CLOSE WINDOW

Gpb035.019: སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་མ་བཅོས་ཇི་བཞིན་མའི་དོན་ཡེ་ཤེས་ཀྱི་མར་མེ་ཆེན་པོའི་རྒྱུད་ཅེས་བྱ་བ
Wylie

། བསྟན་པའི་ཡན་ལག་འབུམ་ཕྲག་ཡས།། རང་བྱུང་དག་པ་ཤུགས་ཀྱིས་འབྱུང།། འདོད་རྩོལ་བློ་ལ་དྲང་བ་དང།། ཐུགས་ཀྱི་དགོངས་པ་ངེས་པའི་དོན།། གདུལ་བྱ་རབ་འབྲིང་དོན་དུ་བཤད། ། ངེས་པའི་སྙིང་པོ་འགགས་པ་ཉིད།། དྲན་པའི་དོན་མེད་རང་བྱུང་བཤད།། ཆོས་སྐུ་རང་བྱུང་སྟོན་པའི་མཆོག། དེ་འདུས་འཁོར་དང་བཅས་པ་དང།། ཉིད་ལས་མི་གཞན་རང་བྱུང་ཉིད།། རིག་པ་མཆོག་གི་སྦྱོར་བ་ལ། ། སོ་སོ་མ་ཡིན་བརྗོད་བྱ་གཅིག་ཐ་དད་མ་ཡིན་ལམ་གྱི་སྒྲོན་མ་གང།། ཀུན་བཟང་རིག་པའི་གསེར་དོན་སྟོན།། བརྗོད་པའི་དོན་འཛིན་དམན་པའི་སྐུ་ཡིས་བསྟན།། རང་བྱུང་རིག་པ་མཆོག་གི་སྐུ།། རང་བྱུང་མཆོག་གི་སྐུ་གསུམ་རྫོགས། ། མ་བཅོས་རང་བྱུང་སྙིང་པོ་ལ།། འདོད་པའི་རྣམས་པ་གང་ཡང་མེན།། བསྒྲུབ་བྱས་མ་ལུས་ཀུན་གྱི་བདག། ཡེ་ཤེས་ཉི་མ་གྲུབ་པས་གསལ།། སྣང་བས་མ་ལུས་རང་བྱུང་སེམས། ། རིག་པ་མཆོག་ལྡན་བདེ་གཤེགས་བཀའ།། རང་བྱུང་ཚད་མ་མངོན་སུམ་གསལ།། འཁོར་བའི་རྟོག་པ་གཅོང་སྙིང་དག། ཡེ་ཤེས་རང་རིག་ཉིད་དུ་གསལ།། སྤྱི་བླུགས་ཚངས་པ་ཐམས་ཀྱིས་གསལ། ། གསལ་བའི་དོན་མིང་འོད་གསལ་ལུས།། གཟེར་ཆེན་མན་ངག་ཐེམ་པའི་སྐས།། རིག་པའི་བརྡ་འཇལ་ཚོགས་དང་བྲལ།། མངོན་སུམ་ཡེ་ཤེས་གསལ་བ་ཡི།། རྗེས་སུ་རང་བཞག་ཡེ་ནས་དཔགས།། ཞེས་གསུངས་སོ། ། ཨ་ཧོ། ཁ་ས་མན་ཏ་ནམ་མཁའི་མཐའ་དང་མཉམ་པའི་རྒྱུད་ལས། རྫོགས་པ་ཆེན་པོ་རིན་པོ་ཆེ་གསེར་གླིང་ལྟར་བསྟན་པའི་ལེའུ་སྟེ་གསུམ་པའོ།།།། དེ་ནས་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ཐམས་ཅད་ཀུན་གྱི་བདག་ཉིད་དེས་ཡེ་ཤེས་གསལ་བ་སྣང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། ། དེ་ནས་སེམས་དཔའ་རྡོ་རྗེ་འདི་སྐད་ཅེས་གསོལ་ཏོ།། ཕྱི་ནང་སྣང་སྲིད་མི་ཟད་བརྒྱན་གྱི་འཁོར་ལོར་གསལ། ། དངོས་སུ་གསལ་ཡང་རང་གི་བྱད་བཞིན་བྲལ།། འདུས་པའི་ཚོགས་ལ་བཤད་དུ་གསོལ།། ཞེས་གླེངས་སོ།། དེ་ནས་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོས་འདི་སྐད་ཅེས་གསུངས་སོ། ། རང་བྱུང་ཡེ་ཤེས་བདེ་ཆེན་ནི།། དམན་པའི་སེམས་ཀྱིས་མི་རྟོགས་ཏེ།། སྐལ་དང་ལྡན་པའི་རྣལ་འབྱོར་པ།། གཏན་ཚིགས་གསུམ་གྱིས་རྟོགས་པར་བྱ།། ང་ནི་རིགས་པ་རང་གསལ་ཏེ།། རང་བཞིན་རིག་པ་ཆིར་ཡང་སྣང། ། བདག་ཉིད་སྣང་སྟོང་ཐ་དད་མེད།། དོན་གྱི་རང་བཞིན་བྱང་ཆུབ་སེམས།། བདག་ཉིད་ཆེན་པོའི་གཏན་ཚིགས་ཀྱིས།། ཐམས་ཅད་བྱང་ཆུབ་སེམས་སུ་གསལ།། གང་ལྟར་སྣང་ཡང་ཆོས་ཉིད་གསལ། ། དབྱིངས་དང་ཡེ་ཤེས་གཏན་ཚིགས་ནི།། དབྱིངས་ནི་དག་པའི་རྒྱུ་ཡིན་ཏེ།། ཡེ་ཤེས་འབྲས་བུ་ཉིད་དུ་གསལ།། གཅིག་ཏུ་འདུས་པས་གཟུང་འཛིན་མེད།། མ་སྤངས་ལྷུན་གྱིས་རྫོགས་པ་སྟེ།། དབྱེར་མེད་པ་ནི་ཆོས་ཀྱི་དབྱིངས། ། ལྟ་བ་མེད་པའི་ལྟ་བ་ནི།། ལྟ་བའི་དམ་པ་ཁོ་ནའོ།། སྣང་བ་ཐམས་ཅད་རྒྱལ་བའི་སྐུ།། གྲགས་པ་ཐམས་ཅད་རྒྱལ་བའི་གསུང།། ཡིད་ཀྱི་སྣང་བ་རྒྱལ་བའི་ཐུགས།། མི་ཟད་རྒྱན་གྱི་འཁོར་ལོར་ལྟ། ། རང་བྱུང་ཡེ་ཤེས་རྫོགས་པའི་ཀློང།། མཉམ་པའི་ཡེ་ཤེས་རིག་པའི་སེམས།། སྣང་བ་ཡེ་ཤེས་མཐའ་མཉམ་པ།། ནམ་མཁའི་རྡོ་རྗེ་ལྟ་བུའི་མཆོག། ལྟ་མེད་རང་བྱུང་སེམས་ལ་ལྟ།། བཙལ་མེད་རིག་པའི་རྣལ་འབྱོར་ཡིན། ། འཇུག་པ་གཉིས་མེད་རིག་པའི་ཀློང།། ཡེ་ཤེས་མཁའ་མཉམ་སྒྲ་དོན་མེད།། རང་གསལ་ཡུལ་ལ་མི་རྟོག་པས།། ཡེ་ཤེས་ཐིག་ལེ་ཉི་མར་ཤར།། སྣང་མེད་མ་འགགས་ཅིར་མི་དགོངས།། སྣང་བ་རིག་པའི་ཐིག་ལེར་གསལ། ། སྡུག་བསྔལ་བདེ་བའི་ལམ་དུ་གནས།། རེ་དོགས་ཀུན་དང་བྲལ་ཐོབ་མེད།། རང་བྱུང་བདེ་བའི་སེམས་ཉིད་ལ།། སྣང་བ་ཉིད་དུ་གྲུབ་པ་ཡིན།། བདེ་ཆེན་རིག་པའི་མཚོ་ལྟར་ཟབ།། ཡེ་ཤེས་རིག་པ་མཁའ་དང་མཉམ། ། དངོས་གྲུབ་ནམ་མཁའི་མཐའ་དང་མཉམ།། ཞེས་གསུངས་སོ།། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོས་འདི་སྐད་ཅེས་གསུངས་སོ།། ནམ་མཁའི་རྒྱལ་པོ་ཡེ་ཤེས་ཀྱི།། སྐལ་དང་ལྡན་པའི་རྣལ་འབྱོར་ལ། ། ཆོས་ཉིད་མངོན་དུ་གྱུར་པ་བསྟན།། སྐལ་མེད་སྐུར་དང་འཆིང་བར་འགྱུར།། ཆོས་ཉིད་བསམ་དུ་མེད་པ་ནམ་མཁའ་ཆེ།། ནམ་མཁའ་བསམ་པ་དེ་དག་ཀུན་དང་བྲལ།། བསམ་དུ་མེད་པས་ནམ་མཁའི་བསམ་པ་དག། ནམ་མཁའ་མི་དམིགས་པར་ཡང་དམིགས་སུ་མེད།། ནམ་མཁའི་མཚན་ཉིད་ཀུན་ལས་རབ་འདས་པ།། མེད་པས་ནམ་མཁའ་ལ་ཡང་ནམ་མཁའ་མེད།། ནམ་མཁའ་དེ་ཉིད་བསྒོམ་དུ་མེད་པ་ནི། ། བརྗོད་མེད་ནམ་མཁའ་བསྒོམ་དུ་མེད་ལས་འདས།། འདས་པ་བརྗོད་དུ་མེད་དེ་མི་གནས་ན།། ནམ་མཁའི་ལུས་མེད་ནམ་མཁའ་སེམས་དང་བྲལ།། མཉམ་དང་མི་མཉམ་ནམ་མཁའ་ལས་འདས་པ། ། ནམ་མཁའ་མེད་པས་ནམ་མཁའ་ཁྱབ་པ་མེད།། ཆོས་ཉིད་མཚོན་བར་འདི་ཞེས་མི་ནུས་སོ།། ཚིག་མེད་ཚིག་ཀུན་ཁྱབ་སྒྲ་མེད་ཚིག་བྲལ།། དགེ་སྡིག་སྙིང་པོ་མེད་པས་དབུས་མཐའ་མེད།། དབང་པོ་རང་གི་བློ་མེད་སྤྱོད་ཡུལ་བྲལ། ། ཡུལ་མེད་སྒྱུ་མ་ཡུལ་ལ་སྤྱོད་པས་འཕྲུལ།། ཚིག་ཉིད་མེད་དེ་ཚིག་ཕྱིར་འབྲངས་པ་མེད།། གང་ཟག་སྒྱུ་མས་བཀྲི་དོན་བདེན་གཉིས་མེད།། བག་ཆགས་སྟོང་སེམས་དེ་དག་གཡང་ས་ཆེ། ། དོན་དེ་བྲལ་ལ་སེམས་མེད་ཆད་པ་མེད།། ཏིང་འཛིན་ཆེན་པའི་ལུང་དོན་བྲལ་བའི་ཚེ།། སྐྱེ་འགག་མེད་པ་འདི་ཉིད་མཉམ་པ་ཡིན།། སེམས་མེད་མ་སྐྱེས་དོན་དང་བྲལ་བ་མེད།། དོན་ལ་མཚོན་པར་རྒྱལ་བས་གང་གསུངས་པ། ། མཚོན་ཅིང་རྟོགས་པར་བྱ་བ་དེ་ཉིད་ནི།། ཚད་མར་གཟུང་ཕྱིར་འཛིན་པ་དེ་སྐྱེས་ཏེ།། དེ་བས་མཚོན་བྱེད་སེམས་ཀྱི་རྒྱུད་ཁ་འཁོར།། ཏིང་འཛིན་བདེ་བའི་རོ་ལ་ཆགས་གནས་པ།། ཡོད་མེད་རྒྱུ་ལ་མི་ལྟོས་ཆགས་གནས་ཡིན། ། དེ་བས་ཆགས་བའི་གནས་ལ་ཏིང་འཛིན་ན།། ཞི་བའི་ས་སྟེ་མྱ་ངན་དེ་མི་འདའ།། རང་སེམས་མ་བཅོས་མ་སྦྱངས་ཆོས་ཉིད་དེ།། ཏིང་འཛིན་སྒྱུ་མས་སྦྱོངས་ན་སྒྱུ་མས་ནད།། རང་བྱུང་ཡེ་ཤེས་དབང་ལ་མི་སྟེན་ཡང། ། རེ་ཞིང་དོགས་པའི་མཐའ་ཀུན་རྣམ་པར་ཞི།། ནམ་མཁའ་མཐའ་ཀུན་མེད་དེ་ཕྱོགས་མེད་ན།། ཞི་དང་མ་ཞི་མེད་དེ་ཆོས་རྣམས་བྲལ།། ཡེ་ནས་དག་དང་མ་དག་ཞི་བའང་མེད།། ཞི་བའི་སྒྲ་མེད་ཐེག་པའི་མཐའ་ལས་འདས། ། རེ་མེད་དོགས་མེད་ལྟར་མེད་མཐོང་པའང་མེད།། དག་དང་མ་དག་ཡེ་ཤེས་ཚིག་མཐའ་བྲལ།། ཚིག་ཏུ་མཚོན་མེད་ཡེ་ཤེས་ཡེ་ནས་དབེན།། གཅིག་དང་དུ་མས་ཞི་བས་རང་བཞིན་མེད། ། དེ་ནས་ཡང་སེམས་དཔའ་རྡོ་རྗེས་འདི་སྐད་ཅེས་ཞུས་སོ།། མཁའ་ལྟར་མཉམ་པའི་ལྟ་བ་ལ།། སྐྱོན་མེད་ཡོན་ཏན་ཇི་ལྟར་འབྱུང།། འདུས་པའི་ཚོགས་ལ་བསྟན་དུ་གསོལ།། ཞེས་གླེངས་སོ།། འདི་ཐོས་འདི་སྤངས་གང་གོམས་ནམ་མཁའ་ནི། ། དངོས་པོ་མེད་ཅིང་ཞི་བས་ཆད་པའང་མེད།། ཀུན་ཏུ་ཁྱབ་པས་རྟག་པའི་ངོ་བོ་བྲལ།། རྟག་ཆད་གཉིས་མེད་སྣང་སྟོང་གཉིས་མེད་དོ།། སྐྱེ་འཇིག་འབྱུང་ཕྱིར་བདག་མཐའ་ཡེ་ནས་མེད། ། སྐུ་གསུང་ཐུགས་དང་བྲལ་བས་ཆེ་བའི་མཆོག། སྔགས་དང་ཕྱག་རྒྱ་བྲལ་ཡང་ཉམས་པ་མེད།། ཕྱི་ནང་སྒོ་ཕུགས་བྲལ་བས་རྒྱ་ཆེན་ཉིད།། དབུས་མཐའ་ཀུན་དང་བྲལ་བས་སྙིང་པོ་ཉིད།། བདེ་དང་མི་བདེ་མཉམ་ཉིད་ཡེ་ནས་མེད། ། འཛིན་མེད་བློ་ནི་གང་ཡང་མི་སྐྱེ་ན།། བྲལ་དང་མ་བྲལ་གང་ཡང་གཟུང་དུ་མེད།། ཆོས་ཉིད་སེམས་དཔས་ཆོས་ལ་སྐུ་མི་མངའ།། སྒྲ་ལས་འདས་པས་སྒྲ་ཉིད་ཡེ་ཤེས་ཏེ། ། ཞི་བའི་འོད་གསལ་གདོད་ནས་ལྷུན་གྱིས་གྲུབ།། བྱང་ཆུབ་སེམས་ཅན་དོན་ནི་བཅོས་སུ་མེད།། མཚན་ཉིད་འབྱུང་འཇུག་མེད་པར་བསྟན་ཏེ་བཅོས་སུ་མེད།། འགྱུར་བས་ཆགས་པའི་ཡུལ་མེད་དེ།། མི་འགྱུར་སངས་རྒྱས་ཡེ་ཤེས་ངོ་བོ་མེད། ། སྟོང་པའི་མཚན་ཉིད་འབྱུང་འཇུག་མེད་པར་བསྟན།། མི་འབྱུང་མི་འཇུག་དབང་པོས་སྟོང།། མཚན་མ་འཇིལ་པའི་སྐུ་མེད་དག་ཉན་སྟོང།། རོལ་གཅིག་བདེ་བའི་དབྱིངས་སུ་རོལ་བ་དང། ། དབྱེར་མེད་བདེ་བ་ཆགས་དང་བྲལ་བས་ནས།། དུས་གསུམ་མཉམ་པ་ཉིད་ཀྱང་འབྱུང་འཇུག་གོ། ལེན་མེད་འཛིན་དང་ཡོངས་སུ་བྲལ་བས་ན།། དུས་གསུམ་མཉམ་ཉིད་རྡོ་རྗེ་སེམས་དཔའ་ཆེ།། ཀུན་གྱི་བདག་ཉིད་དུས་གསུམ་དབྱིངས་མི་གཡོ། ། ལྟ་བ་འདི་མེད་སྤྱོད་པ་སྒྱུ་མས་འཆིང།། ལྟ་བ་འདི་ཡིས་མ་ཟིན་འཁོར་བ་ལས་མི་འདའ།། དེ་ནས་ཀུན་ཏུ་བཟང་པོ་བདེ་བ་ཆེན་པོ་དེས་འདི་སྐད་ཅེས་བཀའ་སྩལ་ཏོ།། ཨེ་མ་ཧོ། སེམས་དཔའ་ཆེན་པོ་ཉོན་ཅིག། ཕྱིན་ཅི་ལོག་དང་མ་ལོག་བྱང་ཆུབ་སྟེ།། བྱང་ཆུབ་ཉིད་ལ་ལོག་དང་མ་ལོག་མེད།། ཡང་ཀུན་ཏུ་བཟང་པོ་བདེ་བ་ཆེན་པོས་འདི་སྐད་ཅེས་བཀའ་སྩལ་ཏོ།། སེམས་དཔའ་ཆེན་པོ་ཉོན་ཅིག། བསམ་དང་བྲལ་བའི་སེམས་དེ་ནམ་མཁའ་ཉིད།། ནམ་མཁའ་འདྲ་བའི་སེམས་དེ་ཉིད་དང་བྲལ།། ཡོད་མེད་དབུ་མའང་མི་དམིགས་བརྗོད་མེད་ན།། ནམ་མཁའ་མི་གནས་བརྗོད་དུ་མེད་ལས་འདས། ། སེམས་ལ་ཚིག་ཏུ་བརྗོད་མེད་སྐུ་ཡང་མེད།། སེམས་ཉིད་ཚིག་ལས་འདས་པར་སྦྱོར་བས་ན།། མངོན་སུམ་མི་དམིགས་མི་འབྱུང་སྟོང་པས་དབེན།། ཡེ་ཤེས་དེ་ཉིད་བསམ་ལས་འདས་ཞེས་འབྱུང།། ཡེ་ཤེས་རྣམ་པར་དག་པས་གཅིག་ཕྱིར་ཏེ། ། གྲོལ་པའི་ལམ་ཀྱི་མཚན་ཉིད་སྡོམ་པ་ཡིས།། གཅིག་དང་དུ་མའི་མཐའ་ལས་འདས་པ་ནི།། ཆོས་ཀྱི་དབྱིངས་ཀྱི་མཚན་ཉིད་བཀྲ་བ་མེད།། གཟུགས་ཀྱི་མཚན་ཉིད་མེད་ན་བཀྲ་བ་གང། ། སྒྲ་དང་རྟོག་པའི་ངང་དུ་མ་གྲུབ་ན།། ཐོས་པ་ལམ་གྱི་སྨོན་ལམ་དེ་གང་ལ།། མི་རྟག་ཆོས་ཀུན་གཅིག་པས་ཅི་ཞིག་བྱ།། འཇའ་ཚོན་སྒྱུ་མར་འཕགས་པའི་སྐུ་རྒྱུད་ཀྱང།། བསོད་ནམས་སྐྱེད་དང་སྒྱུ་མ་མི་རྟོག་ན། ། རྣམ་དག་ལམ་ཆེན་ལྷུན་གྱིས་གྲུབ་པ་ལ།། བསོད་ནམས་མེད་ཀྱང་གྲུབ་ཅེས་རྒྱལ་བས་གསུངས།། ཆོས་ཀྱི་དབྱིངས་ལས་མི་བསྐྱོད་ཅིག་ཆེ་བ།། ཀུན་ཏུ་ཁྱབ་པས་སྒྲ་མེད་ཉིད་ལས་འདས།། སྤྲུལ་པའི་ཞིང་ཁམས་རྒྱ་ཡངས་ཚོགས་ཆེན་ཡངས། ། བྱ་མེད་ངང་ལ་གདུལ་བྱ་མི་ནུས་བཞིན།། གཞི་ལས་འཕྲོས་ཏེ་མངོན་སུམ་རྙེད་དཀའ་བ།། རྟོག་གེ་ཡུལ་མེད་འཁྲུལ་པས་ཤེས་མི་ནུས།། བསྐྱོད་དང་མི་སྒྱུ་སྒྱུ་མ་མི་རྟག་མིན། ། མཚན་ཉིད་ནམ་མཁའ་ལས་ཀྱང་འདས་པའོ།། ཡེ་ནས་ལྷུན་གྱིས་གྲུབ་པའི་ཐབས་ཆེན་ལ།། སྒྱུ་བཅོས་སྤྱོད་པ་ཐབས་ཆེན་མ་ཡིན་ཏེ།། སྒྱུ་འཆང་ཐབས་ཀྱིས་སྤྱོད་དང་མ་བྲལ་ན།། རྣམ་དག་ལམ་ཆེན་དེ་ཡིས་ཅི་ཞིག་བྱ། ། མཚན་ཉིད་མེད་པའི་ཆོས་ཉིད་ཆེན་པོ་འདི།། ཆོས་ཀྱི་དབྱིངས་ཀྱི་སྒྱུ་མ་མཚན་ཉིད་མེད།། ཆོས་ཀྱི་དབྱིངས་ལས་སྒྱུ་མ་གང་སྒྱུར་ཡང།། སྒྱུ་མའི་ལམ་དུ་རྒྱལ་བས་རབ་གསུངས་སོ།། མི་གནས་ཆོས་སྐུ་བརྗོད་མེད་ལས་འདས་པ། ། དབུ་མའང་བརྗོད་དུ་མེད་དེ་དོན་དང་བྲལ།། ཡིད་བཞིན་ཡེ་ཤེས་དབྱིངས་ཀྱི་མཐའ་ཀླས་པ།། སྣང་མེད་བརྗོད་དུ་མེད་ལས་འདས་པའོ།། ཆོས་ཀྱི་དབྱིངས་སུ་འདུས་པར་རབ་བཤད་པ། ། སྐལ་ལྡན་སྐྱེས་བུ་ཐེ་ཚོམ་མེད་ལས་གྲུབ།། གྲོལ་ཞིང་རྟོགས་པའི་བློ་ལྡན་རྣམས་ཀྱིས་ཉོན།། ཅེས་གསུངས་སོ། ཁ་ས་མན་ཏ་ནམ་མཁའི་མཐའ་དང་མཉམ་པའི་རྒྱུད་ལས། ལྟ་བ་བསྟན་པའི་ལེའུ་སྟེ་བཞི་པའོ། །།། དེ་ནས་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོས། འགག་པ་མེད་པའི་ཆོ་འཕྲུལ་རང་སྣང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་མི་གནས་པའི་ཚུལ་གྱིས་གནས་ནས་སེམས་དཔའ་རྡོ་རྗེ་བོས་ཏེ། འདུས་པའི་འཁོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། ལྟ་བ་ནམ་མཁའི་རྒྱལ་པོས་འཕངས་ཆོད་པས།། བཏང་སྙོམས་ཆེན་པོ་ལྷུན་རྫོགས་ཆོས་ཀྱི་དབྱིངས།། མ་སྐྱེས་དབྱིངས་ནས་ནམ་མཁའི་རང་བཞིན་ལ།། ཐུགས་རྗེ་ཆོ་འཕྲུལ་ཡ་མཚན་ཆེན་པོ་སྟོན། ཁྱུང་ཆེན་གཤོག་རྫོགས་མཁའ་ལ་ལྡིངས་པ་བཞིན།། ཆུ་རླུང་རི་རབ་གྱེན་ཐུར་ཉམས་མི་ང།། བར་སྣང་ནམ་མཁའི་ཁམས་ཀུན་ལམ་དུ་བདེ།། གང་དུ་དམིགས་པའི་ས་ཡུལ་གཅོད་པར་བྱེད། ། དེ་བཞིན་ཡེ་ནས་བློ་སྦྱངས་རྣལ་འབྱོར་ཐུགས།། བྱང་ཆུབ་སྙིང་པོའི་འགྲོ་བའི་སྐལ་ལྡན་པོ།། སངས་རྒྱས་མངོན་དུ་འགྲུབ་པའི་མན་ངག་ཅན།། བྱང་ཆུབ་སེམས་རྟོགས་ཡོན་ཏན་ཁྱད་པར་འཕགས། ། བདག་དང་གཞན་དོན་ལྷུན་གྲུབ་མ་སྤངས་པས།། སྤྱོད་པ་རྒྱ་མཚོ་སྣ་ཚོགས་ཅིར་བདེར་སྤྱོད།། པདྨ་སྐྱེ་བའི་རྒྱུ་ནི་འདམ་ཡིན་ཏེ།། པདྨ་ལ་ནི་འདམ་གྱིས་གོས་པ་མེད།། ཆོས་ཉིད་ཆགས་པ་མེད་པ་རྟོགས་གྱུར་ན། ། ཡེ་ཤེས་ཆགས་མེད་ཉམས་པ་རྡུལ་ཙམ་མེད།། ཐུགས་རྗེས་སྤྱོད་པ་བསམ་ཡས་ཇི་སྙེད་པ།། རྣལ་འབྱོར་ཐབས་ཀྱིས་སྤྱོད་པ་དེ་བཞིན་སྦྱོར།། རྣམ་རྟོག་སྤྲོས་བྲལ་གཟུང་འཛིན་མི་མངའ་ཡང།། མཁའ་མཉམ་རྒྱལ་པོ་འདོད་དགུ་རེ་བ་སྐོང། ། སྐྱེ་མེད་དབྱིངས་ནས་སྐྱེ་བའི་ཆོས་འཕྲུལ་རྣམས།། རྣམ་དག་བྱང་ཆུབ་སེམས་ཀྱི་དབྱིངས་ནས་འཕྲོ།། ཡེ་ཤེས་བདེ་མཆོག་ཀུན་ཏུ་བཟང།། རང་བྱུང་ནམ་མཁའ་རྡོ་རྗེ་ཉིད། ། ཅི་ལ་སྤྱད་ཀྱང་ཆགས་པ་མེད།། སྒོ་གསུམ་བག་ཡངས་ལྷུག་པ་ཉིད།། སྣང་མེད་རང་བྱུང་ཡེ་ཤེས་སྣང།། སྣང་བཞག་ཡེ་ཤེས་སྤྱོད་པ་ལ།། བླང་དོར་གཉིས་མེད་བདེ་ཆེན་དང།། མཉམ་པའི་ཡེ་ཤེས་རང་བྱུང་དང། ། དུས་གསུམ་འདའ་བ་མེད་པར་གནས།། རང་འབར་ཡེ་ཤེས་དཀྱིལ་འཁོར་ནས།། དངོས་གྲུབ་རིན་ཆེན་འོད་ལྟར་བྱུང།། ཡེ་ཤེས་རྒྱ་མཚོའི་མུ་མཐའ་མེད།། འོད་གསལ་རིག་པའི་གདེང་དང་ལྡན། ། མཚོན་པ་ལམ་གྱི་རྒྱུ་དང་བྲལ།། རང་བྱུང་ལུང་གི་དོན་མཐོང་བས།། ལུང་ཆེན་ཚད་མ་ཀུན་གྱི་གནས།། རིག་པའི་ཡེ་ཤེས་བརྗོད་བྲལ་པས།། བརྗོད་པའི་ལུང་ལ་སེམས་མི་འཇུག། སེམས་ཉིད་རིག་པའི་སྒྲོན་མ་ཡིས། ། བདེ་ཆེན་མེ་ཤེལ་ལྟར་དག་པས།། རིན་ཆེན་མན་ངག་ཀུན་གྱི་བདག། ཀུན་གྱི་གསལ་བའི་མེ་ལོང་མཐོང།། རྣ་རྒྱུད་སྒྲ་ལ་རག་མ་ལུས།། ཆོས་ཉིད་ནམ་མཁའ་ལྟ་བུ་ལ།། རང་བྱུང་གསལ་བའི་ཉི་མ་ཤར། ། བསམ་སྦྱོར་བློ་ཡིན་དྲི་མ་དག། འདོད་འཇུག་རིམ་བརྩལ་ཀུན་དང་བྲལ།། བསམ་མེད་རང་བཞག་སྤྱོད་པར་གྲགས།། སྐུ་གསུམ་རིག་པའི་དཀྱིལ་འཁོར་ནས།། ཐུགས་རྗེ་ཉི་མའི་ཟེར་ཤར་བས།། འགྲོ་འདུལ་སྤྱོད་པ་ཅི་བདེར་སྤྱོད། ། ཐབས་ཀྱི་རིམ་པ་རང་ཤར་ནས།། ཡེ་ཤེས་གསལ་བའི་འགྲོ་དོན་མཛད།། ཡེ་ཤེས་རང་བྱུང་འདྲེན་སྐུ་གནས།། སྣ་ཚོགས་སྤྲུལ་སྐུ་རིན་ཆེན་འཕྲོ།། གང་དག་དམན་པའི་འཁོར་དག་ལ། ། བློ་དང་འཐུན་པའི་བསྟན་པ་བཀོད།། འདོད་པའི་བློ་ཡིས་དཔག་མེད་ཀྱང།། ཐིག་ལེ་གཅིག་ལས་འདའ་བ་མེད།། དད་སྦྱོར་བློ་ཡི་ཐིག་པ་རྣམས།། ཡེ་ཤེས་ཐུགས་རྗེའི་སྐུར་བྱུང་ནས། རང་བྱུང་གཅིག་ལ་བསྟན་པར་ཟད། ། རིམ་འཇུག་བློ་ཡི་ཐིག་པ་རྣམས།། འདྲེན་པའི་སྐུ་ཡིས་དྲང་དོན་བསྟན།། ཐིག་པ་ཐིག་གཅིག་སྙིང་པོ་ལས།། འདོད་པའི་ཡན་ལག་ཀུན་དང་བྲལ།། མ་ལུས་བསྟན་པའི་ལྡན་པ་ཀུན།། ཡེ་ཤེས་རིག་པའི་འཁའ་ལ་རྫོགས། ། ཞེས་གསུངས་སོ།། ཡང་གསུངས་པ། མདོར་ན་ང་ཡིས་དོན་བསྟན་གྱིས།། སེམས་དཔའ་རྡོ་རྗེ་མོས་པ་འཐུད།། ཅེས་གསུངས་སོ།། དེ་ལ་ང་ནི་ཀུན་གྱི་རང་བཞིན་ཏེ།། ང་ཡིས་མ་སྤྱད་གང་ཡང་མེད། ། འགྲོ་དྲུག་སྐྱེ་བཞི་མ་ལུས་ཀུན།། རྫོགས་ཏེ་རང་བཞིན་ལྷུན་གྱིས་གྲུབ།། འདུལ་བ་མདོ་སྡེ་མངོན་པ་དམ་ཚིག་བསྒྲུབ་པ་དང།། གྲུབ་པ་ལ་སོགས་རྫོགས་ཏེ་རང་བཞིན་ལྷུན་གྱི་སྤྱོད།། སྤྱོད་པར་མ་གྱུར་གཅིག་ཀྱང་མེད། ། ཅེས་གསུངས་སོ། ཁ་ས་མན་ཏ་ནམ་མཁའི་མཐའ་དང་མཉམ་པའི་རྒྱུད་ལས། སྤྱོད་པ་བསྟན་པའི་ལེའུ་སྟེ་ལྔ་པའོ།།།། དེ་ནས་དཔལ་ཀུན་ཏུ་བཟང་པོ་དེས། སེམས་དཔའ་རྡོ་རྗེ་བོས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཡེ་ཤེས་ཀུན་ཏུ་བཟང་པོ་ཉིད་ལ་འདུས་པ་འདི་གསུངས་སོ།། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི།། དགོངས་པ་ཀུན་ཏུ་བཟང་ལ་འདུས།། ང་ཡི་རང་བཞིན་འདི་ལ་ནི། ། སྐུ་འདུས་གསུང་འདུས་དགོངས་པ་འདུས།། ང་ཡི་ངག་ཉོན་དགོངས་འདུས་ཀྱིས།། ཞེས་གསུངས་སོ།། དེ་ནས་སེམས་དཔའ་རྡོ་རྗེས་ཞུས་པ། ཆོས་ཀྱི་སྐུ་དང་ལོངས་སྤྱོད་རྫོགས།། ཀུན་བཟང་རྡོ་རྗེ་སེམས་དཔའ་ལ། ། རྣམ་གཟིགས་གཙུགས་ཏོར་ལ་སོགས་ཏེ།། རབས་བདུན་ཤཱཀྱ་ཐུབ་པ་དང།། སྟོང་རྩ་གཉིས་ཀྱི་སངས་རྒྱས་དང།། ལྷུན་གྱིས་གྲུབ་པ་རྡུལ་སྙེད་ཀྱི།། དགོངས་པ་ཁྱོད་ལ་འདུས་པ་ཡི། ། ཞེས་ཞུས་སོ།། ཀུན་ཏུ་བཟང་པོས་འདི་སྐད་ཅེས་གསུངས་སོ།། རྟོགས་པའི་རྒྱལ་པོ་ད་ཉོན་ཅིག། དཔེ་དང་དོན་དག་རྟགས་གསུམ་གྱིས།། དགོངས་པ་འདུས་པའི་དོན་བསྟན་པ།། ང་ཡི་རང་བཞིན་ནམ་མཁའ་འདྲ། ། ང་ཡི་དོན་ནི་ཆོས་ཉིད་ཡིན།། ང་ཡི་ངོ་བོ་བྱང་ཆུབ་སེམས།། ཀྱེ། ང་ནི་མ་བསྒྲིབས་རྟོགས་པ་མེད།། རྟོག་མེད་ནམ་མཁའ་ཆོས་ཀྱི་སྐུ།། ང་ནི་མི་རྟོག་བླང་དོར་མེད།། བླང་དོར་མེད་དེ་ནམ་མཁའ་འདྲ།། ནམ་མཁའ་བླང་དོར་མེད་པ་བཞིན། ། ཀུན་ཏུ་བཟང་ལ་བླང་དོར་མེད།། བླང་དོར་མེད་པ་ང་ལ་འདུས།། ཀྱེ་བྱང་ཆུབ་སེམས་དཔའ་ཆེན་པོ་ཉོན་ཅིག། ང་ནི་མ་སྐྱེས་ནམ་མཁའ་འདྲ།། མ་སྐྱེས་པ་ནི་ནམ་མཁའ་བཞིན།། རྡོ་རྗེ་སེམས་ལ་སྐྱེ་བ་མེད། ། སྐྱེ་མེད་དགོངས་པ་ང་ལ་འདུས།། རྣམ་པར་གཟིགས་དང་ཤཱཀྱ་ཐུབ་དང།། སྟོང་རྩ་གཉིས་དང་རྡུལ་སྙེད་དང།། ལྷུན་གྲུབ་སངས་རྒྱས་ཐམས་ཅད་དང།། དགོངས་པ་ནམ་མཁའི་རང་བཞིན་ཏེ། ། སྐྱེ་མེད་མི་རྟོག་བླང་དོར་མེད།། དཔེ་ཡིས་ང་ལ་འདུས་པར་བསྟན།། སེམས་དཔའ་ཆེན་པོ་ཉོན་ཅིག། དགོངས་བཤད་སངས་རྒྱས་ཐམས་ཅད་ཀྱི།། དགོངས་པ་དོན་གྱིས་འདུས་པ་ནི།། ཀུན་ཏུ་བཟང་པོ་རང་བཞིན་ལ། ། སྐྱེ་བ་མེད་པར་བསྟན་པ་ཡིན།། སངས་རྒྱས་ཀུན་ལ་སྐྱེ་མེད་པས།། སྐྱེ་མེད་ཆོས་ཉིད་འདུས་པར་བསྟན།། ཀུན་ཏུ་བཟང་པོའི་རང་བཞིན་ལ།། ཆོས་ཉིད་སྐྱེ་འགག་མེད་པ་བཞིན།། གོང་བཤད་སངས་རྒྱས་ཐམས་ཅད་ཀྱི། ། ཆོས་ཉིད་ལ་ནི་འགག་པ་མེད།། དེས་ན་ཆོས་ཉིད་འདུས་པར་བསྟན།། ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག། རྟགས་ཀྱི་འདུས་པར་བསྟན་པ་ནི།། རྟགས་ནི་ཀུན་རྟགས་བྱང་ཆུབ་སེམས། ། ཀུན་ཏུ་བཟང་པོའི་ཐུགས་ཀྱི་ནི།། ཆོས་ཀྱི་སྐུ་དང་ཀུན་ཏུ་བཟང།། རྡོ་རྗེ་སེམས་དཔའ་ལ་སོགས་པའི།། དུས་གསུམ་སངས་རྒྱས་མ་ལུས་པའི།། སྙིང་པོ་རྟགས་ནི་སེམས་སུ་འདུས།། དེས་ན་དཔེ་དོན་གསུམ་དུ་འདུས། ། ཀུན་ཏུ་བཟང་པོ་ང་ཉིད་ནི།། སྤྱི་འདུས་སྒོ་འདུས་དགོངས་པ་འདུས།། སྤྱི་དོན་དཔེ་དོན་རྟགས་འདུས་པ།། སྒོ་འདུས་རྣམ་པ་ལྔ་ཡང་འདུས།། ཆོས་སྐུ་དགོངས་པ་འདུས་པ་ནི།། མི་རྟོགས་མཉམ་ཉིད་ངང་ལ་འདུས། ། མི་གཡོ་ཆོ་འཕྲུལ་འབྱིན་པར་ནུས།། ལོངས་སྤྱོད་སྐུ་ཡིས་དགོངས་འདུས་པ།། འདུས་པ་རྣམ་པ་ལྔ་ཡང་འདུས།། ཆོས་སྐུ་དགོངས་པ་འདུས་པ་ནི།། མི་རྟོག་མཉམ་ཉིད་ངང་ལ་འདུས།། མི་གཡོ་ཆོ་འཕྲུལ་འབྱིན་པར་ནུས། ། ལོངས་སྤྱོད་སྐུ་ཡིས་དགོངས་འདུས་པ།། མངོན་སུམ་རང་བཞིན་སྣང་བ་དང།། འདོད་པ་ཚོགས་པ་འབྱིན་པར་ནུས།། ཀུན་ཏུ་བཟང་པོའི་དགོངས་པ་ནི།། ཇི་ལྟར་སྣང་བ་ཐམས་ཅད་ཀུན། ། བཟང་ངན་བླང་དོར་མེད་པ་རུ།། ཀུན་བཟང་ཉིད་དུ་འདུས་པར་བསྟན།། རྡོ་རྗེ་སེམས་དཔའི་དགོངས་འདུས་པ།། མི་སྐྱེ་མི་འགག་དགོངས་པ་འདུས།། རབས་བདུན་ཤཱཀྱ་ཐུབ་པ་དང།། སྟོང་རྩ་གཉིས་དང་རྡུལ་སྙེད་དང། ། སྐུ་གསུང་ཐུགས་ཀྱི་དོན་མཛད་པའོ།། བྱུང་ཡང་སྐུ་གསུང་ཐུགས་ལས་བྱུང།། སྐུ་གསུང་ཐུགས་ཀྱི་ཆོས་ཉིད་ལ།། སྐུ་གསུང་ཐུགས་ཀྱིས་དོན་མཛད་ཚུལ།། དེ་ཡང་ཀུན་བྱེད་ཉིད་དུ་འདུས། ། ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ནས།། ང་རུ་མ་འདུས་གཅིག་ཀྱང་མེད།། ནམ་མཁའི་ཁམས་ཀྱི་གཞལ་ཡས་ནས།། ང་རུ་མ་འདུས་གཅིག་ཀྱང་མེད།། ཅེས་གསུངས་པས། དེར་རྡོ་རྗེ་སེམས་དཔའ་དངངས་ཏེ། བུ་ཏི་བརྒྱལ་བ་སངས་ནས་ཞུས་པ། ཀྱེ། འདུས་པའི་རྒྱལ་པོ་ཆེན་པོ་ཁྱོད།། བྱས་བའི་ཆོས་ཀྱང་ཀུན་འདུས་ན།། མ་བྱས་པ་ཡང་ཀུན་འདུས་སམ།། མ་བྱང་པ་ཡང་ཀུན་འདུས་སམ།། ཆོས་ཀྱི་དབྱིངས་དང་ནམ་མཁའི་ཁམས། ། མུ་སྟེགས་ཕྱིན་ཅི་ལོག་ལྟ་བ།། རྟག་ཆད་གཉིས་སུ་ལྟ་བ་ཡང། ཁྱོད་ཀྱི་མ་ནོར་དགོངས་ཡིན་ན།། སངས་རྒྱས་སེམས་ཅན་ཅི་ལ་གདགས།། ཐམས་ཅད་འདུས་པར་ཡིད་ཆེས་ན།། སེམས་དཔའ་ཆེན་པོ་ཁྱོད་ཉིད་ནི། ། ང་ཡི་རང་བཞིན་རྟོགས་མི་འདྲ།། རྟོགས་མི་འདྲ་བས་ཡིད་མི་ཆེས།། ཀུན་བཟང་བྱང་ཆུབ་སེམས་རྟོགས་ཤིག། ཀུན་བཟང་བྱང་ཆུབ་སེམས་བརྟགས་ན།། རང་བྱུང་བྱང་ཆུབ་སེམས་དེ་ཡིས།། རྟག་ཆད་གཉིས་ཀྱི་མཐའ་བསལ་ཏེ། ། མ་སྐྱེས་གཟུང་འཛིན་བྲལ་པ་ཡིས།། རྟག་པའི་དངོས་པོ་མཐའ་གསལ་ལ།། རང་བྱུང་འགྱུར་བ་མེད་པས་ན།། མེད་པ་ཆད་པའི་མཐའ་ཡང་གསལ།། མུ་ཞེས་བྱ་བ་ཆོས་ཀྱི་དབྱིངས། ། སྟེགས་ཞེས་བྱ་བ་རྟོགས་པའི་གནས།། སངས་རྒྱས་སེམས་ཅན་གཉིས་མ་མཐོང།། ཀུན་བཟང་བྱང་ཆུབ་སེམས་མ་མཐོང།། ཞེས་གསུངས་སོ། ཁ་ས་མན་ཏ་ནམ་མཁའི་མཐའ་དང་མཉམ་པའི་རྒྱུད་ལས། ཐམས་ཅད་འདུས་པའི་ལེའུ་སྟེ་དྲུག་པའོ།།།། དེ་ནས་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་དེས་ཆོས་ཐམས་ཅད་གཏན་ལ་ཕབ་པ་དང། རྒྱུད་ཀྱི་ཆེ་བ་བསྟན་པ་འདི་གསུངས་སོ།། ཀྱེ་སེམས་དཔའ་ཆེན་པོ་འདུས་པའི་འཁོར་ཚོགས་ཉོན་ཅིག། ཆོས་རྣམས་མ་བཅོས་རང་བྱུང་སྙིང་པོའི་སྐུ།། ཆོས་རྣམས་ཀུན་གྱི་རང་བཞིན་དེ་ཉིད་ལས།། སྒྲུབ་དང་བསྒྲུབ་བྱ་མ་ལུས་ཀུན་གྱི་བདག། ཐམས་ཅད་མ་ལུས་རང་བྱུང་བྱང་ཆུབ་སེམས། ། ལུང་ཆེན་རྒྱལ་པོ་བདེ་གཤེགས་ཉིད་ཀྱི་བཀའ།། ཤེས་རིག་བྱེད་རྩོལ་དྲན་རིག་མ་ལུས་པ།། ཐབས་ཆེན་རྩ་བ་ཨ་བྷེ་ཀྴེ་གར་སྣང།། གང་ཤེས་དེ་ཉིད་མ་ལུས་ཡུལ་སྣང་བ།། རང་བྱུང་ཡེ་ཤེས་མངོན་དུ་འཆར། ། རང་བྱུང་མངོན་སུམ་མཚན་མའི་ལུང།། ལུང་ཆེན་ཡིད་ཆེས་རྒྱལ་པོ་རང་ཉིད་ལུང།། མན་ངག་གཟེར་ཆེན་ཐེག་པའི་སྐྲས་ཆེན་ཁུངས།། བརྡ་འབྱལ་ཚེགས་དང་བྲལ་བར་ཡེ་ནས་གནས། ། རང་རིག་མངོན་སུམ་ཡེ་ནས་ཡེ་ཤེས་ཏེ།། དོན་གྱི་རྗེས་ལས་མི་ཉམས་རང་ཞུགས་ཡེ་ནས་དཔགས།། རང་བྱུང་ང་ཉིད་སྐུ་ལས་གཞན་ན་མེད།། ང་ཉིད་ལུང་ཆེན་རྡོ་རྗེ་ཕ་ལམ་སོགས།། ང་ཉིད་མན་ངག་འཕྲུལ་གྱི་མེ་ལོང་བསལ། ། རང་ཉིད་རིགས་མཆོག་འཁོར་ལོ་ལྟ་བུར་གཅོད།། རྡོ་རྗེ་འོད་ཀྱི་སྐྱེ་མཆེད་རང་བྱུང་ཡེ་ཤེས་འབར།། མཆོག་གི་དོན་ཆེན་ཡེ་ནས་གཏན་ལ་ཕབ།། ཡོངས་སུ་རྫོགས་པ་བསྟན་པའི་ཐེག་པ་གསུམ། ། མ་ལུས་ཀུན་བྲལ་མ་ངེས་ཐེག་པ་གཅིག། ཐེག་གཅིག་ཀུན་གྱི་རང་བཞིན་བྱང་ཆུབ་སེམས་ཀྱི་ས།། མ་ལུས་ཀུན་གྱི་སྙིང་པོ་ཐེག་པ་ཀུན་གྱི་རྩེ།། ཐེག་པའི་ཉིང་ཁུ་རྒྱལ་བའི་དགོངས་བའི་གནས། ། མ་རིག་མུན་སེལ་ཡེ་ཤེས་སྒྲོན་མར་འབར།། རྟོག་པའི་དྲ་བ་དྲལ་ནས་ཉོན་མོངས་འཕྲེང་ཐག་གཅོད།། བཀའ་ཡི་སྤྱི་ལུང་བསྟན་པའི་སྤྱི་རྒྱུད་དེ།། མདོ་སྡེ་སྡེ་སྣོད་ང་ལ་བསྟན་པ་ང།། བྱེ་བ་བཅུ་ཕྲག་གསུམ་དང་ཕྲག་ལྔ་འམ་དེ་བཞིན་དགུ། ། དེ་བཞིན་འབུམ་ཕྲག་བཅུ་གཅིག་བརྒྱ་ཕྲག་བརྒྱད།། དེ་བཞིན་ཏན་ཏྲ་ཐབས་རྣམས་གང།། འབུམ་ཕྲག་བརྒྱད་བརྒྱ་བརྒྱ་ཕྲག་དྲུག། དེ་བཞིན་ཤེས་རབ་ཏན་ཏྲ་གྲངས་འབུམ་ཕྲག། བཅུ་དྲུག་སྟོང་ཕྲག་བཅུ་གཉིས་ཏེ།། དེ་དག་མ་ལུས་དྲི་མ་ངས་གསུངས་ཏེ།། ཚིག་ལྡན་ཡི་གེར་བཅས་པའི་ཏན་ཏྲའི་ལུང།། རང་ཡིན་དྲི་མེད་སྙིང་པོར་ཀུན་བཟང་ང་ཡི་ལུང།། ཐམས་ཅད་མཐའ་མཉམ་ང་ཉིད་ཡིན་པར་ལུང་བསྟན་ཏེ། ། ང་ལས་མ་གཏོགས་ཆོས་རྣམས་མེད་པའི་ཕྱིར།། ནམ་མཁའ་མཐའ་མཉམ་ཆོས་ཕུང་རྒྱ་མཚོ་སྙེད།། གང་གིས་བཙལ་ཡང་ཚི་ཆད་ངལ་བའི་གནས།། དུས་གསུམ་ཀུན་གྱི་བཀའ་ཡི་ཡ་ཐོག་གི། ། ཡང་གཤམ་བུ་ལ་བརྡུང་ཞིང་བཙོག་བྱས་ཀྱང།། སྲོག་དང་བྲལ་བའི་འབྲས་བུ་སྣང་མི་འགྱུར།། དེས་ན་ཐེག་པ་ཀུན་གྱི་ཡང་རྩེ་ཡིན།། དེས་ན་ལྟ་བ་ཀུན་གྱི་ཡང་རབ་ཡིན།། དེས་ན་བསྟན་པ་ཀུན་གྱི་འབྱུང་གནས་ཡིན། ། འབྲས་བུ་བསྔགས་པ་མེད་པས་བསྔགས་པའི་མཆོག། འདི་ནི་རྒྱལ་བ་ཀུན་གྱི་ཐུགས་བརྟོལ་བའོ།། ཞེས་བཀའ་སྩལ་ཏོ།། བསྟན་པ་ཐམས་ཅད་ཀྱི་མཆོག་ཏུ་བསྟན་པ་སྟེ། ཀུན་གྱི་བདག་ཉིད་དུ་བཞུགས་སོ། ཁ་ས་མན་ཏ་ནམ་མཁའི་མཐའ་དང་མཉམ་པའི་རྒྱུད་ལས་ལེའུ་བདུན་པའོ།།།། སརྦ་ཛྙཱ་ན་ས་སམ་བྷེ་དྷེ། དེ་ནས་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་དེས།། སྐུ་གསུང་ཐུགས་ལྷུན་གྱི་གྲུབ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། ། རྡོ་རྗེ་སེམས་དཔས་འཁོར་རྣམས་ཀྱི་ཆེད་དུ་སྐུ་ལས་འཐོན་ཏེ། ཀུན་ཏུ་བཟང་པོ་ལ་འདི་སྐད་ཅེས་བསྐུལ་ལོ།། རྣམ་གྲོལ་ཟག་པ་མེད་པའི་སྐུ་བརྙེས་པས། ། འཛིན་དང་ཆགས་མེད་མ་ལུས་ཆོས་རྣམས་ཀུན།། མ་འདྲེས་རང་རིག་གསལ་བའི་ཐུགས་ལ་རྫོགས།། སྐལ་ལྡན་འདུས་པའི་འཁོར་རྣམ་ལ།། ལུས་ངག་སྐུ་གསུང་ཐུགས་སུ་འདུས་པར་བསྟན་དུ་གསོལ། ། ཅེས་གླེངས་སོ།། དེ་ནས་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་དེས་འདི་སྐད་ཅེས་བཀའ་སྩལ་ཏོ།། སྐལ་ལྡན་ཚོགས་ཤིང་འདུས་པ་ཀུན།། དྲི་མ་དང་བའི་སེམས་ཀྱིས་ངང་ལ་ཐུད།། ང་ཡི་རང་བཞིན་བསྟན་པ་ནི། ། ངོ་བོ་མ་གྲུབ་ཀུན་གྱི་དངོས།། མཚན་ཉིད་འདི་འདྲ་བསྟན་དུ་མེད།། རྣམ་པ་ཅིར་ཡང་མ་འགག་ཤར།། སྐུ་གསུང་ཐུགས་ཀྱི་འཁོར་ལོ་འདི།། དབྱིངས་ནས་ཕྱུང་ལ་བསྟན་པར་བྱ།། ཞེས་བཀའ་སྩལ་ཏོ། ། དེ་ནས་འདུས་པའི་འཁོར་སྐལ་དང་ལྡན་པ་རྣམས་ལ་ལ་ནི་བློ་ངེས་སོ།། ལ་ལ་ནི་དངས་པས་འདུད། ལ་ལ་ཡེ་ཤེས་སྐྱེས།། ལ་ལ་དུ་མའི་སེམས་སྐྱེ་བར་གྱུར་ཏོ།། དེ་ནས་ཐུགས་བརྟོལ་ཏེ་བཀའ་སྩལ་པ། དབྱིངས་ཉིད་སྐྱེ་མེད་མི་གནས་མྱ་ངན་འདས་མེད་དག། མི་སྐྱེ་མི་འགག་སྤོང་མེད་ལེན་པ་མེད།། ང་མེད་བདག་དང་བྲལ་བ་རྒྱལ་བའི་ཐུགས།། རྣལ་འབྱོར་གསང་བའི་སྙིང་པོ་བསམ་ཡས་ལ།། རིན་ཆེན་གསེར་འདུས་རྒྱལ་བ་བརྗོད་མི་ལང། ། མ་སྤངས་མ་བསྒྲུབས་ནམ་མཁའི་ངང་དུ་གནས། ཁམས་གསུམ་བརྟགས་ན་འཁོར་བ་མྱ་ངན་འདས།། ཕྱོགས་ཆས་བཅོས་ན་བདེ་གཤེགས་སྙིང་པོ་ཡིན།། ཀུན་གྱི་རང་བཞིན་འཇའ་ཚོན་སྣང་བཞིན་མེད། ། དེ་ལ་བྱ་བ་མེད་བཞིན་བྱུང་བ་རྒྱ་མཚོ་འདྲ།། ཆོས་ཉིད་སྐྱེ་བ་མེད་པ་ཡུམ་གྱི་མཁའ།། རྒྱལ་བའི་ཕྱག་རྒྱ་སྐྱེ་བའི་ཆོ་འཕྲུལ་ཅན།། འཁོར་བ་མྱ་ངན་འདས་ལ་བཀོད་པའི་ཕྱིར།། རང་བྱུང་ཡེ་ཤེས་དབྱིངས་ལས་མ་གཡོས་ཀྱང། ། སྟོང་ཁམས་ཡོངས་ལ་སྙོམས་པའི་ཐུགས་རྗེ་འབྱུང།། ང་མེད་བདག་དང་བྲལ་བའི་སྙིང་པོར་རྫོགས།། དོན་དམ་ཡེ་ཤེས་དབྱིངས་ནི་རྫོགས་པ་ཆེ།། སྙིང་པོ་ཉི་མ་བཞིན་ཏེ་འོད་ཀྱི་མཆོག། སྐྱེ་འགྲོ་ཕྱི་ནང་གཟུགས་སུ་སྣང་བ་ཐམས་ཅད་ནི།། སྐུ་མཆོག་མི་ཟད་རྒྱན་གྱི་འཁོར་ལོར་ཡངས།། སྒྲ་སྐད་མ་ལུས་རབ་འབྲིང་ཐ་མ་མ་ལུས་པ།། གསུང་མཆོག་མི་ཟད་རྒྱན་གྱི་འཁོར་ལོར་རྫོགས། ། དབྱེར་མེད་དོན་དམ་དབྱིངས་སུ་རོ་གཅིག་པས།། ཐུགས་མཆོག་རྒྱན་ལྡན་ཡོངས་སུ་རྫོགས།། ཐམས་ཅད་སྐུ་གསུང་ཐུགས་སུ་དབྱེར་མེད་པས།། སྐྱེ་མེད་ནམ་མཁའ་ཀློང་ཡངས་རྒྱ་མཚོ་བཞིན།། འབྲལ་མེད་པ་ཡི་དབྱིངས་མཆོག་རབ་འབྱམ་ནས། ། ཆེན་པོ་བཞི་ཡི་ཆོས་འཕྲུལ་གྲངས་མེད་པ།། བརྟགས་སམ་གཏོགས་ན་འབྱུང་བའི་འབྲས་བུར་འདུས།། འཆི་བ་མེད་པའི་སྨན་ཆེན་བདུད་རྩི་འདི།། ཡེ་ནས་རྫོགས་པས་གཞན་ནས་བཙལ་མི་དགོས། ། ཀུན་ཀྱང་རྒྱུ་གཅིག་ཆོས་ཀྱི་དབྱིངས་སུ་འདུས།། གཞན་ནས་འོང་མེད་གང་ཡང་འགྲོ་མི་སྲིད།། ཐམས་ཅད་རང་བྱུང་བྱང་ཆུབ་སེམས་སུ་གསལ།། སྣང་སྲིད་ཐབས་ཀྱི་རང་བཞིན་རྒྱལ་བའི་ཡབ། ། དེ་ལ་རང་བཞིན་མེད་པ་ཡུམ་གྱི་དབྱིངས།། ཐབས་དང་ཤེས་རབ་ལྡན་པར་མ་ལུས་མེད།། ཐབས་དང་ཤེས་རབ་འབྲེལ་བའི་རང་བཞིན་པས།། སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་བསམ་མི་ཁྱབ།། ཆོས་ཉིད་རྒྱུ་གཅིག་རང་བཞིན་ཅིར་ཡང་སྣང། ། བྱང་ཆུབ་རྣམ་གཉིས་ངང་དུ་ཐམས་ཅད་འདུས།། མཁའ་དབྱིངས་རྣམ་དག་ཡངས་པའི་རྒྱ་མཚོ་ལ།། བྱུང་བའི་སྐར་ཚོགས་མང་པོ་བསམ་མི་ཁྱབ།། དེ་བཞིན་མཁའ་མཉམ་དབང་ཕྱུག་ཆེན་པོའི་ཐུགས། ། ཡོན་ཏན་རྒྱ་མཚོ་སངས་རྒྱས་ཀུན་གྱི་ངང།། དེ་བཞིན་ཀུན་གྱི་སེམས་ལ་ལེགས་པར་སོན།། ཞེས་བཀའ་སྩལ་ཏོ།། ཀུན་ཀྱང་རྒྱན་གྱི་འཁོར་ལོར་གསལ་བར་གྱུར་ཏོ། ཁ་ས་མན་ཏ་ནམ་མཁའི་མཐའ་དང་མཉམ་པའི་རྒྱུད་ལས། སྐུ་གསུང་ཐུགས་ལྷུན་གྲུབ་ཏུ་བསྟན་པའི་ལེའུ་སྟེ་བརྒྱད་པའོ།།།། དེ་ནས་ཡང་སེམས་དཔའ་རྡོ་རྗེས། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ཀུན་གྱི་བདག་ཉིད་ལ་འདི་སྐད་ཅེས་ཞུས་སོ། ། ཨེ་མ་ཧོ། གསང་ཆེན་གསང་མཆོག་དམ་པ་འདི།། སྒྲ་དང་མིང་ཚིག་ཀུན་འདས་པས།། སུས་ཀྱང་གཏིང་དཔགས་དཀའ་བ་སྟེ།། གསུང་གི་མངའ་བདག་འགྲོ་བའི་དཔལ། ཁྱེད་ཀྱིས་ཇི་ལྟར་རྟོགས་པ་ལགས།། ཞེས་གསོལ་ཏོ།། དེ་ནས་ཀུན་ཏུ་བཟུང་པོས་བཀའ་སྩལ་པ། རྫོགས་པ་ཆེན་པོའི་རང་བཞིན་ལ།། བརྗོད་པའི་ཐ་སྙད་ཀུན་བྲལ་ཀྱང།། སྦྱངས་པའི་རྣལ་འབྱོར་སྐལ་ལྡན་ལ། ། མི་འགྱུར་ཚད་མ་གསུམ་གྱིས་ནི།། གསལ་བའི་སྒྲོན་མ་བྱེད་པར་བཤད།། རྫོགས་པ་བྱ་བྲལ་རྒྱལ་བའི་ལུང།། རང་རིག་ཕྱིན་ཅི་མ་ལོག་ཉམས།། མ་ནོར་གཏིང་དུ་ཡིད་ཆེས་པའོ།། ཚིག་ཉུང་དོན་ཆེན་སྟོན་པའི་མན་ངག་གསུམ། ། རྫོགས་ཆེན་ནམ་མཁའི་མཐའ་དང་མཉམ།། མ་ནོར་པ་ཡི་ངོ་བོར་སྟོན།། རང་ལ་ཡེ་ནས་རྫོགས་པར་སྟོན།། ལུང་གསུམ་ཀུན་བཟང་རྒྱལ་པོའི་བཀའ།། རིག་པ་གཏིང་དུ་ཡིད་ཆེས་པས།། གཏན་ཚིགས་ཞེས་སུ་བསྟན་པ་ཡིན། ། རྣམ་གསུམ་ལུང་གི་ངོ་བོ་ནི།། སེམས་ཉིད་རིག་པའི་ཆོས་ཡིན་ནོ།། ཐམས་ཅད་སེམས་ཀྱི་ངོ་བོ་བས།། སེམས་ལ་སྣང་ཕྱིར་རིག་པར་བཤད།། ཐ་དད་ཡང་དག་བརྟགས་པ་སྟེ།། སྤྲོ་བའི་བག་ཆགས་སྨིན་པ་ཡིས། ། མེད་ཀྱང་ལོགས་ནས་ཡང་དག་སྣང།། ནི་ནི་ཀུ་ཀུ་ར་ཙ་ཡིན།། ནི་ནི་ཀུ་ཀུ་ར་ཙ་ན།། དེ་ཙམ་མ་འཁྲུལ་ཤེས་པ་ན།། འཁྲུལ་པའི་ཤེས་པ་མེད་པར་ཐལ།། སྤྲོས་པའི་དབང་གིས་འཆོལ་བས་ན། ། རྟོག་པ་སྣ་ཚོགས་དག་ཏུ་མཐོང།། དང་པོ་རང་རིག་མཚན་མ་སྟེ།། གཉིས་སུ་མེད་པས་རང་རིག་སྟེ།། རང་རིག་དོན་ལྡན་མཚན་མའོ།། གཉིས་པ་ཉི་ཚེ་སྟོང་པ་ནི།། མཚན་ཉིད་མེད་པའི་མཚན་གཞི་ཅན། ། གཞན་ཡང་ཞེན་པའི་རང་བཞིན་ཏེ།། བདེ་བའི་དོན་ལ་རྟག་ཏུ་ཆགས། ཞེན་པས་ཞེན་མེད་ཐོབ་པ་མེད།། ཡང་དག་མ་བཅོས་རང་རིག་ནི།། མཚན་ཉིད་མེད་པས་གང་དང་བྲལ།། བྲལ་ཉིད་ཡེ་ཤེས་རང་སྣང་རོལ། ། ཀུན་ཏུ་བཟང་པོའི་རོལ་པ་དང།། རྟོག་པའི་མཚན་མ་སྣ་ཚོགས་པ།། བྱེ་བྲག་མི་ཕྱེད་གཏི་མུག་བློ།། གཉིད་མེད་བྱང་ཆུབ་སེམས་ཀྱི་ལུང།། ཐམས་ཅད་སེམས་སུ་གཏན་ལ་འབེབས།། དེས་ན་སེམས་ལུང་ཆེན་པོས་བྱ། ། སེམས་ཉིད་རྫོགས་པ་ཆེན་པོ་ནི།། རིག་པའི་ཚད་མ་ཉིད་ཀྱིས་ཤེས།། སྙིང་པོ་བྱང་ཆུབ་དེ་མ་ཐག། གསལ་བའི་ཡེ་ཤེས་མཆོག་ཏུ་བཤད།། རྟོག་དཔྱོད་སྒྲ་ཚད་ཅི་བསྟན་ཡང།། སྒྲ་ཡི་དོན་དང་ཕྲད་མི་འགྱུར། ། སྒྲ་དོན་རྗེས་སུ་རྟོགས་པར་འགྱུར།། རྟོག་དཔྱོད་རང་རིག་ཚད་མ་མིན།། རིག་པའི་ཚད་མ་དེ་མཐོང་ན།། དེ་ཉིད་ཤིན་ཏུ་རྣལ་འབྱོར་ཏེ།། དེ་ལྟར་དེ་ནི་དེ་བཞིན་ནོ།། འཇུག་པའི་རིམ་གྱིས་མི་གནས་ཏེ། ། མ་བགྲོད་ཅིག་ཆར་འཇུག་པའི་ས།། རྫོགས་པའི་སེམས་ཀྱིས་རང་བཞིན་ནི།། རྟོག་པ་མཐར་ཕྱིན་གསལ་ཁྱབ་མེད།། རྫོགས་པ་སེམས་ཀྱི་རང་བཞིན་ནོ།། བརྡ་དོན་ཕྲད་པ་མཐར་ཕྱིན་པས།། འཛིན་དྲུག་ཞེན་པ་ཡེ་ཤེས་ཤར། ། མཉམ་ཉིད་ཡེ་ཤེས་ལྷུན་གྱིས་གྲུབ།། སྣང་བ་རྣམ་རྟོག་རང་བྱུང་ཡེ་ཤེས་ཤར།། དྲན་པ་ཀུན་ཤེས་ཡེ་ཤེས་མ་གཡོས་ཉིད།། བྱ་བས་བྱིན་པའི་རྩོལ་བའི་ནད་སྤངས་ཏེ།། ལྷུན་གྱིས་གནས་པས་བཞག་པ་ཡིན། ། དེ་ནས་གསང་བའི་བདག་པོས། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ལ་འདི་སྐད་ཅེས་གསོལ་ཏོ།། སྐལ་ལྡན་གདུལ་བྱ་སྣོད་ལྡན་ལ།། རྫོགས་ཆེན་ལྷུན་གྲུབ་ཡེ་གནས་ཀྱང།། རང་གི་བཞིན་ལྟར་སྣང་དང་བྲལ། ། རང་གསལ་རང་བྱུང་བདེ་ཆེན་ལ།། བསྐུར་བའི་ཆ་གཉིས་མི་ལྡན་ཡང།། འགག་མེད་ཆོ་འཕྲུལ་རང་སྣང་དང།། གདུལ་བྱ་ངོ་ལ་སྣང་ཚུལ་གྱིས།། སྤྱི་བླུགས་རྒྱལ་ཐབས་བཤད་དུ་གསོལ། ། རྫོགས་པ་ཆེན་པོ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་སྤུངས་པ་མན་ངག་གི་རྒྱུད་ལས། གླེང་གཞི་དང་གླེང་བླང་བའི་ལེའུ་སྟེ་དང་པོའོ།།།། དེ་ནས་དཔལ་རྡོ་རྗེ་སེམས་དཔས་འདི་སྐད་ཅེས་གསོལ་པ། ཀྱེ་བཅོམ་ལྡན་འདས་དཔལ་གསང་བའི་བདག་ཉིད་ཀུན་བཟང་ཆོས་ཀྱི་སྐུ། ཆོས་ཉིད་དོན་གྱི་ངོ་བོ་དེ།། དེ་དོན་རིམ་པར་བཤད་དུ་གསོལ།། ཅེས་གསོལ་བས། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོས་བཀའ་སྩལ་པ། ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག། ཆོས་ཉིད་བྱང་ཆུབ་སེམས་ཀྱི་དོན།། གཞི་ལམ་འབྲས་བུ་གསུམ་དུ་སྣང།། གཞི་ཉིད་དུས་ནའང་སྐུ་གསུམ་ཉིད།། ལམ་ཡང་སྐུ་གསུམ་ཉིད་དུ་ཤར།། འབྲས་བུ་རང་སྣང་སྐུ་གསུམ་སྣང། ། སྐུ་གསུམ་ཉིད་ཀྱིས་ཆོས་གསུངས་བ།། ཆོས་སྐུས་བྱིན་གྱིས་བརླབས་ཀྱིས་བཤད།། ལོངས་སྐུས་རང་གི་ངོ་བོས་བཤད།། སྤྲུལ་སྐུས་ཚིགས་སྡེབས་སྦྱོར་ལེགས་བཤད།། ཅེས་གསུངས་སོ། ། རྫོགས་པ་ཆེན་པོ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་སྤུངས་པ་གསང་བ་མན་ངག་གི་རྒྱུད་ལས། དོན་གྱི་ངོ་བོ་བཤད་ལུགས་ཀྱི་ལེའུ་སྟེ་གཉིས་པའོ།།།། དེ་ནས་ཡང་རྡོ་རྗེ་སེམས་དཔས་གསོལ་བ།། སེམས་ཉིད་ཐིག་ལེ་ཉག་གཅིག་ལ། ། སྟོན་པ་སྐུ་གསུམ་བྱིན་རླབས་ཀྱིས།། ཐེག་པ་རིམ་དགུར་གསུངས་པའི་དོན།། བདག་ལ་རིམ་པར་བཤད་དུ་གསོལ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག། སེམས་ཀྱི་རང་བཞིན་གཅིག་མོད་ཀྱང།། གདུལ་བྱའི་མཚན་ཉིད་མི་འདྲ་བས།། དབང་པོ་རབ་འབྲིང་གསུམ་དུ་བྱུང།། དབང་པོ་རབ་ཀྱི་དོན་དུ་ནི།། ནང་གི་བསྐྱེད་རྫོགས་རྣམ་གསུམ་བསྟན། ། དབང་པོ་འབྲིང་གི་དོན་དུ་ནི།། ཕྱི་ཡི་ཀྲི་ཡོག་རྣམ་གསུམ་བསྟན།། དབང་པོ་ཐ་མའི་དོན་དུ་ནི།། སྡེ་སྣོད་གསུམ་གྱི་ཐེག་པ་བསྟན།། དེ་ལྟར་ཐེག་པ་རིམ་དགུ་ཡང།། རྫོགས་པ་ཆེན་པོ་གཅིག་པུར་འདུས། ། བརྒྱད་ནི་བཀྲི་དྲངས་དོན་དུ་སྟེ།། གཅིག་ནི་ངེས་པ་ཁོ་ནའོ།། རིམ་པ་བརྒྱད་ཀྱི་ལྟ་བ་ཡིས།། རང་ལ་ཡོད་པའི་རིན་པོ་ཆེ།། རང་རང་ལྟ་སྤྱོད་རྩོལ་བས་བསྒྲིབས།། ནོར་བུ་རིན་ཆེན་མཐོང་བ་མེད།། བརྒྱད་ཀྱིས་མ་མཐོང་རིན་པོ་ཆེ། ། ཤིན་ཏུ་རྣལ་འབྱོར་ཨ་ཏིས་མཐོང།། སྣང་མེད་སེམས་ཀྱི་དོན་མཐོང་བའོ།། མཐོང་ཡང་དེ་ལ་ངོས་གཟུང་མེད།། ཐེག་པའི་རིམ་པ་བརྒྱད་པོ་ཡིས།། རང་གམ་བཞག་ནས་གཞན་ནས་ཚོལ། ། བསྐལ་པར་བཙལ་ཡང་རྙེད་མི་འགྱུར།། ལོང་བས་ནམ་མཁའ་སྙེག་པ་འདྲ། ཞེས་གསུངས་སོ།། བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་སྤུངས་པ་གསང་བ་མན་ངག་གི་རྒྱུད་ལས། རྫོགས་ཆེན་གཅིག་པུར་འདུས་པར་བསྟན་པའི་ལེའུ་སྟེ་གསུམ་པའོ། །།། དེ་ནས་གཞན་ཡང་བཀའ་སྩལ་པ།། ཐེག་པ་རིམ་དགུར་གསུངས་པ་ཡང།། མཚན་ཉིད་རྒྱུ་ཡི་ཐེག་པ་དང།། འབྲས་བུ་རྡོ་རྗེ་ཐེག་པ་སྟེ།། ཐེག་པ་གཉིས་ཀྱི་ངོ་བོར་འདུས། ། སྡེ་སྣོད་གསུམ་གྱི་ཐེག་པ་ནི།། སྤྲུལ་པའི་སྐུ་ཡིས་བསྟན་པ་ནི།། མཚན་ཉིད་རྒྱུ་ཡི་ཐེག་པ་ཡིན།། འབྲས་བུ་རྡོ་རྗེ་ཐེག་པ་ལ།། ཕྱི་ཡི་ཀྲི་ཡོག་རྣམ་པ་གསུམ།། ལོངས་སྤྱོད་རྫོགས་སྐུས་བསྟན་པ་ཡིན།། ནང་གི་བསྐྱེད་རྫོགས་རྣམ་པ་གསུམ། ། ཆོས་ཀྱི་སྐུ་ཡིས་བསྟན་པ་ཡིན།། དེ་དག་ཐམས་ཅད་དོན་ཉིད་ཀྱང།། ཨ་ཏི་ཡོ་ག་ཉིད་དུ་རྫོགས།། རྫོགས་པ་ཆེན་པོ་ཉིད་ལས་མེད།། ཅེས་གསུངས་སོ།། རྫོགས་པ་ཆེན་པོ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་སྤུངས་པ་གསང་བ་མན་ངག་གི་རྒྱུད་ལས། ཐེག་པ་རིམ་པ་དགུ་ཐེག་པ་གཉིས་སུ་འདུས་ཤིང། ཨ་ཏིར་རྫོགས་པའི་ལེའུ་སྟེ་བཞི་པའོ།།།། དེ་ནས་ཡང་དཔལ་རྡོ་རྗེ་སེམས་དཔས་གསོལ་བ། ཀྱེ་བཅོམ་ལྡན་རྡོ་རྗེ་གསང་ཆེན་བདག། སྡེ་སྣོད་གསུམ་གྱི་ཐེག་པ་ལ།། མཚན་ཉིད་རྒྱུ་ཞེས་ཅི་ཕྱིར་བསྟན།། སྔགས་ཀྱི་ཐེག་པ་ཕྱི་ནང་ལ།། འབྲས་བུ་རྡོ་རྗེ་ཅི་ཕྱིར་གདགས།། གསང་བ་མཆོག་གིས་བཤད་དུ་གསོལ། ། ཞེས་གསོལ་པས། བཅོམ་ལྡན་འདས་ཀྱི་བཀའ་སྩལ་པ། ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག། མཚན་ཉིད་རྒྱུ་ཡི་ཐེག་པ་ནི།། ཆོས་སྤྱོད་དགེ་བ་རྒྱུ་བྱས་ནས།། དེ་ཉིད་ལམ་དུ་འཁྱེར་བའི་ཕྱིར།། རྒྱུ་ཡི་ཐེག་པར་བསྟན་པ་ནི། ། འབྲས་བུ་རྡོ་རྗེ་ཐེག་པ་ནི།། ཕྱག་རྒྱའི་དཀྱིལ་འཁོར་ལམ་བྱས་ནས།། འབྲས་བུ་དེ་ཉིད་ལམ་དུ་འཁྱེར།། རང་གི་ལུས་ངག་ཡིད་གསུམ་ནི།། སྐུ་གསུང་ཐུགས་ཀྱི་རྡོ་རྗེར་སྦྱོར།། དེ་ཕྱིར་རྡོ་རྗེའི་ཐེག་པར་བཏགས། ། ཞེས་གསུངས་སོ།། རྫོགས་པ་ཆེན་པོ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་སྦུངས་པ་གསང་བ་མན་ངག་གི་རྒྱུད་ལས། ཐེག་པ་གཉིས་སུ་བསྡུས་པའི་ངེས་ཚིག་གི་ལེའུ་སྟེ་ལྔ་པའོ།།།། དེ་ནས་ཡང་དཔལ་རྡོ་རྗེ་སེམས་དཔས། བཅོམ་ལྡན་འདས་ལ་གསོལ་བ། ཀྱེ་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་གསང་བ་མཆོག་གི་བདག་པོ་ཉིད། རྫོགས་པ་ཆེན་པོའི་དོན་ཉིད་ལ།། གོལ་ས་དང་ནི་སྒྲིབ་པ་ཡང། ། རིགས་པར་བདག་ལ་བཤད་དུ་གསོལ།། ཅེས་གསོལ་པས། སྟོན་པས་བཀའ་སྩལ་པ། ཐེག་པ་བརྒྱད་དུ་ཞེན་པ་ནི།། དེ་ནི་རྫོགས་ཆེན་གོལ་ས་ཡིན།། རང་བྱུང་ཡེ་ཤེས་མ་མཐོང་བས།། དེ་ནི་རྫོགས་ཆེན་སྒྲིབ་པ་ཡིན། ། གོལ་སྒྲིབ་ཅེས་ནི་དེ་ལ་བྱ།། ཆོས་ཉིད་རང་གི་ངོ་བོ་ལ།། གོལ་དང་སྒྲིབ་པ་གདོད་ནས་མེད།། རིག་པ་བྱང་ཆུབ་སེམས་ཉིད་དེ།། རྣམ་རྟོག་རླུང་གིས་མ་བསྐྱོད་ན།། དེ་ཉིད་རང་བྱུང་ཡེ་ཤེས་ཡིན།། རྣམ་རྟོག་རླུང་གིས་བསྐྱོད་ཙམ་ན། ། མ་རིག་འཁྲུལ་དང་ཉོན་མོངས་སྣང།། རིག་པ་ཉིད་ལ་གཡོས་པ་མེད།། ཅེས་གསུངས་སོ།། རྫོགས་པ་ཆེན་པོ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་སྤུངས་པ་གསང་བ་མན་ངག་གི་རྒྱུད་ལས། གོལ་སྒྲིབ་འཁྲུལ་སྣང་བསྟན་པའི་ལེའུ་སྟེ་དྲུག་པའོ།།།། དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག། རིམ་བརྒྱད་ལྟ་བ་མ་བཤད་ན།། རྫོགས་ཆེན་འོག་མར་གོལ་སྲིད་པས། ། ཐེག་པ་བརྒྱད་ཀྱི་ལྟ་བ་བསྟན།། ཉན་ཐོས་ལྟ་བ་རྣམ་གཉིས་ཏེ།། བྱེ་བྲག་པ་དང་མདོ་སྡེ་པའོ།། བྱེ་བྲག་དོན་དམ་རྡུལ་ཕྲན་ཆ།། ཆ་མེད་ཕྱོགས་དང་བཅས་པར་འདོད།། མདོ་སྡེ་གཡག་རྔ་ནེ་སིང་ཚུལ།། རང་རྒྱལ་ཕྱོགས་གཅིག་དེ་དང་མཐུན། ། མདོ་སྡེ་ལྟ་བ་རྣམ་གསུམ་སྟེ།། སེམས་ཙམ་དབུ་མ་རྣལ་འབྱོར་སྤྱོད།། རྣམ་གསུམ་བདེན་པའི་འདོད་པ་ནི།། ཕྱི་ཡི་ཡུལ་དང་ནང་གི་སེམས།། དོན་དམ་དུ་ནི་འབྲལ་མེད་ཀྱང། ། ཀུན་རྫོབ་ཙམ་དུ་འབྲེལ་བར་འདོད།། དེ་ནི་གཟུང་འཛིན་སྟོང་བ་ཡི།། རང་རིག་རང་གསལ་འདོད་པའོ།། རྣམ་རྫུན་རྣམ་པ་བག་ཆགས་ཡིན།། ཤེས་པ་རང་རིག་གསལ་བར་ཞེན།། མདོ་སྡེ་སྤྱོད་པའི་དབུ་མ་ནི། ། སྒྱུ་མ་ལྟ་བུར་འདོད་པའོ།། རྣལ་འབྱོར་སྤྱོད་པའི་དབུ་མ་ནི།། ཕྱི་ཡི་ཡུལ་ལྟར་སྣང་བ་འདི།། སྟོང་ཞིང་སྣང་ལ་སྣང་ཞིང་སྟོང།། སྣང་སྟོང་དབྱེར་མེད་པ་རུ་འདོད།། དེ་ལྟར་མཚོན་ཙམ་སྣང་བ་ཡང།། ཕྱོགས་འཛིན་བཅས་པའི་གོལ་ས་ཡིན། ། ཞེས་གསུངས་སོ།། རྫོགས་པ་ཆེན་པོ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་སྤུངས་པ་གསང་བ་མན་ངག་གི་རྒྱུད་ལས། མཚན་ཉིད་ཀྱི་ལྟ་བ་གོལ་བའི་ལེའུ་སྟེ་བདུན་པའོ།།།། དེ་ནས་ཡང་དག་བཤད་བྱ་བ། སེམས་དཔའ་ཆེན་པོ་ཡང་ཉོན་ཅིག། གསང་སྔགས་ཕྱི་ནང་ལྟ་བ་ནི།། དེ་ཡང་ཐུན་མོང་ལྟ་བ་ནི།། བདེན་པ་གཉིས་ཀྱིས་མུ་གཟུང་ནས།། དོན་དམ་སྐྱེ་འགག་མེད་པར་འདོད།། ཀུན་རྫོབ་ལྷ་ཡི་དཀྱིལ་འཁོར་འདོད། ། ཅུང་ཟད་ཕྱོགས་ཆ་མི་འཐུན་པས།། བྱ་བའི་རྒྱུད་ཀྱི་ཐེག་པ་ནི།། ཆོ་ག་ཡན་ལག་བཅུ་གཅིག་གིས།། བྱིན་གྱིས་བརླབས་ནས་ལྷ་རུ་འདོད།། དེ་ཡང་རྗེ་དང་ཁོལ་གྱི་ཚུལ། ། གཉིས་ཀ་རྒྱུད་འདི་དཔོན་གཡོག་ཚུལ།། རྣལ་འབྱོར་རྒྱུད་ཀྱི་ཐེག་པ་ནི།། ཡོ་ག་སྤུན་དང་གྲོགས་པོའི་ཚུལ།། བསྐྱེད་པ་མ་ཧཱ་ཡོ་ག་ནི།། ཏིང་འཛིན་གསུམ་དང་བསྙེན་བསྒྲུབ་བཞིས།། ཡོངས་སུ་སྦྱངས་ནས་ལྷ་རུ་འདོད། ། ཡེ་ཤེས་དམ་ཚིག་ཚུལ་མི་འཛིན།། རྫོགས་པ་ཨ་ནུ་ཡོ་ག་ནི།། ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས།། ལྷ་དང་ལྷ་མོའི་དཀྱིལ་འཁོར་དུ།། མ་བསྐྱེད་རྫོགས་པའི་ཚུལ་དུ་འདོད།། དེ་རྣམས་ཐམས་ཅད་རྩོལ་འཛིན་བཅས། ། ཨ་ཏིས་བལྟས་པའི་གོས་ས་ཡིན།། ཞེས་གསུངས་སོ།། རྫོགས་པ་ཆེན་པོ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་སྤུངས་པ་གསང་བ་མན་ངག་གི་རྒྱུད་ལས། གསང་སྔགས་པ་གོལ་བར་བསྟན་པའི་ལེའུ་སྟེ་བརྒྱད་པའོ། །།། དེ་ནས་ཡང་དཔལ་རྡོ་རྗེ་སེམས་དཔས་གསོལ་བ། ཀྱེ་གསང་བའི་བདག་པོ་ཀུན་བཟང་ཉིད།། གོལ་སྒྲིབ་དག་ལས་འདས་པ་ཡིས།། རྫོགས་པ་ཆེན་པོ་ཨ་ཏི་ཡི།། ལྟ་བ་ཡང་དག་བཤད་དུ་གསོལ། ། ཅེས་ཞུས་པས། བཅོམ་ལྡན་འདས་དཔལ་ཀུན་བཟང་གིས་བཀའ་སྩལ་པ། ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག། རྫོགས་པ་ཆེན་པོའི་ལྟ་བ་ནི།། མ་འདྲེས་ཡོངས་སུ་རྫོགས་པ་ཡིན།། ཀུན་བྲལ་ཇི་མ་སྤངས་པ་ཡིན། ། རྒྱ་ཆད་ཕྱོགས་ལྷུང་མེད་པ་ཡིན།། ཡིན་ཚུལ་ངེས་པ་མེད་པ་ལ།། སྣང་ཚུལ་ཅིར་ཡང་སྣང་བ་ཡིན།། རང་བཞིན་གཅིག་ཏུ་མ་ངེས་པས།། ལྟ་བ་ངོས་བཟུང་མེད་པ་ཡིན།། དེ་ལྟ་བུ་ནི་རང་བྱུང་བའི།། ཡེ་ཤེས་ཆེན་པོ་ཞེས་ཀྱང་བྱ། ། རྒྱུ་རྐྱེན་མེད་པས་རང་བྱུང་ཡིན།། སྒྲིབ་གཡོགས་མེད་པས་ཡེ་ཤེས་ཡིན།། རྩོལ་སྒྲུབ་མེད་པས་བྱ་བཙལ་འདས།། དེ་ལྟར་རྟོགས་ན་སྒྲིབ་མེད་པས།། གོལ་སྒྲིབ་མཐའ་ལས་འདས་པ་ཡིན། ། ཞེས་གསུངས་སོ།། བྱང་ཆུབ་ཀྱི་སེམས་རིན་པོ་སྤུངས་པ་གསང་བ་མན་ངག་གི་རྒྱུད་ལས། རྫོགས་པ་ཆེན་པོ་ལྟ་བ་དངོས་སུ་བསྟན་པའི་ལེའུ་སྟེ་དགུ་པའོ།།།། དེ་ནས་ཡང་ནི་ངེས་གསུངས་པ།། སེམས་དཔའ་ཆེན་པོ་གུས་པས་ཉོན། ། ཐེག་བརྒྱད་ལྟ་བ་མ་འདྲེས་པ།། རྫོགས་ཆེན་དོན་གྱི་ཡེ་ཤེས་ལ།། དེ་ཉིད་མ་འདྲེས་ཡོངས་སུ་རྫོགས།། བློས་བཏགས་ཆོས་ནི་ཀུན་བྲལ་བས།། རང་སྣང་ངོ་བོ་ཇི་མ་སྤངས།། འདི་ཡིན་གང་དུ་རྒྱ་མ་ཆད། ། གང་གི་ཕྱོགས་སུ་མ་ལྷུང་བའི།། འདི་ལྟར་ཡིན་ཚུལ་ངེས་མེད་པས།། མི་མཐུན་བསམ་ངོ་སོ་སོ་ལ།། སྣང་ཚུལ་ཅིར་ཡང་སྣང་བའི་ཚུལ།། རང་བཞིན་འདི་ལྟར་མ་ངེས་པ།། ངོས་གཟུང་མེད་པའི་དོན་ཉིད་དོ། ། དེ་ལྟར་རྟོགས་པའི་ལྟ་བ་ནི།། སྒྲིབ་མེད་ལྟ་བ་དམ་པའོ། ཞེས་གསུངས་སོ།། རྫོགས་པ་ཆེན་པོ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་སྤུངས་པ་གསང་བ་མན་ངག་གི་རྒྱུད་ལས། ལྟ་བ་དོན་ཉིད་རྒྱས་པར་བཤད་པའི་ལེའུ་སྟེ་བཅུ་པའོ། །།། དེ་ནས་ཡང་རྡོ་རྗེ་སེམས་དཔས་གསོལ་པ། ཀྱེ་བཅོམ་ལྡན་དཔལ་གསང་ཆེན་བདག། ཆོས་ཉིད་དོན་གྱི་ངོ་བོ་དེ།། ཇི་ལྟར་སྟོང་ཞིང་གནས་པའི་ལུགས།། ཉིད་ཀྱིས་བདག་ལ་བསྟན་དུ་གསོལ། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག། ཆོས་ཉིད་དོན་གྱི་ངོ་བོ་དང།། བློས་བཏགས་ཆོས་ཀྱི་སྟོང་པ་ལས།། རང་སྣང་ངོ་བོས་སྟོང་མ་མྱོང། ། ཆོས་ཉིད་རང་གི་ངོ་བོ་དེ།། སྟོང་དང་མི་སྟོང་གཉིས་སུ་མེད།། ཕྱོགས་གཅིག་སྤངས་པའི་སྟོང་པ་དང། ཕྱོགས་བྲལ་སྟོང་པ་ཆེན་པོ་གཉིས།། སྟོང་པའི་མིང་དུ་འདྲ་མོད་ཀྱང།། མི་མཐུན་ཁྱད་པར་ཤིན་ཏུ་ཆེ། ། མ་རིག་པ་དང་ཡེ་ཤེས་གཉིས།། ཀུན་གཞི་སེམས་ཀྱི་ངོ་བོ་ལ།། གང་དུ་ངེས་པ་མེད་པ་ལ།། རྐྱེན་གྱིས་སོ་སོར་བསླད་ནས་ནི།། མ་རིག་ཡེ་ཤེས་གཉིས་ཀྱི་ཚུལ།། ཆོས་ཉིད་རང་གི་ངོ་བོ་ལ།། མ་རིག་ཡེ་ཤེས་གཉིས་སུ་མེད། ། ཆོས་སྐུ་ཐིག་ལེ་ཉག་གཅིག་གིས།། ཡ་ཐ་རྒྱལ་བའི་དཀྱིལ་འཁོར་ནས།། མ་མཐའ་མནར་མེད་སེམས་ཅན་ལ།། ཏིལ་ལ་མར་གྱིས་ཁྱབ་པ་བཞིན།། ཀུན་ལ་ཁྱབ་པར་གནས་མོད་ཀྱང།། མི་མཐུན་ཁྱད་པར་ཤིན་ཏུ་ཆེ། ། སངས་རྒྱས་དབུས་ན་བཞུགས་ཙམ་ན།། དྲི་མེད་ཆོས་ཀྱི་སྐུ་རུ་བཞུགས།། མིང་ཡང་ཆོས་ཉིད་བྱང་ཆུབ་སེམས།། ཡོད་ཀྱང་རང་གིས་མ་མཐོང་བས།། དབུལ་མོའི་གཏེར་དང་གྱད་ནོར་འདྲ། ། ཞེས་གསུངས་སོ།། རྫོགས་པ་ཆེན་པོ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་སྤུངས་པ་གསང་བ་མན་ངག་གི་རྒྱུད་ལས། ལྟ་བའི་གནས་ཚུལ་བསྟན་པའི་ལེའུ་སྟེ་བཅུ་གཅིག་པའོ།།།། དེ་ནས་ཡང་རྡོ་རྗེ་སེམས་དཔས་གསོལ་བ། དེ་ལྟར་ལྟ་བའི་དོན་ཉིད་ལ།། སྒོམ་པའི་རིམ་པ་ཇི་ལྟར་གནས།། ཞེས་གསོལ་པས། དཔལ་ཀུན་ཏུ་བཟང་པོས་བཀའ་སྩལ་པ། ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག། ཆོས་ཉིད་ཇི་བཞིན་རྣལ་མ་ལ། ། བློ་ཇི་བཞིན་པར་བཞག་སྟེ།། དབང་པོ་རྒྱ་ཡན། རིག་པ་ཁྱབ་བདལ། ལུས་སེམས་བཅོས་པ་མེད་པར་གཞག་གོ། དེས་ན་ཡང་དབང་པོ་ཡུལ་ལ་བསྡུ་མི་བྱ། ཡུལ་དང་དབང་པོ་མི་དབྱེ་ལྷུག་པར་བཞག། ཆོས་ཉིད་ངོ་བོ་མི་གཟུང་རང་སྣང་ངོ་བོར་གཞག། མཉམ་གཞག་ཡེངས་ལ་བཙལ་ཞིང་རྗེས་ཐོབ་ད་ལྟར་བཙའ་ཞེས་གསུངས་སོ།། རྫོགས་པ་ཆེན་པོ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་སྤུངས་པ་གསང་བ་མན་ངག་གི་རྒྱུད་ལས། མཉམ་གཞག་སྒོམ་པའི་ལེའུ་སྟེ་བཅུ་གཉིས་པའོ།།།། དེ་ནས་ཡང་དཔལ་རྡོ་རྗེ་སེམས་དཔས་གསོལ་པ། ཀྱེ་ཀྱེ་བཅོམ་ལྡན་འདས། དེ་ལྟར་ལྟ་སྒོམ་གསུངས་པ་ལ།། སྤྱོད་པའི་རིམ་པ་ཇི་ལྟར་ལགས། ། ཞེས་གསོལ་བས། དཔལ་ཀུན་ཏུ་བཟང་པོས་བཀའ་སྩལ་པ། ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག། སྤྱོད་པའི་དོན་ནི་སེམས་ཉིད་མ་བཅོས་པ་རྣལ་མར་གཞག་པའོ།། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་ཇི་བཞིན་པ་ལ། མ་བཅོས་ཏེ་བཅོས་མ་མཛད། བཅོས་པ་མཛད་པར་མི་འགྱུར་ཏེ། དེ་བས་ན་སེམས་དཔའ་ཆེན་པོ། ཆུ་མ་རྙོགས་ན་དངས། སེམས་མ་བཅོས་ན་གསལ། ལམ་མ་འགྲོད་ན་ཉེ། འབྲས་བུ་མ་དམིགས་ན་ཐོབ། རང་ལུགས་སུ་མ་བཅོས་པ་དེ་ཉིད་ཀྱི་ངང་དུ་མ་ཡེངས་པར་གནས་ཤིང་སྤྱད་པར་བྱའོ།། དེ་ལ་སྙིང་རྗེ་ཆེན་པོ་འཆར། ལྟ་སྒོམ་སྤྱོད་པས་ཉམས་སུ་བླངས་ན། འབྲས་བུ་སྐུ་དང་ཡེ་ཤེས་གཉིས་སུ་མེད་པར་ལྷུན་གྱིས་གྲུབ་པར་འགྱུར་བའོ། ། ཞེས་གསུངས་སོ།། རྫོགས་པ་ཆེན་པོ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་སྤུངས་པ་གསང་བ་མན་ངག་གི་རྒྱུད་ལས། སྤྱོད་པའི་ལེའུ་སྟེ་བཅུ་གསུམ་པའོ།།།། དེ་ནས་དཔལ་རྡོ་རྗེ་སེམས་དཔས། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བདག་གིས་རྒྱུད་འདི་ཇི་ལྟར་གཟུང་བར་བགྱི། ཞེས་ཚུལ།། ཆོས་ཉིད་རང་གི་ངོ་བོ་ལ། ། མ་རིག་ཡེ་ཤེས་གཉིས་སུ་མེད།། ཆོས་སྐུ་ཐིག་ལེ་ཉག་གཅིག་གིས།། ཡ་ཐ་རྒྱལ་བའི་དཀྱིལ་འཁོར་ནས།། མ་མཐའ་མནར་མེད་སེམས་ཅན་ལ།། ཏིལ་ལ་མར་གྱིས་ཁྱབ་པ་བཞིན།། ཀུན་ལ་ཁྱབ་པར་གནས་མོད་ཀྱང། ། མི་མཐུན་ཁྱད་པར་ཤིན་ཏུ་ཆེ།། སངས་རྒྱས་དབུས་ན་བཞུགས་ཙམ་ན།། དྲི་མེད་ཆོས་ཀྱི་སྐུ་རུ་བཞུགས།། མིང་ཡང་ཆོས་ཉིད་བྱང་ཆུབ་སེམས།། ཡོད་ཀྱང་རང་གིས་མ་མཐོང་བས།། དབུལ་མོའི་གཏེར་དང་གྱད་ནོར་འདྲ། ། ཞེས་གསུངས་སོ།། རྫོགས་པ་ཆེན་པོ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་སྤུངས་པ་གསང་བ་མན་ངག་གི་རྒྱུད་ལས། ལྟ་བའི་གནས་ཚུལ་བསྟན་པའི་ལེའུ་སྟེ་བཅུ་གཅིག་པའོ།།།། དེ་ནས་ཡང་རྡོ་རྗེ་སེམས་དཔས་གསོལ་བ། དེ་ལྟར་ལྟ་བའི་དོན་ཉིད་ལ།། སྒོམ་པའི་རིམ་པ་ཇི་ལྟར་གནས།། ཞེས་གསོལ་པས། དཔལ་ཀུན་ཏུ་བཟང་པོས་བཀའ་སྩལ་པ། ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག། ཆོས་ཉིད་ཇི་བཞིན་རྣལ་མ་ལ། ། བློ་ཇི་བཞིན་པར་བཞག་སྟེ།། དབང་པོ་རྒྱ་ཡན། རིག་པ་ཁྱབ་བདལ། ལུས་སེམས་བཅོས་པ་མེད་པར་གཞག་གོ། དེས་ན་ཡང་དབང་པོ་ཡུལ་ལ་བསྡུ་མི་བྱ། ཡུལ་དང་དབང་པོ་མི་དབྱེ་ལྷུག་པར་བཞག། ཆོས་ཉིད་ངོ་བོ་མི་གཟུང་རང་སྣང་ངོ་བོར་གཞག། མཉམ་གཞག་ཡེངས་ལ་བཙལ་ཞིང་རྗེས་ཐོབ་ད་ལྟར་བཙའ་ཞེས་གསུངས་སོ།། རྫོགས་པ་ཆེན་པོ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་སྤུངས་པ་གསང་བ་མན་ངག་གི་རྒྱུད་ལས། མཉམ་གཞག་སྒོམ་པའི་ལེའུ་སྟེ་བཅུ་གཉིས་པའོ།།།། དེ་ནས་ཡང་དཔལ་རྡོ་རྗེ་སེམས་དཔས་གསོལ་པ། ཀྱེ་ཀྱེ་བཅོམ་ལྡན་འདས། དེ་ལྟར་ལྟ་སྒོམ་གསུངས་པ་ལ།། སྤྱོད་པའི་རིམ་པ་ཇི་ལྟར་ལགས། ། ཞེས་གསོལ་བས། དཔལ་ཀུན་ཏུ་བཟང་པོས་བཀའ་སྩལ་པ། ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག། སྤྱོད་པའི་དོན་ནི་སེམས་ཉིད་མ་བཅོས་པ་རྣལ་མར་གཞག་པའོ།། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་ཇི་བཞིན་པ་ལ། མ་བཅོས་ཏེ་བཅོས་མ་མཛད། བཅོས་པ་མཛད་པར་མི་འགྱུར་ཏེ། དེ་བས་ན་སེམས་དཔའ་ཆེན་པོ། ཆུ་མ་རྙོགས་ན་དངས། སེམས་མ་བཅོས་ན་གསལ། ལམ་མ་འགྲོད་ན་ཉེ། འབྲས་བུ་མ་དམིགས་ན་ཐོབ། རང་ལུགས་སུ་མ་བཅོས་པ་དེ་ཉིད་ཀྱི་ངང་དུ་མ་ཡེངས་པར་གནས་ཤིང་སྤྱད་པར་བྱའོ།། དེ་ལ་སྙིང་རྗེ་ཆེན་པོ་འཆར། ལྟ་སྒོམ་སྤྱོད་པས་ཉམས་སུ་བླངས་ན། འབྲས་བུ་སྐུ་དང་ཡེ་ཤེས་གཉིས་སུ་མེད་པར་ལྷུན་གྱིས་གྲུབ་པར་འགྱུར་བའོ། ། ཞེས་གསུངས་སོ།། རྫོགས་པ་ཆེན་པོ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་སྤུངས་པ་གསང་བ་མན་ངག་གི་རྒྱུད་ལས། སྤྱོད་པའི་ལེའུ་སྟེ་བཅུ་གསུམ་པའོ།།།། དེ་ནས་དཔལ་རྡོ་རྗེ་སེམས་དཔས། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བདག་གིས་རྒྱུད་འདི་ཇི་ལྟར་གཟུང་བར་བགྱི། ཞེས་གསོལ་བས། དཔལ་ཀུན་ཏུ་བཟང་པོས་བཀའ་སྩལ་པ། ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག། རྒྱུད་འདི་ནི་རྒྱུད་ཐམས་ཅད་ཀྱི་ཡང་སྙིང་ལྟ་བུ་ཡིན་ཏེ། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ལ་དགོངས་པའི་དོན་ཉིད་འདི་ལས་མི་མངའ་བའི་ཕྱིར། རྒྱུད་འདི་ནི་རིན་པོ་ཆེ་དང་འདྲ་བས། རིན་པོ་ཆེ་སྤུངས་པ་གསང་བ་མན་ངག་གི་རྒྱུད་ཅེས་བྱ་བར་གཟུང་ཞིང་བཅང་བར་བྱའོ།། འདི་བསྟན་པའི་གནས་ཀྱང་གང་ཟག་རིན་པོ་ཆེ་ལྟ་བུ་ལ་གནག་ཅིང་གདམས་པ་ལས། གཞན་དུ་མ་ཡིན་པར་ཤེས་པར་བྱའོ།། དེ་ཅིའི་ཕྱིར་ཞེ་ན། རྒྱུད་འདི་ནི་ཤིན་ཏུ་ཟབ་བའི་ཕྱིར། སྣོད་ངན་ལ་བསྟན་པ་མ་ཡིན་ཏེ། གསང་བར་བྱའོ། ཞེས་བཀའ་སྩལ་པ་དང། རྡོ་རྗེ་སེམས་དཔའ་ལ་སོགས་པའི་འཁོར་རྣམས་ཤིན་ཏུ་ཡི་རངས་ཏེ། ངོ་མཚར་བའི་སྒོ་ནས། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་བསྟོད་པ་དང་མཆོད་པ་སྣ་ཚོགས་བྱས་ནས། ཐམས་ཅད་རྫོགས་པར་མ་བགྲོད་པར་སྤྱིར་ཁྱབ་ཀྱི་ས་ལ་ཕྱིན་པར་གྱུར་ཏོ། ། རྫོགས་པ་ཆེན་པོ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་སྤུངས་པ་གསང་བ་མན་ངག་གི་རྒྱུད་ལས། རྒྱུད་ཡོངས་སུ་གཟུང་བའི་ལེའུ་སྟེ་བཅུ་བཞི་པའོ།།།། རྫོགས་པ་ཆེན་པོ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་སྤུངས་པ་གསང་བ་མན་ངག་གི་རྒྱུད་ཅེས་བྱ་བ་རྫོགས་སོ། །།། ཆོས་གྲཝའི་སློབ་དཔོན་ཆེན་པོ་ཤྲི་སིང་ཧ་དང། རྡོ་རྗེ་ཡང་དབང་གཏེར་གྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།།།། རིན་པོ་ཆེ་སྣང་བྱེད་ཀྱི་རྒྱུད་ཅེས་བྱ་བ་བཞུགས་སོ། ། ཐིག་ལེ་གསང་སྐོར་གྱི་མཛོད་ཀྱི་རྩ་རྒྱུད་རྫོགས་སོ།།།། རྒྱ་གར་སྐད་དུ། བུདྡྷ་སརྦ་ས་མི་ཏི་མང་ལ་ཨཱ་ཏ། ཛྙ་ན་ཨ་ལོ་ཀེ་མ་ཧཱ་ཏན་ཏྲ་ནཱ་མ། བོད་སྐད་དུ། སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་མ་བཅོས་ཇི་བཞིན་མའི་དོན་ཡེ་ཤེས་ཀྱི་མར་མེ་ཆེན་པོའི་རྒྱུད་ཅེས་བྱ་བ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་བདག་ཉིད་ཆེན་པོ་ལ་ཐོས་པའི་དུས་གཅིག་ན། འོག་མིན་གྱི་གནས་རྒྱན་མ་བཀོད་པར་སྣང་བ། ཡང་དག་པར་རྫོགས་པའི་སངས་རྒྱས་རྡོ་རྗེ་འཆང་ཆེན་པོ་ལྷན་ཅིག་སྐྱེས་པ་ཡེ་ཤེས། རང་སྣང་རྟོགས་པའི་འཁོར། འདུ་འབྲལ་མེད་པའི་གྲོགས། རྟག་པར་བཞུགས་པའི་ཚེ། གདུལ་བྱ་རང་སྣང་གི་འཁོར་དང་ཐབས་ཅིག་ཏུ་བཞུགས་སོ།། དེའི་ཚེ་རྡོ་རྗེ་སེམས་དཔས་འདི་སྐད་ཅེས་གསོལ་ཏོ།། ཀྱེ་ཀྱེ། མི་འགྱུར་ལྷུན་གྲུབ་ཀུན་བཟང་རྡོ་རྗེ་འཆང། ། སངས་རྒྱས་ཀུན་གྱི་ས་ན་དགོངས་པ་ཇི་ལྟར་བཞུགས།། འཁྲུལ་གསུམ་སྦུབས་ནས་མ་འཁྲུལ་སངས་རྒྱས་ཇི་ལྟར་གནས།། མ་བཙལ་ངང་ལ་བསྡད་པས་རྟོགས་ལྡན་ཇི་ལྟར་གྲོལ།། དེ་རང་གི་མཚན་ཉིད་མངོན་དུ་ཇི་ལྟར་འགྱུར། ། འདུས་པའི་ཚོགས་དང་མ་འོངས་སྣོད་ལྡན་རྗེས་འཇུག་ལ།། བསྟན་པའི་སྒྲོན་མར་གྱུར་པ་ཡེ་ཤེས་མར་མེའི་རྒྱུད།། བརྗོད་མེད་དོན་དང་བརྡ་ཡི་སྒོ་ནས་གསུང་དུ་གསོལ།། ཅེས་ཞུས་སོ།། དེ་ནས་རྡོ་རྗེ་འཆང་ཆེན་པོས་བཀའ་སྩལ་པ། སངས་རྒྱས་ས་དང་འགྲོ་བའི་རྒྱུད་ལས་གནས་ལུགས་དང།། རྟོགས་ལྡན་མ་བཙལ་མངོན་དུ་ཇི་ལྟར་འགྱུར།། དྲིས་པའི་དོན་དང་དམིགས་རྣམས་ངེས་པའི་འཁོར་ལ་བཤད། ། ཅེས་གསུངས་སོ།། སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་མ་བཅོས་ཇི་བཞིན་མའི་དོན་ཡེ་ཤེས་ཀྱི་མར་མེ་ཆེན་པོའི་རྒྱུད་ལས། གླེང་གཞི་དང་གླེང་སླང་བའི་ལེའུ་སྟེ་དང་པོའོ། །།། དེ་ནས་རྡོ་རྗེ་སེམས་དཔས་གསོལ་པ། ཀྱེ་ཀྱེ་བཅོམ་ལྡན་རྡོ་རྗེ་འཆང།། དགོངས་པའི་གནས་ལུགས་གསུང་དུ་གསོལ།། ཅེས་ཞུས་སོ།། དེ་ནས་སྟོན་པས་བཀའ་སྩལ་པ། རིགས་ཀྱི་བུ་ཀུན་ངེས་པར་ཟུངས་ཤིག། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་དགོངས་པ་དཔག་པའི་ཡུལ་ལས་འདས་ན་ཡང། ངས་མདོ་ཙམ་གཅིག་བསྟན་ཏོ།། སྤྱིར་སངས་རྒྱས་ཀྱི་དགོངས་པ་ནི་ཐུགས་རྗེ་སྐུར་བཞུགས་སོ།། མཁྱེན་པ་ཡེ་ཤེས་སུ་གསལ་ལོ། ། རྒྱུད་ཐ་དད་མེད་པས་ཐིག་ལེ་ཉག་གཅིག་ཏུ་བཞུགས་སོ།། དེ་ལོགས་ན་མེད་པས་སོ་སོ་རང་རིག་པའི་ཡེ་ཤེས་སུ་བཞུགས་སོ།། ཐུགས་རྗེ་སྐུ་རུ་མི་བཞུགས་ན། སྟོན་པ་འཇིག་རྟེན་དུ་མི་འབྱོན་ཏེ། སངས་རྒྱས་ཀྱི་མཛད་པ་ལྷུན་གྲུབ་ཀྱིས་འགགས་པས། ཉན་ཐོས་རང་རྒྱལ་དང་ཁྱད་པར་མེད་དོ།། འཁོར་འདས་འབྲེལ་ཆད་དོ།། མཁྱེན་པ་ཡེ་ཤེས་སུ་མི་གསལ་ན། མུ་སྟེགས་ཆད་པའི་ལྟ་བ་དང་ཁྱད་པར་མེད་དོ། ། དེ་ཡང་ལྷུན་གྲུབ་ཀྱི་ཡེ་ཤེས་མེད་ན། ཆད་པ་སྤྱིར་གོལ་ལོ།། མངོན་གྱུར་གྱི་ཡེ་ཤེས་མེད་ན། ལས་རྒྱུ་འབྲས་ཆད་པར་ལྟ་བ་མུ་ཐུག་པ་ལ་སོགས་པར་གོལ་ལོ།། རྒྱུད་ཐ་དད་མེད་པ་ཐིག་ལེ་ཉག་གཅིག་ཏུ་མི་བཞུགས་ན། གྲངས་ཅན་དང་བྱེ་བྲག་པ་གཉིས་སུ་གོལ་ལོ།། ལོགས་ན་མེད་པས་ཐམས་ཅད་སོ་སོ་རང་རིག་ཏུ་མི་བཞུགས་ན། མུ་སྟེགས་རིག་བྱེད་པར་གོལ་ལོ།། ཀྱེ་མ་རིགས་ཀྱི་བུ་ཀུན་སངས་རྒྱས་ཀྱི་བསྟན་པ་ལ་མ་ཚུད་པའི་ལོག་ལྟ་ཅན། ཡང་དག་པའི་ལྟ་བ་ལ་བར་དུ་གཅོད་པའི་ལྟ་བའི་མུ་ངན་པ་གྲུབ་མཐའི་སྟེགས་བཅས་པ་དེ་ལྟ་བུ་སྔོན་ཡང་བྱུང་ངོ།། ད་ལྟ་ཡང་ཡོད་དོ།། ཕྱིས་ཀྱང་འབྱུང་བར་འགྱུར་བས། དེའི་འདོད་པ་ལས་རབ་ཏུ་གྲོལ་བར་བྱའོ།། སངས་རྒྱས་ཀྱི་བསྟན་པ་ལ་ཞུགས་པ་དང། བསྟན་པའི་བྱིན་རླབས་ལ་སྤྱོད་པ་དང། ཉན་ཐོས་དང་རང་རྒྱལ་པ་ལ་སོགས་ལྟ་བ་དམན་པ། གཞན་དོན་མི་ནུས་པ། རང་དོན་གཙོ་བོར་འཛིན་པ་དུས་གསུམ་དུ་འབྱུང་བས། དེ་ལས་རབ་ཏུ་གྲོལ་བར་བྱའོ།། ཨེ་མའོ་རིགས་ཀྱི་བུ་ཀུན། ཐུགས་རྗེ་སྐུ་རུ་བཞུགས་པས། མཛད་པ་འཕྲིན་ལས་ཀྱི་གོལ་ས། ཉན་ཐོས་དང་རང་རྒྱལ་གྱི་སྐྱོན་མ་སྤངས་པར་ཀ་ནས་དག་གོ། ཡོན་ཏན་མ་བསྒྲུབས་པར་སྐུ་གསུམ་འདུ་འབྲལ་མེད་པར་ཡེ་ནས་ལྷུན་གྲུབ་ཀྱིས་གྲུབ་བོ།། མཁྱེན་པ་ཡེ་ཤེས་སུ་གསལ་བས། མུ་སྟེགས་ཆད་པའི་སྐྱོན་གཉིས་མ་སྤངས་པར་ཀ་ནས་དག་གོ། ཡོན་ཏན་མ་བསྒྲུབས་པར་ཡེ་ཤེས་གཉིས་སུ་ལྷུན་གྱིས་གྲུབ་བོ།། རྒྱུད་ཐ་དད་མེད་པས་ཐིག་ལེ་ཉག་གཅིག་ཏུ་གནས་པས། གྲངས་གཅིག་གི་རྡུལ་དང། མུན་པ་དང། ཆེན་པོ་སོ་སོར་གྱུར་པ་ལ་སོགས་པ་ཉི་ཤུ་རྩ་ལྔས་རྫས་གྲུབ་ཏུ་རྟག་པར་འཛིན་པ་དང། འབྲས་བུའི་ཆོས་ཉི་ཤུ་རྩ་ལྔར་འདོད་པ་དང་གཉིས་གྲངས་ཀྱི་སྒོ་ནས་མཐུན་པ་དང། བྱེ་བྲག་པ་རྫས་དང། ཡོན་ཏན་ལས་དང། སྤྱི་བྱེ་བྲག་འདུ་བ་དྲུག་ཏུ་འདོད་པ་དང། སྐུ་ལྔ་ངོ་བོ་ཉིད་དུ་འདོད་པ་དང་དྲུག་ཡུལ་ལྔ་བདག་ཏུ་མེད་པར་འདོད་པ་དང་དྲུག་རིགས་ལྔ་སྤྱི་གཟུགས་སུ་འདོད་པ་དང་དྲུག་ཡེ་ཤེས་ལྔ་མི་གནས་པའི་ཡེ་ཤེས་དང་དྲུག་ཏུ་འདོད་པ་དེ། གྲངས་ཀྱི་སྒོ་དང་རང་བྱུང་ཡེ་ཤེས་མི་འགྱུར་ཞིང། འབྲས་བུ་ཕྱིར་མི་ལྡོག་པའི་སྒོ་ནས་ཕྱོགས་གཅིག་གིས། འདྲ་བཞིའི་གོལ་ས་རྣམ་པར་དག་གོ། སོ་སོ་རང་རིག་པའི་ཡེ་ཤེས་སུ་བཞུགས་པས། ཐིག་ལེ་ཉག་གཅིག་ཏུ་འདོད་པའི་གོལ་ས་རྣམ་པར་དག་གོ། ཐིག་ལེ་འོད་དུ་གསལ་བ་ཡང་རང་བཞིན་སྤྲོས་དང་བྲལ་བས། རིག་བྱེད་སྡེ་ལྔའི་གོལ་ས་རང་བཞིན་གྱིས་རྣམ་པར་དག་གོ། ཀྱེ་ཧོ། རང་གིས་རང་བཞིན་མ་བཅོས་དེ་བཞིན་ཉིད། ། སྤྲིན་བྲལ་མཁའ་ལ་ཉི་མའི་སྙིང་པོ་གསལ།། འཁྲུལ་རྟོག་གློ་བུར་སྤྲིན་གྱིས་བསྒྲིབས་པར་གྱུར་པ་བཞིན།། རང་གི་རང་བཞིན་མ་ཤེས་གོལ་སར་ལྷུང།། ཀུན་གྱིས་སྤྱོད་ཡུལ་མ་ཡིན་མཐོང་བར་མི་འགྱུར་བས། ། སོ་སོ་ཀུན་ལ་སྒྲིབ་པར་རིམ་པར་གནས་པ་ཡིན།། དེ་ཕྱིར་བློ་ལ་གོལ་སྒྲིབ་སྣང་བར་གྱུར་ན་ཡང།། ཀ་དག་ལྷུན་གྲུབ་དོན་ལ་གདོད་ནས་རྣམ་པར་དག། ཨེ་མཧོ།། དེའི་ཕྱིར་སངས་རྒྱས་ཀྱི་དགོངས་པ་ནི། སྐྱོན་མ་སྤངས་པར་ཀ་ནས་དག་པས་ཡེ་ནས་སངས།། ཡོན་ཏན་མ་བསྒྲུབས་པར་ལྷུན་གྱིས་གྲུབ་པས་ཡེ་ནས་རྒྱས་པ་ཞེས་བྱའོ།། ཞེས་གསུངས་སོ།། སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་མ་བཅོས་ཇི་བཞིན་མའི་དོན་ཡེ་ཤེས་ཀྱི་མར་མེ་ཆེན་པོའི་རྒྱུད་ལས། སངས་རྒྱས་ཀྱི་དགོངས་པ་མདོར་བསྟན་པའི་ལེའུ་སྟེ་གཉིས་པའོ།།།། དེ་ནས་ཡང་རྡོ་རྗེ་སེམས་དཔས་ཞུས་པ། ཀྱེ་ཀྱེ་སྟོན་པ་རྡོ་རྗེ་འཆང།། ཐུགས་རྗེ་སྐུ་རུ་ཇི་ལྟར་བཞུགས། ། ཞེས་ཞུས་སོ།། དེ་ནས་རྡོ་རྗེ་འཆང་ཆེན་པོས་བཀའ་སྩལ་པ། རིགས་ཀྱི་བུ་སྐུའི་རྣམ་གྲངས་བསྡུས་པས་གསུམ་དུ་བཞུགས་སོ།། གང་ཞེ་ན། རིག་པ་མ་འགགས་པ་གཞི་ཆོས་ཀྱི་སྐུ་ལྷུན་གྲུབ་ཡེ་ཤེས་ཀྱི་ཁ་མིག་ཅན་ནོ། ། ཤེས་རབ་ལ་གསལ་བ་འབྲས་བུ་ལོངས་སྤྱོད་རྫོགས་པའི་སྐུ་ཤེས་རབ་ཀྱི་ཁ་མིག་ཅན་དུ་བཞུགས་སོ།། གདུལ་བྱ་ལ་སྣང་ལ་ཐུགས་རྗེ་སྤྲུལ་པའི་སྐུ་འོད་ཀྱི་ཁ་མིག་ཅན་ནོ།། དེས་ཡང་སྤྲུལ་ཟེར་གྱི་ཁ་མིག་ཅན་དུ་འཕྲོས་པའི་གཞི་མ་འགགས་པའོ། ། ཀྱེ་མ་ཆོས་ཀྱི་སྐུ་ལ་ཡེ་ཤེས་ཀྱི་ཁ་མིག་མེད་ན། ལོངས་སྐུ་ལ་ཤེས་རབ་ཀྱི་ཁ་མིག་མི་འོང་ངོ།། ལོངས་སྐུ་ལ་ཤེས་རབ་ཀྱི་ཁ་མིག་མེད་ན། སྤྲུལ་སྐུ་འོད་ཀྱི་ཁ་མིག་མི་འོང་ངོ། ། སྤྲུལ་སྐུ་ལ་འོད་ཀྱི་ཁ་མིག་མེད་ན། ཡང་སྤྲུལ་འོད་ཟེར་གྱི་ཁ་མིག་མི་འབྱུང་ངོ།། ཨེ་མཧོ་དེའི་ཕྱིར་ཡེ་ཤེས་ཀྱི་ཁ་མིག་ཅན་དུ་བཞུགས་ལུགས་འཆད་དེ། ལྷུན་གྲུབ་ཡེ་ཤེས་ཀྱི་ཁ་མིག་ཅན་ཡིན་པས། མངོན་འགྱུར་མཚན་མ་ཅན་མེད་དེ། སྐུ་ཐམས་ཅད་ཀྱི་ངོ་བོ་ཉིད་ཡིན་པས་འབྱུང་བཞིར་གནས་ཏེ། ཡེ་ཤེས་ཀྱི་ཁ་མིག་ལ་ཡོན་ཏན་དུ་གྲུབ་པའོ།། རིགས་ཀྱི་བུ་མངོན་གྱུར་ཡེ་ཤེས་ཀྱི་ཁ་མིག་མེད་པས། ལུས་ལྔའི་མཚན་མར་མ་གྲུབ་པས་སྟོང་ངོ།། དེ་ཡང་ཇི་ལྟར་སྟོང་ཞེ་ན། གདོས་བཅས་ཤ་ཁྲག་གི་ལུས་མེད་པས། ཕའི་རྒྱུ་དང་མའི་རྐྱེན་གྱིས་མ་བསྐྱེད་དེ། ཆགས་སྡང་དང་རེག་བྱའི་ཐོགས་པ་ལས་འདས་སོ། ། འགྱུ་བྱེད་ཡིད་ཀྱིས་གཟུགས་ལས་གྲོལ་བས་གཟུང་འཛིན་དུ་མི་འགྱུ། ཆགས་སྡང་དུ་མི་སྐྱེ་སྟེ་སྒོ་ལྔ་ལས་ཡུལ་ལྔར་སྐྱེ་བས་ངོ་བོ་ཉིད་ཀྱི་རྟོག་པ་དང། ཡིད་སྒོ་ལྔའི་རྗེས་སུ་འབྲངས་ཤིང་གཟུང་འཛིན་དུ་འགྱུ་བས་མངོན་པར་སྤྱོད་པའི་རྟོག་པ་དང། ཉོན་མོངས་པའི་ཡིད་ལྔ་ཕྱིའི་བག་ཆགས་འཛིན་བྱེད་ཡིན་པས་རྗེས་སུ་དྲན་པའི་རྟོག་པ་སྐྱེའོ།། དེ་གསུམ་ལས་གྲོལ་བའོ།། དམིགས་པ་རྣམ་པར་དག་པའི་ཏིང་ངེ་འཛིན་གྱི་ལུས་མེད་པས། ཆོ་གའི་ཡན་ལག་གིས་ལྷར་བསྐྱེད་ནས་སྒོམ་པ་བསྐྱེད་པ་རིམ་པའི་བཟང་རྟོག་དང། དངོས་པོ་བཀག་ནས་བློས་སྟོང་པ་ཉིད་དུ་སྒོམ་པ་རྫོགས་པ་རིམ་པའི་བཟང་རྟོག་སྟེ། རིགས་ཀྱི་བུ་ང་གདོད་མ་ཉིད་ནས་སེམས་ལས་འདས་པའི་སངས་རྒྱས། རྣམ་པར་མི་རྟོག་པའི་ཡེ་ཤེས་སུ་བཞུགས་པས། རྟོག་པའི་མིང་ཡང་མེད་དོ།། རིག་པ་དངོས་མེད་ཀྱི་ཡེ་ཤེས་ལ་གཟུང་འཛིན་དང་སྡོས་པའི་ཆོས་ཡོད་མ་མྱོང་ངོ། ། མཚན་མ་འོད་ཀྱི་ལུས་མེད་པས་ཁ་དོག་དང་དབྱིབས་སུ་གྲུབ་པ་མེད་དེ། གདུལ་བྱ་ལ་སྣང་བའི་སྐུའི་མཚན་མ་ལས་གྲོལ་ལོ།། གཅོད་བྱེད་ཤེས་རབ་ཀྱི་ལུས་མེད་པས་ཡུལ་དང་ཡུལ་ཅན་ཤེས་བྱ་ཤེས་བྱེད་གཉིས་མེད་དེ། རང་ལ་རང་གསལ་བས་རང་བྱུང་གི་ཡེ་ཤེས་སོ།། རིགས་ཀྱི་བུ་སྙིང་པོ་མ་འགགས་པས་གསལ་ཏེ། སྙིང་པོ་ལ་སྐྱེ་མེད་འགག་མེད་པས་དུས་གསུམ་མཉམ་པ་ཉིད་དུ་གསལ། གདངས་ལ་ཕྱི་ནང་མེད་པས་ཡུལ་སེམས་གཉིས་མེད་དུ་གསལ། སྐུ་ལ་མདུན་རྒྱབ་མེད་པས་ཡེ་ཤེས་ཟང་ཐལ་དུ་གསལ། མཁྱེན་པ་ལ་ཕྱོགས་རིས་མེད་པས་ཆོས་ཐམས་ཅད་དག་པ་ལ་ཉག་གཅིག་ཏུ་གསལ་ལོ།། རིགས་ཀྱི་བུ་སྒྲིབ་པ་མེད་པས་ཟང་ཐལ་ཏེ། ། སྙིང་པོ་ལ་སྐྱེ་འགག་མེད་པའི་ཡོན་ཏན་གྱིས་དུས་ཀྱིས་མ་བསྒྲིབས་ཏེ་ཟང་ཐལ། བག་ཆགས་ཀྱི་རྐྱེན་གྱིས་མ་བསྒྲིབས་པས་ཟང་ཐལ་ཏེ། གདངས་ལ་ཕྱི་ནང་མེད་པའི་ཡོན་ཏན་ནོ།། ལུས་ལྔ་ཡིས་མ་བསྒྲིབས་པས་ཟང་ཐལ་ཏེ། སྐུ་ལ་མདུན་རྒྱབ་མེད་པའི་ཡོན་ཏན་ནོ།། མུན་སྣང་གི་རྐྱེན་གྱིས་མ་བསྒྲིབས་པས་ཟང་ཐལ་ཏེ། ཡེ་ཤེས་ཀྱི་སྤྱན་ལ་གསལ་སྒྲིབ་མེད་པའི་ཡོན་ཏན་ནོ།། དེ་ལྟར་ལྷུན་གྱིས་གྲུབ་པས་ཐམས་ཅད་དུ་འཆར་གཞི་མ་འགགས་ཏེ། སྐུ་གསུང་ཐུགས་བདེ་བ་ཆེན་པོ་རིན་པོ་ཆེ་གསང་བའི་སྦུབས་སུ་ལྷུན་གྱིས་གྲུབ་པའི་ཡོན་ཏན་ནོ།། ཨེ་མཧོ་རིགས་ཀྱི་བུ་ཉོན་ཅིག། སྐུ་རིན་པོ་ཆེ་གསང་བའི་སྦུབས་སུ་ཇི་ལྟར་བཞུགས་ན། མཚན་ཉིད་བཞི་དང་ལྡན་པའི་ཆོས་སྐུ་དེ།། སྐུ་རུ་ཡོད་པས་རིན་པོ་ཆེ།། ཡོན་ཏན་སངས་རྒྱས་སྐུ་དང་སེམས་ཅན་ལུས་སུ་སྣང།། གཟུགས་བརྙན་མེད་པས་རང་བཞིན་གསལ་བ་ཡིན། ། འབྱུང་བའི་གནས་དང་རྟེན་དུ་གྱུར་པའི་དོན་གྱི་སྦུབས།། གསུང་དུ་ཡོད་པས་རིན་པོ་ཆེ།། ཡོན་ཏན་སངས་རྒྱས་གསུང་དང་སེམས་ཅན་སྒྲ་སྐད་འབྱུང།། སྒྲ་དང་ཚིག་ལས་རབ་ཏུ་འདུས་པས་རང་བཞིན་གསལ་བ་ཡིན། ། སྒྲ་དང་ཐ་སྙད་ཇི་སྙེད་བརྗོད་པ་གནས་དང་འབྱུང་བའི་རྟེན་དུ་གྱུར་པའི་དོན་གྱི་སྦུབས།། ཐུགས་སུ་ཡོད་པས་རིན་པོ་ཆེ།། ཡོན་ཏན་སངས་རྒྱས་ཐུགས་ཀྱི་མཁྱེན་པའི་ཡེ་ཤེས་དང།། སེམས་ཅན་བློ་ཡི་རྣམ་རྟོག་འབྱུང་བའོ། ། འབྱུང་བའི་གཞི་དང་བཞུགས་པའི་རྟེན་དུ་གྱུར་པའི་དོན་གྱི་སྦུབས།། དེ་ཡང་སྐུ་ཡི་བཞུགས་ཚུལ་ནི།། སྟོང་ལ་གསལ་བ་ཆུའི་ལྦུའི་གཟུགས་བརྙན་བཞིན།། དེ་ཡི་གསུང་གི་གནས་ལུགས་ནི། ། ཡན་ལག་རླུང་བཞི་མེ་སྟག་ཟེར་བཞིན་རིག་པའི་ཀློང་ན་གནས། དེ་ཡི་ཐུགས་ཀྱི་གསལ་ལུགས་ནི།། སྲོག་རླུང་རང་གི་ངོ་བོས་ཏེ།། ཕྱོགས་ལྷུང་མེད་པའི་ཤེས་རབ་མེ་སྟག་དང།། སྙིང་པོའི་སྙིང་པོ་ལྔ་བཞུགས་སོ། ། དེ་ཡི་བཞུགས་པའི་ཕོ་བྲང་ནི།། ཆོས་ཀྱི་དབྱིངས་ཏེ་སྟོང་ཁྱབ་ནམ་མཁའ་བཞིན།། སྟོང་པ་ཡེ་ཤེས་སྙིང་པོ་ཅན།། ནམ་མཁའ་དང་ནི་ཉི་མའི་ཚུལ།། སྟོང་གསལ་རིན་ཆེན་གདངས་དང་ཆས།། དེ་ནི་ཆོས་སྐུའི་བཞུགས་གནས་ཡིན། ། ཞེས་གསུངས་སོ།། སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་མ་བཅོས་ཇི་བཞིན་མའི་དོན་ཡེ་ཤེས་ཀྱི་མར་མེ་ཆེན་པོའི་རྒྱུད་ལས། ཆོས་སྐུ་རྒྱས་པར་བཤད་པའི་ལེའུ་སྟེ་གསུམ་པའོ།།།། དེ་ནས་བཅོམ་ལྡན་འདས་རྡོ་རྗེ་འཆང་གིས་ལོངས་སྐུའི་མཚན་ཉིད་བཀའ་སྩལ་པ། ཤེས་རབ་ལོངས་སྤྱོད་རྫོགས་པའི་སྐུ།། མཚན་མ་མེད་པའི་ཕྱག་རྒྱ་ཅན།། ཆོས་ཀྱི་སྐུ་ཡི་ཤེས་རབ་ཡིན།། ཆོས་ཉིད་མེ་ལོང་ལྟ་བུ་ལ། ། ཤེས་རབ་ཟེར་མདངས་སྐུ་ལྔར་ཤར།། གདུལ་བྱ་རང་སྣང་འཁོར་ལ་སྣང།། ཤེས་བྱ་དེ་ཉིད་རྟོག་མེད་གསལ།། ཁ་མིག་མ་གྲུབ་ཁ་མིག་ཅན་དུ་གསལ།། དེ་ཕྱིར་དེ་ལ་དེ་སྐད་བཏགས།། གཞི་ཉིད་འབྲས་བུར་སྨིན་བྱེད་ཤེས་རབ་སྟེ། ། ཤེས་རབ་སྐུ་རུ་སྨིན་པ་ཡིས།། ངོ་བོ་ཉིད་ཀྱི་ཆོས་སྐུ་དེ།། ཡེ་ཤེས་ཆོས་ཀྱི་སྐུ་རུ་སྨིན།། དེ་ཡིས་ཡེ་ཤེས་རྒྱུན་མ་ཆད།། སྐུ་དང་ཡེ་ཤེས་ལྷུན་གྲུབ་གསལ།། ཤེས་རབ་སྐུ་ལ་མཚན་མའི་གཟུགས་མེད་པས། ། གསང་སྔགས་ཕྱི་ནང་གཉིས་པའོ།། ཐ་དད་འཛིན་གྱི་རྟོག་ལས་གྲོལ།། ཡེ་ཤེས་ཆོས་སྐུའི་ཡོན་ཏན་ལ།། ངོ་བོ་ཆོས་ཀྱི་སྐུ་རུ་གསལ།། ལྷུན་གྲུབ་རང་སྣང་གཞན་སྣང་མེད།། རང་གསལ་སྐུ་ལ་གཉིས་སྣང་མེད། ། རྐྱེན་མེད་རང་བྱུང་ཡེ་ཤེས་གསལ།། སྐུ་དང་ཡེ་ཤེས་འདུས་མ་བྱས།། ཡེ་ཤེས་རླུང་ལྔ་ཤེས་རབ་ལྟར།། རྩལ་མ་འགགས་པར་རང་བྱུང་བས།། ཤེས་རབ་ཟེར་གདངས་སྐུ་དང་ཡེ་ཤེས་ཤར། ། ཤེས་རབ་སྐུ་ལ་དབང་སྒྱུར་བས།། དེ་ཡིས་སྤྲུལ་སྐུ་ལྔ་ཡི་བདག་པོར་གསལ།། ངེས་འབྱུང་མེད་ན་མི་འབྱུང་བའོ།། རྡོ་རྗེ་གསང་བའི་གཏན་ཚིགས་སོ།། ཞེས་གསུངས་སོ།། སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་མ་བཅོས་ཇི་བཞིན་མའི་དོན་ཡེ་ཤེས་ཀྱི་མར་མེ་ཆེན་པོའི་རྒྱུད་ལས། ལོངས་སྐུ་རྒྱས་པར་བཤད་པའི་ལེའུ་སྟེ་བཞི་པའོ།།།། དེ་ནས་སྟོན་པས། སྤྲུལ་སྐུ་བཀའ་སྩལ་པ། གདུལ་བྱ་ལ་སྤྲུལ་པའི་སྐུ། ། སྐུ་དང་ཡེ་ཤེས་སྨིན་ཁུགས་ནི།། དངས་གསལ་མི་གཡོ་ཆོས་ཉིད་ལ།། འཇའ་ཚོན་གཟུགས་བརྙན་ཆུ་ཟླ་ཇི་བཞིན་དུ།། གདུལ་བྱ་གཉིས་ལ་འདུལ་བྱེད་གཉིས།། ཞི་ཁྲོ་གཉིས་ཀྱི་སྣང་བ་ཤར།། སྟོབས་ལྔས་རང་བྱུང་རང་ཤར་ལ། ། ཚད་ལྔས་རང་བྱུང་རང་གསལ་ལོ།། དེ་ནི་འོད་ཀྱི་ཁ་མིག་ཅན།། ཟེར་གྱི་སྐུ་ལ་ངེས་པ་མེད།། མཐུན་བྱས་སྐུ་ནི་སྣ་ཚོགས་སྟོན།། མདོར་བསྡུས་ཐུབ་པ་ཆེན་པོ་དྲུག་མཐུན་པའི་སེམས་ཅན་ལས་སྣང་བ། ། ཡེ་ཤེས་དྲུག་པོའི་སྒོ་ནས་འབྱུང།། མཐུན་སྣང་སྣ་ཚོགས་མ་ངེས་ཡུན་ཐུང་བ།། སྤྲུལ་པའི་སྐུ་ཡི་གཏན་ཚིགས་ཡིན།། ཡུལ་དང་ལུས་ངག་བསམ་མཐུན་པས།། སྣང་བ་མ་ལོག་བརྡ་སྤྲད་དེ།། སོ་སོའི་སྐད་དུ་ཆོས་སྟོན་ཅིང། ། གདུལ་བྱའི་སེམས་ལ་དབང་སྒྱུར་ཞིང།། མོས་པ་བསྐྱོད་ཅིང་མཛེས་པར་སྣང།། སྤྲུལ་སྐུ་རྣམ་གཉིས་ཞིང་ཁམས་ལ།། བཞི་དང་དྲུག་ཤར་ཕྱོགས་རིག་མེད།། གདུལ་བྱ་སོ་སོར་སྣ་ཚོགས་སྣང། ། ཐུགས་རྗེ་ཕྱོགས་དང་རིས་མེད་པས།། མཐུན་སྣང་སྤྲུལ་སྐུ་སྣ་ཚོགས་ཤར།། གདུལ་ཐབས་ཕྱོགས་དང་རིས་མེད་པས།། ཐེག་པའི་བྱེ་བྲག་སྣ་ཚོགས་སྣང།། ཏ་ལའི་མགོ་བཅད་མེས་ཚིག་ལྟར།། མི་འགྱུར་འབྲས་བུ་སྣ་ཚོགས་པའོ། ། ཞིང་ཁམས་མ་ངེས་ཐ་དད་པས།། གདུལ་བྱ་རྣམ་གཉིས་ཐ་དད་སྣང།། འདུལ་བྱེད་གཅིག་ཏུ་མ་ངེས་པས།། ཐུགས་རྗེ་སྤྲུལ་སྐུ་ཐ་དད་སྣང།། གདུལ་ཐབས་གཅིག་ཏུ་མ་ངེས་པས། ལམ་གྱི་བྱེ་བྲག་ཐ་དད་སྣང། ། ཐུན་མོང་མ་ཡིན་རིགས་བཞི་རང་སྣང་ལ།། འདུལ་བྱེད་རང་སྣང་རྣམ་སྣང་ཤར་བའི་ཚེ།། གཟིགས་པས་མཁྱེན་པས་སྐད་ཅིག་དོན་རྣམས་རྫོགས།། བརྒྱུད་མེད་ལྡོག་ཅིང་འདུ་འབྲལ་མེད་ན་ཡང། ། དོན་རྣམས་མི་མཛད་མཉམ་ཉིད་གཅིག་ཏུ་བཞུགས།། ཐུན་མོང་རིགས་དྲུག་ཡུལ་དུ་སྣང་བ་ཡང།། རྟོག་མེད་ཚུལ་དུ་སྣང་མཁྱེན་ཡུལ་དུ་སྣང།། འོད་ཟེར་བརྒྱ་ལ་སྤྲུལ་པ་སྟོང།། སྐད་ཅིག་གཅིག་ལ་མཛད་པ་རྫོགས། ། དེ་བཞིན་སྤྲུལ་པའི་རྒྱུ་མཚན་གཞན།། ཐུན་མོང་ཁྱད་པར་སོ་སོར་སྦྱར།། བསྡུ་ན་རྣམ་པ་གཉིས་སུ་ཏེ།། ཐུན་མོང་མ་ཡིན་སྤྲུལ་པའི་སྐུ།། གཞོན་ནུ་བུམ་པའི་སྐུ་ལྔ་ཡིན།། ཡང་སྤྲུལ་ཟེར་གྱི་ཁ་མིག་ཅན། ། ཐུབ་དྲུག་དགྲ་བཅོམ་གསེར་དུ་སོགས།། སོ་སོར་མཐུན་པར་སྣང་བའོ།། ཞེས་གསུངས་སོ།། སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་མ་བཅོས།། ཇི་བཞིན་མའི་དོན་ཡེ་ཤེས་ཀྱི་མར་མེ་ཆེན་པོའི་རྒྱུད་ལས། སྤྲུལ་སྐུ་རྒྱས་པར་བཤད་པའི་ལེའུ་སྟེ་ལྔ་པའོ།།།། དེ་ནས་རྡོ་རྗེ་སེམས་དཔས་ཞུས་པ། ཀྱེ་ཀྱེ་སྟོན་པ་རྡོ་རྗེ་འཆང།། མཁྱེན་པའི་ཡེ་ཤེས་གསལ་ལུགས་གསུང་དུ་གསོལ།། ཅེས་ཞུས་སོ།། དེ་ནས་རྡོ་རྗེ་འཆང་ཆེན་པོས་བཀའ་སྩལ་པ། ཨེ་མཧོ་འདུས་པའི་ཚོགས་ཆེན་པོ།། ཡེ་ཤེས་རྣམ་པ་གཉིས་སུ་གསལ།། ལྷུན་གྲུབ་དང་ནི་མངོན་གྱུར་ཏོ།། ལྷུན་གྲུབ་ཡེ་ཤེས་རྣམ་པ་གཉིས།། གཞི་གནས་མཚན་ཉིད་འཛིན་པའོ། ། གཞི་འཛིན་རིག་པ་དངོས་མེད་ཡེ་ཤེས་ཏེ།། སྟོང་པ་རིག་པའི་སྙིང་པོ་ཅན།། མཚན་ཉིད་འཛིན་པའི་ཡེ་ཤེས་ལྔ་སྟོང་གསལ།། དེ་ནི་ཆོས་དབྱིངས་ཡེ་ཤེས་ཡིན།། གསལ་བ་མེ་ལོང་ཡེ་ཤེས་ཡིན།། དེ་ནི་རང་གསལ་རྒྱ་མི་ཆད། ། གསལ་སྟོང་མི་ཕྱེད་དུས་གསུམ་སྐྱེ་འགག་མེད།། མཉམ་ཉིད་ཡེ་ཤེས་ཞེས་སུ་བྱ།། མཚན་ཉིད་སོ་སོར་མ་འདྲེས་པ།། བདེར་ཤེས་ཀུན་རྟོག་ཡེ་ཤེས་ཡིན།། ཐོགས་པ་གཉིས་མེད་བྱ་བ་གྲུབ། ། མངོན་གྱུར་ཡེ་ཤེས་གཉིས་ཡིན་ཏེ།། རྣམ་པ་ཐམས་ཅད་མཁྱེན་པ་དང།། ཐམས་ཅད་མཁྱེན་པའི་ཡེ་ཤེས་སོ།། དང་པོ་མཚན་ཉིད་གསུམ་ལྡན་ཏེ།། མེ་ལོང་ཡེ་ཤེས་མངོན་གྱུར་པས།། འཁོར་འདས་མ་འགགས་གཟུགས་བརྙན་བཞིན། ། ཀུན་རྟོག་ཡེ་ཤེས་མངོན་གྱུར་པས།། འཁོར་འདས་མ་འདྲེས་སོ་སོར་གསལ།། མཚོ་ལ་གཟའ་སྐར་ཤར་བ་བཞིན།། བྱ་བ་གྲུབ་པ་མངོན་གྱུར་པས།། ཐོགས་མེད་དོན་རྣམས་ལྷུན་གྱིས་གྲུབ། ། དང་པོ་བཞི་དང་བག་ཆགས་སྦུབས།། གཉིས་ནི་ལྷུན་གྲུབ་རང་ཆས་གནས།། འདི་ནི་རྒྱལ་བ་གཟུགས་སྐུའི་མཁྱེན་པ་སྟེ།། འོད་ཀྱི་སྦུབས་ནས་རྟོག་མེད་འཆར།། མཚན་ཉིད་རྣམ་གསུམ་གཙོར་སྨོས་པའོ། ། ལྷུན་གྲུབ་དངོས་ནས་ཀུན་ཀྱང་རྫོགས།། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཏེ།། མཚན་ཉིད་རྣམ་པ་གཉིས་དང་ལྡན།། ཆོས་དབྱིངས་ཡེ་ཤེས་མངོན་གྱུར་པས།། ཡེ་ཤེས་དབྱིངས་སུ་ཐིམ་པ་ཡིས།། འཁོར་འདས་གཟིགས་སྣང་རྣམ་པར་དག། སངས་རྒྱས་ཡུལ་མེད་རང་བཞིན་རྣམ་དག་དང།། མཉམ་ཉིད་ཡེ་ཤེས་མངོན་གྱུར་པས།། སངས་རྒྱས་སེམས་ཅན་གཉིས་མེད་དེ།། ཡེ་ཤེས་མིག་གཅིག་དྲི་མ་མེད།། རང་གསལ་འཛིན་མེད་ཉག་གཅིག་མ། ། སངས་རྒྱས་ཆོས་སྐུའི་མཁྱེན་པ་སྟེ།། རིན་པོ་ཆེ་ཡི་སྦུབས་སུ་འཆར།། མཚན་ཉིད་གཉིས་ལྡན་གཙོ་ཆེར་བརྗོད།། ཅེས་གསུངས་སོ།། སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་མ་བཅོས་ཇི་བཞིན་མའི་དོན་ཡེ་ཤེས་ཀྱི་མར་མེ་ཆེན་པོའི་རྒྱུད་ལས། ། ཡེ་ཤེས་རྒྱས་པར་བཤད་པའི་ལེའུ་སྟེ་དྲུག་པའོ།།།། དེ་ནས་རྡོ་རྗེ་སེམས་དཔས་ཡང་ཞུས་པ། ཀྱེ་ཀྱེ་སྟོན་པ་རྡོ་རྗེ་འཆང།། ཐ་དད་མེད་པའི་ཉག་གཅིག་གསུང་དུ་གསོལ། ། ཞེས་ཞུས་སོ།། སྟོན་པས་བཀའ་སྩལ་པ། ཀྱེ་མ་རྡོ་རྗེ་སེམས་དཔའ་ཉོན་ཅིག་ཐུགས་རྗེའི་སྣང་ལུགས་སྐུ་གསུམ་དང།། མཁྱེན་པའི་སྣང་ལུགས་ཡེ་ཤེས་གཉིས།། རྫོགས་ཚུལ་རིགས་ཀྱི་ཐ་དད་ཀྱང། ། ཆེན་པོའི་རྒྱུད་ལ་ཐ་དད་མེད།། གནས་ལུགས་ཐིག་ལེ་ཉག་གཅིག་མ།། གཞི་དང་རྟེན་ནམ་སྣང་ཆ་ཡིས།། སྐུ་ཞེས་གདུལ་བྱ་རྣམས་ལ་བརྗོད།། མཁྱེན་ཆ་གསལ་ཆ་འདབ་ཡིན་པས།། ཡེ་ཤེས་ཞེས་སུ་གདུལ་བྱ་རྣམས་ལ་བརྗོད། ། སྐུ་ཡི་མཁྱེན་པ་ཡེ་ཤེས་ཉིད།། དེ་ཡིན་འཆར་གཞི་སྐུ་ཡིན་ནོ།། སྤྱི་ཡི་རིག་པ་མཚན་ཉིད་གཅིག། ངོ་བོ་སོ་སོར་རང་རིག་གོ། རང་མཚན་ངོ་བོ་གཅིག་པ་ལ།། རང་བཞིན་ཐ་དད་སྣང་བའོ། ། དེ་ཕྱིར་ཉག་གཅིག་ཅེས་བྱའོ།། ཞེས་གསུངས་སོ།། སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་མ་བཅོས་ཇི་བཞིན་མའི་དོན་ཡེ་ཤེས་ཀྱི་མར་མེ་ཆེན་པོའི་རྒྱུད་ལས། སྐུ་དང་ཡེ་ཤེས་ཐ་དད་མེད་པའི་ཐིག་ལེ་ཉག་གཅིག་ཏུ་བསྟན་པའི་ལེའུ་སྟེ་བདུན་པའོ། །།། དེ་ནས་རྡོ་རྗེ་སེམས་དཔས་འདི་སྐད་ཅེས་གསོལ་ཏོ།། ཀྱེ་ཀྱེ་སྟོན་པ་རྡོ་རྗེ་འཆང།། སོ་སོ་རང་རིག་བཞུགས་ཚུལ་གསུང་དུ་གསོལ།། ཞེས་ཞུས་སོ།། སྟོན་པས་བཀའ་སྩལ་པ། ཨེ་མཧོ་འདུས་པའི་ཚོགས་རྣམས་ཉོན།། ཐོག་མ་གཞི་ཡི་དུས་ཉིད་ན།། ཆོས་ཉིད་སྟོང་པའི་མཁའ་ཀློང་ན།། རིག་པར་གནས་ལ་མི་རྟག་པར།། སྟོང་རིག་སྡེ་དང་བཅས་པ་ནི།། ངོ་བོ་རང་བཞིན་ཐུགས་རྗེ་གསུམ། ། སོ་སོ་རང་རིག་མི་གཡོ་བ།། སྟོང་པ་རིག་པའི་སྙིང་པོ་ཅན།། རང་སྣང་མ་ཤེས་འཁྲུལ་ཙམ་ན།། རང་གི་ངོ་བོ་རྟོག་མེད་ཀྱང།། རྩལ་གྱི་རིག་པ་རྟོག་པར་ཤར།། སོ་སོའི་ལོག་རྟོག་བསམ་མི་ཁྱབ། ། བདེ་སྡུག་འབྲས་བུ་སོ་སོར་སྨིན།། སངས་རྒྱས་ལམ་ལ་གནས་ཙམ་ན།། རྟོགས་ཚད་མི་མཐུན་སོ་སོར་ཤར།། འབྲས་བུ་མངོན་དུ་གྱུར་ཙམ་ན།། གདུལ་བྱ་འདུལ་བྱེད་ཐབས་དང་བཅས།། བསམ་གྱིས་མི་ཁྱབ་སོ་སོར་སྣང། ། ཞེས་གསུངས་སོ།། སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་མ་བཅོས་ཇི་བཞིན་མི་འདོན་ཡེ་ཤེས་ཀྱི་མར་མེ་ཆེན་པོའི་རྒྱུད་ལས། སོ་སོ་རང་རིག་ཏུ་བཞུགས་ཚུལ་བསྟན་པའི་ལེའུ་སྟེ་བརྒྱད་པའོ། །།། སངས་རྒྱས་ཀྱི་སྤྱི་ས་བསྟན་པའི་སྐབས་སྟེ་དང་པོའོ།།།། དེ་ནས་རྡོ་རྗེ་སེམས་དཔས་འདི་སྐད་ཅེས་གསོལ་ཏོ།། ཀྱེ་ཀྱེ་བཅོམ་ལྡན་རྡོ་རྗེ་འཆང།། འཁྲུལ་པ་གསུམ་པོ་ཇི་ལྟར་འཁྲུལ།། མ་འཁྲུལ་སངས་རྒྱས་ཇི་ལྟར་གྲུབ། ། ཅེས་ཞུས་སོ།། རྡོ་རྗེ་འཆང་གིས་བཀའ་སྩལ་པ།། རྡོ་རྗེ་སེམས་དཔའ་ངེས་ཟུང་ཞིག། མ་རིག་འཁྲུལ་པ་གློ་བུར་བ། གཞི་ལ་མེད་ལ་རྩལ་ལ་སྣང།། གཞི་འཛིན་རིག་པ་རྒྱ་མ་ཆད།། ངོ་བོ་རང་བཞིན་ཐུགས་རྗེར་གནས། ། དེ་ནི་འཁོར་འདས་ཀུན་གྱི་གཞི།། རྨ་བྱའི་སྒོ་ང་ནོར་བུ་བཞིན།། རྒྱུ་ནི་རང་བཞིན་འོད་ལྔ་ལ།། རྣམ་པ་ཡུལ་དུ་སྣང་བ་ཡིན།། རྐྱེན་ནི་ཆོས་ཉིད་ནམ་མཁའ་བཞིན།། སྟོང་པས་གོ་ཕྱེ་གོང་སྣང་ཤར། ། འཁྲུལ་པ་ཐམས་ཅད་སེམས་འཁྲུལ་ཏེ།། ལྷན་སྐྱེས་མ་རིག་ཀུན་གཞིར་འཁྲུལ།། ཀུན་བརྟགས་མ་རིག་ཡིད་དུ་འཁྲུལ།། དེ་ལས་སྒོ་ང་ལེགས་པར་གྲུབ།། རྨི་ལམ་སྒྱུ་མའི་ཚུལ་དུ་འཁྲུལ། ། མི་མཐུན་བདེ་སྡུག་སྣ་ཚོགས་མྱོང།། ལྷུན་གྲུབ་གནས་ལུགས་སངས་རྒྱས་ནི།། སྐུ་དང་ཡེ་ཤེས་གཉིས་མེད་ཉག་གཅིག་གམ།། སོ་སོ་རང་རིག་ཡེ་ཤེས་ཏེ།། ཙིཏྟ་རིན་ཆེན་གཞལ་ཡས་ཁང།། ཆོས་ཀྱི་འཁོར་ལོའི་གདན་ལ་བཞུགས། ། སྟོང་པ་སྒྲོན་མའི་སྙིང་པོ་ཅན།། རིག་པ་འོད་ཀྱི་ཁང་པ་ཅན།། འོད་མཐའ་མེད་པའི་ཡུལ་ཅན་ཏེ།། ནམ་མཁའ་གུད་ཅན་ཉ་མིག་ཅན།། འདུག་ཚུལ་གནས་པ་གནས་ཀྱི་ཐོབ།། དེ་ནི་བཞུགས་པའི་ཕོ་བྲང་ཡིན། ། སྣང་ཚུལ་འཇམ་པ་སྒྲོན་མ་གསུམ།། ཚང་དུ་མི་སྡོད་སྒོར་སྡོད་པའི།། བྱ་ཁྲ་འདྲ་སྟེ་ངོ་བོ་གསུམ།། ཡེ་ཤེས་གསུམ་བརྩེགས་སྣང་བ་ཡིན།། ཐོག་མའི་སངས་རྒྱས་འོད་མི་འགྱུར།། རིན་ཆེན་སྦུབས་ན་གནས་པ་སྟེ། ། ཐིག་ལེ་ཡེ་ཤེས་སྒྲོན་མ་སྟེ།། ཆུ་ཡི་སྒྲོན་མའི་དབྱིངས་ན་བཞུགས།། རྒྱ་མཚོ་གངས་ཀྱི་སྒྲོན་མ་ལ།། རིན་ཆེན་སྦུབས་ཀྱི་གདངས་ཤར་བ།། གནས་ལུགས་འགྱུར་བ་མེད་པའི་གདངས། ། མཐིང་ཁ་བཻ་ཌཱུརྻ་ཡི་མདོག། ཡོན་ཏན་འགག་པ་མེད་པའི་གདངས།། རིན་ཆེན་གསེར་གྱི་ཉི་མ་ཤར།། དེ་ཡི་སྦུབས་ན་གནས་པ་སྟེ།། སྐུ་གསུམ་ཡེ་ཤེས་ལྔ་ལྡན་པའི།། ཐིག་ལེ་ཉག་གཅིག་ཆོས་ཀྱི་སྐུ། ། ཐ་དད་མེད་པའི་ཉག་གཅིག་མ།། སྤྱན་ཆེར་བཞིར་ལྡན་རང་རིག་སྟེ།། རུས་སྦལ་གབ་པའི་ཚུལ་དུ་བཞུགས།། དེ་ཡི་ཐུགས་རྗེའི་རྩ་ལ་ཤར་བ།། འགྱུར་མེད་རིག་པའི་སྒྲོན་མ་དེ།། གནས་ལུགས་འགྱུར་བ་མེད་པ་ལ། ། སྣང་བ་འགག་པ་མེད་པ་ནི།། ཉི་མ་དང་ནི་ཟེར་བཞིན་དུ།། འགྱུར་མེད་རིག་པའི་སྒྲོན་མ་ཤར།། དེ་ལ་ཤར་ལུགས་རྣམ་པ་གསུམ།། རིག་པ་སེམས་ཀྱི་སྒྲོན་མ་དང།། བརྒྱུད་པ་གསུམ་པ་ཤེས་རབ་སྒྲོན་མ་དང། ། ནམ་མཁའ་གསེར་གྱི་སྒྲོན་མའོ།། དང་པོ་མི་འགྱུ་བ་ཡི་འགྱུ་བ་སྟེ།། སྒྲོན་མའི་གནས་ནི་ཆོས་ཀྱི་འཁོར་ལོར་འགྱུས།། སྦུབས་མེད་འགྱུ་བ་ཡེ་ཤེས་རླུང་གི་རྟ།། དེ་ནས་རིག་པ་སེམས་ཀྱི་རྟ་ལ་ཞོན།། རྣམ་ཤེས་རླུང་ལ་ཞོན་པ་ཡི། ། འགྱུས་པ་རིག་པའི་རྩལ་དུ་འགྱུས།། ཞོན་ནི་སེམས་ཀྱི་རྟ་ལ་ཞོན།། སོང་ནི་གཟུང་འཛིན་རྟོག་པར་སོང།། སྤྱོད་ནི་སྒོ་ལྔ་ཡུལ་ལ་སྤྱོད།། སྐྱེ་ནི་ཆགས་སྡང་དུག་ལྔར་སྐྱེས།། བསོག་ནི་བག་ཆགས་སྣོད་དུ་བསོག། སྦྱོར་ནི་བག་ཆགས་གནས་སུ་ཕུང་པོ་ཉིང་མཚམས་སྦྱོར།། མྱོང་ནི་སྡུག་བསྔལ་སྣ་ཚོགས་མྱོང།། གཉིས་པ་དགོངས་པ་བརྡ་དང་སྙན་བརྒྱུད་ནས།། གསང་སྔགས་དོན་གྱི་ཚད་མ་བྱུང། ། དཔེ་ལ་བརྟེན་ནས་དོན་ངོ་ཤེས།། རྟགས་ལ་བརྟེན་ནས་ཡིད་ཆེས་འགྱུར།། དོན་གྱི་སྙིང་པོ་ཐག་ཆོད་པས།། གཞི་ལ་གྲུབ་པའི་ཤེས་རབ་གསུམ།། ས་བོན་ཚུལ་དུ་གནས་པ་དེ།། རྐྱེན་ལས་བྱུང་བའི་ཤེས་རབ་ཀྱིས། ། འབྲས་བུའི་ཚུལ་དུ་སྨིན་པ་ཡིས།། མ་རིག་པ་ཡི་མུན་པ་སངས།། ཤེས་བྱའི་སྒྲིབ་པ་རང་དག་པས།། མ་བཙལ་འབྲས་བུ་རང་རིག་མཐོང།། གསུམ་པ་བྱ་བྲལ་ལྷུག་པར་བརྟག། སྒོ་གསུམ་རྟེན་པས་སྒོ་བཞི་འཆར། ། ཐིག་ལེ་མཐོང་རྟོགས་སྒོ་ཡང་ཕྱེ།། དེ་ཡིས་རྟོགས་པ་རྒྱུད་ལ་སྨིན།། ཞེས་གསུངས་སོ།། སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་མ་བསླད་ཇི་བཞིན་མའི་དོན་ཡེ་ཤེས་ཀྱི་མར་མེ་ཆེན་པོའི་རྒྱུད་ལས། འཁྲུལ་པ་གསུམ་གྱི་སྦུབས་ན་མ་འཁྲུལ་པའི་སངས་རྒྱས་གནས་ལུགས་དང། འཁྲུལ་བའི་སངས་རྒྱས་གནས་ལུགས་དང། འཁྲུལ་པའི་འཁྲུལ་ཚུལ་བཤད་པའི་ལེའུ་སྟེ་དགུ་པའོ།།།། སངས་རྒྱས་རང་ལ་གནས་པའི་སྐསབ་ཏེ་གཉིས་པའོ། །།། དེ་ནས་ཡང་རྡོ་རྗེ་སེམས་དཔས་འདི་སྐད་ཅེས་ཞུས་སོ།། ཀྱེ་ཀྱེ་བཅོམ་ལྡན་རྡོ་རྗེ་འཆང།། བཙལ་མེད་ངང་ལ་ཇི་ལྟར་བསྡད།། འབྲས་བུ་རང་གི་མཚན་ཉིད་སྔོན་དུ་ཇི་ལྟར་འཆར། ། ཞེས་གསོལ་ཏོ།། རྡོ་རྗེ་འཆང་གིས་བཀའ་སྩལ་པ།། རྡོ་རྗེ་སེམས་དཔའ་ངོས་ཟུངས་ཤིག། ཉི་མ་མར་མེ་རང་གི་འོད་ལ་འདུག་པ་བཞིན།། རིག་པར་གདངས་གསུམ་ངང་ལ་གཞག། ཐུག་ཕྲད་རྣམ་པ་ལྔ་ཡིས་སྣང་བ་རྒྱ་ཡིས་གདབ། ། མ་བཅོས་ཇི་བཞིན་གཞག་ན་ཨ་ཏིའི་དགོངས་པ་ཡིན།། ཨེ་མཧོ་རིགས་ཀྱི་བུ་དད་པས་བླ་མའི་གདམས་པ་ཞུའོ།། གདམས་པས་ཤེས་རབ་ཀྱི་མིག་ཕྱེད་དེ།། ཤེས་རབ་ཀྱི་སྤྱན་གྱིས་བལྟས་པས། ། སངས་རྒྱས་སྐུ་དང་ཡེ་ཤེས་སུ་མཐོང།། ཐ་དད་མེད་པས་ཐིག་ལེ་ཉག་གཅིག་ཏུ་མཐོང།། དེ་ལོགས་ན་མེད་པས་སོ་སོ་རང་རིག་ཏུ་མཐོང།། དེ་གནས་པ་ཡེ་ཤེས་རིན་པོ་ཆེའི་སྦུབས་ན་གནས། ། དེ་ཡིན་པ་ཐིག་ལེ་ཡེ་ཤེས་ཀྱི་སྒྲོན་མ་ཡིན།། ཤར་བ་རྒྱ་མཚོའི་དངས་ལ་ཤར།། གསལ་བ་ཕྱི་ནང་མེད་པར་གསལ།། ཨེ་མཧོ།། དེ་རྟོགས་ལྟ་བ་དེ་གནས་སྒོམ་པ་ཡིན།། བློ་ཆུང་དེ་ལ་མི་གནས་པས།། རྐྱེན་གསུམ་ཕྱི་ནང་གསང་བ་དང། ། ཡན་ལག་གསུམ་དང་འཆར་སྒོ་གསུམ།། རླུང་དང་ཡིག་འབྲུ་གདངས་དང་སྐུས།། མི་གནས་གནས་པ་བྱ་བའི་ཐབས།། བྱིང་རྒོད་གསལ་ཞིང་ཐུན་ཚད་གཟུང།། དྲོད་དང་རྟགས་རྣམས་ཤུགས་ཀྱིས་འབྱུང། ། གཞི་གཞག་གཞི་བཞེངས་དགོངས་པ་ལ།། རིམ་པ་བཞིན་དུ་མ་བསླབས་ཀྱང།། ཏིང་འཛིན་རྒྱལ་པོ་དྲུག་རྫོགས་ཏེ།། སྐུ་གསུམ་གསལ་ཚད་གསུམ་ལྡན་པས།། སེང་གེ་རྩལ་རྫོགས་དགོངས་པ་ཡིན། ། རྩོལ་བྲལ་མཁའ་ལ་རང་གསལ་བ།། ཁྱུང་ཆེན་གཤོག་རྫོགས་དགོངས་པ་ཡིན།། དངོས་མེད་ཟང་ཐལ་ངང་གནས་པ།། ནམ་མཁའ་རྣམ་དག་ཏིང་འཛིན་ཡིན།། མར་མེ་གཅིག་ལ་གཉིས་གྱེས་ལྟར། ། གནས་ལུགས་གཅིག་ལ་སྣང་ལུགས་གཉིས།། ཡེ་ཤེས་སྒྲོན་མ་གཉིས་སྣང་བ།། ཉི་ཟླ་ཁ་སྦྱོར་དགོངས་པ་ཡིན།། ཆོས་ཉིད་ངང་ལས་མ་གཡོས་བཞིན།། ནམ་མཁའ་གུད་དུ་གཅད་པ་བཞིན།། དངས་པའི་ཆུ་ལ་རིན་ཆེན་སྦུབས་ཤར་བ། ། རྒྱ་མཚོ་དངས་པའི་ཏིང་ངེ་འཛིན།། དེ་ཡི་སྙིང་པོར་རང་རིག་ལྷུན་གྲུབ་པ།། ཡིད་བཞིན་ནོར་བུའི་དགོངས་པའོ།། རྩོལ་བ་མི་བྱ་ཡེ་བྲལ་ལྷུག་པར་གཞག། དེ་ལ་གཉེན་པོས་བཅོས་ཤིང་དགག་དུ་མེད། ། བྱང་ཆུབ་ལམ་གྱི་སྒྲོན་མའོ།། དེ་ལྟར་རྟོགས་ཤིང་དེ་ལ་སྤྱོད་པ་དེ།། ནམ་ཞིག་ཡེ་ཤེས་སྦུབས་སུ་འཕོ་དུས་སུ།། གཅིག་འགགས་པས་སུ་འཁྲུལ་པ་རང་ལོག་ཏུ་འགྱུར།། ལྡོག་ཚུལ་བཞི་ཡིས་འཁྲུལ་པ་ཕྲ་རགས་སངས། ། རྟགས་རྣམས་རིམ་འབྱུང་གདམས་པ་དྲན་པར་བྱ།། ཆོས་ཚུལ་ལྔ་ཡིས་སྐུ་དང་ཡེ་ཤེས་རྒྱས།། ལྷུན་གྲུབ་མངོན་གྱུར་འདས་པའི་ཆོས་ལྔར་བཞུགས།། མངོན་ཤེས་དྲུག་རྫོགས་རྣམ་ཀུན་མཁྱེན་པ་འཆར། ། ཡེ་ཤེས་དྲུག་ལས་སྤྲུལ་པའི་འོད་ཟེར་འཕྲོ།། བུམ་ནང་མར་མེ་བུམ་ཆགས་བྲལ་བ་བཞིན།། བག་ཆགས་སྦྲུབས་ཀྱི་བུམ་ནང་ན།། རང་རིག་མར་མེ་གནས་པ་དེ།། དབུགས་དང་བྲལ་བས་མངོན་གྱུར་ཏེ། ། གཅིག་སྐྱེས་པས་སུ་འཇུག་པ་རང་ས་སྣང།། ཡེ་སངས་རྒྱས་པས་ཡང་སངས་རྒྱས།། གཅིག་གནས་པས་སུ་དུས་ཚོད་རྒྱལ་ས་ཟིན།། སྟོང་པ་རིག་པའི་སྙིང་པོ་ཅན།། ལྷུན་གྲུབ་ཡེ་ཤེས་ཁ་མིག་ཅན། ། སྐུ་ལས་འདས་པའི་ཡེ་ཤེས་ཡིན།། རིག་པ་ཤེས་རབ་སྙིང་པོ་ཅན།། ལོངས་སྐུ་ཤེས་རབ་ཁ་མིག་ཅན།། ཡིད་ལས་འདས་པའི་ཤེས་རབ་ཡིན།། ཤེས་རབ་ཐུགས་རྗེའི་སྙིང་པོ་ཅན།། སྤྲུལ་སྐུ་འོད་ཀྱི་ཁ་མིག་ཅན། ། ཆོས་ལས་འདས་པའི་སངས་རྒྱས་ཡིན།། ཐུགས་རྗེ་ཡེ་ཤེས་སྙིང་པོ་ཅན།། སྤྲུལ་སྐུ་ལྔ་ཡི་མཁྱེན་པ་ཡིན།། འབྱུང་བ་ལས་འདས་པའི་རང་གདངས་ཏེ།། ཆོས་ཉིད་ཀློང་ན་མཐིང་ཁ་གསལ།། མཐིང་ཁའི་ཀློང་ན་བཞི་པོ་འཁྱིལ། ། དེ་ཡི་སྙིང་པོ་རང་གནས་པས།། རིན་པོ་ཆེ་ཡི་སྦུབས་ཡིན་ནོ།། རང་སྣང་ཡེ་ཤེས་མ་འགགས་པ།། སྟོང་པ་ཡེ་ཤེས་སྙིང་པོ་ཅན།། ཚིག་ལས་འདས་པའི་རང་སྣང་ཡིན།། ཡང་དག་མྱ་ངན་འདས་པའི་འོད། ། རྡོ་རྗེའི་གདན་ལ་ཡང་སངས་རྒྱས།། ཞེས་གསུངས་སོ།། སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་མ་བཅོས་ཇི་བཞིན་མའི་དགོངས་པ་མི་འགྱུར་བའི་དོན་ཡེ་ཤེས་ཀྱི་མར་མེ་ཆེན་པོའི་རྒྱུད་ལས། གྲོལ་ལུགས་འབྲས་བུ་དང་བཅས་པ་བསྟན་པའི་ལེའུ་སྟེ་བཅུ་པའོ། །།། རྟོགས་ཤིང་ཉམས་སུ་བླངས་པས་སངས་ཇི་ལྟར་རྒྱས་པའི་སྐབས་གསུམ་པའོ།།།། དེ་ནས་སངས་རྒྱས་རྡོ་རྗེ་འཆང་གིས་རྒྱུད་ཡོངས་སུ་གཏད་པ་འདི་གསུངས་སོ། ། ཨེ་མཧོ་འདུས་པའི་ཚོགས།། མ་བྱུང་འབྱུང་བར་མི་འགྱུར་བའི།། རྨད་དུ་བྱུང་བའི་རྒྱུད་ཆེན་འདིས།། གྲུབ་མཐའི་མུན་པ་རབ་སེལ་བ།། རྡོ་རྗེ་གསང་བའི་གཏན་ཚིགས་ཀྱིས།། ཤེས་བྱའི་མེ་ལོང་ཡེ་ཤེས་མར་མེ་ཆེན་པོའི་རྒྱུད་ཅེས་ཟུངས་ཤིག་བག་ཆགས་ཀྱི་སྦུབས་ན་རང་རིག་པའི་ཡེ་ཤེས་ལ་སྐུ་དང་ཡེ་ཤེས་མ་བཙལ་བར་ལྷུན་གྱིས་གྲུབ་པར་སྟོན་པས། ཡིད་བཞིན་ནོར་བུ་རིན་པོ་ཆེའི་རྒྱུད་ཅེས་ཟུངས་ཤིག་བཙལ་རྩོལ་སྒྲུབ་ལས་འདས་པའི་ལམ་འབྲས་བུ་དང་བཅས་པ་སྟོན་པས། ཡེ་ཤེས་རང་གྲོལ་ཆེན་པོའི་རྒྱུད་ཅེས་ཟུངས་ཤིག་སྒྲོན་མ་རྣམ་པ་གསུམ་ལས་བརྒྱད་དུ་ཕྱེ་ནས་སྟོན་པས། སྒྲོན་མ་རྣམ་པར་བཀོད་པའི་རྒྱུད་ཅེས་ཟུངས་ཤིག་རྒྱུད་ཐམས་ཅད་ཀྱི་དགོངས་པ་གཅིག་ཏུ་བསྡུས་ན་སངས་རྒྱས་ཀྱིས་ན་གནས་ལུགས་སྟོན་པས། ཉག་གཅིག་དགོངས་པ་འདུས་པ་སངས་རྒྱས་པའི་རྒྱུད་ཆེན་པོ་ཞེས་ཟུངས་ཤིག་ཐེག་པ་བརྒྱད་ཀྱི་བློའི་རྟོག་པས་མ་བསླད་པས་གནས་ལུགས་བཞུགས་ཚུལ་སྟོན་པས། སངས་རྒྱས་ཀྱི་དགོངས་པ་མ་བཅོས་ཇི་བཞིན་པའི་དོན། ལྟ་བ་ནམ་མཁའ་ཁྱབ་པའི་ཡེ་ཤེས། རུས་སྦལ་གབ་པའི་རྒྱུད་ཅེས་ཟུངས་ཤིག་ཅེས་གདམས་སོ། ། དེ་ནས་རྡོ་རྗེ་སེམས་དཔས་མ་བཞེངས་པའི་གདན་ལས་བཞེངས་ནས། ཕྱག་ལན་གསུམ་བཙལ། བསྐོར་བ་ལན་གསུམ་མཛད་ནས། དེ་དེ་བཞིན་དུ་གཟུང་ཞིང་བཅང་བར་བགྱིའོ། ། རིག་པ་འཛིན་པ་རྣམས་དེ་དེ་བཞིན་དུ་བྱོས་ཤིག་ཅེས་གསུངས་སོ།། སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་མ་བཅོས་ཇི་བཞིན་མའི་དོན་ཡེ་ཤེས་ཀྱི་མར་མེ་ཆེན་པོའི་རྒྱུད་ལས། རྒྱུད་ཡོངས་སུ་གཏད་པའི་ལེའུ་སྟེ་བཅུ་གཅིག་པའོ། །།། སངས་རྒྱས་ཀྱི་དགོངས་པ་མ་བཅོས་ཇི་བཞིན་མའི་དོན་ཡེ་ཤེས་ཀྱི་མར་མེ་ཆེན་པོའི་རྒྱུད་ཅེས་བྱ་བ་རིན་པོ་ཆེ་གཏེར་གྱི་སྙིང་པོ་རྫོགས་སོ།།།།

CLOSE WINDOW