CLOSE WINDOW

Gpb035.010: སྲོག་གི་འབྱུང་བ་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ཞེས་བྱ་བ
Wylie

རྒྱ་གར་སྐད་དུ། སརྦ་ཁ་ཀྵ་ཨ་བ་ཡན་བོ་དྷི་ཙིཏྟ་ཏན་ཏྲ། བོད་སྐད་དུ། ཐམས་ཅད་ནམ་མཁའི་ངོ་བོ་སྐྱེ་བ་མེད་པའི་བྱང་ཆུབ་ཀྱི་སེམས་བསྒོམ་པའི་རྒྱུད། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། ། འདི་སྐད་བདག་གིས་ཐོས་པར་དུས་གཅིག་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ། ཡང་དག་པར་རྫོགས་པའི་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཀྱི་དབྱིག་བསྡུས་ནས་ཐམས་ཅད་ཀུན་དང་དབྱེར་མེད་པའི་རྡོ་རྗེའི་བདག་ཉིད་དུ་བཞུགས་པ་ལ། གསང་སྔགས་ཀྱི་སྙིང་པོ་ལས་ཁྱད་པར་དུ་བསྟན་པར་དགོངས་པའི་ཕྱིར། ཁྱད་པར་དུ་གྱུར་པའི་འོག་མིན་གྱི། གནས་དང་བདག་པོ་ཇི་བཞིན་པ།། འཛམ་བུ་གླིང་གི་བུ་རིར་ནི།། ཇི་བཞིན་པ་དེ་དེར་སྣང་ནས། ། དགའ་རབ་བློ་བསྟན་ཡུ་བ་ཅན།། གནས་མཆོག་གཙུག་གི་ནོར་བུ་ཅན།། ངེས་འབྱེད་རབ་སྣང་ལ་སོགས་ལ།། བཅོམ་ལྡན་འདས་ཀྱིས་ལྕགས་རྩེ་ཡི། ། བསྒོམ་པ་འདི་ནི་རབ་ཏུ་བཤད།། ཆོས་རྣམས་མ་ལུས་སྣང་བར་གྱུར་པ་ཐམས་ཅད་ཀུན།། ཡེ་ནས་རང་བཞིན་རྣམ་པར་དག་པ་ལ།། ཕྱིན་ཅི་ལོག་རྟོག་རྐྱེན་གྱིས་བསླང་ནས་བློ་བུར་བར། ། སྤྲིན་གྱིས་ཉི་མ་བློ་བུར་བཙོན་དུ་འཛིན་ཚུལ་དུ།། རང་དབང་མེད་པར་ཁམས་གསུམ་འཁོར་བའི་བཙོན་རར་གནས།། རང་རིག་གསལ་ལ་སྒྲིབ་མེད་གདོད་ནས་དག་པ་ཡི། ། ཐམས་ཅད་མྱང་འདས་འཁོར་བ་གཉིས་སུ་སྣང།། རང་བཞིན་མེད་པ་ཇི་ལྟར་ཡིན་པའི་དོན་རྟོགས་ན།། ཐམས་ཅད་སངས་རྒྱས་ཞིང་དུ་གདོད་ནས་རྣམ་པར་དག། དེ་བཞིན་གཤེགས་པའི་རྒྱལ་བའི་དཀྱིལ་འཁོར་མ་ལུས་ཀུན། ། རིག་པ་རང་དབང་གྱུར་པ་ཐམས་ཅད་ཀུན་དབང་བསྐྱུར།། ལོག་རྟོག་ཆེར་རྒྱས་འཁྲུལ་པའི་ཆོས་རྣམས་སྣ་ཚོགས་དང།། སངས་རྒྱས་དཀྱིལ་འཁོར་དེ་བཞིན་ཉིད་ལ་སོགས་པ་ཀུན། ། རིག་པ་ཉིད་ལས་ཡོད་པ་མིན་ཏེ་དབྱིངས་སུ་གཅིག། འཇུག་པའི་དབང་གིས་ཕྱིན་ཅི་ལོག་ཏུ་རྣམ་བརྟག་པས།། ཐམས་ཅད་གཞན་དང་བདག་གི་སོ་སོར་སྣང།། དེ་ལ་གཟུང་འཛིན་པ་ནི་གཉིས་ཀྱི་བློ་བཞུགས་ནས། ། ཡེ་ནས་རང་བཞིན་མེད་པའི་དེ་བཞིན་ཉིད་དེ་སོ་སོར་འཛིན།། བློ་ལྡན་ཡང་དག་བརྟགས་པས་རབ་ཏུ་བརྟགས་གྱུར་ན།། དངོས་པོར་སྣང་བ་ཐམས་ཅད་ཡེ་ནས་སྟོང་པ་ཡིན།། དངོས་དང་སྟོང་ཉིད་མི་གནས་མི་དམིགས་རྟོགས་པ། ། འཁོར་བའི་སྡུག་བསྔལ་དྲག་པོ་གསལ་ཞིང་ཟད་པ་ཡིན།། སྟོང་ཉིད་ཡེ་མཁྱེན་རང་རིག་མངའ་བརྙེས་པ་དེ་ནི།། ཉོན་མོངས་འཁོར་བའི་ལམ་ལས་རྣམ་པར་གྲོལ་བ་སྟེ། ། ཤེས་རབ་མཆོག་གིས་དེ་ལྟར་གང་ཞིག་དེ་ལྟར་རྟོགས་པ་དེ།། དེ་ནི་མཚན་ཉིད་འཛིན་པའི་དོན་ལ་ཕྱག་རྒྱས་བཏབ་པ་ཡིན།། བདག་རྟོག་མཚན་མ་ཀུན་ཞིག་མཚན་མ་མེད་པའི་སྐུ།། ཤེས་རབ་རྣམ་པར་གྲོལ་བའི་དབྱིངས་ཀྱི་རྒྱལ་པོ་དེར། ། ཐམས་ཅད་མ་ལུས་འདུས་པར་རྟོགས་པས་ཡང་དག་རྟོགས།། དེ་ལྟར་མ་རྟོགས་ཉིད་ཀྱང་དངོས་པོ་མེད་པར་གསལ།། དེ་ཉིད་སྣ་ཚོགས་སྣང་བ་ཉིད་ན་བྱ་བྱེད་མེད།། དེས་ནི་ཆོས་ཀྱི་རང་བཞིན་སྙིང་པོར་གསལ་བ་ཡིན། ། བྱང་ཆུབ་ཀྱི་སེམས་བསྒོམ་པའི་རྒྱུད་ལས། འཁོར་བའི་ཆོས་འདི་ལྟར་སྣང་བ་ཐམས་ཅད་ཀྱི་རང་བཞིན་ཇི་ལྟར་ཡིན་པ་བསྟན་པའི་སྐབས་དང་པོའོ།།།། དེ་ནས་རྡོ་རྗེ་འཛིན་པས་གསོལ་པ། བཅོམ་ལྡན་འདས། སློབ་དཔོན་དང།། སངས་རྒྱས་དང།། ཡང་སངས་རྒྱས་དང། ཆོས་གསུམ་ལ་ཁྱད་པར་ཅི་མཆིས། བསྒོམ་ན་ཇི་ལྟར་བསྒོམ། ཞེས་གསོལ་བས། བཅོམ་ལྡན་འདས་ཀྱི་ཁྱད་མེད་པའི་ཏིང་ངེ་འཛིན་ལ་བཞུགས་ནས་བཀའ་སྩལ་པ། རྡོ་རྗེ་སློབ་དཔོན་སྨད་པར་མི་བྱ་ཡི་དམ་ལྷ་ཉིད་དུ།། གང་འཛིན་པ་ཉིད་བདེ་གཤེགས་ཀུན་དང་དགོངས་པ་གཅིག། ཡང་དག་བྱང་ཆུབ་སྟོན་པའི་འདྲེན་པའི་སྐྱེས་བུ་དེས། ། ངན་སོང་འཐོམས་པའི་ལོང་བའི་དམིགས་བུ་འདྲེན་དང་འདྲ།། སྐལ་ལྡན་སློབ་དཔོན་འཁོར་བའི་མཚོ་སྐེམ་སྟེ།། རིན་ཆེན་རིན་ཐང་མེད་པའི་དོན་སྟོན་སྐལ་ལྡན་ལ།། དཀྱིལ་འཁོར་མ་ལུས་ཆོས་ཀྱི་སྙིང་པོ་ཀུན་ལྡན་པས། ། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་བདག་པོ་སྨོད་པ་དེ། ཁྲི་མུན་མུན་ནག་གསལ་བའི་སྒྲོན་མ་འདྲ་བས་ནི།། སློབ་དཔོན་གསལ་བར་བསྒོམས་ན་ཆོས་རྣམས་མ་ལུས་བསྒོམ།། མཚན་དཔེས་བརྒྱན་པ་འབུམ་བསྒོམས་པས་ནི་ཆར་མི་ཕོད། ། དེ་བཞིན་སྙིང་པོ་ཇི་བཞིན་མི་དམིགས་མི་འགྱུར་བརྟན།། གང་ཡང་བདག་དང་གཉིས་མེད་བདག་མེད་སོ་སོ་མ་ཡིན་པ།། མི་འགྱུར་བརྟན་པོ་སངས་རྒྱས་ས་ཡིན་ཏེ། ། བདག་ལས་གཞན་དུ་དབོག་པ་མ་ཡིན་བདག་རང་ཉིད།། ཕྱི་ནང་མ་ལུས་ཆོས་རྣམས་ཐམས་ཅད་ཀུན་ཉིད་ནི།། བདག་ལས་གཞན་མིན་བདག་ལས་ཡོད་མ་ཡིན།། ཀུན་སྦྱོར་གསུམ་གྱི་ཞགས་པས་གང་བཅད་པ། ། དེ་ནི་བདག་རིག་གནས་སུ་སོན་ཏེ་གདོད་ནས་དག་པ་ཡིན།། གང་ཡང་འཇིག་རྟེན་པ་དང་འཇིག་རྟེན་འདས་པ་ཡི།། སྣ་ཚོགས་མ་ལུས་རྣམ་གྲངས་བསམ་ཡས་བརྗོད་པ་ཡང།། རང་རང་སོ་སོའི་མཚན་ཉིད་བརྗོད་རྒྱུ་མ་གཏོགས་པ། ། ཆོས་ཀྱི་དབྱིངས་ལ་བ་སྤུའི་ཆ་ཙམ་བརྗོད་རྒྱུ་མེད།། ཀུན་གྱི་དགོས་པ་རྣམ་གཉིས་བསམ་མ་དགོས་པར་རྫོགས།། འདི་ལ་བསྐྱེད་དང་དགུག་དང་སྦྱོར་སྒྲོལ་བྱ་མི་དགོས།། ཐབས་ཆེན་ཐབས་ཀྱི་སྤྲུལ་པས་འཇིག་རྟེན་ཁྱབ་པའི་ཕྱིར། ། ཡེ་ཤེས་དབྱིངས་ཀྱི་སྤྲུལ་པས་ཡེ་ནས་མ་ཁྱབ་མེད།། འདུ་འཕྲོ་བདེ་གནས་ཆོས་ཀྱི་སྙིང་པོ་འདི་དང་རང་བློ་མཉམ།། དེ་ཕྱིར་སེམས་ཅན་གང་ལ་གནས་པར་རང་བློ་ཡིན། ། རང་བློ་དེ་བཞིན་དེ་ལྟར་གནས་པ་དགོས་པའི་མཆོག། དབང་པོ་ཡུལ་དུས་བཅས་པ་ཐམས་ཅད་ཟག་དང་བཅས་པ་ཡིན།། འདི་ལ་ཟག་མེད་ཀུན་གྱི་ཡོན་ཏན་རྒྱ་མཚོའི་མཆོག། ཡེ་སངས་རྒྱས་པར་རང་རྒྱུད་སྦྱངས་ནས་སངས་རྒྱས་བཙལ་དུ་མེད། ། ངན་སོང་གསུམ་དང་སངས་རྒྱས་སོ་སོར་ཡོད་མི་གནས།། སངས་རྒྱས་ཞིང་དང་ཕུང་པོ་ཁམས་སུ་དབྱེ་བ་ཡོད་མ་ཡིན།། ཐམས་ཅད་དབྱེར་མེད་ཡེ་ནས་མཉམ་པ་བདེ་མཆོག་སྐུ། ། འགྲོ་དྲུག་དུས་གནས་བྱང་ཆུབ་ལམ་དུ་ཡེ་ནས་གནས།། ཆོས་ཀྱི་དབྱིངས་ལས་སངས་རྒྱས་གུད་ན་ཡོད་མ་ཡིན།། ཅི་ལའང་མི་གནས་ཀུན་ལ་ཁྱབ་པའི་ཚུལ་དུ་ཁྱབ།། ཐུགས་རྗེ་གཉིས་མཉམ་པའི་ཞིང་ལ་རྟག་པར་གནས། ། འདིར་མི་ཆུད་པ་གང་ཡང་མེད་དེ་ཡངས་པ་ཉིད་དུ་སྦྱོར།། ཆེ་ཆུང་གཉིས་མེད་དབྱིངས་སུ་རང་བློ་དེ་བཞིན་བཞག། རྒྱལ་བ་རྣམས་ཀྱི་དགོངས་པའི་མཆོག་ཅེས་བྱ།། དེ་ནས་གསང་བའི་བདག་པོ་ཆེན་པོ་དེས། བཅོམ་ལྡན་འདས། བཅོམ་ལྡན་འདས་གང་ལ་བརྟགས་ལ་གང་ལ་འཇུག། ཅེས་གསོལ་པས།། བརྟག་ཏུ་མེད་ཅིང་འཇུག་ཏུ་མེད་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་བཀའ་སྩལ་པ། རང་བཞིན་མེད་པའི་བྱང་ཆུབ་སེམས་ཉིད་ནོར་བུ་རིན་པོ་ཆེ།། སུས་ཀྱང་མ་བཅོས་མ་བྱས་ངང་གིས་རྣམ་པར་གསལ།། མིང་དང་ཐ་སྙད་འཛིན་པ་ཡེ་ནས་གསལ།། ཐམས་ཅད་རང་འབྱུང་དཀྱིལ་འཁོར་ཉིད་དུ་རྣམ་པར་དག། བདེ་དང་མི་བདེ་མེད་པ་འདི་ལ་ཇི་ཡང་བརྟག་ཏུ་མེད།། ཐམས་ཅད་དབྱེར་མེད་བྱང་ཆུབ་ལམ་ཆེན་འདི་ལ་ཅི་ཞིག་ཡོད།། འདི་ལ་སྐྱེ་བ་མེད་དེ་སྐྱེ་བ་སྣ་ཚོགས་སྐྱེ།། སྐྱེས་པ་ཉིད་ན་སྐྱེས་པ་རྡུལ་ཙམ་མེད་དེ་དེ་བཞིན་ཉིད། ། ཅིས་ཀྱང་མ་གོས་ཅིས་ཀྱང་མི་ཤིགས་ཐམས་ཅད་ཡིན།། ཕྱི་དང་ནང་མེད་ཕྱི་ཉིད་དེ་བཞིན་ནང་ཡང་ཡིན།། སངས་རྒྱས་ཞིང་ཁམས་མ་ལུས་བཀོད་པ་ཆེན་པོའི་སྐུ།། རྣམ་པར་བྱང་དང་ཉོན་མོངས་སོ་སོར་མི་འབྱེད་ཡེ། ། ཅིས་ཀྱང་མི་ཚུགས་ཐམས་ཅད་འདུས་ཏེ་གོང་ནའང་མེད།། ཕྱོགས་བཅུ་དུས་བཞི་དུས་གསུམ་མི་འབྱེད་མཉམ་པ་ཉིད།། གང་ཡང་མི་དམིགས་པ་ལས་དམིགས་པ་སྣ་ཚོགས་འབྱུང། ། རྒྱུ་འབྲས་མི་འབྱེད་གཞི་དང་རྩ་བ་མེད་པ་ཡིན།། ཡང་དག་བྱང་ཆུབ་རང་རིག་སེམས་སུ་སུས་རིག་ན།། ལོག་འཁྲུལ་མ་རིག་བ་སླད་པའི་རྒྱུ་འབྲས་རྣམ་པར་དག། ཉོན་མོངས་པ་ཉིད་བྱང་ཆུབ་ཞིང་སྟེ་ཅིར་ཡང་བསམ་དུ་མེད། ། གང་ལ་བརྟག་ཏུ་མེད་པ་ཡང་དག་བྱང་ཆུབ་ལམ།། དོན་ལ་འཇུག་ཏུ་མེད་པས་བྱང་ཆུབ་མཆོག་གི་སྙིང་པོ་ཉིད།། འདི་ལྟར་དྲན་བྱེད་སྟོབས་དང་ལྡན་པ་དགོས་པ་ཡིན།། འཁྲུལ་པས་ལམ་ལྔར་རྟགས་པ་རྣམ་རྟོག་ཡིན། ། བསྒྲོད་སྦྱོངས་ས་ལ་སྩོལ་བས་ལམ་མི་རྙེད་དེ་གོལ།། རྟོགས་དང་མི་རྟོགས་གཉིས་ཀ་དཔྱད་དུ་མེད་པ་ཡིན།། འདི་ནི་གང་ཡང་གཉིས་མེད་ཡང་དག་ཐར་པའི་ལམ།། ཏིང་འཛིན་རྣམ་གསུམ་སྒོམ་དུ་ཡེ་ནས་འཛིན་དང་བྲལ། ། ཞི་གནས་ལྷག་མཐོང་གཉིས་སུ་སྦྱར་ཡང་ལྷུང་པའི་ལམ།། སྣ་ཚོགས་ཀུན་བསྒྱུར་ཆོས་ནི་འདི་མིན་པས།། ཐེག་པ་བསམ་ཡས་ཀུན་གྱི་རྒྱལ་པོ་ཡེ་ནས་ཡིན།། འདི་ནི་རྡོ་རྗེ་མཆོག་གི་ཐེག་པ་ཀུན་གྱི་པ། ། གང་ལའང་དཔྱད་དུ་མེད་པ་དེ་ལ་བསྒོམ་དུ་མེད།། མི་བསྒོམ་པ་དེ་ཀུན་དང་ལྡན་ཏེ་ཀུན་ལ་ཞུགས།། དེ་ཕྱིར་དེ་བཞིན་ཉིད་ལ་དྲང་སྲོང་འདའ་མི་བྱེད།། བྱང་ཆུབ་ཀྱི་སེམས་བསྒཽམ་པའི་རྒྱུད་ལས། སློབ་དཔོན་དང་སངས་རྒྱས་དང། ཆོས་གསུམ་སློབ་དཔོན་དྲན་པ་ཡིན་པ་དང།། ཅི་ལའང་བརྟག་ཏུ་མེད་ཅིང་གང་ལའང་འཇུག་ཏུ་མེད་པའི་སྐབས་གཉིས་པའོ།།།། དེ་ནས་གསང་བའི་བདག་པོ་ཀུན་མཁྱེན་དེས། བཅོམ་ལྡན་འདས་ལ་གསོལ་བ་བཏབ་པ། དཔའ་བོ་ཆེན་པོ་ཆོས་རྣམས་ཀྱི་རང་བཞིན་ཇི་ལྟར་བསྒོམ།། ཞེས་གསོལ་པས། བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་རང་བཞིན་ཇི་ལྟར་བསྒོམ་པའི་ཏང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་བཀའ་སྩལ་པ། བྱང་ཆུབ་སེམས་དཔའ་མི་དམིགས་དེ་བཞིན་སངས་རྒྱས་མི་དམིགས་དགེ་འདུན་ཆོས་མི་དམིགས།། སྡུག་བསྔལ་འཁོར་བར་བཏགས་པ་དུལ་ཡང་མེད་པ་སྟེ། ། དྲང་སྲོང་ཉིད་ཀྱིས་དམིགས་པའི་དོན་མི་རྙེད་པ་ཡིན།། རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱིས། ཁམས་གསུམ་སྣང་སྲིད་མ་ལུས་ཐམས་ཅད་ཀུན་ཉིད་ནི།། དེ་བཞིན་ཉིད་ལས་གཞན་དུ་མ་འཕྲོས་དབང་སྒྱུར་ཏེ། ། ཟད་མེད་ཡེ་ཤེས་གཏེར་ལྡན་ཐམས་ཅད་དབྱིངས་སུ་ཐིམ།། འདི་ལ་གང་ཡང་དམིགས་སུ་མེད་པ་སྙིང་པོའི་མཆོག། འཇིག་རྟེན་འདས་དང་འཇིག་རྟེན་ཐ་དད་པ་འདི་འང།། སོ་སོར་དོན་རྣམས་བཏགས་པས་ཡེ་ནས་རྣམ་པར་དག། རྣམ་དག་ལམ་དོར་ཞུགས་པས་མཉམ་པའི་རྒྱལ་པོ་འཐོབ།། ཕུང་པོ་ཁམས་ནི་ཐེག་པ་དགུ་གསུམ་བཞི་དང་གཅིག། ཕྱོགས་དུས་མཉམ་དབྱིངས་རྣམ་པར་དག་པ་མ་ཤེས་པས། ། རྣམ་རྟོག་ཐེག་པའི་གྲངས་སུ་སྣང་བས་སངས་མི་རྒྱ།། ཆོས་ཀྱི་རང་བཞིན་མཚོན་དུ་མེད་པ་རྣམ་པར་དག་པ་ལ།། སྟོན་པས་ཆོས་སུ་བཏགས་ནས་བསྟན་པར་བྱ་བ་ཡེ་ནས་ནོར།། འདུལ་བ་མདོ་སྡེར་བཏགས་པས་འཁྲུལ་ཚབས་ཆེ་བ་ཡིན། ། ཆོས་ཞེས་བཏགས་པའི་གཞི་འདི་ཟད་མཐའ་ག་ན་ཡོད།། ཚིག་གི་དཔྱོད་པའི་ཚོགས་ལ་ལམ་མི་གནས་ཏེ་གོལ།། འདས་དང་མ་འདས་འདི་ལྟར་སྣང་བ་ཐམས་ཅད་ཀུན།། ཡང་དག་ཤེས་པས་དོན་དེ་རབ་ཏུ་བརྟགས་གྱུར་ན། ། རང་བཞིན་མེད་ལ་ཅིར་ཡང་སྣང་ཞིང་ཅིར་ཡང་འབྱུང།། ཇི་ལྟར་སྣང་བ་ཉིད་ནས་དབྱིངས་ཀྱི་རང་བཞིན་ཏེ།། དེ་ལྟར་ཆོས་ཀྱི་རང་བཞིན་རྟོགས་པའི་ཡེ་ཤེས་ནི།། སྣ་ཚོགས་ཆོས་རྣམས་ཀུན་ལ་དབང་ཡང་སྒྱུར། ། དེ་ལྟར་ཤེས་པ་ཆོས་རྣམས་ཐམས་ཅད་ཀུན་ཤེས་སོ།། རྣམ་རྟོག་ཀུན་གཞི་མ་ཡིན་རང་བཞིན་མེད་པའི་གཞི།། ཆོས་རྣམས་མ་ལུས་ང་དང་བདག་ཏུ་མི་འཛིན་ཅིང། ། ཀུན་ཀྱང་དབྱེར་མེད་ཐམས་ཅད་མཉམ་ཡིན་པས།། རྟོགས་དང་བརྟག་པར་བྱར་མེད་དུས་གསུམ་ཡང་མི་དམིགས།། དབང་པོ་ཡུལ་རྣམས་དངོས་རྣམས་དབྱེར་མེད་དེ་བཞིན་ཉིད།། ཆོས་རྣམས་མ་ལུས་དེ་ལྟར་རང་བཞིན་མེད་པ་ཡིན། ། དེ་ལྟར་དེ་བཞིན་དེ་ལ་གནས་པ་བསྒོམ་པའི་མཆོག། བྱང་ཆུབ་ཀྱི་སེམས་བསྒོམ་པའི་རྒྱུད་ལས། ཆོས་ཐམས་ཅད་ཀྱི་རང་བཞིན་ཇི་ལྟར་སྒོམས་བསྟན་པའི་སྐབས་གསུམ་པའོ། །།། དེ་ནས་བཅོམ་ལྡན་འདས་ལ། རྡོ་རྗེ་འཛིན་པས་གསོལ་པ། བཅོམ་ལྡན་འདས་སེམས་ལས་མ་གཏོགས་པའི་ཆོས་གུད་ན་མཆིས་སམ། ཞེས་གསོལ་པས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཆོས་རྣམས་ཐམས་ཅད་སེམས་ཀྱི་འཁྲུལ་པ་སྟེ།། སེམས་ལས་མ་གཏོགས་ཆོས་རྣམས་གུད་ན་མེད།། ཆོས་སུ་མཐོང་བར་སྣང་བ་འཁྲུལ་པའི་སེམས།། རྟེན་འབྲེལ་སྒྱུ་མ་ལ་སོགས་སྐྱེ་བ་མེད།། སྐྱེ་བ་མེད་ཅེས་དངོས་པོར་བསྟན་པ་ཡང། ། དངོས་པོར་འཛིན་པ་ལས་ནི་བཟློག་ཕྱིར་ཏེ།། སྒྱུ་མ་ལ་སོགས་ཡེ་ནས་སྐྱེ་མེད་ལ།། སྐྱེ་མེད་སྙད་ཀྱི་སྒྲོ་ཞིག་གདགས་སུ་མེད།། ནམ་མཁའ་འདི་ནི་ཡེ་ནས་མེད་དོ་ཞེས།། བླུན་པོ་གང་ཞིག་ནམ་མཁའ་རྟོགས་པར་བྱེད། ། མཁས་པ་རྣམས་ནི་སྔོན་ནས་ཡོད་མིན་འཛིན།། མེད་པར་མི་བརྗོད་ཚིག་ཏུ་སྨྲ་མི་བྱ།། སེམས་ལས་མ་རྟོགས་ཆོས་རྣམས་མེད་པའི་ཕྱིར།། བསྒོམ་བྱའི་ཆོས་ནི་གུད་ན་ཡོད་མ་ཡིན། ། སེམས་ཀྱང་ཡེ་ནས་མ་བྱུང་མ་སྐྱེས་ན།། བསྒོམ་ཞེས་བྱ་བ་ག་ལ་ཡོད་པར་འགྱུར།། བརྗོད་པར་བྱ་བའི་སེམས་དེ་ཉིད།། མ་སྐྱེས་བས་ན་དངོས་པོ་ཡོད་མིན་ན།། བསྒོམ་པར་བྱ་དང་བསྒོམ་དུ་མེད་བ་ཡི། ། ཐ་སྙད་གང་ཞིག་གང་ལ་འཇུག་པར་འགྱུར།། གྲོལ་ཐར་འགྲོ་བའི་སེམས་རྒྱུ་གཉིས་མི་འཆང།། དེ་ནི་མ་སྐྱེས་རང་གི་སེམས་མི་དམིགས།། དེ་ལས་གཞན་པའི་སེམས་ནི་མེད་པའི་ཕྱིར།། དེ་ལ་བཅོས་ཤིང་གནས་པ་གང་ཞིག་ཡོད། ། འཁྲུལ་རྟོགས་རྐྱེན་དཔའ་ཚམས་པར་ལྡན་པའི་བར།། སྨིག་སྒྱུ་ལྟ་བུའི་སེམས་སུ་སྣང་བ་ལ།། རང་བཞིན་ཤེས་པ་འདི་ལས་མེད་པས་བཅོས་སུ་འདི་ལ་མེད།། མི་ཤེས་བླུན་པོའི་སྨིག་སྒྱུ་འཆོས་བ་བཞིན། ། མི་རྟོག་མཚན་མའི་གདོད་མའི་སེམས་ཉིད་ཀྱིས།། མཚན་མ་མེད་ལ་ཡེ་ནས་གནས་མི་བྱེད།། མཚན་མ་མེད་ལ་སྔོན་ནས་མི་གནས་ན།། མཚན་མར་མི་གནས་པ་ལྟ་སྨོས་ཅི་དགོས།། བསྒྲུབ་པ་མེད་ཅིང་གནས་པ་འདི་ལས་མེད། ། འདུ་བྱེད་མེད་པས་མཁའ་ལ་མཁའ་འདྲ་བས།། འདུ་བྱེད་ལས་བྱུང་ཐམས་ཅད་བསམ་གཏན་སྐྱོན།། མ་ལུས་ཀུན་གྱི་སེམས་ལ་དགོས་པ་མེད།། ཇི་ཙམ་བརྟག་ཏུ་མེད་པའི་ཟབ་མོ་ཞིག། བློ་ཡི་ངང་དུ་གསལ་བར་ཞེན་ཞེ་ན།། གང་ལ་མི་རྟོག་ཟབ་མོའི་ཉམས་མྱོང་བ།། མྱོང་བ་ཡིན་ཕྱིར་དེ་ནི་རྟོག་མ་ཡིན།། རྒྱལ་བ་སངས་རྒྱས་རྣམས་ཀྱིས་ཀུན་བརྟགས་པས།། དགོངས་བའི་མཆོག་ཏུ་བཞག་པ་འདི་ལས་མེད། ། ཇི་བཞིན་ཉིད་ཀྱིས་ཆོས་ཀྱི་ངང་བཙན་པར།། ཆོས་ཀྱི་དབྱིངས་ལས་ཆོས་ཉིད་མི་འཇུག་སྟེ།། ཇི་ཙམ་ཟབ་མོའི་ཚིག་རྣམས་བརྗོད་བྱས་ཀྱང།། དོན་དང་འཐུན་པར་གང་ཡང་མི་འགྱུར་ཏེ། ། སེམས་ནི་ཅི་ཡང་མི་དམིགས་མི་གནས་ཏེ།། སེམས་ལ་གནས་དམིགས་ཡོད་པའི་སྐྱོན་སེལ་བའི།། སེམས་སུ་འཛིན་པའི་ཕྲག་དོགས་དེ་ལ་ཡོད།། སྨིག་སྒྱུ་བཞིན་དུ་སེམས་ལ་དངོས་མེད་ན།། སེམས་ལ་མི་དམིགས་མི་གནས་བྱེད་པ་གང། ། ནམ་མཁའ་ནམ་མཁའ་རང་ལ་མ་གནས་ཞེས།། བསྒོ་བ་དོན་དང་ལྡན་པ་མ་ཡིན་ཏེ།། དེ་བཞིན་སྐྱིལ་ཀྲུང་དྲང་པོར་འདུག་པ་དང།། ཡང་དག་དེ་ལ་བདག་བློ་གཏང་བྱས་ཏེ། ། ལུས་ཀྱི་བཅོམ་པས་རང་དགར་ཅི་བྱེད་པ།། ལུས་སུ་མཐོང་བར་ཞེན་ལས་བྱུང་བ་ཡིན།། མཁའ་ལ་བཅོས་པ་མེད་བཞིན་ལུས་ཀྱང་མེད།། སྒྱུ་མ་བཞིན་དུ་བདག་གི་ལུས་ཤེས་ན།། དྲང་པོར་འདུག་ན་སྐྱིལ་ཀྲུང་འཆའ་བ་མེད། ། སྤྱོད་ལམ་གསུམ་གྱི་དོན་ལ་དགོངས་པ་གང།། ཆེད་དུ་མི་བྱེད་ཡེ་ནས་བྱར་ཡང་མེད།། ལུས་དང་སེམས་གཉིས་མ་སྐྱེས་གཞི་མེད་པ།། མཁའ་ལྟར་གནས་ས་བཅོས་པའི་ཁ་ན་མེད།། འདོད་དོན་ཚད་མར་ལུས་སེམས་འཆོས་བྱེད་པ། ། རྟོགས་པ་འཛིན་པའི་ཕུར་བ་དེ་ལ་ཡོད།། ཇི་ལྟར་མཚན་མ་མེད་པའི་ནམ་མཁའ་ནི།། དམིགས་དང་མི་དམིགས་རྩོལ་བའི་ནད་དང་བྲལ།། དེ་བཞིན་སེམས་ཉིད་ནམ་མཁའ་ལྟ་བུ་ཡང། ། རང་བཞིན་གྱིས་ནི་དེ་ལྟར་འགྱུར་བའི་ཕྱིར།། ལུས་སོགས་སེམས་ཀྱང་ཡེ་ནས་དེ་བཞིན་ཏེ།། འདི་ལ་རྩ་བ་མེད་ཕྱིར་གང་ལྟར་ཡང།། དེ་ལ་གནས་པ་མེད་དེ་དེ་ལྟར་ན།། མི་འགལ་ཙམ་དུ་གྱུར་པ་དགོངས་པ་ཡིན། ། ངོ་བོ་ཡོད་མིན་ཅི་ཡང་འབྱུང་བ་དེ།། ཅི་ཡང་མི་བསམ་མི་བསམ་བསམ་མི་བྱ།། བག་ཆགས་ངན་པ་བསམ་པ་སྟེ།། མ་བསགས་རང་བཞིན་བཞག་པས་བསྒྲིབ་པར་བྱ།། བསམ་དུ་མེད་པའི་ཆོས་ཀྱི་རང་བཞིན་ལ། ། བསམ་གྱི་མི་ཁྱབ་ཆོས་རྣམས་ཐམས་ཅད་ཀུན།། དེ་བཞིན་མ་ཉམས་མི་འབྱེད་མཉམ་བཞག་ན།། དེ་དོན་ཅི་ལའང་མི་རྟོགས་མི་དམིགས་ཏེ།། མྀ་རྟོག་བ་ལ་དོན་དེ་མི་གནས་སོ།། བསམ་དུ་མེད་པའི་ཆོས་ཀྱི་དབྱིངས་ཉིད་ལ། ། གཉེན་པོས་རྡུལ་ཙམ་བཅོས་སུ་ག་ལ་ཡོད།། དེ་དག་ཐམས་ཅད་ཇི་ལྟར་འདོད་ཅེ་ན།། རང་གི་རིག་པ་སྨྲ་བསམ་ལས་འདས་པ།། བསམ་གྱིས་མི་ཁྱབ་དབྱིངས་དང་དབྱེར་མེད་ཅིང། ། རིག་པ་བསམ་ཡས་དེ་བཞིན་དེར་བཞག་པ།། དོན་ལ་ཞུགས་པའི་བསམ་གཏན་ཞེས་བྱའོ།། བདེན་དང་མི་བདེན་སེམས་ནི་མི་འབྱུང་སྟེ།། ཡོན་ཏན་སྐྱོན་ཏུ་མཐོང་བ་གང་འགག་པ།། བདེན་པའི་དོན་ལས་མ་ཉམས་དགོངས་པའི་མཆོག། བྱང་ཆུབ་ཀྱི་སེམས་བསྒོམ་པའི་རྒྱུད་ལས། སེམས་རྩེ་གཅིག་པའི་དོན་ལས་མི་འདའ་བའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་བསམ་གཏན་གྱི་སྐབས་བཞི་པའོ།།།། དེ་ནས་རྡོ་རྗེ་འཛིན་པས། བཅོམ་ལྡན་འདས་ལ་དེ་བཞིན་ཉིད་ལ་ཚད་མས་གཞིག་ཏུ་རུང་ངམ་མི་རུང་ཞེ་ན།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤིན་ཏུ་བརྟག་དཀའ་གཏིང་དཔག་ཡངས་པ་འདི།། འཁྲུལ་པ་རྟོག་པ་བདེ་བའི་སྤྱོད་ཡུལ་མིན། ། མི་དམིགས་མི་དམིགས་དམིགས་སུ་ཡེ་ནས་མེད།། སེམས་ཉིད་བྱང་ཆུབ་དེ་ནི་ཇི་ལྟ་བུ།། བྱང་ཆུབ་སེམས་དེ་སེམས་ཉིད་བྱང་ཆུབ་ཡིན།། སེམས་དང་བྱང་ཆུབ་གདོད་ནས་དབྱེར་མེད་པས། ། མ་ལུས་སེམས་ཅན་མི་ལུས་ཐམས་ཅད་དང།། དུས་གསུམ་ཆོས་རྣམས་ཐམས་ཅད་སེམས་ཉིད་ཡིན།། ཐམས་ཅད་མ་ལུས་བགྲངས་པའི་ཆོས་སོ་ཅོག། སེམས་དང་བྱང་ཆུབ་དབྱེར་མེད་ཉིད་དུ་འུབ། ། དྲང་སྲོང་བློ་རྩལ་རབ་དང་ལྡན་པ་ཡིན།། ཅི་ལ་འང་མི་དཔྱད་ཆགས་ཐོགས་མེད་པར་གནས།། དེ་ལྟར་གནས་པ་ཉིད་ན་གང་ལའང་ཆགས་མེད་ཅིང།། དུས་དང་མཐའ་མེད་པར་ནི་མ་ཉམས་གནས།། ཇི་ལྟར་སྣང་བའི་ཆོས་རྣམས་ཐམས་ཅད་ལ། ། སོ་སོ་གྲངས་སུ་འཛིན་པ་རྣམ་རྟོག་ཡས།། མངོན་སུམ་ཚད་མས་ཇི་ལྟར་རྟོག་མཐོང་ཡང།། ཇི་ལྟར་སྣང་ཡང་དངོས་པོ་མེད་པ་སྟེ།། དེ་བཞིན་ཡང་དག་གཉིས་སུ་ཀུན་རྟོགས་ན། ། ཚད་མས་གཞིག་ནས་གཏན་ལ་དབབ་ཏུ་མེད།། གང་ཞིག་སྟོང་པའི་ངང་ཡོད་མེད་པའི་རང་བཞིན་ཏེ།། མཚོན་ཕྱིར་ཚིག་ཙམ་གདགས་སུ་རུང་མོད་ཀྱི།། ཚད་མས་གཞག་པ་མོ་ཤམ་བུ་འདོད་འདྲ།། རི་བོང་རྭ་ལྟར་ཚད་མས་གྲུབ་མི་སྲིད། ། ཆོས་རྣམས་ཐམས་ཅད་མིང་ཙམ་སྟོང་ཉིད་མེད།། ཐམས་ཅད་མ་ལུས་ཡེ་ནས་སྟོང་ཟེར་ཏེ།། ཕྱི་ནང་འདི་ལྟར་སྣང་བ་ཐམས་ཅད་ཀུན།། གདོད་ནས་གདོས་པ་ཅན་གྱི་ཆོས་མིན་ཏེ། ། ཤེས་པ་འཁྲུལ་པ་འབའ་ཞིག་ཁོ་ན་ཡིན།། གང་ཡང་གཉིས་མེད་མཉམ་ཉིད་ཀླུང་ཆེན་རྟོགས་གྱུར་ན།། དེ་ཉིད་དོན་དམ་ཡང་དག་དབྱིངས་ཡིན་ཏེ།། གཞན་ནས་བཙལ་ཞིང་གཅིག་ཏུ་བཞག་ཏུ་མེད།། མེད་བཞིན་ཡོད་ལས་བཙལ་ནས་སྒྲོས་བཏགས་འགྱུར། ། ཡོད་བཞིན་མེད་ལས་བཙལ་ན་སྐུར་བཏབ་སྟེ།། ཡོད་མེད་གཉིས་ལས་སངས་རྒྱས་བཙལ་བྱས་ན།། སངས་རྒྱས་མི་རྙེད་ལུང་དུ་ཡོད་མ་བསྟན།། བསམ་འདས་བརྗོད་ལས་འདས་པའི་བྱང་ཆུབ་སེམས། ། ཅིར་ཡང་མི་དམིགས་བརྟག་ཏུ་མི་སྣང་སྟེ།། རྣམ་རྟོག་མི་མངའ་སངས་རྒྱས་ཉིད་ཀྱི་ཐུགས།། དེ་ཡིས་མི་མཁྱེན་ཅི་ཡང་མེད་པ་སྟེ།། སངས་རྒྱས་དགོངས་པ་ལྟ་བུ་དེ་ལྟ་བུ། ། འཁྲུལ་པའི་ཚིག་གི་སྔ་ཕྱི་ཡོད་མོད་ཀྱང།། ཐེག་མཆོག་འདི་ལ་ཉམས་པ་མེད་པའི་ཕྱིར།། ཚད་མས་གཞིག་ཏུ་འདི་ལ་ག་ལ་ཡོད།། དོན་གྱིས་ཅིག་ཅར་རྫོགས་པར་སྒོམ་དགོས་པས།། འགྲོ་ཉམ་འདུག་སྡོད་མི་བསམ་ལོངས་སྤྱོད་བྱ། ། སེམས་ཀྱིས་ཆོས་རྣམས་མཉམ་པ་མ་གཏོགས་ན།། ལོག་རྟོག་འཁྲུལ་བའི་ཚིག་གིས་མཉམ་པས་སངས་མི་རྒྱ།། ཐབས་མཁས་རྣལ་འབྱོར་དོན་ཆེན་རྟོགས་པ་ཡིས།། ལེ་ལོ་བྱ་བྱེད་མེད་པའི་བརྩོན་འགྲུས་ཀྱིས། ། ཚད་མས་མི་གཞིག་གཅིག་ལས་ཉམས་མི་བྱ།། དུས་མཐའ་མེད་པར་གཅིག་པོ་དེ་ལྟར་བསྒོམ།། སྤྱོད་ཡུལ་སངས་རྒྱས་ཉིད་དུ་ཀུན་གཅིག་ནས།། བཟོད་ཅིག་དེས་ནི་བྱང་ཆུབ་སྙིང་པོ་ལེན། ། བྱང་ཆུབ་ཀྱི་སེམས་བསྒོམ་པའི་རྒྱུད་ལས། རྫོགས་པ་ཆེན་པོ་བརྟག་དཀའ་བའི་དོན་ལ་ཚད་མས་གཞིག་ཏུ་མེད་པའི་སྐབས་ལྔ་པའོ།།།། དེ་ནས་རྡོ་རྗེ་འཛིན་པས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་འབྲས་བུ་སངས་རྒྱས་ཐོབ་པའི་རྒྱུ་གང་ལགས། ཞེས་གསོལ་པས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཉོན་མོངས་ཆགས་སྡང་རྣམ་པ་ལྔ་པོ་ཉིད།། རབ་ཏུ་འབར་ཞིང་ཀུན་ཏུ་གཡོ་བ་ཉིད། ། མ་རིག་འཁྲུལ་པའི་དབང་གིས་ཀུན་སྤྱོད་པ།། རྣལ་འབྱོར་ཆེན་པོ་ལས་སུ་རུང་རྣམས་ཀྱིས།། མི་སྡང་མི་གཡོའི་ཡེ་ཤེས་ལོངས་སྤྱོད