Wylie |
། བཤད་པའི་སྒོ་ནི་བཅུ་དང་བཞི།། རིག་པའི་ཕྱག་རྒྱ་བདེ་བའི་གནས།། བརྒྱད་དང་བཞི་ཡི་སྦྱོར་བ་ཡིས།། རིག་པའི་ཡེ་ཤེས་རང་འབར་རྟོགས།། དོན་གྱི་སྣང་བ་ཡེ་ཤེས་མཆོག། བདེ་བ་ཆེན་པོའི་ཡེ་ཤེས་འཆར། ། དེ་ནས་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་དེས་འདུས་པའི་འཁོར་ཚོགས་དོན་ཡོད་པར་བྱ་བའི་ཕྱིར་དགོངས་པ་འདི་གསུངས་སོ།། སེམས་ཅན་ཀུན་གྱི་དགོངས་པའི་སྙིང་པོ་སྟེ།། རང་སེམས་དེ་བཞིན་ཉིད་དེ་མཐོང་འགྱུར་ན། ། སངས་རྒྱས་རྒྱུ་ལས་རྩོལ་བས་མི་འགྲུབ་སྟེ།། ད་ལྟ་ཉིད་ནས་ཤིན་ཏུ་རྣལ་འབྱོར་མཐོང།། ཞེས་བཀའ་སྩལ་ཏོ།། ཐེག་པ་ཐམས་ཅད་ཀྱི་ཡང་རྩེ། རྒྱུད་ཐམས་ཅད་ཀྱི་རྒྱལ་པོ། ཁ་ས་མན་ཏ་ནམ་མཁའི་མཐའ་དང་མཉམ་པའི་རྒྱུད་ལས། ཆོས་ཐམས་ཅད་གཏན་ལ་ཕབ་པའི་ལེའུ་སྟེ་གཉིས་པའོ།།།། གྷུ་བྷི་དྷ་བྷུ་ཨུ་བྷི་ཤྟ། དེ་ནས་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་བདེ་བ་ཆེན་པོ་དེས། འཁོར་རྣམས་འདུས་པ་དང། ཉེ་བའི་འདུས་པ་དང། སྣང་འཇུག་དང། ཞེན་པའི་བློ་འཛིན་པ་ལ་སོགས་པ་འཁོར་ཚོགས་ཐམས་ཅད་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། རང་འབྱུང་དག་པའི་སངས་རྒྱས། ། ཆོས་དང་ཆོས་ཉིད་སྣ་ཚོགས་པ།། རིག་པ་ཉིད་ཡིན་རྣམ་པར་དག། འདུས་པའི་འཁོར་ཚོགས་དང་སེམས་ཀྱིས།། སྣ་ཚོགས་རང་བྱུང་ཉིད་དུ་ལྟ།། ཞེས་གསུངས་སོ།། དེ་ནས་འདུས་པའི་འཁོར་ཚོགས་ཀྱིས་མགྲིན་གཅིག་ཏུ་དངས་པའི་སེམས་ཀྱིས། སེམས་དཔའ་རྡོ་རྗེ་བསྐུལ་ལོ།། སེམས་དཔའ་རྡོ་རྗེ་ཉེ་བའི་གནས་ནས་འཐོན་ཏེ་འདི་སྐད་ཅེས་ཞུས་སོ།། རིག་པ་རྣམ་དག་བཅོམ་ལྡན་འདས།། སྐུ་གསུམ་རྫོགས་པའི་ཡེ་ཤེས་ཆེ། ། མཛད་པ་ཕྱོགས་བཅུ་མུ་མཐའ་མེད།། ཐུགས་རྗེ་རང་སྣང་ཕྱོགས་རིས་མེད།། བཏང་སྙོམས་ཆེན་པོ་ཀུན་ཏུ་བཟང།། རིག་པ་མཆོག་གི་དཀྱིལ་འཁོར་ནས།། རྫོགས་པའི་ཡེ་ཤེས་ཐབས་ཆེན་གྱིས།། གསལ་བའི་ཡེ་ཤེས་སྒོ་ཕྱེ་ནས། ། དཔལ་གྱི་མགུར་ནས་གསུངས་བསྒྲགས་པ།། འདུས་པའི་འཁོར་ལ་གསལ་བར་གསུངས།། ཞེས་ཞུས་སོ།། དེ་ནས་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོས། སེམས་དཔའ་རྡོ་རྗེ་ལ་འདི་སྐད་ཅེས་གསུངས་སོ། ཁཾ་ཀྵ་ནམ་མཁའི་མཐའ་དང་མཉམ་པ་ཡི།། མཐའ་ཡས་འགྲོ་བ་ཀུན་དང་ལྡན།། རིག་པ་མཐའ་མེད་ཀུན་ཏུ་བཟང།། གང་ཡང་མ་ཡིན་རིག་པ་གསལ།། རྩོལ་བའི་སེམས་བྲལ་མངོན་སངས་རྒྱས། ། རྒྱུ་འབྲས་གཉིས་མེད་ལྷུན་གྱིས་གྲུབ།། རྣལ་འབྱོར་ཤེས་པ་རང་གསལ་བ།། བྱེད་པ་ཉིད་ཀྱིས་མཐོང་བར་གྱིས།། ཤེས་པའི་རྣམ་པ་གང་སྐྱེས་ཀྱང།། རྣམ་བྱུང་ཉིད་ལས་གཞན་མ་ཡིན།། བསམ་གྱིས་མི་ཁྱབ་དུས་ནས་ཤེས། ། འཁོར་བའི་ཤེས་པ་བློ་བུར་བ།། གྲུབ་པ་མ་ཡིན་རྐྱེན་གྱིས་སྣང།། བརྗོད་པའི་བརྙན་མ་ཉིད་དང་མཚུངས།། རྣམ་པར་རྟོག་པའི་སེམས་ཉིད་ནི།། གང་ལྟར་བརྟགས་པ་བཞིན་དུ་མཐོང།། དུ་མ་རིགས་ཀྱི་རྟོག་པ་དག། སྒོ་རྣམས་ཀུན་ཏུ་རྒྱུ་བ་སྟེ།། མེ་གཅིག་སྐར་ཁུང་དུ་མ་བཞིན།། དོན་གྱི་རྣམ་བྱང་དུ་མ་མེད།། རིག་པ་དབྱེར་མེད་དཀྱིལ་འཁོར་འདིར།། མཐའ་བྲལ་ལྟ་བའི་དོན་ལྡན་གྱིས། ། རང་གཞན་དགོངས་པས་གནས་པར་བྱ།། རང་བྱུང་ཐུགས་རྗེ་གཡོ་མེད་ཀྱིས།། འགྲོ་རྣམས་མ་ལུས་རྫོགས་པར་མཛད།། སྐུ་གསུམ་ལྷུན་གྲུབ་འབྲས་བུ་ནི།། གཞན་མ་ཡིན་ཏེ་མཐའ་དང་མཉམ།། རིགས་བརྒྱུད་དབང་པོ་ཚིག་ཆོད་དམ། ། སྦྱངས་པའི་འཕྲོ་ཅན་གང་ཡང་རུང།། སེམས་ཀྱི་རྣམ་གྲངས་གང་སྒོ་ནས།། སྤྱི་བླུགས་དབང་ལ་གནས་བྱ་སྟེ།། རྣ་རྒྱུད་མན་ངག་ནོད་པར་བྱ།། བགྲོད་མེད་ལམ་ལ་གནས་བྱས་ལ། ། བྱ་མེད་ས་ཡི་ཡོན་ཏན་འཕེལ།། རིམ་མེད་ཅིག་ཅར་འཇུག་པ་ཡི།། རང་བྱུང་ཡེ་ཤེས་བླ་མའི་ས།། ཆེ་བའི་ཆེ་བ་ཆོས་ཀྱི་སྐུ།། རྩོལ་མེད་གནས་པས་མངོན་སངས་རྒྱས།། འགྲོ་བའི་རིག་པ་གང་དག་ལ།། བསམ་བྲལ་ཉིད་དུ་འདུག་པར་བྱ། ། ཤེས་པ་རང་ལུགས་ཐལ་བྱུང་པ།། དུས་གསུམ་མི་གཡོ་གནས་གྱུར་ན།། རྒྱལ་བའི་ཡེ་ཤེས་གསལ་མཐར་ཕྱིན།། ཅེས་བཀའ་སྩལ་ཏོ།། དེ་ནས་སེམས་དཔའ་རྡོ་རྗེས་འདི་སྐད་ཅེས་གསོལ་ཏོ། ། རྣམ་རྟོག་སྣ་ཚོགས་སྣང་བ་དང།། རང་བྱུང་རྟོག་མེད་ཡེ་ཤེས་གཉིས།། ཐ་དད་ངོ་བོ་ཇི་ལྟར་གཅིག། འདུས་པའི་ཚོགས་ལ་བཤད་དུ་གསོལ།། ཅེས་ཞུས་སོ།། དེ་ནས་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་བདེ་བ་ཆེན་པོ་དེས་འདི་སྐད་ཅེས་བཀའ་སྩལ་ཏོ། ། སྣ་ཚོགས་འཁོར་བའི་རྟོག་པ་དང།། རྫོགས་ཉིད་ཡེ་ཤེས་རང་བཞིན་རྟོག་པ་ཉིད།། རྟོག་པ་གང་ཡིན་ཡེ་ཤེས་ཉིད།། ཐ་དད་ཡོད་པ་མ་ཡིན་ཏེ།། ཡེ་ཤེས་མཐའ་མཉམ་རང་བཞིན་ནི། ། ཀུན་སྤངས་ཀུན་གྱི་དངོས་གཞི་ཅན།། འཛིན་པ་དུ་མའི་རྟོག་པ་ཉིད།། བྱང་ཆུབ་སེམས་སུ་བརྗོད་པ་ཡིན།། བརྗོད་མེད་སེམས་ཀྱི་རང་བཞིན་ལ།། བརྗོད་པས་གོ་བར་མི་འགྱུར་བས། ། བརྗོད་མེད་དོན་གྱིས་གོ་བར་བྱ།། ཀུན་བཟང་སེམས་ཉིད་རྣམ་པར་དག། མཚོན་ཆ་མཚོན་བྱེད་གང་ཡང་མེད།། བཙལ་མེད་རང་བཞག་ཉིད་ཀྱིས་མཚོན།། མཐའ་ལ་སྣང་བའི་ཤེས་པ་དག། བཀའ་ཡི་ཤེས་པས་དྲང་བྱ་སྟེ། ། གཏད་འཛིན་མེད་པའི་ངང་བཞག་ན།། ཡིད་ལ་མི་བྱེད་བྱ་བ་བཏང།། བློ་ཡིས་མི་ཕྱེད་རང་བཞིན་གསལ།། འཛིན་པའི་རྒྱུ་འབྲས་གང་ཡང་མེད།། འབྲས་བུ་ཉིད་ཀྱིས་འབྲས་བུར་འགྱུར།། རེ་དོག་རྩོལ་བའི་མཐར་མི་འགྱུར། ། འཛིན་མེད་རང་བཞིན་སྨན་ཆེན་གྱིས།། འཁོར་བ་གཅོང་སྙིང་ཀུན་དང་བྲལ།། རྣམ་རྟོག་ཡེ་ཤེས་འོད་གསལ་ཉིད།། རང་གནས་ཡེ་ཤེས་ཡེ་ནས་དག། རིན་ཆེན་དག་པའི་གླིང་བཞིན་དུ། ། སེམས་ཀྱི་ཡེ་ཤེས་ཡེ་ནས་དག། རིམ་མེད་སེམས་ཀྱི་རང་བཞིན་ལ།། བགྲོད་པའི་ལམ་གྱིས་མཐོང་བ་མེད།། རྣམ་གྲོལ་འབྲས་བུ་རང་བྱུང་ཉིད།། བགྲོད་མེད་རྣམ་གྲོལ་རྫོགས་པའི་ལམ།། གདོད་ནས་རྩོལ་མེད་ལྷུན་གྱི་གྲུབ། ། ཡེ་ཤེས་ཉི་མའི་སྙིང་པོར་གསལ།། མ་ལུས་ཐིག་ལེ་ཆེན་པོ་ཉིད།། གཟུགས་གཉིས་མེད་པའི་མི་གཡོ་བ།། རྒྱུ་དང་འབྲས་བུར་རྟོག་འཛིན་ཅིང།། མི་ཤེས་སྒྱུ་མའི་མཚན་མས་བཅིངས། ། སེམས་ཉིད་མཁའ་འདྲ་ལྟ་བའི་ཀློང།། ཡེ་ཤེས་ཡངས་པ་བརྡལ་བ་ཆེ།། བླང་དོར་གཉིས་མེད་རྩལ་བ་བྲལ།། བྱང་ཆུབ་སེམས་ཀྱིས་ལྟ་ཐག་བཅད།། ཏིང་འཛིན་ཞི་བས་ཉམས་སུ་བླངས།། བྱང་ཆུབ་སེམས་ཀྱི་ལྟ་བ་ནི། ། རང་བྱུང་ཡེ་ཤེས་མཚན་ཉིད་གསལ།། མི་བསམ་གྱི་ནར་བཞག་པའོ།། བསམ་གྱིས་མི་ཁྱབ་ཡེ་ཤེས་མཐོང།། རང་བྱུང་རྫོགས་པའི་ལྟ་བ་ནི།། མཐའ་གསུམ་བྲལ་ལོ་ཡེ་སངས་རྒྱས།། རྩོལ་བྲལ་དབུ་མ་དྲང་པོའི་ལམ། ། འཆིང་བྲལ་ལྟ་བ་གཟའ་གཏད་མེད།། རིན་ཆེན་མཐའ་མཉམ་ཀུན་བཟང་འདིས།། རང་སེམས་གཉིས་མེད་རྟོགས་པར་གྱིས།། བཏང་སྙོམས་ལྟ་བ་བླང་དོར་མེད། ཁྱུང་ཆེན་མཁའ་ལ་ལྡིངས་པ་བཞིན། ། སྤྲོ་བསྡུ་གཉིས་མེད་བདག་གཞན་བྲལ།། རང་བཞིན་གནས་པས་དེ་འདོད་བྲལ།། སྤྱོད་ཡུལ་མ་ལུས་སེམས་སུ་ཤེས།། སྣ་ཚོགས་འཁོར་བའི་རང་བཞིན་དང།། ཡེ་ནས་རང་བཞིན་གཉིས་སུ་མེད།། ཉིད་ལ་གཞན་སེམས་གྲུབ་པ་མེད། །།། དམ་ཚིག་ཐམས་ཅད་ཀྱི་རྒྱལ་པོ་ས་མ་ཡ་བཀོད་པའི་རྒྱུད་རྫོགས་སོ།།།། རྒྱ་གར་སྐད་དུ། སན་ཏི་མ་ཧཱ་དམུ་རི་ནཱ་མ་ཏནྟྲ་གུ་ཧྱ། བོད་སྐད་དུ། རྫོགས་པ་ཆེན་པོ་བར་དོ་གསང་པའི་རྒྱུད་ཅེས་བྱ་བ། དཔལ་རྡོ་རྗེ་ཀུན་ཏུ་བཟང་པོ་སྐྱེ་མེད་ཡེ་ཤེས་ལྷུན་གྲུབ་ལ་ཕྱག་འཚལ་ལོ།། འདི་སྐད་རྟོགས་པའི་དུས་གཅིག་ན། བཅོམ་ལྡན་འདས་རྡོ་རྗེ་འཆང་གིས་སངས་རྒྱས་ཀུན་ཏུ་བཟང་པོ་སྐྱེ་བ་མེད་པ་ཡུམ་གྱི་མཁའ་ལ། རྡོ་རྗེ་སེམས་དཔའ་ལ་སོགས་པ་དང་ཐབས་ཅིག་ཏུ་བཞུགས་སོ།། གླེང་གཞིའི་ལེའུ་སྟེ་དང་པོའོ།།།། དེ་ནས་དཔལ་རྡོ་རྗེ་སེམས་དཔས། བཅོམ་ལྡན་འདས་ལ་གསོལ་བ། ཀྱེ་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ། གསང་སྔགས་ཀྱི་གནད་ནི་བར་དོ་ཡིན་ཏེ། བར་དོའི་གནད་བཤད་དུ་