྒྱད་ཁྲི་དང་ནི་བཞི་སྟོང་བྱུང།། བག་ཆགས་འཐུག་པོའི་སྦུགས་སུ་ཆུད། ། བག་ཆགས་ཉིད་ནི་འདི་ལྟ་བུ།། སྔར་ཞེན་བག་ཆགས་རྨི་ལམ་འདྲ།། ཕྱིས་འབྱུང་བག་ཆགས་སྒྱུ་མ་འདྲ།། ད་ལྟའི་བག་ཆགས་གར་ཕྱིན་འདྲ།། ཅི་ཕྱིར་བག་ཆགས་མཚན་ཉིད་ནི།། ལས་རྣམས་ཀུན་གྱི་འཚམས་སྦྱོར་ཅིང། ། འགོ་བ་སླ་ཞིང་འགོག་པ་དཀའ།། ཀུན་གཞི་ལ་ཡང་རྣམ་པ་གསུམ།། ཡེ་དོན་ཀུན་གཞི་བྱ་བ་ནི།། རིག་པའི་སྣང་བ་སྡུད་ཅིང་སོགས་པ་དང།། སྦྱོར་བ་དོན་གྱི་ཀུན་གཞི་ནི།། ཉོན་མོངས་སྣ་ཚོགས་སོག་པར་བྱེད། ། སྣ་ཚོགས་སོགས་པའི་ཀུན་གཞི་ནི།། ཕུང་ཁམས་རྣམས་ལ་བརྟེན་བྱས་ནས།། ཉོན་མོངས་དུག་ལྔའི་རྟེན་གནས་བྱེད།། དཔེར་ན་རིགས་ངན་ཁྱེའུ་བཞིན།། འཛིན་པ་དང་ནི་དབང་པོ་ཡི། ། སྒོ་ལྔའི་ཡུལ་ལ་སེམས་ཀྱི་གཟུང།། སྣང་ཡུལ་དུ་མ་ཉིད་དུ་གཟུང།། དེ་ཕྱིར་ཁམས་གསུམ་ཁང་པ་རུ།། འཁོར་བ་ཉིད་ནས་འཁོར་བར་འཁྱམས།། གཟུང་འཛིན་ཐག་པས་དམ་དུ་བསྡམས།། ཐེ་ཚོམ་དབང་གི་རྒྱུ་འབྲས་ལོག། དུང་ལ་སེར་པོར་མཐོང་བའམ།། ཐག་པ་སྦྲུལ་དུ་མཐོང་བའམ།། མཐོ་ཡོར་མི་རུ་མཐོང་བ་འམ།། རྒྱལ་བུ་རྐང་འཁྱམ་སྤྲང་པོར་འཁྲུལ། འདི་རྣམས་མ་དག་གནས་ལུགས་སོ།། དག་པ་ཡེ་ཤེས་གནས་ལུགས་ནི།། ཆོས་སྐུ་ཡེ་ཤེས་ཆེན་པོ་དེ།། ཙིཏྟ་རིན་ཆེན་ཟུར་བརྒྱད་དུ།། ཀུན་ཁྱབ་ཡེ་ཤེས་ངོ་བོ་ནི།། ས་བོན་ཡི་གེའི་ཚུལ་དུ་གནས།། དེ་ཡང་གནས་ལུགས་འདི་ལྟ་སྟེ། ། ཟས་རྣམས་ཀུན་གྱི་དྭངས་མ་ནི།། རྒྱ་མཚོ་གསེར་གྱི་ཉི་མ་ཅན།། དྭངས་མ་ལྔ་འདུས་དབུས་ན་བཞུགས།། བཞུགས་ཚུལ་ཇི་ལྟར་བཞུགས་པ་ནི།། ཆོས་སྐུ་ཡེ་ཤེས་ཆེན་པོ་ནི།། ངོ་བོ་རང་བཞིན་ཐུགས་རྗེར་ལྡན། ། ངོ་བོ་ཡེ་ཤེས་ཟང་ཐལ་ཏེ།། སྟོང་པ་ཡེ་ཤེས་སྙིང་པོ་ཅན།། གསལ་བ་འོད་ཀྱི་སྙིང་པོ་ཅན།། རང་བྱུང་རིག་པའི་སྙིང་པོ་ཅན།། སྒྲིབ་གཡོག་མེད་པར་ཟང་ཐལ་ལེ།། ཕྱོགས་མཚམས་མེད་པར་ཁྱབ་གདལ་ཏེ། ། གསལ་འགྲིབ་མེད་པར་དང་སང་དེ།། ངོས་ལྐོག་མེད་པར་རྗེན་ཆེ་རེ།། སྟོང་གསལ་ཁྱབ་པ་ཆེན་པོར་བཞུགས།། དེ་ཡང་ལྔ་ལྡན་ཆེན་པོར་བཞུགས།། སྟོང་པ་ཡེ་ཤེས་སྙིང་པོ་ཅན།། ཡང་དག་རྫོགས་པའི་སངས་རྒྱས་ཏེ། ། ཐིག་ལེ་ཉག་གཅིག་སྐུ་རུ་བཞུགས།། གསལ་བ་འོད་ཀྱི་སྙིང་པོ་ཅན།། ཐོག་མའི་སངས་རྒྱས་འོད་མི་འགྱུར།། འོད་ཟེར་སྙིང་གི་སྐུ་རུ་བཞུགས།། རང་བྱུང་རིག་པའི་སྙིང་པོ་ཅན།། རིག་སྟོང་ཀུན་བཟང་ཆོས་སྐུར་བཞུགས། ། བག་ཆགས་སྒྲིབ་པ་མེད་པར་ཟང་ཐལ་ལེ།། ཡེ་ཤེས་ཆེན་པོའི་རང་བཞིན་དུ།། རང་བཞིན་ལྷུན་གྲུབ་སྐུ་རུ་བཞུགས།། ཆོས་སྐུའི་ཀློང་དུ་གཟུགས་སྐུ་ཞིང་ཁམས་རྒྱས།། མ་འདྲེས་ཡོངས་སུ་རྫོགས་པ་རུ། ། རྒྱ་མཚོར་གཟའ་སྐར་ཤར་བ་འདྲ།། སོས་ཀའི་སྨིག་རྒྱུ་ཐང་བཀྲམ་བཞིན།། སྐུ་དང་ཡེ་ཤེས་འོད་དང་གསུམ།། འདུ་འབྲལ་མེད་པར་བཞུགས་པ་ཡིན།། གཞོན་ནུ་བུམ་པའི་སྐུ་ཞེས་པ།། དེ་ཡང་ཐོག་མའི་ཀ་དག་སྟེ། ། ཐོག་མའི་ཀ་དག་ཡེ་ཤེས་ལྔ།། དེ་ལ་དབྱེར་མེད་སྐུ་ལྔ་སྟེ།། དེ་གསལ་འོད་ལྔ་དེ་ཡུམ་ལྔ།། རླུང་ལྔས་བསྐྱོད་པས་འབྱུང་བ་ལྔ།། འབྱུང་ལྔ་དེ་ཡི་དྭངས་མ་ལྔ།། དེ་ལ་ཕུང་པོ་དྭངས་སྙིགས་ལྔ།། ཡི་གེ་མཁའ་འགྲོ་ཤེས་རབ་ལྔ། ། དེ་ཡང་གཞི་གནས་ཡེ་ཤེས་ལྔ།། ཕྱི་ནང་གསང་བ་གསུམ་དུ་བཤད།། དེ་ཡང་གཞི་ལམ་འབྲས་གསུམ་མོ།། དང་པོ་གཞི་ཡི་ཡེ་ཤེས་ལྔ།། རང་ཐོག་ཉིད་དུ་ངོ་སྤྲད་པས།། གཞི་ཡི་རིག་པ་གཅེར་བུ་འདི། ། འཁོར་འདས་གང་ཡང་མ་གྲུབ་སྟེ།། དྲི་མེད་ཀུན་ཁྱབ་མ་འགགས་གསལ།། དེ་ནི་མེ་ལོང་ཡེ་ཤེས་ཡིན།། སྐྱོན་གྱིས་མ་གོས་རང་གདངས་ནི།། འོད་ཟེར་དཀར་པོའི་ཚུལ་དུ་གསལ།། དེ་ལྟ་བུ་ཡི་ཡེ་ཤེས་དེ། ། ངོ་བོ་གང་དུ་མ་ཕྱེ་ཞིང།། གྲུབ་པ་མེད་པར་ཀུན་ལ་སྙོམས།། དེ་ནི་མཉམ་ཉིད་ཡེ་ཤེས་ཡིན།། དེ་ཡི་ཡོན་ཏན་རྫོགས་པས་སུ།། འོད་ཟེར་སེར་པོའི་ཚུལ་དུ་གསལ།། ངོ་བོ་མཉམ་ཉིད་དེ་ཉིད་ལ།། བློ་ཡི་བྱེ་བྲག་སོ་སོར་ཤར། ། དེ་ནི་སོར་རྟོགས་ཡེ་ཤེས་ཡིན།། དེ་ལ་རང་རྩལ་དྲོད་དང་ལྡན།། འོད་ཟེར་དམར་པོའི་ཚུལ་དུ་གསལ།། གང་ལྟར་ཤར་བའི་ཡོན་ཏན་རྣམས།། བྱ་བཙལ་མེད་པར་རང་ལ་གྲུབ།། བྱ་བ་གྲུབ་པའི་ཡེ་ཤེས་ཡིན། ། འགག་པ་མེད་པའི་རང་གདངས་ནི།། འོད་ཟེར་ལྗང་ཀུའི་ཚུལ་དུ་གསལ།། ཡེ་ཤེས་བཞི་པོ་དེ་དག་ཀྱང།། ཐམས་ཅད་ཆོས་ཉིད་དབྱིངས་སུ་འདུས།། ཐམས་ཅད་ཆོས་དབྱིངས་སྟོང་པ་ཡི།། རང་རྩལ་ཉིད་ལས་མ་འདས་ཏེ། ། དེ་ནི་ཆོས་དབྱིངས་ཡེ་ཤེས་ཡིན།། འགྱུར་མེད་འོད་ཟེར་ཆེན་པོ་ནི།། མཐིང་ཁ་ཉིད་དུ་གསལ་བའོ།། ད་ལམ་དང་སྦྱར་ན་འདི་ལྟར་རོ།། རིག་པའི་ཡེ་ཤེས་ཟང་ཐལ་འདི།། དྲི་མེད་ལོང་གཡའ་དག་ལྟར། ། གསལ་ལ་དྲི་མེད་སིང་ངེ་བ།། ཡེངས་བ་མེད་པའི་སྒོམ་པ་འདི།། མེ་ལོང་ཡེ་ཤེས་འཇུག་པའི་ལམ།། དེ་ལ་ཆེ་ཆུང་འཕོ་འགྱུར་མེད།། མཐོ་དམན་ཉེ་རིང་མཐའ་དབུས་མེད།། བརྗོད་བྱ་ཀུན་དང་བྲལ་བ་དེ། ། བླ་མ་ཉིད་ཀྱིས་ངོ་སྤྲད་ནས།། རིག་པ་ཚད་ཕེབས་སྲང་ལ་ཆུར།། ཕྱོགས་ལྷུང་མེད་པར་སྒོམ་པ་ནི།། མཉམ་ཉིད་ཡེ་ཤེས་འཇུག་པའི་ལམ།། ངོ་བོ་མཉམ་ཉིད་དེ་ཉིད་ཀྱི།། གསལ་ཆ་སོ་སོར་སྣང་བ་རྣམས། ། གང་ཤར་འཛིན་མེད་སྒོམ་པ་འདི།། སོར་རྟོགས་ཡེ་ཤེས་འཇུག་པའི་ལམ།། དེ་ལྟར་འཆར་ཚུལ་བསྒོམ་པ་ལ།། དཀའ་ཐུབ་ཆེན་པོ་མི་དགོས་ཏེ།། ཐམས་ཅད་ངང་ལ་གྲུབ་པས་ན།། བྱ་གྲུབ་ཡེ་ཤེས་འཇུག་པའི་ལམ། ། བསྒོམ་བྱ་སྒོམ་བྱེད་བྲལ་བ་ནི།། ཆོས་དབྱིངས་ཡེ་ཤེས་འཇུག་པའི་ལམ།། དེ་ནི་ལམ་དང་སྦྱར་བའོ།། འབྲས་བུ་ལྟར་དུ་བཤད་པ་ནི།། དེ་ལྟར་འབྱུང་ལྔའི་དྭངས་མ་སྟེ།། ཡེ་ཤེས་རིག་པ་ཞེས་བྱ་བ།། ཕྱི་ལྟར་འབྱུང་བ་ལྔ་རུ་སྣང། ། ནང་ལྟར་ཕུང་པོ་ལྔ་རུ་སྣང།། གསང་བ་ལྟར་ན་དངས་མ་ལྔ།། ཡང་གསང་ལྟར་ན་ཡི་གེ་ལྔ།། བླ་མེད་ལྟར་ན་མ་རིག་ལྔ།། དེ་ལྟར་དུ་མར་ཕྱེ་གྱུར་ཀྱང།། རིག་པ་ཡེ་ཤེས་ཉིད་ལ་རྫོགས། ། ཤེས་རབ་དྲུག་ཏུ་ངོ་སྤྲད་ན།། རིག་པ་ཉིད་ལས་འཁོར་འདས་གཞི་བྱུང་བས།། མ་ཕྱེ་པ་ཡི་ཤེས་རབ་ཡིན།། དེ་ཡང་རིག་པ་ཉིད་ཡིན་པས།། སྡུད་པའི་ཤེས་རབ་ཅེས་ཀྱང་བྱ།། རིག་པས་ཀུན་ལ་ཁྱབ་པས་ན། ། ཀུན་ཏུ་ཁྱབ་པའི་ཤེས་རབ་ཡིན།། དེ་ཉིད་གསལ་ཆ་ཡེ་ཤེས་གསལ།། རླུང་གིས་བསྐྱེད་པར་ནུས་པས་ན།། སྐྱེད་པར་བྱེད་པའི་ཤེས་རབ་ཡིན།། འཁོར་འདས་གཉིས་ནི་ཡེ་ཤེས་སུ།། རང་སྲོག་གཅོད་པར་ཡིན་པས་ན། ། སྒྲོལ་བར་བྱེད་པའི་ཤེས་རབ་ཡིན།། ཐམས་ཅད་ཡེ་ཤེས་རང་ཡིན་པས།། རང་བྱུང་ཡེ་ཤེས་རིག་པའོ། ཁམས་གསུམ་སེམས་ཅན་ཐམས་ཅད་ལ།། སྙིང་པོ་ཡེ་ཤེས་གསུམ་བརྩེགས་ནས། ། གསུམ་དུ་དབྱེ་ཡང་གཅིག་ཏུ་རྫོགས།། རིག་པ་རྟོག་མེད་ཆོས་སྐུ་ཡིན།། རིག་པ་འགག་མེད་ལོངས་སྐུ་ཡིན།། རིག་པ་ཅིར་ཡང་སྣང་བས་ཏེ།། སྤྲུལ་པ་སྣ་ཚོགས་སྐུ་ཡིན་ནོ།། དུ་མར་བསྟན་ཀྱང་ལུས་སེམས་གཅིག། ། ལུས་ཅན་སེམས་ཀྱིས་ཁྱབ་པའི་ཕྱིར།། སངས་རྒྱས་མ་ཡིན་སེམས་ཅན་མེད།། འཁོར་འདས་ཆོས་རྣམས་ཐམས་ཅད་ཀུན།། ལུས་སེམས་གཉིས་ལ་ཚང་བའོ།། ལུས་ནི་སྐུ་གསུམ་ལུས་ཡིན་ཏེ།། སྐུ་གསུམ་ཡི་གེ་གསུམ་དང་ལྡན། ། ཁྱད་པར་རིན་ཆེན་ཟུར་བརྒྱད་ན།། སྐུ་དང་ཡེ་ཤེས་འོད་དང་གསུམ།། སྐུ་ནི་མི་འགྱུར་རང་བཞིན་དོན།། འཕྲོ་བ་ཡངས་པ་མི་གཡོ་བ།། ཞི་བའི་སྐུ་ནི་ཡུངས་འབྲུ་ཙམ།། མཚན་དཔེའི་སྤྱན་ནི་ཕུལ་ཐག་ཙམ། ། སྣ་ཚོགས་གཅེར་གྲོལ་ཉིད་དུ་གནས།། ཐབས་ཤེས་གཉིས་མེད་ཡབ་ཡུམ་ཚུལ།། ཡབ་ཀྱི་ཆ་འཛིན་སེམས་དཔའ་བརྒྱད།། ཡུམ་གྱི་ཆ་འཛིན་སེམས་མ་བརྒྱད།། སྒོ་བ་ཡབ་ཡུམ་བརྒྱད་དང་ཐུ་བ་དྲུག་གོ། ཀུན་བཟངས་ཡབ་ཡུམ་རིགས་ལྔ་ཡབ་ཡུམ་བཅུ།། བཞི་བཅུ་རྩ་གཉིས་བུམ་སྐུའི་ཚུལ།། ལྔ་ལྡན་ཚོམ་བུའི་དཀྱིལ་འཁོར་རྫོགས།། དེ་རྩལ་ཀླད་པ་དུང་ཁང་དུ།། ཁྲག་འཐུང་ལྔ་བཅུ་རྩ་བརྒྱད་བཞུགས།། ཧེ་རུ་ཡབ་ཡུམ་བཅུ་པོ་ལ། ། ཀེའུ་རི་བརྒྱད་དང་སིང་ཧ་བརྒྱད།། སྒོ་མ་བཞི་དང་དབང་ཕྱུག་ཉེར་བརྒྱད་དོ།། ཁྲག་འཐུང་ལྔ་བཅུ་རྩ་བརྒྱད་ནི།། སྐུ་ནི་ཡུངས་འབྲུ་ཙམ་པ་ལ།། མཁྱེན་སྤྱོད་མ་འགགས་མཚན་དཔེའི་སྤྱན། ། ཕུལ་ཐག་ཙམ་ནི་ཕྱི་ནང་མེད།། ཟང་ཐལ་རྟོག་མེད་ཡེ་ཤེས་ཁྱབ་ཆེའོ།། འོད་ནི་མཚན་ཉིད་དངོས་པོ་བྲལ།། འབྱུང་ལྔའི་དྭངས་མ་ཁ་དོག་ལྔ།། མ་འདྲེས་རང་གསལ་ཉིད་དུ་སྟེ།། སྐུ་ལ་ཡེ་ཤེས་འོད་དུ་བྱུང། ། རིག་པའི་སྐུ་ནི་བུམ་སྐུ་འདྲ།། ཡེ་ཤེས་བུམ་ནང་མར་མེ་འདྲ།། འོད་ཟེར་མར་མེའི་འོད་དང་འདྲ།། གནས་ཚུལ་འོད་ཀྱི་གོང་བུར་བཞུགས།། དེ་དག་སྐུ་དང་ཡེ་ཤེས་འོད།། གསུམ་བརྩེགས་ཚུལ་དུ་བཞུགས་ཚུལ་ལོ། ། རྒྱུད་ཆེན་དྲི་མེད་ཟླ་ཤེལ་ལས།། གཞི་དངོས་པོ་གཤིས་ཀྱི་གནས་ལུགས་ཀྱི།། སྙིང་པོ་རང་རིག་ཡེ་ཤེས་འདི།། འདི་ལྟར་ངོ་ཡང་སྤྲད་པར་བྱ།། ཡེ་ཤེས་སྐུ་ལྔར་ངོ་སྤྲད་པ།། དེ་ཡང་རིག་པའི་ཡེ་ཤེས་འདི། ། རྣམ་པ་སྣ་ཚོགས་སྣང་བས་ན།། རྣམ་སྣང་ཆེན་པོའི་སྐུ་ཡང་ཡིན།། རིག་པའི་དོན་མི་འགྱུར་བས།། མི་བསྐྱོད་རྡོ་རྗེའི་སྐུ་ཡང་ཡིན།། རིག་པ་དགོས་འདོད་འབྱུང་བས་ན།། རིན་ཆེན་འབྱུང་ལྡན་སྐུ་ཡང་ཡིན། ། ཐུགས་རྗེ་ཀུན་ཏུ་སྣང་བས་ན།། སྣང་བ་མཐའ་ཡས་སྐུ་ཡང་ཡིན།། ཤེས་བྱ་ཐམས་ཅད་རང་གྲུབ་པས།། དོན་ཡོད་གྲུབ་པའི་སྐུ་ཡང་ཡིན།། རང་གི་རིག་པ་ཡེ་ཤེས་འདི།། རིགས་ནི་ལྔ་རུ་ངོ་སྤྲད་ན།། གཞི་ཡི་རིག་པ་གསལ་སྟོང་འདི། ། སངས་རྒྱས་ཀུན་གྱི་གཤེགས་ཤུལ་ཏེ།། དེ་བཞིན་གཤེགས་པའི་རིགས་ཀྱང་ཡིན།། རིག་པ་མི་འགྱུར་བརྟན་པས་ན།། སྲ་བརྟན་རྡོ་རྗེའི་རིགས་ཀྱང་ཡིན།། རིག་པ་ཡོན་ཏན་ལྡན་པས་ན། ། རིན་ཆེན་འབར་བའི་རིགས་ཀྱང་ཡིན།། རིག་པ་སྐྱོན་གྱིས་མ་གོས་པས།། མ་ཆགས་པདྨའི་རིགས་ཀྱང་ཡིན།། རིག་པ་རྩལ་ཤུགས་ལྡན་པས་ན།། ལས་ཀྱི་རིགས་ཀྱང་ཡིན་པའོ།། རང་རིག་ཡེ་ཤེས་གསལ་སྟོང་འདི། ། སྤྲོས་པའི་མཐའ་དང་བྲལ་བས་ན།། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཡིན།། རིག་པའི་གདངས་ལྔ་གསལ་བ་འདི།། མེ་ལོང་ལྟ་བུའི་ཡེ་ཤེས་ཡིན།། ཆོས་རྣམས་ཐམས་ཅད་གཉིས་མེད་མཉམ། ། མཉམ་པ་ཉིད་ཀྱི་ཡེ་ཤེས་ཡིན།། རང་རིག་སྣང་སྟོང་གཉིས་སུ་གསལ།། སོ་སོར་རྟོགས་པའི་ཡེ་ཤེས་ཡིན།། ཆོས་རྣམས་འབད་རྩོལ་མཐའ་ལས་འདས།། བྱ་བ་གྲུབ་པའི་ཡེ་ཤེས་ཡིན།། རང་རིག་འོད་ལྔ་རོ་དང་ངོ་སྤྲད་ན། ། རང་རིག་ཡེ་ཤེས་དྲི་མ་མེད།། འོད་ཟེར་དཀར་པོའི་ཚུལ་དུ་ཤར།། རིག་པ་ཡོན་ཏན་རྫོགས་པས་ན།། འོད་ཟེར་སེར་པོའི་ཚུལ་དུ་གསལ།། རང་གི་མ་བཙལ་བཞག་པས་ན།། འོད་ཟེར་དམར་པོའི་ཚུལ་དུ་ཤར། ། བྱ་བ་ཐམས་ཅད་རྫོགས་པས་ན།། འོད་ཟེར་ལྗང་ཀུའི་ཚུལ་ཀུ་ཤར།། རང་རིག་མི་འགྱུར་ཁྱབ་པས་ན།། འོད་ཟེར་མཐིང་ཁའི་ཚུལ་དུ་ཤར།། རང་རིག་ཡེ་ཤེས་གསལ་སྟོང་འདི།། ཡུལ་ལྔ་དག་དང་སྦྱར་བ་ན། ། རང་རིག་སྣང་བཞིན་མ་གྲུབ་པའི།། གསལ་ཆ་མ་འགགས་ཤར་བ་འདི།། ཡེ་ཤེས་སྣང་སྟོང་གཟུགས་ཀྱི་ཡུལ།། རྣ་བར་སྒྲ་རྣམས་མ་འགགས་ཐོས།། ཐོས་ཀྱང་མཚན་ཉིད་གྲགས་སྟོང་ངང།། སྒྲ་གྲགས་སྟོང་པ་རྣ་བའི་ཡུལ། ། སྣ་ཡི་ཡུལ་དུ་དྲི་སྣ་ཚོགས།། གང་ལྟར་བྲོ་ཡང་རང་བཞིན་སྟོང།། དྲིར་འཛིན་སྟོང་པ་སྣ་ཡི་ཡུལ།། ལྕེ་ཡི་ཡུལ་དུ་རོ་སྣ་ཚོགས།། གང་ལྟར་བྲོ་ཡང་གཟུང་ཡུལ་སྟོང།། རོ་སྣང་སྟོང་པ་ལྕེ་ཡི་ཡུལ། ། ལུས་ལ་རེག་བྱ་གང་སྣང་ཡང།། འཛིན་བྱེད་ཤེས་པའི་རང་བཞིན་སྟོང།། སེམས་ལ་བདེ་སྡུག་གང་ཤར་ཡང།། རང་ཤར་རང་གྲོལ་ཉིད་དུ་སྟེ།། ཤར་གྲོལ་དུས་མཉམ་ཡིད་ཀྱི་ཡུལ།། བདེ་སྡུག་ཐམས་ཅད་དྲན་སྟོང་ཡུལ། ། ཐམས་ཅད་གཅེར་གྲོལ་ཕྱི་ནང་ཡུལ།། རང་རིག་ཡེ་ཤེས་གསལ་སྟོང་ནི།། འབྱུང་བ་ལྔ་དང་སྦྱར་བ་ན།། རང་སེམས་ཅིར་ཡང་མ་གྲུབ་སྟེ།། འབྱུང་བ་ནམ་མཁའ་ཉིད་དང་འདྲ།། སེམས་ཀྱི་གསལ་ཆ་སྣ་ཚོགས་གཡོ། ། རང་རྩལ་རྫོགས་པས་རླུང་དང་འདྲ།། ཡེ་ཤེས་འཆར་བས་མེ་དང་འདྲ།། ཡོན་ཏན་སྐྱེ་བས་ཆུ་དང་འདྲ།། ངོ་བོ་བརྟན་པས་ས་དང་འདྲ།། རང་རིག་ཡེ་ཤེས་ཟང་ཐལ་འདི།། རླུང་ལྔ་དག་དང་སྦྱར་བ་ན། ། རིག་པ་ཡེ་ཤེས་དྲོད་དང་གཉིས་སུ་མེད།། མེ་དང་མཉམ་པའི་རླུང་ཡང་ཡིན།། རིག་པ་འཁོར་འདས་སྲོག་ཡིན་པས།། སྲོག་འཛིན་པ་ཡི་རླུང་ཡང་ཡིན།། རིག་པས་འབྱུང་བ་དྭངས་སྙིགས་འབྱེད།། དྭངས་སྙིགས་འབྱེད་པའི་རླུང་ཡང་ཡིན། ། རིག་པས་འཁོར་འདས་གཉིས་སུ་ཕྱེ་བར་བྱེད།། རིག་པས་ཀུན་ལ་ཁྱབ་པས་ན།། ཀུན་ཏུ་ཁྱབ་བྱེད་རླུང་ཡང་ཡིན།། རིག་པས་འཁོར་བའི་སྲོག་བཅད་ནས།། མྱང་འདས་ས་ལ་སྐྱེལ་བས་ན། ། སྙིང་རྗེ་མེད་པས་སྐལ་པ་ཡི།། ལས་རླུང་དྲག་པོ་ཞེས་བྱའོ།། རང་གི་དྭངས་མ་ལྔ་ཡང་ཡིན།། རིག་པ་གསལ་སྟོང་ངང་གནས་ཕྱིར།། ནམ་མཁའི་ཁམས་ནི་དྭངས་མ་ཡིན།། རིག་རྩལ་འགྱུ་བ་དྭངས་སངས་པས། ། འབྱུང་བ་རླུང་གི་དྭངས་མ་ཡིན།། རིག་པ་རང་བཞིན་བག་དྲོ་བས།། འབྱུང་བ་མེ་ཡི་དྭངས་མ་ཡིན།། རག་པ་བདེ་དྲོད་ལྡན་པ་སྟེ།། འབྱུང་བ་ཆུ་ཡི་དྭངས་མ་ཡིན།། རིག་མདངས་ཁ་དོག་ལྔ་ལྡན་ཏེ། ། འབྱུང་བ་ས་ཡི་དྭངས་མ་ཡིན།། རང་རིག་ཡེ་ཤེས་གསལ་སྟོང་འདི།། ལུས་དང་གྲིབ་མའི་ཚུལ་དུ་ནི།། དག་པ་ཡེ་ཤེས་གནས་ལུགས་དང།། མ་དག་འཁོར་བའི་གནས་ལུགས་གཉིས།། སོ་སོར་ཕྱེ་སྟེ་ངོ་སྤྲད་དང། ། ཁྱད་པར་རིན་ཆེན་ཟུར་བརྒྱད་མཛོད།། སྐུ་དང་ཡེ་ཤེས་འདུ་འབྲལ་མེད།། ཞལ་ཕྱག་རྫོགས་པས་བུམ་སྐུའི་ཚུལ།། ལྷུན་གྲུབ་འོད་ཀྱི་གོང་བུ་རུ།། རང་ཆས་ཉིད་དུ་བཞུགས་ཚུལ་དང།། གནས་ལུགས་གཏན་ལ་ཕབ་ནས་སུ། ། ངོ་སྤྲོད་ཉིད་དུ་ཡང་ཡང་བསྟན།། ཀུན་ཏུ་བཟང་པོའི་དགོངས་ཚིག་རྣམས།། སྟོན་པ་རྡོ་རྗེའི་ཐུགས་ལ་གནས།། རྡོ་རྗེ་འཛིན་པས་ངེས་ཞུས་ནས།། ལེགས་པར་གཏན་ལ་ཕབ་པས་ཏེ།། རྒྱུད་ཚིག་ལེའུ་ཉེར་གཉིས་པའོ། ། ས་མ་ཡཿགཏེར་རྒྱ། སྦས་རྒྱ། ཟབ་རྒྱ། ཡང་ཅིག་གཞོན་ནུ་སྟོབས་ལྡན་གྱིས།། སྟོན་པ་ཉིད་ལ་ཡང་གསོལ་བ།། སེམས་ཅན་ཀུན་གྱི་རང་རྒྱུད་ལ།། དག་པ་ཡེ་ཤེས་གནས་ལུགས་དང། ། མ་དག་འཁོར་བའི་གནས་ཚུལ་དང།། ཁྱད་པར་སྙིང་ལ་གནས་ཚུལ་རྣམས།། ལེགས་པར་གོང་དུ་བཤད་གྱུར་ཀྱང།། སེམས་ཅན་རྣམས་ཀྱིས་མི་གོ་བས།། དེ་ལྟར་གནས་པའི་ཡེ་ཤེས་དེ།། ལམ་ནི་གང་ལ་ཞུགས་པ་ཡིན། ། ཞུས་པའི་ལན་དུ་བཀའ་སྩལ་པ།། ཨ་ཧོ་གཞོན་ནུ་སྟོབས་ལྡན་ཉོན།། སྙིང་ལ་གནས་པའི་ཡེ་ཤེས་དེ།། ལམ་ནི་རྩ་བཞི་ཡིན་ལགས་ཀྱང།། ཁྱད་པར་ཀ་ཏི་ཤེལ་སྦུག་ཅན།། རྩ་ནི་དར་དཀར་སྐུད་པ་འདྲ། ། ཁྲག་དང་ཆུ་སེར་མེད་པ་རུ།། སྙིང་གི་རྩེ་མོར་ཡར་ཟུག་ནས།། སྒལ་པའི་འདབ་མ་གཡས་པ་ནས། ཁ་པྲག་གཉིས་སུ་ཡར་གྱེས་ཏེ།། རྩེ་ཆུང་གཡས་གཡོན་གཉིས་ན་ཡར།། རྣ་འདབ་གཡས་ནས་ཀླད་པར་ཟུག། ཀླད་རྒྱའི་ནང་ནས་མིག་ལ་འབྲེལ།། རྩ་སྣ་རྒྱལ་མོ་གཉིས་ལ་ཟུག། རྒྱལ་མོའི་མིང་ནི་འདི་སྐད་དོ།། རྒྱང་ཞགས་