Wylie |
། ལུས་ལ་ཤ་རི་རམ་འབྱུང་སངས་རྒྱས་ཀུན་དང་དགོངས་པ་མཉམ།། གང་ཡང་དབྱེར་མེད་མཉམ་པའི་ངང་ལ་གནས་པ་དེ།། དུས་གསུམ་སངས་རྒྱས་མ་ལུས་དགྲར་ལངས་ཀྱང། ། ནམ་མཁའ་ཉིད་ལ་ནམ་མཁའ་སྣང་བར་ཟད།། བྱང་ཆུབ་ཀྱི་སེམས་བསྒོམ་པའི་རྒྱུད་ལས། ཉམས་སུ་བླང་བའི་སྐབས་བཅུ་གཅིག་པའོ།།།། དེ་ནས་བཅོམ་ལྡན་འདས་ལ། གསང་བའི་བདག་པོ་ཕྱག་ན་རྡོ་རྗེས། བཅོམ་ལྡན་འདས་དཔའ་པོ་ཐོད་རྒལ་གྱི་ཏིང་ངེ་འཛིན་ཇི་ལྟར་ལགས། ཞེས་གསོལ་པས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སེམས་ནི་ཀུན་གྱི་གཞི་སྟེ་ཐོད་རྒལ་ཀུན་གྱི་སྙིང་པོ་དེ་ཉིད་དོ།། འཁོར་བ་ཉིད་ནི་རྣམ་པར་རྟོག་པ་ཉིད་དེ་རྟོག་པ་ཉིད་ལས་འཁོར་བ་མེད་པ་ཡིན། ། རྣམ་རྟོག་ཟད་བ་མྱ་ངན་འདས་པའི་རང་བཞིན་པས་ན་ཐམས་ཅད་སེམས།། མི་མཐུན་ཕྱོགས་བྲལ་བདག་ལས་ཅི་འབྱུང་གཞན་ཞིག་གདོད་ནས་མེད། ། དེ་ལ་གབ་འགོག་སྙོམས་འཇུག་མཁས་པ་རྣམས་ཀྱི་ཡེ་ནས་གཏེར།། དོན་དམ་མ་ནོར་ཐབས་ཀྱི་ལུང་འདི་དམ་པའི་མཆོག་ཆེན་ཡིན།། ཅི་ཞིག་འདི་ལ་དཔྱད་ནས་གང་ལ་དམིགས་ཤིང་བརྟག་ཏུ་ཡོད། ། དེ་འདྲ་དུས་གསུམ་དུས་མ་བྱས་པ་ཡེ་སངས་རྒྱས་པའི་སྙིང་པོ་ཉིད།། འདི་ལས་གཞན་ནས་སངས་རྒྱས་འཐོབ་རེ་འཁྲུལ་པའི་ལམ།། འདི་ལ་ཕྱིན་ཅི་ལོག་བཞིས་བསླད་དུ་འདི་ལ་ཡེ་ནས་མེད་ཅིང་ཚད་མས་གཞིག་ཏུ་མེད། ། འཁྲུལ་པས་འདི་བོར་འདུད་རྩི་རྙེད་ན་དུག་ཏུ་འཁྲུལ་པ་གང་ཡང་ཚ།། འདི་ཀུན་རྟེན་ཅིང་འབྲེལ་འབྱུང་ཚུལ་ཏེ་སྐྱེ་དང་འགག་པར་འགྱུར་ཞེས་པ།། ཚིག་པའི་ས་བོན་བཞིན་དུ་མེད་ལས་མེད་པ་མི་འབྱུང་རྒྱུ་འབྲས་མེད། ། གང་ལའང་བརྟག་པར་བྱ་བ་ཡོད་པ་མིན་ཏེ་མི་བརྟག་པའང་མིན།། ལ་ལར་མ་བརྟགས་པ་ལས་རྒྱལ་བ་འབྱུང་ཞིང་བརྟག་པ་འཁྲུལ།། ལ་ལར་བརྟགས་པ་དག་ལས་རྒྱལ་བ་འབྱུང་ཞིང་མ་བརྟགས་འཁྲུལ། ། དེ་ཕྱིར་དངོས་པོར་ཞེན་ཅིང་རྒྱུ་དང་འབྲས་བུར་རྟོགས་པའི་སེམས་ཉིད་ནི།། རྒྱུ་དང་རྐྱེན་དུ་སྣང་སྟེ་དེ་གཉིས་མེད་ཕྱིར་སྐྱེ་དང་འཇིག་པ་མེད།། སྐྱེ་འཇིག་མེད་ཕྱིར་བདག་གཞན་མེད་དེ་འཆི་འཕོ་མེད་ཕྱིར་རྟག་ཆད་མེད། ། དེ་བས་སྩལ་མི་དགོས་པའི་ཡང་དག་ལམ་འདི་འབད་རྩོལ་མེད་པས་དཔྱད།། དཔྱད་པ་རྟོགས་པའི་རྒྱུན་དེ་ཅི་ལའང་བརྟག་པར་མི་བྱ་རང་བཞིན་བཞག། དེས་ན་འཁྲུལ་འཁོར་མེད་ཅིང་མྱ་ངན་འདས་པ་མེད་པ་ཉིད་དུ་མངོན། ། གནས་ཀྱི་སྐད་ཅིག་ནམ་ཡང་མི་འབྲལ་དེ་ཚེ་མཉམ་འགྱུར་དེ་མེད་མེད།། སྙིང་པོ་མཆོག་གི་ལམ་འདི་གཞི་དང་རྩ་བ་མེད་དེ་གཞི་རྩ་གཞི་ཡི་མཆོག། འདི་ལ་བསྟོད་དང་སྐུར་དང་བསྔགས་པར་བྱ་མི་དགོས་ཏེ་བསམ་དུ་མེད། ། ཡང་དག་དོན་གྱི་སྙིང་པོ་ཐེག་པ་མཆོག་གི་ཀློང་ཆེན་འདི།། བཙལ་བ་མེད་པར་ལས་རྣམས་རྫོགས་པས་བསོད་ནམས་སྐུ།། ཡོངས་ལ་ཁྱབ་པས་ཁྱབ་བདལ་ཆེན་པོ་ནམ་མཁའི་ཀློང། ། ཀུན་འབྱུང་སྙིང་པོ་ཐེག་པའི་མཆོག་སྟེ་ཡིད་བཞིན་ནོར་བུ་ཡིན།། ཡང་དག་མ་ཡིན་རྟོགས་པ་བསྐྱེད་ཕྱིར་བག་ཆགས་ཡོད་པ་མ་ཡིན་དང།། འགྲོ་དང་འོང་བ་བཙལ་བ་དམིགས་སུ་ཀུན་འབྱུང་འདི་ལ་ག་ན་ཡོད། ། ཡེ་ཤེས་ཀློང་ཡངས་འཁྱིལ་བའི་དཀྱིལ་འཁོར་དེ་ཉིད་སྙིང་པོ་ཉིད།། སྤྱོད་ཡུལ་མེད་ཕྱིར་ཀུན་གཞི་མེད་ཅིང་རྣམ་རིག་དེ་ཡང་མེད་པ་ཡིན།། ཡང་དག་དོན་དམ་མེད་ཕྱིར་བསོད་ནམས་ཚོགས་ཆེན་བསག་མི་དགོས། ། ཤེས་རབ་མཆོག་གི་ཡུལ་ཉིད་དམ་པའི་དབྱིངས་ཆེན་ཉིད།། འདི་ཞེས་དཔགས་ཏུ་མེད་པས་ཡུལ་ལ་དམིགས་སུ་མེད།། ཕྱོགས་རྣམས་མེད་ཕྱིར་དམིགས་དག་གནས་མེད་རྣམ་ཤེས་རིག་པ་ཇི་ལྟར་སྐྱེ། ། མཉམ་དང་མི་མཉམ་ཀུན་མཉམ་གཞུང་མཉམ་ཡེ་མཉམ་པ།། མཉམ་པ་ཆེན་པོར་ཡུམ་གྱི་མཁའ་ཉིད་རྣམ་པར་དག་པའི་ཀློང་ཆེན་ཡིན།། ལྟ་བའི་ལྟ་བ་དམ་པའི་ཀློང་ཆེན་འདི་ལྟ་བ་ནི་འཁྱིལ་བ་སྟེ། ། འདི་ལ་དྲང་སྲོང་ཕྱོགས་པར་བྱེད་པ་དོན་ལ་བརྟགས་པ་ཡིན།། ཀུན་གྱི་རང་བཞིན་ཞི་བ་འདི་ལ་ཅིས་ཀྱང་བསྒྲུབ་ཏུ་མེད་པ་ཡིན།། འདི་ལ་ཕྱོགས་པར་བྱེད་པ་དྲང་སྲོང་མཆོག་ཆེན་གང་ཞིག་པ།། སྔོན་གྱི་ཤེས་རབ་མཆོག་ལྡན་མཁས་པ་རྣམས་ཀྱིས་འདི་ལ་བསྔགས། ། དེ་ཕྱིར་སྐལ་ལྡན་རྣམས་ཀྱིས་འདི་ལ་རབ་ཏུ་དད་པར་བྱོས།། དེ་ལ་སྒྲིབ་པ་གསལ་དུ་མེད་དེ་མཚུངས་པར་གང་ཡང་སྤྱོད།། མཚུངས་པར་སྤྱོད་པ་པ་ལ་གང་ཡང་དབྱེར་མེད་སྙིང་པོ་ལྡན། ། ཡེ་ཤེས་སྙིང་པོ་དྲང་སྲོང་སྟོབས་ལྡན་མཆོག་གི་ལམ་ལ་མཁས་པ་རྣམས་ཀྱིས་ལས་བསླབས་པ།། ཡོན་ཏན་མཆོག་ཏུ་ཁྱད་པར་བསྔགས་ཤིང་དོན་འདོད་པ་ལ་རབ་ཏུ་བསྟན། ། སངས་རྒྱས་རྣམས་ནི་ཆགས་པ་ཆེན་པོ་ཆོས་ཀྱི་དབྱིངས་ལ་ཞེན་ལ་གནས།། དེ་ཕྱིར་ཆོས་དབྱིངས་སྟོང་པ་གཞི་རྩ་མེད་པའི་རྨད་འདི་བོར།། སྔོན་གྱི་མིག་མཁན་རྒྱལ་བའི་ལིང་ཐོག་སེལ་བས་དམིག་རྡུལ་བསལ། ། མིག་རིབ་དག་ནས་སྣད་སྲིད་གསལ་མཐོང་ཆགས་ཤིང་ཞེན་པ་རྣམས་རིགས་བཞིན།། ཡངས་ཤིང་རྒྱ་ཆེ་བློ་གསལ་མྱུར་དུ་མཐོང་ཐོས་ཇི་བཞིན་ཉིད།། ཆོས་ཀྱི་སྙིང་པོ་མཆོག་གི་མཆོག་ཏུ་གྱུར་པ་ཡེ་ཤེས་སྙིང་པོ་ཉིད། ། བརྟག་པར་དཀའ་ཞིང་བརྟན་པར་དཀའ་ལ་བརྗོད་པའི་ཐ་སྙད་རྣམས་དང་བྲལ།། མཆོག་གི་མཆོག་འདི་ཀུན་གྱི་སྙིང་པོ་ཡིན་ཏེ་ཁྱད་པར་ལམ།། ཚིག་གིས་མི་ཕེབས་གཞན་དང་བྱིས་པ་ཀུན་གྱི་སྤྱོད་ཡུལ་མ་ཡིན་ཡང། ། བག་ཆགས་རྟས་ཤིང་སད་པར་བྱེད་པའི་རྐྱེན་ཡང་རྣམ་པ་སྣ་ཚོགས་ཏེ།། རྐྱེན་འགག་བག་ཆགས་འགའ་ཞིག་སྨིན་ནས་མ་ཡི་རྒྱུད་ཀྱི་ལུས་སྣང་ལ།། རྐྱེན་གཞན་དག་གིས་བག་ཆགས་གཞན་སད་བྱས་ཚེ་འགྱུར་བའི་མཐུ་མཐོང་ནས། ། དབང་ཕྱུག་ལ་སོགས་བྱེད་དེ་ལམ་དེ་མ་ཞི་གྲོལ་མི་འགྱུར།། རྣལ་འབྱོར་ལམ་བསླད་ཐེ་ཚོམ་རྒྱུའང་རྒྱུན་འདི་ཕྲ་བ་མ་རྟོགས་སྐྱེས།། འདི་ལས་གྲོལ་བར་བྱ་བའི་ལམ་གྱི་ཞེ་ཕུགས་གང་ནས་བཙལ་དུ་ཡོད་དེ་ཡེ་ནས་མེད། ། རྨོངས་ཤིང་གཏི་མུག་བློ་འཆལ་བ་ནི་ཡངས་པའི་ལམ་ལ་རྟོག། ཕྲ་བའི་སྒོ་མོར་མིང་བཏགས་མོད་འབྱུང་སྒོ་ལ་འཇུག། དེ་ཕྱིར་བླ་མེད་བྱང་ཆུབ་ལམ་འདི་སངས་རྒྱས་ཀུན་གྱི་རྗེ་བཙན་ཡིན། ། འདི་ལས་ཁྱད་པར་གྱུར་པའི་ལམ་འདི་བཞག་ཏུ་འཚོལ་བ་འཁྲུལ་པ་ཡིན།། འདི་ནི་ཀུན་གཞི་ཡིན་ཏེ་སངས་རྒྱས་ཉིད་ཀྱང་ཡིན་པས་སོ།། ཆོས་དང་དགེ་འདུན་དཀོན་མཆོག་གསུམ་མེད་དེ་ཡོད་རྟོགས་པའི་མཚན། ། མིང་གིས་མཚོན་དུ་འདི་ལ་རྣམ་གྲངས་མེད་དེ་ལྷུན་གྲུབ་པ།། སྦྱངས་ཤིང་བསྒྲུབ་ཏུ་མེད་དེ་ལྷུན་གྲུབ་རྒྱལ་བའི་ལམ་མཆོག་ཉིད།། བསམ་ཞིང་བསྒོམ་དུ་མེད་དེ་བྱ་ལམ་རྗེས་མེད་ཀླུང། ། མཉན་ཞིང་བསླབ་ཏུ་མེད་དེ་མཆོག་གི་མཆོག་ཉིད་ཡིན།། བྱང་ཆུབ་ཀྱི་སེམས་བསྒོམ་པའི་རྒྱུད་ལས། འཇིག་མེད་ཐོད་རྒལ་གྱི་སྐབས་ཏེ་བཅུ་གཉིས་པའོ།།།། བཅོམ་ལྡན་འདས་པདྨོའི་ཏིང་ངེ་འཛིན་སངས་རྒྱས་ཀྱི་སྐུ་ལགས་སམ། ཞེས་ཞུས་པས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བདག་ཏུ་བརྟགས་པས་སྒྲིབས་ཏེ་འཕགས་པའི་རིགས་དང་བྲལ།། གཟུང་དང་འཛིན་པ་ལྟུང་བའི་རྒྱུད་དེ་ཡོད་པའི་སྙིང་པོ་མེད། ། ཆོས་སུ་བརྟགས་པས་སྡུག་བསྔལ་སྣ་ཚོགས་འབྱུང་ཞིང་ངན་པོར་སྲིད་པར་འགྱུར།། རྣམ་ཤེས་དེ་ཡང་འདུ་བྱེད་རྒྱུན་ལས་མཚན་མ་ཐ་དད་འཛིན་པས་ན།། མཆོག་གི་སྙིང་པོ་ཡེ་ཤེས་ཀླུང་ཡངས་རྒྱལ་པོ་དེ་ནི་འཛིན་པས་ཟིན་མི་སྲིད། ། དེ་ཕྱིར་ལུང་འདི་འཛིན་པ་མེད་པས་གཞི་ཡི་ལུང་འདི་ཟན།། དེ་ལྟར་དྲང་སྲོང་རྣམས་ཀྱིས་བསམ་མེད་ལུང་ལ་དེ་བཞིན་གནས་པར་བྱའོ།། དེ་བཞིན་དེ་ལྟར་འདི་ལ་གནས་པ་དེ་ཡིས་ཏ་ལའི་མགོ་བོ་ཆོད། ། སྔ་ཕྱི་རྒྱལ་བ་འབྱུང་བ་དག་ནི་འདི་ལ་གནས་པར་འབྱུང།། འདུ་བྱེད་དེ་ཡང་འདི་ཞེས་འདུ་བར་བྱེད་པས་རྟོགས་པ་སྟེ།། རྟོག་པས་རྟོགས་ན་རླུང་ལ་ཟད་པའི་དུས་མེད་ལམ་དང་བྲལ། ། དེ་ཕྱིར་ལམ་འདི་ཀུན་གྱི་ལམ་སྟེ་འདུ་མཆེད་གང་ན་ཡོད་དེ་མེད།། མེད་པ་དེ་ཉིད་ཀུན་ལམ་ཡུམ་གྱི་མཁའ་སྟེ་བླང་དོར་མེད་པ་ཡིན།། དེ་ནས་བཅོམ་ལྡན་འདས་ལ། གསང་བའི་བདག་པོ་ཕྱག་ན་རྡོ་རྗེས་བསྒོམ་པར་བྱ་བའི་དོན་བཤད་དུ་གསོལ། ཞེས་ཞུས་པ་ལས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མཐའ་རྣམས་མེད་ཕྱིར་དབུས་མེད་དབུས་ལའང་འཕགས་པར་མི་བྱེད་དོ།། གང་ལའང་གནས་པར་མི་བྱེད་པ་ལ་བདག་བློ་དེ་བཞིན་བཞག་ན་བསྒོམས། ། ཆོས་ཀྱི་དབྱིངས་ལ་མཐའ་དབུས་མེད་པས་མིང་གིས་མཚོན་དུ་མེད།། མཚོན་དུ་མེད་པའི་དོན་དེ་དེ་བཞིན་ཉིད་དེ་བདག་དང་གཞན་མེད་བསྒོམས།། གང་ལའང་དམིགས་པར་བྱ་བའི་ཡུལ་ཉིད་ཡོད་ན་ཡེ་ནས་སངས་རྒྱས་བཙལ་དུ་མེད། ། བཙལ་དུ་མེད་པའི་དོན་དེ་རང་གི་སེམས་ཏེ་དེ་བཞིན་གནས་པ་བསྒོམས།། གང་ལའང་འཇིག་རྟེན་དབང་ཕྱུག་པར་མོ་ཀུན་ཡང་མི་སྤོང་འདྲར་མཉམ་གནས། ། ཀུན་དང་དབྱེར་མེད་འདྲར་མཉམ་གནས་པ་བསྒོམས།། དེ་ཉིད་སངས་རྒྱས་ཀུན་གྱི་ལམ་མཆོག་མཆོག་གི་མཆོག་འདི་ནི།། འཛིན་རྟོགས་དམིགས་བྲལ་གང་ལའང་རྟེན་པ་མི་བྱེད་པ་ཉིད་བསྒོམས། ། ཆོས་ལ་འཁྲུལ་པར་མཐོང་བ་དེ་ནི་འཁྲུལ་པ་ཡིན་པར་རབ་རྟོགས་ན། དྲུག་གི་བསྟན་པ་བདུད་ཀྱི་ལས་ཀྱང་ངན་དུ་མི་འདོར་མི་རྟོག་གོ། དེ་ཕྱིར་རྒྱལ་བས་ཆོས་ཚུལ་འདི་མཐོང་དོན་འདི་འཇལ་བར་བསྒོམས། ། གང་ཡང་དང་དུ་བླངས་ལ་ཅི་ཞིག་བོར་དུ་ཡོད་པར་ཤེས་པ་ལམ་གྱི་མཆོག། མི་སྐྱེ་མི་འགག་ཅིར་མི་དགོངས་པ་ཐམས་ཅད་ཤེས་ན་བསྒོམས།། གང་ལའང་མི་རྟོག་ཅི་ལའང་དམིགས་སུ་མེད་པ་དབང་ཕྱུག་ལ་སོགས་ཀུན་ལ་མེད། ། རྒྱལ་ལ་སོགས་པ་རྣམས་ནི་ཁྱད་པར་དོན་འདི་ཉིད་ལས་གཞན་དུ་མི་འགྱུར་སྤྱོད།། དེ་ལྟར་སྤྱོད་པ་དེ་ལས་གཞན་དུ་མ་ཡེངས་དེ་བཞིན། གནས་པ་བསྒོམས།། སེམས་ཅན་ཀུན་བསད་མོ་ཆག་ཀུན་སྦྱར་གཙང་སྨེ་མེད་པར་ཀུན་བཟའ་རྒྱལ་བའི་ལས། ། བདུད་དང་སྲིན་པོ་ལ་སོགས་རྣམས་སེམས་བཟའ་ཕྱོར་སྤྱོད་པ་དེ་ལྟར་མིན།། གང་ཡང་གནས་མེད་གནས་ལ་སྤྱོད་ཆགས་གནས་པ་སྒོམ་པ་གོལ། ། དེ་ནི་སྒོམ་ཆགས་ནད་ཀྱིས་ཟྀན་ཏེ་འདོད་ཁམས་རིམ་པར་སྐྱེ།། ཤེས་རབ་ཐབས་ཀྱི་སྤྱོད་ལའང་མི་གནས་ཕྱིར་ན་བདུད་ཀྱི་འདྲ་བར་སྤྱོད།། དེ་ཕྱིར་གང་ལའང་ཆགས་མེད་གནས་པ་དེ་ལ་བསམ་གཏན་མ་ལུས་རྫོགས། ། ཤེས་རབ་ཀྱིས་ནི་པདྨ་འཁོར་ལོ་རྡོ་རྗེ་མི་བསམ་མི་མཉམ་མེད་པར་བསམ།། བསམ་པའི་ཡུལ་ལས་འདས་པའི་སྣང་བ་མེད་པའི་ཆོས་ཉིད་ལ།། མི་དམིགས་མི་སྩལ་གྱི་ནར་དེ་བཞིན་གནས་པ་བསྒོམས། ། བློ་མཁན་བློ་ལ་དོན་རྣམས་སྣང་བས་བློང་ལ་དོན་འདི་བཞག། རང་གི་ཤེས་པ་དམ་པར་བྱས་ཤིང་ཀུན་ལས་རྒྱལ་དེ་དེ་བསྙེམས་ན།། ཆགས་དང་ཞེ་སྡང་སྐྱེས་ནས་གཏི་མུག་ཡིན་ཏེ་དོན་མི་མཐོང།། ལྟ་བའི་མཆོག་ནི་ཅིར་ཡང་དམིགས་སུ་མེད་པར་ལྟ་བ་ལྟ་བ་ཡིན། ། སྤྱོད་པའི་མཆོག་ནི་ཐར་ལམ་གང་ཡང་འགོག་པ་མེད་པར་སྤྱད་ཀྱང་སྤྱད་དུ་མེད་པ་སྤྱོད།། གང་ལའང་ཐ་སྙད་མི་གནས་གནས་ལའང་གནས་མེད་གནས། ། སྣང་མེད་དབུ་མའི་ལམ་མེད་བྱང་ཆུབ་སེམས་ཞེས་བདེར་གཤེགས་གསུངས།། ཇི་ལྟར་སྣང་བ་ཐམས་ཅད་སྣང་མེད་དབྱིངས་སུ་རྫོགས་ཏེ་རྫོགས།། བྱང་ཆུབ་ཀྱི་སེམས་བསྒོམ་པའི་རྒྱུད་ལས། ངེས་པའི་དོན་མཛུབ་ཚུགས་སུ་བསྒོམས་པའི་སྐབས་བཅུ་གསུམ་པའོ། །།། དེ་ནས་གསང་བའི་བདག་པོ་ཕྱག་ན་རྡོ་རྗེས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཚད་མ་ཞེས་བྱ་བ་གང་ལགས། ཞེས་གསོལ་པས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གཡོ་དང་མི་གཡོའི་ཐ་སྙད་མི་གནས་གནས་ལའང་གནས་པ་མེད།། ཀུན་གྱི་ཚད་མ་བྱང་ཆུབ་བདེ་བའི་ཀླུང་ཆེན་ཚད་མར་འབྲེལ་བ་གང་ཡིན་པ། ། བསད་པའི་ཉེས་མེད་སྦྱར་ཀྱང་གལ་མེད་ཅི་སྤྱད་སྐྱོན་གྱིས་བསྒོར་མེད་པ་དེ་ཚད་མ་ཡིན།། ཉོན་མོངས་ཏ་ལའི་མགོ་བཅད་ས་བོན་མེས་བསྲེགས་མྱུ་གུ་འབྱུང་བ་མེད་པ་ཚད།། སྣང་བ་ཐམས་ཅད་འཁྲུལ་བ་རྣམ་རྟོག་ལོག་འཁྲུལ་ཡིན་པར་བློ་ཡིས་རྟོགས་ན་ཚད། ། དེ་ཡི་དོན་ལས་ཉམས་སུ་བླངས་ཏེ་དེ་ལྟར་དེ་བཞིན་གནས་པ་དེ་ཉིད་བསྒོམ་པ་ཚད་མ་ཡིན།། དེ་ལྟར་བློ་ཡི་སྟེང་དུ་ལྷངས་ཀྱིས་གོ་ནས་དོན་དེ་མཐོང་བ་སངས་རྒྱས་ཚད་མ་མཐོང། ། ཐམས་ཅད་ཀུན་ཏུ་ཇི་ལྟར་སྣང་ཞིང་ཇི་ལྟར་གནས་ཀྱང་རང་གི་སེམས་ཉིད་ལས།། གཞན་མིན་དེ་ལ་ཡོད་རྒྱུ་རྡུལ་ཙམ་མེད་པར་རྟོགས་པ་དམ་པའི་དམ་པ་ཡིན་ཏེ་ཚད།། ཚད་མ་དེ་ལས་གཞན་ཞིག་གུད་ན་ཅི་འང་དམིགས་སུ་མེད་པར་ཤེས་པ་ཤེས་པའི་ཚད། ། གཟུགས་དང་མཚན་མ་སྨོན་པར་འཛིན་པ་རབ་ཏུ་སྤངས་ནས་སུ།། རྣམ་ཐར་གསུམ་པོ་བསྒོམ་པ་བདུད་ཀྱི་ལས་ཏེ་གཟུགས་ཉིད་སྟོང་པའོ། ། སྟོང་པའི་སྟོང་པ་ཉིད་དེ་སྟོང་པའང་གདགས་པ་མེད།། དེ་ཉིད་ཚད་མ་ཡིན་པས་ཚད་མའི་ལས་འདི་ཁྱད་པར་ཚད་མར་བཞག། དོན་འདི་ཚད་མའི་སྟེང་དུ་ཉམས་སུ་བླངས་ལ་དོན་ཉིད་མཆོག་གི་སྟེང་དུ་མཁས་པས་དེ་བཞིན་ཞོག། བྱང་ཆུབ་ཀྱི་སེམས་བསྒོམས་པའི་རྒྱུད་ལས། དྲང་སྲོང་གི་རིག་ཚད་མའི་སྟེང་དུ་གཞག་པའི་སྐབས་བཅུ་བཞི་པའོ།།།། དེ་ནས་བཅོམ་ལྡན་འདས་ལ། གསང་བའི་བདག་པོ་ཕྱག་ན་རྡོ་རྗེས་དྲང་སྲོང་རྣམས་རྒྱུ་ཅི་ལས་གྲུབ་པ་དྲིས་པས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཁོར་གསུམ་སྤོང་ཞིང་མྱ་ངན་འདས་ལམ་བསྒོམས་ཀྱང་བདུན་ཉིད་དེ།། བསྒོམ་ཞེས་པ་ཡི་ཡུལ་དང་གནས་དང་ས་དང་དོན་ལ་གང་ཞིག་དམིགས་ཤིང་རྟོགས་པ་གདོད་ནས་མེད། ། དེ་ཉིད་རང་བཞིན་མ་ཞི་རང་བཞིན་བཙལ་སྤངས་གར་མི་གནས།། དེ་ལྟའི་དོན་འདི་ལུས་ངག་ཡིད་གསུམ་མ་འཕོས་དེ་བཞིན་གནས་ལས་བྱུང།། སྤྲུལ་པ་སངས་རྒྱས་སྐུ་མཐོང་འཕགས་པའི་རིགས་དང་འབྲེལ་ཀྱང་མི་ཆགས་ཤིང། ། ཛ་ལ་གར་བ་སྲིན་པོ་ལ་སོགས་དབུགས་ཅན་དམྱལ་མཐོང་ཡང།། ཞེ་སྡང་མི་སྐྱེ་དེ་ཡི་རང་བཞིན་དེ་ལྟར་ཡིན་པར་ཤེས་ཤིང་རྟོགས་ལས་བྱུང། ། ཏིང་འཛིན་རོ་ལ་མི་ཆགས་གང་ཡང་མི་འཛེམ་བླང་དོར་མེད་ལས་བྱུང།། འཕགས་པ་ཀུན་གྱི་ཡུལ་དང་གནས་ཀྱང་འདས་སོགས་ལམ་ཉིད་གཞན་ན་མེད།། ལམ་དང་ས་ལ་མི་སྦྱོང་ཅི་ལ་དཔྱད་ཀྱང་རང་བཞིན་ཉིད་ལས་ཉམས་པ་རྡུལ་ཙམ་མེད་པ་དེ་བཞིན་གཤེགས། ། སངས་རྒྱས་སེམས་ཅན་དབྱེར་མེད་འཁོར་འདས་མི་འབྱེད་གང་ཡང་དབྱེར་མེད་ན།། རྒྱལ་སྲས་ཡབ་ཡུམ་ངང་ངམ་ཤུགས་ཀྱིས་དེ་ཡི་ངང་ལས་འཆར། ། ཆགས་སྡང་གནས་ལས་མ་འཕགས་དང་པོའི་ས་ལས་ལྡང་མི་བྱེད་པ་དེ་ལས་བྱུང།། ཆད་མ་གང་ཡིན་བློ་ཡི་སྟེང་དུ་ལྷངས་ཀྱིས་གོ་ནས་དེ་ལས་གཞན་དུ་མ་ཡིན་ཏེ།། རོ་ཉེ་གཟོང་གདབས་བཞིན་དུ་བརྟན་པར་བྱེད་པ་དེ་ལས་དྲང་སྲོང་མ་ལུས་འབྱུང། ། དེ་ཕྱིར་དྲང་སྲོང་ཚུལ་དུ་དྲང་སྲོང་ལམ་འདི་མཁས་པས་བློ་ལ་བཞག། ལྡང་དང་མི་ལྡང་ཆེད་དུ་མི་སྤོང་མི་སེལ་སྟོན་པ་དྲུག་གིས་བསྟན་པའང་སྙིང་པོར་བསམ། ། གང་ཡང་མི་སྒོམ་གནས་གསུམ་མི་གཡོ་རྟེན་འཆའ་མི་བྱེད་པ་ཉིད་དྲང་སྲོང་ལམ།། འདི་ལས་སངས་རྒྱས་པ་ལའང་ལམ་མེད་རྒྱལ་བ་ཀུན་གྱི་བདེ་ལམ་ཤུལ་པོ་ཆེ།། བྱང་ཆུབ་ཀྱི་སེམས་བསྒོམ་པའི་རྒྱུད་ལས། དྲང་སྲོང་རྣམས་ཀྱི་གྲུབ་པའི་རྒྱུ་བསྟན་པའི་སྐབས་བཅོ་ལྔ་པའོ།།།། དེ་ནས་བཅོམ་ལྡན་འདས་ལ། གསང་བའི་བདག་པོ་ཕྱག་ན་རྡོ་རྗེས། བཅོམ་ལྡན་འདས་ཤིན་ཏུ་ཟབ་པའི་དོན་ཇི་ལྟར་ལགས། ཞེས་གསོལ་པས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཕགས་པ་ཀུན་གྱི་ཡུལ་དང་གནས་ཀྱང་འདས་སོགས་ལམ་ཉིད་གཞན་ན་མེད།། ཀུན་གྱིས་དམིགས་པར་བྱ་ཕྱིར་མཆོག་གི་སྙིང་པོ་འདིས་ཀྱང་ཀུན་ལ་ཁྱབ། ། མཆོག་ཏུ་གསང་བའི་ཆོས་ཉིད་ཟབ་མོ་གང་ཡང་སྣང་མེད་འདི།། ཅི་ལའང་མི་སྣང་གང་ལའང་མི་དམིགས་དེ་བཞིན་ཉིད་ཀྱི་ངང།། གསང་བའི་དབང་ཕྱུག་དེ་བཞིན་དབྱིངས་ཉིད་དབང་བསྒྱུར་ཐུགས་རྗེའི་ངང། ། འདི་ལ་བླ་མེད་མྱུར་བའི་གོ་འཕང་མཆོག་ཆེན་གང་བརྙེས་པ།། སེམས་ཀྱི་ངང་ལས་གཞན་མིན་གང་ཡང་རྒྱལ་བ་གཞན་ན་ལྷག་པར་མེད།། སྲིན་བུ་མེ་ཁྱེར་ནམ་མཁའི་འོད་དུ་འབར་ཡང་གློག་དང་མཚུངས་པ་ཡིན། ། ཐེག་གཞན་ཁྱད་པར་རབ་ཏུ་བསྔགས་ཀྱང་ཐེག་མཆོག་འདིར་མི་མཚུངས།། དོན་གྱི་ངོ་བོ་གཞན་མིན་ཡང་དག་ཐར་ལམ་འདི་ནི་རྣམ་པར་མི་རྟོག་ཉིད་ལས་འཁྲུངས།། བསམ་འདས་བརྗོད་མེད་རྒྱལ་བའི་སེམས་དེ་ཡེ་ཤེས་ཐུགས་རྗེའི་ངང། ། འདི་ལ་བླ་མེད་དམྱུར་བའི་གོ་འཕང་མཆོག་ཆེན་གང་བརྙེས་པ།། མི་བསྒོམ་ཅི་འང་འདི་ལ་གང་ན་བསྒོམ་དུ་ཡོད་དེ་བཟུང་བའི་ཡུལ་དང་བྲལ། དམིགས་ཤིང་བསམ་དུ་མེད་པས་རྣ་བ་ཉན་ཅིང་ལྕེ་ཡིས་བརྗོད་དུ་མེད། ། ཡུལ་དགོན་སེམས་དགོན་གནས་དགོན་ལུས་དགོན་འབྲེལ་བས་བཟུང།། ལུང་མཆོག་རྒྱལ་པོ་ནོར་བུ་རིན་ཆེན་ལྟ་བུའི་ཀུན་གཞི་འདི།། འདི་ཞེས་དམིགས་སུ་རྡུལ་ཙམ་མེད་ཕྱིར་མཆོག་གི་སྙིང་པོ་ཉིད། ། ཀུན་སྙོམས་གསལ་བའི་ཐིག་ལེ་གསལ་བའི་སྒྲོན་མ་ཀུན་འབྱུང་འཛིན་པའི་སྐུ།། རྣམ་ཐར་སྒོ་གསུམ་འབྱུང་བའི་ཀློང་ཆེན་འདི་ནི་མཆོག་གི་སྐུ།། སྤྱོད་ཡུལ་སྨན་པའི་རྒྱལ་པོ་ལྟ་བུའི་ནད་གསོ་མཛད་པའི་མཁན། ། ཐེག་པའི་མཚན་ཉིད་ཤིན་ཏུ་ཟབ་པའི་ཁྱད་པར་འགྱུར་བའི་ལམ་ཆེན་འདི་ཉིད་ནི།། ཐེག་བ་ཀུན་གྱི་ནད་གསོ་མཛད་པའི་སྨན་པའི་མཆོག་ཆེན་པོ།། ཀུན་སྙོམས་ཀུན་འབྱུང་ཐིག་ལེ་འབར་བའི་སྐུ་མཆོག་ཟབ་མོ་འདི། ། གང་ཡང་དམིགས་སུ་མེད་པར་ཡན་ལག་གནས།། འདི་ལས་ཁྱད་པར་ཟབ་པའི་སངས་རྒྱས་བྱང་ཆུབ་གང་ནས་བཙལ་དུ་ཡོད།། ཤིན་ཏུ་འདུ་ཤེས་གང་ཡང་སྙོམས་འཇུག་འདི་ནི་ཀུན་གྱི་རྨད་བྱུང་ཡིན། ཁྱད་པར་མཆོག་ཏུ་གྱུར་ཅིང་ཀུན་ཏུ་རབ་ཏུ་བསྔགས་པ་རྫོགས་མཆོག་ཡིན།། རྫོགས་མཆོག་བྱ་བྲལ་ཡངས་པའི་སྙིང་པོ་འདི་ནི་བསྒོམ་དུ་མེད་པ་ཡིན།། གང་ཡང་འདི་ལས་སྙིང་པོ་བྱང་ཆུབ་གཞན་ནས་རྙེད་པར་འདོད་པ་གདོད་ནས་གོལ་བ་ཡིན། ། རྫོགས་སོ་རྫོགས་སོ་རྫོགས་པ་འདི་ལ་ཐམས་ཅད་མ་ལུས་རྫོགས།། འདི་ལ་ཤིན་ཏུ་ཟབ་པའི་ཆོས་ནི་གང་ཡང་མེད།། བྱང་ཆུབ་ཀྱི་སེམས་བསྒོམ་པའི་རྒྱུད་ལས། མན་ངག་ཤིན་ཏུ་ཟབ་པར་བསྟན་པའི་སྐབས་བཅུ་དྲུག་པའོ།།།། དེ་ནས་བཅོམ་ལྡན་འདས་རབ་ཏུ་ངེས་པ་རྙེད་དེ་གནས་པ་ལ། གསང་བའི་བདག་པོ་ཕྱག་ན་རྡོ་རྗེས་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་གང་དུ་འགྲོ་ཞིང་ཅི་ཞིག་སྤང་དུ་ཡོད་ཅེས། བཅོམ་ལྡན་འདས་ལ་ཞུས་པས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དམིགས་མེད་དག་པའི་མཁའ་དབྱིངས་ཀློང་ཡངས་རབ་ཏུ་འཁྱིལ་བ་ལས། ཡ་མཚན་འཁྲུལ་གྱི་ཤེས་རབ་འོད་འབར་དེ་ནི་ཀུན་ལ་གསལ།། མཆོག་ཏུ་རྨད་བྱུང་ངོ་མཚར་ཁྱད་པར་ཡུལ་འདི་ཀུན་གྱི་རྨད་ཆེན་ཡིན།། རང་སེམས་རྣམ་དག་ཀུན་གྱི་ཡུལ་ཏེ་ཀུན་གྱི་འགྲོ་ཁུང་ཡིན།། མི་དམིགས་དབྱིངས་ལས་དམིགས་མེད་རིག་པ་རང་ཞིར་འགྲོ་རུ་གཞུག། ཀུན་སྙོམས་སེམས་ལ་ཀུན་འབྱུང་རིག་པ་ཁུངས་པའི་སྟེང་དུ་བཏང།། ཡུམ་གྱི་མཁའ་དབྱིངས་ཁྱབ་པར་གདལ་བའི་ཀློང་དུ་སེམས་ཀྱི་ཕུར་པ་ཐེབས་པར་བཏབ་ལ་བཞག། འགུལ་བའི་ཚེ་ན་དམ་པོར་བཅིངས་ཤིང་འབྱུང་དུ་གཞུག་པར་ཡོང་མི་བྱ།། ཡོང་ཞིག་འབྱུང་ན་མཁའ་དབྱིངས་ཀློང་གི་ཁུང་པའི་མཚན་ཉིད་བརྟག་པར་བྱ།། མཚན་ཉིད་བརྟགས་ཏེ་མཚན་ཉིད་མཐོང་ནས་ཁུང་པའི་གཏིང་ཡང་དཀྲུག། ལེགས་པར་འཁྲུགས་ནས་སླར་ལ་སྟེང་ནས་ཁ་རུ་དབྱང་བར་མི་བྱ་གཏིང་ཁར་འདུག། གཏིང་དེ་མཐོང་ནས་རྒྱལ་བ་སངས་རྒྱས་རྣམས་ཀྱང་བདུད་ལས་རྒྱལ། ། རྒྱལ་བའང་དེ་ལས་སངས་རྒྱས་གང་དུའང་མི་འགྲོ་དེ་ཁོ་ན་ཉིད་ན་འདུག། དྲང་སྲོང་རྣལ་འབྱོར་རྣམས་ཀྱི་འགྲོ་ས་དེ་ཡིན་གྱིས།། དེ་ལྟར་ཡུམ་གྱི་མཁའ་དབྱིངས་དག་པའི་གཏིང་མཐོང་ནས།། འཇིག་རྟེན་འདི་ན་ཡོད་པ་ཐམས་ཅད་ཅི་ཞིག་སྤང་དུ་ཡོད་དེ་ཀུན་ཏུ་བཟང་པོའི་ངང། ། ཐམས་ཅད་འདི་ལྟར་ཤེས་ན་བསྒོམ་པའི་མཆོག་ཆེན་ཁྱད་པར་ཡིན།། འདི་ལས་རྒྱལ་བ་རྣམས་ལ་བསྒོམ་དུ་རྡུལ་ཙམ་མེད།། བྱང་ཆུབ་ཀྱི་སེམས་བསྒོམ་པའི་རྒྱུད་ལས། གང་དུའང་འགྲོར་མེད་ཅིང་ཅིའང་སྤང་དུ་མེད་པའི་སྐབས་བཅུ་བདུན་པའོ།།།། དེ་ནས་བཅོམ་ལྡན་འདས་ལ། གསང་བའི་བདག་པོ་ཕྱག་ན་རྡོ་རྗེ།། བཅོམ་ལྡན་འདས་རྒྱུད་ཀྱི་མཚན་ཉིད་དང། སེམས་ཀྱི་མཚན་ཉིད་ཇི་ལྟར་ལགས། ཞེས་གསོལ་པས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྱང་ཆུབ་སེམས་ནི་རྒྱུད་ཀྱི་རང་བཞིན་ཡིན་ཏེ་སེམས་ཀྱི་མཚན་ཉིད་ནི།། ཐམས་ཅད་ཀུན་ལ་མཉམ་གནས་དེ་ཉིད་ངང་ལས་གཡོས་པ་མེད་པར་རྒྱུན་དུ་གནས་པ་རྒྱུད། ། དེ་ལྟར་གནས་པ་དེ་ཉིད་ཁ་དོག་དབྱིབས་ཀྱིས་མཚོན་དུ་མེད་དེ་རང་བཞིན་གནས་པ་སེམས།། གང་གིའང་མཚན་ཉིད་དེ་ལྟར་ཤེས་པ་དེ་ལས་ཤེས་རྒྱུ་མེད་པ་ཤེས་རབ་ཡིན། ཤེས་པའི་དོན་ལས་མི་འགྱུར་འདའ་བར་དཀའ་བ་དེ་ལས་འདའ་བར་མི་བྱེད་སྡོམ་པ་རྫོགས།། གང་ཡང་མཉམ་སྙོམས་དེ་བཞིན་དེ་ལས་འདའ་མི་བྱེད་པ་བསམ་གཏན་མཆོག། ཡོན་ཏན་ལྷུན་རྫོགས་རང་གི་སེམས་ལས་མ་གཏོགས་ཆོས་གཞན་མེད།། ཆོས་འདི་ཕྱི་རོལ་ཡུལ་དང་ནང་གི་སེམས་སུ་མི་འབྱེད་ཀུན་བཟང་ངང།། ཕ་རོལ་ཚུལ་རོལ་གང་ཡང་སྤོང་མི་བྱེད་དེ་མཉམ་པར་གནས་པར་བྱ། ། ས་ཡི་རིམ་པར་མི་གནས་ཏིང་འཛིན་རི་མོ་མི་མཉེས་ལྷ་ཡི་སྐུར་མི་བསྒོམ།། དྲང་སྲོང་དགོན་དབེན་མི་གཟུང་དབང་པོ་ཡན་པར་གཞག་པར་བྱ།། ཡུལ་དང་དབང་པོར་མི་འབྱེད་སྤྱོད་ལམ་ལྷུན་པར་གཞག་པར་བྱ། ། འདི་ལ་ཡུལ་དང་དབང་པོར་ཡེ་ནས་དབྱེར་མེད་འབྱེད་པ་འཁྲུལ།། རྣམ་ཐར་གསུམ་དང་གཟུངས་ཀྱི་སྒོ་ཡིས་ཡེ་ནས་མཚོན་དུ་མེད།། ལྷ་ཀླུ་མཐུ་ཆེན་རྣམས་དང་དྲང་སྲོང་གིས་ཀྱང་འདི་མི་མཐོང། ། འདི་ལ་སུས་ཀྱང་གཞིག་པའི་ཐབས་མེད་སངས་རྒྱས་རྣམས་ཀྱི་ཐུགས།། འདི་ལ་སུ་ཡིས་དགོངས་ནས་དམིགས་པ་ཅི་ཞིག་བསྒོམ།། ཉམ་ཐག་ཕྱི་རོལ་པས་ནི་མ་རྟོགས་པའི།། རྒྱལ་བའི་བདེན་པ་སྟོན་པས་ཁྱད་པར་བསྟན་པ་འདི་ཉིད་ནི། ། ཅི་ཡང་མི་བསམ་ཅིར་ཡང་མི་དམིགས་འདི་ཉིད་བསམ་པ་ལས། མཆོད་རྟེན་ལྷ་ཁང་ལ་སོགས་འདུས་བྱས་དགེ་རྩ་བཏང་སྙོམས་བཞག། བྱས་ལ་སོགས་བའི་ལས་ནི་ཟིན་པར་མི་འགྱུར་བྱས་ཤིང་རྟོགས་པའི་རྒྱུན། ། ལུས་དང་ཡུལ་དང་དབང་པོ་ངག་སོགས་དེ་ཡང་མི་དབྱེ་དེ་བཞིན་གཞག་པར་བྱ།། ཡུལ་ཉིད་ཡེ་ནས་སངས་རྒྱས་ཀུན་ཏུ་བཟང་མོའི་མཁའ་དང་དབྱིངས།། དབང་པོ་གདོད་ནས་རྣམ་པར་དག་སྟེ་དཀྱིལ་འཁོར་མཆོག་གི་མཆོག། དཀའ་ཐུབ་བརྟུལ་ཞུགས་མི་དགོས་པ་ལ་ཅི་ཞིག་སྦྱང་དུ་ཡོད།། ས་ཉིད་རྣམ་རྟོག་རླུང་སྟེ་རྨ་འབུ་སྤུ་དང་སྒོ་ང་འདྲ་སྟེ་མཚུངས།། རྟོགས་པས་བྱང་ཆུབ་རྙེད་ན་ཕྱི་རོལ་མུ་སྟེགས་པས། ། རྟོགས་པའི་འདུ་མཆེད་ཤེས་པའི་དཀྱིལ་བཅུག་ནས།། བྱེད་པ་པོ་བྱས་ཐར་པའི་ལམ་དུ་རྩེ་གཅིག་རྟོག་པས་བྱང་ཆུབ་མྱུར་འོས་ན།། སྐྱེས་བུ་གླེན་པ་གདྒཱའི་འགྲམ་དུ་སྐམ་དྲིར་ཞི་བ་ཇི་བཞིན་བྱང་ཆུབ་མེད། ། མི་གནས་བྱང་ཆུབ་ཀློང་དུ་ཀུན་འདུས་སྙྀང་པོ་རྣམས་གསལ་ཏེ།། གང་ལའང་མི་དགོངས་ཅིའང་ཡེ་ནས་རྣམ་པར་རོལ་པའི་ངང་ལས་མ་གཡོས་ན།། སངས་རྒྱས་འཕགས་པའི་གོང་ན་དེ་བཞིན་སྙིང་པོ་ཡིན་པའོ། ། དེ་ལ་སངས་རྒྱས་ཆོས་དབྱིངས་འཕགས་པ་སུ་ཡིས་གང་ནས་བཙལ།། ཕྱོགས་བཅུའི་རྒྱལ་བ་གང་ནས་གཏམས་གྱུར་ཀྱང།། སངས་རྒྱས་ཀུན་གཞི་བྱང་ཆུབ་སེམས་ལས་མེད་པར་སངས་རྒྱས་གསུང། ། སངས་རྒྱས་ཉིད་ཀྱང་དང་པོའི་རྒྱུད་མེད་རང་སེམས་དག་པ་གང་ཡིན་དེ་ཁོ་ནའོ།། བུང་བ་མེ་ཏོག་གཞིབས་ཀྱང་མ་རྙེད་སྤྲང་རྩིའི་སྙིང་པོ་ལྟར།། སེམས་ཉིད་ཇི་ལྟར་དག་ཀྱང་མི་སྟོང་སྤྲུལ་པའི་སྙིང་པོ་འབྱུང་བར་འགྱུར། ། དེ་ཕྱིར་ཐམས་ཅད་ཡེ་སངས་རྒྱས་པའི་འཇིངས་དེར་རིག་པ་བསམ་པས་མནན།། མནན་པའང་མི་དམིགས་དབང་པོའི་འབྱུང་བ་བརྟག། ཕྱི་ནང་སྣོད་བཅུད་ཀུན་འབྱུང་གནས་པ་ཡེ་ནས་ཅིའང་མེད་པ་ཡིན། ། ཅི་ཡང་མེད་པའི་ངང་ལས་ཅར་ཡང་བསམ་མི་བྱ་བར་བཞག་ཁམས་གསུམ་ཡོད་སྒྲོལ་རྒྱུད་དྲུག་གནམ་ཕྱག་བཏབ་ནས་ཡེ་སངས་རྒྱས་པ་ཡིན།། རྒྱལ་བ་སངས་རྒྱས་འདི་ལས་ཡོད་པ་མིན་ཏེ་འདི་དང་སོ་སོ་མིན། ། གཞི་རྩ་མེད་པའི་ཆོས་ཉིད་བྱང་ཆུབ་སེམས།། ཟབ་ཅིང་ཕྲ་བས་དཔག་པའི་ཡུལ་ལས་འདས།། ཡངས་ཤིང་ཁྱབ་པས་ནམ་མཁའི་མཐའ་དང་མཉམ། ། སྦོམ་ཞིང་རགས་པས་སྣང་སྲིད་དབང་དུ་བསྡུས།། དེ་འདྲའི་ཆོས་སྐུ་བླ་མེད་བྱང་ཆུབ་སེམས།། མ་བྱུང་མ་སྐྱེས་འོད་ཀྱི་སྙིང་པོ་ཅན།། འགྲོ་བ་ཡོངས་ཀྱི་དཔལ་མགོན་བྱང་ཆུབ་སེམས།། སྒྲ་དང་ཐ་སྙད་ཚིག་གི་སྤྱོད་ཡུལ་མེད། ། དཔག་མེད་བསམ་འདས་མི་གནས་མྱ་ངན་འདས།། དོན་གྱི་སྙིང་པོ་བླ་མེད་བྱང་ཆུབ་སེམས།། སྨྲ་བསམ་བརྗོད་མེད་རིག་པས་ཕ་རོལ་ཕྱིར།། མི་སྐྱེ་མི་འགག་རང་རིག་བྱང་ཆུབ་སེམས། ། མི་གནས་བདག་མེད་ཡེ་ནས་རྣམ་པར་དག། མ་བཅོས་ལྷུན་གྲུབ་བདེ་ཆེན་སྙིང་པོ་མཆོག། སྦྱིར་ཡང་སྣང་བ་བདེ་ཆེན་ལོངས་སྤྱོད་སྐུ།། རང་བྱུང་ཡེ་ཤེས་སྤྲུལ་སྐུ་བྱང་ཆུབ་སེམས།། བདག་མེད་སྤྲོས་བྲལ་དོན་དམ་ལྷུན་གྱིས་རྫོགས། ། ཉག་གཅིག་མ་འགགས་སྙིང་པོ་བྱང་ཆུབ་སེམས།། མ་སྐྱེས་དབྱིངས་ནས་རང་བྱུང་ཀུན་ལ་ཁྱབ།། མཁའ་ལྟར་དངོས་མེད་ཞི་བ་གཅིག་ཏུ་གྲགས།། ཉི་མའི་སྙིང་པོ་དངོས་མེད་མྱ་ངན་འདས། ། རང་བྱུང་འགག་མེད་སྐར་ཚོགས་གྲངས་མང་ཡང།། བདག་ཉིད་ཆེན་པོ་མི་འགྱུར་བདག་ཉིད་སྐུ།། ཐུགས་རྗེ་ཐབས་མཁས་ནས་མཁའི་སྤྲིན་གྱི་ཚུལ།། ཕན་གནོད་ཡོད་མེད་སྙིང་པོ་བྱང་ཆུབ་ལ།། ལས་དང་ཐུགས་རྗེ་ནམ་མཁའི་སྤྲིན་གྱི་ཚུལ། ། ཞེ་གཙང་མེད་པ་ཆོས་ཉིད་བྱང་ཆུབ་སེམས།། རིག་པའི་རྩལ་ཆེན་མ་འགགས་རང་རིག་ཡོངས་ལ་ཁྱབ།། རྡོ་རྗེ་སེམས་དཔའི་ཐུགས་རྗེ་འོད་པོ་ཆེ།། ཉི་མ་ཐོག་ཏུ་ཆུ་སྤྲིན་ག་བུར་བཞིན། ། རྡོ་རྗེ་སེམས་དཔའི་ཞལ་ཆེམས་ཉག་གཅིག་མ།། དགའ་རབ་རྡོ་རྗེ་མཁས་པའི་སྐྱེ་མཆོག་གིས།། ལས་འཕྲོ་སྐལ་བར་ལྡན་པའི་ཐུགས་བརྒྱུད་ནས།། བསྣན་ཕྲི་མེད་པའི་རིན་ཆེན་གཏེར་འདི་ཆོངས། ། སྣོད་ངན་བུ་དང་རྒྱུད་ངན་སློབ་མ་ལ།། ཆུ་སྲིན་གྲེ་བ་བཞིན་དུ་དམ་དུ་སྡོམས།། ཞེས་བཀའ་སྩལ་ཏོ།། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། རྒྱུད་དག་པའི་རྡོ་རྗེ་སེམས་དཔའ་ལ་ཞུ་བ་དྲུག་ཞུས་པ། ཀྱེ་ཐུགས་རྗེ་ཆེན་པོ་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ནི་ནད་པ་ལྟ་བུའོ།། དུག་ལྟ་བུའོ།། མུན་པ་ལྟ་བུའོ།། སྦྱོར་རྩི་ལྟ་བུའོ།། ཚེར་མ་ལྟ་བུའོ།། རོ་མྱགས་ལྟ་བུའོ། ཞེས་ཞུས་པས། རྡོ་རྗེ་འཛིན་པ་ཉོན་ཅིག། ངས་སྡཽམ་པ་ཚིག་གསུམ་ངེས་བསྟན་གྱིས།། ལེགས་པར་ཡིད་ལ་ཟུངས་ཤིག། འཁོར་བའི་རྒྱ་མཚོ་ཐག་རིངས་རྣམ་པར་དག་པའི་ཞིང་དུ་བསྒྲལ་བ་དང། འཁོར་བའི་འདམ་རྫབ་ལ་རྡོ་རྗེ་རྫོང་བཅའ་བ་དང། སྡུག་བསྔལ་གྱི་བྱེ་བྲག་ནོར་བུ་རིན་པོ་ཆེར་སྒྱུར་བ་དང་གསུམ་ལ། རིགས་ཀྱི་བུ་ཕྱི་སྣོད་ཀྱི་འཇིག་རྟེན་ཐམས་ཅད་འབྱུང་བ་ལྔས་བསྡུས་པ། སྔོན་བྱུང་གི་དུས་ན་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ། མ་བྱས་པར་སྣང་ལ། བདེ་ཞིང་ཡངས་པ། ཟུག་རྔུ་མེད་པ། རྒྱ་ཡོངས་སུ་མ་ཆད་པ། ཚིག་དང་དབང་པོའི་སྦྱོད་ཡུལ་མེད་པ། བརྗོད་བྱ་ཐམས་ཅད་ལས་འདས་པ། འདས་ཞེས་བྱ་བ་ཡང་མིང་གི་རྣམ་གྲངས་ཏེ། མིང་ཙམ་ལ་ཡང་མི་གནས་པའོ།། དེས་ནི་འཁོར་བ་རྒྱ་མཚོ་མཐའ་རིངས་བ་རྣམ་པར་དག་པའི་ཞིང་དུ་བསྒྲལ་བའོ།། ཁམས་གསུམ་སེམས་ཅན་སྡུག་བསྔལ་གྱི་གྲུར་ཚུད། མ་རིག་པའི་རྒྱར་འཐུམས་ནས་སྡུག་བསྔལ་བར་གནས་ཀྱང། སྙིང་པོ་བྱང་ཆུབ་ཀྱི་སེམས་རང་བྱུང་རང་འོད་གསལ་བའི། རྒྱུ་རྐྱེན་མེད་པར་ཀ་དག་པས། རྡོ་རྗེ་ལྟ་བུའི་ཡེ་ཤེས་ལ་གནས་སུ་རུང་གི། གདོས་པ་ཅན་ཤེས་རབ་ཀྱི་སྙིང་པོ་མེད་པ་ནི་མ་ཡིན་ནོ། ། རྒྱུད་དྲུག་གི་སེམས་ཅན་ཐམས་ཅད་རྡོ་རྗེ་སྙིང་པོའི་སྐུ་དྲི་མ་མེད་པར་གནས་པས་ཡོངས་ལ་ཁྱབ། གཞན་དབང་དུ་གྱུར་པ། ཟད་ཅིང་དྲི་བས་རྒྱ་མ་ཆད། ཐབས་ཀྱི་རྒྱལ་པོ་སྟོབས་ཀྱི་རིག་པ་ཤར་བས། འཁོར་བ་ཉིད་རང་བྱུང་གི་ཡེ་ཤེས་སུ་ཀ་དག། སྡུག་བསྔལ་གྱི་འདམ་རྫབ་ཉིད་བདེ་བ་ཆེན་པོར་རང་དག་པས། འཁོར་བའི་འདམ་རྫབ་ལ་རྡོ་རྗེའི་རྫོང་བཅས་པའོ།། རིགས་ཀྱི་བུ་ཉོན་ཅིག། སེམས་ཅན་ཐམས་ཅད་ལ་ལུས་གསུམ་དུ་ཤེས་པའོ། ། ཡེ་ཤེས་ཀྱི་ལུས་སྡུག་བསྔལ་གྱི་མཐའ་ལས་གྲོལ་བའོ།། བག་ཆགས་སྨིན་པའི་ལུས་ཤ་ཁྲག་གི་གདོས་པ་ཅན། གཉིས་འབྲེལ་གྱི་ལུས་སེམས་བདེ་སྡུག་གཉིས་འཛིན། གཞི་ཤེས་པ་ཆོས་ཀྱི་སྐུ་ལ། བག་ཆགས་ཀྱི་ནད་མེད་ཀྱང། རྣམ་རྟོག་སེམས་ཀྱི་ལུས་བག་ཆགས་ནད་དུ་ལངས་པས། གསོ་བྱེད་སྨན་པའི་རྒྱལ་པོས་གསོ་བྱེད་སྨན་གྱིས་གསོ་ཞེས་འབྱུང་སྟེ། མ་རིག་པ་འཁོར་བའི་ནད། རིག་པ་མྱ་ངན་འདས་པས་གསོ། སྡུག་བསྔལ་འདམ་རྫབ་ལྟ་བུའི་ནད། བདེ་བ་ཆེན་པོ་ཟག་པ་མེད་པའི་ཡེ་ཤེས་ཀྱིས་གསོ། གཏི་མུག་མུན་པ་ལྟ་བུའི་ནད། ཤེས་རབ་མར་མེ་རླུང་གི་མ་བསྐྱོད་པ་ལྟ་བུས་གསོ། བག་ཆགས་སྦྱར་རྩི་ལྟ་བུའི་ནད། རང་བཞིན་མེད་པ་མན་ཤེལ་ལྟ་བུས་གསོ། རྟོག་པའི་རྩིང་ཞིབ་ཟུག་རྔུ་ཚེར་མ་ལྟ་བུའི་ནད། མཉམ་པ་ཉིད་མི་གཡོ་བ་རྒྱ་མཚོ་ལྟ་བུའི་སྨན་གྱིས་གསོ། དེ་ནི་སྡུག་བསྔལ་གྱི་བྱེ་བྲག་རིན་པོ་ཆེར་བསྒྱུར་བ་ཞེས་བྱའོ། ། ཞེས་བྱང་ཆུབ་ཀྱི་སེམས་རྨ་བྱ་མཇིང་བསྣོལ་གྱི་རྒྱུད་དག་ལས། གཞི་ཆོས་ཀྱི་སྐུའི་རང་བཞིན་བསྟན་པའི་ལེའུ་སྟེ་དང་པོའོ།།།། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཡང་ཞུསཔ། ཀྱེ་མ་བཅོམ་ལྡན་རྡོ་རྗེ་འཆང།། ཟག་མེད་ལམ་ལ་རབ་གནས་པའི།། དེ་བཞིན་གཤེགས་པའི་བསམ་གཏན་གྱིས།། བློ་དངོས་གཉིས་མེད་སྦྱོར་བ་ནི།། སངས་རྒྱས་ཉིད་ཀྱི་དགོངས་པ་སྟེ།། ཐབས་ལ་མཁས་པས་བསྟན་དུ་གསོལ། ། ཞེས་ཞུས་ཏེ། རྡོ་རྗེ་འཛིན་པ་ཁྱོད་ཉོན་ཅིག། དྲི་བ་དྲིས་པ་དེ་ལེགས་སོ།། དེ་བཞིན་གཤེགས་པའི་དགོངས་པ་དཔག་ཏུ་མེད་ཀྱང། སེམས་ཅན་གྱི་བློའི་བྱེ་བྲག་དང་སྦྱར་ནས། ཆོས་ཇི་བཞིན་མ་ལ་བློ་དེ་བཞིན་མ་གནས་པའི་ཆེད་དུ། མར་མེའི་སྡོང་བུ་བསྣན་པའི་ཚུལ་དུ། མ་བཅོས་ཇི་བཞིན་གནས་ན་དེ་བཞིན་ཉག་གཅིག་ཅེས་བྱའོ།། དེ་ཡང་ལུང་ལས། བསྟན་བྱ་སྟོན་བྱེད་གཉིས་ཡོད་ན། ། བསྒོམ་བྱ་སྒོམ་བྱེད་ཅི་ཕྱིར་མིན།། ཅེས་འབྱུང་སྟེ། བྱང་ཆུབ་ཀྱི་སྙིང་པོ་ལ། བྱང་ཆུབ་ཀྱི་སྙིང་པོ་བསྟན་ཏེ། སྙིང་པོ་བསྟན་པར་བྱ་བའི་དོན་དུ། དུས་རྟག་ཏུ་སྙིང་པོ་ལ་གནས་པར་བྱའོ།། རྟོགས་པའི་དོན་ཤེས་བྱ་བ་མ་འགགས་ཀྱང། བཀའ་ལུང་གི་ཕྱི་མོར་རང་རྒྱུད་ལ་མི་གསལ་གྱི་བར་དུ། ཤེས་བྱ་ལ་གསལ་གདབ་ཅིང་ཏིང་ངེ་འཛིན་ལ་གནས་པར་བྱའོ།། བྱང་ཆུབ་སྙིང་པོ་འགྱུར་མེད་ཆོས་ཀྱི་སྐུ།། གཞན་ནས་མ་བཙལ་སེམས་ཉིད་མངོན་སངས་རྒྱས། ། རང་ལ་གནས་པའི་དོན་དེ་སེམས་ཀྱི་སེམས་ལ་ལྟོས།། མ་བྱུང་མ་སྐྱེས་རང་བྱུང་ཆོས་ཀྱི་སྐུ།། མི་གཡོ་མི་འགྱུར་མཉམ་པ་ཆེན་པོར་ཞོག། གསལ་ལ་རྟོག་མེད་མི་འགྱུར་ཆོས་ཀྱི་སྐུ། ། མ་བཅོས་བདེ་བ་ཆེན་པོའི་ངང་དུ་གཞག། སྐུ་གསུམ་ལྷུན་གྲུབ་བཀོད་པ་རྒྱན་གྱི་སྐུ།། བདེ་ཆེན་འདུ་འབྲལ་མེད་པའི་ངང་ལ་གཞག། ཐིག་ལེ་ཉག་གཅིག་རང་བཞིན་སྤྲོས་དང་བྲལ།། སྣ་ཚོགས་ཤར་ཀྱང་ཉག་གཅིག་ཉིད་དུ་བསྒོམ། ། ནམ་མཁའི་མཐོང་ནས་གསལ་བའི་ཉི་ཤར་བཞིན།། སྐྱེ་མེད་དབྱིངས་ནས་རང་བྱུང་འོད་གསལ་བ།། ཐུགས་རྗེ་སྤྲུལ་པའི་འོད་ཟེར་འཕྲོ་བར་བསྒོམ།། སྣང་སྲིད་རྣམ་པར་དག་པ་པདྨོའི་དཀྱིལ་འཁོར་ནས། ། བསྐྱེད་རྫོགས་རྣམ་གསུམ་མ་བཙལ་ལྷུན་གྱིས་རྫོགས།། བསོད་ནམས་ཡེ་ཤེས་ཚོགས་ཆེན་དག་པའི་སྐུ།། ཀུན་ཏུ་བཟང་པོའི་མཛད་སྤྱོད་རྟོགས་པའི་སྒོམ།། སྒྲིབ་གཉིས་མ་སྦྱངས་ཚོགས་གཉིས་ལྷུན་གྱིས་རྫོགས། ། མན་ཤེལ་ལྟ་བུར་དྲི་མེད་གདོད་ནས་དག། རྣམ་རྟོག་སྐྱོན་བྲལ་ཡེ་ཤེས་ལྷུན་གྱིས་གྲུབ།། རང་བྱུང་རྡོ་རྗེ་སྙིང་པོ་ཡིན་པར་བསྒོམ།། མ་བཅོས་ཆོས་སྐུ་ཀུན་གཞི་བྱང་ཆུབ་སེམས།། ས་ལ་མ་བགྲོད་ལམ་ལ་མི་གནས་ཀྱང། ། རྟོག་པ་གདེང་དུ་མ་གྱུར་བར་དུ་བསྒོམ།། སངས་རྒྱས་ཉག་གཅིག་ཆོས་ལ་མི་གནས་ཀྱང།། འཁྲུལ་རྟོག་སྤང་ཕྱིར་ཆོས་ཉིད་ངང་དུ་བསྒོམ།། དུག་སྔ་ཡེ་ཤེས་ལྔ་རུ་སངས་རྒྱས་ཀྱང།། རྣམ་གྲོལ་ཟག་མེད་ལྔ་རུ་གསལ་བར་བསྒོམ། ། འབྱུངས་ལྔ་ལྷ་མོ་ལྔ་རུ་སངས་རྒྱས་ཀྱང།། མཛེས་པའི་ལྷ་མོ་སྤྲུལ་སྐུ་གསལ་བར་བསྒོམ།། སྣང་སྲིད་རྣམ་དག་བརྗོད་པ་ལས་འདས་ཀྱང།། ཞིང་ཁམས་རྣམ་དག་ཆོས་སྐུའི་ངང་དུ་བསྒོམ། ། བྱང་ཆུབ་སེམས་དཔའ་སྐྱེ་ཤི་མི་མངའ་ཡང།། འདུ་འབྲལ་མེད་པ་རྒྱུན་གྱི་ཐེག་པ་བསྒོམ།། འདོད་དོ་སྣོད་བཅུད་དངོས་པོ་རྣམ་དག་ཀྱང།། ཅི་ལ་མ་ཆགས་མི་རྟོག་ཏིང་འཛིན་བསྒོམ།། འཁོར་དང་ལོངས་སྤྱོད་སྐར་ཚོགས་བརྒྱན་མང་ཡང། ། ཅི་ལ་མ་ཆགས་རང་བཞིན་རྣམ་དག་བསྒོམ།། སྒྱུ་མའི་ཕུང་པོའི་ཡེ་ཤེས་གནས་ཡིན་ཀྱང།། མ་ཆགས་མི་གནས་བཏང་སྙོམས་ཆེན་པོར་བསྒོམ།། ཀུན་གཞི་རྣམ་ཤེ་སྐུ་ལ་མི་འཁོར་བས། ། རང་བྱུང་ཡེ་ཤེས་བདག་མེད་མྱ་ངན་འདས།། རྟག་ཆད་ཚིག་ལས་འདས་པར་སུན་ཕྱུང་ནས།། མཐོན་དམན་གློང་དུ་ཁོད་སྙོམས་ཏེ།། མཉམ་པ་ཆེན་པོ་མཉམ་ལས་འདས་པར་བསྒོམ། ། བརྗོས་པའི་ཐ་སྙད་ཚིག་ལས་འདས་པར་རབ་རྟོགས་ན།། རྣམ་དག་བྱང་ཆུབ་དབྱིངས་ཀྱི་བསྒོམ་པ་ཡིན།། ཅེས་བྱང་ཆུབ་ཀྱི་སེམས་རྨ་བྱ་མཇིང་བསྣོལ་གྱི་རྒྱུད་ལས། གཞི་ལམ་དང་བཅས་པའི་ལེའུ་སྟེ་གཉིས་པའོ། །།། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཞུས་པ། སྟོན་པ་ཐུགས་རྗེ་མངའ་བས། འགྲོ་བའི་མགོན་པོ་བདེ་བར་གཤེགས།། གཞི་ལམ་འབྲས་བུ་གཉིས་མེད་པའི།། ལམ་གྱི་འབྲས་བུ་བཤད་དུ་གསོལ། ། ཞེས་ཞུས་པས། རིགས་ཀྱི་བུ་ཉོན་ཅིག། དྲི་བ་དྲིས་པ་དེ་ལེགས་སོ།། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གདམས་པ་རིན་པོ་ཆེ་ནི། བརྗོད་པ་ཐོག་ཏུ་མི་ཕེབས་ཤིང་བསྟན་པར་དཀའ་ན་ཡང། ངས་རེ་ཞིག་མཚོན་པའི་ཚིག་འགའ་ཙམ་སྨྲ་ཡིས། སེམས་ལ་དབང་ཐོབ་གང་ཞེ་ན། ཞེས་འབྱུང་སྟེ། ལེགས་པར་ཡིད་ལ་ཟུང་ཞིག། རིགས་ཀྱི་བུ་འབྲས་བུ་བླ་ན་མེད་པ་གུད་ནས་མི་འབྱུང་ངོ།། གཞི་ལམ་གཉིས་སུ་མེད་པའི་དུས་ན། དེ་བཞིན་གཤེགས་པའི་བསམ་གཏན་ཞེས་བྱ་སྟེ། ལྷག་མཐོང་དང་ཞི་གནས་གཉིས་སུ་མེད་ནས་རང་བྱུང་གི་ཡེ་ཤེས་མར་མེ་རླུང་གིས་མི་བསྐྱོད་པ་ལྟ་བུར། ཤེས་བྱ་ཉམས་སུ་མྱོང་ན། གཞི་ལམ་འབྲས་བུ་མཐར་ཕྱིན། སངས་རྒྱས་ཉག་གཅིག་མ་ཞེས་བྱ་སྟེ། ཡེ་ཤེས་དབྱིངས་ནས་གསལ་ན་འབྲས་བུ་ཉག་གཅིག་མ།། དབྱིངས་ཉིད་རིག་པར་ཤར་ན་འབྲས་བུ་ཉག་གཅིག་མ།། གཟུགས་སྐུ་འོད་དུ་ཤར་ན་འབྲས་བུ་ཉག་གཅིག་མ། ། བདེ་ཆེན་ཟག་པ་མེད་ན་འབྲས་བུ་ཉག་གཅིག་མ།། སྣང་སྲིད་དབང་དུ་བསྡུས་ན་འབྲས་བུ་ཉག་གཅིག་མ།། ཏིང་འཛིན་རོ་ལ་མ་ཆགས་འབྲས་བུ་ཉག་གཅིག་མ།། འཁོར་བ་རང་བཞིན་མེད་ན་འབྲས་བུ་ཉག་གཅིག་མ། ། མཚན་མ་ཟིལ་གྱིས་ནོན་ན་འབྲས་བུ་བདེ་བ་ཆེ།། ཞེས་པའི་དོན་ནོ།། རྒྱུ་ཆོས་ཀྱི་སྐུ་ལ་འབྲས་བུ་གཟུགས་སྐུ་གཉིས་འབྱུང་བ་ཡང། ཐིག་ལེའི་རྩལ་ལ་མ་འགགས་པ་ཡིན་ཏེ། དེ་ཡང་རྒྱུ་འབྲས་དབྱེར་མེད་པ་ཉིད་རྩལ་དུ་ཤེས་པའི་དུས་སུ། འབྲས་བུ་སྐུ་གསུང་ཐུགས་མཐར་ཕྱིན་པའི། སྐུ་གསུམ་ཡེ་ཤེས་རང་བྱུང་དུ་ཤར་ནས། ཡེ་ཤེས་གཟུགས་སྐུར་སྣང་ལ། གཟུགས་ཉིད་རང་བཞིན་རྣམ་པར་དག་སྟེ། མཚན་མ་ལས་འདས་ན་འབྲས་བུ་ཡེ་ཤེས་སུ་གྲུབ་བོ།། ངོ་བོ་ཉིད་ཀྱི་སྣང་བ་སྣང་ཚོད་དུ་གྲགས་ཚོད་མེ་ལོང་གཡའ་དག་པ་ལྟར་བསྟན་ཀྱང། དོན་དམ་པ་སྤྲོས་པ་དང་བྲལ་བ་རང་བཞིན་རྣམ་པར་དག་པ། འབྲས་བུ་མི་གནས་པའི་ཡེ་ཤེས་ཆེན་པོ་ཞེས་བྱའོ།། མཚན་མ་དང་བྲལ་བ་ཚན་ཀྱི་སྐུ། བྱ་བ་ཐམས་ཅད་དང་བྲལ་བ་འབྲས་བུ་བླ་ན་མེད་པ་ཞེས་བྱའོ།། ཕྱིར་མི་ལྡོག་པའི་ལུང་ངེས་པ་བཀའ་ལུང་གི་ཕྱི་མོ་ལས། ཡེ་ཇི་བཞིན་པའི་རྡོ་རྗེ་འཆང་ཆེན་པོ། རྒྱུད་དག་པའི་རྡོ་རྗེ་འཆང་ལ་སྣང་བའི་དུས་ན། རྒྱུ་འབྲས་དབྱེར་མི་ཕྱེད་བའི་རང་བྱུང་གི་བཅོམ་ལྡན་འདས་ཞེས་བྱ་སྟེ། རྒྱུད་དག་པའི་དབྱིངས་ཉིད་ནས། འབྲས་བུ་ཡེ་ཤེས་ཀྱི་དཀྱིལ་འཁོར་རང་སྣང་གི་དུས་ན། རྒྱུ་འབྲས་ཀྱི་ཆོས་ཐམས་ཅད་མི་ཕྱེད་པས། སངས་རྒྱས་མར་མེ་མཛད་སྟོང་གི་གཙུག་ཕུད་རིན་པོ་ཆེ་ཞེས་བྱ་བར་གྲགས་ཏེ། འབྲས་བུ་མཐར་ཕྱིན་པའོ།། རང་གི་ཤེས་བྱ་མཐར་ཕྱིན་པའི་དུས་ན། བདུད་དང་མུ་སྟེགས་ཀྱི་གླགས་མི་རྙེད་ལ། ཕྱ་དང་དབང་ཕྱུག་གི་གྲོགས་བྱར་མེད། རྒྱལ་མཚན་གྱི་རྩེ་མོ་ལྟར་ནུབ་པ་མེད་ཅིང། ནོར་བུ་རིན་པོ་ཆེ་ལྟར་ཟད་མི་ཤེས་ལ། ཤེས་བྱ་རང་གི་ངོ་བོ་ལ་ཤེས་བྱ་རང་གི་དབང་བསྐུར་བའི་དུས་ན། འཕགས་པ་གཙུག་ཏོར་དྲི་མ་མེད་པ་ཞེས་གྲགས་སོ།། བྱང་ཆུབ་ཀྱི་སེམས་ལ་བྱང་ཆུབ་ཀྱི་སེམས་དུས་སུ། རྒྱ་མཚོ་ཆེན་པོར་ཆུ་བྲན་འདུ་བའི་ཚུལ་ཏེ། ཆོས་ཉིད་སྐྱེ་བ་མེད་པའི་གློང་དུ་ཆོས་ཅན་མཚན་མར་སྣང་བའི་དུས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པས། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་ཞེས་གྲགས་སོ།། ཆོས་ཐམས་ཅད་ལ་དབྱེ་བ་མེད་ཅིང་བཟང་ངན་དུ་མི་ལྟ། བདག་དང་གཞན་དུ་མི་རྟོགས་པའི་དུས་ན། ནམ་མཁའ་དང་ཉི་མའི་ཚུལ་ཏེ། བྱང་ཆུབ་སེམས་དཔའ་བྱམས་པ་ཀུན་ནས་གཟིགས་ཞེས་གྲགས་སོ།། ཆོས་ཐམས་ཅད་གང་ཡང་མི་ལེན། གང་ཡང་མི་འདོར། གང་གིས་ཀྱང་མི་སྒྲིབ། གང་གིས་ཀྱང་སྒྲོལ་མི་ནུས། གང་ལ་ཡང་མི་རྟེན། གང་དུ་ཡང་མ་གོལ། རང་བཞིན་རྣམ་པར་དག་པས་རྟག་པའི་མཐའ་མེད། ཤེས་བྱ་ངོ་བོ་ལ་མ་བསྒྲིབས་ཡོངས་སུ་གསལ་བས། ཆད་པའི་མཐའ་མེད་པ། འཕགས་པ་ནམ་མཁའི་སྙིང་པོ་ཞེས་གྲགས་སོ།། ཞེས་བྱང་ཆུབ་སེམས་དཔའ་རྨ་བྱ་མཇིང་བསྣོལ་གྱི་རྒྱུད་ལས། གཞི་ལམ་འབྲས་བུ་རྣམ་པ་གསུམ་མཐར་ཕྱིན་པར་བསྟན་པའི་ལེའུ་སྟེ་གསུམ་པའོ། །།། དེ་ནས་བྱང་ཆུབ་སེམསདཔའ་སེམས་དཔའ་ཆེན་པོས་ཡང་ཞུས་པ། འཇམ་དཔལ་གཞོན་ནུ་དཔའ་བོ་མཆོག། གཞི་ལམ་འབྲས་བུ་མཐར་ཕྱིན་པས།། ཉོན་མོངས་འཁོར་བའི་རྒྱུན་ཡང་གཅོད།། དག་པའི་ཞིང་དུ་ཡང་དག་བསྒྲལ། ། རྣམ་རྟོག་ཟིལ་གྱིས་མནན་ཕྱིར་རོ།། སྤྱོད་པའི་ཚུལ་ཁྲིམས་བཤད་དུ་གསོལ།། ཞེས་ཞུས་ཏེ། རྡོ་རྗེ་སེམས་དཔའ་འང་བདག་ལ་ཉོན།། སྤྱོད་པ་རྣམ་པ་གསུམ་དུ་རྟག། གླང་པོ་ལམ་དུ་ཞུགས་པའི་སྤྱོད་པ་དང། སྨྱོན་པ་སྙིང་སྟོར་པ་དྲན་པ་མེད་པའི་སྤྱོད་པ་དང། དེའི་གྲོགས་ཏྲི་ལ། འདམ་གྱི་པདྨའི་མེ་ཏོག་དང། བྱ་ཐིབ་ཚང་དུ་ཞུགས་པ་དང། བུ་གཅིག་པའི་མ་ལྟ་བུ་སྟེ། ད་ནི་རྣལ་འབྱོར་ཆེན་པོའི་སྤྱོད་པ་ཡིན། དཔའ་བརྟུལ་སྟག་གི་སྤྱོད་པ་དང། བརྟུལ་ཞུགས་ཕག་གི་སྤྱོད་པ་དང། སེམས་མེད་བུང་བའི་སྤྱོད་པ་དང། དབང་སྡུད་མུ་སྟེགས་ཀྱི་སྤྱོད་པ་དང། བདེ་བ་ཐུན་འཇུག་གི་སྤྱོད་པ་དང། དེ་ནི་རྣལ་འབྱོར་འབྲིང་གི་སྤྱོད་པའོ། ། དམན་པ་ཕྱག་དར་ཁྲོད་ཀྱི་སྤྱོད་པ་དང། མཚོན་པ་ཉམས་མྱོང་གི་སྤྱོད་པ་དང། འདོད་པ་བྱ་བའི་སྤྱོད་པ་དང། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྟ་བ་གློང་དུ་གྱུར་པའི་སྤྱོད་པ་ནི། ཐ་མལ་གྱི་སྤྱོད་པའོ།། ཞེས་ཐུགས་ཀྱི་རྒྱུད་ནས་ཀྱང་བཤད་དོ།། ཆོས་ཉིད་གློང་དུ་གྱུར་པའི་སྤྱོད་པ་ནི། ཅི་ལ་ཡང་མ་ཞེན་མ་ཆགས་པའོ།། ཉམས་མྱོང་རྒྱུད་ལ་སྐྱེས་པའི་སྤྱོད་པ་ནི། སྲབ་ལ་སྦྱར་རོ། ། བརྟུལ་ཞུགས་ཀྱི་སྤྱོད་པའི་སྤྱོད་པ་ནི། བྱ་རི་སྐེགས་ལྟ་བུ་སྟེ་མ་ངེས་པའོ་ཞེས་གསུངས་སོ།། བྱང་ཆུབ་སེམས་དཔའི་སྤྱོད་པའི་མཐའ་ནི་མ་བཅོས་པའོ།། རང་བཞིན་རྣམ་པར་དག་པའི་དུས་ན། སྤྱི་ལ་ཡང་མ་ཞེན་པའི་སྤྱོད་པ་རྣམ་པར་དག་པའོ། ། བདེ་བ་ཆེན་པོ་ཡུལ་དུ་ཤར་བའི་དུས་སུ། ཟུག་རྔུའི་མཐའ་རང་བཞིན་གྱིས་འགོག། ཁྱད་པར་ན་རྒྱུ་ལ་སྐྱེས་པའི་དུས་ན། སྙིང་རྗེ་ཆེན་པོ་ལྷག་པར་ཅན་གྱི་སྤྱོད་པ་སྐྱེ་བར་འགྱུར་རོ། ། འདོད་པ་མེད་པར་འགྲོ་བ་རིགས་དྲུག་གི་གནས་ཡུལ་དུ་སྣང་བའི་དུས་སུ། ཆོས་ཐམས་ཅད་ཅི་ལ་ཡང་མ་ཆགས་པའི་སྤྱོད་པ་སྐྱེ་བར་འགྱུར་རོ།། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་ལ་ཡུལ་དུ་སྣང་བའི་དུས་སུ། ཐུན་མོང་གི་དངོས་པོ་འགགས་ནས་ངོ་ཚ་བ་དང་བག་ཚ་བའི་འདུ་ཤེས་མེད་དེ། ཚིག་ནམ་མཁའ་ལ་ཁུངས་སྟོན་ཏོ།། སྤྱན་ནམ་མཁའ་ལ་གཟིགས་ཏེ། མཛུབ་མོ་ནམ་མཁའ་ལ་སྟོད་པའི་སྤྱོད་པ་འཆར་རོ།། ཆོས་ཀྱི་སྐུ་སྤྲུལ་པའི་ཉམས་སུ་བཏར་བའི་དུས་སུ། ལུས་གྲང་དྲོ་དང་ན་ཚ་མེད་ཅིང་གཅེར་བུའི་སྤྱོད་པ་རང་བྱུང་ཤར་ཏེ། ནམ་མཁའི་རི་མོ་ཁུངས་འདོན་པའོ།། ཟག་པ་མེད་པའི་ཏིང་ངེ་འཛིན་གྱིས་རོ་ཉམས་སུ་མྱོང་བའི་དུས་སུ། ཟས་ཀྱི་འདུ་ཤེས་ཆུང་ཞིང་གྲོགས་ལ་མི་ཆགས་པར། རི་དྭགས་རྨ་སམ་ལྟར་གཅིག་པུ་རི་སུལ་འགྲིམ་པའི་སྤྱོད་པ་འཆར་རོ།། སེམས་ཡེ་ཤེས་ཀྱི་དབང་དུ་འདུས་ཤིང་སྣང་བ་ཆོས་ཉིད་ཀྱི་དབང་དུ་འདུས་པའི་དུ་འདུས་པའི་དུས་ན། ནམ་མཁའ་ལ་འགྲོ་བ་དང། ཆུ་ལ་མི་ནུབ་པར་འགྲོ་བ་དང། གཞན་གྱིས་མི་སྣང་བའི་རྩལ་ལ་སྤྱོད་པར་འགྱུར་རོ།། རིག་པའི་དབྱིངས་ལ་ཤར་བའི་དུས་སུ།། ཡུལ་གཞན་དག་གི་སྣང་བ་འཆར་བར་འགྱུར་རོ། ། སེམས་ལས་སུ་རུང་བའི་དུས་སུ། གཞན་གྱི་སེམས་ཤེས་ཤིང་དངོས་པོ་ཐམས་ཅད་ལས་བརྫུན་དུ་སྨྲ་བར་འགྱུར་རོ།། ཆོས་ཉིད་པ་སྟོང་ཉིད་ལས་སུ་རུང་བའི་དུས་ན། ཕྱིའི་འབྱུང་བ་དང། མི་མ་ཡིན་པའི་སྒྲ་ཐམས་ཅད་སེལ་བར་འགྱུར་རོ། ། སྤྱོད་པ་རྣམ་པར་དག་པ་དེ་རྣམས་ནི། རྒྱུད་དག་པའི་རྡོ་རྗེ་སེམས་དཔའ་སྣང་སྟེ། ལུས་མ་བོར་བར་མངོན་པར་རྫོགས་པར་སངས་རྒྱས་སོ།།།། ན་མོ་བུདྡྷ་ཡཱ། ཏདྱ་ཐཱ། དྷརྨསཾ་གྷ་རི། མཉྫུ་ཤྲི། ཨ་པྲ་བྲ། བྷ་ག་བ་ཏི། སུ་ཀ་ཨ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དགའ་མགུ་ཡི་རངས་ཏེ། བཅོམ་ལྡན་འདས་ལ་ཐལ་མོ་སྙིང་ཁར་སྦྱར་ནས། ཡན་ལག་ལྔ་ས་ལ་གཙུགས་ཏེ། ཀྱེ་ཀྱེ་ལེགས་སོ་དཔལ་ལྡན་མགོན་པོ་ཆེ།། ཞལ་ནས་བྱུང་ན་དགའ་བ་དེ།། ཞལ་ནས་གསུངས་པའི་ང་ཉིད་དོན་གྱི་མཆོག། བདག་བློ་མུན་པ་ཁ་འབྱེད་པས།། སྣང་གསལ་ཐུགས་རྗེ་འོད་ཀྱི་མེ། ། སེམས་ཅན་ཀུན་གྱི་སྐྱབས་མཛད་པས།། མགོན་པོ་དྲི་མེད་ཡེ་ཤེས་སྐུ།། འགྲོ་བའི་དོན་དུ་སྐུ་སྤྲུལ་ནས།། རང་བྱུང་སངས་རྒྱས་རྣམ་པར་གཟིགས།། བྱམས་མགོན་ཐུགས་རྗེས་སྐྱབས་མཛད་པ།། སངས་རྒྱས་ལོག་པར་དད་སེལ་ལ། ། གུས་པའི་ཚུལ་གྱིས་སྐྱབས་སུ་མཆི།། ཞེས་བརྗོད་ནས་བསྟོད་དོ།། བྱང་ཆུབ་སེམས་དཔའ་རྨ་བྱ་མཇིང་བསྣོལ་གྱི་རྒྱུད་ལས། སྤྱོད་པ་རྟོག་པའི་ལེའུ་སྟེ་བཞི་པའོ།།།། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཡང་དྲི་བ་དྲིས་པས། འཇམ་དཔལ་གཞོན་ནུར་གྱུར་པ་ཐུགས་རྗེ་ཅན།། ཞུ་བ་ཞུས་པ་ལེགས་གསུང་པ།། འགྲོ་མགོན་རྡོ་རྗེ་སེམས་དཔས་མཛད།། སངས་རྒྱས་ཐུགས་ཀྱི་དཔལ་བེའུ་དང། ། སངས་རྒྱས་དབུ་ཡི་གཙུག་ཏོར་དང།། སངས་རྒྱས་ཞལ་གྱི་ལྗགས་བཟང་ནས།། འོད་ཟེར་འབྱུང་བ་བསྟན་དུ་གསོལ།། ཅེས་དྲི་བ་དྲིས་སོ།། རྡོ་རྗེ་འཛིན་པ་ཁྱོད་ཉོན་ཅིག། ཁྱོད་ཀྱི་དྲི་བ་དྲིས་པ་དེ་ལེགས་སོ། ། ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ལ། ཐུགས་རྗེ་འབྱུང་བ་ནི་བརྗོད་ཀྱི་མི་ལང། བསམ་གྱིས་མི་ཁྱབ། ངས་མ་འོངས་པའི་སེམས་ཅན་ལ་མདོ་ཙམ་ཞིག་བསྟན་གྱིས། ཁྱོད་ཉོན་ཅིག། ཐུགས་རྗེའི་བྱེ་བྲག་མང་གིས་ཀྱང་རྩལ་མ་འགགས་པ་ཡིན་ཏེ། དཔེར་ན་ནམ་མཁའ་སྤྲིན་དང་ཆར་གྱི་ཚུལ་འབྱུང་སྟེ། ཐུགས་རིན་པོ་ཆེའི་དཔའ་བེའུའི་ནས། སངས་རྒྱས་བྱམས་པ་མི་ཉམས་མགོན་པོ་ཞེས་བྱ་བ་བྱུང་ནས། རང་བཞིན་རྣམ་པར་དག་པའི་ཆོས་བསྟན་ཏོ།། དབུའི་གཙུག་ཏོར་ནས་འཇམ་དཔལ་དྲི་མེད་སྙིང་པོ་ཞེས་བྱ་བ་བྱུང་ནས། སྐུ་གདུང་རིང་བསྲེལ་གྱི་ཆོས་བསྟན་ཏེ། ཞལ་གྱི་ལྗགས་ལས། སངས་རྒྱས་བྱེ་བ་རྣམ་པར་གཟིགས་ཞེས་བྱ་བ་བྱུང་ནས། རྒྱུ་འབྲས་ཀྱི་ཆོས་མ་ལུས་པར་བསྟན་ཏོ།། སངས་རྒྱས་སྟོང་གི་ཡོན་ཏན་ནི།། སངས་རྒྱས་གཅིག་པུ་ཉིད་ལ་འདུས།། གཅིག་པུ་རབ་ཏུ་སྣང་བའི་ཆོས།། འགྲོ་བ་ཀུན་ལ་རང་བཞིན་གནས། ། ཞེས་བྱུང་སྟེ། ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་གཅིག་བྱུང་སྟེ། དེ་དག་ཀྱང་སངས་རྒྱས་འོད་དཔག་མེད་ཆེན་པོ་རྩལ་སྣང་ངོ།། སངས་རྒྱས་འོད་དཔག་མེད་ཉིད་འགྲོ་བ་ཡོངས་ཀྱི་སྙིང་པོར་ཤར་ནས། ། འགྲོ་བ་སེམས་ཅན་ཐམས་ཅད་ལ།། སྙིང་པོ་རྣམ་དག་ཡེ་ཤེས་རྫོགས།། ཞེས་གསུངས། སངས་རྒྱས་ཀུན་གྱི་གཙུག་ཕུད་ལྔ།། རྒྱལ་མཚན་རྩེ་མོ་བཞིན་དུ་གནས། ། སངས་རྒྱས་ཀུན་གྱི་ཆེ་བ་ལྔ།། ནམ་མཁའ་བཞིན་དུ་ཁྱབ་པར་གནས།། རྡོ་རྗེ་སྙིང་པོ་བླ་ན་མེད།། རིན་ཆེན་གཙུག་ཕུད་དྲི་མ་མེད།། ངེས་པའི་སྐྱོན་རྟོག་སེལ་བར་བྱེད།། པདྨའི་སྙིང་པོ་འོད་འབར་བ། ། མཐའ་ལ་མི་གནས་ཕྱག་རྒྱ་ཆེ།། མགོན་པོ་དྲི་མ་མེད་པའི་སྐུ།། ཡོན་ཏན་ཀུན་གྱི་སྙིང་པོ་ཤར།། ཐབས་མཁས་ཐུགས་རྗེ་སྟོབས་ཀྱི་བདག། བདུད་བཞི་འདུལ་མཛད་དཔའ་བོ་མཆོག། དག་པའི་ཞིང་དུ་ཡང་དག་སྒྲོལ། ། ཐུགས་རྗེའི་ཆུ་བོ་རྒྱུན་མི་འཆད།། ཤེས་རབ་གྲུ་ཡིས་སྒྲོལ་མཛད་པ།། སྤྲིན་ཆེན་གློག་གི་འཕྲེང་བ་ཅན།། རྒྱུན་གྱི་ཐུགས་རྗེའི་རྡོ་རྗེ་བདག། སྙིང་པོ་བདག་མེད་ཡ་མ་བརླ།། སྙིང་པོ་རྗེས་འབྲངས་སྤྱོད་པའི་མཚོན། ། ནམ་མཁའི་ཉི་མིའི་ཚུལ་བཞིན་དུ།། རང་བྱུང་སྤྲོས་མེད་མཁའ་ལ་གདེངས།། རྒྱུད་དག་པ་ཡི་དབྱིངས་ཉིད་ནས།། འབྲས་བུ་ཡེ་ཤེས་དཀྱིལ་འཁོར་རང་སྣང་བའི་དུས་སུ། སྣོད་བཅུད་ཐམས་ཅད་ཆོས་ཉིད་དུ་བརྡལ་བ། ། མི་བྱེད་པའི་ལྟ་བ་ནམ་མཁའ་དང་མཉམ་པས་རེ་དོགས་ཀྱི་འཕྲོ་གཅད། ཟག་པ་མེད་པའི་ཡེ་ཤེས་རང་སྣང་བས། བདག་དང་གཞན་གྱི་དོན་མཐར་ཕྱིན། ཤེས་རབ་ཀྱི་སྟོབས་མ་འགགས་པས། བདུད་དང་སྲིན་པོ་ཟིལ་གྱིས་མནན། ཀྱེ་རྡོ་རྗེ་འཛིན་པ་ཉོན་ཅིག་ཐབས་ལ་མཁས་པའི་བྱང་ཆུབ་སེམས་དཔའ་ནི། སེམས་ཅན་གྱི་ཕ་མ་ཡིན་གྱིས། དེ་ཡང་དྲི་མ་མེད་པའི་དོན་གྱིས་གནས་པར་བྱའོ། ། རྟོགས་པའི་དོན་ལ་རྩེ་གཅིག་ཏུ་མ་ཡེངས་པར་གནས་པས། བྱང་ཆུབ་སེམས་དཔའི་བསམ་གཏན་ཞེས་བྱའོ།། འཇམ་དཔལ་དྲི་མེད་སྙིང་པོ་ངས། སེམས་ཅན་རྣམས་ཀྱི་ཕྱིར། གསང་བའི་རྒྱུད་གསུམ་ཡང་གསང་ཐུགས་ཀྱི་རྒྱུད། ། ཐུགས་ནས་ཕྱུང་ནས་གདམས་པར་བཞག། སངས་རྒྱས་ལག་ཏུ་གཏད་པའི་ཕྱིར།། སངས་རྒྱས་གཙུག་ཕུད་རྣམ་པར་རྒྱལ་བ་ཞེས་བྱ་བ། ཐུགས་ལས་ནོར་བུ་དྲི་མ་མེད་པའི་རྒྱུད་མཛད་དོ། ། འབྲས་བུ་བླ་ན་ཡོད་པ་དང། བླ་ན་མེད་པའི་ཐེག་པ་ཤན་དབྱེ་བའི་ཕྱིར། ལྗགས་ཀྱི་པདྨོ་ལས། སངས་རྒྱས་བྱེ་བ་རྣམ་པར་གཟིགས་ཞེས་བྱ་བ་བྱུང་ནས། བྱང་ཆུབ་ཀྱི་སེམས་རྨ་བྱ་མཇིང་བསྣོལ་མཛད་དོ། ། སངས་རྒྱས་སྤྲུལ་པའི་སྐུ་ཡེ་ཤེས་ཀྱི་ལུས་སུ་གནས་པའི་ཕྱིར། མཛོད་སྤུའི་བུ་ག་ནས་འོད་ཟེར་ལྔ་འཕྲོས་ནས་སངས་རྒྱས་བདེ་ལྡན་མགོན་པོ་སྤྱན་རས་གཟིགས་ཞེས་བྱ་བ་བྱུང་ནས། ལྷ་མོ་འོད་ཟེར་གྱི་རྒྱུད་མཛད་དོ། ། ལས་དགེ་སྡིག་ལ་མཐོ་དམན་མེད་པར་ལ་བཟླ་བའི་ཕྱིར། ཤངས་ཀྱི་རླུང་སྒྲོམ་ནས་མཐུ་སྟོབས་ཀྱི་བདག་པོ་དཔལ་ཕྱག་ན་རྡོ་རྗེ་ཕྱུང་སྟེ། བྱ་བཙལ་མེད་པར་ཡེ་ཤེས་བླ་མའི་རྒྱུད་ཕྱུང་སྟེ། ཆོས་ལས་འདས་པའི་སྐུ་ཡོངས་སུ་རྫོགས་པར་བསྟན་ཏོ། ། ཞེས་བྱང་ཆུབ་སེམས་རྨ་བྱ་མཇིང་བསྣོལ་གྱི་རྒྱུད། རྫོགས་པ་ཆེན་པོ་འབྲས་བུ་བླ་ན་མེད་པའི་ཐེག་པ་ལས་ལེའུ་ལྔ་པའོ།།།། བྱང་ཆུབ་ཀྱི་སེམས་རྨ་བྱ་མཇིང་བསྣོལ་ཞེས་བྱ་བའི་རྒྱུད། འཇམ་དཔལ་སྙིང་པོས། བྱང་ཆུབ་སེམས་དཔའ་རོ་ལངས་བདེ་བ་ལ་གདམས་པ་རྫོགས་སོ།།།། བྱང་ཆུབ་ཀྱི་སེམས་རྨ་བྱ་མཇིང་བསྣོལ་བསྒོམ་ན། ངན་སོང་གསུམ་གྱི་གཞི་གསོག་གོ། བྱང་ཆུབ་ཀྱི་སེམས་དཀར་དམར་རྣམས་གཉིས་རང་རྒྱུད་དུ་གོ་ན། སེམས་ཅན་གྱི་གཟུགས་སུ་སྨིན་ནོ།། རྒྱུད་ཀྱི་རྒྱལ་པོ་ཏིང་ངེ་འཛིན་མཆོག་གི་རྒྱུད་ལས། ཏ་ན་དང་ག་ནའི་རྟོག་པ་བཤད་པའི་ལེའུ་སྟེ་བཅུ་གཅིག་པའོ། །།། དེ་སྐད་ཅེས་ཡིད་བྱེད་པ་པོ་ཀུན་ཏུ་བཟང་པོས། ཅི་ཡང་མ་གསུངས་པར་བཀའ་སྩལ་པས། རྡོ་རྗེ་སེམས་དཔའ་ལ་སོགས་པ་རིགས་ལྔའི་སངས་རྒྱས་ཡབ་ཡུམ་དང། ཞི་ཁྲོའི་ལྷ་བརྒྱ་རྩ་བརྒྱད་ཀྱི་དཀྱིལ་འཁོར་གྱིས། རྒྱུད་ཀྱི་རྒྱལ་པོ་ཏིང་ངེ་འཛིན་མཆོག་གི་རྒྱུད་ཀྱི་དོན་རྟོགས་སོ།། རྒྱུད་ཀྱི་རྒྱལ་པོ་ཏིང་ངེ་འཛིན་མཆོག་གི་རྒྱུད་ལས། འབྲས་བུ་ངེས་པར་བསྐོར་བ་རྫོགས་སོ་ཨྠི+ྀ།།།། ། མཚན་མོའི་བག་ཆགས་གོས་པ་མེད།། མཐའ་ཡི་ཆོས་རྣམས་རྩི་གདབ་མེད།། གང་མཐོང་ཡུལ་ལ་ཞེན་མི་འབྱུང།། གང་ལ་ཉམ་ང་མེད་པའི་དོན།། འདོད་ཞེན་གཟའ་གཏད་ཡུལ་དང་བྲལ། ། འཁྲུལ་བས་མི་སྒྲིབ་བདེ་བའི་མཆོག། འདོད་པའི་ཡོན་ཏན་འབྱུང་བའི་གཞི།། མ་བཅོས་འབྲས་བུ་ལྷུན་གྱིས་གྲུབ།། སྣང་བ་གསུམ་གྱི་དཀྱིལ་འཁོར་ནས།། སྐུ་གསུམ་འབྲས་བུ་ཤུགས་ཀྱིས་ཤར། ། གདུལ་བྱ་གསུམ་ལ་དགོངས་ནས་སུ།། ཞིང་ཁམས་མ་ལུས་བདེ་བར་སྤྱོད།། དོན་ལྡན་འབྲས་བུ་བདེ་བར་འཆར།། ཞེས་གསུངས་སོ།། རིན་པོ་ཆེ་སྣང་བྱེད་ལས། སྤྱོད་འབྲས་བསྟན་པའི་ལེའུ་སྟེ་བཅུ་དྲུག་པའོ། །།། སྡུད་པ་སེམས་དཔའ་རྡོ་རྗེ་དེས།། སྟོན་པ་གསང་བདག་ཆེན་པོ་ལ།། མཚན་གྱི་རྣམ་གྲངས་གཏད་རྒྱ་ཇི་ལྟ་བུ།། སྟོན་པ་གསང་བདག་ཆེན་པོ་དེས།། སྡུད་པ་སེམས་དཔའ་རྡོ་རྗེ་ལ།། དགོས་དོན་མ་ལུས་ཀུན་འབྱུང་བའི། ། རིན་ཆེན་ལྟ་བུའི་རྒྱུད་ཡིན་ནོ།། འཆར་སྒོ་གཉིས་སུ་སྣང་བའི་ཕྱིར།། སྣང་བྱེད་ཆེན་པོའི་རྒྱུད་ཀྱང་ཡིན།། ཐེག་པ་ཐམས་ཅད་འབྱུང་བའི་ཕྱིར།། རིན་ཆེན་གཏེར་གྱི་མཛོད་ཆེན་ཡིན།། རང་བཞིན་རྒྱུན་དུ་གནས་པའི་རྒྱུད། ། རྩལ་གྱི་རང་བཞིན་ཁྱད་པར་དོན།། གདུང་འཚོ་རྒྱུད་ཀྱི་དོན་འཛིན་གྱིས།། ངང་རིང་རྒྱུད་བཟང་དད་པ་ཆེ།། དམ་ཚིག་གཞུང་སྲུང་རྣམ་སྨིན་མཛེམ།། སེར་སྣ་ཆུང་ལ་གཏོང་ཕོད་ཆེ།། རིན་ཆེན་སྣོད་དང་ལྡན་དག་ལ། ། རྒྱུད་ཀྱི་རྒྱལ་པོ་གཏད་ཅིང་གདམས།། མན་ངག་གསང་ཚིག་ཐུབ་པ་དང།། འཁྲུལ་བ་རྩད་གཅོད་སྐྱེས་བུ་ལ།། རྒྱུད་ཀྱི་རྒྱལ་པོ་བཤད་ཅིང་གདམས།། རིན་ཆེན་ལ་སོགས་འདོད་པའི་ཡོན། ། མ་ཆགས་སེར་སྣ་མེད་ལ་གདམས།། ཅེས་གསུངས་སོ།། རིན་པོ་ཆེ་སྣང་བྱེད་ཀྱི་རྒྱུད་ལས། མཚན་དང་གཏད་རྒྱ་བསྟན་པའི་ལེའུ་སྟེ་བཅུ་བདུན་པའོ།།།། རིན་པོ་ཆེ་སྣང་བྱེད་ཅེས་བྱ་བའི་རྒྱུད་རྫོགས་སོ། །།། སློབ་དཔོན་བི་མ་ལ་མི་ཏྲ་དང། ལོ་ཙ་བ་གཉགས་ཛྙཱ་ན་ཀུ་མཱ་རས་སྒྱུར་ཞིང་གཏན་ལ་ཕབ་པའོ།། ཁྲི་སྲོང་ལྡེ་བཙན་བྱང་ཆུབ་སེམས་དཔའི་རིགས།། ཏིང་འཛིན་བཟང་པོ་སྣོད་དང་སྐལ་བར་ལྡན། ། འཁྲུལ་རྩད་ཆོད་ནས་ལྡོག་པའི་ཐབས་དང་ལྡན།། ལྟ་བ་རྟོགས་ནས་སྒྲོ་འདོགས་ཆོད་པའི་ཚེ།། སྙན་བརྒྱུད་གདམས་པ་སྐལ་ལྡན་དག་ལ་བརྒྱུད།། རྩ་རྒྱུད་བཤད་རྒྱུད་མ་བུ་ལ་སོགས་རྣམས།། སྣང་དང་མི་སྣང་བདག་མེད་དབྱིངས་སུ་སྦ། ། སྐལ་ལྡན་ལས་འཕྲོ་ཅན་གྱིས་རྙེད་པར་སྨོན་ལམ་གདབ།། ཅེས་གདམས་སོ།། ནམ་ཞིག་སྐལ་ལྡན་གང་ཟག་གིས།། སྙན་བརྒྱུད་བཤད་རྒྱུད་འཛོམ་པར་ཤོག།ུ0f35ྠི+ྀ། དངོས་གྲུབ་དམ་པ་སེམས་ལ་ཆོངས། །།། རྒྱ་གར་སྐད་དུ། རཏྣ་ཏྲི་ཧྲི་ཏན་ཏྲ། བོད་སྐད་དུ། རིན་པོ་ཆེ་སྣང་བྱེད་ཀྱི་རྒྱུད། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་བཤད་པའི་དུས་ཉིད་ན།། འཁོར་གྱི་རོ་ལངས་སྐྱེས་བུ་དང། ། ཡང་དག་ཉིད་ལ་དགོངས་པའི་དུས།། རང་སྣང་གསལ་བའི་ཕོ་བྲང་དུ།། ཐེག་པ་དགུ་ཡི་འཁྲུལ་པ་ཤར།། ཞེས་གསུངས་སོ།། རཏྣ་ཏྲིང་ཧྲི་ཏནྟྲ་ལས། གླེང་གཞིའི་ལེའུ་སྟེ་དང་པོའོ།།།། ཐེག་པ་དགུ་ཡི་འཁྲུལ་པ་འདི། ། མགོན་པོ་སེམས་དཔའི་བཤད་དུ་གསོལ།། མགོན་པོ་སེམས་དཔས་བཀའ་སྩལ་བ།། གཞི་ཡི་འདུག་ཚུགས་པདྨ་འདྲ།། དཔེར་ན་པདྨའི་མེ་ཏོག་དེ།། ཉི་མའི་ཟེར་དེ་གར་འགྲོ་བར།། པདྨའི་ཁ་ཡང་ལྟ་བར་འགྱུར། ། པདྨ་ཉིད་ལ་ལྟ་ཕྱོགས་མེད།། དེ་བཞིན་ཆོས་ཉིད་རང་སྣང་དེ།། རང་གི་སྣང་བ་འཁྲུལ་པ་ལས།། དེ་བཞིན་ཉིད་ལ་འཁྲུལ་ས་མེད།། དཔེར་ན་ལྕེ་སྤྱང་མིག་ལ་མུན་སྣང་མེད་པ་ལས།། དུར་བྱའི་མིག་ལ་ཉིན་མོ་མུན་པར་སྣང། ། དེ་བཞིན་ཐིག་ལེ་ཉག་གཅིག་ལ།། སྟོང་འཚེར་བཞིན་ནི་ལྷུན་གྲུབ་པ།། རྒྱན་དང་རོལ་པ་ཕྱོགས་མེད་སྣང།། དེ་ལས་འཁྲུལ་པ་རིམ་དགུ་དང།། མུ་སྟེགས་རྟག་ཆད་འགྲོ་དྲུག་དང། ། སྐུ་གསུམ་ལྟ་སྒོ་འབྲས་བུ་དང།། རང་འབྱུང་རྣམ་མཁྱེན་ཐིག་ལེ་དང།། ཐམས་ཅད་མཁྱེན་པའི་ཡེ་ཤེས་སོ།། ཞེས་གསུངས་སོ།། རཏྣ་ཏྲིང་ཧྲི་ཏན་ཏྲ་ལས། བྱང་ཆུབ་སེམས་དཔའི་ཞུས་ལན་གྱི་ལེའུ་སྟེ་གཉིས་པའོ། །།། དེ་ནས་བོ་དྷི་ས་ཏྭ་ཡིས།། རྡོ་རྗེ་སེམས་དཔའ་ལ། ཉན་ཐོས་འཁྲུལ་པ་བསྟན་དུ་གསོལ།། ཅེས་ཞུས་པས། རྡོ་རྗེ་སེམས་དཔས་བཀའ་སྩལ་པ།། ཉན་ཐོས་འཁྲུལ་པའི་གཞི་མ་ནི།། འཇུག་སྒོ་འཁྲུལ་ཏེ་བདེན་གཞིའི་སྒོ་ནས་འཇུག། ཆེ་བའི་ཡེ་ཤེས་ངོ་མ་ཤེས་ཏེ་འཁྲུལ།། ཐིག་ལེ་ཉག་གཅིག་ཟང་ཐལ་རང་ཆས་ལ།། རྩལ་མི་འགགས་པའི་ཡོན་ཏན་ལ།། ཉིས་བརྒྱ་ལྔ་བཅུ་བསྲུངས་པས་འཁྲུལ།། ཐིག་ལེ་ཟང་ཐལ་ལྟ་རྒྱུ་མེད་པ་ལ། ། གང་ཟག་བདག་མེད་འདོད་པས་འཁྲུལ།། ཡེ་ཤེས་ཟང་ཐལ་གཉིས་སྣང་མེད་པ་ལ།། དགེ་བཅུའི་སྒོ་ནས་བདག་དོན་སྤྱོད་པས་འཁྲུལ།། ཐིག་ལེ་དགག་སྒྲུབ་མེད་པའི་ཟང་ཐལ་ལ།། འགོག་པ་ལམ་གྱི་སྒོ་ནས་བསྒྲུབས་པས་འཁྲུལ། ། ཐིག་ལེ་ཕྱི་ནང་མེད་པ་ཡིན་པ་ལ།། སྐྱེས་བུ་ཟུང་བཞི་གང་ཟག་ཡ་བརྒྱད་ཐོབ་པར་འདོད་པས་འཁྲུལ།། ཅེས་གསུངས་སོ།། རཏྣ་ཏྲིང་ཧྲི་ཏན་ཏྲ་ལས། ཉན་ཐོས་འཁྲུལ་པའི་ལེའུ་སྟེ་གསུམ་པའོ། །།། དེ་ནས་བོ་དྷི་ས་ཏྭ་ལ། བཛྲ་ས་ཏྭས་བཀའ་སྩལ་པ།། རང་སངས་རྒྱས་ཀྱི་ཐེག་པའི་འཁྲུལ་བ་ནི།། འཇུག་སྒོ་འཁྲུལ་ཏེ་རྟེན་འབྲེལ་སྒོ་ནས་འཇུག། རྩལ་གྱི་ཡོན་ཏན་ངོ་མ་ཤེས་པས་འཁྲུལ།། ཡེ་ཤེས་ལུས་ལ་དྲི་མ་མེད་པ་ལ། ། ཚུལ་ཁྲིམས་ཉིས་བརྒྱ་ལྔ་བཅུ་བསྲུངས་པས་འཁྲུལ།། ཡེ་ཤེས་དྲི་མེད་རྟོགས་ཡུལ་མེད་པ་ལ།། གང་ཟག་བདག་དང་ཆོས་ལ་ཕྱོགས་གཅིག་རྟོགས་པར་འདོད་པས་འཁྲུལ།། ཡེ་ཤེས་ཡུལ་དང་ཡུལ་ཅན་གཉིས་མེད་ལ། ། རྫུ་འཕྲུལ་ཡ་མ་ཟུང་དུ་འགྲོ་དོན་མཛད་པས་འཁྲུལ།། ཡེ་ཤེས་ཟང་ཐལ་སྔ་ཕྱི་མེད་པ་ལ།། སྔོན་ནས་གོམས་པའི་སྤྱོད་གཟོས་བྱས་པས་འཁྲུལ།། ལྷུན་གྲུབ་ཆེན་པོའི་སྣང་བ་ལ། ། བསེ་རུ་ལྟ་བུར་འདོད་པས་འཁྲུལ།། ཅེས་གསུངས་སོ།། རཏྣ་ཏྲིང་ཧྲི་ཏན་ཏྲ་ལས། རང་སངས་རྒྱས་ཀྱི་འཁྲུལ་པའི་ལེའུ་སྟེ་བཞི་པའོ།།།། དེ་ནས་བོ་དྷི་ས་ཏྭ་ལ། བཛྲ་ས་ཏྭས་བཀའ་སྩལ་པ། ། བྱང་ཆུབ་སེམས་དཔའི་ཐེག་པའི་འཁྲུལ་པ་ཡང།། ཐིག་ལེ་ལྷུན་གྲུབ་ཕྱོགས་མེད་ལ།། ཀུན་རྫོབ་དོན་དམ་སྒོ་ནས་འཇུག་པས་འཁྲུལ། ཐིག་ལེ་སྣངབ་ཕྱོགས་མེད་ཤར་བ་ལ།། སྡོམ་པ་ཉི་ཤུ་བསྲུངས་པས་འཁྲུལ། ། ཐིག་ལེ་ལྷུན་གྲུབ་གཉིས་སུ་མེད་པ་ལ།། ཆོས་དང་གང་ཟག་གཉིས་ལ་བདག་མེད་འདོད་པས་འཁྲུལ།། ཐིག་ལེ་ཉག་ཅིག་རྣམ་དག་ལམ་མེད་ལ།། ཚོགས་ལམ་མཐོང་ལམ་འདོད་པས་འཁྲུལ།། ཐིག་ལེ་ལྷུན་གྲུབ་གཉིས་སུ་མེད་པ་ལ། ། ཚད་མེད་བཞི་དང་བསྡུ་བའི་དངོས་པོ་བཞིས་འགྲོ་དོན་མཛད་པས་འཁྲུལ།། ཐིག་ལེ་ལྷུན་གྲུབ་ཟམ་མ་ཆད་པ་ལ།། ཕ་རོལ་ཕྱིན་བཅུའི་སྒོ་ནས་སྒྲུབ་པ་འཁྲུལ།། ཐིག་ལེ་ལྷུན་གྲུབ་ཡེ་ནས་ཡིན་པ་ལ། ། ས་བཅུ་བགྲོད་དང་བཅུ་གཅིག་འདོད་པས་འཁྲུལ།། ཅེས་གསུངས་སོ།། རཏྣ་ཏྲིང་ཧྲི་ཏན་ཏྲ་ལས། བྱང་ཆུབ་སེམས་དཔའ་འཁྲུལ་པའི་ལེའུ་སྟེ་ལྔ་པའོ།།།། དེ་ནས་བོ་དྷི་ས་ཏྭ་ལ། བཛྲ་ས་ཏྭས་བཀའ་སྩལ་པ། ཀྲི་ཡའི་ཐེག་པ་འཁྲུལ་བ་བསྟན་པ་ནི།། ཐིག་ལེ་ཡེ་དག་ཉག་གཅིག་ལ།། དག་པ་རྣམ་གསུམ་སྒོ་ནས་འཇུག་པ་འཁྲུལ།། ཐིག་ལེ་བར་མཚམས་མེད་པ་ལ།། རྩ་བ་ཡན་ལག་དམ་ཚིག་བསྲུངས་པ་འཁྲུལ། ། ལྷུན་གྲུབ་སྐྱེ་འགག་མེད་པ་ལ།། དམ་ཚིག་སེམས་དཔའ་ཡེ་ཤེས་སེམས་དཔའ་རྗེ་དང་ཁོལ་དུ་འཛིན་པ་འཁྲུལ།། ཐིག་ལེ་དྲི་མེད་ཆེན་པོ་ལ།། ཁྲུས་དང་གཙང་སྦྲ་སྤྱོད་པས་འཁྲུལ།། ཐིག་ལེ་འགྱུར་མེད་གསང་བ་ལ། ། བསྒྱུར་ནས་སྒྲུབ་ཐབས་བྱིན་རླབས་རེ་བ་འཁྲུལ།། ཐིག་ལེ་སྐུ་གསུམ་རང་སྣང་ལ།། གྲུབ་པའི་འབྲས་བུ་རིགས་གསུམ་འདོད་པས་འཁྲུལ།། ཅེས་གསུངས་སོ།། རཏྣ་ཏྲིང་ཧྲི་ཏན་ཏྲ་ལས། ཀྲི་ཡ་འཁྲུལ་པའི་ལེའུ་སྟེ་དྲུག་པའོ། །།། དེ་ནས་བོ་དྷི་ས་ཏྭ་ལ། བཛྲ་ས་ཏྭས་བཀའ་སྩལ་པ།། ཡོ་གའི་འཁྲུལ་པ་བསྟན་པ་ནི།། ཐིག་ལེ་ཞེན་པ་མེད་པ་ལ།། དག་པ་གསུམ་དུ་འཇུག་པས་འཁྲུལ།། ཐིག་ལེ་དྲི་མེད་ཟང་ཐལ་ལ། ། རྩ་བ་ཡན་ལག་དམ་ཚིག་བསྲུངས་པས་འཁྲུལ།། ཐིག་ལེ་འགྱུར་མེད་ལྷུན་གྲུབ་ལ།། བསྒྱུར་ནས་སྒྲུབ་པའི་ཐབས་ལ་རེ་བས་འཁྲུལ།། ཐིག་ལེའི་སྣང་བ་རང་སྣང་ལ།། ཀུན་རྫོབ་དོན་དམ་གཉིས་སུ་འདོད་པས་འཁྲུལ། ། ཐིག་ལེ་རང་སྣང་ཡེ་གྲུབ་ཆེན་པོ་ལ།། དཔོན་དང་གཡོག་ཏུ་འཛིན་པས་འཁྲུལ།། ཅེས་གསུངས་སོ།། རཏྣ་ཏྲིང་ཧྲི་ཏན་ཏྲ་ལས། ཡོ་གའི་འཁྲུལ་པ་བསྟན་པའི་ལེའུ་སྟེ་བདུན་པའོ།།།། དེ་ནས་བོ་དྷི་ས་ཏྭ་ལ། ། བཛྲ་ས་ཏྭས་བཀའ་སྩལ་པ།། མ་ཧཱ་ཡོ་གའི་འཁྲུལ་སོ་བསྟན་པ་ནི།། ཆོས་ཉིད་རང་གྲོལ་ཆེན་པོ་ལ།། ཏིང་འཛིན་རྣམ་གསུམ་སྒོ་ནས་འཇུག་པས་འཁྲུལ།། གཉིས་སུ་མེད་པའི་ཆོས་ཉིད་ལ།། རྩ་བ་ཡན་ལག་སྒོ་ནས་དམ་ཚིག་བསྲུངས་པས་འཁྲུལ། ། ཆོས་ཉིད་སྐྱེལ་བསུ་མེད་པ་ལ།། ཀུན་རྫོབ་ཙམ་ལྷ་དང་ལྷ་མོར་བལྟ་བས་འཁྲུལ།། ཆོས་ཉིད་བར་དོ་མེད་པ་ལ།། ཏ་ན་ག་ན་སྤྱོད་པས་འཁྲུལ།། ཆོས་ཉིད་ཉི་མ་ཟླ་བས་མ་བསྐྱེད་པ། ། ཐབས་དང་ཤེས་རབ་སྒོ་ནས་བསྒྲུབས་པས་འཁྲུལ།། ཆོས་ཉིད་དབྱེར་མེད་ཆེན་པོ་ལ།། སངས་རྒྱས་ས་གསུམ་ཐོབ་པར་འདོད་པ་འཁྲུལ།། ཅེས་གསུངས་སོ།། རཏྣ་ཏྲིང་ཧྲི་ཏན་ཏྲ་ལས།། མ་ཧཱ་ཡོ་གའི་འཁྲུལ་སོ་བསྟན་པའི་ལེའུ་སྟེ་བརྒྱད་པའོ། །།། དེ་ནས་ཡང་བོ་དྷི་ས་ཏྭ་ལ། བཛྲ་ས་ཏྭས་བཀའ་སྩལ་བ། ཨ་ནུ་ཡོ་གའི་འཁྲུལ་སོ་བསྟན་པ་ནི།། འདུག་ཚུགས་འགྱུར་བ་མེད་པ་ལ།། ཡོངས་སུ་རྫོགས་པར་འཇུག་པས་འཁྲུལ། ། འདུག་ཚུགས་བསྲུང་བྱ་མེད་པ་ལ།། མི་འདའ་བས་དམ་ཚིག་བསྲུངས་པས་འཁྲུལ།། འདུག་ཚུགས་དབྱེ་བ་མེད་པ་ལ།། དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པར་ལྟ་བས་འཁྲུལ།། འདུག་ཚུགས་གཉིས་སྣང་མེད་པ་ལ། ། ཡེ་ཤེས་དབྱིངས་ལ་སྤྱོད་པས་འཁྲུལ།། འདུག་ཚུགས་བསྒྲུབ་བྱ་མིན་པ་ལ།། ཕུང་པོ་ལྷ་དང་ལྷ་མོ་བསྒྲུབས་པས་འཁྲུལ།། འདུག་ཚུགས་རང་ས་ཟིན་པ་ལ།། ཡི་གེ་འཁོར་ལོར་འདོད་པ་འཁྲུལ། ། ཅེས་གསུངས་སོ།། རཏྣ་ཏྲིང་ཧྲི་ཏན་ཏྲ་ལས། ཨ་ནུ་འཁྲུལ་པའི་ལེའུ་སྟེ་དགུ་པའོ།།།། དེ་ནས་ཡང་བོ་དྷི་ས་ཏྭ་ལ།། བཛྲ་ས་ཏྭས་བཀའ་སྩལ་པ།། རྫོགས་པ་ཆེན་པོའི་འཁྲུལ་སོ་བསྟན་པ་ནི།། ཐིག་ལེ་ཉག་གཅིག་ཡེ་གྲོལ་ལ། ། བླ་མེད་ཏིང་འཛིན་སྒོ་ནས་འཇུག་པས་འཁྲུལ།། ཐིག་ལེ་རང་སྣང་ལྷུན་གྲུབ་ལ།། མེད་དང་ཕྱལ་བ་གཅིག་ཏུ་ལྷུན་གྱིས་གྲུབ་པ་བསྲུངས་པས་འཁྲུལ།། ཐིག་ལེ་གཉིས་འཛིན་མེད་པ་ལ། ། སྣང་སྲིད་ཆོས་སྐུར་ལྟ་བས་འཁྲུལ།། ཐིག་ལེ་ཐོགས་མེད་ཟང་ཐལ་ལ།། ལྟ་སྒོམ་སྤྱོད་པར་ཚོལ་བས་འཁྲུལ།། ཐིག་ལེའི་སྣང་བ་མ་འགགས་པ།། བྱ་བཙལ་བྲལ་བར་འདོད་པས་འཁྲུལ།། ཐིག་ལེ་ཡེ་གྲུབ་ཆེན་པོ་ལ། ། ཆོས་སྐུ་འབྲས་བུར་འདོད་པས་འཁྲུལ།། ཅེས་གསུངས་སོ།། རཏྣ་ཏྲིང་ཧྲི་ཏན་ཏྲ་ལས། རྫོགས་ཆེན་འཁྲུལ་པའི་ལེའུ་སྟེ་བཅུ་པའོ།།།། དེ་ནས་ཡང་བོ་དྷི་ས་ཏྭ་ལ། བཛྲ་ས་ཏྭས་བཀའ་སྩལ་པ།། མུ་སྟེགས་རྟག་ཆད་འཁྲུལ་པ་བསྟན་པ་ནི། ། ཆོས་ཉིད་འགྱུར་བ་མེད་པ་ལ།། སྔར་ཤི་ཕྱིས་འཆི་རྟག་པར་འདོད་པས་འཁྲུལ།། ཆོས་ཉིད་རང་བཞིན་ཟང་ཐལ་ལ།། སྔར་ཤི་ཕྱིས་འཆི་སྟོངས་པར་འདོད་པས་འཁྲུལ། ། ཅེས་གསུངས་སོ།། རཏྣ་ཏྲིང་ཧྲི་ཏན་ཏྲ་ལས། མུ་སྟེགས་རྟག་ཆད་འཁྲུལ་སོའི་ལེའུ་སྟེ་བཅུ་གཅིག་པའོ།།།། དེ་ནས་ཡང་བོ་དྷི་ས་ཏྭ་ལ།། བཛྲ་ས་ཏྭས་བཀའ་སྩལ་པ།། འགྲོ་དྲུག་འཁྲུལ་སོ་བསྟན་པ་ནི། ། ལྷུན་གྲུབ་ཕྱོགས་མེད་ཆེན་པོ་དེ།། ཆེ་བའི་ཡེ་ཤེས་ལྔ་ཡིན་ཏེ།། བྱ་བ་ནན་ཏན་འཁྲུལ་ཏེ་ཕྲག་དོགས་རྒྱུ།། གཞི་ནི་གཉིས་མེད་སྣང་བར་གཟུང་བས་རྐྱེན།། ཆགས་པའི་ལས་ཀྱིས་ལྷ་རུ་འཁྲུལ། ། འབྲས་བུ་ཁམས་གསུམ་ཉིད་དུ་གྲུབ།། ཆེ་བའི་བྱ་བ་ནན་ཏན་འཁྲུལ་ཏེ་ཁོང་ཁྲོ་རྒྱུ།། གཞི་ནི་སྣང་བའི་རོལ་པ་འཐབ་སྟེ་རྐྱེན།། དེ་ལ་ཆགས་ཏེ་ལྷ་མིན་འཁྲུལ།། འབྲས་བུ་འཐབ་རྩོད་ཉིད་དུ་གྲུབ།། མཉམ་ཉིད་འཁྲུལ་ཏེ་ང་རྒྱལ་རྒྱུ། ། གཞི་ནི་གླིང་གཞི་རྒྱལ་པོ་རྐྱེན།། ཆགས་པའི་ལས་ཀྱིས་མི་རུ་འཁྲུལ།། འབྲས་བུ་གླིང་བཞིའི་མི་རུ་གྲུབ།། སྟོང་ཉིད་འཁྲུལ་ཏེ་གཏི་མུག་རྒྱུ།། གཞི་ནི་མ་ཤེས་ངམ་གྲོག་རྐྱེན།། ཆགས་པ་ལས་ཀྱིས་བྱོལ་སོང་འཁྲུལ། ། འབྲས་བུ་རིགས་གཞི་ཉིད་དུ་གྲུབ།། ཀུན་རྟོག་འཁྲུལ་ཏེ་འདོད་ཆགས་རྒྱུ།། གཞི་ནི་འཁྲུལ་ཏེ་རང་སྣང་རྐྱེན།། ཆགས་པའི་ལས་ཀྱིས་ཡིད་བཏགས་འཁྲུལ།། འབྲས་བུ་རིགས་གསུམ་ཉིད་དུ་གྲུབ། ། མེ་ལོང་ཡེ་ཤེས་འཁྲུལ་ཏེ་ཞེ་སྡང་རྒྱུ།། གཞི་ཉིད་འཁྲུལ་ཏེ་རང་སྣང་རྐྱེན།། ཆགས་པའི་ལས་ཀྱིས་དམྱལ་བར་འཁྲུལ།། འབྲས་བུ་དམྱལ་ཁམས་བཅུ་དགུ་གྲུབ།། ཅེས་གསུངས་སོ།། རཏྣ་ཏྲིང་ཧྲི་ཏན་ཏྲ་ལས། འགྲོ་དྲུག་འཁྲུལ་པའི་ལེའུ་སྟེ་བཅུ་གཉིས་པའོ།། དེ་ནས་ཡང་བོ་དྷི་ས་ཏྭ་ལ། བཛྲ་ས་ཏྭས་བཀའ་སྩལ་པ།། སྐུ་གསུམ་སྐུ་ལྔ་ཡེ་ཤེས་ལྔ།། ལྟ་བསྒོམ་པ་སྤྱོད་པ་འབྲས་བུར་འདོད་པས་འཁྲུལ།། ཐིག་ལེ་གདོས་པའི་ཆོས་མིན་པར། ། གོང་མ་རྣམས་ནི་གདོས་ཆོས་ཡིན་ཏེ་འཁྲུལ།། ཐིག་ལེ་ཉག་གཅིག་ཟང་ཐལ་ལ།། སྐུ་གསུམ་སྐུ་ལྔ་འདོད་པས་འཁྲུལ།། ཐིག་ལེ་སྒོམ་དང་སྤྱོད་པ་དང།། ལྟ་བ་འབྲས་བུ་མ་བསྐྱེད་པ།། དེ་ལྟར་འདོད་པས་འཁྲུལ་པའི་རྒྱུ། ། སངས་རྒྱས་སེམས་ཅན་གཉིས་མེད་པར།། སངས་རྒྱས་འདོད་པས་འཁྲུལ་པའི་རྒྱུ།། ཞེས་གསུངས་སོ།། རཏྣ་ཏྲིང་ཧྲི་ཏན་ཏྲ་ལས། སྣང་བ་རྩ་དགུའི་འཁྲུལ་སོ་བསྟན་པའི་ལེའུ་སྟེ་བཅུ་གསུམ་པའོ། ། དེ་ནས་བོ་དྷི་ས་ཏྭ་ལ། བཛྲ་ས་ཏྭས་བཀའ་སྩལ་པ།། འཁྲུལ་པ་མེད་པ་འདི་བསྟན་ནོ།། ཐིག་ལེ་ཟང་ཐལ་ཆེན་པོ་དང།། རང་ཆས་ཡིན་པས་འཇུག་སྒོ་མིན།། ཐིག་ལེ་ཉག་གཅིག་ཁྱབ་གདལ་དེ། ། བསྲུང་བར་བྱ་བ་ཡུལ་མིན་ནོ།། ཐིག་ལེ་གཉིས་མེད་རང་འབར་ལ།། རྟོགས་པར་བྱ་བར་ལྟ་བ་མེད།། ཐིག་ལེ་ཉག་གཅིག་རང་གསལ་བས།། བསྒྲུབ་པར་བྱ་བའི་ཆོས་མིན་ནོ།། ཐིག་ལེ་འདུ་འབྲལ་མེད་པའི་དོན། ། གྲུབ་པར་བྱ་བའི་འབྲས་བུ་མིན།། གཉིས་སྣང་འདུག་ན་ཉག་གཅིག་མིན།། གསུམ་དུ་འདོད་པ་འཁྲུལ་པའི་རྒྱུ།། ཟང་ཐལ་ཆེན་པོ་ཡེ་ཤེས་གསལ།། འབར་བ་ཆེན་པོའི་ཐིག་ལེའོ།། ཞེས་གསུངས་སོ།། རཏྣ་ཏྲིང་ཧྲེ་ཏན་ཏྲ་ལས། འཁྲུལ་མེད་ཉག་གཅིག་བསྟན་པའི་ལེའུ་སྟེ་བཅུ་བཞི་པའོ།།།། དེ་ནས་བོ་དྷི་ས་ཏྭ་ཡིས། རྒྱུད་འདིའི་མཚན་ཉིད་བདག་ལ་གསུངས།། དེ་ནས་བཛྲ་ས་ཏྭ་ཡིས།། བོ་དྷི་ས་ཏྭ་ལ་རྒྱུད་འདི་ནི་རིན་པོ་ཆེ་སྣང་བྱེད་ཅེས་བྱ་བར་ཟུངས་ཤིག། ཅེས་གསུངས་སོ།། དེ་ནས་བྷོ་དྷི་ས་ཏྭ་རྗེས་སུ་ཡི་རང་བའི་ལེའུ་སྟེ་བཅོ་ལྔ་པའོ།།།། རྫོགས་སོ།།།། རྒྱ་གར་སྐད་དུ།། བོ་དྷི་ས་ཏྭ་ཨུ་བ་དེ་ཤ་རད་དཱི་བི་ཛྭ་ལ་ཏན་ཏྲ། བོད་སྐད་དུ། བྱང་ཆུབ་སེམས་ཀྱི་མན་ངག། རིན་པོ་ཆེ་སྒྲོན་མ་འབར་བའི་རྒྱུད།། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ།། འོག་མིན་གྱི་གནས་ཆོས་ཉིད་ཕོ་བྲང་ཡངས་པའི་ཀློང་ཆེན་གདལ་བའི་གནས་ན