གསོལ།། ཞེས་གསོལ་པས། རྒྱལ་བ་ཀུན་ཏུ་བཟང་པོས་བཀའ་སྩལ་པ། ཉོན་ཅིག་རྡོ་རྗེ་སེམས་དཔའ་ཉོན།། བར་དོའི་གནད་ནི་འདི་ལྟ་སྟེ།། རང་བཞིན་གནས་ཀྱི་བར་དོ་ནི།། ད་ལྟའི་དུས་སུ་ཤེས་པར་བྱ།། ཏིང་ངེ་འཛིན་གྱི་བར་དོ་ནི།། སྒོམ་པའི་དུས་སུ་ཤེས་པར་བྱ།། རྨི་ལམ་དག་གི་བར་དོ་ནི། ། བག་ཆགས་དུས་སུ་ཤེས་པར་བྱ།། སྐྱེ་ཤི་དག་གི་བར་དོ་ནི།། འཆི་ཁའི་དུས་སུ་ཤེས་པར་བྱ།། སྲིད་པ་དག་གི་བར་དོ་ནི།། དབུགས་ཆད་དུས་སུ་ཤེས་པར་བྱ།། དེ་ལ་ལུས་ནི་རྣམ་ལྔ་སྟེ།། རང་བཞིན་གནས་པའི་བར་དོ་ཡང། ། འཁྲུལ་བ་ཤ་ཁྲག་ལུས་སུ་གནས།། ཏིང་ངེ་འཛིན་གྱི་བར་དོ་ཡང།། འདེགས་པའི་རིག་པའི་ལུས་སུ་སྣང།། རྨི་ལམ་དག་གི་བར་དོ་ལ།། སོག་པ་བག་ཆགས་ལུས་སུ་གནས།། སྐྱེ་ཤི་དག་གི་བར་དོ་ལ། ། སྣང་བཞི་འོད་ཀྱི་ལུས་སུ་གནས།། སྲིད་པ་དག་གི་བར་དོ་ལ།། གཅོད་པ་ཡིད་ཀྱི་ལུས་སུ་གནས།། ཞེས་གསུངས་སོ།། བར་དོའི་སྣང་ལུགས་ཀྱི་ལེའུ་སྟེ་གཉིས་པའོ།།།། དེ་ནས་གཞན་ཡང་སེམས་དཔའ་ཉོན། ། རང་བཞིན་གནས་ཀྱི་བར་དོ་ལ།། ཐིག་ལེ་སྟོང་གསལ་སྤྲད་པ་ནི།། དྭ་ཕྲུག་མ་དང་ཕྲད་པ་བཞིན།། ཡེ་ཤེས་བཞི་ཆ་ངོ་ཡིས་གཟུང།། ཏིང་ངེ་འཛིན་གྱི་བར་དོ་ལ། སྒེག་མོ་མེ་ལོང་ལྟ་བ་བཞིན། ། མ་ཡེངས་གསལ་བའི་ངང་ལ་གཞག། རྨི་ལམ་ངག་གི་བར་དོ་ལ།། བག་ཆགས་ཉིང་མཚམས་སྦྱར་བ་ནི།། ཆུ་བོ་རྒྱུན་ཆད་མེད་པ་བཞིན།། འབྱོངས་མ་འབྱོངས་ཀྱི་དོན་ལ་བརྟག། མ་འབྱོངས་འདུག་ན་ནན་ཏན་སྦྱར། ། སྐྱེ་ཤི་དག་གི་བར་དོ་ལ།། སྐོང་ཆད་པ་ཡི་ཝ་འཛུགས་བཞིན།། རྩོལ་བཅས་རྩོལ་མེད་གནད་ཀྱིས་ནི།། རབ་ནི་ཆོས་སྐུ་དག་ལ་འཕོ།། འབྲིང་ནི་གཟུགས་ཀྱི་སྐུ་ལ་འཕོ།། དེ་ལྟར་མི་ལྡན་ཐ་མ་ཡང། ། ཞིང་ཁམས་ཁྱད་པར་ཅན་དུ་འཕོ།། ཡི་གེ་ཀྵྭཱཾ་ནི་འབྲུ་གཅིག་པ།། ཕྱག་ན་རྡོ་རྗེའི་སྙིང་པོ་སྟེ།། སྲུང་བྱེད་འབྲུ་ཡིས་སྐྱེ་མཆེད་དགག། མ་ཡེངས་ཚངས་བུག་དག་ནས་འཕོ།། ཕྱི་ནང་གསང་བའི་འཆི་རྟགས་ཀུན། ། བྱུང་བར་ངེས་ན་འཕོ་བ་ལ།། ཀུན་ཏུ་ཡང་ནི་བྱ་བ་མིན།། དེ་ནི་རྩོལ་བཅས་འཕོ་བ་ཡིན།། རྩོལ་མེད་འཕོ་ན་འདི་དག་བྱ།། སྔར་ནས་གོམས་པ་ཤིན་ཏུ་གཅེས།། དེ་ཡི་ངང་ལ་སྟོང་གསལ་དུ། ། ངང་གིས་གཞག་ནས་འཕོ་བ་ཡིན།། དབུགས་ཆད་གྱུར་ན་དེ་དང་ཕྲད།། བསུན་མ་ལྟ་བུར་འོང་བ་ཡིན།། དྲན་པ་དེ་ནི་སྐྱེལ་མ་ཡིན།། དེ་ལ་སྐྱེ་མཆེད་དགག་མི་དགོས།། རྩོལ་བ་བྲལ་བས་རྩོལ་མེད་ཡིན།། ཡི་དམ་ལྷ་དང་ཞིང་ཁམས་སུ། ། དྲན་པ་རང་གིས་འགྲོ་བ་ན།། དྲན་པ་སངས་རྒྱས་ཞེས་སུ་བཞེད།། དེ་ལ་འཕྲོ་བའི་ཐ་སྙད་མེད།། འཕོ་བ་གནང་གི་ལེའུ་སྟེ་གསུམ་པའོ།།།། དེ་ནས་ཡང་བཀའ་སྩལ་པ།། སྲིད་པ་ཡི་ནི་བར་དོ་རུ། ། མུན་པར་མར་མེ་བཏེག་པ་ལྟར།། སྟོང་གསལ་ཟིལ་བས་མངོན་ཤེས་འཆར།། སྟོང་གསལ་ཡེ་ཤེས་ངང་དུ་གནས།། དེ་ལ་གཟུགས་སྐུས་འགྲོ་དོན་བྱེད།། དེ་ལ་ད་ལྟ་བསྐྱེད་རིམ་ལ།། བློ་ཡིས་སྦྱང་བ་ཤིན་ཏུ་གཅེས། ། རྒྱུ་མེད་སངས་རྒྱས་འབྱུང་མི་འགྱུར།། བར་དོ་ཡེ་ཤེས་མ་ཟིན་ན།། ཞག་ནི་བདུད་ཕྲག་བདུན་པར་དུ།། སྔོན་འབྱུང་སྲིད་པའི་ཤ་ཚུགས་ཅན།། དབང་པོ་ཀུན་ཚང་ཐོགས་མེད་ལྡན།། དེ་ལྟ་བུ་ཅིག་གནས་པ་ལས། ། དུཿཁ་དཔག་ཏུ་མེད་པ་ཡོད།། དེ་དུས་སྐྱབས་ཚོལ་དྲན་པ་འབྱུང།། ལྷ་དང་བླ་མ་སྐྱབས་སུ་སོང།། ད་ལྟ་གསང་ཚན་བརྟགས་ནས་ནི།། དབང་བསྐུར་ལམ་བྱས་དེར་དྲན་ཏེ།། སྐྱབས་སུ་དེ་ཉིད་འོང་བ་ཡིན། ། བླ་མ་དང་ནི་དགོངས་ལྡན་པས།། བདུན་ཚིགས་བྱས་པ་ཉན་པ་ཡིན།། ཟས་སུ་དྲི་ཟ་ཉེ་འཁོར་ཅན།། བདུན་ཕྲག་རེ་ན་འཆི་བ་ཡི།། སྡུག་བསྔལ་དག་དང་བཅས་པའོ། མཚམས་མེད་ལས་ཚང་མར་འགྲོ་སྟེ། ། རྟོགས་ལྡན་ཡར་ལ་སངས་རྒྱས་པས།། ཡར་དང་མར་གྱི་བར་དོ་མེད།། ཐ་མལ་བར་དོ་གོང་ལྟར་ཡིན།། ཞེས་གསུངས་སོ།། སྲིད་པ་བར་དོའི་ལེའུ་སྟེ་བཞི་པའོ།།།། དེ་ནས་གཞན་ཡང་བཀའ་སྩལ་པ། ། བར་དོའི་གདམས་ངག་འདི་ལྟ་སྟེ།། རང་བཞིན་གནས་པའི་བར་དོ་ལ།། རབ་ནི་སྟོང་གསལ་ངང་ལ་སྦྱངས།། ཞོར་ལ་ཐུན་མཚམས་བསྐྱེད་རིམ་སྦྱང།། ཏིང་ངེ་འཛིན་གྱི་བར་དོ་ལ།། དེ་ཡིས་ངང་ལས་མ་ཡེངས་བྱ། ། ཡང་དང་ཡང་དུ་དྲན་པ་བསྐུལ།། རྨི་ལམ་དག་གིས་བར་དོ་ལ།། གསལ་ཞིང་འབྱོངས་སམ་མ་འབྱོངས་བལྟ།། མ་སྦྱོངས་ནན་ཏན་གཉེན་པོར་སྦྱང།། སྐྱེ་ཤི་དག་གི་བར་དོ་ལ།། འཆི་ཁར་འཕྲང་གསུམ་གཅད་བྱ་སྟེ། ། མངོན་པར་ཞེན་པའི་འཕྲང་ཉིད་ནི།། འཆི་ཁར་གང་ལ་ཆགས་ཀྱང་འཕྲང།། ཡི་དྭགས་གནས་སུ་སྐྱེ་བར་ངེས།། དེས་ན་མ་ཞེན་འཕྲང་གཅད་བྱ།། གཉིས་པ་ལོག་པར་འདྲེན་པའི་འཕྲང།། དེ་མ་གཅད་ན་དམྱལ་བར་སྐྱེ། ། དེས་ནི་ཞེ་སྡང་ལོག་འདྲེན་གཅད།། གསུམ་པ་གཏི་མུག་འདུས་བྱས་འཕྲང།། དེ་མ་གཅད་ན་བྱོལ་སོང་སྐྱེ།། དེ་བས་ཆོས་ཉིད་གསལ་གདབ་བྱ།། རྟོགས་ལྡན་རང་གི་དྲན་པ་སྦྱང།། རྐྱེན་གཞན་བླ་མ་གྲོགས་ཀྱི་གདབ། ། གཞན་ཡང་བསམ་པ་བཟང་པོའི་གནས།། ངན་པ་མི་དམིགས་ངང་ལ་གཞག། ཅེས་བཀའ་སྩལ་པ་དང། རྡོ་རྗེ་སེམས་དཔས་བཅོམ་ལྡན་འདས་ལ་བསྟོད་པ་དང་མཆོད་པ་བྱས་ཏེ། བདག་གིས་རྒྱུད་འདི་ཇི་ལྟར་གཟུང་བར་བགྱི་ཞེས་གསོལ་བས། རྒྱུད་འདི་ནི་བར་དོ་གསང་བའི་རྒྱུད་ཅེས་བྱ་བར་གཟུང་བར་བྱའོ།། རྒྱུད་འདི་མ་འོངས་པའི་དུས་སུ་རྣལ་འབྱོར་པ་དམ་ལ་གནས་པ་རྣམས་ཀྱི་གཟུང་བར་བྱ། བཅང་བར་བྱ། འདྲིས་པར་བྱ། བལྟ་བར་བྱ། ཉམས་སུ་བླང་བར་བྱ། སྦྱང་བར་བྱ། དམ་མེད་ལ་བྱིན་ན་རང་གི་ཉམས་འགྲིབ་པས་སྦ་བར་བྱའོ། ཞེས་བཀའ་སྩལ་པ་དང། རྡོ་རྗེ་སེམས་དཔའ་ལ་སོགས་པ་རྣམས་རྗེས་སུ་ཡི་རང་བར་གྱུར་ཏོ། ། རྒྱུད་གཟུང་བའི་ལེའུ་སྟེ་ལྔ་པའོ།།།། རྫོགས་པ་ཆེན་པོ་བར་དོ་གསང་བའི་རྒྱུད་ཅེས་བྱ་བ་རྫོགས་སོ།།།། གུ་རུ་ཤྲཱི་སིང་ཧ་བ་ཏས་རྡོ་རྗེ་ཡང་དབང་གཏེར་ལ་དུར་ཁྲོད་གསང་ལུང་དུ་གནང་བའོ། །།། རྒྱ་གར་སྐད་དུ། བར་དོ་གྷུ་ཧྱེ་ཏནྟྲ་ནཱ་མ། བོད་སྐད་དུ། བར་དོ་གསང་བ་ཕྱི་མའི་རྒྱུད་ཅེས་བྱ་བ། དཔལ་རྡོ་རྗེ་སེམས་དཔའ་ཕྱག་འཚལ་ལོ།། དེ་ནས་བཅོམ་ལྡན་དཔལ་ཀུན་ཏུ་བཟང་པོ་ལ། ། ཐེག་པའི་སྙིང་པོ་ཐུགས་ཀྱི་བཅུད།། བསྟན་པའི་བཅུད་འཛིན་ཐེག་པའི་མཆོག། སྐལ་ལྡན་འགྲོ་བའི་དོན་ཆེད་དུ།། མཐའི་མུན་པ་བསལ་ནས་ནི།། རྣམ་གྲོལ་འབྲས་བུ་ཐོབ་པར་མཛོད།། ཅེས་ལུང་བསྟན་ཏོ། ། དེ་ནས་ལྷའི་བུས། གསང་བདག་ཆེན་པོ་ལ་ཞུས་པ། རྣམ་དག་དྲི་མ་དང་བྲལ་བའི།། བྱམས་མགོན་ཐུགས་རྗེས་ཆེན་པོ་ཁྱོད།། འགྲོ་བ་རྣམས་ལ་མ་བཞིན་བརྩེ།། ཀུན་མཁྱེན་ཁྱོད་ཀྱི་སྤྱན་སྔར་འདུད། ། དུས་འདིར་ཐུགས་རྗེས་སྐྱབ་ཏུ་གསོལ།། ཞེས་ཞུས་པས་གསང་བདག་ཆེན་པོས།། རབ་དགའ་སྙིང་པོ་ལ་གསོལ་བ།། དུས་གསུམ་སངས་རྒྱས་ཐུགས་ཀྱི་བཅུད།། རིན་ཆེན་སྒྲོན་མ་ཐབས་ལྡན་པས།། གུ་ལང་གཟེར་བཟོའི་དོན་ཆེད་དུ། ། ལྷུན་གྲུབ་འབྲས་བུ་ཐོབ་པར་མཛོད།། ཅེས་གསུངས་སོ།། དེ་ནས་རབ་དགའ་སྙིང་པོས་འོད་གསལ་གནས་སུ། རྡོ་རྗེ་སེམས་དཔའ་ལ་འདི་སྐད་ཅེས་གསོལ་ཏོ།། མ་བཅོས་སྐྱེ་འགག་མེད་པའི་དོན། ། དེ་དོན་བདག་གིས་མ་རིག་པས།། ཀུན་མཁྱེན་ཁྱོད་ཀྱིས་བསྟན་དུ་གསོལ།། ཅེས་གསོལ་པ། རྡོ་རྗེ་སེམས་དཔས་བཀའ་སྩལ་པ། ནམ་མཁའ་རྡོ་རྗེ་ཨ་དང་གསུམ།། གཏིང་ལྟར་མི་གསལ་རིན་པོ་ཆེ། ། སྤྲིན་དང་མུན་པ་ལིང་ཐོག་གི། དེ་དོན་མཐོང་བ་ཤིན་ཏུ་དཀའ། ཞེས་གསུངས་སོ།། དེ་ནས་རབ་དགའ་སྙིང་པོས་སུམ་ཅུ་རྩ་གསུམ་གྱི་གནས་སུ་ལྷའི་དབང་པོ་བརྒྱ་བྱིན་གྱི་སྤྱན་སྔར་ཕྱིན་ནས། ལྷའི་དབང་པོ་ཡང་དག་པའི་དོན་དུ་ཇི་ལྟ་བུ། གསོལ་པ། བསྟན་དུ་མེད་པའོ།། ལྷའི་དབང་པོ་བསྟན་དུ་མེད་པའི་དོན་ནི་ཇི་ལྟ་བུ། གསོལ་པ། ནམ་མཁའ་ལྟ་བུའོ།། གསོལ་པ། ནམ་མཁའི་དོན་ཇི་ལྟ་བུ། གསུངས་པ། མ་བཅོས། མ་བྱུང། མ་སྐྱེས་པའོ།། དེ་ནས་རྣམ་པར་དག་པའི་ཞིང་ཁམས་ན་སངས་རྒྱས་རྡོ་རྗེ་འཆང་ཞེས་བྱ་བ་དང། རིན་པོ་ཆེ་སྣང་བའི་ཞིང་ཁམས་ན་སངས་རྒྱས་རིན་ཆེན་ཞབས་ཞེས་བྱ་བ་དང། འོད་སྣང་བ་ཞེས་བྱ་བའི་ཞིང་ཁམས་ན་སངས་རྒྱས་འོད་ཀྱི་རྒྱལ་པོ་ཞེས་བྱ་བ་དང། གྲུབ་པ་རྣམ་དག་ཅེས་བྱ་བའི་ཞིང་ཁམས་ན་སངས་རྒྱས་གྲུབ་པར་སྣང་བ་ཞེས་བྱ་བ་དང། སྟུག་པོ་བཀོད་པའི་ཞིང་ཁམས་ན་སངས་རྒྱས་གཙུག་ཕུད་ཅན་ཞེས་བྱ་བ་དང། སྐར་མ་བཀྲམ་པའི་ཞིང་ཁམས་ན་སངས་རྒྱས་བསམ་གྱིས་མི་ཁྱབ་པ་དང། འདས་པའི་སངས་རྒྱས་དང། མ་འོངས་པའི་སངས་རྒྱས་དང། ད་ལྟར་གྱི་སངས་རྒྱས་དང། གསང་བདག་ཆེན་པོ་དང། ཀུན་ཏུ་བཟང་པོ་དང། རྣམ་པར་སྣང་མཛད་དང། བཅོམ་ལྡན་འདས་ལ་སོགས་པ་རྣམས་མགྲིན་གཅིག་ཏུ་བྱིན་གྱིས་བརླབས་ནས། ཐེག་པའི་སྙིང་པོ་ཐུགས་ཀྱི་བཅུད།། རིན་ཆེན་སྒྲོན་མ་ཁྱོད་ཡིན་པས། ། སངས་རྒྱས་ཀུན་གྱི་བསྟན་པ་ཤར།། ཅེས་གསུངས་སོ།། དེ་ནས་ལྷའི་དབང་པོ་ལ་སོགས་པས་ཁྲུས་ཆབ་གསོལ་ནས། ལྷའི་དབང་པོས་འདི་སྐད་ཅེས་གསོལ་ཏོ།། སངས་རྒྱས་ཀུན་གྱི་ཐུགས་ཀྱི་སྲས། ། སྙིང་པོ་རང་བཞིན་ཆོས་ཀྱི་སྐུ།། ཀུན་མཁྱེན་དྲི་མ་དང་བྲལ་བས།། འགྲོ་བའི་བསམ་བཞིན་རེ་བ་སྐོང།། ལྷ་རྣམས་དག་པར་ཁྲུས་གསོལ་ནས།། ཉོན་མོངས་སྒྲིབ་པ་ཀུན་བྱང་ནས།། འགྲོ་བ་མོས་པ་དྲང་བའི་ཕྱིར། ། སྟོན་པའི་སྒྲོན་མར་དབང་བསྐུར་བས།། མ་རིག་མུན་པ་དང་བྲལ་བྱེད།། དེ་སྐད་གསོལ་པ་དང། རབ་དགའ་སྙིང་པོ་དེ། བརྒྱད་ཁྲི་བཞི་སྟོང་ཆོས་ཀྱི་སྒོ།། སྐད་ཅིག་ཉིད་ལ་གསལ་བར་སྣང། ། དེ་སྐད་ཅེས་གསོལ་ཏོ།། རང་བྱུང་ཀུན་མཁྱེན་མེ་ལོང་ཉིད།། མཁའ་འདྲ་ཡེ་ཤེས་ལྷུན་གྱིས་གྲུབ།། མཉམ་ཉིད་ཡེ་ཤེས་བརྡལ་བའི་ཀློང།། སྐལ་ལྡན་མོས་པའི་རེ་བ་སྐོང།། འགྲོ་བིའ་མུན་སེལ་དོན་དུ་འགྲོ། ། ཞེས་གསུངས་སོ།། རིན་པོ་ཆེ་སྒྲོན་མ་ལས། ཡང་སྤྲུལ་སྟོན་པར་འབྱུང་བའི་ལེའུ་སྟེ་བཅུ་གཅིག་པའོ།།།། དེ་ནས་སེམས་དཔའ་རྡོ་རྗེ་དེས།། རབ་དགའ་སྙིང་པོ་ལ་རྒྱུད་ཡོངས་སུ་གཏད་པ་འདི་གསུངས་སོ། ། དགོངས་པའི་དོན་འཛིན་སྐྱེས་བུ་ལ།། རྒྱུད་ཀྱི་རྒྱལ་པོ་འདི་གཏད་དོ།། ཡོན་ཏན་མ་ལུས་ཀུན་འབྱུང་བའི།། ཡིད་བཞིན་རིན་པོ་ཆེ་ཡི་རྒྱུད།། སྣོད་ལྡན་རེ་བ་སྐོང་བའི་མཆོག། རྨོངས་པའི་མུན་པ་སེལ་བ་ཡི། ། སྣང་གསལ་ཡེ་ཤེས་སྒྲོན་མའི་རྒྱུད།། དགོངས་པ་གཅིག་ནས་གཅིག་བརྒྱུད་པའི།། རྒྱུད་ཀྱི་རྒྱལ་པོ་འདི་གཏད་དོ།། ནམ་མཁའ་དང་མཉམ་སྙིང་པོའི་རྒྱུད།། གསལ་བའི་གོ་བྱེད་ཉི་ཟླའི་རྒྱུད།། རྒྱུད་ཀྱི་རྒྱལ་པོ་འདི་གཏད་དོ། ། རྒྱུད་ལ་མ་གཡོས་རྒྱ་མཚོའི་འཇིངས།། རྒྱུད་ཀྱི་རྒྱལ་པོ་འདི་གཏད་དོ།། འཛམ་གླིང་དབུས་ཀྱི་སྙིང་པོ་རུ།། རིན་ཆེན