CLOSE WINDOW

Gpb035.012: བར་དོ་གསང་བ་ཕྱི་མའི་རྒྱུད་ཅེས་བྱ་བ
Wylie

། སྤྲོ་བསྡུ་གཉིས་མེད་བདག་གཞན་བྲལ།། རང་བཞིན་གནས་པས་དེ་འདོད་བྲལ།། སྤྱོད་ཡུལ་མ་ལུས་སེམས་སུ་ཤེས།། སྣ་ཚོགས་འཁོར་བའི་རང་བཞིན་དང།། ཡེ་ནས་རང་བཞིན་གཉིས་སུ་མེད།། ཉིད་ལ་གཞན་སེམས་གྲུབ་པ་མེད། ། རིག་པ་ཅི་ཡང་མ་ཡིན་པ།། འདོད་པའི་བསམ་པ་ཀུན་དང་བྲལ།། ཤེས་པ་མཐའ་བྲལ་སོང་པ་ཉིད།། ཡེ་ཤེས་འོད་གསལ་རང་གནས་པ།། རོལ་བ་སྣང་ཡང་གྲུབ་པ་མེད།། སྒྱུ་མའི་ཡེ་ཤེས་རྩལ་དུ་འཕྲོ། ། མ་བཅོས་སྒྱུ་མ་ལྷུན་གྲུབ་ལ།། འཛིན་པའི་སེམས་དང་ངོས་གཟུང་མེད།། ཡེ་ཤེས་རྒྱལ་པོ་རྣམ་པར་དག། འཛིན་པའི་སེམས་བྲལ་རིག་པར་གསལ།། སེམས་ཉིད་ནམ་མཁའི་ལྟ་བ་ལ།། ནམ་མཁའ་བསམ་དུ་མེད་པ་བཞིན། ། ཡེ་ཤེས་བསམ་དུ་མེད་པ་ཡིན།། ཅིར་ཡང་མི་དགོངས་རང་བཞག་པ།། དུས་གསུམ་སངས་རྒྱས་ལྟ་བའོ།། ལྟ་མེད་རང་བཞག་ལྟ་བ་ནི།། དུས་གསུམ་གང་ཡང་མ་ཡིན་ཏེ།། འགྱུར་མེད་དབྱིངས་ཀྱི་ལྟ་བ་ཡིན། ། འདོད་པ་བྱ་བ་གང་ཡང་མེད།། ངོ་བོ་ཉིད་ལ་ཡང་དོགས་མེད།། སེམས་ཉིད་དྲི་མ་ཀར་དག་པ།། འགྱུར་མེད་རིན་ཆེན་གསེར་བཞིན་ནོ།། འཛིན་པའི་རླུང་གི་གཡོ་གྱུར་ཀྱང།། རིག་པའི་ངོ་བོ་འགྱུར་བ་མེད། ། རྒྱ་མཚོ་སྣང་བ་ཆེན་པོ་བཞིན།། ཕྱི་ནང་མི་མངའ་ཡེ་ཤེས་གསལ།། མཐའ་དབུས་མི་མངའ་ཕྱོགས་དང་བྲལ།། ཡེ་ཤེས་སེམས་ཉིད་ལྟ་བ་ལ།། རྒྱུ་དང་རྐྱེན་གྱིས་བཙལ་བ་མེད།། རྡོ་རྗེ་ཉིད་འདྲ་འཇིགས་པ་མེད། ། ཉི་མ་རིན་ཆེན་འབར་བ་ལྟར།། རང་གསལ་རྣམ་པར་རྟོག་དང་བྲལ།། འཁོར་བ་ཉིད་ན་ཡེ་སངས་རྒྱས།། རང་སེམས་རིག་པ་གང་ཡང་རུང།། བསམ་དང་བྲལ་བའི་རིག་པ་ཉིད།། ཆོས་དང་ཆོས་ཅན་གང་ཡང་མེད། ། ཡེ་ཤེས་ནམ་མཁའི་མཐའ་དང་མཉམ།། རྟག་པ་མ་