་དེ།། མི་སྤོང་གནས་སུ་བཞག་པ་ཤེས་རབ་སྟེ།། བྱང་ཆུབ་སེམས་ནི་སྙིང་རྗེས་ཀུན་ལ་ཁྱབ། ། བདག་ཕྱོགས་གཞན་ཏུ་མི་འཛིན་སྙིང་རྗེ་ཀུན།། མི་འབྲས་གཟུངས་སུ་བཟུང་བ་བུ་བཞིན་བརྟན།། བདུད་བཞི་དཔུང་གི་ཚོགས་ཀྱིས་མི་ཐུབ་ཅིང།། བྱ་བྱེད་མེད་པའི་ཀླུང་ལས་ཉམས་པར་མིན། ། འབྲས་བུ་སངས་རྒྱས་ཐུབ་པའི་འགྲུབ་རྒྱུ་ལགས།། ཤེས་རབ་ཆེན་པོས་ཆོས་ཀྱི་དབྱིངས་ལ་སྦྱོར།། རྩ་བ་སྙིང་རྗེ་ཆེན་པོ་སྟོང་མི་བྱེད།། འདུ་ཤེས་འདུ་བྱེད་ཆགས་སྡང་གནས་སུ་བཅིངས། ། སྡང་པའི་ཚེ་ན་ཡེ་ཤེས་དཀྱིལ་འཁོར་བསམ།། གསང་སྔགས་རྒྱ་མཚོ་ནོར་བུ་རིན་ཆེན་འདི།། ཐུགས་རྗེས་གཟུང་བའི་ཡུལ་ཉིད་ཉོན་མོངས་ལྔ།། སྙིང་རྗེ་བཏང་སྙོམས་ངང་གིས་ཀུན་ལ་གསལ།། ཡོན་ཏན་ཡེ་ཤེས་ཚོགས་ནི་ཞར་ལ་འབྱུང། ། དཔེ་དང་ཚད་མ་གཏན་ཚིགས་ལུང་ཉིད་དང།། རྗེས་སུ་དཔོག་དང་ཤེས་རབ་ཆེན་པོ་ཡི།། རྟོགས་པར་ནུས་པ་མ་ཡིན་འདི་ལ་ནི།། དཔག་གིས་མི་ལང་གསང་སྔགས་བདག་ཉིད་ཆེ། ཁམས་གསུམ་ལས་འདས་བྱང་ཆུབ་རིན་པོ་ཆེ།། སྟོན་པས་བཙལ་ཡང་རྙེད་པར་ག་ལ་འགྱུར།། ཐིག་ལེ་ཆེན་པོ་ཀུན་ཏུ་ཅུབ་གནས་ལ།། ཡེ་ཤེས་སྙིང་པོ་དེ་ལས་གུད་ཅེས་འབྱུང།། བྱང་ཆུབ་སེམས་ནི་ཡེ་སངས་གང་རྒྱས་ན། ། ཆགས་སྡང་རྣམ་ལྔ་མི་གཡོ་མི་ལྡང་བྱ།། ཟླ་གསང་ཐིག་ལེ་སྐྱེ་འགག་བདག་ཏུ་འཛིན།། སྐྱེས་ཆེན་ཐུགས་ལ་རྟག་ཏུ་གསལ་བའི་རྒྱུན།། ཐམས་ཅད་སངས་རྒྱས་མེད་པར་རྫོགས་པའི་མཆོག། འབྲས་བུ་སངས་རྒྱས་འཐོབ་པའི་ཡོན་ཏན་པ།། མ་བཅོས་མ་བྱས་མ་གསལ་མ་འགགས་པ།། གསལ་བ་དེ་ཉིད་ཡེ་ཤེས་ཆེན་པོའི་ཀློང།། བྱང་ཆུབ་ཆེན་པོར་འོད་གསལ་རྣམ་པར་དག། དེ་བཞིན་དེ་བཞིན་གནས་སུ་དེ་བཞིན་བདག། གཞག་པ་གཞག་པར་དེ་བཞིན་བཞག་པར་བྱ།། ཡེ་ཤེས་ཆེན་པོ་ངང་གིས་གསལ་བར་འགྱུར།། རྒྱལ་བའི་དགོངས་པ་འདི་ལས་ལ་བཟླར་མེད།། བྱང་ཆུབ་ཀྱི་སེམས་བསྒོམ་པའི་རྒྱུད་ལས། འབྲས་བུ་སངས་རྒྱས་ལག་ཏུ་ཐོབ་པའི་སྐབས་དྲུག་པ་རྫོགས་སོ།།།། དེ་ནས་བཅོམ་ལྡན་འདས་གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་གསོལ་བ་བཏབ་སྟེ། ཆོས་ཐམས་ཅད་རྣམ་པར་དག་པའི་དོན་བཤད་དུ་གསོལ་ཞེས་གསོལ་བ་བཏབ་ནས། དེའི་དོན་བསྟན་པ། སྟོན་པ་ངཻས་པའི་ལུང་དང་བླ་མ་རྣམས་ཀྱིས་མན་ངག་དེ་ཉིད་དོན་འདིར་བལྟ།། མངོན་སུམ་ལ་སོགས་རྒྱུ་ཡི་དངོས་པོ་འཇིག་ཅིང་གྲུབ་བའི་མཐའ་དཔྱོད་པ། ། རབ་ཏུ་འཁྲུལ་པ་རྣམས་ཀྱི་དོན་འདི་ཤིན་ཏུ་བརྗོད་པར་དཀའ།། ཡེ་ཤེས་ཀློང་ཆེན་འཁྱིལ་བའི་མཁའ་དབྱིངས་ནི།། ཀུན་གྱི་དུར་ཁྲོད་རབ་ཏུ་ཉམ་ང་ནམ་མཁའི་འཇིངས།། ཡེ་ཤེས་འདི་ནི་ཡུལ་ལ་རྣམ་པར་ཡན་ཅིང་ཀུན་ཏུ་ལྡང་ཡང་དེ་ཉིད་ཡིན། ། དེ་ཉིད་རྟོགས་པའི་རྒྱུན་འབྲངས་སྤྱོད་ཡུལ་ཚད་མར་བཞག་ནས་བློ་ཡིས་འཇིག་བྱེད་དེ།། རྟོག་མཐའ་མེད་ཕྱིར་དཔྱོད་མཐའ་མེད་དེ་སྙིང་པོ་མེད་ན་ཚད་མར་གང། ། རང་སེམས་རྣམ་པར་དག་པས་དོན་གྱི་གཏིང་དང་ངང་ལྡན།། དེ་མེད་མི་རྟོག་དེ་ཉིད་དོན་གྱི་ལུང་ལྡན་ཤེས་རབ་མཚུངས་མེད་དེ།། དེ་ཡང་ཐུན་མོང་མ་ཡིན་འདི་ལ་ཅི་ཡང་བྱ་མི་དགོས་ཏེ་ཡིན།། དཀའ་ཐུབ་དཀའ་བས་འདི་ལ་སྦྱང་མི་དགོས་ཏེ་རང་ས་ཉིད་ན་གནས། ། སྟོབས་ལྡན་ཆགས་པའི་ཡུལ་ལ་རྟེན་འཆང་བྱ་མི་དགོས།། ལམ་དེ་སྟགས་ལ་བརྟེན་ཏེ་ས་ལ་སྦྱངས་ནས་འབྲས་བུ་འཐོབ་ཏུ་མེད།། ཡོ་ཀླུང་བྱ་མེད་དོན་འདི་སྐུ་གསུང་ཚིག་ལས་འདས། ། ཏིང་ངེ་འཛིན་དང་རྣམ་པ་མང་པོ་འདི་ལ་སྐྱེད་མི་དགོས།། འདི་ལ་ཅི་ཞིག་བསྒྲུབ་ཏུ་ཡོད་དེ་གང་ཡང་བསྒྲུབ་ཏུ་མེད།། བསྔགས་པར་བྱར་མེད་ཀུན་གྱིས་བསྔགས་སུ་མེད་བས་ཁྱད་པར་མཆོག། སྐྱེ་བོ་ཀུན་གྱི་སེམས་ལ་མངོན་སྣང་ཕྱི་ནང་གྲགས་པའི་ཆོས་འདི་ནི།། འཛིན་པ་དྲུག་གིས་ཇི་ལྟར་མཐོང་བཞིན་བརྟག་པ་དེ་ལྟ་མ་ཡིན་འཁྲུལ།། རང་གི་རྟོགས་པས་མྱོས་ཤིང་བཟུང་བ་དེ་བཞིན་བདེན་གྱུར་ན། ། སྣང་བ་དབང་པོས་བརྟགས་པའི་ཆོས་འདི་ཐམས་ཅད་ཚད་མར་འོས།། དེ་ལྟར་རང་རིག་རྟོགས་པ་ཀུན་བཟུང་འཁྲུལ་པ་འདི་ནི་ཕྱིན་ཅི་ལོག། དེ་ལྟར་དངོས་པོ་མེད་རྟོག་དགྲ་བཅོམ་འདྲ་བར་གྲོལ་བར་འགྱུར་བར་རིགས། ། འཕགས་པའི་རིགས་ཀྱིས་རང་སེམས་བརྟེན་པར་མ་མཐོང་བ་ནི་ཡོང་མི་འཕགས།། སྐྱེ་མཆེད་འདུ་མཆེད་ལྷག་པའི་ཁྱད་པར་ཀུན་ལ་འཛིན་བྱེད་པ།། དེས་ནི་སངས་རྒྱས་བསྐལ་བའི་ལམ་ལ་ཞེན་པར་ནུས་པ་མིན། ། དེ་དག་དུས་དགྲས་འཇོམས་དང་སྡུག་བསྔལ་ཉོན་ལས་དེས་འཁྲུལ་མངོན་པར་འགྱུར།། གཞན་ཏུ་སྐྱེ་མཆེད་སྒོ་ནས་རིག་པ་དེ་དག་ཚད་མར་གྱུར་ན་ནི།། དེ་ཉིད་ཚད་མར་གྱུར་པས་འཕགས་པའི་ལམ་དེ་སུ་ལའང་དགོས་མི་འགྱུར། ། ལམ་དེ་རྣམ་གྲོལ་ལམ་དུ་བསྟན་ཅིང་དབང་པོའི་ཤེས་པས་མི་ཐར་ཏེ།། རང་རིག་སྙིང་པོ་ཚད་མར་གང་གནས་པ་འདི་ཚད་མའང་ཡིན།། དམིགས་པའི་ཡུལ་ནི་སྙིང་པོ་མཆོག་གི་ཡུལ་ཏེ་སངས་རྒྱས་ཉིད། ། ཐར་ལམ་འཛིན་པའི་དོན་ལ་རྣལ་དུ་གང་འཇོག་པ་དེ་མཆོག། ཡེ་ཤེས་སྙིང་པོ་པདྨོ་པདྨོ་ཅན་ཏེ་པད་མའི་ཀློང།། བྱང་ཆུབ་ཀྱི་སེམས་བསྒོམ་པའི་རྒྱུད་ལས།། གསང་བ་མན་གང་གི་སྐབས་བདུན་པའོ། །།། དེ་ནས་བཅོམ་ལྡན་འདས་ཆོས་ཐམས་ཅད་གཏན་ལ་དབབ་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་ལ། རྡོ་རྗེ་འཛིན་པ་ཆེན་པོས་གསོལ་བ་བཏབ་སྟེ། དེ་ལྟ་བུའི་དོན་བཤད་གསོལ་བ་བཏབ་པས། བཅོམ་ལྡན་འདས་ཀྱིས་དེ་ཁོ་ནའི་དོན་བཤད་པ། ཀུན་འབྱུང་ཏིང་འཛིན་རྒྱལ་པོ་མཆོག་གི་ལམ་ཆེན་ཁྱད་པར་འདི།། འཕགས་ཆེན་ཆེར་འཕགས་ཁྱད་པར་ཡོད་མིན་གཉིས་ལས་འཕགས། ། བླ་མེད་བདེ་གཤེགས་མི་རྟོག་ཡེ་ཤེས་ཆོས་དབྱིངས་སྐུ་བརྙེས་པ།། ཆོས་ཀྱི་སྐུ་ནི་ནོར་བུ་རྒྱལ་མཚན་རྒྱལ་པོ་ལམ་པོ་ཆེ།། མཆོག་གི་མཆོག་ཉིད་ཀུན་གྱི་ལམ་ཆེན་ཁྱད་པར་འཕགས་པའི་ལམ།། ཀུན་གྱི་རང་བཞིན་ཞི་བ་འདི་ལ་གསལ་ཞིང་བླ་མེད་ལམ་མཆོག་སྟེ། ། མི་ལྡོག་པ་ལ་སོགས་ཏེ་དབང་བཅུ་རྒྱལ་བ་ཀུན་དང་གཅིག་བརྙེས་པ།། ཀུན་གྱི་རང་བཞིན་མཆོག་གི་ཆོས་ཉིད་དེ་ནི་ཀུན་གྱི་མཆོག། འགྲོ་དྲུག་གནས་འགྲོ་མཆོག་གི་བསོད་ནམས་མཁའ་ལ་རྒྱས་པའི་མཐའ། ། གནས་གསུམ་མཉམ་ཉིད་དེ་ལ་མཚན་མེད་ཡིད་ཀྱིས་རབ་ཏུ་དད་པས་མོས།། ཤེས་བྱ་མཆོག་གི་ཡུལ་ཆེན་དམ་པ་འདི་ནི་རྒྱལ་མཆོག་ཉིད་ཀྱི་ཀུན་གྱི་རྒྱ། ། སྟོན་པ་འཇིག་རྟེན་སྒྲོན་མར་གྱུར་པ་ཀུན་གྱིས་རབ་བསྔགས་པ།། ཆོས་ལ་ཆོས་ཀྱི་སྙིང་པོར་གྱུར་པས་འཇམ་དཔལ་གཞོན་ནུའི་སྙིང་པོ་ཉིད།། ཀུན་འབྱུང་འཕགས་ལམ་རྒྱལ་བའི་ཐུགས་ལ་དེ་བཞིན་ཉིད་དུ་དམིགས་པ་ལམ། ། འདི་ལས་གཞན་དུ་དོན་གཉེར་རྒྱུས་ཀྱིས་འགྲོད་དེ་འགྲོ་ཕུགས་བཙལ་དུ་མེད།། སངས་རྒྱས་ཀུན་གྱི་ཐུགས་ཉིད་དེ་བཞིན་གཤེགས་པའི་ཐུགས་ཏེ་ནམ་མཁའི་དབྱིངས་དེ་ལ།། གཞི་དང་རྩ་བ་མེད་དེ་ཁ་དོག་དབྱིབས་ཀྱིས་ཡོང་ཤིག་མཚོན་དུ་མེད། ། བདེ་གཤེགས་མ་ལུས་ཡུམ་དུ་གྱུར་པས་རྒྱལ་བ་ཀུན་གྱི་ལམ་མཆོག་གོ། ཚུལ་ཁྲིམས་ཕ་རོལ་ཕྱིན་སོགས་ལམ་སྤྱོད་རྒྱ་མཚོའི་གཞིར་གྱུར་པ།། སྙིང་རྗེ་ཆེན་པོ་ཀུན་གྱི་རྩ་བ་ཡིན་ཏེ་འབྲས་བུ་གྲུབ་པའི་ཐབས། ། ཤེས་རབ་ཆེན་པོས་ཡུལ་དང་དབང་པོར་བལྟས་ཏེ་མཐོང་ནས་བརྟག་མི་བྱ།། ཇི་ལྟར་བརྟག་མི་བྱ་ལ་ཁྱད་པར་བརྟགས་ནས་བརྟག་ཏུ་མེད་པས་མཐོང་ནས་དེ་བཞིན་གནས་པ་མཆོག། རྣམ་དག་བྱང་ཆུབ་སེམས་ཀྱི་ངང་ཚུལ་ཡེ་ནས་རྣམ་པར་དག་པ་ཡོན་ཏན་འཕུངས་པའི་སྐུ།། འདི་ལས་མཆོག་གི་མཆོག་ཏུ་གྱུར་ཅིང་བསྒོམ་པའི་ཡུལ་དུ་དམིགས་པར་བྱ་བའི་ཁྱད་པར་ནི། ། བསམ་གྱིས་མི་ཁྱབ་ཀུན་གྱི་ཡུལ་ཏེ་སངས་རྒྱས་མ་ལུས་འདི་རྟོགས་པ་ལས་བྱུང།། དེ་ཕྱིར་རྣལ་འབྱོར་འབྲས་བུའི་ལམ་འདོད་ལམ་ལ་མཁས་པ་རྣམས་ཀྱིས་ཁྱད་པར་འདི་ལ་བརྟག། བློ་ལྡན་ནམ་ཞིག་སེམས་ཀྱི་དམངས་དེ་ནི་མངོན་དུ་གྱུར་ཅིང་རྙེད་པ་ན། ། དེ་ལ་སྐུ་གསུམ་མཆོག་ཏུ་གྱུར་པ་ཆོས་ཀྱི་སྐུ་ཞེས་རྒྱལ་བས་གསུང།། བླང་དང་དོར་མེད་སྐྱེ་དང་འགག་མེད་རྣལ་འབྱོར་ཞི་བའི་མཆོག། སངས་རྒྱས་ཀུན་གཞི་ཉོན་མོངས་ཡིད་གཉིས་གཅོད་པ་བྲལ་ལས་གཞན་ན་མེད། ། མེད་པའི་སྙིང་པོ་རྡོ་རྗེའི་སྐུ་སྟེ་ཡོད་པའི་སྙིང་པོ་ཕྱོགས་བྲལ་འདི་ལ་བརྟག། ཅི་ཞིག་བསམ་ཞིང་གང་ལ་བརྟགས་ཏེ་ཅི་ལ་དམིགས་སུ་ཡོད།། གང་ཡང་དམིགས་སུ་མེད་པ་དེ་ལ་བློ་ལྡན་སུ་གནས་པ་ལ་རྒྱས་སྲས་ལྡན། ། དེ་ནི་ཀུན་གྱི་ཡུལ་ཏེ་རྒྱལ་བའི་ཡུལ་ཡིན་ཐོབ་པར་བྱ་བའི་འབྲས།། འདི་ལ་ཚིག་དང་ཡི་གེས་མཚོན་པར་བྱེད་པ་ལོང་བས་ལོང་བ་ཁྲིད། ། རྒྱལ་བ་བསམ་དུ་མེད་པ་སུས་ཀྱང་མཚོན་དུ་མེད།། དེ་ཕྱིར་རྒྱལ་བའི་ལམ་འདི་བཙལ་བ་ལས་ནི་ཅི་ཞིག་བཙལ་དུ་ཡོད།། རིག་པ་མི་བསམ་བློ་ཡིས་མི་སྦྱར་ཤེས་པས་མི་སྤྱོད་དེ།། ཕ་རོལ་ཕྱིན་པ་ལ་སོགས་སྤྱོད་པའི་རྒྱ་མཚོའི་གཞིར་གྱུར་སྡོམ་པ་རྣམས་མི་རྟེན། ། སྐུ་གསུམ་ཏིང་ངེ་འཛིན་ལ་རྟེན་འཆའ་མི་བྱ་ཅིའང་དཔྱད་དུ་མེད།། འཁྲུལ་པས་བཏགས་པའི་ལམ་ནི་ཡི་གེས་མཚོན་པའི་གྲངས།། རྒྱལ་བ་རྣམས་ནི་མཚོན་དུ་མེད་ལས་གཞན་དུ་ཡེངས་པ་མེད་ལས་མིན་ལས་བྱུང། ། ཤེས་བྱེད་དམ་པར་གྱུར་པས་ཤེས་རབ་སྤྱན་ཞེས་ཀྱང་ནི་དེ་ལ་བྱ།། རྡོ་རྗེ་རྩེ་མོ་མཆོག་ཉིད་མི་རྟོག་ཡེ་ཤེས་དེ་ཡང་དེ་ཉིད་དོ།། ཇི་སྙེད་འཕགས་པའི་རྣམ་གྲོལ་ཆོས་སུ་བསྟན་པ་དེ་དག་ཐམས་ཅད་ཀྱང། ། བྱང་ཆུབ་སེམས་ཉིད་རྫོགས་ལམ་དེ་ཡི་ཡོན་ཏན་དེ་དག་དེ་ལས་བྱུང།། བྱང་ཆུབ་སེམས་བསྒོམ་པའི་རྒྱུད་ལས། རྣམ་པར་གྲོལ་བའི་ལམ་བསྟན་པའི་སྐབས་བརྒྱད་པའོ། །།། དེ་ནས་བཅོམ་ལྡན་འདས་ལ། རྡོ་རྗེ་འཛིན་པས་ཆོས་ཐམས་ཅད་གཅིག་ཏུ་བསྡུ་ན་ཇི་ལྟར་བསྡུ། ཞེས་ཞུས་པ་ལས། བཅོམ་ལྡན་འདས་དོན་ཡོད་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ཆེད་དུ་བརྗོད་པའི་རྒྱུ་འདི་ཆེད་དུ་བརྗོད་དོ།། རྫོགས་སོ་རྫོགས་སོ་མཆོག་གི་སྙིང་པོ་འགྲོ་མེད་རྣམ་པར་དག་པ་འདི་ལ་རྫོགས།། ཀུན་རྫོགས་ནོར་བུ་རིན་པོ་ཆེ་ལ་སྒྲིབ་པ་རྣམ་གཉིས་ཡེ་ནས་རྫོགས་པས་རྫོགས། ། དེ་ལས་གཞན་ཞིག་རྫོགས་སུ་འདི་ལ་མེད་པས་རྫོགས་ཆེན་པོ།། འཕགས་པའི་རིགས་ཆེན་འཆི་མེད་བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ཀྱང།། དེ་མེད་མི་འབྱུང་དེ་ཕྱིར་དེ་ནི་རྣམ་གྲོལ་མཆོག་གི་ལམ་ཉིད་དེ། ། རྡོ་རྗེ་སེམས་དཔའ་མཆོག་གི་སེམས་དཔའ་ཉིད།། རྣམ་གྲོལ་ལམ་ཆེན་རིགས་ཆེན་སྲས་ཀྱི་མ་སྟེ་རིགས་ཆེན་སྐྱེད་པའི་གཞི།། རྡོ་རྗེ་སེམས་དཔའ་བསམས་པས་བསམ་པའི་གཞི་དང་བྲལ།། མཚན་མེད་མཚན་མར་སྒོམས་པས་རྣམ་གྲོལ་ལམ་མི་རྙེད། ། དེ་ཕྱིར་ཅི་ཡང་མི་བསམ་བསམ་དུ་ཡེ་ནས་མེད་པས་སངས་རྒྱས་ཉིད་དེ་གང་ཡང་བྲལ།། བྲལ་ཞེས་དེ་བའང་ཚིག་གི་ཐ་སྙད་མེད་པས་ཡེ་ནས་སངས་པ་ཡིན། ། དེ་ནས་གསང་པའི་བདག་པོ་ཕྱག་ན་རྡོ་རྗེས། བཅོམ་ལྡན་འདས་ལ་བདེ་བར་གཤེགས་པའི་ཐུགས་ཇི་ལྟར་ལགས།། ཞེས་གསོལ་པས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྣམ་ཤེས་དེ་ཡང་འདུ་བྱེད་རྒྱུན་ལ་མཚན་མ་ཐ་དད་འཛིན་པས་ན། ། ལས་ཀྱི་ཁྱད་པར་དག་གིས་བརྒྱད་དུ་སྣང་བའི་རིགས་ལ་དུ་མ་མེད།། ཤེས་ཤིང་རིག་པའི་རིས་སུ་གཅིག་སྟེ་རིགས་ལ་དུ་མ་མེད།། དེ་ཕྱིར་སེམས་ཀྱི་སྐད་ཅིག་དང་པོ་དེ་ལ་ལུས་དང་ཆོས་ཀུན་གནས། ། བྱང་ཆུབ་བྱང་ཆུབ་ཅེས་བྱ་སེམས་ལས་སངས་རྒྱས་མེད།། རྒྱུ་མའི་འཁྲུལ་འཁོར་རླུང་གིས་བཏབ་པ་བཞིན་དུ་མེད་དེ་སྟོང།། མེད་པ་དེ་ཡང་ཆུའི་ལྦུ་བ་བཞིན་དངོས་དང་སོ་སོར་སྣང། ། སྣང་བ་དེ་ཡང་རྡུལ་ཙམ་མེད་དེ་སྐད་ཅིག་ཉིད་ལ་གནས།། དེ་ལ་བསམ་པ་ཞེན་ཕྱྀར་ཕྱིན་མ་ངཻས་འབྱུང་དེ་ལ་སྣང།། ཀུན་གྱི་རང་བཞིན་ཀུན་ལ་སྣང་ཕྱིར་ཀུན་གྱི་མཆོག། སྣང་སྟོང་ངོ་བོ་གང་བདེན་དེ་ལ་བསམ་པའི་གནས་ཀྱང་མེད། ། རང་སེམས་རྒྱུན་ལས་འཕགས་པ་སྐྱེ་བོའི་ཆོས་ནི་གཞན་ན་ཡོད་མ་ཡིན།། རྒྱུད་དྲུག་རིགས་ལས་དེ་ལའང་སྣ་ཚོགས་དེ་དག་རང་གི་ཏིང་འཛིན་ནོ།། ཏིང་འཛིན་གསུམ་པོར་བརྟགས་པ་དེ་ཡང་ཡེ་ནས་འཁྲུལ་པས་བསམ་མི་བྱའོ། ། འཛིན་པ་སྡུག་བསྔལ་ཡིན་ཞིང་སྐྱེ་བཞི་རྒྱུ་དྲུག་རྒྱུ།། རིགས་དྲུག་སྡུག་བསྔལ་སྐྱེ་བའི་རྒྱུན་ནི་འཛིན་པའི་དབང།། འཛིན་པའི་དབང་གི་སྡིག་བསྔལ་སྐྱེ་སྟེ་སྡུག་བསྔལ་བྱང་ཆུབ་ཡིན། ། མཆོག་ཏུའང་རྒྱས་པའི་སྐུ་ནི་ཁྱད་པར་དེ་ལ་རབ་ཏུ་སྣང།། སེམས་རྒྱུན་དེ་ནི་ཕྱོགས་ཀྱང་ཅུང་ཟད་མེད་པས་གཅིག་ལ་རྟེན་མེད་དེ།། དེ་ལ་ཕྱོགས་རྣམས་ཕྱོགས་སུ་འཛིན་པ་གང་ན་ཡོད་དེ་ཐོབ་པ་མེད། ། དེ་ཕྱིར་ཕྱོགས་མེད་ཕྱིར་ན་མཐའ་ཡས་ཞིང་རྣམས་བདག་གི་ལུས།། བདག་གི་ལུས་ནི་མཐའ་ཡས་ཞིང་དང་སྐྱེ་བོའི་ལུས་སུ་རབ་སྣང་ཡང།། སེམས་དང་བག་ཆགས་ཐ་དད་མ་ཡིན་གཅིག་མིན་བརྟག་པར་རབ་ཏུ་དཀའ། ། འདི་ཀུན་འབྱུང་ཞིང་འདི་སྣང་ཀུན་འབྱུང་འཁྲུལ་པའི་ཚོགས།། ཡུལ་དུ་དབང་པོས་བརྟགས་ལས་ཁྱད་པར་སྣང་བས་ན།། ཡུལ་དང་དབང་པོར་མི་བྱ་དེ་བཞིན་གྱི་འདའ་ཁོ་ནར་གཞག། སེམས་དང་བག་ཆགས་མི་དབྱེ་གཅིག་མིན་ཐ་དད་མིན།། དོན་དམ་ཀུན་རྫོབ་གཉིས་མེད་ཡེ་ནས་དམ་པའི་དོན།། འཁོར་བ་མྱ་ངན་འདས་པ་གཉིས་མེད་ཡེ་ནས་མྱ་ངན་འདས།། གང་ཡང་ཐོབ་མེད་གང་ལའང་འཇུག་པར་བྱ་བ་མིན་པས་ན། ། གང་ཡང་དམིགས་ཤིང་ཐོབ་པར་བྱ་བ་སེམསལས་གང་ན་ཡོད།། སེམས་ཀྱི་རང་བཞིན་གང་ཡང་བླང་དོར་མེད་ཅིང་ཅིར་ཡང་བརྟག་ཏུ་མེད།། དེས་ན་འཁྲུལ་འཁོར་མེད་ཅིང་མྱ་ངན་འདས་པ་མེད་པ་ཉིད་དུ་མངོན། ། གནས་ཀྱི་སྐད་ཅིག་ནམ་ཡང་མི་འབྲལ་དེ་ཚེ་མཉམ་འགྱུར་དེ་མེད་མེད།། སེམས་ནི་རྣམ་པར་དག་ཅིང་གང་ཡང་དམིགས་སུ་རྡུལ་ཡང་ཡོད་མིན་ཏོ།། སེམས་ལས་མ་གཏོགས་ཆོས་ནི་གུད་ན་ཡོད་པ་གང་མ་ཡིན། ། དེ་ཕྱིར་སེམས་ཀྱི་རང་བཞིན་ཤེས་ན་ཆོས་ཀྱི་རང་བཞིན་ཤེས།། དེས་ནི་སངས་རྒྱས་མངོན་དུ་མཐོང་སྟེ་འཕགས་པ་ཡིན།། དེ་ལ་སྒོམ་པར་བྱེད་པ་དྲང་སྲོང་བློ་འཆལ་པ།། བྱང་ཆུབ་ཀྱི་སེམས་བསྒོམ་པའི་རྒྱུད་ལ་ས། གསང་བའི་མན་ངག་མངོན་དུ་བྱུང་བ་བསྟན་པའི་སྐབས་དགུ་པའོ།།།། དེ་ནས་བཅོམ་ལྡན་འདས་ལ། གསང་བའི་བདག་པོ་ཕྱག་ན་རྡོ་རྗེས་གསང་སྔགས་ཐམས་ཅད་ཀྱི་རང་བཞིན་ཇི་ལྟར་ལགས། ཞེས་ཞུས་པས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ། གསང་སྔགས་ལྷ་ཕོ་རིགས་སྔགས་ལྷ་མོ་རྣམས།། སེམས་ལས་གཞན་མིན་ཀུན་ཟ་ཀུན་ལ་སྤྱོད་ཅིང་བཟའ།། ཀུན་སྦྱར་མ་དང་བུ་མོ་སྲིང་མོ་ཧ་ལ་སོགས་པ་ཀུན། ། སྦྱོར་བ་བྱས་ན་སྐྱོན་གྱི་གོས་པར་ཡོང་མི་འགྱུར།། ཕ་བསད་རྒྱལ་བསད་མཆོག་ཕྲན་ཀུན་བསད་ཀྱང།། གསང་སྔགས་ཀུན་གྱི་རང་བཞིན་འདི་རྣམས་ཀུན་ལ་དཔྱད་པར་བྱ། ། ཡང་དག་མ་ཡིན་རྟོགས་པས་སྐྱེད་ཕྱིར་བག་ཆགས་ཡོད་པ་མ་ཡིན་དང།། འདི་ཡི་སྤྱོད་ཡུལ་ཉིད་དུ་མ་གྱུར་གང་ཡང་མེད་པས་ཀུན་ལ་དཔྱད།། སྤྱོད་ཡུལ་མེད་ཕྱིར་ཀུན་གཞི་མེད་ཅིང་རྣམ་རིག་དེ་ཡང་མེད་པ་ཡིན། ། ཕྱོགས་དང་རིས་མེད་བདག་བྲལ་འདུ་ཤེས་ཀུན་སྤངས་པ།། ཡེ་མེད་རྒྱལ་པོ་ཀུན་སྙོམས་ཁྱབ་བརྡལ་པར་དག། ཕྱོགས་རྣམས་མེད་ཕྱིར་དམིགས་དང་རྣམ་ཤེས་རིག་པ་རྣམ་པར་ཡིན།། སེམས་ནི་གློག་དང་སྤྲེའུ་དང་རྒྱ་མཚོའི་ནོར་བུ་འདྲ་སྟེ་ཅིའང་ཡོད་མ་ཡིན། ། དེ་ཕྱིར་སེམས་འདི་ཡོད་མེད་མཐའ་ལས་འདས་ཤིང་གཅིག་དང་དུ་མར་བྲལ།། སངས་རྒྱས་གདོད་ནས་མེད་ན་དཀོན་མཆོག་གསུམ་མེད་གདགས་པ་གང་ཡང་མེད། ། བདེ་གཤེགས་བྱང་ཆུབ་མེད་ཕྱིར་དེའི་ལྟ་བུ་འབྲུལ་སྒྱུ་འདྲ་འཁྲུལ་ལ་སྣང།། གང་གིས་ང་ལ་གཟུགས་མཐོང་ང་ལ་སྒྲར་ཤེས་པ།། ལོག་པར་སྤོངས་ལ་བཞུགས་ཏེ་སྐྱེ་བོ་དེ་ཡིས་ང་མི་མཐོང།། འདྲེན་པ་རྣམས་ནི་ཆོས་ཀྱི་སྐུ་སྟེ་ཆོས་ཉིད་སངས་རྒྱས་ལྟ། ། རྣམ་པར་དག་པའི་སྙིང་པོ་གདོད་ནས་རྣམ་པར་དེ་བཞིན་གནས།། ཅི་ལའང་མི་བསམ་དེ་བཞིན་ཉིད་ལ་ཡིན་པར་བསམ་མི་བྱ།། སངས་རྒྱས་མི་སྒོམ་ལྷ་སྤངས་སྤྱོད་ཡུལ་ཐམས་ཅད་རྣམ་པར་སྤངས། ། རྡོ་རྗེ་མི་བཅང་སྔགས་རྫས་ཅི་འང་དབེན་པར་འདུག་མི་བྱ།། མཆོད་གཏོར་སྦྱིན་པའི་ཕྱོགས་ནི་གང་ཡང་མི་བཏང་མི་བསྔོ་སུ་ལའང་མི་བསྔོའོ།། ཆོ་ག་ལ་སོགས་འཁྲུལ་བའི་ལས་རྣམས་གང་ཡང་སྤྱད་མི་བྱ། ། རྫོགས་པ་ཆེན་པོའི་རང་བཞིན་ཀུན་གྱི་སྙིང་པོ་ཡིན་ཏེ་འདི་ལ་ཅི་འང་མེད།། ཕག་ཏུ་འདུགས་ལ་བསྒོམ་པར་མི་བྱ་རྡོ་རྗེ་ལྟ་བུའི་ཆོས་ཉིད་བསྒོམ་དུ་མེད།། ཡེ་ཤེས་རབ་འབྱུང་རིགས་དང་སྐུ་རྣམས་བསམ་པ་བྱར་མེད་སྐུ་རྣམས་ག་ན་ཡོད། ། སྙིང་པོ་བགྲང་ཞིང་བསོད་ནམས་སྤེལ་དུ་ག་ན་ཡོད་དེ་དག་པའི་སེམས་ལས་མེད།། དགེ་རྩ་རིམ་གྲོའི་མཆོག་ནི་རང་སེམས་དག་པ་ཡིན།། དེ་བཞིན་གཤེགས་པའི་ཡེ་ཤེས་དེ་དག་ཤིན་ཏུ་དགེ་བའི་རྒྱུན་ཉིད་དང། ། རྡོ་རྗེ་གནས་མེད་ཕྱིར་ན་མཉམ་གནས་རང་བཞིན་འདྲར་འགྱུར་དང།། ཆོས་དབྱིངས་རྡོ་རྗེ་རྩེ་མོ་དེ་དག་ཕྱོགས་ཉིད་མེད་པས་སྐད་ཅིང་མིན།། དག་པའི་དགེ་རྩ་གཟུགས་བརྙན་མེད་པས་འཇིག་རྟེན་ཡེ་ཤེས་ཡོད་མི་འགྱུར། ། བསམ་གཏན་བྱར་མེད་བསམ་གཏན་ལུང་ལ་གནས་པ་གང་ཡང་ཡིན།། བསྒོམ་པར་བྱར་མེད་དྲང་སྲོང་སྒོམ་ཆེན་གྱིས་ཀྱང་མ་བསྒོམས་པ་ལས་གྲུབ། ། བཅོམ་ལྡན་འདས་རྣམས་ཕུགས་སུ་མ་འདུག་དབང་པོ་ཡན་པར་བཞག་པས་བྱུང།། དོན་གྱི་ངོ་བོ་འདི་ལ་ཅི་ཞིག་བསམ་དུ་ཡོད་ན་གང་ཡང་བསམ་དུ་མེད།། དེ་ཕྱིར་བྱང་ཆུབ་མཚན་ཉིད་མེད་པས་གཅིག་པས་བླང་དོར་མེད། ། དོན་འདིའི་ཚུལ་གྱིས་དོན་དམ་རྣམ་གྲངས་སྐྱེ་འགག་མེད་དང་མཉམ་ཉིད་དང།། གཉིས་མེད་བསམ་འདས་ཆོས་དབྱིངས་བརྗོད་དང་ཐ་སྙད་བྲལ་ལ་སོགས།། བསྟན་པ་དེ་ཀུན་ཐ་སྙད་ཡིན་ཏེ་དོན་དམ་མེ་ཅིང་ཀུན་སྒྲིབ་མེད། ། ཀུན་གཞི་མེད་ཅིང་ཀུན་ལ་རྣམ་པ་མེད་པས་ཀུན་གྱི་རང་བཞིན་ཡིན།། དེ་ཕྱིར་མཆོག་གི་མཆོག་ཉིད་ཁྱད་པར་མཆོག་ཏུ་འདི་ཉིད་བསྔགས།། འདི་ལ་བྱང་ཆུབ་མེད་ཅིང་སངས་རྒྱས་བསྒྲུབ་ཏུ་མེད་པར་ཤེས་པ་དོན་འདི་གོ། དོན་འདི་གོ་བས་ཁམས་གསུམ་མཉམ་ཉིད་སྙིང་པོར་ཤེས་པ་ཡིན།། བྱང་ཆུབ་ཀྱི་སེམས་བསྒོམ་པའི་རྒྱུད་ལས། གསང་སྔགས་བསྟན་པའི་སྐབས་བཅུ་པའོ། །།། དེ་ནས་བཅོམ་ལྡན་འདས་ལ། གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་འདི་སྐད་ཅེས་གསོལ་ཏོ།། བཟང་པོ་བཟང་པོ་ཞེས་བྱ་བའི་དོན་གྱི་ངོ་བོ་བཀའ་སྩལ་དུ་གསོལ། ཞེས་གསོལ་བ་བཏབ་པོ།། དེ་ནས་བཅོམ་ལྡན་འདས་ཀྱི་བཀའ་སྩལ་པ། ཡང་དག་མ་ཡིན་རྟོགས་པས་བསྐྱེད་ཕྱིར་བག་ཆགས་ཡོད་མ་ཡིན།། སྙིང་པོ་མེད་པས་ལུང་གི་དོན་འདི་མཆོག་གི་ལུང་ཆེན་ཡིན།། སྤྱོད་ཡུལ་མེད་ཕྱིར་ཀུན་གཞི་མེད་ཕྱིར་རྣམ་རིག་དེ་ཡང་མེད་པ་ཡིན། ། མཆོག་གི་ལུང་འདི་ཕྱོགས་རྣམས་མེད་ཕྱིར་དམིགས་དང་གནས་ཀྱང་མེད།། དེ་ཕྱིར་སེམས་འདི་ཡོད་མེད་མཐའ་ལས་འདས་ཤིང་གདགས་པའི་མིང་དང་བྲལ།། རྡོ་རྗེ་གནས་མེད་ཕྱིར་ན་མཉམ་གནས་རང་བཞིན་འདྲར་གྱུར་ན། ། ཆོས་དབྱིངས་རྡོ་རྗེ་རྩེ་མོ་དེ་དག་ཕྱོགས་ཉིད་མེད་པས་སྐད་ཅིག་མིན།། དག་པའི་འཇིག་རྟེན་འདི་ན་དག་པའི་གཟུགས་བརྙན་མེད་པས་འཇིག་རྟེན་ཡེ་ཤེས་ཡོད་མི་འགྱུར། ། ཀུན་གཞི་མེད་ཅིང་ཀུན་གཞིའི་གཟུགས་བརྙན་མེད་ན་བྱང་ཆུབ་བསྒྲུབ་པ་ཁྱད་པར་མཆོག་ཏུ་མཁས།། དེ་ཕྱིར་བྱང་ཆུབ་མ་ཆུབ་མཚན་ཉིད་མེད་པར་གཅིག་པས་བླང་དོར་མེད།། དོན་དེའི་ཚུལ་གྱིས་དོན་དམ་རྣམ་གྲངས་སྐྱེ་དང་འགག་པ་མེད་དང་མཉམ་ཉིད་དང། ། གཉིས་མེད་བསམ་འདས་སྟོང་ཉིད་ཆོས་དབྱིངས་བརྗོད་དང་ཐ་སྙད་བྲལ་ལ་སོགས།། བསྟན་པ་དེ་ཀུན་ཐ་སྙད་ཡིན་ཏེ་དོན་དམ་མེད་ཅིང་ཀུན་སྒྲིབ་མེད། ། དེ་ཕྱིར་སངས་རྒྱས་བྱང་ཆུབ་རང་གི་སེམས་ཉིད་རྣམ་པར་དག་པ་བྱང་ཆུབ་ཉིད།། གང་ནས་བཙལ་བ་གང་དུ་བཞག་སྟེ་གང་ལ་དམིགས་སུ་ཡོད་པ་མིན།། དོན་དམ་ཚིག་གྱི་ལམ་ཉིད་འདི་འདྲ་ཞེས་པ་དེ་ཉིད་ཀུན་སྒྲིབ་ཡིན། ། ཐེ་ཙོམ་ཡོད་མེད་ཆོས་ནི་གང་ལ་འང་སྤོང་ཞིང་གནས་པར་མི་བྱེད་དོ།། ཞིང་དང་ལམ་དང་ས་དང་རྟེན་དང་གནས་དང་ཡུལ་རྣམས་བརྟག་མི་དགོས།། མི་དགོས་མེ་དཔྱད་མཚན་ཉིད་གང་ཡང་རྫོགས་པ་ཆེན་པོ་འདི་ལ་བརྟག་མི་དགོས། ། ཀུན་ནས་ཉོན་མོངས་པ་དང་ལམ་ལ་བརྟག་མི་དགོས་དང་ཡོན་ཏན་སྟོབས་ཀྱང་རྫོགས།། ཡེ་ནས་ཅིའང་མི་དཔྱད་གང་ལའང་དཔྱད་དུ་འདི་ལ་ག་ན་སྒོམ་དུ་ཡོད་དེ་མེད། ། བསྒོམ་དུ་མེད་པ་རྒྱལ་བའི་དགོངས་པ་ཡིན་ཏེ་སངས་རྒྱས་ཉི་དང་མཚུངས།། སྔོན་གྱི་དྲང་སྲོང་སངས་རྒྱས་རྣམས་ནི་དོན་འདི་བསྒོམས་ལས་རྒྱས།། དེ་ཕྱིར་བསྒོམ་དུ་མེད་པའི་ཀུན་གྱིས་ཉམས་སུ་བླངས་ལའང་དཔྱད། ། བསྒོམ་པ་དང་ནི་ཆོས་དབྱིངས་མེད་ཕྱིར་སོམ་ཉི་མེད་ལ་དམ་པར་ལྟ་བའང་མེད།། དེ་ལྟར་དངོས་པོའི་མཐའ་རྣམས་བརྟགས་དང་རང་བཞིན་སྒྱུ་ལའང་མེད་འགྱུར་ཕྱིར།། ཀུན་གྱིས་བརྟགས་ནས་དངོས་པོར་གྲུབ་པའི་མཐའ་སྤྱོད་པ་ནི་འཇིག། ཡོད་ལས་ལྟོས་པའི་མེད་པའང་མེད་དེ་མེད་པའི་མེད་པའང་མེད།། འཁོར་བ་རྣམས་ནི་ཀུན་ཏུ་བཟང་པོའི་སྐུ་སྟེ་མཚན་མེད་ནམ་མཁའི་ཀློང།། གང་ཡང་བསྒོམ་པར་བྱ་བ་རྫོགས་པ་ཆེན་པོ་འདི་ལ་མེད་པ་ཅི་ལའང་སྒོམ་དུ་མེད། ། མི་བསྒོམ་མི་བསྒོམ་གང་ཡང་བསྒོམ་དུ་རྡུལ་ཙམ་མེད་དེ་ཅི་ཞིག་སྒོམ།། བསྒོམ་པར་འདོད་པ་རྣམས་ཀྱིས་འདི་ཡི་དོན་མི་རྟོགས་ཏེ་ཀླུང་ལས་ཉམས། ། དྲང་སྲོང་བསྒོམ་འདོད་པས་ནི་ཕྱི་ཡི་ཡུལ་ལ་དཔྱད་མི་བྱ།། བསྒོམ་མེད་ཡུལ་ལ་དམིགས་པར་བྱེད་པ་སྨིག་སྒྱུ་སྙེག་པ་འདྲ།། ཀུན་འདུས་ཀློང་ཆེན་གྱི་རང་བཞིན་འདི་ལ་ཉམས་སུ་ཅི་ཞིག་རུང།། འདི་ལས་ཉམས་པར་བྱེད་པ་ཆུ་ཡི་ལྦུ་བ་བཞིན་ཏེ་མེད། ། སྤངས་པའི་སྙིང་པོ་འདི་ལ་ཅི་ཞིག་བསྒོམ་ན་དྲང་སྲོང་ག་ལ་དམིགས།། དམིགས་པའི་ཡུལ་ནི་རྡུལ་དང་རི་རབ་འདྲ་སྟེ་རྟོགས་པའི་རླུང་ཆེན་མཚོ།། སྲང་དང་སྲང་མདའ་བཞིན་ཏེ་དྲང་པོའི་ལམ་ལ་ཞུགས་པར་བྱའོ། ། དྲང་པོས་འཕགས་པ་ཉིད་ནི་ཡིད་ཀྱི་ལམ་སྟེ་སངས་རྒྱས་ཉིད།། དེ་ཉིད་གང་ཡིན་ཞེ་ན་སེམས་ཉིད་དག་པ་དེ་ཉིད་ཁོ་ན་ཡིན།། དེ་བཞིན་ཀུན་ལ་ཀུན་འབྱམས་དེ་བཞིན་འབྱམ་ཡང་ཀླས། ། དེ་ཉིད་འཕགས་པ་སངས་རྒྱས་བྱང་ཆུབ་མེད།། རྒྱལ་ལ་སོགས་པ་ཆ་འཕྲ་སྒྲོལ་ལ་སོགས།། ཆོས་ཀྱི་སྐུ་འདི་ཀུན་གྱི་སྐུ་སྟེ་ཀུན་ལ་གང་ལ་སྣང་ཞིང་མེད།། བྱང་ཆུབ་འདོད་ན་སྡིག་པའི་ལས་རྣམས་ཆེར་སྤྱོད་དད་དཔོན་བློ་ལ་བཞག། ཅི་སྟེ་སྲོག་མེད་སྲོག་གཅད་སྡིག་ཏུ་འགྲོ་ན་ཡེ་ནས་ཆད་པ་སུ་ལ་སྡིག། གང་ཡང་སྙིང་རྗེས་མི་བཟུང་སུ་ཡང་རྗེ་བ་གང་ན་ཡོད་དེ་མེད།། སྙིང་རྗེས་བྱང་ཆུབ་བརླན་དུ་མི་སྟེར་སྙིང་རྗེས་སུ་ལ་བཟུང། ། གང་ལ་འཛིན་པ་ཡོད་པ་དེ་ལ་ལྷག་པའི་བསམ་པ་ཡོད་ཀྱང་རྟོག། རྟོག་འཛིན་མཁར་འགྲམ་གཏིང་ནས་ཚུགས་པ་མེད་པ་བྱང་ཆུབ་བདེ་བའི་ཤུལ།། རྒྱལ་བ་མི་མཆོད་སངས་རྒྱས་མི་སྒྲུབ་ཐར་པའི་ལམ་མི་འདོད་པ་དེ། རྒྱ་གར་སྐད་དུ། ཧྲི་ད་ཡོ་ད་ཡ་མ་ཧཱ་ཏནྟྲ་རཱ་ཛ་མ་ཧཱ་ནཱ་མ། བོད་སྐད་དུ། སྲོག་གི་འབྱུང་བ་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ཞེས་བྱ་བ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། ། འདི་སྐད་བདག་གིས་བཤད་པའི་དུས་གཅིག་ན། བཅོམ་ལྡན་འདས་སྲོག་གི་འབྱུང་བ་ནམ་མཁའ་ཆེ་ལ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་བྱེ་བ་དགུ་བཅུ་རྩ་དགུ་དང་ལྷན་ཅིག་བཞུགས་སོ། ། དེ་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོ་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་ལ་གཟར་ཏེ། བཅོམ་ལྡན་འདས་ལ་ཐལ་མོ་སྦྱར་ཞིང་བཅོམ་ལྡན་འདས་ལ་ཕྱག་བྱས་ནས་མཆོད་དེ་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་སྲོག་གི་འབྱུང་བ་ཞེས་བྱ་བ་དེ་ཁོ་ན་ཉིད་ཆེན་པོ་མཆོག་ཏུ་གསང་བ་སྙིང་པོ་ལས་ཀྱང་སྙིང་པོ་མཆོག་ཏུ་བཤད་དུ་གསོལ། ། དེ་ནས་བཅོམ་ལྡན་འདས་ཀྱིས་རྡོ་རྗེ་འཆང་ཀུན་ཏུ་བཟང་པོ་ལ་ལེགས་སོ་ལེགས་སོ་བྱིན་ཞིང་འདི་སྐད་གསུངས་སོ།། ཀུན་ཏུ་བཟང་པོ་ཇི་ལྟར་ཞུས་པ་བཤད་པ་དེ་ཉོན་ཅིག། འཇིག་རྟེན་འདི་དག་ལྟ་བ་ན།། ལོག་པའི་ང་རྒྱལ་དང་ལྡན་པ།། རྟོག་གེ་ཉན་ཐོས་སེམས་ཙམ་པ།། དེ་བཞིན་དབུ་མ་པ་རྣམས་ཀྱང།། རང་གི་ངོ་བོ་བརྗེད་འགྱུར་བས། ། ལམ་ལོག་པ་ནི་བརྟེན་པར་བྱེད།། དེ་རྣམས་རྟོགས་པར་བྱ་བའི་ཕྱིར།། མདོར་བསྡུས་པ་ནི་དེ་ཉིད་ཉོན།། ཡོད་མེད་རྟོག་པ་ལ་ཁྱབ་པ།། དངོས་དང་དངོས་མེད་གཉིས་ལ་གནས། ། བླང་དོར་དག་ལས་ཐ་དད་མིན།། སྒྱུ་དང་སྒྱུ་མིན་མཉམ་པའི་གནས།། ཕྱི་དང་ནང་གི་གཟུགས་སོགས་དང།། མིག་ལ་སོགས་པ་ཐ་མི་དད།། ཁྱད་པར་བྱེད་པ་གནས་པ་སྟེ། ། མུ་ཏིག་འཕྲེང་བ་སྲད་བུ་བཞིན།། དེ་ཉིད་སྲོག་ཆགས་རྣམས་ཀྱི་སྲོག། གཟུགས་དང་གཟུགས་མེད་གཉིས་ཀར་གནས།། གོ་རིམ་གྱི་ནི་ཇི་བཞིན་དུ།། དེ་ཡི་འབྱུང་བ་བཤད་པར་བྱ།། བཏགས་པ་དང་ནི་རྫས་ཡོད་དང། ། དངོས་པོ་རྣམས་ཀྱིས་རྟོག་པ་གཉིས།། རྟོགས་པ་ཡོད་པ་ཀུན་བཏགས་པ།། མཁས་པས་ཚད་མ་དེ་མི་འདོད།། འཁྲུལ་བའི་ངོ་བོ་ཡིན་ཕྱིར་དང།། མི་གསལ་ཕྱིར་ན་ཡང་དག་མིན།། རྫས་ཡོད་པས་ནི་དེ་ལོག་པས། ། ཕུང་པོ་ལ་སོགས་ཚད་མར་ཡོད།། དེ་ལྟར་ཉན་ཐོས་སྤྱོད་པ་ཅན།། ཡེ་ཤེས་སྤངས་པས་འདོད་པས་ཡིན།། དེ་རྣམས་རྟོགས་པར་བྱ་བའི་ཕྱིར།། སྲོག་གི་འབྱུང་བ་ཉན་པར་གྱིས།། དོན་དམ་པ་ཡི་བཏགས་པ་ནི། ། ཆོས་ཀྱི་སྐུ་ཡི་བདག་ཉིད་འདོད།། རྫས་ཀྱང་ཐ་མི་དད་པའི་ཕྱིར།། གང་ཚེ་དེ་ཡི་ངོ་ཡིན་ན།། ཚད་མ་དང་ནི་ཚད་མིན་ལ།། དེ་ཚེ་དེ་དག་ཁྱད་ཅི་ཡོད།། ཚད་མའམ་ནི་ཚད་མིན་པ།། རང་བཞིན་གྱིས་ནི་ནམ་མཁས་ཁྱབ། ། གཞལ་བྱ་གཞལ་བྱ་མ་ཡིན་པ།། སྲོག་གི་འབྱུང་བ་ལ་བརྟེན་ཏེ།། བླང་དང་དོར་བའི་རྟོག་པ་ནི།། ངོ་བོ་ཉིད་དུ་ཡོད་མ་ཡིན།། དངོས་པོ་ཀུན་གྱི་རང་བཞིན་ནི།། ནམ་མཁའ་ཆེན་པོ་གཅིག་པུ་ཉིད། ། ཉོན་མོངས་སྤང་བར་བྱ་བའི་ཕྱིར།། ལམ་སྒོམ་པ་ཡང་དོན་མེད་དོ།། སྤངས་པའམ་ནི་མ་སྤངས་པ།། ཉོན་མོངས་ཤེས་བྱ་ནམ་མཁའ་ཆེ།། འགོག་པའི་སྙོམས་པར་འཇུག་པ་དང།། དགྲ་བཅོམ་པ་ཉིད་ཐར་པ་འདོད། ། སེམས་ཅན་འཆིང་བར་བྱ་བའི་ཕྱིར།། ཉོན་མོངས་པ་རྣམས་འཁོར་བ་ཡིན།། དེ་ལྟར་གང་ཞིག་ལྟ་དམན་པའི།། གྲུབ་མཐའ་སྲིད་པའི་བཅིངས་སྟེར་བ།། དེ་ལ་དེ་ལྟར་ཁོ་ན་ཉིད།། མདོར་བསྡུས་པས་ནི་བཤད་པར་བྱ། ། ཉོན་མོངས་བཅོམ་པ་ཉིད་གཅིག་ཕྱིར།། བཅིང་དང་ཐར་པ་གཅིག་ཡིན་ཏེ། ཁྱབ་བྱེད་སེལ་བྱ་མིན་པའི་ཕྱིར།། གཉིས་པོ་དེ་དག་མཁའ་དང་མཚུངས།། ནམ་མཁའ་ནམ་མཁའ་དང་སྦྱོར་བ། ། ཐམས་ཅད་ནམ་མཁའ་ནམ་མཁའ་ཆེ།། ས་དང་ཆུ་དང་མེ་དང་རླུང།། ཕུང་པོ་ལྔ་དང་དབང་པོ་དྲུག། གཟུགས་ལ་སོགས་པ་ཡུལ་ཚོགས་ནི།། ཐམས་ཅད་ནམ་མཁའ་བཞིན་དུ་མིན།། ཁྱབ་བྱ་དང་ནི་ཁྱབ་བྱེད་བློ། ། ནམ་མཁའ་ཡི་ནི་ངོ་བོ་ཉིད།། སངས་རྒྱས་མ་ཐོབ་པ་ཉིད་མེད།། འགྲོ་བ་དེ་ཉིད་ལ་ནི་གནས།། སྒོམ་པ་དོན་མེད་པ་ཉིད་དེ།། དེ་ནི་འབའ་ཞིག་ངལ་བ་ཡིན།། དེ་ཕྱིར་ཆོས་རྣམས་མཁའ་དང་མཚུངས། ། ནམ་མཁའ་ཡང་ནི་ཡེ་ཤེས་མཆོག། ཡེ་ཤེས་ནམ་མཁའ་ཕན་ཚུན་ནི།། དོན་དམ་པར་ནི་དབྱེར་མེད་པའོ།། སྲོག་གི་འབྱུང་བ་ཞེས་བྱ་བ་རྒྱུད་ཆེན་པོ་ལས། ཐེག་པ་དམན་པ་སེལ་བ་བསྟན་པ་ཞེས་བྱ་བའི་ལེའུ་སྟེ་དང་པོའོ། །།། དེ་ནས་གཞན་ཡང་བཤད་བྱ་བ།། ང་རྒྱལ་པ་ཡི་ཡང་དག་གཞུང།། དེ་ཡི་ལམ་དང་སེལ་བ་དང།། གང་གིས་འཇིག་རྟེན་འགྲོལ་བར་འགྱུར།། གཟུངས་བའི་ཆ་ནི་ཚད་མ་ཡིན།། གནོད་པར་འགྱུར་བས་ཡོད་མ་ཡིན། ། འཛིན་པའི་ཆ་ནི་ཚད་མ་ཡིས།། གྲུབ་པ་ཉིད་དུ་ཡོད་མ་ཡིན།། རྣམ་ཤེས་བསྐྱེད་པའི་ཤུགས་ཀྱིས་ནི།། རྗེས་སུ་དཔག་པས་གཏན་ལ་ཕབ།། གཟུང་བའི་ཆ་ཡང་ཡོད་མ་ཡིན།། འདི་ལ་འདི་ལྟར་རིག་པར་ལྡན། ། རྒྱུ་མེད་པས་ནི་འབྲས་བུ་ནི།། ཁ་ཅིག་ཏུ་ནི་མཐོང་མ་ཡིན།། ས་བོན་མེད་པས་མྱུ་གུ་དག། གང་དུ་ཡང་ནི་སྲིད་མ་ཡིན།། དེ་ཕྱིར་གཟུང་བའི་ཆ་བཞིན་དུ།། འཛིན་པའི་ཆ་ཡང་ཡོད་མ་ཡིན། ། ཕྱེད་ཡོད་པ་དང་ཕྱེད་མེད་ཅེས།། རིག་པར་སྨྲ་བ་མ་ཡིན་ནོ།། གཟུང་བའི་ཆ་ནི་མེད་གྱུར་ན།། དོན་དམ་པ་སྟེ་ཡོད་མ་ཡིན།། དེ་ཉིད་ཀྱི་ཕྱིར་ང་རྒྱལ་པས།། འདོད་པའི་སྨྲ་བའི་རིག་ལྡན་མིན།། གཟུང་བ་དང་ནི་འཛིན་པའི་ཆ། ། ཡོད་གཅིག་དང་ནི་མེད་གཅིག་སྟེ།། སྲོག་གི་འབྱུང་བ་གཅིག་ཤེས་པས།། དེ་དག་ལ་ནི་ཁྱབ་པར་གནས།། ཇི་ལྟར་པདྨ་ར་ག་སོགས།། གཟུགས་དང་ཁ་དོག་ཐ་དད་པས།། དེ་ཀུན་ལ་ནི་ནོར་བུ་ཉིད། ། ཁྱབ་པ་ཉིད་དུ་གནས་པ་སྟེ།། རྟེན་ཅིང་འབྱུང་བའི་ཆོས་བསྟན་པས།། དེ་བཞིན་དངོས་པོ་ཐམས་ཅད་ལ།། སྲོག་འབྱུང་བ་ནི་གཅིག་པུ་ཉིད།། ནམ་མཁའ་བཞིན་དུ་ཁྱབ་པར་གནས།། ཇི་ལྟར་ཆུ་དང་ཆུ་བྲན་ཀུན། ། རྒྱ་མཚོ་ལ་ནི་ཞུགས་འགྱུར་བ།། དེ་བཞིན་འཁོར་བ་མྱ་ངན་འདས།། ནམ་མཁའ་ཆེ་ལ་རབ་ཏུ་གནས།། འཆིང་བ་དང་ནི་གྲོལ་བ་སྟེ།། དོན་དམ་པར་ནི་སུ་ཞིག་ཡོད།། སྐྱེ་བོ་འཇིག་པ་འཁོར་བ་དང།། ཐར་པ་འབའ་ཞིག་ནམ་མཁའ་ཡིན། ། གཟུང་བའི་ཆ་དང་འཛིན་པའི་ཆ།། ཡང་ན་ཕྱེད་ཆ་གང་ཡིན་པ།། དེ་ཉིད་ཤིན་ཏུ་ཟབ་པ་ཡི།། ནམ་མཁའི་བདག་ཉིད་གཞན་དུ་མིན།། མེད་པ་གང་ཞིག་ལ་རིགས་ཏེ། ། ཡང་ན་ཡོད་པ་གང་ལ་རིགས།། ངོ་བོ་གཅིག་པའི་ནམ་མཁའ་ལ།། དབྱེ་བ་གཉིས་ནི་ངོ་ཚ་ཡིན།། རང་རིག་ཉིད་ཀྱི་འཛིན་པའི་ཆ།། གལ་ཏེ་ཚད་མ་ཉིད་ཡིན་ན།། རང་རིག་མ་ཡིན་ཚད་མ་ཡིན།། ཁྱོད་ལ་གང་ལ་ངེས་པ་ཡོད། ། ཤེས་པ་དེའམ་གཞན་མ་དེ།། དེ་ལྟར་རྟོག་པ་ཉིད་ལ་ནི།། དེས་ན་འདིར་ནི་འགལ་འགྱུར་ཏེ།། རལ་གྲི་སོས་ནི་རང་གཅོད་བཞིན།། གལ་ཏེ་གཞན་གྱི་དེ་ཡི་ཚེ།། རང་རིག་ལ་ནི་གནོད་ཐལ་འགྱུར། ། དེ་ཡང་གཞན་གྱིས་དེ་བཞིན་གྱིས།། དེ་ལྟར་མཐར་ཐུག་མེད་ཐལ་འགྱུར།། སྐྱོན་གཉིས་ཐལ་བར་འགྱུར་བའི་ཕྱིར།། འཛིན་པའི་ཆ་ནི་རིག་ལྡན་མིན།། གཟུང་ཆ་ཕྱེད་ཡོད་ཕྱེད་མེད་ལྟར།། འདི་འདྲ་བྱིས་པའི་སྨྲ་བ་ཡིན། ། རིག་པ་མིན་པའི་གྲུབ་པའི་མཐའ།། སྨྲ་བ་པོ་རྣམས་འདི་ལྟར་གནས།། དེ་ཕྱིར་གཟུང་བ་ཡོད་མེད་དམ།། འཛིན་པ་ཡང་ནི་ཡོད་མེད་གཅིག། འབའ་ཞིག་ཡེ་ཤེས་བདག་ཉིད་ཆེ།། ཕྱོགས་འདི་ལ་ནི་རྣམ་པར་རོལ། ། བསམ་གྱིས་མི་ཁྱབ་ཡེ་ཤེས་ཆེ།། དེ་ཉིད་གཅིག་ལ་ཡིད་ཞུགས་པ།། མཁས་པས་གང་ཞིག་བཀག་པ་འམ།། གང་ཞིག་ངེས་པར་བཞག་པར་བྱེད།། དེ་ཕྱིར་ལོག་པའི་ལྟ་བ་འདི།། གལ་ཏེ་ལྟ་བ་བཟང་འདོད་ན། ། བརྫུན་དང་རྫུན་མིན་ང་རྒྱལ་འདི།། ཐམས་ཅད་ནམ་མཁའ་དང་མཚུངས་པའོ།། སྲོག་གི་འབྱུང་བ་ཞེས་བྱ་བ་རྒྱུད་ཆེན་པོ་ལས། བསེ་རུའི་ཐེག་པ་སེལ་བ་ཞེས་བྱ་བའི་ལེའུ་སྟེ་གཉིས་པའོ། །།། དེ་ནས་ཡང་དག་བཤད་བྱ་བ།། སེམས་ཙམ་ལ་གནས་བདག་ཉིད་ཀྱི།། གྲུབ་མཐའ་སེལ་བ་གང་གིས་ནི།། ཡང་དག་དེ་ཉིད་གསལ་བར་འགྱུར།། ཕྱི་རོལ་དོན་ནི་ཡོད་མ་ཡིན།། ཇི་ལྟར་བྱིས་པ་རྣམས་ཀྱི་བརྟགས། བག་ཆགས་ཀྱིས་ནི་དཀྲུགས་པའི་སེམས།། དོན་ལྟར་སྣང་བ་རབ་ཏུ་འཇུག། ཕྱི་རོལ་གཞན་གྱི་དོན་བྱེད་མིན།། བྱ་བ་དེ་ནི་སེམས་ཉིད་དེ།། དོན་ནི་ཐུན་མོང་ཡིན་ཕྱིར་དང།། བློ་ནི་དེ་ལས་བཟློག་ཕྱིར་རོ། ། རབ་ཏུ་བྱུང་བ་འདོད་རྣམས་ཀྱིས།། བུད་མེད་ཀྱི་ནི་རོ་གཅིག་ལ།། རོ་དང་རོལ་མ་བཟའ་བ་ཞེས།། རྣམ་པར་རྟོག་པ་གསུམ་འབྱུང་ངོ།། གང་དང་གང་སྣང་དེ་དང་དེ།། རང་རིག་ཙམ་ནི་བཤད་པ་ཡིན། ། སྣང་བ་ཐ་མི་དད་པའི་ཕྱིར།། དོན་མིན་དེ་ནི་རྣམ་ཤེས་མིན།། གང་ཞིག་རྣམ་པ་སྣང་བ་སྟེ།། དེ་དེ་རྣམ་ཤེས་སྣང་བ་སྟེ།། བློ་ནི་ཤེལ་སྒོང་དང་འདྲ་བ།། གཅིག་ཀྱང་དུ་མ་ཉིད་དུ་གྱུར།། དེ་ཕྱིར་དེ་ཉིད་རྣམ་གྲོལ་དང། ། དེ་ཉིད་རྣམ་པར་རིག་ཙམ་ཉིད།། ཡང་དག་མཐའ་ཡང་དེ་ཉིད་དང།། དེ་ཉིད་དེ་བཞིན་དེ་སྟོང་ཉིད།། ཆོས་ཀུན་ནང་དུ་ཆུད་པའི་ཕྱིར།། རིང་དུ་མ་ཡིན་གང་དུ་མིན།། དེ་ཉིད་དཀའ་བ་རྟོགས་པའི་ཕྱིར། ། དེ་ཡི་ངོ་བོ་སྤྱོད་པ་ཡིན།། ཕྲ་བར་ལྟ་བའི་སངས་རྒྱས་ཀྱིས།། དེ་ནི་ཕྲ་ཕྱིར་རང་རིག་ཡིན།། བདག་དང་འདྲ་བའི་བློ་རགས་པས།། རང་གནས་ཀྱང་ནི་མཐོང་མི་འགྱུར།། དེ་ལྟར་རྣམ་ཤེས་སྣ་ཚོགས་པ། ། སྨྲ་བ་པོ་གང་བློ་ཆེན་པོ།། རང་གི་གྲུབ་མཐའ་རབ་སྨྲ་བ།། དེ་ལ་དེ་ཉིད་བཤད་པར་བྱ།། འདི་ནི་ཐམས་ཅད་སེམས་ཙམ་ཞེས།། ཉན་ཐོས་པ་ལ་ཕན་པའི་ཕྱིར།། དྲང་བའི་དོན་དུ་བསྟན་ཡིན་གྱི།། ངེས་པའི་དོན་ནི་མ་ཡིན་ནོ། ། སེམས་ནི་སྔ་དང་ཕྱིར་གྱུར་པའི།། རང་རིག་སྐད་ཅིག་མའི་བདག་ཉིད།། མི་གནས་གནས་པའི་སྦྱོར་བ་ཡིས།། དེ་དང་འདྲ་བའི་རང་ངོ་མེད།། སྔ་མ་སྐད་ཅིག་འཇིག་པ་དང།། མ་ཕྲད་པས་ནི་ཕྱི་མ་མེད། ། ད་ལྟར་བྱུང་བ་མི་གནས་པས།། སེམས་ཙམ་ཡོད་པ་མ་ཡིན་ནོ།། ཐུན་མོང་ཐུན་མོང་ཉིད་དག་གིས།། སེམས་ནི་ཡང་དག་གནས་པས་ནི།། ཐུན་མོང་མ་ཡིན་པ་ཉིད་ཅེས།། བྱིས་པ་རྣམས་ཀྱིས་ལོག་པར་བཏགས། ། རྟོགས་པའི་བདག་ཉིད་ངོ་བོ་ནི།། སེམས་ཀྱི་ཐུན་མོང་གི་བདག་ཉིད།། ཁྱད་པར་དང་ནི་དབྱེར་མེད་པས།། ཐུན་མོང་ཉིད་དུ་རྣམ་པར་གནས།། སྣང་བ་འམ་ནི་མི་སྣང་བ།། དེ་ནི་བློ་ཉིད་འབའ་ཞིག་སྟེ། ། དོན་དང་དོན་མིན་ངོ་བོ་ཡིས།། ནམ་མཁའ་ཉིད་དུ་འགའ་ཞིང་སྣང།། ཀ་བ་ཁང་དང་བུམ་སོགས་པ།། ཇི་ལྟར་ནམ་མཁའ་འབའ་ཞིག་ཁྱབ།། དེ་བཞིན་ཆོས་རྣམས་ཐམས་ཅད་ལ།། ཆོས་ཀྱི་སྐུ་ནི་ཁྱབ་པར་གནས། ། ཕྱི་རོལ་དངོས་པོ་ཡོད་མིན་དང།། སེམས་ནི་དངོས་པོ་སྣང་བ་སྟེ།། དེ་ལྟར་ཆུང་བ་ཡེ་ཤེས་ནི།། དེ་ཉིད་རིག་པས་རིག་སྨྲ་མིན།། ཁྱབ་བྱེད་རྒྱ་ཆེན་དག་པ་དང།། ཐོག་པ་མེད་ཅིང་བསྟན་དུ་མེད།། ཐམས་ཅད་བདག་ཉིད་ཡེ་ཤེས་ནི། ། ནམ་མཁའ་ཆེན་པོ་ཤེས་པར་བྱ། དེ་ཕྱིར་དེ་དག་ཕྱོགས་གཅིག་པ།། སེམས་ཙམ་རབ་ཏུ་སྨྲ་བ་སྟེ།། ནམ་མཁའི་སྤྱོད་ཡུལ་སེམས་ཉིད་ཆེ།། དེ་དག་སྙིང་རྗེའི་གནས་ཡིན་ནོ།། སྲོག་གི་འབྱུང་བ་ཞེས་བྱ་བའི་རྒྱུད་ཆེན་པོ་ལས། རྣལ་འབྱོར་སྤྱོད་པའི་གཞུང་སེལ་ཞེས་བྱ་བའི་ལེའུ་སྟེ་གསུམ་པའོ།།།། དེ་ནས་གཞན་ཡང་བཤད་བྱ་བ། བྱང་ཆུབ་སེམས་དཔའ་ལམ་གྱི་རིམ།། ཇི་ལྟར་རང་གཞུང་དེ་སྤངས་ནས། ། ནམ་མཁའ་ཆེ་ལ་ཞུགས་པར་བྱ།། དངོས་པོ་ཀུན་ནི་རང་བཞིན་མེད།། གཅིག་དང་དུ་མ་བྲལ་བའི་ཕྱིར། གཟུགས་བརྙན་དང་མཚུངས་དེ་དག་ཀྱང།། དེ་ཉིད་གཞན་ཉིད་རྣམ་སྤངས་བ།། ཁྱབ་པར་བྱེད་པ་མི་དམིགས་པས། ། དངོས་པོ་བརྟགས་པ་བདག་ཉིད་ཀྱི།། ཡང་དག་ངོ་བོ་ཡོད་མ་ཡིན།། དེ་མེད་པས་ཀྱང་དེ་རྣམས་མེད།། སྣང་བའམ་ནི་མི་སྣང་བ།། ཇི་ལྟར་ཀློང་ནི་ཡོད་མ་ཡིན།། སྣང་བའམ་ནི་མི་སྣང་བ།། དེ་བཞིན་དུ་ནི་དངོས་པོ་མེད། ། ཇི་ལྟར་སྨིག་སྒྱུ་སོས་དུས་སུ།། རི་དྭགས་ཀྱིས་ནི་ཆུ་འཛིན་པ།། སེམས་ཀྱི་ཡུལ་ལ་སྣང་བ་ཡང།། དེ་ལ་དངོས་པོ་ཡོད་མ་ཡིན།། ཕུང་པོ་འདི་དག་སྙིང་པོ་མེད།། རྟོག་པ་ལས་ནི་ཡང་དག་བྱུང། ། གང་གིས་སྟོང་པ་ཞེས་བཏགས་པས།། རྟོག་པ་དེ་ཡང་སྟོང་པ་ཉིད།། ནང་ནི་སྙིང་པོར་ལྟ་བ་དང།། ཕྱི་རོལ་ཡང་ནི་སྟོང་པར་ལྟ།། གང་གིས་སྟོང་པ་ཉིད་སྒོམ་པ།། དེ་ཡང་ཁ་ཅིག་ཡོད་མ་ཡིན། ། བསམ་མེད་བསམ་གཏན་བསམ་བྱ་དང།། སྤོང་བ་དང་ནི་བདེན་པ་མཐོང།། འདི་དག་རྟོག་པ་ཙམ་ཉིད་དེ།། གང་གི་ཞེས་པ་དེ་གྲོལ་འགྱུར།། གཟུགས་ནི་ལྦུ་བ་ལྟ་བུར་བཤད།། ཚོར་བ་ཆུ་བུར་ལྟ་བུ་སྟེ། ། འདུ་ཤེས་སྨིག་སྒྱུ་ལྟ་བུ་སྟེ།། འདུ་བྱེད་ཆུ་ཤིང་དང་མཚུངས་ཏེ།། རྣམ་པར་ཤེས་པ་སྒྱུ་མ་བཞིན།། ཁམས་རྣམས་མིག་ཡོར་ལྟ་བུ་སྟེ།། དབང་པོ་རྣམས་དང་ཡུལ་རྣམས་ནི།། དྲི་ཟའི་གྲོང་ཁྱེར་དང་འདྲ་བ།། དེ་ལྟར་གང་དག་དབུ་མ་པ། ། སྨྲས་པ་དེ་ནི་མཆོག་མ་ཡིན།། ཆད་པའི་ཕྱོགས་ཀྱི་སྐྱོན་གྱིས་ནི།། བྱིས་པའི་བློ་གྲོས་དེ་དག་ཉིད།། སྣང་བ་སྒྱུ་མའི་རང་བཞིན་ཡིན།། དེ་ཚེ་རྟག་པའི་ཕྱོགས་སུ་འགྱུར།། མཐའ་གཉིས་ཐལ་བར་འགྱུར་བའི་ཕྱིར། ། ཡང་དག་ཡེ་ཤེས་དེ་མ་ཡིན།། མཐའ་ཡས་མཚུངས་མེད་ཁྱབ་བྱེད་པ།། རྟག་པ་ཆད་པ་རྣམ་སྤངས་པ།། རྣམ་པར་མི་རྟོག་འགྱུར་བ་མེད།། སྲོག་འབྱུང་ཆེན་པོ་དེ་ཉིད་ཡིན།། ཇི་ལྟར་སྲོག་ཆགས་འཚོ་འགྱུར་བ། ། འགྲོ་དང་འོང་བ་བདག་ཉིད་ཅན།། ལས་ལ་རབ་ཏུ་སྦྱར་བ་སྟེ།། དེ་བཞིན་དེ་ཉིད་ཤིན་ཏུ་བསྟན།། སྟོང་པ་བཅོ་བརྒྱད་ཡེ་ཤེས་ནི།། ཉེས་པ་གང་གིས་ངེས་བྱས་པ།། ངེས་པའི་ཉེས་པ་ཡོད་པའི་ཕྱིར། ། དེ་ནི་ཇི་ལྟར་སྟོང་པར་བཤད།། ངེས་པའི་རྟོགས་པས་སྟོང་པར་ན།། བེམ་པོས་ཇི་ལྟར་གཞག་པར་བྱེད།། རྟག་ཏུ་རང་གི་གྲུབ་པའི་མཐའ།། མེད་ཕྱིར་ངེས་པ་ཡོད་མ་ཡིན།། གྲུབ་པའི་མཐའ་ནི་ཁས་བླངས་ན། ། ཕྱོགས་ནི་རབ་ཏུ་ཐལ་བར་འགྱུར།། དེ་ཕྱིར་སྟོང་པ་ཉིད་སྨྲ་བ།། ཚིག་ཙམ་ལ་ནི་མཁས་པ་ཡིན།། ཨེ་མ་སྐྱེས་བུ་ང་རྒྱལ་ཅན།། དེ་ཉིད་ཀྱི་ཕྱིར་མི་གནས་པས།། སྒྲུབ་པ་དང་ནི་སུན་འབྱིན་པས།། ཅི་འདོད་དོན་ནི་གཞག་པར་བྱེད། ། དེ་ཉིད་སྨན་པ་དེ་རྣམས་ནི།། ཡང་དག་ལམ་ནི་མི་ཤེས་ལ།། སྙིང་རྗེ་ཆེན་པོ་རིགས་ཡིན་ཏེ།། མིན་ན་དམྱལ་བར་འགྲོ་བར་འགྱུར།། སྲོག་འབྱུང་བ་ཡི་ལམ་སྤངས་ནས།། ཐམས་ཅད་ཁྱབ་པ་ནམ་མཁའ་ཆེ། ། འཁོར་བ་ནས་ནི་སྐྱེ་བ་རྣམས།། འདོད་པ་ཡི་ནི་ཐབས་གཞན་མེད།། སྲོག་གི་འབྱུང་བ་ཞེས་བྱ་བ་རྒྱུད་ཆེན་པོ་ལས། བྱང་ཆུབ་སེམས་དཔའི་ལས་སེལ་བ་ཞེས་བྱ་བའི་ལེའུ་སྟེ་བཞི་པའོ། །།། དེ་ནས་གཞན་ཡང་བཤད་བྱ་བ།། ལྷ་ཡི་སྐུ་ནི་བསྒོམ་པ་རྣམས།། སེལ་བ་གང་གི་དེ་ཁོ་ན།། བྱིས་པས་ཡང་དག་ཤེས་པར་འགྱུར།། ཕུང་པོ་ལྔ་ནི་མདོར་བསྡུས་པས།། སངས་རྒྱས་ལྔར་ནི་རབ་ཏུ་གྲགས། ། རྡོ་རྗེ་སྐྱེ་མཆེད་ཉིད་དག་ནི།། བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་མཆོག། ས་ནི་སངས་རྒྱས་སྤྱན་བཤད་དང།། ཆུ་ཡི་ཁམས་ནི་མཱ་མ་ཀི།། མེ་ནི་གོས་དཀར་མོ་ཡིན་ཏེ།། རླུང་ནི་སྒྲོལ་མར་རབ་ཏུ་གྲགས། ། ནམ་མཁའི་ཁམས་ནི་བཅོམ་ལྡན་འདས།། ཁྱབ་བདག་རྡོ་རྗེ་འཆང་ཆེན་ཡིན།། དེ་ལྟར་ལྷ་ཡི་རྣམ་པ་ནི།། ཁམས་གསུམ་པ་རྣམས་ཐམས་ཅད་ཡིན།། དེ་ནི་རིག་པ་ལྡན་མིན་ཏེ།། དྲང་བའི་དོན་དུ་བདག་གིས་བསྟན། ། སངས་རྒྱས་དགོངས་པ་ལ་སོགས་པ།། དགོངས་པ་མིན་པར་གསུངས་པ་མིན།། གལ་ཏེ་སྣ་ཚོགས་ཐམས་ཅད་ནི།། ལྷ་ཡི་སྐུ་ནི་འཛིན་པ་ན།། དེ་ཚེ་བྱིས་པའི་སྐྱེ་བོ་ལ།། ཇི་ལྟར་མངོན་ཤེས་འབྱུང་མི་འགྱུར། ། མི་འཇིགས་པ་དང་དབང་རྣམས་དང།། ཐུན་མོང་མིན་པའི་སངས་རྒྱས་ཀྱི།། ཡོན་ཏན་མཚན་དང་དཔེ་བྱད་སོགས།། ཇི་ལྟར་འདི་ལ་མ་མཐོང་སྟེ།། མ་མཐོང་བ་ལ་ལྷ་སྟེ་མིན།། ཀུན་མཁྱེན་ཡེ་ཤེས་འབྲལ་ཕྱིར་དང། ། ཉོན་མོངས་ཀུན་ཏུ་འབྱུང་ཕྱིར་དང།། སྦྱིན་སོགས་ཕ་རོལ་མ་ཐོབ་དང།། འཇིག་རྟེན་པ་ལ་རྟེན་ཕྱིར་དང།། སྨན་དང་སེམས་ཅན་དོན་མེད་ཕྱིར།། འགྲོ་བ་ལྷ་ཡི་རང་བཞིན་མིན།། དང་པོ་ཉོན་མོངས་སྦྱངས་བྱས་ནས། ། གལ་ཏེ་ཕྱི་ནས་བསྒོམ་པ་ཡིས།། འགྲོ་བ་ལྷ་ཡི་སྐུ་ཐོབ་ན།། དེ་ཡང་རིགས་པ་ལྡན་པ་ཡིན།། ལྷ་ཡི་སྐུ་ནི་རང་བཞིན་ནམ།། གལ་ཏེ་རང་བཞིན་མ་ཡིན་པ།། རང་བཞིན་ཡིན་ན་ཉོན་མོངས་པ། ། སྦྱོང་བ་ཡིན་ཞེས་མི་རིགས་ཏེ།། ལྷ་ཡི་སྐུ་དང་ཉོན་མོངས་པའི།། ཕྱོགས་དག་འགལ་བ་ཡིན་པའི་ཕྱིར།། གཅིག་འབྱུང་བས་ན་གཉིས་པ་ནི།། གནས་པ་ཡིན་པར་མ་མཐོང་ངོ།། གལ་ཏེ་ལྷ་སྐུ་ངོ་མིན་ན། ། དེ་ཚེ་དེ་ཉིད་ཐོབ་པའི་ཕྱིར།། ཉོན་མོངས་ཆེན་པོ་སྦྱངས་ན་ཡང།། སུས་ཀྱང་དེ་ཉིད་ཐོབ་མི་འགྱུར།། ས་ལས་མར་ཁུ་བའི་རྭ་ལས།། འོ་མ་དང་ནི་མེ་ལས་ཆུ།། རང་བཞིན་མེད་པ་མི་རྙེད་པ།། དེ་བཞིན་དུ་ནི་ལྷ་དེ་ཡིན། ། ཞལ་གསུམ་ཕྱག་དྲུག་ཞི་བ་ནི།། ཇི་ལྟར་སྐུ་དེ་མཐོང་མི་འགྱུར།། དེ་ཕྱིར་ལྷ་ཡི་སྐུ་བསྒོམས་པ།། དེ་ནི་རྟོག་པ་ཅན་ཡིན་ནོ།། དེ་ཉིད་ཀྱི་ཕྱིར་བདག་གི་བུ།། རྟོག་པའི་རྣལ་འབྱོར་བསྟན་པ་ཡིན།། བཅེས་བའི་ལམ་ལ་བརྟེན་ནས་སུ། ། དངོས་པོའི་རང་བཞིན་ཇི་ལྟ་བུ།། ས་རྣམས་ཐོབ་པར་གྱུར་པས་ཀྱང།། དེ་ཉིད་ཡིན་ཏེ་མ་རྟོགས་སོ།། རྟོགས་པ་དང་ནི་རྫོགས་པ་སྟེ།། རྣལ་འབྱོར་རྣམ་པ་གཉིས་སུ་བསྟན།། དེ་ལ་སོགས་པ་མི་བྱ་ཡིས། ། ནམ་མཁའ་ལ་ནི་རྩོལ་བ་བྱ།། ཆོས་སྐུ་གཉིས་མེད་ཁྱབ་བྱེད་པ།། རྣལ་འབྱོར་ཐམས་ཅད་བདག་ཉིད་བཤད།། རྟོག་དང་མི་རྟོག་རྣམས་ལ་ནི།། དེ་ཉིད་བདག་པོ་མཆོག་ཡིན་ནོ།། རྣལ་འབྱོར་ཐམས་ཅད་བཅོམ་ལྡན་འདས། ། རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས།། ཁམས་གསུམ་པ་འདི་མ་ལུས་པ།། དེ་ཡི་ལོངས་སྤྱོད་ཀུན་ཡིན་ནོ།། སྲོག་གི་འབྱུང་བ་ཞེས་བྱ་བ་རྒྱུད་ཆེན་པོ་ལས། རྟོག་པའི་རྣལ་འབྱོར་སེལ་བ་ཞེས་བྱ་བ་སྟེ་ལེའུ་ལྔ་པའོ། །།། དེ་ནས་གཞན་ཡང་བཤད་བྱ་བ།། རྫོགས་པའི་རིམ་པ་སེལ་བ་དེ།། གང་གིས་ཕྱོགས་གཅིག་སྤངས་ནས་ནི།། ནམ་མཁའ་ཆེ་ལ་དེ་བཞིན་གཞག། སྲོག་དང་རྩོལ་བ་མེ་མཉམ་དང། ། གྱེན་དུ་འགྲོ་བ་ཁྱབ་བྱེད་ཉིད།། རླུང་ནི་ལྔ་པོ་དེ་དག་ཉིད།། ལུས་མ་རྟག་ཏུ་རྒྱུ་བ་ཡིན།། རྒྱུ་བ་ལ་སོགས་དེ་བཞིན་ལྔ།། ཉེ་བའི་རླུང་ནི་གང་ཡིན་པ།། དེ་རྣམས་དེ་ཉིད་ཡོངས་ཤེས་པས། ། གསུང་རྡོ་རྗེ་ཉིད་ཐོབ་པར་འགྱུར།། ཉུངས་ཀར་འདྲ་བ་དེ་ཉིད་ནི།། ཐིག་ལེ་སྔགས་སོགས་མཚན་ཉིད་དེ།། དགྲ་རྣམས་ཆེ་བའི་དུས་སུ་ནི།། དེ་ཡི་ངོ་བོ་རྟོགས་པར་འགྱུར།། འོད་གསལ་བ་ནི་རྟག་པའི་གནས། ། མ་ནིང་གོ་འཕང་ལ་གནས་པ།། འཇུག་དང་མདངས་དང་གནས་པ་དང།། དགྲལ་བས་དེ་ན་ཐོབ་པར་འགྱུར།། དེ་ལྟར་རླུང་གི་དེ་ཁོ་ན།། བློ་དམན་པས་ནི་སྨྲ་བར་བྱེད།། དེ་རྣམས་ལ་ནི་མདོར་བསྡུས་པས། ། སེལ་བ་མཆོག་ནི་བཤད་པར་བྱ།། རླུང་ནི་བེམས་པོ་ཇི་ལྟར་དེ།། ཁྱོད་ཀྱི་དེ་ཉིད་རྩོལ་བར་བྱས།། གང་གིས་དེ་ཉིད་ཕ་རོལ་ཕྱིན།། མགར་བ་ཡི་ནི་སྦུད་པ་ལ།། རླུང་གི་དེ་ཉིད་ཅིར་མི་འགྱུར།། དེ་བེམས་ཡིན་ན་འདི་ཡང་བེམས། ། དེ་ཉིད་བརྟགས་པ་ཅི་དགོས་སོ།། འཇུག་ཟློགས་དགག་པ་དེ་ཉིད་ན།། དེ་ནི་དཀའ་ལས་བདག་ཉིད་ཆེ།། མགུལ་ལ་སྲད་བུ་བཏགས་ནས་ནི།། ཅི་ཕྱིར་སྐད་ཅིག་འཆིང་མི་འགྱུར།། དུས་གསུམ་ངལ་བ་ཆེན་པོ་ལས། ། སྐད་ཅིག་ངལ་བ་བསྔགས་པ་ཡིན།། བདག་ཉིད་ངལ་བའི་སྦྱོར་བ་ཡིས།། ཁ་ཅིག་དེ་ཉིད་ཐོབ་མི་འགྱུར།། རང་བཞིན་རྣམས་ནི་འགོག་པ་ཡིས།། ཐམས་ཅད་སྟོང་པར་ཐོབ་འདོད་ན།། རོས་ཀྱང་ཐམས་ཅད་སྟོང་པའི་ཕྱིར། ། བྱང་ཆུབ་ཐོབ་པར་ཐལ་བར་འགྱུར།། གལ་ཏེ་སྒྱུ་མའི་དེ་ཉིད་ན།། མིག་འཕྲུལ་མཁན་ཡང་ཐལ་བར་འགྱུར།། འོད་གསལ་དེ་ཉིད་མ་ཡིན་ཏེ།། དེ་ནི་འཆད་པའི་ངོ་བོའི་ཕྱིར།། ཟུང་འཇུག་རིམ་པ་གཉིས་པོ་ནི། ། ཡོད་དམ་ཡང་ན་མེད་པ་དེ།། ཡོད་ན་གཉིས་སུ་སྣང་བར་འགྱུར་བ་དང།། མེད་ན་ཆད་པའི་ཕྱོགས་ཐལ་འགྱུར།། རྩ་ཡི་འདབ་མའི་དབྱེ་བ་ཡིས།། འཁོར་ལོ་བཞི་པོ་བསྒོམ་པ་ནི།། ཡོད་པའི་རང་བཞིན་དངོས་པོ་ལ། ། སྒ་བ་དག་ནི་མི་རིགས་སོ།། གཏུམ་མོ་སྤར་བའི་སྙམ་པ་ཅན།། མི་རྣམས་ཀྱིས་ནི་བསྒོམ་པར་རིགས།། རང་བཞིན་གྲུབ་པའི་ཆོས་ལ་ནི།། སུ་ཞིག་གིས་ནི་བསྒོམ་པར་བྱེད།། ས་ལ་སོགས་པ་འབྱུང་བ་ཆེ། ། སྲ་བ་ལ་སོགས་ཆོས་རྣམས་ནི།། སྒོམ་པ་མེད་ཀྱང་འགྲུབ་པ་སྟེ།། རྫོགས་པ་ཡང་ནི་དེ་བཞིན་ཡིན།། བཅོས་མ་གཉིས་ཀྱི་ངོ་བོ་ནི།། རྨོངས་པ་རྣམས་ཀྱི་བསྒོམ་བྱ་ཡིན།། མ་བཅོས་གཉིས་མེད་དེ་ལོང་ན། ། དེ་ནི་ནམ་ཡང་ཁོམ་མི་འགྱུར།། མིག་འཛུམ་པ་དང་ངག་བསྡམས་པ།། རྐང་པ་དང་ནི་བཅིངས་པ་དང།། དབེན་པར་གནས་དང་ལོངས་སྤྱོད་སྤངས།། བསམ་གཏན་གྱི་ནི་བཟའ་བ་སྟེ།། དེ་རྣམས་བཅོས་མ་དང་འདྲ་བ། ། དེ་ཁོ་ན་ཡི་སྒྱུ་མ་ཡིན།། རྟག་ཏུ་ཁྱབ་བྱེད་ནམ་མཁའ་ཆེ།། ཆོས་ཀྱི་སྐུ་ནི་སྙོག་པ་མེད།། དངོས་པོ་ཀུན་གྱི་རང་དག་ཉིད།། རྣལ་འབྱོར་དམ་པས་ཤེས་པར་བྱ།། སུས་ཀྱང་མ་ཐོབ་པ་ནི་མེད། ། གང་ཕྱིར་དེ་ནི་ཀུན་གྱིས་ཐོབ།། ཡོངས་སུ་ཤེས་ན་འགྲོ་བ་རྣམས།། སངས་རྒྱས་ཡིན་པས་ཐེ་ཙོམ་མེད།། སྲོག་གི་འབྱུང་བ་ཞེས་བྱ་བའི་རྒྱུད་ཆེན་པོ་ལས། རྫོགས་པའི་རིམ་པ་སེལ་བ་ཞེས་བྱ་བ་སྟེ་ལེའུ་དྲུག་པའོ། །།། གཙང་དང་མི་གཙང་གཏན་ལ་ཕབ།། དེས་ནི་ཡང་དག་བཤད་བྱ་སྟེ།། གང་གི་ཐམས་ཅད་ནམ་མཁའ་ཆེ།། ཐོབ་པར་འགྱུར་ཏེ་ཐེ་ཙོམ་མེད།། འོ་མ་འབྲས་ཆན་རྒུན་འབྲུམ་སོགས།། གཙང་མ་ཡིན་པས་སྐྱེ་བོས་བཟའ། ། བདུད་རྩི་ལྔ་ནི་མི་གཙང་བས།། བློ་དམན་པས་ནི་སྨོད་པ་ཡིན།། དེ་ལ་ཚད་མ་གཉིས་སྣང་ནས།། གང་གིས་མི་གཙང་བཞག་པ་ཡིན།། ཚད་མ་གང་གིས་གཙང་བ་སྟེ།། དང་པོ་རབ་ཏུ་སྤྱད་པར་བྱ། ། རེ་ཞིག་ཚད་མ་དང་པོ་ཡིས།། བདུད་རྩི་མི་གཙང་མི་བརྟགས་ཏེ།། རྣམ་པར་མི་རྟོག་ངོ་ཕྱིར་དང།། འཁྲུལ་པ་མེད་ཕྱིར་མི་འབྱུང་ཕྱིར།། གང་གིས་མི་གཙང་མི་བརྟགས་པ། དེ་ནི་ཚད་མ་མ་ཡིན་ཏེ། ། འཁྲུལ་པ་ཡིན་ཕྱིར་རྟོག་བཅས་ཕྱིར།། ཕྱི་ཡི་རྣམ་པ་ཡིན་ཕྱིར་རོ།། ཕྱི་ཡི་རྣམ་པ་བློ་རྣམས་ནི།། གལ་ཏེ་མཚན་མ་ཉིད་བཏགས་ན།། རྨི་ལམ་ལ་སོགས་སྣང་བ་ཡི།། བློ་རྣམས་ཀྱང་ནི་དེ་འདྲ་འགྱུར།། གལ་ཏེ་ཚད་མ་གཉིས་པ་ཡིས། ། དེ་ནི་མི་གཙང་བཞག་པས་ན།། རྟགས་མེད་མི་འབྱུང་པ་ཡི་ཕྱིར།། འདི་ལ་རྟགས་ནི་ཡོད་མ་ཡིན།། ཁ་དོག་སེར་པོ་དྲི་ང་བ།། མི་གཙང་བ་ཡི་རྟགས་ཡིན་ན།། གསེར་དང་སྒོག་པ་ལ་སོགས་པ། ། མི་གཙང་བ་ཉིད་ཐལ་བར་འགྱུར།། ལྟོ་བའི་དྲོད་ཀྱིས་ཡོངས་སྨིན་པས།། ཁ་དོག་སེར་པོ་མི་གཙང་ན།། བ་ཡིས་ལྟོ་བའི་དྲོད་མིན་པ།། འོ་མ་ཡང་ནི་མི་གཙང་འགྱུར།། དེ་ཕྱིར་ཚད་མ་གཉིས་ཀྱི་ནི།། གང་ཞིག་རང་བཞིན་མ་གྲུབ་པ། ། དེ་ནི་མི་གཙང་བ་འམ།། སྲིད་པ་བཅིང་བས་ཇི་ལྟར་བཏགས།། འབྱུང་བ་ཆེན་པོ་ལས་བྱུང་ཀུན།། མི་གཙང་པ་ནི་ཇི་ལྟར་བཤད།། ཇི་ལྟར་གཙང་བ་བཤད་པ་སྟེ། ཐེག་པ་ཆེན་པོ་མ་མཐོང་ཕྱིར། ། དག་བྱེད་བསམ་པ་དམ་པ་དང།། མི་འགྱུར་སྐྱེ་བ་དང་བྲལ་བ།། དག་དང་འཆིང་བའི་གནོད་པ་ཡིས།། མི་གནོད་པ་དང་སྐྱོན་མེད་པ།། འདུ་འཛི་མེད་ཅིང་གདབ་ཐབས་མེད།། ཁྱབ་བདག་བདག་ཆེན་ཀུན་ལ་ཁྱབ། ། ལོངས་སྤྱོད་འགྲོ་བ་འབྲས་བུ་ཡི།། ལུས་ཅན་ཀུན་གྱིས་རྟེན་གྱུར་པ།། རྟོག་དང་རྟོག་མེད་ལས་འདས་པ།། ཆ་ཤས་མེད་ཅིང་ཆ་ཤས་ཅན།། འགྱུར་བ་མེད་ཅིང་སྣང་བ་མེད།། དངོས་དང་དངོས་མེད་སྣང་བ་བཅས། ། ཁྱབ་བྱེད་ནམ་མཁའ་དང་འདྲ་བ།། ཡེ་ཤེས་ཉིད་ལ་དཔྱད་པར་བྱ།། རང་བཞིན་སྤྱོད་ཡུལ་བསམ་མི་ཁྱབ།། ཡང་ན་རྣམ་པར་སྤྱོད་མི་བྱ།། སེམས་ཀྱི་ངོ་བོ་བསམ་མི་ཁྱབ།། དེ་ལྟར་ཚིག་གི་བྱས་པ་རྣམས། ། སེམས་ནི་རྟོག་པར་བྱེད་པ་ཡིས།། སེམས་ཀྱི་སེམས་ཉིད་མ་ཡིན་ནོ།། བོང་བ་སྐྱར་བ་གྱིས་འཛིན་ཏེ།། སྐྱར་བ་པོ་ལ་མ་ཡིན་པ།། དེ་བཞིན་དུ་ནི་སེམས་ཤེས་ཀྱིས།། སེམས་ཀྱི་སེམས་ཉིད་མ་ཡིན་ནོ། ། སེམས་དང་སེམས་མིན་སེམས་ངོ་བོ།། ཤེས་དང་ཤེས་བྱའི་ངོ་བོ་ཉིད།། བསྒོམ་བྱ་མ་ཡིན་ཐོབ་བྱ་མིན།། ཟབ་པ་སངས་རྒྱས་ཀྱིས་གསུངས་པའོ།། རྒྱ་མཚོ་ཤིན་ཏུ་གཏིང་མེད་དང།། ནམ་མཁའ་བཞིན་དུ་མཐའ་དང་བྲལ། ། ཚིམ་བྱེད་ཡིད་བཞིན་ནོར་བུ་བཞིན།། མར་མེ་བཞིན་དུ་མུན་སེལ་བ།། སེམས་དཔའ་ཆེན་པོ་གང་ཞེས་པ།། བདེ་འགྲོ་ལ་ནི་ཐེ་ཚོམ་མེད།། མི་ཤེས་ཤེས་པའི་དབྱེ་བ་ཡིས།། སྲིད་དང་མྱ་ངན་འདས་གནས་པ། ། དེ་ནི་སྲོག་གི་འབྱུང་བ་ཞེས་བྱ་བ་རྒྱུད་ཆེན་པོ་ལས། གཙང་དང་མི་གཙང་སེལ་བ་ཞེས་བྱ་བའི་ལེའུ་སྟེ་བདུན་པའོ།།།། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོས་དགའ་བས་སྤྱན་ཕྱེ་ཞིང་ཆེད་དུ་བརྗོད་པ་འདི་ནི་ཆེད་དུ་བརྗོད་དོ། ། ཨེ་མ་ཧོ་སངས་རྒྱས་ཚུལ་རེ་བཟང།། ཨེ་མ་ཧཽ་དེ་ཡོན་ཏན་དྲི་མ་མེད།། ཨེ་མ་ཧཽ་ཀུན་ནས་ཉོན་མོངས་དང།། རྣམ་སྦྱོངས་ལྡན་ཀྱང་མཚུངས་པའོ། ། མགོན་པོ་ཁྱེད་ལ་གསོལ་བ་བཏབ།། རང་གི་གྲུབ་མཐའ་ཇི་ལྟར་ལགས།། དེ་ཡི་སྒོམ་པ་ཇི་ལྟར་དང།། དེ་ཡི་སྤྱོད་པ་ཇི་ལྟར་དང།། དེ་ལྟར་བདག་ཉིད་ཐེ་ཚོམ་ནི།། མགོན་པོ་ཁྱེད་ཀྱིས་སེལ་བར་མཛོད། ། ཁྱབ་བདག་རྡོ་རྗེ་འཆང་ཆེན་པོ།། དེ་ནས་བདག་པོས་བཀའ་སྩལ་པ།། མདོར་ན་རང་བཞིན་གྲུབ་པའི་མཐའ།། སྐལ་ཆེན་བུ་ཁྱོད་མཉན་པར་གྱིས།། ཁམས་ཀྱི་དབྱེ་བས་རང་བཞིན་ནི།། སེམས་ཅན་སྣོད་དང་ཐ་དད་པས། ། གནས་པ་དེ་ནི་སེལ་མིན་དང།། མཁས་པས་ཀྱང་ནི་བསྒྲུབ་མི་བྱ།། བྱེ་བ་ཕྱེད་དང་བཞི་ཡི་ཚད།། རྩ་ཡི་འཁོར་ལོ་ལུས་ཅན་གྱིས།། དེ་ནི་བསྒོམ་པར་མི་བྱ་སྟེ།། རང་བཞིན་གྲུབ་ཕྱིར་མེ་དྲོད་བཞིན། ། ཀུན་ནས་ཉོན་མོངས་རྣམ་པར་བྱང།། རང་བཞིན་གྱིས་ནི་ཐ་མི་དད།། ཐབས་དང་བློ་ནི་གྲུབ་མཐའ་མིན།། ལས་ལས་ལོག་པ་གྲུབ་མཐའ་འོང།། རང་རིག་པ་ཡི་ངོ་བོ་ལ།། སྒོམ་པ་ཉིད་ནི་མི་རིགས་ཏེ། ། དངོས་མིན་ལ་ཡང་བསྒོམས་པ་མེད།། གཉིས་ཀའི་ཆ་དང་ལྡན་པ་ལ།། སྔ་མ་བཞིན་དུ་སྦ་བ་མིན།། གྲུབ་མཐའ་རང་བཞིན་གྱིས་གྲུབ་ན།། གང་ཞིག་གང་གིས་ཇི་ལྟར་བསྒོམ།། མཐོང་བར་དེ་ཉིད་མེད་པས་ནི། ། བསྒོམ་པས་དེ་ནི་ཐོབ་མི་འགྱུར།། ཐོབ་པར་དེ་ཉིད་ཡོད་པས་ན།། དེ་ཚེ་སྒོམ་པ་དོན་མེད་འགྱུར།། སྒོམ་པ་དྲི་མ་སྤོང་བའི་ཕྱིར།། གལ་ཏེ་བྱྀས་པས་བྱེད་པས་ནི།། ནམ་མཁའ་དྲི་མ་ཉིད་ཡིན་པས།། དེ་ཚེ་གང་གིས་གང་ཞིག་སྤོང། ། སྤོང་བ་འམ་ནི་མི་སྤོང་བ།། དོན་དམ་པར་ནི་ཡོད་མ་ཡིན།། གང་ཞིག་མ་དོར་རྒྱུ་ཡི་ཕྱིར།། སྒོམ་པ་ཤེས་པར་བསྒོམ་པར་བྱ།། མིག་འཛུམ་པ་དང་མིག་མི་འཛུམ།། ལོངས་སྤྱོད་ཉིད་དང་བདེ་དུས་སུ། ། གཏན་དུ་དེ་ཉིད་གང་གནས་པ།། དེ་ནི་ཇི་ལྟར་ཆུང་བར་བྱ།། ཁམས་གསུམ་མ་ལུས་ཁྱབ་བྱེད་པ།། བསྟན་དུ་ལ་སོགས་རྣམས་སྤངས་པ།། ཁྱབ་བྱེད་ནམ་མཁའ་གང་གི་ནི།། བུམ་པ་ཙམ་ཇི་ལྟར་ལ་གཞག་པར་བྱེད། ། རྒྱ་མཚོའི་ཆུ་ཡི་ཕུང་པོ་ནི།། ཕ་རོལ་ཚུ་རོལ་མ་མཐོང་བ།། འཐོར་འཐུང་བླངས་ནས་ཆུ་རྒྱུན་དང།། སུ་ཞིག་གིས་ནི་གཞལ་བར་བྱེད།། རི་རབ་སུམ་ཅུ་རྩ་དྲུག་གི། རྡུལ་ཕྲན་རབ་ནི་ཇི་སྙེད་པ། ། སོར་རྩེ་རྡུལ་ཕྲན་རབ་ཙམ་གྱིས།། སུ་ཞིག་གིས་ནི་མཚུངས་པར་བྱེད།། རྣམ་པ་མེད་ཅིང་སྣང་བ་མེད།། གཉིས་གཉིས་མེད་ཅིང་མཆོག་ཞི་བ།། དེ་ནི་ཡོད་མིན་མེད་མིན་ཏེ།། ཚིག་གི་སྤྱོད་ཡུལ་མ་ཡིན་ནོ། ། གྲུབ་མཐའ་འདི་ནི་མཆོག་ཡིན་ཏེ།། རྟོག་པས་འདི་ནི་མཆོག་ཡིན་ཏེ།། རྟོག་པས་འདི་ནི་མ་རྟོག་པ།། བླ་མའི་ཞལ་ནས་ཐོབ་བྱ་ཡིས།། གླེགས་བམ་མཐོང་བས་མ་ཡིན་ནོ།། དེའི་ཕྱིར་རྡོ་རྗེ་བླ་མ་ལས།། ཡང་དག་མན་ངག་བརྟེན་པར་བྱ། ། མངོན་སུམ་རྡོ་རྗེ་འཆང་འདྲ་བའི།། དེ་ནས་གྲུབ་མཐའ་ཐོབ་པར་འགྱུར།། སྲོག་གི་འབྱུང་བ་ཞེས་བྱ་བརྒྱུད་ཆེན་པོ་ལས། རང་གི་གྲུབ་པའི་མཐའ་གཏན་ལ་ཕབ་པ་ཞེས་བྱ་སྟེ་ལེའུ་བརྒྱད་པའོ། །།། དེ་ཡི་དེས་ནི་ཇི་ལྟ་བུ།། བཅོམ་ལྡན་བདག་གིས་ཉན་པར་འཚལ།། གང་ཞིག་ཤེས་པ་ཙམ་གྱིས་ནི།། རྣལ་འབྱོར་པ་ནི་མཁའ་འདྲར་གྱུར།། ཁྱབ་བདག་རྡོ་རྗེ་འཆང་ཆེན་པོ།། དེ་ནས་གཙོ་བོས་བཀའ་སྩལ་པ། ། བདག་གིས་དཔེ་ནི་བསྟན་པས་ན།། མཉམ་པར་གཞག་པས་བུ་ཁྱོད་ཉོན།། ཇི་ལྟར་བཀྲུས་པའི་བུམ་པ་ལ།། ཆུ་ཡི་སྲང་བརྒྱ་གཙུགས་བྱས་ནས།། གཞན་ཡང་དེ་ཡི་ནང་དུ་ནི།། ལན་ཚྭའི་སྲང་བརྒྱ་བཅུག་པར་བྱ། ། ལན་ཚྭ་ཞུ་བར་གྱུར་པ་དང།། ཆུ་དེ་སྲང་གིས་དགང་བར་བྱ།། ཆུ་སྲང་བརྒྱ་ལས་ལྷག་པར་ནི།། རྡུལ་ཕྲ་རབ་ཙམ་འབྱུང་མི་འགྱུར།། ཇི་ལྟར་ཐབས་ལས་བྱུང་བ་ནི།། ལྕགས་ཀྱི་གོང་བུ་ཤིན་ཏུ་འབར། ། དེ་ལ་ཆུ་ནི་མ་ཐེབས་ཀྱང།། ཚ་བ་དེ་ཉིད་དུ་ནི་ཐིམ།། བུམ་པ་རྫ་མཁན་གྱིས་བྱས་ནས།། དེ་ལས་སོ་ནི་མ་གཏང་བ།། ཆུས་ནི་གང་བར་བྱས་ན་ནི།། མཚན་མོ་ཆུ་དེ་ཐིམ་པར་འགྱུར།། སོས་ཀའི་ཉི་མའི་ཕྱེད་དུས་ནི། ། ཤིན་ཏུ་གདུངས་པའི་ས་གཞི་ལ།། དབྱར་གྱི་སྤྲིན་ལས་བྱུང་བ་ཡི།། ཆར་དེ་དེ་ཉིད་དུ་ནི་ཐིམ།། དགུན་དུས་ཇི་ལྟར་ཆུ་ཡི་ཁམས།། གཤེར་བ་ཡི་ནི་ངོ་བོ་ཉིད།། གྲང་བ་སྲ་པ་ཉིད་འགྱུར་ཏེ། གཞན་ཡང་དེ་ཉིད་དུ་ནི་ཐིམ། ། ཕན་ནི་ལོགས་ཡུལ་བརྟགས་པ་ཡི།། དབྱིབས་དང་ཁ་དོག་ཐ་དད་པ།། མེས་བསྲེགས་པ་ཡི་རས་རྣམས་ཀྱི།། ཐལ་པ་ཡི་ནི་དབྱེ་བ་ནི།། རས་བལ་ཕུང་པོ་བསྲེགས་ནས་ནི།། ཇི་ལྟར་སེམས་ནི་བསྲེགས་བྱས་ནས། ། ཐལ་བའི་དབྱེ་བ་ཞེས་བྱ་བ།། ཅུང་ཟད་ཀྱང་ནི་མི་དམིགས་སོ།། སེང་ལྡེང་ཤ་བ་འོ་ཅན་གྱི།། ཚེར་མ་གཅིག་ཏུ་བྱས་ནས་ནི།། ཐལ་བའི་དབྱེ་བ་མི་རྙེད་དོ།། ཤིན་ཏུ་བཀྲུས་པའི་རས་རྣམས་ནི། ། རྒྱ་སྐྱེགས་ཀྱིས་ནི་བཙོ་བར་བྱ།། བླངས་ཏེ་སྲང་གིས་བཀར་བ་ན།། སྔ་མ་ལས་ནི་ལྷག་མི་འགྱུར།། ཏིལ་གྱི་ཕུངས་པོ་བླངས་ནས་ནི།། འཁོར་ལོ་ཡིས་ནི་