་ལྟ་བུའི་གང་ཟག་ལ།། རྒྱུད་ཀྱི་རྒྱལ་པོ་བཤད་ཅིང་གདམས།། ཤེས་རབ་སྙིང་རྗེ་ལྡན་པ་ཡིན། ། ངེས་པའི་ཡིད་ཆེས་སྐྱེས་པ་ལ།། སྙིང་པོ་མཆོག་གི་དོན་ཉིད་བསྟན།། ལྟ་སྤྱོད་ལོག་པའི་ང་རྒྱལ་ཅན།། སྙིང་པོ་ཉིད་ཀྱི་སྒྲ་འགྱུར་བས།། འབྱུང་བའི་མཚན་མའི་དབྱིངས་སུ་སྦ།། དེ་ནས་རྒྱུད་ཀྱི་རྒྱལ་པོ་འདི། ། རིགས་བཟང་ལྟ་སྤྱོད་འབྲེལ་བ་ཡི།། སྣོད་ལྡན་དོན་དུ་འབྱུང་བར་འགྱུར།། ནམ་ཞིག་དུས་ཀྱི་ཐ་མ་ལ།། བཀའ་རྒྱུད་དོན་ལ་མཁས་གསལ་བའི།། རིགས་ཅན་འབྲེལ་བར་འབྱུང་བའོ།། དེ་ཡི་དུས་ཀྱི་གང་ཟག་རྣམས། ། རྒྱལ་པོ་བླུན་པོ་གདུག་པ་དང།། རིགས་ངན་ཕྲ་མ་ཅན་གྱི་སར།། སྒྲུབ་པ་འདི་ཡི་དུས་མིན་པས།། སྙིང་པོ་འབྱུང་བའི་དབྱིངས་སུ་འགྲོ།། གསལ་བ་འོད་དང་ནུབ་པ་འབྱུང།། རྒྱལ་པོས་བླ་ཡི་ཁྲིམས་མ་ཐུག། བློན་པོ་བཀའ་གསང་གཉེར་མ་ཐུབ།། ཉན་ཐོས་འདུལ་བའི་ཁྲིམས་མ་ཐུག། བཙུན་མོས་རང་གི་ལུས་མ་ཐུབ།། འབྱུང་བས་མཚན་མའི་རྟགས་མ་ཐུབ།། དེ་ཡི་དུས་སུ་བསྟན་པ་ཡི།། ཉི་ཟླའི་འོད་ལྟར་གསལ་གྱུར་ན། ། བསྟན་པའི་སྙིང་པོ་དར་བར་འབྱུང།། སྣོད་ལྡན་དག་ཀྱང་འབྱུང་བར་འགྱུར།། ཞེས་གསུངས་སོ།། རིན་པོ་ཆེ་སྒྲོན་མའི་རྒྱུད་ལས། རྒྱུད་གཏད་པ་དང་ལུང་བསྟན་པའི་ལེའུ་སྟེ་བཅུ་གཉིས་པའོ། །།། རིན་པོ་ཆེ་སྒྲོན་མ་ཞེས་བྱ་བའི་རྒྱུད་རྫོགས་སོ།།།། སློབ་དཔོན་བི་མ་ལ་མི་ཏྲ་དང། ལོ་ཙཱ་བ་གཉག་ཀུ་མཱ་རས་རྒྱལ་པོ་ཡོན་མཆོད་ཀྱི་དོན་དུ་དབུ་ཚལ་གསེར་ཁང་དུ་བསྒྱུར་བའོ།། ཆོས་སྐོར་མདའ་འུག་འདོད་པ་དང། ། རྒྱལ་པོ་གྲོང་སྤྲང་བྱེད་པ་དང།། ཆོས་གོས་འོག་ཏུ་གྲི་འཛུགས་དང།། ཆེ་བཙུན་དུག་ལ་སྤྱོད་པའི་ཚེ།། ཉི་ཟླའི་འོད་ལྟར་འབྱུང་བར་འགྱུར།།།། རྒྱ་གར་སྐད་དུ། ཙིཏྟ་པ་ཐི་ཀ་མ་ཧཱ་ཀོ་ཤ་ནཱ་མ། བོད་སྐད་དུ། སེམས་ཕྱོགས་ཆེན་པོའི་མཛོད་ཅེས་བྱ་བ། ཐོག་མ་ཐུགས་རྗེ་ཆེན་པོ་རིན་ཆེན་གསལ་བའི་སྦུབས་ན་བཞུགས་ཙམ་ན། ས་བོན་ནི་སྨིན་ལ་འབྲས་བུ་ནི་མ་སྨིན་པ་བཞུགས་ཏེ། ངོ་བོ་རང་བཞིན་ཐུགས་རྗེ་ཙམ་གཅིག་ཏུ་གནས་ཏེ། དེ་ནས་ཐུགས་རྗེ་ཆེན་པོ་དེ་མེ་ཏོག་གི་སྦུབས་སུ་བཞུགས་པའི་དུས་སུ། ཕྱི་སྤྲུལ་པའི་སྐུར་སྨིན་པ་དང། ནང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་སྨིན་པ་དང། ཐུགས་ཤེས་རབ་ཡོངས་སུ་རྒྱས་པ་གསུམ་དུས་མཚུངས་པས། ཐུགས་རྗེ་ཆེན་པོ་དེ་ཡི་ཐུགས་ཀ་ནས། ཡེ་ཤེས་ཀྱི་འོད་ཟེར་སྤྲོས་ཏེ། བར་དེར་མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་རང་བཞིན་གྱིས་ཆགས་སོ།
CLOSE WINDOW