ཆུ་ཡི་སྒྲོན་མེ་ཟེར།། ཡེ་ཤེས་སྙིང་གི་དཀྱིལ་དུ་གནས།། དར་དཀར་སྐུད་པ་ལྟ་བུ་ཡི། ། རྩ་ཡི་ལམ་ལ་ཡེ་ཤེས་འཆར།། ཡེ་ཤེས་དེ་ཡི་རང་འོད་ནི།། མེ་ལོང་དཀྱིལ་འཁོར་ལྟ་བུ་དང།། དཔེར་ན་ཉ་ཡི་མིག་བཞིན་གནས།། སྣང་བར་ནུས་པའི་འགྱུ་བྱེད་རླུང།། རོ་རྐྱང་གཉིས་པོ་རླུང་གི་ལམ།། ཀུན་དྷར་མ་ནི་བྱང་ཆུབ་ལམ། ། ཤེལ་སྦུགས་ཅན་ནི་སྒྲོན་མེའི་ལམ།། འོད་དང་ཟེར་དུ་འཆར་བའོ།། དེ་ནི་དག་པའི་ཡེ་ཤེས་ལམ།། ཡང་དག་པ་ནི་སྟོན་པས་གསུངས།། མ་དག་འཁོར་བའི་རྩ་ལམ་ནི། ། སྲོག་གིས་བསྡུས་པའི་སེམས་ཅན་ལ།། ཉོན་མོངས་མ་རིག་ཤས་ཆེ་སྟེ།། བརྟེན་ནི་གཟུགས་ཕུང་ལུས་ལ་བརྟེན།། གློ་སྙིང་གཉིས་ཀྱི་བར་ཤེད་དུ།། རྩ་སྲོག་དམར་པོ་བྱ་བ་ནི།། སོགས་སྦུག་རྩམ་གྱི་ནང་ནས་ཡར། ། རིག་པ་རྐྱང་པ་མ་ཡིན་ཏེ།། སེམས་ཞེས་བྱ་བ་ཆགས་སྡང་ཅན།། ཡིད་ཅེས་བྱ་བ་རྟོག་པ་ཅན།། གསུམ་དུ་འདུས་པ་མ་རིག་པ།། དུག་ལྔ་དུག་གསུམ་བཅས་པ་རྒྱུད།། རྩ་དེ་སྒལ་ཚིག་གཡོན་པ་ནས།། རྩེལ་ཆུང་གཡོན་པ་དག་ནས་ཡར། ། དབུགས་ཞེས་རླུང་གི་རྟ་ལ་ཞོན།། སྒོ་ནི་ཁ་དང་སྣ་ལ་རྒྱུ།། དེ་ལ་ཤེས་པ་སྣ་ཚོགས་འཆར།། ཉོན་མོངས་འཁོར་བའི་རྨང་རྡོ་བྱེད།། དེ་ནི་མ་དག་པ་ཡི་ལམ།། འཇུག་སྒོ་ཡིན་པར་ངས་བཤད་དོ། ། རྒྱུད་ཚིག་ལེའུ་ཉེར་གསུམ་པའོ།། ས་མ་ཡ་རྒྱ་རྒྱ་རྒྱ་ཡང་ཅིག་གཞོན་ནུ་སྟོབས་ལྡ་གྱིས།། སྟོན་པ་ཉིད་ལ་འདི་སྐད་ཞུས།། ཀྱེ་ཀྱེ་སྟོན་པ་རྡོ་རྗེ་འཆང།། དག་པ་ཡེ་ཤེས་ལམ་དང་གཅིག། མ་དག་འཁོར་བའི་ལམ་དང་གཉིས།། ལེགས་པར་ཡང་དག་གསུངས་ན་ཡང།། ཕྱི་རབས་རྣམས་ཀྱིས་མི་གོ་བས།། དག་པ་ཡེ་ཤེས་འཆར་བ་ཡི།། སྒོ་ནི་གང་ཡིན་ལེགས་པར་གསུངས།། མ་དག་སྒོ་ཡང་ཞར་འབྱུང་ཞུ། ། དེ་སྐད་ཅེས་ནི་ཞུས་པ་དང།། སྟོན་པས་ལན་དུ་འདི་སྐད་གསུངས།། ཀྱེ་ཧོ་རྡོ་རྗེ་འཛིན་པ་ཉོན།། ཡེ་ཤེས་འཆར་བའི་སྒོ་ཉིད་ནི།། ལུས་བཅུད་སྒོ་ལ་ཀུན་འདུས་པའི།། ཙཀྵུ་ཞེས་པའི་སྒོ་ལ་གསལ། ། འཁོར་འདས་གཉིས་ཀྱི་སྣང་བ་སྟོན།། དར་སྐུད་བ་མན་རྭ་འདྲའི་བ།། ཨ་འབྲས་ཞེས་བྱས་དཀར་ནག་ཕྱེད།། ནམ་མཁའི་མཐོངས་སུ་བགྲད་པ་ཡིན།། ཡེ་ཤེས་སྣང་བ་ལྷུག་པར་འཆར།། ཤེས་པའི་རང་རྩལ་རྫོགས་པར་སྟོན། ། འདི་ནི་མངོན་སུམ་མཐོང་བས་ཏེ།། སྒྲོན་མ་བཞི་ཡང་འདི་ལ་འཆར།། མིག་གཉིས་རྒྱང་ཞག་ཆུ་སྒྲོན་ཡིན།། གཟུགས་སོགས་ངོ་བོ་ཉིད་དུ་སྡུད།། དོན་རྣམས་རིག་ཅིང་གོ་བར་བྱེད།། ཤེས་རབ་རང་བྱུང་སྒྲོན་མའོ། ། ཐེག་པ་རྣམས་ཀྱི་ཐེ་ཚོམ་གཅོད།། ཡིན་ནི་ནམ་མཁའ་སྟོང་པ་ཡིན།། ཆོས་རྣམས་མཉམ་པ་ཉིད་དུ་ནི།། བསྡུས་ཏེ་རང་སྣང་འཛིན་པར་བྱེད།། འདི་ནི་བག་ཆགས་འབྲེལ་རྒྱུན་གཅོད། ། དབྱིངས་ཀྱི་དྭངས་མ་སྡུད་པ་དང།། ཆོས་ཉིད་མངོན་སུམ་སྣང་བ་འཆར།། ཐིག་ལེ་སྟོང་པའི་སྒྲོན་མ་ཡི།། འཁོར་འདས་བསྲེ་བའི་འཚམས་སྦྱོར་བྱེད།། འདིས་ནི་ལས་ཀུན་བྱེད་པས་ཏེ།། མིག་ལ་བརྟེན་ནས་འཇའ་འོད་འཆར། ། རླུང་གིས་བཀྲག་དང་གཟི་མདངས་བསྐྱེད།། བསྒྱུར་ཅིང་ཡེ་ཤེས་སྣང་བ་སྟོན།། དག་པ་དབྱིངས་ཀྱི་སྒྲོན་མ་ཡི།། རྣལ་འབྱོར་ཉམས་ཀྱི་ས་བོན་འདེབས།། འོད་སྣང་ཞིང་ཁམས་ཉིད་དུ་འཆར། ། སྒྲོན་མའི་མཚན་ཉིད་མང་བཤད་ཀྱང།། མངོན་སུམ་མཐོང་བ་ཉིད་ཡིན་ནོ།། སྣང་བ་ཡིས་ནི་འཆར་བྱེད་ལམ།། རྐྱེན་གྱིས་མ་བསྒྲིབས་སེམས་ཅན་མིག།། རྒྱལ་མོའི་དཀྱིལ་འཁོར་སྒོ་ནས་ནི། ། ཉི་མའི་དཀྱིལ་འཁོར་བཞིན་དུ་ཡངས།། རང་གི་འོད་ཀྱི་ཟེར་བཞིན་དུ།། རང་ཆས་བཞིན་དུ་རྣམ་པར་སྣང།། ཆོས་ཉིད་མཚན་ཉིད་ཡེ་ཤེས་ལྔ།། ཁ་དོག་མ་འདྲེས་མཚན་ཉིད་ལྡན།། སྐུ་དང་ཡེ་ཤེས་སྣང་བ་ནི། ། རང་བཞིན་སྣང་བ་མ་འགགས་ཤར།། རིག་པའི་སྐུ་ནི་ལྷ་ཁང་འདྲ།། སྒྲོན་མ་བཞི་ནི་མཐོང་ཁུང་འདྲ།། རང་རིག་ཡེ་ཤེས་མར་མེ་འདྲ།། སྒྲོན་མ་བཞི་ཡང་དབྱིངས་སུ་འདུས།། གཉིས་ཀྱི་དབྱིངས་ལ་འདུས་པའོ། ། རྒྱང་ཞིག་གིས་ནི་གཟུགས་རྣམས་འཛིན།། ཤེས་རབ་ཀྱིས་ནི་དོན་རྣམས་ཤེས།། ཐིག་ལེ་དབྱིངས་དང་གཉིས་སུ་མེད།། འོད་སྣང་ཐམས་ཅད་རིམ་བཞིན་འཆར།། དེ་དག་ཡེ་ཤེས་འཆར་སྒོའོ།། མ་དག་ཉོན་མོངས་འཆར་བའི་སྒོ། ། ཁ་སྣ་གཉིས་དང་རྣ་བའོ།། ཁྱད་པར་ཁ་སྣ་གཉིས་པོ་ནི།། ལས་དང་ཉོན་མོངས་བག་ཆགས་སྡུད།། རྣམ་གཡེངས་བག་ཆགས་ཐམས་ཅད་སྡུད།། དེ་ནི་མ་དག་འཁོར་བའི་སྒོ།། རྒྱུད་ཆེན་དྲི་མེད་ཟླ་ཤེལ་ལས། ། འཁོར་འདས་འཆར་བའི་འཆར་སྒོ་བསྟན།། ཁྱད་པར་ཡེ་ཤེས་འཆར་བའི་སྒོ།། ཡང་དག་བསྟན་པའི་རྒྱུད་ཚིག་ལེའུ་ཉེར་བཞི་པའོ།། ཡང་ཅིག་གཞོན་ནུ་སྟོབས་ལྡན་གྱིས།། སྟོན་པ་ཉིད་ལ་ཡང་ཞུས་པ། ། དེ་ལྟར་འཆར་བའི་ཡེ་ཤེས་དེ།། ཡུལ་ནི་གང་དུ་འཆར་བ་ལ།། ཞུས་པའི་ལན་དུ་བཀའ་སྩལ་པ།། ཀྱེ་ཧོ་ཡང་དག་ལེགས་པར་ཉོན།། ཡུལ་རྐྱེན་བྲལ་གསུམ་ལ་འཆར།། བདག་རྐྱེན་གཞན་རྐྱེན་འབྱུང་བཞིའི་རྐྱེན། ། ཁྱད་པར་ནམ་མཁའ་དྭངས་པ་ལ།། རླུང་དང་སེར་བུ་ཁུ་རླུང་མེད།། དབྱར་མ་སྟོན་དང་དགུན་བྱུང་དུས།། འཛིན་པ་མེད་པའི་བར་སྣང་ལ།། འོད་དང་ཁ་དོག་དབྱིངས་ཉིད་དང།། ཡེ་ཤེས་ལྔ་ཡི་རང་སྣང་འཆར། ། ཞེ་འདོད་མེད་པའི་སྒྲོན་མ་ནི།། ཐིག་ལེ་སྟོང་པའི་སྒྲོན་མ་ཤར།། གཉིས་མེད་གཅིག་གི་རང་མདངས་ལ།། ཐིག་ལེ་སྐུ་དང་ཡེ་ཤེས་ཉིད།། འཁྲུལ་སྣང་དག་པའི་ཞིང་ཁམས་ནི།། ངོ་བོ་རང་བཞིན་གཉིས་མེད་པར། ། སྟོང་གསལ་འགག་པ་མེད་པ་རུ།། རྫོགས་ལྡན་ཆོས་སྐུའི་སྣང་བ་མཐོང།། རྫོགས་ལྡན་འོད་ཀྱི་མུ་ཁྱུད་ཟིན།། ཡུལ་བྲལ་སྒྱུ་མ་གཟུགས་ཀྱི་སྐུ།། རིགས་སྟོང་གསལ་བ་ཆོས་ལོངས་རྫོགས།། འཕོ་འགྱུར་མེད་པར་ལྷང་ངེར་ཤར། ། རང་རིག་རང་གསལ་ངོ་མཚར་ཆེ།། ལྟ་བ་རང་བྱུང་ཡེ་ཤེས་ཏེ།། སྒོམ་པ་དབྱིངས་རིགས་རང་ངོ་ཟུང།། སྤྱོད་པ་སྒྲོན་མ་བཞི་ལྡན་སྤྱོད།། འབྲས་བུ་སྐུ་གསུམ་རང་ངོར་རྫོགས།། ཕྱི་དབྱིངས་ནམ་མཁའ་སྟོང་པ་ལས། ། ནང་དབྱིངས་རིག་པ་ཡེ་ཤེས་ཤར།། སྒྲོན་མ་བཞི་ནི་ལམ་དུ་འདོད།། དོན་གྱི་སྙིང་པོ་གང་ཡིན་པ།། རྐྱེན་བྲལ་ནམ་མཁའ་ཉིད་ལ་བརྟག།། དབྱིངས་རིག་འདུ་འབྲལ་མེད་པ་ཡི།། རིག་པ་རྡོ་རྗེ་ལུ་གུ་རྒྱུད། ། དབང་པོའི་སྒོ་ནས་ལེགས་དོན་ཏེ།། ཆོས་ཉིད་མངོན་སུམ་སྣང་བ་ནི།། རྐྱེན་བྲལ་གསུམ་ལ་གསལ་བར་འགྱུར།། སུས་ཀྱང་བྱས་པ་མེད་པ་ཡི།། གསལ་དག་ཆེན་པོའི་རང་དབྱིངས་ལས། ། ཕྱི་ནང་མེད་པར་ངོ་མཚར་ཆེ།། སྟོང་པ་ཆེན་པོའི་འབྱུང་གནས་ལས།། ཡེ་ཤེས་ཆེན་པོའི་འོད་ཟེར་འབར།། ཀུན་ལ་ཡོད་པའི་འོད་པོ་ཆེ།། ཉི་མའི་དཀྱིལ་འཁོར་དངས་པ་ལ།། འོད་ཟེར་ཁ་དོག་ཤར་བ་ལྟར། ། རྣམ་དག་སྟོང་པའི་ནམ་མཁའ་ལ།། དོན་གྱི་སྙིང་པོ་མ་འདྲེས་པ།། ཚོམ་བུ་ལྔ་ཡི་དཀྱིལ་འཁོར་ལ།། མ་བསྐྱེད་རྫོགས་པའི་ཚུལ་དུ་གསལ།། འོད་ཕུང་ནམ་མཁའི་མཐའ་དང་མཉམ།། བག་ཆག་གཟུགས་ལ་རབ་བརྟེན་ནས། ། ཐིག་ལེ་སྟོང་པའི་ཡེ་ཤེས་ནི།། དག་པ་དབྱིངས་ཀྱི་ངང་ལ་སྦྱོར།། ཡེ་ཤེས་སྒྲོན་མ་རང་སྣང་འོད་པོ་ཆེ།། ཡེ་ཤེས་སྒྲོན་མ་ལྡན་པ་ཀུན་གྱི་གཞི།། ཡེ་ཤེས་སྒྲོན་མ་ཡུལ་སྣང་རྣམ་པར་དག། འདི་ནི་ཡིད་དཔྱོད་མ་ཡིན་པས། ། མངོན་སུམ་རང་ཐོག་ཕབ་པའོ།། ཅི་ཕྱིར་མངོན་སུམ་ཞེས་པ་ནི།། སྒོ་དང་ཡུལ་དང་རིག་པ་གསུམ།། འདུ་འབྲལ་མེད་པར་གནས་པའོ།། ཆོས་ཉིད་མངོན་སུམ་སྣང་བ་འདི།། མཐོང་བ་ཙམ་གྱིས་ཤེས་པ་དང། ། ཤེས་པ་ཙམ་གྱིས་རྟོགས་པ་དང།། རྟོགས་པ་ཙམ་གྱིས་གྲོལ་བ་དང།། གྲོལ་བ་ཙམ་གྱིས་ཕྱིར་མི་ལྡོག། རིག་པ་ཡེ་ཤེས་ལུ་གུ་རྒྱུད།། ཡེ་ནས་གཞི་ལ་གནས་མོད་ཀྱང།། བར་དུ་རྐྱེན་མེད་རྐྱེན་གྱིས་གསལ། ། མངོན་སུམ་རང་ཐོག་ཉིད་དུ་ཕེབས།། འདི་ནི་ཡང་དག་དོན་ཉིད་དོ།། རིག་པའི་ངོ་བོ་ལུ་གུ་རྒྱུད།། འདས་དང་མ་འོངས་ད་ལྟར་བར།། སུས་ཀྱང་བྱས་པ་མེད་པ་རུ།། ཡེ་ཉིད་ནས་ནི་རང་གསལ་ལོ། ། རིག་པ་རྡོ་རྗེ་ལུ་གུ་རྒྱུད།། ལུ་གུ་རྒྱུད་ཀྱི་མཚན་ཉིད་ནི།། རྣམ་པར་རྟོག་པ་ཀུན་དག་ནས།། མ་གྲུབ་པ་ཡི་སངས་རྒྱས་སོ།། མངོན་སུམ་བསྟན་པའི་སྐལ་ལྡན་ལ།། ཁམས་གསུམ་འཁོར་བའི་མིང་མེད་པས། ། སྲིད་གསུམ་གདར་ཤ་ཆོད་པའོ།། རང་གི་རྡོ་རྗེ་ལུ་གུ་རྒྱུད།། འདི་ལ་ཡོན་ཏན་བསམ་མི་ཁྱབ།། མདོ་དོན་ཟབ་མོའི་ངང་དུ་བསྡུ།། སྣང་བ་རང་ལུགས་འཆར་བས་ན།། ཡུལ་སྣང་འཛིན་པས་ཅི་ཞིག་བྱ།། རང་བཞིན་སྣང་བའི་ངོ་བོ་ལ། ། ཆོས་ཀྱི་སྐུ་ཡི་མུན་པ་སངས།། ཆོས་ཀྱི་སྐུ་ནི་གཅིག་ཡིན་པས།། བྱ་བྱེད་དྲི་མ་གཉིས་ལས་འདས།། རིག་པའི་སྣང་བ་རང་རྫོགས་པས།། ཆོས་ཀྱི་མེ་ལོང་ཉིད་དུ་སྣང།། གསལ་བའི་འོད་སྣང་སྣ་ཚོགས་འབྱུང། ། དྲི་མའི་སྐྱོན་དང་འདི་བྲལ་བས།། སྐུ་གསུམ་རང་རྫོགས་ཉིད་དུ་སྣང།། བྱ་བྱེད་བྲལ་བས་རང་སར་གྲོལ།། ཆོས་སྐུ་དྲི་མ་མི་གནས་པས།། འཛིན་པ་སད་པའི་ཐིག་ལེར་ཤར།། ཐིག་ལེ་ཉག་གཅིག་སྣང་བ་ལ།
CLOSE WINDOW