། གསང་བདག་ཆེན་པོ་དམ་པ་དང་པོའི་སངས་རྒྱས་དེ་དུས་གསུམ་ཇི་བཞིན་གདལ་ཁྱབ་ཆེན་པོའི་ངོ་བོར་བཞུགས་སོ།། དེའི་འཁོར་ནམ་མཁའ་གང་བའི་བདེར་གཤེགས་དང། བར་སྣང་གང་བའི་མཁའ་འགྲོ་དང། ས་གཞི་གང་བའི་སྐྱེ་འགྲོ་ལ་སོགས་པ་ཏིལ་གྱི་གང་བུ་ལྟར་ཁེངས། ནང་ནས་རིགས་ཀྱི་གཙོ་བོ་རྡོ་རྗེ་སེམས་དཔའ་འཁོར་གྱི་ནང་ནས་བཞེངས་ནས། བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཅང་མི་སྨྲ་བར་འཁོད་དོ།། དམ་པ་དང་པོའི་སངས་རྒྱས་པར་མཁྱེན་ནས། རིགས་ཀྱི་གཙོ་བོ་སེམས་དཔའ་ཆེན་པོ་ཁྱེད་ལ་སོགས་པའི་འཁོར་རྣམས་དགའ་བའི་སེམས་ཀྱི་མདངས་ཕྱུང། དང་པོའི་སེམས་ཀྱིས་ལུས་བཏུད་ནས་ཅང་མི་སྨྲ་བར་མཉམ་གཞག་གི་ཚུལ་གྱིས་འཁོད་དེ། འདོད་པ་ཅི་དགོས་གསོལ་ཅིག་ཅེས་གསུངས་སོ།། དེ་ནས་རིགས་ཀྱི་གཙོ་བོ་སེམས་དཔའ་ཆེན་པོས་ཞུས་པ། ཀྱེ། དམ་པ་དང་སངས་རྒྱས་ལགས། ། འདས་དང་མ་བྱོན་ད་ལྟ་ཡི།། བསྟན་པ་སྟོན་པ་འཁོར་གནས་དུས།། བདག་ཅག་རྣམས་ལ་བསྟན་དུ་གསོལ།། དམ་པ་དང་པོའི་སངས་རྒྱས་ཀྱིས་གསུངས་པ། སྔོན་བྱུང་ཐོག་མའི་བསྟན་པ་ནི། ། སྣང་སྲིད་ཀུན་ཏུ་འགག་མེད་ཡིན།། དེ་ཡི་རྗེས་འཇུག་བསྟན་པ་ནི།། རྒྱུད་དང་ལུང་དང་མན་ངག་ཡིན།། དེ་ཡི་གདུང་འཚོ་བསྟན་པ་ནི།། རིན་ཆེན་སྒྲོན་མ་འདི་ཉིད་ཡིན།། སྔོན་བྱུང་ཐོག་མའི་སྟོན་པ་ནི། ། རང་བྱུང་སྒྲིབ་པ་མེད་པ་ཡིན།། དེ་ཡི་རྗེས་འཇུག་བསྟན་པ་ནི།། སྟོན་པ་ཀུན་ཏུ་བཟང་པོ་ཡིན།། དེ་ཡི་གདུང་འཚོ་བསྟན་པ་ནི།། ལས་ཅན་སྤྲུལ་སྐུར་བྱུང་བ་ནི།། སྔོན་བྱུང་ཐོག་མའི་འཁོར་བསྟན་པ།། མི་འགག་མི་སྒྲིབ་གཉིས་མེད་ཡིན། ། དེ་ཡི་རྗེས་འཇུག་འཁོར་བསྟན་པ།། སེམས་དཔའ་རྡོ་རྗེ་ཁྱོད་ཉིད་ཡིན།། དེ་ཡི་རྗེས་འཇུག་དེ་ཡི་གདུང་འཚོ་འཁོར།། ལས་ཅན་སྐལ་བར་ལྡན་པ་ཡིན།། སྔོན་བྱུང་ཐོག་མའི་གནས་བསྟན་པ། ། ཡེ་ཤེས་སྒྲིབ་མེད་གཞལ་ཡས་ཡིན།། དེ་ཡི་རྗེས་འཇུག་གནས་བསྟན་པ།། ཀུན་བཟང་ལྷ་ཡི་ཕོ་བྲང་ཡིན།། དེ་ཡི་གདུང་འཚོ་གནས་བསྟན་པ།། དར་མོ་དར་ཡའི་ཆོས་འབྱུང་ནས།། གྲུ་གསུམ་ཨེ་ལས་ཐམས་ཅད་འབྱུང། ། བྷ་ག་གཞལ་ཡས་ཁང་དུ་གསུངས།། སྔོན་བྱུང་ཐོག་མའི་དུས་བསྟན་པ།། དུས་གསུམ་དབྱེ་བ་མེད་པ་ཡིན།། ཐམས་ཅད་དུས་ཆེན་གཅིག་ཏུ་བསྟན།། དེ་ཡི་རྗེས་འཇུག་དུས་བསྟན་པ། ། སངས་རྒྱས་སེམས་ཅན་ཐམས་ཅད་དང།། འཁྲུལ་པ་བཟང་ངན་འབྱུང་དུས་ཡིན།། དེ་ཚེ་གདུང་འཚོ་དུས་བསྟན་པ།། ཤས་རྒྱུད་གཅིག་གི་ངོ་བོ་ལ།། རྣམ་གྲོལ་ཡེ་ཤེས་ཤར་བ་ཡིན།། སྔོན་བྱུང་མེད་ན་ཐོག་མ་མེད། ། རྗེས་འཇུག་མེད་ན་ཐ་མ་མེད།། གདུང་འཚོ་མེད་ན་དར་ཡང་འཆད།། གསུངས་སོ།། རིན་པོ་ཆེ་སྒྲོན་མ་འབར་བའི་རྒྱུད་ལས། གླེང་གཞི་དང་གླེང་སླང་བའི་ལེའུ་སྟེ་དང་པོའོ།།།། དེ་ནས་རིགས་ཀྱི་གཙོ་བོ་སེམས་དཔའ་ཆེན་པོས་ཞུས་པ། ཀྱེ། དམ་པ་དང་པོའི་སངས་རྒྱས་ལགས།། མ་བྱུང་མ་སྐྱེས་སྔོན་རོལ་གྱི།། ཆོས་ཉིད་སྤྱི་ཡི་གནས་ཚུལ་དེ།། བདག་ཅག་རྣམས་ལ་བསྟན་དུ་གསོལ།། དམ་པ་དང་པོའི་སངས་རྒྱས་ཀྱིས་གསུངས་པ། རིགས་ཀྱི་གཙོ་བོ་ཁྱོད་ཉོན་ཅིག། ཆོས་ཉིད་སྤྱི་ཡི་གནས་ཚུལ་དེ།། ཡིན་ལུགས་ཅི་ཡང་མ་ཡིན་ཏེ།། ཁ་དོག་དབྱིབས་དང་གྲངས་མ་ཡིན།། ཕོ་མོ་མ་ནིང་གཟུགས་མ་ཡིན།། ཇི་ལྟར་ནམ་མཁའི་དཀྱིལ་དང་འདྲ། ། གནས་ལུགས་སྤྱི་ཁྱབ་གནས་པ་དེ།། ཡ་མཐའ་རྒྱལ་བའི་དཀྱིལ་འཁོར་ནས།། མ་མཐའ་ལྕགས་ཆེན་རབ་ཏུ་འབར་བ་ཡིས།། དབྱེ་ཞིང་བསྐོལ་བ་མ་ཡིན་ཏེ།། ཇི་ལྟར་ཏིལ་དང་མར་བཞིན་ནོ། ། དེ་ཡི་རྟོགས་པའི་རྟོགས་ལུགས་ནི།། ཡོན་ཏན་ཕྱོགས་རེ་སོ་སོར་རྟོགས།། བསམ་བརྗོད་བྲལ་བས་སྟོང་པར་རྟོགས།། མ་རྟོགས་ལོག་རྟོགས་ཕྱོགས་རྟོགས་དཔེ།། ཇི་ལྟར་ལོང་བ་དུ་མ་ཡིས།། གླང་ཆེན་གཏན་ལ་འབེབས་པ་བཞིན། ། དེ་ཉིད་གཏན་ལ་འབེབས་ཚུལ་ནི།། སྣང་སྲིད་འཁོར་འདས་ཐམས་ཅད་དུ།། ཁྱབ་གདལ་ཆེན་པོའི་ངོ་བོ་སྟེ།། ཇི་ལྟར་མཁའ་ལ་ཉི་ཤར་འདྲ།། ཞེས་གསུངས་སོ།། རིན་པོ་ཆེ་སྒྲོན་མ་འབར་བའི་རྒྱུད་ལས། ཆོས་ཉིད་སྤྱིའི་གནས་ཚུལ་དང་གནས་ལུགས། དེ་ཉིད་གཏན་ལ་འབེབས་ཚུལ་བསྟན་པའི་ལེའུ་སྟེ་གཉིས་པའོ།།།། དེ་ནས་རིགས་ཀྱི་གཙོ་བོ་སེམས་དཔའ་ཆེན་པོ་དེས་འཁོར་གྱི་ནང་ནས་བཞེངས་ནས་ཞུས་པ། ཀྱེ། དམ་པ་དང་པོའི་སངས་རྒྱས་ལགས།། ཆོས་ཉིད་རང་གི་ངོ་བོ་ཡི།། དེ་ཡི་ཡོན་ཏན་ཇི་ལྟར་ལགས།། བདག་ཅག་རྣམས་ལ་བསྟན་དུ་གསོལ།། དམ་པ་དང་པོའི་སངས་རྒྱས་ཀྱིས་གསུངས་པ། ། རིགས་ཀྱི་གཙོ་བོ་སེམས་དཔའ་ཆེན་པོ་ཉོན་ཅིག། ཆོས་ཉིད་རང་གི་ངོ་བོ་དེ།། ཀུན་བྲལ་ཉག་གཅིག་ཅི་མ་སྤངས་པ་ཡིན།། མཐའ་མ་སྤངས་པར་གྲོལ་བ་ཡིན།། སྣང་བ་མ་འགགས་རང་བཞིན་གཉིས་སུ་མེད་པ་ཡིན། ། སྣང་ལ་མ་འདྲེས་ཡོངས་སུ་རྫོགས་པ་ཡིན། ཉམ་ང་མེད་པ་ལྟ་བའི་གདེང་ཡིན། དམིགས་འཛིན་མེད་པ་ཏིང་ངེ་འཛིན་གྱི་གདེང་ཡིན། བླང་དོར་མེད་པ་སྤྱོད་པའི་གདེང་ཡིན།། སྤངས་ཐོབ་མེད་པ་འབྲས་བུའི་གདེང་ཡིན། ། རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་ཡིན།། ལུང་ཐམས་ཅད་ཀྱི་སྤྱི་འགྲེལ་ཡིན། མན་ངག་ཐམས་ཅད་ཀྱི་ངེས་དོན་ཡིན། དགོངས་པ་ཐམས་ཅད་ཀྱི་ཞེ་ཕུག་ཡིན། ཐེག་པ་ཀུན་གྱི་ཡང་རྩེ་ཡིན། བསྟན་པ་ཐམས་ཅད་ཀྱི་སྙིང་པོ་ཡིན། ཐེག་པ་ཐམས་ཅད་ཀྱི་འབྱུང་གནས་ཡིན། འབྲས་བུ་ཐམས་ཅད་ཀྱི་མཐར་ཐུག་ཡིན། དུས་གསུམ་སངས་རྒྱས་ཀྱི་ཡབ། བྱང་ཆུབ་སེམས་དཔའ་སྐྱེད་པའི་ཡུམ། རིགས་པ་འཛིན་པའི་ཉི་མ། ཆོས་ཐམས་ཅད་ཀྱི་མེས་པོ་ཡིན། བཀའི་ཡང་སྙིང་ཡིན། དོན་ཐམས་ཅད་ཀྱི་འཇུག་སྡུད་ཡིན། མ་རིག་པ་ཐམས་ཅད་ཀྱི་མུན་སེལ་ཡིན། ལོག་པར་ལྟ་བ་ཀུན་གྱི་གཉེན་པོ་ཡིན། ། གསང་སྔགས་མ་ལུས་པ་ཀུན་གྱི་བཀའ་སྒོ་ཡིན། ཆེ་བ་བས་ཀྱང་ཤིན་ཏུ་ཆེ་བ་ཡིན། གསང་བ་བས་ཀྱང་ཤིན་ཏུ་གསང་བའོ།། རིན་པོ་ཆེ་སྒྲོན་མ་འབར་བའི་རྒྱུད་ལས། ཆོས་ཉིད་རང་གི་ངོ་བོས་རང་གི་ཡོན་ཏན་བསྟན་པའི་ལེའུ་སྟེ་གསུམ་པའོ། །།། དེ་ནས་རིགས་ཀྱི་གཙོ་བོ་སེམས་དཔའ་ཆེན་པོས་ཞུས་པ། ཀྱེ། དམ་པ་དང་པོའི་སངས་རྒྱས་ལགས།། ཆོས་ཉིད་རང་གི་ངོ་བོ་ལ།། ལོག་རྟོག་མཚན་མ་མངའ་མི་མངའ། ། རྒྱུན་དང་དུམ་བུར་གནས་མི་གནས།། རྣམ་པའི་གྲངས་སུ་བགྲང་མི་བགྲང།། གཉིས་སྣང་ཤེས་པ་འཇུག་མི་འཇུག། སྤྲོས་པའི་མཐའ་རུ་སོང་མ་སོང།། དབྱེ་ཞིང་བསྐོལ་བར་ཡོད་དམ་མེད།། བདག་ཅག་འཁོར་ཚོགས་ཐམས་ཅད་ལ། ། ཚངས་པའི་གསུང་ལྟར་བསྒྲགས་སུ་གསོལ།། དམ་པ་དང་པོས་གསུངས་པ། རིགས་ཀྱི་གཙོ་བོ་སེམས་དཔའ་ཆེན་པོ་ཉོན་ཅིག། ཆོས་ཉིད་རང་གི་ངོ་བོ་ལ། ལོག་རྟོག་མཚན་མ་མི་མངའ་སྟེ། ། ཇི་ལྟར་ནམ་མཁའི་མཚན་ཉིད་ལ།། ལྷོ་སྤྲིན་རླུང་གིས་གཏོར་བ་ལ།། ཉི་མའི་སྙིང་པོ་ཤར་བ་བཞིན།། གསལ་ཞིང་དག་པའི་ངོ་བོར་བཞུགས།། ཆོས་ཉིད་རང་གི་ངོ་བོ་དེ།། རྒྱུན་དང་དུམ་བུར་མི་གནས་ཏེ། ། ཇི་ལྟར་ཆུ་བོ་ཆེན་པོ་བཞིན།། དུས་གསུམ་རྒྱུན་ཆད་མེད་པར་གནས།། ཆོས་ཉིད་རང་གི་ངོ་བོ་དེ།། རྣམ་པའི་གྲངས་ལས་འདས་པ་སྟེ།། རྣམ་དག་ནམ་མཁའི་དཀྱིལ་བཞིན་གནས།། ཆོས་ཉིད་རང་གི་ངོ་བོ་ལ། ། གཉིས་སྣང་ཤེས་པ་མ་ཞུགས་ཏེ།། གཉིས་མེད་རྒྱ་མཚོའི་རྫིང་དང་འདྲ།། ཆོས་ཉིད་རང་གི་ངོ་བོ་ལ།། སྤྲོས་པའི་མཐའ་དང་ཡེ་བྲལ་ཏེ།། སྤྲོས་བྲལ་ཆེན་པོའི་ངོ་བོར་བཞུགས།། ཆོས་ཉིད་རང་གི་ངོ་བོ་ལ།། དབྱེ་ཞིང་བཀོལ་བ་མ་མཆིས་ཏེ། ། ཇི་ལྟར་རིན་ཆེན་གསེར་གླིང་བཞིན།། ཞེས་གསུངས་སོ།། རིན་པོ་ཆེ་སྒྲོན་མ་འབར་བའི་རྒྱུད་ལས།། འཁོར་འདས་གཉིས་ཀྱིས་སོ་མཚམས་སུ་གདེང་ཆེན་ཐོ་བཙུགས་པའི་ལེའུ་སྟེ་བཞི་པའོ། །།། དེ་ནས་རིགས་ཀྱི་གཙོ་བོ་སེམས་དཔའ་ཆེན་པོས་ཞུས་པ། ཆོས་ཉིད་རང་གི་ངོ་བོ་ལ། ཉི་མའི་འོད་ཟེར་བདལ་བ་བཞིན།། རིག་པ་ཕྱི་ནང་མེད་པར་ཕེབས།། ནང་དུ་བདག་རིག་དངོས་མེད་ཤེས།། ཕྱི་རུ་གཞན་རིག་དངོས་མེད་ཤེས། ། ཡུལ་སེམས་རིགས་སུ་མི་འཛིན་པས།། ཡུལ་སྣང་རྣམ་པ་གང་ཡང་མེད།། ཤེས་པ་ཚུར་འཇུག་རྣམ་པ་མེད།། དེ་ལ་རྟོགས་ཚད་བཞི་ཡོད་དེ།། བློ་ཕྱོགས་མེད་དུ་ཤར་བས་སྤང་བ་མེད་ཅིང་སྒྲུབ་པ་མེད། ། བླང་བ་མེད་ཅིང་དོར་བ་མེད།། བཏང་བ་མེད་ཅིང་བཞག་པ་མེད།། ཤེས་རྒྱུད་གཅིག་གི་ངོ་བོ་ལ།། དེ་རྟོགས་ཚད་ནི་ཅི་ལགས་ཞུས་པས། དམ་པ་དང་པོའི་སངས་རྒྱས་ཀྱིས་གསུངས་པ། རིགས་ཀྱི་ཁྲོ་བོ་སེམས་དཔའ་ཆེན་པོ་ཉོན་ཅིག། ཆོས་ཉིད་རང་གི་ངོ་བོ་ལ། རིག་པ་སྤྱི་བླུགས་སྦྱི་ན་མར་ཆུ་བླུགས་པ་བཞིན།། ཉམས་ཀྱི་རྟེན་མི་འཚོལ་ཏེ་ཚུལ་ཁྲིམས་སྡོམ་པ་ལྷ་མི་སྒོམ། ངོ་བོ་ཡེ་བྲལ་ཆེན་པོ་ལས། མྱོང་བྱ་མྱོང་བྱེད་གཉིས་མེད་པས།། མཚན་མའི་རྟོག་འཛིན་མ་གྲུབ་པས།། དཔེར་ན་ལྕེའི་རོ་མཆོག་མྱོང་བ་མེད་པ་བཞིན་ནོ།། ཞེས་གསུངས་སོ།། རིན་པོ་ཆེ་སྒྲོན་མ་འབར་བའི་རྒྱུད་ལས། ཆོས་ཉིད་རང་གི་ངོ་བོ་དེ་ཤེས་རྒྱུད་གཅིག་གི་ངོ་བོ་ལ་རྟོགས་པའི་ཚད་བསྟན་པའི་ལེའུ་སྟེ་ལྔ་པའོ།
CLOSE WINDOW