CLOSE WINDOW

Gpb035.020: རིན་པོ་ཆེ་ཉི་ཟླ་བརྩེགས་པའི་རྒྱུད
Wylie

། ཅེས་གླེངས་སོ།། ཨེ་མ་ཧོ་སྐལ་ལྡན་འདུས་པའི་ཚོགས།། ང་ནི་ཐུགས་རྗེ་བྱིན་བརླབས་ཀྱིས།། བསྐུར་བའི་ཆ་གཉིས་མི་ལྡན་ཡང།། གསལ་སྣང་གཟུགས་བཞིན་སྣང་བར་བྱ།། རིན་ཆེན་གཏེར་གྱི་སྙིང་པོ་འདི། ། ཀུན་བཟང་རྒྱལ་བ་ཐམས་ཅད་ཀྱི།། གསང་བའི་བདག་པོ་བཀའ་བསྒོ་བ།། གསང་མཛོད་རྡོ་རྗེ་སེམས་དཔའ་ཡིས།། སུམ་ཅུ་རྩ་གསུམ་བུམ་ཐོག་སྟེངས།། སྲོག་ཤིང་རྡོ་རྗེ་རྩེ་དགུ་སྟེ།། གསེར་གྱི་འཁོར་ལོ་འབར་བ་བཞག། གསང་བའི་གཏེར་འཛིན་བདག་པོར་གྲགས།། དགའ་རབ་རྡོ་རྗེ་ཉིད་ཀྱང་ནི།། དེ་བ་བཟང་སྐྱོང་བུ་ཐུའོ།། ཀུན་དགའ་སྙིང་པོ་བྱ་བ་ཡིན།། ལག་ན་རྡོ་རྗེ་གསང་བདག་གིས།། འཁོར་ལོ་འབར་བའི་ལྟེ་བར་བཞག། ནམ་མཁའ་དང་མཉམ་ང་དང་ནི།། ཀློང་དགུ་བམ་པོ་ཉི་ཁྲིར་གསུངས།། སྤྱི་བླུགས་ཚངས་པའི་དབང་བསྐུར་ནས།། དུས་མཐའ་ཉིད་ཀྱི་ས་ལ་བཀོད།། འཛམ་གླིང་ཉིད་དུ་རྒྱལ་འཐེབ་བྱས།། འགྲོ་བའི་རིགས་ཅན་སྨིན་པར་བྱེད། ཁ་ས་མན་ཏ་ནམ་མཁའི་མཐའ་དང་མཉམ་པའི་རྒྱུད་ལས། གཏན་ལ་འབེབས་པ་དང་སྔོན་བྱུང་གི་ལེའུ་སྟེ་དགུ་པའོ།།།། དེ་ནས་དཔལ་ཀུན་ཏུ་བཟང་པོ་བདེ་བ་ཆེན་པོ་ཀུན་གྱི་བདག་ཉིད་དེས་བར་ཅིས་ཀྱང་མ་ཆོད་བར་འདི་སྐད་ཅེས་གསུངས་སོ། ། འདུས་པའི་འཁོར་ཚོགས་སྐལ་ལྡན་རྣམས།། དངས་པའི་སེམས་ཀྱིས་ཡིད་ཀྱི་སྒོ་ཕྱེ་ཞིག། སྤྱི་བླུགས་ཚངས་པའི་དབང་ཆེན་འདི། ། ཐབས་ཀྱི་རྒྱལ་པོ་རིམ་པར་བསྟན།། རྗེས་སུ་འཐུན་པའི་གཞི་དང་བཅས།། འཇུག་པའི་རྒྱུ་ཡི་རིམ་པ་དང།། དམན་པའི་ཁྱད་པར་ཀུན་སྤངས་པའི།། ཀུན་རྫོགས་ཚངས་པའི་དབང་བསྟན་དང། ། བརྡ་དོན་གྲོལ་བའི་རིམ་པ་ཡིས།། ཐུགས་བརྟོལ་རྣ་རྒྱུད་མན་ངག་བཞིན།། འཕྲུལ་གྱི་མེ་ལོང་དགུ་སྐོར་བཞིན།། རྒྱལ་པོ་མངོན་གྲུབ་མན་ངག་སྦྱིན།། གསལ་བྱེད་རིན་ཆེན་འབར་བ་བསྟན།། མི་འགྱུར་བརྟན་པའི་དབང་བསྐུར་ལ། ། དྲན་པ་རྐྱེན་གྱི་མན་ངག་སྦྱིན།། གཡོ་འཛིན་རླུང་གི་མན་ངག་སྦྱིན།། སེམས་ཉིད་མི་བརྟན་སྤྲོས་འཆེལ་བས།། བདེ་བ་ཐིག་ལེའི་མན་ངག་སྦྱིན།། བདེ་ཆེན་རང་བྱུང་བྱིན་བརླབས་པས། ། མི་འགྱུར་བརྟན་པའི་སྤྱོད་པ་བསྟན།། བསྟན་ནས་མི་འགྱུར་ལྷུན་གྱི་ཆེ།། བདེ་ཆེན་རིག་པས་བསྒྲུབ་པར་བྱ།། དང་པོ་ཡན་ལག་རིམ་པ་ནི།། གནས་དང་སློབ་དཔོན་སློབ་མ་དང།། དཀྱིལ་འཁོར་འཇུག་པའི་རིམ་པ་དང། ། དུས་དང་འཇུག་པའི་ཡོན་ཏན་ནོ།། དེ་ལ་གནས་ནི་རྣམ་པ་གཉིས།། གཞི་ཡི་གནས་དང་བརྟེན་པའི་གནས།། ཐམས་ཅད་རང་རིག་སེམས་ཉིད་དེ།། སངས་རྒྱས་སེམས་ཅན་ཐམས་ཅད་ཀྱི།། གཞུག་གནས་རྨད་བྱུང་ཁྱད་པར་ཅན། ། ཚད་དང་བྲལ་བའི་གཞལ་ཡས་ཁང།། མི་འགྱུར་རྡོ་རྗེ་རྒྱུ་ལ་བྱུང།། རང་བྱུང་ཡེ་ཤེས་གཞལ་ཡས་ཁང།། གནས་ཉིད་གནས་ལ་གནས་པ་མེད།། དེ་ལས་བྱུང་ཞིང་དེ་རུ་འདུས།། དེ་ཉིད་དེ་ཡི་རང་བཞིན་གཞན། ། བྱང་ཆུབ་སེམས་ཉིད་བདེ་ཆེན་པོ།། རྨད་བྱུང་ཐིག་ལེ་གནས་ཞེས་བྱའོ།། བརྟེན་གནས་ཁྱད་པར་བསྟན་བྱ་བ།། དངོས་གྲུབ་རྡོ་རྗེ་རིགས་ཅན་འདི།། དང་པོ་བདེ་བའི་གཞི་ཡིན་པས། ། ཡེ་ཤེས་རྒྱུ་ལས་བྱུང་བ་ཡིན།། པུ་ཏ་རི་ཡི་རྒྱལ་མཚན་ནམ།། དཔག་ཕུག་རྡོ་རྗེ་གདན་སྟེངས་སམ།། པུ་ཏི་ན་ཡི་གསིལ་ཁང་ངམ།། དངོས་གྲུབ་རིན་ཆེན་སུལ་མངས་སམ།། སུ་ཏ་རི་ཀ་ལིང་ཕུག་གམ།། ཡེ་ཤེས་སྟོབས་དང་རིག་པའི་བྱིན་བརླབས་ཅན། ། བདེ་བའི་གནས་སུ་མཁའ་འགྲོ་བདེ་བའི་བཅུད་སེལ་ལ།། རྣལ་འབྱོར་ཚེ་འཛིན་རིག་པའི་བྱིན་རླབས་སྟེན།། དེས་ན་སྙིགས་མའི་རྒྱུ་ཅན་དང་པོ་སྟེ།། རྐྱེན་ལྡན་རྣལ་འབྱོར་ཡི་གེ་སྟན་གཞིར་གཟང། ། དེ་ནས་ཀུན་ཏུ་བཟང་པོ་དེས།། རྣལ་མའི་དཀྱིལ་འཁོར་འདི་གསུངས་སོ།། བཙལ་མེད་དཀྱིལ་འཁོར་རང་བྱུང་ཡེ་ཤེས་ཏེ།། མ་བཅོས་བཞི་ཡི་དཀྱིལ་འཁོར་ཉིད།། ཐམས་ཅད་ཡེ་ཤེས་རང་རིག་གསལ། ། མཁའ་ལྟར་ཁྱབ་པའི་བདེ་ཆེན་པོ།། ཡེ་ཤེས་དཔག་མེད་ཡོན་ཏན་གསལ།། སྙིང་པོ་ལེན་པས་མ་དྷ་ལ།། རང་ལ་རྫོགས་པས་ལྷུན་གྱི་གྲུབ།། ཡོངས་སུ་རྒྱས་པས་ཡོན་ཏན་རྫོགས།། ཐིག་ལེར་འདུས་པས་གཙོ་བོའི་རྒྱན། ། སྣོད་བཅུད་འདུས་པས་ཐིག་ལེ་ཆེ།། འབར་བ་དཔག་མེད་གཞལ་ཡས་ཁང།། གདོད་ནས་གྲུབ་པས་རབ་གནས་རྒྱས།། ངོ་བོར་གསལ་བས་འབྱུང་འཇུག་མེད།། བདག་ཉིད་གསལ་བས་སྐྱེད་པ་མེད། ། རྒྱ་དབྱིབས་བྲལ་བས་ཡོངས་སུ་རྫོགས།། ཡོན་ཏན་ལྷུན་གྲུབ་གྲུ་བཞི་ཡིན།། རང་རིག་ཡེ་ཤེས་ཆེན་པོ་ལ།། མ་ལུས་ཀུན་འདུས་ཟླ་གམ་ཡིན།། མཚན་མའི་རྐམ་ཆགས་མ་ལུས་འཇོམས། ། གྲུ་གསུམ་དྲག་པོའི་གཞལ་ཡས་ཡིན།། འཛིན་རྟོག་སྤོང་བ་ངང་གིས་ཞི།། ཞི་བ་ཆེན་པོའི་གཞལ་ཡས་ཡིན།། ཡེ་ཤེས་འབར་བ་ལམ་མེ་བ།། དངོས་པོ་འཇོམས་པའི་ཁྲོ་ཆེན་ཡིན།། ལྷན་ནེ་ལྷང་ངེ་འོད་དུ་ཞུ། ། གཉིས་མེད་ཐིག་ལེའི་རང་བཞིན་ཅན།། རྡོ་རྗེ་ཉི་མ་ལྷ་ཆེན་པོ།། འདི་ནི་རང་བཞིན་རྣལ་མ་ཡི།། དཀྱིལ་འཁོར་ཆེན་པོ་ཉིད་ཡིན་ཏེ། ཁྲོ་དང་ཞི་བ་ལ་སོགས་ཏེ།། གནས་པའི་དཀྱིལ་འཁོར་མ་ལུས་བདག། ལས་རྣམས་མ་ལུས་ཀུན་བསྒྲུབ་པའི།། རྣལ་མའི་དཀྱིལ་འཁོར་ཆེན་པོ་རུ།། ཞུགས་པ་མེད་པར་གྲུབ་པ་ཡི།། རྣལ་མའི་དཀྱིལ་འཁོར་ཆེན་པོའོ།། དང་པོ་སེམས་དཔའི་རྣལ་འབྱོར་གྱིས།། དངོས་མེད་ཐབས་ཀྱིས་མ་མཚོན་ན། ། རྒྱལ་པོའི་ཕྲུག་གུ་འཁྱམས་པ་བཞིན།། རང་གི་རྣམ་པ་མ་རྟོགས་སོ།། བདག་ཉིད་ཁམས་གསུམ་རྣམ་པར་ཤར།། མྱ་ངན་འདས་པའི་བདག་ཉིད་དེ།། མ་ལུས་གཅིག་རྫོགས་འཁོར་ལོ་ཡིན། ། བདག་ཉིད་རྫོགས་པའི་དཀྱིལ་འཁོར་ནི།། ཀུན་གཞི་ཆོས་སྐུ་ཆེན་པོ་ཡིན།། ལོངས་སྤྱོད་རྫོགས་པ་མ་འདྲེས་གསལ།། ཚོགས་དྲུག་སྤྲུལ་པ་རྒྱ་ཆེན་པོ།། བརྐམ་ཆགས་ལྔ་ནི་རིགས་ལྔ་ཡིན།། རྣམ་ཤེས་གཅིག་བདག་རིགས་གཅིག་ཡིན། ། ཤེས་པའི་བྱེ་བྲག་རྣམ་མཐའ་ཡས།། རྒྱལ་བ་རྡུལ་སྙེད་འཇིག་རྟེན་སྒྲོན།། ཙིཏྟ་རིན་ཆེན་དཀྱིལ་འཁོར་ནི།། འོག་མིན་གནས་ཆེན་མུ་མཐའ་ཡས།། སྒྲ་སྐད་མ་ལུས་རྣམ་མང་ཡང།། མི་ཟད་རྒྱན་གྱི་འཁོར་ལོའི་གསུང། ། གཟུགས་མཆོག་སྐུ་ཡི་འཁོར་ལོར་རྫོགས།། དྲན་རྟོགས་སེམས་ཀྱི་རྒྱུ་བ་ཀུན།། མི་ཟད་རྒྱན་གྱི་འཁོར་ལོ་ཐུགས།། སྣོད་བཅུད་ཡེ་ཤེས་དཀྱིལ་འཁོར་ཡིན།། རབས་འབྱམས་རྨད་བྱུང་དཀྱིལ་འཁོར་མཆོག། ཅེས་གསུངས་སོ། ཁ་ས་མན་ཏ་ནམ་མཁའི་མཐའ་དང་མཉམ་པའི་རྒྱུད་ལས། སྤྱི་བླུགས་ཚངས་པའི་དབང་བསྡུས་དོན་དང།། གནས་དང།། དཀྱིལ་འཁོར་བསྟན་པའི་ལེའུ་སྟེ་བཅུ་པའོ། །།། དེ་ནས་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་བདེ་བ་ཆེན་པོ་དེས། འདུས་པའི་ཚོགས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། ལྷུན་གྲུབ་ཡེ་ཤེས་བདེ་ཆེན་པོ། རྒྱུ་ཡིས་མ་བསྐྱེད་རྐྱེན་དང་བྲལ།། ལྷུན་གྱི་གྲུབ་དང་སྣང་བ་མེད། ། སྣང་མེད་ཚིག་གིས་མཚོན་ཏེ་བསྟན།། བརྡ་དོན་སྤྲད་གྲོལ་མན་ངག་བསྟན།། འདི་ལ་སློབ་དཔོན་རྣམ་གཉིས་ཏེ།། བརྡ་དོན་སྤྲད་འགྲོལ་སློབ་དཔོན་དང།། ཤེས་རབ་མཆོག་ལྡན་ཏིང་འཛིན་ཐོབ། ། དམན་པའི་བློ་སྤངས་ཁྱད་པར་ཀུན་ཤེས་ནས།། བསྟན་པའི་བཅུད་ཆུང་ཐེག་པའི་ཡང་ཐོག་ལ།། བདེ་གཤེགས་སྲས་དང་དམན་པའི་སངས་རྒྱས་ཀྱང།། རེ་ཐག་ལས་ཤིང་མི་རྟོག་ཐུགས་བརྩེ་བ།། ནང་གི་དྲི་མ་སྤངས་པས་འཇིག་རྟེན་ཆོས་བརྒྱད་སྤངས། ། རིག་པའི་ཡེ་ཤེས་གསལ་བའི་བཀའ་ཡི་མངའ་བདག་ཅན།། ཤེས་རབ་དད་ལྡན་བརྩོན་འགྲུས་ཁྱད་འཕགས་པ།། མ་ནོར་དོན་རྟོགས་རྡོ་རྗེ་ཟམ་མ་ཆད། ། སྣོད་བཅུད་རྟོགས་ཤིང་གཞན་གྱི་སེམས་ཤེས་པ།། སྣོད་ལྡན་མཆོག་ཏུ་སྨིན་བྱེད་ཐུགས་རྗེའི་བདག།། འདི་འདྲའི་བླ་མས་རྗེས་སུ་གཟུང་བྱ་སྟེ།། སྲོག་ལུས་བྲལ་བས་བླ་མ་ཡིད་ཀྱིས་གཟུང།། རྒྱལ་བའི་སྲས་མཆོག་ཆོས་ཀྱི་རྒྱལ་ཚབ་ཡིན། ། དོན་གྱི་བླ་མ་མ་ནོར་ནི།། རང་རིག་སློབ་དཔོན་དཔལ་གྱི་བདག། ཐམས་ཅད་རང་རིག་རྒྱལ་པོ་བས།། སེམས་ཉིད་སངས་རྒྱས་ཀུན་གྱི་དངོས།། རྡོ་རྗེ་སློབ་དཔོན་ཞིང་ནི་རིན་ཆེན་བདག། རྒྱལ་བ་ཀུན་གྱི་བླ་མ་ནི།། རང་རིག་ཡེ་ཤེས་ཆེན་པོ་ཡིན།། འདི་ནི་སངས་རྒྱས་ཐམས་ཅད་ཀྱི།། མཆོག་ཏུ་བསྐུར་ཞིང་རྗེས་སུ་གཟུང།། རང་རིག་ཡེ་ཤེས་རྒྱལ་པོ་འདི།། གསང་སྔགས་གཏེར་གྱི་མཛོད་འཛིན་ཅིང། ། བསྟན་པ་རྒྱ་མཚོ་སྒྲོགས་པའི་བདག། མན་ངག་རིན་ཆེན་གཏེར་གྱི་ཀློང།། ཡེ་ཤེས་སྒྲོན་མ་ཡེ་གསལ་འབར།། འཇིག་རྟེན་ཀུན་གྱི་སྟོན་པ་པོ།། བླ་མ་རྡོ་རྗེ་རིན་ཆེན་སེམས།། མ་བཅོས་དོན་ཉིད་སྟོན་པ་པོ། ། བླ་མ་སངས་རྒྱས་ཀུན་གྱི་དངོས།། རྡོ་རྗེ་སློབ་དཔོན་མཆོག་ཡིན་ནོ།། སྙིང་པོ་དོན་གྱི་དེ་ཁོ་ནའོ།། དེ་ནས་སེམས་དཔའ་རྡོ་རྗེ་སྟན་ལས་ལངས་ནས་འདི་སྐད་ཅེས་གསོལ་ཏོ།། ཨེ་མ་སློབ་དཔོན་རིན་ཆེན་སེམས་རང་བཞིན། ། ཀུན་གྱི་རང་བཞིན་དངོས་དེ་ཉིད།། དེ་ཉིད་དེ་ཡི་ཕྱག་རྒྱ་ཅན།། དེ་ཡི་དབང་གིས་དེ་ཐོབ་ཅིང།། དེར་འདུས་དེ་ལ་རག་ལས་པས།། དེ་དག་དེ་ཡི་རིགས་ལས་བྱུང།། བརྐམ་ཆགས་དྲུག་ལྡན་སྐྱེ་བཞིའི་བདག། རྣམ་དག་བདེ་ལམ་ཐོབ་དང་བཅས།། ཐམས་ཅད་སེམས་ཀྱི་དེ་བདག་ཉིད།། སྤྱོད་ཡུལ་སེམས་ཀྱི་རང་བཞིན་ཅན།། སློབ་མ་རྡོ་རྗེ་རིན་ཆེན་ཏེ།། ལྷུན་གྲུབ་བླ་མའི་རང་བཞིན་ཏེ།། དེ་ཡི་བཀའ་རྟགས་རྡོ་རྗེ་ཅན། ། ཐམས་ཅད་མི་འགྱུར་རྡོ་རྗེའི་དབྱིངས།། དེ་ནས་སློབ་མ་རྡོ་རྗེའི་བུ།། རིགས་སུ་ངེས་པའི་བཀའ་རྟགས་ཡིན།། ཐམས་ཅད་སློབ་མ་རྡོ་རྗེ་ཉིད།། དེ་ཉིད་བླ་མ་རྡོ་རྗེ་སྟོབས།། རྡོ་རྗེ་ངང་གཅིག་རྡོ་རྗེ་ཉིད། ། རྡོ་རྗེ་ཡེ་ཤེས་ཁྱབ་བརྡལ་བས།། དེས་ན་རྡོ་རྗེ་ལྷུན་གྲུབ་བོ།། བློ་ཡི་རིམ་པའི་རྣལ་འབྱོར་ཅན།། དེ་ཉིད་སྡུད་དང་འཐོར་བ་ཡི།། རིགས་པ་ཉམས་སུ་བདེ་བཞག་ན།། སྤྱོར་བ་མ་ནོར་རིགས་ཅན་ནམ།། རིགས་བརྒྱུད་དག་པའི་རྣལ་འབྱོར་པས། ། མན་ངག་རིན་ཆེན་གཏེར་དུ་འཆང།། བླ་མ་རྡོ་རྗེ་སྲོག་ཏུ་འཛིན།། ཏིང་འཛིན་ཤེས་རབ་རྩལ་དུ་རྫོགས།། ལྷག་པའི་ཡེ་ཤེས་ཉི་མ་ཤར།། དད་དང་བརྩོན་འགྲུས་རྒྱུ་འབྲས་རྫོགས། ། རྩོལ་བས་ལུས་ངག་རླག་སྟོང་དུ།། གྱུར་ཀྱང་དོན་གྱི་འདོད་མི་གཏོང།། བདེ་བ་འབེབས་པའི་ཡན་ལག་ཡིན།། བླ་མ་རྡོ་རྗེ་སྲོག་འགྱུར་ཏེ།། ལུས་ངག་སེམས་ཀྱི་རྒྱུ་མེད་པར།། རྡོ་རྗེ་ལུས་སུ་གྱུར་པ་གྲུབ། ། རྡོ་རྗེ་བླ་མ་གཞན་སེམས་ཅན།། རྒྱལ་སྲས་ཡིད་ཀྱི་བློ་ཅན་དེས། ཁེངས་སེམས་འཇིག་རྟེན་སྤྱོད་ཡུལ་གང།། བགས་ཀྱིས་མཐོང་ན་བླ་མ་དེས།། གཏེར་ཁྱིམ་རིག་པའི་སྒོ་སྡོམ་སྡེ།། མན་ངག་ཉམས་པའི་རྒྱུ་ཡིན་ཏེ། ། ལུས་དང་བྲལ་བའི་ཡན་ལག་རྒྱུས།། གླང་ཆེན་ལུས་སུ་མི་ཐོབ་ལྟར།། མན་ངག་ཉམས་པའི་ཐབས་རྣམས་ཀྱིས།། བྱང་ཆུབ་ལུས་སུ་ཐོབ་མི་འགྱུར།། དེས་ན་བླ་མ་སྲོག་ཡིན་པས།། ལུས་ངག་སེམས་ཀྱི་དུས་གསུམ་དུ། ། རང་སྲོག་བྲལ་བའི་ལས་མི་བྱེད།། གྲགས་དང་རྙེད་པའི་སེམས་ལོག་གིས།། ཉམས་པར་གྱུར་པའི་མཐུ་ཤེས་པས།། ནང་དང་ཕྱི་རྒྱུད་སེམས་སྦྱངས་པས།། འཁྲུལ་པའི་སེམས་བརྒྱད་རྣམ་སྤངས་ཤིང། ། དོན་ལྟར་ཕྱིན་པའི་བརྩོན་འགྲུས་སོ།། མི་ལྡོག་ངེས་པའི་རིགས་རྒྱུད་ཅན།། རྡོ་རྗེ་ལུས་ལ་བརྒྱན་མཐོང་ན།། བདག་སེམས་དགའ་བའི་ཚོར་བ་སྐྱེས།། གྲགས་སེམས་རྒྱས་པའི་ཆོས་ཐོས་ན།། རྗེས་སུ་མཐུན་པའི་ཡིད་ཀྱིས་མོས། ། བླ་མ་རྡོ་རྗེ་སྐལ་ལྡན་དེས།། ལུས་ངག་སྤྱོད་པ་ཅི་བྱས་ཀྱང།། གཡོ་རྒྱུ་མེད་པས་དགེ་བྱེད་ཅིང།། མཐོང་དང་དྲན་པའི་ཤེས་རྒྱུད་ཀྱིས།། ཐུན་མོང་དྲི་མ་ཀུན་སྦྱོང་ཞིང།། ཉི་མའི་འོད་བཞིན་གསལ་བྱེད་པ། ། བླ་མ་སྐུ་གསུང་རྡོ་རྗེ་ལ།། རྟག་ཏུ་རང་གི་ཡིད་འདོགས་ཤིང།། ཐུགས་ཀྱི་ཇི་ལྟར་མོས་པ་བཞིན།། གུས་པའི་སེམས་ཀྱིས་མཉེས་བྱེད་ཅིང།། རྟག་ཏུ་མཆོད་པ་འབུལ་བྱེད་ཅིང།། དེ་ནི་རིགས་ཀྱི་བུ་ཡིན་ཏེ། ། བདེ་བའི་ཞིང་གྱུར་སྐལ་ལྡན་དེ།། རྡོ་རྗེ་ཁྲི་ཆེན་དག་ལ་བསྐྱོན།། བདེ་གཤེགས་ཉིད་དུ་ངེས་ལུང་བསྟན།། དུས་མཐའ་འབྲས་བུ་ཉིད་ལ་བཀོད།། དེ་ནས་རྡོ་རྗེ་བླ་མ་དེས།། དོན་རྟོགས་གསལ་བའི་མངོན་སུམ་མམ། ། ལུས་ངག་སེམས་ཀྱི་བརྡ་རྟགས་སམ།། ཆོས་སྐྱོང་མཁའ་འགྲོའི་སེམས་བྲ་ཡིས།། རྡོ་རྗེ་གདན་དུ་མ་པ་ར།། རིག་ནས་སྐལ་ལྡན་དེ་ཡི་སར།། སྨིན་པར་བྱ་ཕྱིར་རིམ་པར་བྱ།། འདི་ལ་བྱ་བཙལ་ཡན་ལག་དང། ། ཐབས་རིམ་ཐར་[(]གྴར་གྴིརྡ་[)]ཀར་མ།། རྩོལ་སྒྲུབ་ལུས་ངག་སེམས་ཀྱི་ལས།། དངོས་གང་ཐིག་ལེའི་མཚན་ཉིད་ལ།། འདོད་རྩོལ་སྤྲོས་པ་ཐམས་ཅད་འགག། བརྗོད་པར་བྱ་བའི་ལུང་རྟེན་མེད། ། སྐལ་ལྡན་རིགས་ཀྱི་དཀྱིལ་འཁོར་དུ།། བདེ་ཆེན་ཤར་བའི་རྣལ་འབྱོར་རམ།། དོན་རྟོགས་ཀླུངས་སུ་ཕེབས་འདོད་པས།། གསང་སྔགས་འཕྲུལ་གྱི་ལམ་ཆེན་ནམ།། བསྟན་པའི་བློ་ཡི་རིམ་པས་སམ།། རང་འདོད་མཐའ་ལ་སྨད་ལམ་གྱིས། ། རིག་པ་དེ་ཅི་དེ་བཞིན་དུ།། ཐབས་ཀྱི་རྒྱལ་པོ་མཐར་ཕྱིན་བྱ།། གསལ་འབར་རིན་ཆེན་འཕྲུལ་སྣང་དམ།། བཅུད་ལེན་སྨན་དང་མ་ཀི་ཏ།། གང་ལྡན་དེ་ཉིད་འདྲེས་འགྱུར་བྱེད། ། རྟོགས་ཆེན་ཐབས་དང་ལྡན་འགྱུར་བའི།། གང་གསང་གང་དེ་ཐམས་ཅད་ལ།། གང་འདོད་འཐུན་པའི་སྒོ་ཕྱེ་ནས།། ཐབས་ཀྱི་འདོད་པ་ཅི་རྩོལ་བ།། དེ་ནི་འབད་རྩོལ་མེད་པའི་ལས།། རྩོལ་བསྒྲུབ་འབད་རྩོལ་ཅི་བྱེད་ཀྱང། ། དེ་ནི་འབད་རྩོལ་མེད་པ་ཡིན།། ཨོཾ་བཛྲ་སུ་ལམ་མ་ལམ།། མ་མ་རུ་རུ་ཙི་ཏ་ཨ་བི་པྲ་ས་ལ་སྭཱ་ཧཱ། འདིས་ནི་མཁའ་འགྲོ་བསྟོད་པ་ཡི།། དང་པོ་རྟགས་ཀྱི་མངོན་ཤེས་ཡིན།། དོན་དང་ལྡན་པའི་སྣོད་རིག་ན། ། ཐབས་ཆེན་སྦྱོར་བ་རྩོམ་པར་བྱ།། སྐལ་ལྡན་བློ་ཡི་ཁྱད་པར་གྱིས།། སོ་སོར་བསྟན་པའི་རིམ་པ་བཞིན།། འདོད་པའི་སྨོན་པས་རྗེས་འཇུག་ན།། སོ་སོའི་གྲུབ་མཐའ་རིམ་པ་བཞིན།། གདེང་སྐུར་ཤེས་རབ་རིམ་པར་སྐྱེད། ། རྣམ་རྟོག་སྤྲོས་པ་ཐ་མལ་གཅོད།། སེམས་ཀྱི་དམིགས་པ་ཟིན་འགྱུར་ཏེ།། རྣམ་རྟོག་དམིགས་པ་དངོས་པོར་འགྱུར།། ཡང་ན་དངོས་པོ་དོན་གཅིག་ལ།། སེམས་ཀྱི་བྱེ་བྲག་ཀུན་སྐྱེད་ནས། ། སེམས་དཔའ་ལུས་སུ་འཇུག་པ་སྟེ།། དེས་ན་ཚངས་པ་ཆེན་པོའི་ལམ།། དམ་པ་འདི་ནི་སྐུར་འགྱུར་ན།། དེ་ནི་སྐད་ཅིག་དུས་མཐའ་ཡིས།། སེམས་དཔའ་ཆེན་པོ་ཉིད་དུ་འགྱུར།། དངོས་སུ་ཡེ་ཤེས་ཀུན་ཁྱབ་ཅན། ། ཟག་པ་མེད་པའི་རྩེ་མོར་འབྱིན།། ཡོན་ཏན་མ་ལུས་དུས་གཅིག་རྫོགས།། དེ་ནས་སེམས་དཔའ་རྡོ་རྗེས་འདི་སྐད་ཅེས་གསོལ་ཏོ།། འཇིག་རྟེན་མཐུ་ཅན་མོས་པའི་རྗེས་བསྒྲུབ་ན།། ཡང་དག་དོན་ལ་ཇི་ལྟར་འཇུག་པར་བགྱི། ། ཞེས་གསུངས་སོ།། ཀུན་ཏུ་བཟང་པོས་བཀའ་སྩལ་པ།། རྣམ་རྟོག་གྲུབ་མཐས་མ་བསྒྱུར་པའི།། ཐ་མལ་དངོས་འཛིན་རྟོག་པ་ཅན།། ལྷ་ཀླུ་གནོད་སྦྱིན་ལ་སོགས་པ།། འདོད་པའི་སྨོན་པས་རྗེས་བསྒྲུབ་ན། ། དང་པོ་ཐུན་མོང་མཎྜལ་ལ།། སྦྱངས་དང་བསྲུང་པ་ལ་སོགས་པའི།། དྲག་པོའི་རྩོལ་བས་སེམས་སྟོབས་བསྒྱུར།། རང་རིག་སེམས་རྟོག་སྤོང་བྱེད་ན།། དེས་ན་བདེ་བ་ཆེན་པོ་ཡིན།། འདི་ནི་རིག་པའི་དུས་མཐའ་ཡིན། ། རྒྱལ་བའི་སྲས་སུ་ངེས་པ་ཡིན།། བདེ་གཤེགས་ཉིད་དང་སྐལ་བ་མཉམ།། ཡེ་ཤེས་ནམ་མཁའི་མཐའ་དང་མཉམ།། རིག་པ་རྒྱ་མཚོ་ཀློང་ལྟར་ཟབ།། མངོན་དུ་འཇུག་པའི་སྟོབས་མེད་ཀྱང།། རྩལ་ཆེན་རིག་པའི་ངང་ལ་རྫོགས། ། སེང་གེ་བྱ་རྒོད་སྟོབས་འགྲན་བཞིན།། རིག་པ་ཤར་ཀྱང་སྟོབས་མ་རྫོགས།། སེམས་རྒྱུད་རིག་པ་མ་གསལ་ཅིང།། དངོས་པོ་ཀླུངས་སུ་མ་ཕེབས་པས།། རིག་པའི་རྩལ་ཆེན་མ་འབྱོངས་པའོ། ། འདི་ལ་རིམ་པ་མེད་པ་སྟེ།། དང་པོ་དངོས་གཞི་དཀྱིལ་འཁོར་བསྟན།། ཀུན་རྫོགས་དཀྱིལ་འཁོར་ལུས་ལ་དགོད།། འཕྲུལ་གྱི་མན་ངག་རྣ་བར་གཞུག། སེམས་ལུང་སྒོམ་པའི་མན་ངག་བསྟན།། དེ་ནས་བླ་མ་རྡོ་རྗེ་ལ། ། དངོས་དང་འདོད་པའི་ཏིང་འཛིན་གཏང།། མོས་པའི་དོན་གྱིས་དབུལ་བར་བྱ།། མོས་དང་འདོད་པའི་བདེ་བ་སྐྱེད།། སྐལ་ལྡན་རིགས་ཀྱི་བུ་དེ་ནི།། དམ་པ་གཅིག་ལ་བརྟག་པར་བྱ།། འཇིག་རྟེན་ཁམས་ནི་མ་ལུས་ལས། ། གསལ་བྱེད་ཀུན་ལ་བལྟས་གྱུར་ཀྱང།། དེ་ནི་ནང་ནས་འགའ་འམ་གསུམ།། གདམས་ངག་བློ་ཡི་རིམ་པ་བཞིན།། དམ་པས་ལྷུན་གྲུབ་བདེ་ཆེན་བསྐྱེད།། དང་པོར་དུས་དང་བྲལ་བ་ནས། ། མཐར་ཕྱིན་ཐུན་མཚམས་བཅུ་ཕྲག་བདུན།། གཉིས་དང་ལྡན་པས་མཐར་ཕྱིན་འགྱུར།། དེ་ནས་ཡང་འདི་སྐད་ཅེས་གསུངས་སོ།། དེ་ནས་ཐབས་ཀྱི་རིམ་པ་བཞིན་གྱི་སྒོ་ནས་ལྷུག་པའི་དོན་བསྟན་པའོ། ། དང་པོ་བཅུ་གཅིག་ཞག་གིས་དུས།། ནུས་པའི་ཚོགས་བསག་བར་ཆད་བསྲུང།། རྡོ་རྗེ་གོ་བསྐོན་ལུས་བསྲུང་ངོ།། འཕོ་བའི་དུས་མཚམས་ཉི་ཤུ་དྲུག། ཐུན་མཚམས་བརྒྱད་དུ་བསྒོམ་བྱ་བ།། དངོས་པོ་ཕྱི་ནང་ཐམས་ཅད་ལ། ། བུ་དེས་ཇི་ལྟར་གཟུང་པ་རྣམས།། རྣམ་རྟོག་ཞེན་པའི་ཡུལ་དེ་ཉིད།། བརྟགས་པས་དེ་ཉིད་ངོས་གཟུང་བྱ།། དེ་བཞིན་ཐུན་མཚམས་བརྒྱད་ལ་ནི།། བཅུ་དྲུག་དག་ཏུ་རྣམ་ཕྱེ་སྟེ།། བདག་ཉིད་རྒྱན་དང་བཅས་པའི་ལུས། ། གསལ་བའི་ཡུལ་ལ་བརྟག་བྱ་སྟེ།། མི་གཡོ་སེམས་དཔའ་ཐད་དུ་གཟུང།། རྩེ་གཅིག་བརྟག་པའི་དངོས་པོ་དམིགས།། དེ་ནས་ཐུན་བྱེད་རྐྱང་པ་ལ།། སྟོང་པ་ནམ་མཁའི་འདུ་ཤེས་དངོས། ། ཆད་པའི་སྙིང་པོ་ཉི་ཚེ་དེ།། བརྟག་ཅིང་དེ་ཉིད་ངོས་གཟུང་བྱ།། དེ་དག་རིམ་པའི་དོན་རྣམས་ནི།། ཐུན་མོང་བློ་ཡིས་ངོས་ཟིན་ནས།། རྡོ་རྗེ་མི་ལྡོག་གོ་བསྐོན་ཏེ།། བུ་ཁྱོད་རྨོངས་པའི་དྲི་མ་ཅན།། བསྐལ་པར་སྦྱོང་བའི་སྡུག་བསྔལ་ཉིད། ། དིང་ནས་དེ་ཉིད་བདེ་བར་གནས།། གཅོང་རོང་འཁོར་བའི་མུན་པ་ཉིད།། དེ་ཉིད་ཡེ་ཤེས་སྒྲོན་མར་འབར།། སྙིགས་མའི་གནས་ངན་ཁམས་གསུམ་ཉིད།། རྒྱལ་བའི་ཞིང་ཁམས་བདེ་བར་བསྒྱུར། ། ང་ཡི་ཚིག་འདི་བདུད་རྩིའི་བཅུད།། ཡེ་ཤེས་སྒྲོན་མའི་འོད་འབར་ཅན།། རིག་པའི་སྟེང་དུ་ནན་ཏན་བྱའོ།། ཞེས་གསུངས་སོ། ཁ་ས་མན་ཏ་ནམ་མཁའི་མཐའ་དང་མཉམ་པའི་རྒྱུད་ཆེན་པོ་ལས། གུ་རུ་དང་ཤི་བའི་ཨཱ་བེ་ཤ་རིམ་པ་ཡན་ལག་བསྟན་པའི་ལེའུ་སྟེ་བཅུ་གཅིག་པའོ།།།། དེ་ནས་སེམས་དཔའ་རྡོ་རྗེས་སྐལ་ལྡན་རྣམས་ཀྱི་དོན་དུ་འདི་སྐད་ཅེས་གླེངས་སོ།། ཨེ་མ་ཀུན་བཟང་ཡེ་ཤེས་མཆོག། སྐལ་ལྡན་རྣམས་ཀྱི་མགོན་པོ་མཆོག། ཐུགས་རྗེ་ཆེན་པོ་འོད་ལྡན་པ།། ཐུགས་རྗེ་གསལ་སྣང་ཆུ་ཟླ་ལྟར།། གདུལ་བྱ་རྣམས་ལ་སྣང་བ་མཛོད།། འཕྲུལ་གྱི་མེ་ལོང་འཁོར་ལོ་བསྐོར།། ཞེས་ཞུས་སོ།། དེ་ནས་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་དེས། ། འཕྲུལ་གྱི་འོད་ལྡན་པ་ཞེས་བྱ་བའི་ཏིང་འཛིན་ལ་སྙོམས་པར་ཞུགས་ནས་འདི་སྐད་ཅེས་བཀའ་སྩལ་ཏོ།། ཉོན་ཅིག་མོས་ལྡན་འདུས་པའི་ཚོགས།། བཀྲ་ཤིས་ཡན་ལག་རྒྱུ་ལྡན་པའི། ། སེམས་དང་མཐུན་པའི་གནས་ཆེན་དེ།། རིན་ཆེན་གསལ་བྱེད་འབར་བ་དེ།། རྩི་བསྟན་ར་ཡིས་འོ་མས་བྱས།། སོ་ན་ཞུན་མའི་རྩི་བཏང་སྟེ།། བེ་དུར་སོ་མ་ཏ་ཡི་རྩིས། ཁ་བྱུགས་ཀ་བ་དག་པར་བྱ། ། དན་ཤིང་དཀར་པོ་སོལ་པ་ཡིས།། བཞུ་བའི་དངུལ་ཆུ་ཞུན་མས་བྱུག། འཕར་མ་བདུན་གྱིས་ཚངས་པའི་ཞག། འཕྲུལ་གྱི་འོ་མ་གསལ་བྱེད་ཀྱིས།། རླངས་པས་མིག་ལ་བྱུགས་གྱུར་ནས།། ཙ་ཀྵུ་བཏེག་སྟེ་བལྟས་གྱུར་ན། ། སྟོང་གི་འཇིག་རྟེན་ཁོར་ཡུག་བཅས།། གང་ཕྱོགས་གཟུགས་བརྙན་ལྟ་བུར་གསལ།། དེ་ནི་རིན་ཆེན་ཁྲི་ལྡན་སྒོ་བརྒྱད་ལྡན།། ཡིད་མཐུན་བྱུག་པ་ཀུན་གྱིས་བྱུག། རྩིབས་བརྒྱད་འཁོར་ལོ་གྲུ་བཞི་པ། ། ལག་ན་རྡོ་རྗེས་བྱིན་བརླབས་པས།། རྩིབས་བརྒྱད་འཁོར་ལོ་གྲུ་བཞིར་བྱ།། ལས་རྣམས་སྒོ་ཕྱེ་ཐོབ་པར་བྱེད།། དང་པོ་སེམས་སྐྱེད་འཇུག་གི་བར།། ལུས་སུ་བསྟན་པར་མ་རེད་ལ།། ལག་ན་རྡོ་རྗེས་བྱིན་བརླབས་པའི། ། བསྲུང་དང་བཀྲད་པའི་རིག་པ་གདབ།། ལོངས་སྤྱོད་ཀུན་ལའང་སྦྱོར་བས་གདབ།། ཨོཾ་བཛྲ་ཡཀྵ་ཀྲོ་དྷ་ཛྭ་ལ་ཧ་ལ་ཧ་ལ་ཧཱུཾ་ཕཊ། ཨོཾ་བཛྲ་ཙ་ཀྲ་རཀྵ་རཀྵ་མུ་ལ་ཙུ་ལ་རཀྵ་རཀྵ་ཧཱུཾ་ཧཱུཾ་ཧཱུཾ། དེ་ནས་མཐར་ཕྱིན་ཐུན་མཚམས་ནི། ། ཉི་ཤུ་རྩ་བཞི་འམ་བཅུ་བཞི་ལ།། འཇུག་ཅིང་ཞུགས་པའི་ཡོན་ཏན་དེ།། མཐོ་བའི་ལམ་དང་ལྡན་པར་བྱ།། ཕྱི་རོལ་ནང་དུ་གནས་པ་ཡི།། དོན་རྣམས་མ་ལུས་ལྡན་པར་བྱ།། ཐམས་ཅད་སྤངས་པའི་གཞི་མེད་དེ། ། དེ་ཉིད་དོན་དེ་ཡིན་ཕྱིར་རོ།། ཕྱི་རོལ་ཡུལ་ལ་སོགས་པ་ཡི།། གཉིས་པའི་དངོས་པོ་མི་དམིགས་ཏེ།། ཐམས་ཅད་སེམས་ཉིད་ཁོ་ན་སྟེ།། དེ་ཡང་དངོས་གྲུབ་ཡོད་མ་ཡིན།། དང་པོར་གཉིས་པ་མེད་པས་ན། ། དེ་ནི་གཉིས་མེད་བརྟགས་པ་ཡིན།། གཉིས་པ་གཉིས་ཀ་མེད་པས་ན།། གཉིས་མེད་དྲང་བའི་དག་པ་ཡིན།། གསུམ་པ་ཀུན་མེད་ཐམས་ཅད་ལྡན།། བདེ་ཆེན་ཡེ་ཤེས་རང་རིག་ལ།། འདོད་པ་ཀུན་སྤངས་ཆགས་ཆེན་པོ། ། ཡེ་ཤེས་ཀུན་གྲུབ་བདེ་བའི་ཀློང།། སྒྱུ་མ་ལྷུན་གྲུབ་ཡུལ་ལ་རོལ།། དེ་ནི་གཅིག་མེད་ཀུན་རྫོགས་པའོ།། དེ་ནི་རྣམ་པ་བདེ་བསྒྲུབ་ན།། ཡུལ་གྱི་རྣམ་པ་སེམས་ཉིད་དེ།། དེ་ཉིད་དེ་ལ་གསལ་བ་དང། ། དེ་མ་གྲུབ་པར་དེ་རྟོགས་པས།། དེ་ཉིད་དེ་ཡི་རང་བཞིན་ཏེ།། དེ་རིག་དེ་སྣང་དེ་ཁོ་ནའོ།། ཉི་མའམ་རིན་ཆེན་འབར་བ་བཞིན།། འོད་དང་ངོ་བོ་དེ་ཉིད་ལས།། ཡུལ་དང་གཞན་གྱིས་བྱས་པ་ཡིན།། རིག་པའི་ཡེ་ཤཻས་སྐུར་གསལ་བ། ། སེམས་ཉིད་དྲི་མ་མེད་པ་ལ།། ནམ་མཁའི་ཁམས་དང་སྦྱོར་བའི་སེམས།། འཛིན་པའི་རླུང་དང་དེ་ཉིད་རླུང།། ལས་རླུང་རྟེན་པ་ཕྲད་པ་ཡིས།། དེ་ནས་དེ་བཞིན་དེ་ལྟར་སྣང།། སྣང་ཡང་དོར་བ་མེད་པ་ཡི། ། གཉིས་མེད་བདེ་བའི་ཡེ་ཤེས་ཏེ།། རང་བྱུང་ཡེ་ཤེས་རྩ་མེད་པས།། བདེ་བ་ཆེན་པོའི་ངང་དུ་འཆར།། ལུས་དང་བྲལ་བའི་ཡེ་ཤེས་ནི།། དུས་གསུམ་མཐར་གཏུགས་འབྱུང་མི་འགྱུར།། དེ་བྲལ་དེ་ཉིད་མི་སྲིད་དེ། ། ངོ་བོ་གཅིག་ལ་མཉམ་རྫོགས་ཡིན།། འདུ་འབྲལ་མེད་པའི་ཡེ་ཤེས་ནི།། རྒྱུ་དང་བྲལ་བའི་རང་བཞིན་འབྱུང།། མཚན་ཉིད་བྲལ་བའི་མཚན་གཞི་ཅན།། འདི་ནི་སྲིད་པར་མི་རུང་སྟེ།། བདག་ལས་ཡོན་ཏན་རྫོགས་པ་དང། ། མེ་དང་ཚ་བ་བྲལ་བ་བཞིན།། མངོན་སུམ་བདེ་བ་ཆེན་པོར་གསལ།། བདེ་ཆེན་བདེ་བས་རྒྱས་གྱུར་ན།། ཡུལ་དུ་སྣང་དང་ཐིག་ལེ་ཡིན།། ཐིག་ལེ་འམ་བདེ་བ་མ་རྒྱས་པའི།། རིག་པར་སྣང་ཡང་རྟོག་པ་སྟེ། ། ཡུལ་དང་བྲལ་ཡང་རྟོགས་འགགས་ཡིན།། ཡུལ་གྱི་མཚན་ཉིད་བསྟན་པར་བྱ།། རྟོག་མེད་ངང་ལ་ཤར་བའི་ངང།། ཚིག་གི་སྒྲོ་བཏགས་ཐ་སྙད་ཡིན།། བསྟན་བྱ་རྟོགས་པ་ལས་གྲོལ་བའི། ། ཡེ་ཤེས་ཆེན་པོའི་མཚན་ཉིད་ཅན།། ཡུལ་འཛིན་རྟོག་པ་དག་བྱེད་པའི།། ཡེ་ཤེས་ཆེན་པོའི་མཚན་ཉིད་ཅན།། མ་བཅོས་ངང་གིས་དག་བྱེད་པའི།། མ་བཅོས་ངང་གིས་དག་བྱེད་གསལ།། དེ་ཉིད་རྟོག་པ་རྣམ་སྤངས་ཏེ། ། སེམས་ཉིད་གསལ་བས་ཡུལ་དང་བྲལ།། མངོན་སུམ་གསལ་བས་ལོག་རྟོག་བྲལ།། དེ་ཉིད་མཐོང་བས་ཐེ་ཚོམ་མེད།། རྒྱུ་བ་མེད་པས་ཀླུངས་སུ་ཐེབས།། ངང་གིས་གསལ་བས་རྟོག་སྒྲིབ་མེད། ། གང་ཡང་ཡིན་པས་གོལ་ས་མེད།། རྣམ་དག་སེམས་ཀྱི་ཡེ་ཤེས་ཡུལ།། བདེ་བར་ཤར་བའི་ཡེ་ཤེས་ཡིན།། རྩོལ་བ་མེད་པས་རང་བྱུང་ཡིན།། དེ་ནི་ཡུལ་བྲལ་ཡེ་ཤེས་སོ།། རང་བྱུང་ཡེ་ཤེས་ཀུན་གྱི་བདག། ལུས་བཅུ་རྫོགས་པའི་ཐིག་ལེ་ཅན།། རང་ཡུལ་རྟོགས་པའི་ཡེ་ཤེས་ཏེ།། དེ་བཞིན་ཡེ་ཤེས་བདག་གཞི་ཅན།། རྒྱུ་རྐྱེན་བྲལ་བའི་དངོས་གྲུབ་མེད།། ཆོས་ཀུན་ནམ་མཁའི་རང་བཞིན་ཅན།། ལུས་དང་བྲེལ་བས་ཡན་ལག་མེད། ། དངོས་གཞི་བྲལ་བས་གདགས་དང་བྲལ།། ཀུན་སྤངས་ཀུན་གྱི་དངོས་གཞི་ཅན།། རྟོག་པའི་ལས་རླུང་ཡེ་ཤེས་རྒྱས།། རྟེན་ཅན་ཤར་བའི་ཡེ་ཤེས་རླུང།། དེ་ཉིད་དེ་ལྡན་དེ་གྲུབ་སྟེ།། གཡོ་བ་མེད་པས་ཀུན་ཁྱབ་ཅན། ། ཤར་བ་མེད་པས་ཀུན་ཏུ་གསལ།། འདི་ནི་རྨི་ལམ་ཤེས་པ་བཞིན།། རྒྱུ་བཞི་བྲལ་བའི་རང་རིག་སྟེ།། སྒྱུ་མ་རྩལ་འཛིན་ཐབས་སུ་འཕྲོ།། རིག་པའི་ངང་ལས་བདེ་བར་འཁྱིལ།། སྤྲོས་པ་མ་བཀག་ཐིག་ལེར་བསྡུས། ། མ་བཅོས་ངང་ལ་ཤར་བ་ཡི།། མ་སྐྱེས་སེམས་ཀྱི་ཐིག་ལེ་ལ།། རྩོལ་སྒྲུབ་བྲལ་བའི་ཏིང་འཛིན་གསལ།། བྱ་བ་བྱེད་པའི་དོན་ཀུན་རྫོགས།། རྒྱུ་འབྲས་རྡོ་རྗེ་ངང་ལས་བསྲུངས།། ཐམས་ཅད་རང་སེམས་ངོ་བོའི་ཕྱིར། ། འཛིན་རྟོག་སྤྲོས་པ་ཐམས་ཅད་ཞི།། རྩོལ་བྱེད་རིག་པའི་ངང་ལ་གྲུབ།། རྩོལ་སྒྲུབ་བྲལ་བའི་ལམ་མཆོག་ཡིན།། དགྱེས་ཆེན་བསྡུས་པའི་ཐིག་ལེ་ཡིན།། རྒྱུད་དྲུག་རྟོགས་པ་ཐམས་ཅད་དང། ། མྱ་ངན་འདས་པ་རྒྱལ་བའི་ཐུགས།། མ་ལུས་བདེ་ཆེན་རིག་པའི་ངང།། ཇི་བཞིན་མ་བཅོས་ངང་དུ་གསལ།། ལྷུན་རྫོགས་སྤྲོས་པ་མེད་པའི་ངང།། གཅིག་འདུས་མ་ལུས་ཀུན་གྱི་བདག། རྣམ་པར་རྟོག་པའི་རྒྱུ་བ་བྲལ། ། དུས་གསུམ་བྲལ་བའི་རང་རིག་ཉིད།། རྩོལ་དང་བྲལ་བས་རྒྱུན་མི་འཆད།། རྣམ་རྟོག་མཚན་མ་ཇི་སྙེད་པ།། ཇི་བཞིན་མི་འགྱུར་དེ་བཞིན་གསལ།། གནས་འགྱུར་རྒྱལ་བའི་ལུང་ཆེན་ཡིན།། བྱེད་རྩོལ་ཐམས་ཅད་མ་སྤངས་པས། ། འཇིག་རྟེན་འདས་དང་འཇིག་རྟེན་པའི།། སེམས་ཀྱི་རིམ་པ་མ་ལུས་འདུས།། བསྒྲུབ་པའི་ལམ་མཆོག་ཀུན་གྱི་བདག། འདོད་པའི་འབྲས་བུ་ཀུན་དངོས་ཅན།། རྩོལ་སྒྲུབ་བླང་དོར་རྒྱུ་འབྲས་དང། ། ལུས་ཅན་མ་ལུས་ཐམས་ཅད་འདུས།། འདོད་རྩོལ་བྱེད་བསྒྲུབ་རྒྱུ་རྐྱེན་བྲལ།། རྫོགས་ཆེན་རིན་ཆེན་གཏེར་གྱི་དངོས།། དོན་གཅིག་རྣམ་པ་ཀུན་གྱི་བདག། བགྲོད་མེད་རྣམ་གྲོལ་ལྷུན་གྲུབ་ལམ། ། ཀུན་རྫོགས་ཇི་བཞིན་འབྲས་བུ་མཆོག། རྒྱུ་འབྲས་དབྱེར་མེད་ཐིག་ལེའི་ངང།། བྱ་མེད་ལྷུན་རྫོགས་སེམས་ཀྱི་གཏེར།། དཔེ་བྱད་མཚན་ཆེན་མཚན་རྫོགས་ཏེ།། མཚོན་པའི་ཕྱག་རྒྱ་དྲི་མ་མེད།། དྲན་རྟོག་མི་འགྱུར་གསལ་བའི་ཐུགས། ། སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་ཅན།། འདོད་སོགས་ཏིང་འཛིན་བདེ་བའི་རོ།། ཡན་ལག་ཏིང་འཛིན་སྟོང་དང་བཅས།། མི་རྟོག་བདེ་བ་གཅིག་ཏུ་འཁྱིལ།། མ་ལུས་ཀུན་གྲུབ་བདེ་བ་ཅན། ། མི་རྟོག་ཡེ་ཤེས་བདེ་བའི་ཐུགས།། དཔག་མེད་ཏིང་འཛིན་འབུམ་ཕྲག་སྒོ།། སྐལ་ལྡན་དང་པོ་ཉིད་ནས་རྫོགས།། རྒྱུད་དྲུག་འགྲོ་བ་མ་ལུས་པའི།། ལུས་སྣང་རྣམ་པ་ཇི་སྙེད་པའི།། གཟུགས་སྣང་རག་པས་བསྡུས་པ་ཀུན། ། ཐམས་ཅད་འཁྱིལ་བའི་ཡེ་ཤེས་སྐུ།། ཚད་ལས་འདས་པའི་སྐུ་རྫོགས་ཏེ།། མ་ལུས་འདུས་པའི་བརྒྱན་མངའ་བ།། མ་ལུས་འདུས་པའི་སྐུ་ཡི་བཅུད།། གྲག་སྟོང་འཛིན་པ་ཆགས་བྲལ་གསུང།། རྒྱུད་དྲུག་སྒྲ་སྐད་ལ་སོགས་ཏེ། ། རབ་འབྲིང་ཡི་གེ་བརྗོད་པ་རྣམས།། མ་ལུས་སྐྱེ་མེད་རྡོ་རྗེ་གསུང།། རྨད་བྱུང་ལྷུན་གྲུབ་གསུང་དབྱངས་ཉིད།། མི་རྟོག་བརྡ་འབྱལ་ཐམས་ཅད་གོ། ཐམས་ཅད་བསྟན་པའི་རིག་པའི་སྒོ། ། ཀུན་གྲུབ་བདེ་ཆེན་ཚངས་པའི་གསུང།། ཐམས་ཅད་རྫོགས་པའི་བདེ་ཆེན་པོ།། རང་བྱུང་ལྷུན་གྲུབ་རྡོ་རྗེ་སྟེ།། རྡོ་རྗེ་གསུང་འདུས་ཀུན་གྱི་དངོས།། འདུས་པ་ཐིག་ལེ་དགུ་ཡི་བདག། སྙིང་པོ་ལྔ་འདུས་རྡོ་རྗེའི་རྒྱལ། ། བདེ་ཆེན་དྲུག་བསྡུས་རིག་པའི་རྒྱ།། ཀུན་གྲོལ་བདེ་བའི་ལམ་ལ་གཟུང།། ལུང་གསུམ་བརྒྱུད་པའི་བདེ་ཆེན་འདི།། ལྔ་དང་རྒྱུ་བདག་གསུམ་གྱི་མདོ།། མ་ལུས་གཞིར་གྱུར་དངོས་མེད་པ།། བརྗོད་གཞི་ཐ་སྙད་ཀུན་བདག་ཉིད། ། ཡི་གེ་རྣམ་རྟོག་རྒྱུ་བ་བྲལ།། ནམ་མཁའ་དངོས་པོ་སྟོང་པ་བཞིན།། བྲལ་དང་མ་ལུས་སེམས་ཀྱི་གཏེར།། འདོད་ཡོན་ལོངས་སྤྱོད་རྒྱལ་བའི་ཡུམ།། དེ་ཉིད་ལོངས་སྤྱོད་གཏེར་གྱི་བཅུད།། བདེ་བའི་ལོངས་སྤྱོད་རང་རིག་མཆོག། ཞིང་ཁམས་གཞལ་ཡས་བདེ་བའི་གནས།། གསང་བའི་གསང་ཆེན་གསང་བ་བདག། རྒྱུ་དང་བྲལ་བའི་དངོས་གཞི་ཅན།། ངོ་མཚར་རྨད་བྱུང་དེ་ཉིད་བཅུད།། མ་ལུས་འདུས་པའི་རིན་པོ་ཆེ། ། བརྗོད་བྱ་མ་ལུས་ཀུན་འདུས་པ།། རྒྱལ་བའི་བསྟན་པ་ཀུན་གྱི་གཙོ།། ཐུགས་ཀྱི་བཅུད་འདུས་དེ་ཉིད་ལམ།། སྤྱོད་ཡུལ་བྲལ་བའི་རང་རིག་ཉིད།། བདེ་གཤེགས་རྒྱལ་བ་ཀུན་གྱི་ཐུགས།། དངོས་གཞི་བྲལ་བའི་ཡེ་ཤེས་ཉིད། ། བདེ་གཤེགས་རྒྱལ་བ་ཀུན་གྱི་ཡུམ།། མ་ལུས་འཕྲོས་པ་ཀུན་གྱི་རྒྱུད།། ཟག་པ་ཟད་པས་འདུས་མ་བྱས།། བསྟན་པ་ཀུན་འདུས་ཐིག་ལེ་བཅུད།། རིག་པའི་ངང་གསལ་ཡེ་ཤེས་སྒྲོན། ། འཕེལ་འགྲིབ་མེད་པས་ནམ་མཁའི་དབྱིངས།། སྡུག་བསྔལ་དག་པས་བདེ་ཀློང་འཁྱིལ།། སྦྱང་དུ་མེད་པས་སྒྲུབ་དང་བྲལ།། རེ་བ་མེད་པས་དགོངས་བ་བཅོམ།། ཤེས་རྒྱུད་བཅད་པས་ཡུལ་དང་བྲལ། ། བརྐམ་ཆགས་ལྔ་བྲལ་རང་བྱུང་བས།། འཁོར་བ་རྣམ་རྟོག་ཡེ་ཤེས་ཀློང།། བྱེད་རྩོལ་ཏིང་འཛིན་མ་སྤངས་པས།། འབྲས་བུ་གཞན་དོན་ཡུལ་དང་བྲལ།། དགེ་དང་མི་དགེ་རྣམ་རྟོག་སྤངས།། མཉམ་རྫོགས་ཆེན་པོ་ཐིག་ལེ་བས། ། གཙང་དང་སྨེ་བའི་རྟོག་པ་བོར།། ཐམས་ཅད་མ་ལུས་ཡེ་ཤེས་གསལ།། སྦྱོད་པ་རྣམ་དག་རྟོག་མེད་པས།། ཇི་ལྟར་འདོད་དགུ་བདེ་བར་སྤྱོད།། མི་རྟོག་བདེ་ཆེན་ཤར་བ་ཉིད།། དེ་ཉིད་སྤྱོད་པའི་རྒྱ་མཚོ་སྟེ། ། ལུས་ངག་གཙོ་རུ་སྤྱོད་བྱེད་པ།། དེ་ཡང་སྤྱོད་ཉིད་སྤྱོད་པ་མིན།། རང་བྱུང་ལྷུན་གྲུབ་བདེ་ཆེན་ལ།། ཡན་ལག་ཀུན་རྫོགས་ཁྱད་པར་ཆེ།། མི་དམིགས་སྒྱུ་མའི་བདེ་མཆོག་ནི།། གཉུག་མར་གསལ་ན་ལྟ་བ་ཡིན། རྒྱ་གར་སྐད་དུ། རཏྣ་སཱུརྱ་ཙནྟྭ་ཀཱུ་ཊ་ཏནྟྲ། བོད་སྐད་དུ། རིན་པོ་ཆེ་ཉི་ཟླ་བརྩེགས་པའི་རྒྱུད། ཀ་དག་རྣལ་མ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་མེད་ཅི་ཡང་མ་ཐོས། བསམ་བརྗོད་བློ་ཡིས་ཡུལ་དུ་མ་གྱུར་ཏེ། དུས་མཐའ་མེད་པའི་ཡིད་མེད་བློ་འདས་ཆེན་པོའི་དུས་ན། ཐོག་མ་གཞི་ཡི་ཀློང། ཆོས་ཉིད་ཀྱི་མཁའ། དབྱིངས་ཀྱི་ཀློང། ཀ་དག་སྙིང་པོ་སྐྱེ་བ་མེད་པའི་དཀྱིལ་འཁོར། རིན་པོ་ཆེ་གསལ་དག་འོད་ཀྱི་དཀྱིལ་འཁོར། འོད་སྣ་ཚོགས་འཕྲོ་བའི་མདངས། རིན་པོ་ཆེའི་འོད་ལྔ་ལས་གྲུབ་པའི་གཞལ་ཁང་ན། སྔོན་ཐོག་སྤྱི་ཕུད་ཀྱི་སངས་རྒྱས་དམ་པ་གཞི་ཡི་སྟོན་པ་འོད་མི་འགྱུར་བ་བཞུགས་སོ།། སྟོན་པའི་དྲུང་ན་གནས་པའི་འཁོར་ཡང་འདི་ལྟ་སྟེ། འབྱུང་བ་ལྔའི་འཁོར་དང། དངས་མ་ལྔའི་འཁོར་དང། རླུང་ལྔའི་འཁོར་དང། འོད་ལྔའི་འཁོར་དང། རྩལ་ལྔའི་འཁོར་དང། ཟེར་ལྔའི་འཁོར་དང། མདངས་ལྔའི་འཁོར་དང། སྣང་ཚུལ་ལྔའི་འཁོར་དང། དམ་པ་དང་པོའི་འཁོར་རོ།། བསྟན་པ་ཐིག་ལེ་ཁོང་གསལ་གསང་བའི་ཉི་མའོ།། དུས་ནི་དུས་ཀྱི་མཐའ་སྟོང་པའོ།། དེ་ཡི་རྗེས་འཇུག་སྟོན་པའི་འཁོར་ནི། སྟོན་པའི་རྒྱལ་པོ་སྔོན་ཐོག་ཀ་དག་གི་སངས་རྒྱས་ཀྱིས། གནས་ཀྱི་རྒྱལ་པོ་འོད་གསལ་ཆོས་ཉིད་དུ།། འཁོར་གྱི་རྒྱལ་བ་ཀུན་རིག་འཁྲུལ་རྗེ་ལ།། སྟོན་པའི་རྒྱལ་པོས་ཐིག་ལེ་སྤྱི་བརྟོལ་བཤད།། དུས་ཀྱི་རྒྱལ་པོ་མི་འབྲལ་ཆེན་པོའི་དུས།། དེ་ཡི་གདུང་འཚོ་ཕུན་སུམ་ཚོགས་པ་ལྔ་ནི། ། སྟོན་པའི་རྒྱལ་པོ་གསང་བདག་ཆེན་པོ་ལ།། འཁོར་གྱི་རྒྱལ་པོ་ཁྱེའུ་ལྔ་ཡིས་བསྐོར།། བསྟན་པའི་རྒྱལ་པོ་ཉི་ཟླ་བརྩེགས་པས་ཆོས་ཉིད་དབྱིངས་སུ་བཤད། ཆོས་ཉིད་དབྱིངས་སྐྱེ་བ་མེད་པའི་དུས།། སྡུད་པ་པོ་ནི་ཀུན་རིག་ཁྱེ་ཆུང་ངོ།། ཞེས་གསུངས་སོ།། རིན་པོ་ཆེ་ཉི་ཟླ་བརྩེགས་པའི་རྒྱུད་ལས། གླེང་གཞི་ཕུན་སུམ་ཚོགས་པའི་ལེའུ་སྟེ་དང་པོའོ།།།། དེ་ནས་ཀུན་རིག་ཁྱེ་ཆུང་གིས། སྔོན་ཐོག་སྤྱི་ཕུད་སངས་རྒྱས་ལ།། ཕུན་སུམ་ཚོགས་པའི་དོན་ནི་དེ་ལྟར་ན།། ཐོག་མ་དང་པོ་ཇི་ལྟར་གནས།། རླུང་ལྔ་འབྱུང་ལྔ་ཇི་ལྟར་འཁྲུལ།། འོད་གསལ་ཡན་ལག་ཇི་ལྟར་གྲོལ།། ཐིག་ལེ་རང་བཞིན་ཇི་ལྟར་གནས། ། ཡེ་ཤེས་ཟང་ཐལ་ཇི་ལྟར་འཆར།། གདམས་པའི་གནད་ནི་གང་གིས་བསྟན།། གསང་སྔགས་བརྡ་ཡིས་ཇི་ལྟར་བསྟན།། ཐིག་ལེ་སྤྱི་བརྟོལ་ལྟ་བུ་གང་གིས་རྟོགས།། བྱར་མེད་བློ་འདས་ཇི་ལྟར་ཨ་ཡིན། ། མིང་མེད་མཐའ་སྟོང་ཇི་ལྟར་གོ། ཡང་ཏི་ཉི་ཟླའི་སྙིང་པོ་རུ།། ཐེག་པ་རིམ་དགུ་ཇི་ལྟར་རྫོགས།། རྫོགས་ཆེན་ཡང་ཏི་ཡོ་ག་ཡིས།། མ་བསྒྲུབས་འབྲས་བུ་ཇི་ལྟར་ཐོབ།། སྟོན་པས་འཁོར་ལ་བཀའ་སྩོལ་ཅིག། ཅེས་ཞུས་སོ།། ཉི་ཟླ་བརྩེགས་པའི་རྒྱུད་ལས། འཁོར་གྱིས་གླེང་སླང་བའི་ལེའུ་སྟེ་གཉིས་པའོ།།།། ཨ་ཐ་ཨསྦྷོ་ཡ་མུ་ཧུ་ལ་མ། དེ་ནས་ཀུན་རིག་ཁྱེ་ཆུང་གིས།། སྟོན་པ་གསང་བདག་ཆེན་པོ་ལ། ཐོག་མ་དང་པོ་ཇི་ལྟར་གནས། ། ཞེས་ཞུས་པ་དང། སྟོན་པས་འཁོར་ལ་བཀའ་སྩལ་པ།། ཐོག་མ་གཞི་ལ་མིང་མེད་ཀྱང།། འཁོར་གྱི་རྟོག་པ་གསལ་ཕྱིར་བཤད།། ཡེ་མེད་གཏིང་མེད་གསོངས་ཀྱང་མེད།། གཞི་མེད་གཞི་ཡི་གནས་ལུགས་ཏེ། ། དངོས་མེད་རླུང་མེད་འགྱུར་ཡང་མེད།། སྤངས་མེད་རྒྱས་མེད་སྐུ་ཡང་མེད།། འཁྲུལ་མེད་སེམས་མེད་རིག་པ་མེད།། འཁོར་མེད་ལྟུང་མེད་འགྲོ་དྲུག་སེམས་ཅན་མེད།། བདག་མེད་གནས་མེད་ཕྱོགས་རིས་མེད། ། མཐའ་མེད་དབུས་མེད་ཕྱོགས་མཚམས་ཁ་དོག་མེད།། ཐོག་མ་གཞི་ཡི་གནས་ལུགས་ཏེ།། དངོས་མེད་ཡུལ་མེད་ཅང་ཀྱང་མེད།། ཅང་མེད་དངོས་མེད་ཐ་སྙད་མེད།། ཐོག་མ་ཐ་མ་མེད་པ་སྟེ། མིང་མེད་མཚོན་དུ་ཅི་ཡང་མེད།། ཅེས་གསུངས་སོ།། ཉི་ཟླ་བརྩེགས་པའི་རྒྱུད་ལས།། གཞི་བསྟན་པའི་ལེའུ་སྟེ་གསུམ་པའོ།།།། དེ་ནས་ཀུན་རིག་འཕྲུལ་རྗེ་ཡིས།། སྔོན་ཐོག་སྤྱི་ཕུད་སངས་རྒྱས་ལ།། རླུང་ལྔ་འབྱུང་ལྔ་ཇི་ལྟར་འཕྲུལ། ། ཞེས་ཞུས་པ་དང། སྟོན་པས་འཁོར་ལ་བཀའ་སྩལ་པ། ཐོག་མ་ཅི་ཡང་མེད་པ་ལ།། ཐ་མ་ཅིར་ཀྱང་རྣམ་པར་འཁྲུལ།། དེ་ལྟར་འཁྲུལ་པའི་རྒྱུ་རྐྱེན་ཀྱང།། ཀུན་གཞིས་གཞི་བྱས་རླུང་ལྔས་འཁྲུལ་རྒྱུ་བྱས། ། འབྱུང་ལྔས་དུས་བྱས་འོད་ལྔས་རྐྱེན་བྱས་ནས།། རྩལ་ལྔ་མ་འགགས་ཟེར་ལྔ་ཤེས་པར་འཁྲུལ།། ཤེས་པའི་ངོ་བོ་སྟོང་པ་གསལ་བ་ལས།། ངོ་ཤེས་འགྱུར་མེད་ཀློང་འགྱུར་སྙིང་པོ་གཞི་དང་ཕྲད། ། རང་དངས་རང་གྲོལ་ཐོག་མར་ཡེ་སངས་རྒྱས།། རང་བཞིན་ངོ་བོ་ཐུགས་རྗེ་ལས།། མཆོག་གི་དང་པོ་སྐུ་གསུམ་འཆང།། ཞེས་གསུངས་སོ།། ཤེས་པས་གནས་པའི་དོན་མ་རིག། ཡིད་འགྱུ་རིག་མྱོང་སེམས་སུ་གསལ། ། གསལ་བའི་འོད་ལ་མིན་སྣང་ཤར།། རིག་པ་འོག་རླུང་ལངས་པས་འཁོར་སྒོར་ཚུད།། མ་རིག་འཁྲུལ་རྒྱུ་འགྱུ་བས་རྐྱེན་བྱས་ནས།། མུན་པས་བར་བཅད་དུག་གསུམ་འཁྲུལ་པར་སྨིན། ། དུག་ལྔས་གཞི་བྱས་མངལ་སྒོས་རྐྱེན་བྱས་ནས།། ཤ་ཁྲག་གཟུགས་སོགས་དངོས་པོའི་ཆོས་རྣམས་འཁྲུལ།། ཕྱི་ནང་སྣོད་བཅུད་གླིང་བཞི་རི་རབ་དང།། སྣང་སྲིད་སྐྱེ་འགྲོ་ཉོན་མོངས་བརྒྱད་ཁྲི་སྟོང།། དེ་ལ་འཁྲུལ་པ་བརྩིས་ན་བརྗོད་མི་ལང། ། ཞེས་གསུངས་སོ།། ཉི་ཟླ་བརྩེགས་པའི་རྒྱུད་ལས། འཁྲུལ་པ་བསྟན་པའི་ལེའུ་སྟེ་བཞི་པའོ།།།། དེ་ནས་ཀུན་རིག་འཕྲུལ་རྗེ་ཡིས།། སྔོན་ཐོག་སྤྱི་ཕུད་སངས་རྒྱས་ལ།། འོད་གསལ་ཡན་ལག་ཇི་ལྟར་གྲོལ། ། ཞེས་ཞུས་པས། སྟོན་པས་འཁོར་ལ་བཀའ་སྩལ་པ།། རླུང་སོགས་ཡན་ལག་འཁྲུལ་པ་རྣམས།། རང་གྲོལ་རང་སངས་སྙིང་པོའི་ཀློང།། རླུང་ལ་འགྱུར་མེད་ལྔ་ཡི་ཀློང་དུ་གྲོལ། ། འབྱུང་ལྔ་གཡོ་མེད་སྙིང་པོའི་ཀློང་དུ་གྲོལ།། འོད་ལྔའི་རྐྱེན་མེད་ཀ་དག་ཀློང་དུ་གྲོལ།། ཟེར་ལྔ་རང་དངས་ཆོས་ཉིད་ཀློང་དུ་གྲོལ།། ཤེས་པའི་སྣང་ཚུལ་དངས་མ་ལྔ་རུ་གྲོལ།། རང་བཞིན་ངོ་བོ་ཐུགས་རྗེ་སྐུ་གསུང་ཐུགས་སུ་གྲོལ། ། ཡིད་འཁོར་རྣམ་གསུམ་དཀྱིལ་འཁོར་གསུམ་དུ་གྲོལ།། སྟོང་པའི་ཀླཽང་ནས་ཡིད་རིག་སེམས་བློ་རྣམས།། རང་བྱུང་རང་གྲོལ་སྟོང་ཉིད་ཀློང་དུ་གྲོལ།། སྟོན་པ་ཀུན་འབྱུང་སྟོང་པར་གྲོལ། ། མེད་ལ་སྣ་ཚོགས་མེད་པར་གྲོལ།། ཅང་མེད་ཅིར་སྣང་སྣང་ཙམ་ཉིད་ན་གྲོལ།། ཐོལ་བྱུང་ངང་དངས་བྱུང་སར་གྲོལ།། ཝལ་བྱུང་དྲན་རྟོག་སྙིང་པོར་གྲོལ།། གཏི་མུག་ཀ་དག་ཆེན་པོར་གྲོལ།། མ་རིག་ཡེ་ཤེས་ཆེན་པོར་གྲོལ། ། དུག་གསུམ་སངས་རྒྱས་སྐུ་གསུམ་གྲོལ།། དུག་ལྔ་སྐུ་ལྔ་ཉིད་དུ་གྲོལ།། ཕྱི་ནང་ཡུལ་སེམས་གཉིས་སུ་མེད་པ་གྲོལ།། སྣང་སྲིད་སྣོད་བཅུད་ཀ་དག་ཆེན་པོར་གྲོལ།། ལུས་ངག་ཡིད་གསུམ་སྐུ་གསུམ་ཉིད་དུ་གྲོལ། ། སྟོང་གསུམ་སྟོང་གི་འཇིག་རྟེན་ཁམས་འདི་རྣམས།། ཀ་དག་འོད་གསལ་ཐིག་ལེ་གསང་བའི་ལམ།། ཟང་ཐལ་ཆེན་པོ་མུ་མཐའ་ཡས་པ་སྟེ།། རང་སངས་རང་དངས་རང་གྲོལ་གཏིང་མཐའ་ཡས། ། ཐིག་ལེ་སྤྱི་བརྟོལ་ཆེན་པོར་རང་གྲོལ་ལོ།། གྲོལ་བ་ཐར་པ་རྣམ་གྲོལ་ལུས།། བག་ཆགས་བཅས་ནས་གཏིང་ནས་གྲོལ།། ཞེས་གསུངས་སོ།། རིན་པོ་ཆེ་ཉི་ཟླ་བརྩེགས་པའི་རྒྱུད་ལས། རླུང་ལྔ་འབྱུང་རྩལ་ཟེར་ཡན་ལག་ཐམས་ཅད་སྙིང་པོ་ཀ་ནས་དག་པའི་ཀློང་དུ་གྲོལ་བར་བསྟན་པའི་ལེའུ་སྟེ་ལྔ་པའོ། །།། དེ་ནས་ཀུན་རིག་ཁྱེ་ཆུང་གིས།། སྔོན་ཐོག་སྤྱི་ཕུད་སངས་རྒྱས་ལ།། ཐིག་ལེའི་རང་བཞིན་ཇི་ལྟར་གནས།། ཞེས་ཞུས་པ་དང། སྟོན་པས་འཁོར་ལ་བཀའ་སྩལ་པ།། ཐིག་ལེ་གང་ཡིན་སྙིང་པོ་ཡིན།། ཐིག་ལེའི་རང་བཞིན་སེམས་ཉིད་ཡིན།། ཐིག་ལེའི་ངོ་བོ་ཆོས་སྐུ་ཡིན།། ཐིག་ལེའི་སྣང་ཚུལ་འོད་གསལ་ཡིན། ། ཐིག་ལེའི་འབྲས་བུ་རང་དག་ཡིན།། ཐིག་ལེའི་ལས་ནི་རང་གྲོལ་ཡིན།། ཐིག་ནི་འགྱུར་བ་མེད་པ་ཡིན།། ལེ་ནི་རྒྱ་ཆད་མེད་པ་ཡིན།། ཐིག་ནི་རྒྱུ་རྐྱེན་མེད་པ་ཡིན།། ལེ་ནི་འཕོ་འགྱུར་མེད་པ་ཡིན།། ཐིག་ནི་སྐྱེ་མེད་ཀ་དག་ཡིན། ། ལེ་ནི་དངོས་མེད་ཟང་ཀ་ཡིན།། ཐིག་ནི་རྣལ་མ་སོ་མ་ཡིན།། ལེ་ནི་བྱར་མེད་བློ་འདས་ཡིན།། ཐིག་ནི་ཐིག་ལེ་སྤྱི་བརྟོལ་ཡིན།། ལེ་ནི་ཡེ་ཤེས་གཏིང་རྫོགས་ཡིན།། ཐིག་ནི་ཐིག་ལེ་ཁོང་གསལ་ཡིན། ། ལེ་ནི་ཡེ་ཤེས་གསང་ལམ་ཡིན།། ཐིག་ནི་གསང་བའི་ཕོ་བྲང་ཡིན།། ལེ་ནི་ཡེ་ཤེས་འབྱུང་གནས་ཡིན།། ཀ་དག་འོད་གསལ་དཀྱིལ་འཁོར་ནས།། ཐིག་ལེ་གསང་བའི་ཉི་ཤར་བས།། མ་རིག་སྒྲིབ་གཡོགས་གཏན་ནས་སངས། ། ཞེས་གསུངས་སོ།། ཉི་ཟླ་བརྩེགས་པའི་རྒྱུད་ལས། ཐིག་ལེའི་རང་བཞིན་བསྟན་པའི་ལེའུ་སྟེ་དྲུག་པའོ།།།། དེ་ནས་ཀུན་རིག་ཁྱེ་ཆུང་གིས།། སྔོན་ཐོག་སྤྱི་ཕུད་སངས་རྒྱས་ལ།། ཡེ་ཤེས་ཟང་ཐལ་ཇི་ལྟར་འཆར། ། ཞེས་ཞུས་པ་དང། སྟོན་པས་འཁོར་ལ་བཀའ་སྩལ་པ།། ཡེ་ཤེས་ཟང་ཐལ་འཆར་ལུགས་ནི།། གཏི་མུག་རང་སངས་ཡེ་ཤེས་ཐལ་འཆར་བ་ཡིན།། མ་རིག་ཀ་དག་ཡེ་ཤེས་ཟང་ཐལ་འཆར། ། དུས་གསུམ་ཀ་དག་ཡེ་ཤེས་ཟང་ཐལ་འཆར།། ཉོན་མོངས་ཀ་དག་ཡེ་ཤེས་ཟང་ཐལ་ཡིན།། རྣམ་རྟོག་ཀ་དག་ཡེ་ཤེས་ཟང་ཐལ་ཡིན།། ཡུལ་སེམས་ཀ་དག་ཡེ་ཤེས་ཟང་ཐལ་ཡིན།། གཟུང་འཛིན་ཀ་དག་ཡེ་ཤེས་ཟང་ཐལ་ཡིན། ། ཕུང་པོ་ལྔ་དག་ཡེ་ཤེས་ཟང་ཐལ་ཡིན།། རྣམ་ཤེས་ཚོགས་བརྒྱད་ཡེ་ཤེས་ཟང་ཐལ་ཡིན།། དབང་པོ་ལྔ་དག་ཡེ་ཤེས་ཟང་ཐལ་ཡིན།། སྒོ་ལྔ་གསལ་དག་ཡེ་ཤེས་ཟང་ཐལ་ཡིན།། ཡུལ་ལྔ་རང་གྲོལ་ཡེ་ཤེས་ཟང་ཐལ་ཡིན། ། རིག་ཡིད་མི་འགྱུར་ཡེ་ཤེས་ཟང་ཐལ་ཡིན།། འགྱུས་ཀྱང་ངང་དངས་ཡེ་ཤེས་ཟང་ཐལ་ཡིན།། རྣམ་རྟོག་རང་གྲོལ་ཡེ་ཤེས་ཟང་ཐལ་ཡིན།། ཉོན་མོངས་རང་བརླག་ཡེ་ཤེས་ཟང་ཐལ་ཡིན། ། སྣང་སྲིད་འཁོར་འདས་ཡེ་ཤེས་ཟང་ཐལ་ཡིན།། ཉོན་མོངས་བརྒྱད་ཁྲི་བཞི་སྟོང་རང་གྲོལ་ཟང་ཐལ་ཡིན།། ཆོས་སྡེ་བརྒྱད་ཁྲི་བཞི་སྟོང་ཡེ་ཤེས་ཟང་ཐལ་ཡིན།། འགྱུས་ཚད་རིག་ཚད་རང་བརླག་ཡེ་ཤེས་ཟང་ཐལ་ཡིན། ། མནོས་ཚད་བསམས་ཚད་རང་གྲོལ་ཡེ་ཤེས་ཟང་ཐལ་ལོ།། ཕྱེ་ཚད་བརྟག་ཚད་ཡེ་ཤེས་ཟང་ཐལ་ལོ།། བློ་བརྟགས་ཆོས་རྣམས་རིལ་པོར་ཀ་དག་ཡེ་ཤེས་ཟང་ཐལ་ལོ།། ཞེས་གསུངས་སོ།། རིན་པོ་ཆེ་ཉི་ཟླ་བརྩེགས་པའི་རྒྱུད་ལས། ཡེ་ཤེས་ཟང་ཐལ་བསྟན་པའི་ལེའུ་སྟེ་བདུན་པའོ།།།། དེ་ནས་ཀུན་རིག་ཁྱེ་ཆུང་གིས།། སྔོན་ཐོག་སྤྱི་ཕུད་སྟོན་པ་ལ།། གདམས་པའི་གནད་ནི་ཇི་ལྟར་བསྟན།། ཞེས་གསུངས་སོ། ། སྟོན་པས་འཁོར་ལ་བཀའ་སྩལ་པ།། གདམས་པ་གནད་ཀྱི་མན་ངག་བསྟན།། ཀུན་རིག་ཁྱེ་ཆུང་ཐུགས་ལ་ཆོངས།། གདམས་པའི་མན་ངག་འདི་ཡིན་ནོ།། སྙིང་པོ་ཀ་དག་འདི་ཡིན་ནོ།། སྙིང་པོ་ཀ་དག་འོད་གསལ་ཆོས་ཉིད་ཀློང། ། ཐིག་ལེ་ཡང་གསང་ཉི་མ་ཤར།། བག་ཆགས་སྒྲིབ་གཡོགས་གཏན་ནས་བརླག། ཐིག་ལེ་མཐོང་བརྟོལ་གསལ་ལམ་ཕྱེད།། ཐིག་ལེ་ཁོང་གསལ་དོན་རྟོགས་པས།། ཅི་ཡང་མི་བརྟག་གཟའ་གཏད་མེད། ། གང་ཡང་མི་སྒོམ་མཐའ་སྟོང་གཏིང་མཐའ་ཡས།། ཅི་ལའང་མི་སྤྱོད་རྣམ་གཞག་དལ་བར་སྡོད།། གང་ལའང་མི་ཞེན་མི་སྤྱོད་རང་སར་གྲོལ།། སུ་ལའང་མི་རེ་འདི་ཀ་རང་དུ་གྲོལ།། རེ་དོགས་བྱར་མེད་རང་ལ་ཡེ་ནས་གྲུབ། ། ཅེས་གསུངས་སོ།། རིན་པོ་ཆེ་ཉི་ཟླ་བརྩེགས་པའི་རྒྱུད་ལས། གདམས་པའི་གནད་བསྟན་པའི་ལེའུ་སྟེ་བརྒྱད་པའོ།།།། དེ་ནས་ཀུན་རིག་ཁྱེ་ཆུང་གིས།། སྔོན་ཐོག་སྤྱི་ཕུད་སྟོན་པ་ལ། ། གསང་སྔགས་བརྡ་ཡིས་ཇི་ལྟར་བསྟན།། ཞེས་ཞུས་པ་དང། སྟོན་པས་འཁོར་ལ་བཀའ་སྩལ་པ།། ཨ་ཏི་བརྡ་ཡི་སྒོ་ནས་བསྟན།། འཁོར་རྣམས་གུས་པས་བརྡ་གནད་ཟུང།། ཞེས་གསུངས་པ་དང། མཐའ་མེད་གཏིང་མཐའ་ཡས་པའི་ཕོ་བྲང་ན། ། སྤྱི་ཕུད་ཁྲི་རྗེ་གཙུགས་བསྟན་བྱ་བ་བཞུགས་སོ།། འཁོར་བློན་པོ་ཀུན་སྤྱོད་བྱ་བྱེད་ཅན་བྱ་བས་བསྐོར་རོ།། རིག་པ་ཐང་རྒྱལ་ཀུན་འཕྱོ་མགོ་རླུང་ལངས།། ཞེས་གསུངས་སོ། ། སྟོང་གསལ་མཐའ་སྟོང་གི་ལྷ་ཁང་ན། ལྷ་མངའ་བདག་རླུང་ལྷ་ན་བུན་གྱི་ཞྭ་ཅན་བྱ་བ་བཞུགས་སོ།། འཁོར་རླུང་པོའི་རྟ་ལ་ང་བདག་གི་མི་ཞོན་པས་བསྐོར།། བྱ་བཙལ་འཁོར་ལོ་བསྐོར་ཞིང་སྟོང་ཁམས་རྗེས་ཀྱི་འགེངས། ། ཞེས་གསུངས་སོ།། ལ་པོ་ཆེ་ཡི་ལ་ཁའི་རྩེ་ལ་བཙལ་གྱི་ཁ་ན་མཐོན་པོ་གཅིག་འདུག་པས་ཕར་འགྲོ་ཚུར་ལྡོག་ཁོ་རང་ལ་རག། ཅེས་གསུངས་སོ།། ཐོག་མ་སྤྱིས་བརྡའོ།། ཀ་དག་དང་ཡེ་ཤེས་བརྡར་བསྟན་པ་ཉི་ཟླ་ཁ་སྦྱོར་གྱི་ལྷ་ཁང་ན། རིན་པོ་ཆེ་ཤེལ་གྱི་སྐུ་གཅིག་འོད་དཀར་ལམ་ལ་བཞུགས་སོ།། ཀ་དག་མཚོན་པའི་བརྡའོ།། རིན་པོ་ཆེ་སྣང་གསལ་འོད་ཀྱི་དཀྱིལ་འཁོར་ན། འཇའ་ཚོན་གསལ་བའི་ཁྲི་སྟེངས་ན། རིགས་ལྔ་གསལ་དག་དངས་མ་ལྔ་ཡི་ཁ་དོག་ལྔ་བཞུགས་སོ།། འོད་གསལ་ངང་དངས་མཚོན་པའི་བརྡའོ།། མཁའ་ཀླཽང་རྣམ་དག་ཆོས་ཉིད་ཀྱི་ཕོ་བྲང་ན། རྒྱལ་པོ་སྤྱི་ཕུད་བྱ་བ་ལ། ཇོ་མོ་གསལ་བའི་འོད་འབར་མ་དང། བུ་རང་དངས་པའི་ཁྱེ་ཆུང་དང། བཟའ་མི་གསུམ་པོ་དེ་དུས་གསུམ་དུ་མི་འབྲལ་བའི་རྒྱས་ཐེབས་སོ།། སྟོང་པ། གསལ་བ། དབྱེར་མེད་མཚོན་པའི་བརྡའོ།། ཨེ་མ་ངོ་མཚར་རྨད་བྱུང་ཆོས། ཀྱེ། ཀུན་རིག་གསལ་བའི་ཁྱེ་ཆུང་ལགས། ། གཡས་སུ་མཚོན་པའི་འཁོར་ལོ་བསྐོར།། གཡོན་དུ་ཉི་ཟླའི་སྒྲོན་མ་ཐོགས།། རིན་ཆེན་ཐུགས་ལས་ཆོངས་ལ་བཅུད་ཀྱི་ཉིང་ཁུ་འཐུང།། སྟོང་པའི་རྩ་བ་ཕྱུང་ལ་ཤིང་ཐོག་འབྲས་བུ་ཟོ། ། ནམ་མཁའ་གོས་སུ་གྱོན། ས་གཞི་གདན་དུ་ཐིངས། རྒྱ་མཚོའི་ཀློང་དུ་ཉོལ། འཇའ་ཚོན་མ་གོལ་ཚུགས། རླུང་པོ་འོག་ཏུ་ཆུག་སྤྲེའུ་ལག་པས་གཟུང། ཀྱེ་མ་ཀུན་རིག་འཕྲུལ་གྱི་རྗེ།། འཁོར་འདས་གཉིས་ཀྱི་སོ་མཚམས་ལྟོས། ། མ་རིག་ཡེ་ཤེས་རྩ་བ་ལྟོས།། སངས་རྒྱས་སེམས་གྱེས་མདོ་ལྟོས།། སྣང་སྲིད་འཁྲུལ་སྣང་འཁྲུལ་ཚུལ་ལྟོས།། འགྲོ་དྲུག་སེམས་ཅན་སྡུག་བསྔལ་ལྟོས།། སྔ་མའི་སེམས་ཅན་གར་སོང་ལྟོས། ། ད་ལྟའི་སེམས་ཅན་གར་འགྲོ་ལྟོས།། ཀྱེ་མ་སེམས་ཅན་ངན་རྟོག་ཅན།། རང་ལ་རང་གི་དབང་འདུག་གམ།། ཡུན་རིང་མགྲོན་པོ་ཐག་རིང་འགྲོ།། རྒྱགས་ཕྱེ་གནས་ཁང་གང་ན་བདོག། མགྲོན་པོ་སྐྱེལ་མེད་འཇིགས་པར་འགྲོ། ། ལམ་འཕྲང་སྐྱེལ་མ་གང་ནས་ཚོལ།། ཀྱེ་ཁམས་གསུམ་འཁོར་བའི་སེམས་ཅན་རྣམས། དུག་མ་འཐུང། རང་མ་བསླུ། སེམས་གྲོང་རྒྱུན་མ་གཞུག་རིག་པ་ཁ་ཡན་དུ་མ་གཏང། ཡུལ་དང། རྫས་དང། འཁོར་ལ་མ་ཆགས། རང་མ་གྲོལ་བར་གཞན་ལ་མ་སྟོན། ཀྱེ་མ་འཆིང་བར་མ་བྱེད་མདུད་པ་ཁྲོལ།། ཆགས་པ་མ་ཆེ་མཚོ་མོ་སྐོམས།། ཞེ་སྡང་མ་ཆེ་མེ་འབར་སོད།། ང་རྒྱལ་མ་ཆེ་རང་ཆེ་ཆོག། ཕྲག་དོག་མ་ཆེ་རྫ་ཀློང་བརྟོལ། ། ཉོན་མོངས་མ་ཆེ་ཕྱགས་མས་ཐོབ།། རྣམ་རྟོག་མ་ཆེ་རྟོག་མེད་སྤྱོད།། དྲཝ་བར་མ་ཞུགས་འདམ་ནས་ཐོན།། རྒྱ་རུ་མ་ཆུང་ལྕགས་སྒྲོག་ཁྲོལ། ཀྱེ་མ། འགྲོ་དྲུག་མ་འགྲོ་འཁོར་སྒོ་སྡོམས།། རེ་བ་མ་གོན་མུན་པ་སོལ། ། བར་མ་དོ་རུ་དགྲ་ལ་སེམས་མ་བསྐུར་ཅིག། ཀྱེ་མ་ཀུན་རིག་འཕྲུལ་གྱི་རྗེ།། བར་དོ་ཆེན་པོ་འདི་ལ་སྐྱེས་སམ། དྲན་ནམ། ཤེས་སམ། གནས་སམ། རྩ་བ་ཕྱིན་ནམ། རྩད་ནས་ཆོད་དམ། ལོངས་སམ། ཤར་རམ། ནུབ་བམ། སད་དམ། རླག་གམ། མཐའ་སྟོངས་སམ། ཟད་དམ། སངས་སམ། ཞིའམ། གྲོལ་ལམ། ཡུལ་ཕྱིན་ནམ། རྩ་བ་ཆོད་དམ། ཕུགས་སུ་སྐྱོལ་ལམ། སླེབ་སར་སླེབས་སམ། ཕྱིར་མི་ལྡོག་པའི་སངས་རྒྱས་ཐེབས་སམ། ཉི་མ་ཤར་རམ། མུན་པ་སངས་སམ། ཁྲ་དང་སྤྲེའུ་སོད་དམ། ཕག་དང་ཁྱིའི་སྙིང་ཕྱུང་ངམ། གཅིག་སོད་དམ། གཉིས་ཡུལ་ཕྱིན་ནམ། གསུམ་གྱི་སྐེ་གཅད་དམ། གསུམ་རང་ལ་སྐྱེད་དམ། ཨོཾ་ཧེ་ཧོ་ཨང་གྷ་གྷ་རི་མ། ཨེ་མ་ཀུན་རིག་ཁྱེ་ཆུང་འཁོར།། ནམ་མཁའི་དབྱིངས་སུ་ཉོལ་ལ་རྒྱ་མཚོའི་ཁྲེགས་ཆོད་ཀྱིས། རྒྱ་མཚོའི་ཀློང་དུ་སྡོད་ལ་ནོར་བུ་རིན་ཆེན་ཆོངས།། རླུང་པོ་སྟོང་ལ་ནོན་ལ་འཇའ་ཚོན་རྒྱལ་མཚན་གྱིས། ཁྱུང་ལ་ཞོན་ལ་གླང་པོ་ཁྲིད།། སེང་གེ་ཞོན་ལ་སྟག་མོ་ཁྲིད།། ནོར་གྱི་མཆོག་འཚོ་བཅུད་ཀྱི་བདུད་རྩི་འཐུངས།། ཟས་ཀྱི་བྲོ་ག་མྱོང་ལ་སྔོན་གྱི་གནས་སུ་སོ།། མུན་སྣང་གོ་ཕྱེ་གསལ་བའི་རྒྱས་ཐོབ་ཅིག། ཅེས་གསུངས་སོ།། ཉི་ཟླ་བརྩེགས་པའི་རྒྱུད་ལས། གསང་སྔགས་བརྡས་བསྟན་པའི་ལེའུ་སྟེ་དགུ་པའོ།།།། དེ་ནས་ཀུན་རིག་ཁྱེ་ཆུང་གིས།། ཐིག་ལེ་སྤྱི་བརྟོལ་གང་གིས་རྟོགས།། ཞེས་ཞུས་པ་དང། སྟོན་པས་འཁོར་ལ་བཀའ་སྩལ་པ། ། ཐིག་ལེ་སྤྱི་བརྟོལ་རྟོགས་ཐབས་ལ།། བྱ་བཙལ་ཞེ་འདོད་བློ་ཡི་ཆོས་ཀྱིས་མི་རྟོགས་ཏེ།། བྱར་མེད་རང་གྲོལ་གཞག་པས་རྟོགས།། ལྟ་སྒོམ་སྤྱོད་འབྲས་སྒྲུབ་པས་མི་རྟོགས་ཏེ། ། གཏད་མེད་བསམ་མེད་བྱར་མེད་རེ་མེད་རྟོགས།། སྐྱེ་མེད་ཀ་དག་བྱར་མེད་བློ་ལས་འདས།། དེ་ཡིས་ཐིག་ལེ་སྤྱི་བརྟོལ་རྟོགས།། ཐིག་ལེ་སྤྱི་བརྟོལ་རྟོགས་ཐབས་ནི།། བྱ་བ་ཐམས་ཅད་གཏང་ལ་ནི། ། བྱར་མེད་ལྷུག་པར་གཞག་པས་ཆོག། ཆོས་རྣམས་བློ་ཡིས་གཏང་ན་ནི།། གྲུབ་མཐའི་ཞེ་འདོད་མེད་པར་གཞག། དེ་ཡིས་ཐིག་ལེ་སྤྱི་བརྟོལ་རྟོགས།། ཐིག་ལེ་སྤྱི་བརྟོལ་རྟོགས་ཐབས་ནི།། བསམ་སྒོམ་ཅི་ཡང་མི་བྱ་སྟེ། བསམ་མེད་གློང་དུ་ཉལ་བས་ཆོག། ལྟ་བ་ཡེངས་མེད་སྐྱེ་བ་མེད།། ཆོས་རྣམས་སྐྱེ་མེད་རྟོགས་པས་ལྟ་རྒྱུ་མེད།། ཀ་དག་དངོས་མེད་རྟོགས་པས་སྒོམ་པ་མེད།། མ་བཅོས་རྣལ་མ་རྟོགས་པས་སྤྱོད་པ་མེད། ། བློ་འདས་རང་གནས་རྟོགས་པས་འབྲས་བུ་མེད།། དེ་ཡིས་ཐིག་ལེ་སྤྱི་བརྟོལ་རྟོགས།། ཐིག་ནི་སྙིང་པོ་ཆོས་ཉིད་སྐུ།། ལེ་ནི་འོད་གསལ་ཀ་དག་ཡིན།། སྤྱི་བརྟོལ་སྙིང་པོ་ཀློང་བརྟོལ་ལོ།། དེ་ཕྱིར་ཐིག་ལེ་སྤྱི་བརྟོལ་ཡིན། ། ཐིག་ནི་སྐྱེ་མེད་སྙིང་པོ་ཡིན།། ལེ་ནི་འོད་གསལ་འགག་པ་མེད།། སྤྱི་བརྟོལ་ཆོས་རྣམས་སྤྱི་བརྟོལ་ལོ།། ཐིག་ནི་ཡང་དག་ངེས་པ་ཡིན།། ལེ་ནི་དོན་དམ་འགྱུར་བ་མེད།། སྤྱི་ནི་ཐེག་པ་ཐམས་ཅད་ཡོངས་ཀྱི་སྤྱི། ། བརྟོལ་ནི་དེ་རྣམས་ལྟ་སྒོམ་ཕུགས་སུ་བརྟོལ།། དེ་ཕྱིར་ཐིག་ལེ་སྤྱི་བརྟོལ་ཡིན།། ཞེས་གསུངས་སོ།། ཉི་ཟླ་བརྩེགས་པའི་རྒྱུད་ལས། ཐིག་ལེ་སྤྱི་བརྟོལ་བསྟན་པའི་ལེའུ་སྟེ་བཅུ་པའོ།།།། དེ་ནས་ཀུན་རིག་ཁྱེ་ཆུང་གིས། ། སྔོན་ཐོག་སྤྱི་ཕུད་སྟོན་པ་ལ།། བྱར་མེད་བློ་འདས་ཇི་ལྟར་ཡིན།། ཞེས་ཞུས་པ་དང། སྟོན་པས་འཁོར་ལ་བཀའ་སྩལ་པ། བྱར་མེད་བློ་འདས་ཡིན་རྒྱུ་ཅང་མེད་དེ།། འཁོར་གྱི་རྟོག་པ་གསལ་ཕྱིར་རེ་ཞིག་བཤད། ། མ་བཅོས་ཡོངས་རྫོགས་ཆོས་ཉིད་ཀློང་དཀྱིལ་ནས།། ཡན་ལག་རྩལ་གྱི་ཤེས་པ་ཇི་སྙེད་ལ།། མི་འགྱུར་མི་སྤྱོད་མི་ཆགས་བྱར་མེད་བློ་ལས་འདས།། མི་ཟླ་མི་སྒོམ་མི་སྤྱོད་བྲལ་མེད་བློ་ལས་འདས། ། མི་སྒྲུབ་མི་རྩོལ་མི་སྦྱོང་བྱར་མེད་བློ་ལས་འདས།། མི་བགྲོད་མི་སྐྱོད་བྱར་མེད་བློ་ལས་འདས།། མི་ཚོལ་མི་རྙེད་བྱར་མེད་བློ་ལས་འདས།། མི་ལྟུང་མི་རྟོགས་རང་སངས་བློ་ལས་འདས།། ལྟ་ཡིན་ལྟ་ཡིན་བློ་ལས་འདས། ། སྒོམ་གྱིན་སྒོམ་གྱིན་བློ་ལས་འདས།། སྤྱོད་ཅིང་སྤྱོད་ཅིང་བློ་ལས་འདས།། སྒྲུབ་ཀྱིན་སྒྲུབ་ཀྱིན་བློ་ལས་འདས།། དེ་རྣམས་བློ་བརྟག་བླ་དགས་རྟོགས་པ་ཡིན།། རྟོག་པའི་ཆོས་ཀྱིས་སངས་མི་རྒྱལ་གྲོལ་མི་ཐོབ། ། བློ་འདས་ཇི་ལྟར་ཡིན་ཞེ་ན།། བྱར་མེད་བློ་འདས་མྱོང་ཆོས་མེད།། བྱར་མེད་བློ་འདས་བློ་བརྟགས་མེད།། བློ་འདས་ཉིད་ལ་གྲུབ་མཐའ་མེད།། བྱར་མེད་ངང་ལ་གྲུབ་པ་མེད།། བློ་འདས་ཉིད་ལ་ཐ་སྙད་གྲོལ། ། བློ་འདས་ཉིད་ལ་འདོད་རློམ་མེད།། བྱར་མེད་ཉིད་ལ་ཆོས་རྣམས་མེད།། བྱར་མེད་ཉིད་ལ་ལུས་ངག་ཡིད་ཀྱི་རྩོལ་སྒྲུབ་མེད།། བློ་འདས་དོན་གྱི་ངོ་བོ་ནི།། སྙིང་པོ་ཆོས་ཉིད་ཡང་དག་ངེས་པའོ། ། ཐིག་ལེ་གསང་ཁོང་གསལ་ཏི་རྟོགས་སོ།། མུ་མེད་མིང་མེད་མཐའ་སྟོངས་སོ།། སྙིང་པོ་ཆོས་སྐུ་གནས་ལུགས་གཤིས་ཀྱི་འདུག་ཚུལ་ཡིན།། སྐྱེ་མེད་ཀ་དག་དངོས་མེད་ཟང་ཀ་ཡིན།། མ་བཅོས་རྣལ་མ་རང་འཁྲུངས་མ་ཡིན་སོ་མ་ལྷུག་པའོ། ། དེ་ཁོ་ན་ཡིན་པའོ།། ངེས་པ་ཡང་དག་བདག་མེད་ཐིག་ལེ་སྤྱི་བརྟོལ་ཡིན།། ཡེ་ཤེས་གཏིང་རྫོགས་རྣམ་པར་རྟོག་མེད་ཡིན།། བརྗོད་མེད་མཚོན་མེད་ཡེ་ནས་ཡེ་དག་ཡིན།། ཡེ་གསལ་ཡེ་གྲུབ་ཡེ་རྫོགས་ཡེ་ཟིན་ཡེ་དང་ཡེ་སངས་རྒྱས། ། ཡེ་གྲོལ་ཡེ་རྒྱས་ཡེ་ཐོབ་བོ།། ཡེ་སྟོང་ཡེ་བྱུང་ཡེ་ནས་གྲོལ།། ཡེ་མེད་སྣ་ཚོགས་རང་གྲོལ་ལོ།། ཡེ་སངས་ཡེ་རྒྱས་ཡེ་བྱང་ཡེ་ཆུབ་བོ།། སྟོང་པ་ཀུན་འབྱུང་འཛིན་པ་རང་གྲོལ་ལོ། ། ཡེ་ཤེས་ཟང་ཐལ་ཐིག་ལེ་ཁོང་གསལ་ལོ།། སྐྱེ་མེད་ཀ་དག་དངོས་མེད་ཟང་ཐལ་བྱར་མེད་བློ་འདས་སྔ་མ་དེ་ཉིད་དོ།། ཅང་མེད་ཅིར་སྣང་སྣང་ས་ཉིད་དུ་གྲོལ།། ཞེས་གསུངས་སོ།། བློ་འདས་རང་གི་ངོ་བོ་ནི། ། ཐིག་ལེ་ཆེན་པོ་ཡི་གེ་མེད།། རྣམ་པ་ཀུན་ལྡན་རྣམ་པ་མེད།། དཔེ་མེད་བླ་མེད་དངོས་མེད་དོ།། དངོས་མེད་གཏད་མེད་བསམ་བརླག་པོ།། ཅོལ་མེད་དོན་ཆུང་མཐའ་སྟོངས་སོ།། གཏིང་མེད་ཕྲེད་མེད་འགྱུར་མེད་པའོ། ། རྡུལ་མེད་དྲི་མེད་ཀ་དག་ཡིན།། བཀའ་མེད་དྲི་མེད་ཀ་དག་ཡིན།། མུན་མེད་སྒྲིབ་མེད་བག་ཆགས་མེད།། རྩིས་གདབ་བཅས་བཅོས་འདོད་རློམ་མེད།། དེ་ཡིས་བྱར་མེད་བློ་འདས་རྟོགས། ། ལྟར་མེད་སྒོམ་མེད་སྤྱོད་དུ་མེད།། དེ་ཡང་བྱར་མེད་བློ་འདས་རྟོགས།། རིག་པ་རང་གྲོལ་དྲན་སེམས་རྣམ་རྟོག་སངས།། དེ་ཡིས་བྱར་མེད་བློ་འདས་རྟོགས།། བློ་འདས་ཉིད་ལ་སེམས་མེད་སངས་རྒྱས་མེད། ། ཐེག་པ་དགུ་ཡི་རྟགས་གྲུབ་རྟོགས།། བྱང་མེད་ཆུབ་མེད་སྐུ་ལྔའི་རིགས་ལྔ་མེད།། བློ་འདས་དོན་གྱི་ངོ་བོ་ནི།། སེམས་ལ་ཡུལ་མེད་དེ།། དབྱེ་གསལ་བཅས་བཅོས་རྩིས་གདབ་འདོད་རློམ་མེད་པའོ།། ཞེ་འདོད་དང་དགག་སྒྲུབ་སྤོང་ལེན་མེད་པའོ། ། རིག་པ་ལ་མཐའ་དབུས་མུ་ལས་གྲོལ་ཏེ་ཆོས་ཉིད་བློ་འདས་དེ། བསམ་དུ་མེད་ཅིང་དམིགས་པའི་ཡུལ་ལས་འདས་ཏེ། བློ་ལས་གྲོལ་ཞིང་བརྗོད་དུ་མེད།། མཚོན་པའི་ཡུལ་དུ་མ་གྱུར་པས། ། བློ་བརྟགས་ཐེག་པ་རིམ་དགུའི་ཆོས་མཐའ་དག་ལས་གྲོལ་ཏེ། བསམ་མེད་བརྗོད་བློའི་ཡུལ་དུ་མ་གྱུར་ཏེ།། དམིགས་པའི་སྤྱོད་ཡུལ་མཐའ་དག་ལས་གྲོལ་བའོ།། དེང་སྡོད་བྱར་མེད་བློ་འདས་ཆེན་པོར་རང་གྲོལ་ཞིང་གྱུར་ཏོ། ། བློ་བརྟགས་དོན་ལ་འདོད་རློམ་བརྩིས་གདབ་བྱ་བཙལ་མེད།། ཅེས་གསུངས་སོ།། རིན་པོ་ཆེ་ཉི་ཟླ་བརྩེགས་པའི་རྒྱུད་ལས། བྱར་མེད་བློ་འདས་ཡིན་ཚུལ་བཤད་པའི་ལེའུ་སྟེ་བཅུ་གཅིག་པའོ། །།། དེ་ནས་ཀུན་རིག་ཁྱེ་ཆུང་གིས།། སྔོན་ཐོག་སྤྱི་ཕུད་སངས་རྒྱས་ལ།། མིང་མེད་མཐའ་སྟོངས་ཀྱི་རྒྱུ་མེད་ན་ཡང།། འཁོར་གྱི་རྟོག་པ་གསལ་ཕྱིར་བཤད།། འཁོར་རྣམས་མ་ཡེངས་གུས་པས་ཉོན། ། དུག་གསུམ་མེད་མཐའ་སྟོངས་པ་ཡིན།། དུག་ལྔ་མིང་མེད་མཐའ་སྟོངས་ཡིན།། མ་རིག་མིང་མེད་མཐའ་སྟོངས་ཡིན།། གཏི་མུག་ཀ་དག་མིང་མེད་མཐའ་སྟོངས་ཡིན།། འཁོར་བ་ཀ་དག་མིང་མེད་མཐའ་སྟོངས་ཡིན། ། རྣམ་རྟོག་ཀ་དག་མིང་མེད་མཐའ་སྟོངས་ཡིན།། འཁྲུལ་པ་ཀ་དག་མིང་མེད་མཐའ་སྟོངས་ཡིན།། སྣང་བ་ཀ་དག་མིང་མེད་མཐའ་སྟོངས་ཡིན།། འགྲོ་དྲུག་མི་འཁྱམས་མིང་མེད་མཐའ་སྟོངས་ཡིན། ། ཁམས་གསུམ་མི་འཁོར་མིང་མེད་མཐའ་སྟོངས་ཡིན།། མིང་མེད་མཐའ་སྟོངས་གོ་ལུགས་ཡིན།། བསམ་ཚད་མིང་མིན་རྟོགས་པ་ཡིན།། དེ་ཕྱིར་མི་བསམ་མི་སྒོམ་གཏིང་མཐའ་ཡས།། ཕྱེ་ཚད་རྟགས་ཚད་བློས་བརྟགས་ཡིན། ། བློ་བརྟགས་ཆོས་ཀྱིས་སངས་མི་རྒྱ།། དེ་ཕྱིར་བློ་བརྟགས་མིང་མེད་མཐའ་སྟོངས་གོ། དུག་ལྔ་དུག་གསུམ་མིང་མེད་མཐའ་སྟོངས་སོ།། རྣམ་ཤེས་ཚོགས་བརྒྱད་མིང་མེད་མཐའ་སྟོངས་སོ། ། ཕྱི་ནང་ཡུལ་སེམས་མིང་མེད་མཐའ་སྟོངས་སོ།། ལུས་ངག་ཡིད་གསུམ་མིང་མེད་མཐའ་སྟོངས་སོ།། སྣང་སྲིད་འཁོར་འདས་མིང་མེད་མཐའ་སྟོངས་སོ།། དགག་སྒྲུབ་སྤོང་ལེན་མིང་མེད་མཐའ་སྟོངས་སོ།། ཕྱེ་ཚད་རྗོད་ཚད་མིང་མེད་མཐའ་སྟོངས་སོ། ། སྣང་ཚད་གཟུང་ཚད་མིང་མེད་མཐའ་སྟོངས་སོ།། ཉོན་མོངས་ཇི་སྙེད་མིང་མེད་མཐའ་སྟོངས་སོ།། རྣམ་རྟོག་མ་ལུས་རིལ་པོར་མཐའ་སྟོངས་སོ།། ཁམས་གསུམ་སེམས་ཅན་མིང་མེད་མཐའ་སྟོངས་སོ། ། འགྲོ་བ་རིགས་དྲུག་སྡུག་བསྔལ་མ་ལུས་མཐའ་སྟོངས་སོ།། གཟུང་འཛིན་ཆགས་སྡང་རིལ་གྱི་མཐའ་སྟོངས་སོ།། དགྲ་བརྟེན་ཕྱོགས་རིས་མིང་མེད་མཐའ་སྟོངས་སཽ།། དབྱེ་བསལ་རྩིས་གདབ་འདོད་སེམས་མཐའ་སྟོངས་སཽ། ། བྱ་བཙལ་ཞེ་འདོད་དགག་སྒྲུབ་མ་ལུས་མཐའ་སྟོངས་སོ།། ཉོན་མོངས་བརྒྱད་ཁྲི་བཞི་སྟོང་མཐའ་སྟོངས་སོ།། བློས་བརྟགས་ཆོས་རྣམས་རིལ་གྱི་མཐའ་སྟོངས་སོ། ལྟ་བ་མཐའ་སྟོངས་གཟའ་གཏད་མུ་མཐའ་ཡས། ། སྒོམ་པ་མཐའ་སྟོངས་དམིགས་མེད་མུ་མཐའ་ཡས།། སྤྱོད་པ་མཐའ་སྟོངས་བྱར་མེད་ལས་ཟིན།། སོ་མ་ལྷུག་པ་རྣལ་མ་མུ་མཐའ་ཡས།། འབྲས་བུ་མཐའ་སྟོངས་རེ་མེད་རང་གནས་བློ་འདས་མུ་མཐའ་ཡས། ། ཅེས་གསུངས་སོ།། རིན་པོ་ཆེ་ཉི་ཟླ་བརྩེགས་པའི་རྒྱུད་ལས། མིང་མེད་མཐའ་སྟོངས་ཀྱི་ལེའུ་སྟེ་བཅུ་གཉིས་པའོ།།།། དེ་ནས་ཀུན་རིག་ཁྱེ་ཆུང་གིས།། སྔོན་ཐོག་སྤྱི་ཕུད་སངས་རྒྱས་ལ། ། རྫོགས་ཆེན་ཡང་ཏི་ཡོ་ག་རུ།། ཐེག་པ་རིམ་དགུ་ཇི་ལྟར་རྫོགས།། ཞེས་ཞུས་པས།། སྟོན་པས་འཁོར་ལ་བཀའ་སྩལ་པ།། ཡང་ཏི་ཉི་ཟླའི་སྙིང་པོ་རུ།། ཐེག་པ་རིམ་དགུའི་རྫོགས་ལུགས་ནི།། ཡུལ་དྲུག་གང་ཟག་ཆོས་བདག་མེད། ། ཉན་ཐོས་ལྟ་བ་ཡོངས་སུ་རྫོགས།། རྟེན་འབྲེལ་རྣམ་པར་རིག་བྱེད་མེད།། རང་རྒྱལ་ལྟ་བ་མ་འདྲེས་རྫོགས།། ཡང་ཏི་ཉི་ཟླའི་སྙིང་པོ་ལ།། ཡུལ་སེམས་བདེན་བརྫུན་རང་རིག་མི་རྟག་པས། ། སྐད་ཅིག་ཆ་ཡིས་རྟག་འདོད་མེད།། སེམས་ཙམ་ལྟ་བ་མ་འདྲེས་རྫོགས།། བདེན་པ་གཉིས་སུ་མི་ལྟ་བས།། དབུ་མའི་ལྟ་བ་ལོངས་སུ་རྫོགས།། གསང་སྔགས་ཐེག་པའི་རྫོགས་ལུགས་ཀྱང།། རྫོགས་ཆེན་ཨ་ཏི་ཡོ་ག་ལ།། ཕྱི་དག་ནང་དག་ཡོངས་སུ་དག། རིགས་གསུམ་རྗེ་དང་ཁོལ་དུ་མི་ལྟ་བས།། ཀྲི་ཡའི་ལྟ་བ་ཡོངས་སུ་རྫོགས།། མར་སྤྱོད་ཡང་ལྟ་རིགས་བཞིའི་ལྷ་མེད་པས།། ཨུ་བའི་ལྟ་བ་རྫོགས། ། རིགས་ལྔ་སྤུན་དང་གྲོགས་སུ་མི་ལྟ།། སྐྱེ་འགག་གཉིས་མེད་པས།། ཡོ་གའི་ལྟ་བ་ཡོངས་སུ་རྫོགས།། ནང་རྒྱུད་སྡེ་གསུམ་རྫོགས་ལུགས་ནི།། ཏིང་འཛིན་རྣམ་གསུམ་ཐབས་དང་ཤེས་རབ་མེད།། སྣང་བ་ལྷ་དང་ལྷ་མོར་མི་ལྟ་བས། ། མ་ཧཱ་ཡོ་གའི་ཐེག་པ་ཡོངས་སུ་རྫོགས།། དབྱིངས་དང་ཡེ་ཤེས་གཉིས་མེད་པས།། ཨ་ནུའི་ལྟ་བ་མ་འདྲེས་རྫོགས།། རིག་པ་འགྱུ་བའི་ཡེ་ཤེས་ལ།། རང་བྱུང་ཡེ་ཤེས་ཡིན་འདོད་པས།། ཨ་ཏིའི་ལྟ་བ་ཡོངས་སུ་རྫོགས། ། ཀ་དག་མཐའ་རུ་མ་རེག་པས།། སྤྱི་ཏི་ལྟ་བ་ཡོངས་སུ་རྫོགས།། ཡང་ཏི་ཡོ་ག་མུ་མཐའ་གྲོལ་བུ་རུ།། ཐེག་པའི་ཆོས་རྣམས་མ་འདྲེས་ཡོངས་སུ་རྫོགས།། ཞེས་གསུངས་སོ།། ཉི་ཟླ་བརྩེགས་པའི་རྒྱུད་ལས། ཐེག་པ་རིམ་པ་དགུ་རྫོགས་པའི་ལེའུ་སྟེ་བཅུ་གསུམ་པའོ།།།། དེ་ནས་ཀུན་རིག་ཁྱེ་ཆུང་གིས།། སྔོན་ཐོག་སྤྱི་ཕུད་སངས་རྒྱས་ལ།། རྫོགས་ཆེན་སྤྱི་ཏི་ཡོ་ག་ཡིས།། མ་བསྒྲུབས་འབྲས་བུ་ཇི་ལྟར་ཐོབ། ། ཅེས་ཞུས་པ་དང། སྟོན་པས་འཁོར་ལ་བཀའ་སྩལ་པ།། ཨ་ཏི་ཡོ་གའི་སྙིང་པོ་ལ།། འབྲས་བུ་ཐོབ་དང་མ་ཐོབ་གཉིས་མེད་ཀྱང།། རེ་ཞིག་འཁོར་ལ་བྲོད་པ་བསྐྱེད་ཕྱིར་བཤད།། འབྲས་བུ་ཞེས་པའི་ངོ་བོ་ནི། ། གཞན་ནས་ཐོབ་རྒྱུ་ཡེ་མེད་དེ།། རང་སེམས་མིང་མེད་མཐའ་སྟོང་ཡིན།། དེ་ལྟར་གོ་ན་འབྲས་བུ་ཡིན།། ཐིག་ལེ་གཏིང་རྫོགས་འབྲས་བུ་ཡིན།། ཐིག་ལེ་སྤྱི་བརྟོལ་འབྲས་བུ་ཡིན།། ཐིག་ལེ་ཁོང་གསལ་འབྲས་བུ་ཡིན། ། ཐིག་ལེ་གསང་བའི་ཉི་མ་འབྲས་བུ་ཡིན།། སྐྱེ་མེད་ཀ་དག་འབྲས་བུ་ཡིན།། དངོས་མེད་ཟང་ཀ་འབྲས་བུ་ཡིན།། མ་ནོར་ཡང་དག་རེས་པའི་འབྲས་བུ་ཡིན།། བྱར་མེད་བློ་འདས་འབྲས་བུ་ཡིན། ། སྐུ་གསུམ་ལྷུན་གྲུབ་འབྲས་བུ་ཡིན།། སྐུ་ལྔ་ཡེ་ཤེས་འབྲས་བུ་ཡིན།། སྙིང་པོ་ཆོས་སྐུ་འབྲས་བུ་ཡིན།། གཏིང་མཐའ་ཡས་པའི་འབྲས་བུ་ཡིན།། མུ་མཐའ་གྲོལ་བའི་འབྲས་བུ་ཡིན།། སྣང་མཐའ་གྲོལ་བའི་འབྲས་བུ་ཡིན། ། བློ་ཟད་ཆོས་ཟད་འབྲས་བུ་ཐོབ།། རྩོལ་སྒྲུབ་རེ་དོགས་འབྲས་བུ་མེད།། ཅེས་གསུངས་སོ།། གཞན་ནས་མི་རྙེད་རང་ལ་ཡེ་ནས་གྲུབ།། ཅེས་གསུངས་སོ།། ཉི་ཟླ་བརྩེགས་པའི་རྒྱུད་ལས།། འབྲས་བུ་བསྟན་པའི་ལེའུ་སྟེ་བཅུ་བཞི་པའོ། །།། དེ་ནས་ཀུན་རིག་འཕྲུལ་རྗེ་ཡིས།། རྒྱུད་འདིའི་མཚན་ནི་ཇི་ལྟར་གཟུང།། ཞེས་ཞུས་པ་དང། སྟོན་པས་འཁོར་ལ་བཀའ་སྩལ་པ། རིན་ཆེན་ཉི་ཟླ་བརྩེགས་པ་ནི། ། རིན་ཆེན་ལྟ་སྒོམ་འདོད་པ་འབྱུང།། ཉི་མ་སྣང་གསལ་ཐབས་ཀྱི་རྒྱུད།། ཟླ་བ་མུན་སེལ་ཤེས་རབ་རྒྱུད།། ཐབས་དང་ཤེས་རབ་བརྩེགས་པའི་རྒྱུད།། ཉི་མས་ཀ་དག་འོང་གསལ་སྟོན།། ཟླ་བས་གཏི་མུག་མ་རིག་སེལ། ། ཀ་དག་མ་རིག་མུན་སེལ་རྒྱུད་དུ་ཟུང།། ཞེས་གསུངས་སོ།། ཉི་ཟླ་བརྩེགས་པའི་རྒྱུད་ལས། མཚན་བསྟན་པའི་ལེའུ་སྟེ་བཅོ་ལྔ་པའོ།།།། ཉི་ཟླ་རི་རབ་བླ་མ་སྙིང་སེམས་མན་ངག་གཏེར་དུ་འཆང།། སྐལ་ལྡན་དམ་ཚིག་བསྲུང་བ་ལ་དམ་ཚིག་གཏད། ཅེས་གསུངས་སོ།། སྣོད་མེད་དམ་ཉམས་ཟོང་ཚོང་ལག་ཏུ་ཤོར་ར་རེ།། རིན་པོ་ཆེ་ཉི་ཟླ་བརྩེགས་པའི་རྒྱུད་རྫོགས་སོ།།།།

CLOSE WINDOW