ཡིན་མི་རྟག་མེད།། ཤེས་པ་འགག་པའི་འདོད་པ་མེན།། བྱ་བྱེད་མི་རྩོལ་རང་བཞིན་དག། དབུ་མ་ཆེན་པོ་དྲང་པོའི་སེམས།། ཕྱོགས་ཀྱི་ཡུལ་ལ་འཇིག་པ་མེད། ། སེམས་ཉིད་ཡུལ་ལ་གང་འཇུག་ན།། འཛིན་པའི་ཕྱོགས་ཆ་འདོད་པ་ཉིད།། དབུ་མའི་སེམས་དང་མི་ལྡན་པ།། བག་ཆགས་འཛིན་པའི་སེམས་ཀྱིས་དཀྲུགས།། བསམ་མེད་རིག་པ་བརྗོད་མེད་འདི། ། ཐ་སྙད་མིང་ལ་མི་གནས་ཏེ།། གདུལ་བྱ་དམན་པའི་སེམས་དག་ལ།། ཐ་སྙད་སྒྲ་ཡིས་འཁོར་ལོ་བསྟན།། སྣང་སྲིད་སྣང་བ་སྣ་ཚོགས་པ།། སྐུ་གསུང་ཐུགས་ལས་མ་གཡོས་ཏེ།། དྲན་རྟོགས་ཏིང་འཛིན་རིག་པ་ཐུགས། ། ནམ་མཁའ་ལྟ་བུར་མི་ཟད་པ།། བདེ་ཆེན་རིག་པ་སེམས་ཀྱི་བརྒྱན།། རྣམ་པར་རྟོག་པའི་སྒྲོ་འདོགས་གཅོད།། འོད་གསལ་རིག་པའི་འཁོར་ལོ་ཡིན།། ལུས་ཅན་རྣམས་ཀྱི་སྒྲ་རྣམས་ནི། ། སྔགས་ཀྱི་གསུངས་དུ་བསྒྲགས་པ་ཡིན།། སྣང་སྟོང་གཉིས་མེད་རིག་པ་གསུང། ཁ་དོག་དབྱིབས་སུ་གང་སྣང་བ།། སྐུ་མདོག་རྒྱན་གྱི་འཁོར་ལོར་ཟབ།། རྡོ་རྗེ་ལྟ་བུར་དབྱེར་མེད་པས།། སེམས་ཀྱི་རང་བཞིན་ཀུན་ཏུ་བཟང། ། སྐུ་གསུམ་རྫོགས་པའི་བདེ་བ་ཆེ།། བསམ་མེད་རང་གཞན་ཉིད་ཀྱིས་གོ། རིག་པ་མཆོག་ལྡན་ཀུན་ཏུ་བཟང།། བཀའ་ཡི་འཁོར་ལོ་འབུམ་ཕྲག་ཡས།། ཏིང་འཛིན་མི་རྟོག་རང་བཞིན་གསལ།། རང་རིག་རྡོ་རྗེ་འགྱུར་མེད་ལུང། ། མཐའ་དང་མཉམ་པའི་ལུང་གིས་ནི།། ཐམས་ཅད་ཡེ་ཤེས་ངོ་བོར་གསལ།། ཞེན་པའི་སྒྲོ་སྐུར་མ་ལུས་པའི།། ཡེ་ཤེས་རིག་པའི་འཁོར་ལོས་གཅོད།། དྲན་གསལ་རིག་པར་སྣང་བ་ལ། ། གང་ལྡན་གསལ་བའི་རིགས་པ་མཐོང།། རང་རིག་རྫོགས་པའི་ཡེ་ཤེས་ལ།། དངོས་སུ་གྲུབ་པ་གང་ཡང་མེད།། རྟོག་པའི་མཐུ་ཡིས་ཅིར་མཐོང་ཡང།། མེ་ལོང་དངས་བའི་བསྙེན་མ་ལྟར།། རྡོ་རྗེ་གསང་བའི་གདམས་པ་ཡིས། །།། རྒྱ་གར་སྐད་དུ། བར་དོ་གྷུ་ཧྱེ་ཏནྟྲ་ནཱ་མ། བོད་སྐད་དུ། བར་དོ་གསང་བ་ཕྱི་མའི་རྒྱུད་ཅེས་བྱ་བ། དཔལ་རྡོ་རྗེ་སེམས་དཔའ་ཕྱག་འཚལ་ལོ།། དེ་ནས་བཅོམ་ལྡན་དཔལ་ཀུན་ཏུ་བཟང་པོ་ལ། རྡོ་རྗེ་སེམས་དཔས་གསོལ་བ། བཅོམ་ལྡན་འདས་རྡོ་རྗེ་ཀུན་ཏུ་བཟང།། བར་དོ་ལ་སོགས་གསུངས་པ་ཡིས།། རྣལ་འབྱོར་པ་ཉིད་སངས་རྒྱས་པའི།། དུས་སའི་རིམ་པ་བཤད་དུ་གསོལ། ། ཞེས་ཞུས་པས། རྒྱལ་བ་ཀུན་ཏུ་བཟང་པོས་བཀའ་སྩལ་པ། རྡོ་རྗེ་སེམས་དཔའ་ཉོན་ཅིག། སྤྱིར་གང་ཟག་རྣལ་འབྱོར་པ་ཉིད་སངས་རྒྱ་བ་ལ་དུས་རྣམ་པ་གསུམ་སྟེ། ཚེ་འདི་ལ་སངས་རྒྱ་བ་ལ་ལུས་སྦྱང་བ་གནད་ཆེ་པས། ལུས་སྦྱང་བ་ལ་བཅུད་ལེན་གྱི་གདམས་ངག་བསྟན་པ་དང། བར་དོར་སངས་རྒྱ་བ་ལ་བླ་མའི་གདམས་ངག་དྲན་པ་གནད་ཆེ་བས་འཕོ་བའི་གདམས་ངག་བསྟན་པ་དང། ལན་གྲངས་བརྒྱུད་ནས་སངས་རྒྱ་བ་ལ་དམ་ཚིག་དང་ལྡན་པ་གལ་ཆེ་བས། དམ་ཚིག་དང། སྡོམ་པ་དང། བསམ་པ་བཟང་པོ་ལ་གནས་པར་བྱའོ།། ཞེས་བཀའ་སྩལ་པས། རྡོ་རྗེ་སེམས་དཔས་ཡང་གསོལ་པ། བཅོམ་ལྡན་རྡོ་རྗེ་འཆང་ཆེན་ཉིད། ། བཅུད་ལེན་གདམས་ངག་བཤད་དུ་གསོལ།། ཞེས་གསོལ་བས། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོས། རྡོ་རྗེ་སེམས་དཔའ་ལ་བཀའ་སྩལ་པ། བཅུད་ལེན་གདམས་ངག་བསྙན་པ་ནི། ། དངས་མ་ལྔ་ཡི་ཚེ་སྒྲུབ་སྟེ།། ས་ཡི་དངས་མ་ཤ་ཡིས་གསོས།། རྡོ་ཡི་དངས་མ་རུས་པའི་གསོས།། ཤིང་གི་དངས་མ་སྟོབས་ཀྱི་གསོས།། རྩི་ཡི་དངས་མ་བཅུད་ཀྱི་གསོས།། མེ་ཏོག་དངས་མ་བཀྲག་གིས་གསོས། ། དགུན་ཡང་མི་སྐམ་བདུད་རྩི་བཞི།། འདི་དགུ་ལྡན་པར་གསོགས་བྱས་ལ།། རིགས་ལྔ་དག་གི་བརྒྱ་ཡིས་གདབ།། ཨོཾ་བཛྲ་ས་ཏྭ་ཧཱུཾ། བཻ་རོ་ཙ་ན་ཨོཾ། རད་ན་སྭ་བྷ་བ་ཏྲཾ། ཨ་མི་དེ་བ་ཧྲི། ཀརྨ་བཛྲ་ཨ། ཨ་ཡུ་ཕ་ལ་སི་དྷི་བྷྲུཾ། བྱང་ཆུབ་ཀྱི་སེམས་སྤྲོ་བསྡུ་བྱ། འདི་ཟོས་ཡོན་ཏན་བརྗོད་མི་ལང།། བཅུ་ཐུབ་པ་ཡངས་བརྒྱ་ཚེ་འགྱུར།། འཆི་བ་དྲུག་ནི་བསླུ་བར་བྱེད།། བརྒྱད་ཅུ་ལོན་པ་དྲུག་ཅུ་ལྟར།། སེང་གེ་གླང་ཆེན་རྨ་བྱ་ཁྱུང། ། བཀྲག་མདངས་མེ་ཏོག་པདྨ་བཞིན།། སྔགས་འཆང་རིགས་འཛིན་ཀུན་གྱིས་རློབས།། མ་མོ་མཁའ་འགྲོས་སྡོངས་གྲོགས་བྱེད།། བདུད་རྩི་འདི་ཡོན་ཏན་གྱིས།། ཚེ་ལ་དབང་བའི་རིགས་འཛིན་འགྲུབ། ། ཅེས་གསུངས་སོ།། བཅུད་ལེན་བསྟན་པའི་ལེའུ་སྟེ་དང་པོའི་སྐབས་སོ།།།། དེ་ནས་གཞན་ཡང་བཀའ་སྩལ་པ།། འཕོ་བའི་རྒྱུད་དག་རྒྱུད་ལྔར་བསྟན།། དྲན་པས་སངས་རྒྱའི་གདམ་ངག་ནི།། རྩོལ་མེད་འཕོ་བའི་དོན་བསྟན་པ། ། འགྲོ་བ་རིགས་དྲུག་སེམས་ཅན་ལ།། ཡེ་ཤེས་རེ་རེའི་ཆ་ཡོད་དེ།། འགྲོ་བ་མི་ལ་ཡེ་ཤེས་ལྔ།། འདུས་པའི་ཆ་ནི་ཡོད་པས་ན།། འཛམ་གླིང་ལས་ཀྱི་ས་པ་ཡིན།། དེ་ལ་སངས་རྒྱས་བསྟན་ཚང་བས། ། དྲན་པ་སངས་རྒྱའི་གདམས་ངག་དོན།། འཆི་ཁར་དྲན་པས་སྐྱེལ་མའི་ཚུལ།། དབུགས་ཆད་ཡེ་ཤེས་འབྱུང་བ་ནི། བསུ་མའི་ཚུལ་དུ་ཕྲད་པ་ཡིན།། ཐ་མ་ཞིང་ཁམས་འཕོ་བ་ལ།། དམ་ཚིག་སྡོམ་པ་དྲན་པར་བྱ། ། དེ་ཡི་ངང་ལ་བསམ་པ་ནི།། བཟང་པོའི་ངང་དུ་འགྲོ་བར་བྱ།། ཞེས་བཀའ་སྩལ་པ་དང། རྡོ་རྗེ་སེམས་དཔའ་ལ་ཡང་བོས་ནས་བཀའ་སྩལ་པ། རྡོ་རྗེ་སེམས་དཔའ་རྒྱུད་འདི་ནི་ཤིན་ཏུ་གསང་བའི་རྒྱུད་ཅེས་བྱ་བ་ཡིན་ཏེ། བར་དོ་གསང་བའི་རྒྱུད་ཕྱི་མ་ཞེས་བྱ་བར་ཟུང་ཤིག། ཅེས་གསུངས་སོ།། རྒྱུད་གཟུང་བའི་ལེའུ་ཡི་སྐབས་ཏེ་གཉིས་པའོ།།།། བར་དོ་གསང་བའི་རྒྱུད་ཕྱི་མ་ཞེས་བྱ་བ་རྫོགས་སོ།།།། ཐུགས་ཤེས་རབ་ཡོངས་སུ་རྒྱས་པ་གསུམ་དུས་མཚུངས་པས། ཐུགས་རྗེ་ཆེན་པོ་དེ་ཡི་ཐུགས་ཀ་ནས། ཡེ་ཤེས་ཀྱི་འོད་ཟེར་སྤྲོས་ཏེ། བར་དེར་མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་རང་བཞིན་གྱིས་ཆགས་སོ། ། དེ་ནས་ཐུགས་རྗེ་ཆེན་པོས་ལྷོ་ཕྱོགས་བདེ་ལྡན་ཡིད་འདྲེས་ཀྱི་ཚལ་དུ་བྱོན་ནས། ཉིད་ཀྱི་མཛོད་བུའི་བུ་ག་ནས་ཡེ་ཤེས་ཀྱི་སྤྱན་ཕྱེ་སྟེ། དེའི་འོད་ཟེར་ལས་སངས་རྒྱས་དམ་པའི་དཔལ་གཞི་སྒྱུ་མ་ལྟ་བུའི་སྐུར་སྤྲུལ་ནས། བྱང་ཆུབ་སེམས་དཔའ་རོ་ལངས་བདེ་བ་ལ་དམ་པའི་དཔལ་གྱིས་ལུང་བཞི་བསྟན་ཏེ། དེ་དང་པོ་རིན་པོ་ཆེ་གསང་བའི་སྦུབས་ཆེན་པོ་བསྟན། དེ་ནས་ནང་སྒོ་ཆེན་པོ་བཞི་ཕྱེ་སྟེ་བསྟན། དེ་ནས་བར་གྱི་སྒོ་བཞི་ཕྱེ་སྟེ་སྒོ་བརྒྱད་གཅིག་ཏུ་བསྒྲིགས། དེ་ནས་ཕྱི་སྒོ་ཟབ་མོ་ཀློང་ནས་ཕྱེ་སྟེ་ཐུགས་རྗེས་སེམས་ཅན་གྱི་དོན་བྱས་སོ།། དམ་པའི་སྐྱེས་བུ་བཞིས་སྨྲས་པ། ཨེ་མཧོ།། གསང་བ་རྨད་དུ་བྱུང་བའི་ཆོས། ། བརྗོད་པ་ཀུན་ལས་རབ་ཏུ་འདས།། བརྗོད་མེད་དེ་ཉིད་སྣ་ཚོགས་པའོ།། ངོ་བོ་འགགས་མེད་ཡོངས་སུ་གྲགས།། ཞེས་གསུངས་སོ།། ཨཱརྱ་པ་ལོ་ཞེས་བརྗོད་དོ།། ཨེ་མའོ།། རྡོ་རྗེ་ཕུང་པོའི་ཡན་ལག་ཀྱང། ། རྫོགས་པའི་སངས་རྒྱས་ལྔ་རུ་གྲགས།། ཞེས་གསུངས་སོ།། ཨེ་མཧོ།། རྡུལ་གཅིག་སྟེང་ན་རྡུལ་སྙེད་པས།། ཕྱག་རྒྱའི་དཀྱིལ་འཁོར་གསལ་འཕྲོ་ཐིམ།། དེ་ཉིད་དག་པའི་རང་བཞིན་པས།། ངོ་མཚར་བཞི་བཅུ་རྩ་གཉིས་འགྲུབ། ། ཨ་ཧོ་སུ་ཁ་ཨེ་མ་ཧོ། ཆོས་མིན་ཡེ་ཤེས་རང་བྱུང་བས།། ཆོས་ཀུན་ཁོང་ནས་བརྡ་བར་བྱའོ།། ཀྱེ་ཧོ་ཀྱེ་ཧོ། ཨཱ་ལི་ཀཱ་ལི། ཡན་ལག་མེད་པའི་རྡོ་རྗེ། ཐབས་ཆེ་བ་ངོ་མཚར་ཏོ། སངས་རྒྱས་ཉིད་ཀྱི་སྐད་ཟབ་མོའི་ཀློང་ནས་ཟབ་མོའི་ཚིག་བརྗོད་པས། ། དོན་དམ་འགྱུར་མེད་སྙིང་པོ་ལྷུན་གྱིས་གྲུབ།། ཆོས་འབྱུང་སྤྱི་ཁོག་ཆེན་པོའི་དོན།། བྱིན་གྱིས་བརླབས་ཀྱིས་བཤད་པ་ལས།། སངས་རྒྱས་ཉིད་ལ་ཡི་གེ་མེད། ། དམ་པའི་སྐྱེས་བུ་བདག་ཕྱག་འཚལ།། ཞེས་སེམས་དཔས་གསོལ་ཏོ།། ངོ་མཚར་ཏོ།། སྒོ་བརྒྱད་བསྒྲིགས་པས་སྒོ་གཅིག་ཉིད་ལ་གནང། དབུས་ཆོས་འབྱུང་ཆེན་པོ་ལས་ཐུགས་རྗེ་རང་འབྱུང་གི་སྒོ་བཞི་ཕྱིར་བསྟན་ཏེ། རིག་པ་རང་ཤར་གྱི་དགོངས་པ་མེ་ལོང་དང་སྣང་བ་ལྟར་རང་ཤར་རོ།། ཐུགས་རྗེ་ཆོས་ཀྱི་སྒོ་བཞི་ནང་དུ་བསྟན་ཏེ། མཚོན་བྱེད་ཚིག་གི་སྒྲོན་མེ་དང། མཚོན་བྱ་དོན་གྱི་གཞི་མ་གཉིས་ཐ་མི་དད་པར་ཚིགས་མ་སྦྱར་ཏེ་གཞག་གོ། དེ་ཡང་མན་ངག་གི་ཀློང་བརྟོལ་བ་ནི།། གནས་ལུགས་རྣམ་པ་དྲུག་གིས་དཀྱུས་ཀྱི་ས་བཅད་ནས། སངས་རྒྱས་མཉམ་སྦྱོར་གྱི་དགོངས་པས་དོན་དང་མན་ངག་ལ་སྦྱར་ཞིང། དེ་ནས་དམ་པའི་སྐྱེས་བུ་བཞིས་ཆོས་ཀྱི་མཐར་གཏུགས་པའོ། ཁ་སྦྱོར་བར་ན་བདེ་གནས་པ། ཨོཾ་གྱུར་སྔགས་ཀྱི་སྡོང་པོ་ལ།། ཡན་ལག་མེད་པའི་རྡོ་རྗེ་བཤད།། ཅེས་སངས་རྒྱས་ཉིད་ཀྱི་བཀའ་འོ།། ཆོས་སྐུ་རང་བྱུང་འོད་གསལ་བས། ། ཉི་མའི་སྙིང་པོ་བཞིན་དུ་གནས།། ས་བོན་ཟླ་བ་རྒྱས་འདྲ་བ།། ཏིལ་འབྲུ་ཟེར་གྱི་སྦུ་ཐག་ཙམ།། མི་གསལ་གསལ་བའི་བདག་ཉིད་ཅན།། ཐུགས་ཀྱི་ཡི་གེ་འབྲུ་གཅིག་པུ།། ཆོས་རྣམས་ཀུན་གྱི་རྩ་བ་སྟེ། ། ཆོས་རྣམས་ཀུན་གྱིས་ང་མ་མཐོང།། དཔེར་ན་མིག་གི་སྒྲོན་མེ་ལ།། ལིང་ཏོག་སྤྲིན་གྱིས་བསྒྲིབས་པ་བཞིན།། ང་ཡི་སྒྲིབ་ཤིང་ཆོས་ཡིན་ནོ།། ཡེ་ཤེས་ལྷུན་རྫོགས་ཆེན་པོའི་སྐུ།། གསལ་འཚེར་ལྷུན་སྡུག་གཟི་བྱིན་ལྡན། ། སྣ་ཚོགས་འོད་ཟེར་འཕྲོ་བ་ཡིས།། ཁམས་གསུམ་པ་ཡང་ཡང་དག་སྒྲོལ།། ཤེས་བྱའི་དབྱིངས་ན་འོད་གསལ་བ།། གསེར་གྱི་ཡི་གེ་འབྲུ་གཅིག་པུ།། གཞི་རྩ་མེད་ལས་ཡིག་འབྲུར་གསལ།། མེ་ལོང་ནང་གི་གཟུགས་སྣང་འདྲ།

CLOSE WINDOW