བཙིར་བར་བྱ།། འབའ་ཆ་སྦྱང་ཞིང་ཏིལ་མར་གྱི།། ཚད་ནི་ཏིལ་དང་མཚུངས་པ་ཡིན། ། ཆུ་བུམ་ནང་དུ་གཟུགས་སྣང་བ།། ཉི་མ་འཇིག་རྟེན་པས་མཐོང་སྟེ།། བུམ་པ་ཆག་ཀྱང་ཉི་མ་ནི།། འཇིག་པར་འགྱུར་བ་མི་དམིགས་སོ།། དེ་ལྟར་བསོད་ནམས་སྲོག་བདག་གིས། ། གང་ཞིག་བསྟན་ཆོས་ལ་གསུམ་ཆོས།། ཆོས་སྐུ་ནམ་མཁའ་ཆེན་པོ་ལ།། དེ་དག་ཐམས་ཅད་ཐིམ་པར་འགྱུར།། སྲོག་གི་འབྱུང་བ་ཞེས་བྱ་བ་རྒྱུད་ཆེན་པོ་ལས། དཔེ་བསྟན་པ་ཞེས་བྱ་བའི་ལེའུ་སྟེ་དགུ་པའོ། །།། དེ་ནས་གཞན་ཡང་བཤད་བྱ་བ།། ལྟ་བ་གཉིས་མེད་མཆོག་ཡིན་ཏེ།། གང་ཞིག་ཤེས་པ་ཙམ་གྱིས་ནི།། རྣལ་འབྱོར་པ་རྣམས་མཆོག་སྟེར་འགྱུར།། རང་སྡེ་པ་དང་གཞན་སྡེ་པའི།། དབྱེ་བས་ལྟ་བ་རྣམ་གཉིས་འདོད། ། རང་སྡེ་ཉན་ཐོས་བསེ་རུ་དང།། རྣལ་འབྱོར་སྤྱོད་དང་དབུ་མ་དང།། བྱ་བ་སྤྱོད་དང་རྣལ་འབྱོར་རྒྱུད།། རྣལ་འབྱོར་ཆེ་དང་རྣལ་འབྱོར་མའོ།། དེ་ལ་དང་པོ་རྫས་ཡོད་ལྟ།། གང་ཟག་མེད་པའི་རྟོགས་བྱེད་ཡིན། ། གཉིས་པ་འཛིན་པའི་ཆ་ཉིད་དེ།། གཟུང་བའི་ཆ་ཕྱེདལས་བྱུང་བ།། རྣལ་འབྱོར་སྤྱོད་པའི་ལྟ་བ་གང།། དེ་ནི་རྣམ་པ་གཉིས་སུ་གྲགས།། རྣམ་པ་དང་བཅས་རྣམ་མེད་པ།། དེ་རྣམས་ཀྱི་དེ་སྟོང་པ་ཉིད། ། བདེན་པ་དག་ལ་ལྟ་བ་ནི།། རྒྱལ་བའི་སྲས་ཀྱི་རྟགས་སུ་འདོད།། གཞན་དོན་བྱེད་པའི་རྩོལ་བ་ཅན།། ཕྱོགས་རྣམས་ལ་ནི་ཀུན་བརྟེན་པའོ།། སྔགས་དང་ཕྱག་རྒྱ་བརྩོན་བྱེད་པས།། བྱ་བ་སྤྱོད་པ་ལ་སོགས་ལྟ། ། རྒྱུད་དང་རྒྱུད་ལས་བདག་གི་བུ།། རྣམ་པ་དུ་མ་བསྟན་པ་ཡིས།། དེ་དག་རང་གི་སྡེ་པ་བསྟན།། གཞན་གྱི་སྡེ་པ་རྣམ་པ་དྲུག། གྲགས་ཆེན་མཆོད་འོད་རིག་པ་ཅན།། བྱེ་བྲག་པ་དང་སྤྱོད་སྤྱོད་པའང།། ཞི་བ་ལ་སྟེ་ལྟ་བལྟས་རྣམས། ། དེ་ཡི་དབྱེ་བ་བཤད་པར་བྱ།། དེ་ཁོ་ན་ནི་ཉི་ཤུ་བཞི།། གྲངས་ཅན་པ་ཡི་ལྟ་བར་གནས།། མཆོད་འོས་ལྟ་བ་རྣམ་གསུམ་སྟེ།། དུས་གསུམ་དུ་ནི་བྱེ་བས་སོ།། རིག་པ་ཅན་གྱི་དེ་ཁོ་ན།། བཅུ་དྲུག་ཡིན་ཏེ་གཞན་དུ་མིན། ། བྱེ་བྲག་པ་ནི་རྣམ་པ་དགུ།། ལྟ་བའི་དེ་ཉིད་ངེས་པར་བཤད།། སྤྱོད་པ་ཡི་ནི་རྣམ་གཉིས་ཏེ།། ཞི་དང་སྣ་ཚོགས་དབྱེ་བས་སོ།། ཞི་བའི་ལྟ་བ་ནི། སུམ་ཅུ་རྩ་དྲུག་རབ་ཏུ་གྲགས།། དེ་དག་ཕ་རོལ་སྡེ་པ་ཡི། ། མདོར་བསྡུས་པས་ནི་ལྟ་བར་བཤད།། ལྟ་བ་གཉིས་པོ་འདི་དག་ནི།། དབྱེ་ནས་མཐའ་ཡས་མཁའ་རང་བཞིན།། ཆོས་ཀྱི་སྐུ་ཡི་ངོ་བོ་ཉིད།། དེ་ཉིད་གཅིག་པུས་ཡང་དག་ཁྱབ།། དེ་ཕྱིར་སྨོད་པ་མི་བྱ་དང། ། ཁ་ཅིག་ལ་ཡང་བསྟོད་མི་བྱ།། དགེ་དང་མི་དགེ་ཐམས་ཅད་ནི།། ནམ་མཁའ་ཆེན་པོ་གཅིག་པུས་ཁྱབ།། སྲོག་གི་འབྱུང་བ་ཞེས་བྱ་བའི་རྒྱུད་ཆེན་པོ་ལས། ལྟ་བ་གཉིས་པ་བསྟན་པ་ཞེས་བྱ་བའི་ལེའུ་སྟེ་བཅུ་པའོ། །།། དེ་ནས་གཞན་ཡང་བཤད་བྱ་བ།། བརྟུལ་ཞུགས་ཀྱི་ནི་མཚན་ཉིད་མཆོག། གང་ཞིག་སྤྱོད་པ་ཙམ་གྱིས་ནི།། དེ་ཉིད་མཆོག་ནི་ཐོབ་པར་འགྱུར།། རལ་ཅན་གཅེར་བུ་མགོ་རེག་དང།། གཙུག་ཕུད་ཅན་དང་འདུ་འཛི་བྲལ། ། ཆོས་གོས་ཅན་དང་ཚེམ་བུ་པ།། གང་གིས་གོས་ནི་སྐྱ་བོ་ཐོགས།། སྦྱངས་པའི་ཡོན་ཏན་བཅུ་གཉིས་ནི།། ཉན་ཐོས་རྒྱལ་བས་གང་གསུངས་པ།། ཤིང་གི་རང་བཞིན་དོན་གསུམ་སོགས། ། ཁ་དོག་དཀར་པོ་ལ་སོགས་གང།། དེ་ཀུན་བཅོས་མ་ཡིན་པ་སྟེ།། མཁས་པས་ཡོངས་སུ་སྤང་བར་བྱ།། ཉོན་མོངས་བྱེད་པ་དེ་རྣམས་ཀྱིས།། རྣམ་འབྱོར་ཡོན་ཏན་ཅུང་ཟད་མེད།། འབའ་ཞིག་ཁུར་བུ་ཁུར་ཕྱིར་དང། ། ངལ་བའི་ཕྱིར་ཏེ་བརྟུལ་ཞུགས་ཡིན།། ལུས་དུབ་པས་ནི་ཡིད་སྡུག་བསྔལ།། དེ་ལས་བྱང་ཆུབ་རྙེད་པར་དཀའ།། གལ་ཏེ་ཁ་ཊྭཱཾ་ག་ལ་སོགས།། ཐོགས་པས་ཞི་བ་ཐོབ་འགྱུར་ན།། དེ་ཚེ་བུམ་ཚོགས་གྱོ་མོག་རྣམས། ། རྨོངས་པས་ཅི་ཕྱིར་ཐོགས་མི་བྱེད།། ལོག་པའི་བརྟུལ་ཞུགས་ང་རྒྱལ་གྱིས།། ལུས་ངག་བས་ནི་གནོད་འགྱུར་ན།། མ་རྟོགས་པས་འཇོམས་འཁྲུལ་པ་ཅན།། དེ་དག་སྙིང་རྗེའི་གནས་ཡིན་ནོ།། བརྟུལ་ཞུགས་ཞེས་བྱ་དངོས་པོ་རྣམས། ། བླང་དོར་རྣམ་པར་སྤང་བྱ་སྟེ།། འདོད་པའི་ཡོན་ཏན་ལྔ་ཡི་ཚོགས།། ཇི་སྙེད་པས་ནི་བསྟན་པའོ།། ཤེས་རབ་དང་ནི་ཡང་ན་ཐབས།། སྟོང་པ་ཉིད་དམ་སྙིང་རྗེ་སྟེ།། ནམ་མཁའ་ཁྱབ་པར་གང་ཤེས་པ། ། དེ་ནི་བརྟུལ་ཞུགས་ལྡན་པ་ཡིན།། སྤོངས་བ་འམ་ནི་མི་སྤོང་བ།། རྣམ་པར་དག་གམ་རྣམ་མ་དག། ནམ་མཁའ་ཁྱབ་པར་གང་ཤེས་པ།། དེ་ནི་བརྟུལ་ཞུགས་ལྡན་པའི་མཆོག། མི་འམ་ཕྱུགས་སམ་རྟ་འམ་ནི། ། རི་དྭགས་སམ་ནི་བྲམ་ཟེ་འམ།། གདོལ་པ་སྨྱུག་མ་མཁན་ལ་སོགས།། དེ་དག་ཐམས་ཅད་མཁའ་དང་མཚུངས།། ཆོས་ཀྱི་སྐུ་ལ་གནས་པའི་ཕྱིར།། གང་ཞིག་མཉམ་དང་མི་མཉམ་ཞེས།། དེ་ནི་བརྟུལ་ཞུགས་ཅན་ཞེས་བཤད། ། དེ་ལ་ཐམས་ཅ་ཕྱག་བྱེད་པའོ། ཁྱབ་བྱ་དང་ནི་ཁྱབ་བྱེད་དག། ཕན་ཚུན་དུ་ནི་ཐ་མི་དད།། རྣལ་འབྱོར་པ་ཆེ་གང་ཞིག་ཤེས།། དེ་ན་ཀུན་མཐོང་ཀུན་ཤེས་པ།། ནམ་མཁའ་ཐམས་ཅད་སྤྱོད་པ་གང། དེ་ནི་བརྟུལ་ཞུགས་མཆོག་ཅེས་བཤད།། དེ་ཕྱིར་འཁོར་བ་མྱ་ངན་འདས།། བཅིང་དང་ཐར་པ་ཟད་མི་ཟད།། ཆོས་སྐུ་གཅིག་པུས་ཀུན་ཁྱབ་པ།། ཤེས་ནས་ཕྱི་རོལ་བརྟུལ་ཞུགས་སྤངས།། སྲོག་འབྱུང་བ་ནི་ནམ་མཁའ་ཆེ། ། བླང་དོར་དག་གི་རྣམ་སྤངས་པ།། ཀུན་མཁྱེན་ཕུན་སུམ་ཚོགས་ལྡན་པ། དེ་ཉིད་བརྟུལ་ཞུགས་ལ་གནས་བྱ།། སྲོག་གི་འབྱུང་བ་ཞེས་བྱ་བའི་རྒྱུད་ཆེན་པོ་ལས། བརྟུལ་ཞུགས་སྤྱོད་པ་ཞེས་བྱ་བའི་ལེའུ་སྟེ་བཅུ་གཅིག་པའོ། །།། དེ་ནས་གཞན་ཡང་བཤད་བྱ་བ།། ལྟ་བ་ཐམས་ཅད་ངོ་བོ་ཉིད།། ཆོས་ཀྱི་སྐུ་ནི་ནམ་མཁའ་ཆེ།། གང་གི་དངོས་གྲུབ་སྣོད་དུ་འགྱུར།། ཁྱབ་བྱེད་པས་ནི་ཆོས་ཀྱི་སྐུ།། ནམ་མཁའ་ཆེན་པོ་ཞེས་གྲགས་སོ། ། ཆོས་ཉིད་རིག་པ་ཐ་མི་དད།། དངོས་པོ་ཀུན་ལ་ཡང་དག་གནས།། དེ་ནི་ཐམས་ཅད་འདི་ཁྱབ་པ།། ཏིལ་མར་གྱིས་ནི་ཏིལ་སོགས་བཞིན།། བརྗོད་དུ་མེད་ཅིང་བསྟན་དུ་མེད།། ཚིག་གི་ལམ་ལས་སྤྱོད་ཡུལ་འདས། ། ཉེ་བར་བརྟགས་པའི་དབང་གིས་ནི།། དེ་ནི་བརྗོད་ཀྱང་བརྗོད་བྱ་མིན།། དེ་ཉིད་ཀྱི་ཕྱིར་ཁྱབ་པ་ཆེ།། དེ་ནི་རྡོ་རྗེ་འཆང་ཆེན་འདོད།། ཐམས་ཅད་དུ་ནི་སྣང་བས་ན།། དེ་ནི་རྣམ་པར་སྣང་མཛད་བཤད། ། སངས་རྒྱས་རང་བཞིན་འབྱུང་བའི་ཕྱིར།། དེར་ནི་རིན་ཆེན་འབྱུང་ལྡན་ཡིན།། མཐའ་ཡས་སྣང་བ་ལྡན་པ་བས།། དེ་ནི་འདོད་ཆགས་མེད་པར་བཤད།། སེམས་ཅན་ཐམས་ཅད་དོན་མཛད་ཕྱིར། ། དེ་ནི་དོན་མཆོག་ཡིན་པར་བཤད།། ལུས་དང་ཐ་མི་དད་པའི་ཕྱིར།། མཐོང་བས་དེ་ནི་སྤྱན་ཡིན་ནོ།། འགྲོ་བ་དང་ནི་དབྱེར་མེད་པས།། མཱ་མ་ཀཱིར་ནི་བསྟན་པ་ཡིན།། ལྟ་ངན་དྲི་མ་དག་པས་ན།། གོས་དཀར་མོ་ཡང་དེ་ཉིད་བཤད། ། འཁོར་བའི་རྒྱ་མཚོ་ལས་གྲོལ་བས།། ནམ་མཁའ་ཆེ་སྟེ་གྲོལ་བ་ཡིན།། བླང་དོར་སྙིང་རྗེས་འཇོམས་པས་ནི།། དེ་ནི་གཤིན་རྗེ་མཐར་བྱེད་བཤད།། ཐ་དད་བློ་ངན་རྣམས་འཇོམས་པས།། དེ་ནི་ཤེས་རབ་མཐར་བྱེད་ཡིན། ། ཐ་མལ་དངོས་པོས་མ་གོས་པས།། དེ་ནི་པདྨ་མཐར་བྱེད་ཡིན།། ཉན་ཐོས་ལ་སོགས་ལྟ་བའི་བགེགས།། འཇོམས་པས་བགེགས་ནི་མཐར་བྱེད་དོ།། ཀུན་ཏུ་ཀུན་ནས་ཐམས་ཅད་ནི། ། ཀུན་གཟིགས་དཔལ་དང་ཀུན་སྤྱོད་པ།། གང་ཕྱིར་ཆོས་སྐུ་དེ་ཕྱིར་ནི།། དེ་ནི་རྡོ་རྗེ་འཆང་ཆེན་ཡིན།། དེ་ལྟར་བློ་ནི་རྣམ་སྤྱད་ན།། དེ་ཉིད་དུ་ནི་གནས་པར་རིག། གཞན་དུ་འཁྲུལ་པའི་སེམས་ཀྱིས་ནི།། འཁོར་བ་ལ་ནི་ངལ་བ་ཡིན། ། སྲོག་གི་འབྱུང་བ་ཞེས་བྱ་བའི་རྒྱུད་ཆེན་པོ་ལས།། ལྷ་ཐམས་ཅད་ཀྱི་ངོ་བོ་བསྟན་པ་ཞེས་བྱ་བའི་ལེའུ་སྟེ་བཅུ་གཉིས་པའོ།།།། དེ་ནས་ཀུན་ཏུ་བཟང་པོ་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་བྱས་ནས། བཅོམ་ལྡན་འདས་ལ་མཆོད་ཅིང་ཕྱག་འཚལ་ནས། ཐལ་མོ་སྦྱར་ནས་འདི་སྐད་གསོལ་ཏོ།། བཅོམ་ལྡན་ཐེ་ཙོམ་གཅིག་ཅིག་ནི།། བདག་གི་སེམས་ལ་ཡང་དག་གནས།། སྐུ་དྲིན་གྱི་ནི་ཐུགས་བསྐྱེད་ནས། ། དེ་ནི་བདག་ལ་སོལ་བར་འདོད།། དབང་པོ་རྣོ་བའི་སེམས་ཅན་ལ།། སྒོམ་པ་ཡོད་དམ་མེད་པ་དེ།། དབང་པོ་བར་མའི་སེམས་ཅན་དང།། དེ་བཞིན་དབང་པོ་དམན་པ་ལའོ།། བཅོམ་ལྡན་ཀུན་མཁྱེན་བཀའ་སྩལ་པ། ། རིམ་པ་ཇི་བཞིན་བུ་ཁྱོད་ཉོན།། ཇི་ལྟར་ཅུང་ཟད་མི་སྒོམ་པ།། ཇི་ལྟར་ཁྱོད་ལ་བདག་གིས་བཤད།། སྒོམ་པ་པོས་ནི་བསྒོམ་བྱ་བསྒོམས།། བསྒོམ་བྱ་མེད་པས་སྒོམ་བྱེད་མིན།། དེ་ཕྱིར་ཡང་དག་བསྒོམ་པ་ཡང། ། དོན་དམ་པར་ཡང་གྲུབ་མ་ཡིན།། ནམ་མཁའ་ལ་ཡང་སྒོམ་པ་མེད།། རང་བཞིན་གྱིས་ནི་གྲུབ་ཕྱིར་རོ།། བེམས་པོ་རྣམས་ལ་སྒོམ་པ་མེད།། དེ་མེད་པ་སྟེ་གྲུབ་ཕྱིར་རོ།། སེམས་ལ་སྒོམ་པ་ཡོད་མིན་ཏེ། ། རང་རིག་པ་ལ་དེ་དོན་མེད།། ཡུལ་རྣམས་སྒོམ་པར་བྱ་བ་ཡིན།། དེ་དག་ཐོག་མར་གྲུབ་ཕྱིར་རོ།། ཐོག་མར་གྲུབ་པ་ནམ་མཁའ་ནི།། ཆོས་ཀྱི་སྐུ་ནི་སྐྱོན་མེད་པས།། ཡོད་མེད་རྟོག་པ་ལས་འདས་པ།། སྒོམ་པ་ཁྲེལ་ཡོད་ཆེན་པོ་ཡིན། ། ཕུང་པོ་ཁམས་སོགས་བཅོས་མ་ནི།། དབྱེར་མེད་པ་ནི་གང་ཞིག་གནས།། དེ་ཉིད་ལ་ནི་སྒོམ་པ་ཡིས།། ཅུང་ཟད་ཀྱང་ནི་དགོས་པ་མེད།། མ་བཅོས་གཉིས་མེད་ཡེ་ཤེས་ནི། ། ནམ་མཁའ་ཆེན་པོ་རྟག་ཏུ་བསྟན།། རྒ་ཤི་ལ་སོགས་གནོད་པ་ནི།། གང་ཞིག་ལ་ནི་ཡོད་མ་ཡིན།། ཤེལ་སྒོང་བཞིན་དུ་དགེ་བ་ནི།། གང་ཞིག་ལ་ནི་དག་པ་ཡོད།། རྣལ་འབྱོར་པ་དེ་གང་སྒོམ་པ།། དེ་ནི་རྨོངས་པ་ཆེན་པོ་ཡིན། ། རྒྱུ་དང་འབྲས་བུ་ངོ་བོ་དང།། ངོ་བོ་ཉིད་དུ་གང་ཡིན་པ།། སྲིད་པར་ངོ་བོ་རྣམས་གནས་པ།། དེ་ནི་མཁའ་དང་མཚུངས་པའོ།། དེ་ཕྱིར་བདག་གིས་ཅི་སྒོམ་སྟེ།། ཐོག་མ་མཐོང་བ་ཅུང་ཟད་མེད།། སེམས་ཅན་ཀུན་གྱི་ནམ་མཁའ་ཆེ། ། ཐོག་མ་ཉིད་དུ་ཐོག་མ་ཡིན།། ཕྲག་པའི་སྟེང་དུ་བུ་གནས་པ།། བློན་པོ་ཕལ་གྱིས་མ་མཐོང་བས།། གྲོང་ཁྱེར་ལ་ནི་བསྐོར་བའམ།། དེ་ཡིས་སྐྱེ་བ་ཐོབ་འགྱུར་བ།། དེ་བཞིན་ཀུན་ཁྱབ་དེ་ལ་སོགས། ། ཐོག་མར་འགྲོ་བ་ཡང་དག་ཐོབ།། བསྒོམ་པའི་གྲོང་ཁྱེར་བསྐོར་བ་ཡིས།། གདུང་བ་ཡང་དག་ཐོབ་པར་འགྱུར།། དེ་ཕྱིར་དབང་པོ་རྣོ་སོགས་ལ།། སྒོམ་པ་རྣམ་པར་སེལ་བ་ཡིན།། དེ་ཉིད་ངེས་པ་གང་ཡིན་པ། ། སྒོམ་པ་དེ་ནི་བསྟན་པའོ།། སྲོག་གི་འབྱུང་བ་ཞེས་བྱ་བའི་རྒྱུད་ཆེན་པོ་ལས། དབང་པོ་རྣོ་བ་ལ་སོགས་པའི་སྒོམ་པ་སེལ་བ་ཞེས་བྱ་བའི་ལེའུ་སྟེ་བཅུ་གསུམ་པའོ།།།། དེ་ནས་གཞན་ཡང་བཤད་བྱ་བ། ། དབང་བསྐུར་བ་ཡི་ཆོ་གའི་རིམ།། སྤྲོས་པ་དང་བྲལ་གང་གིས་ནི།། དངོས་གྲུབ་ལག་པའི་དཀྱིལ་གནས་འགྱུར།། དང་པོ་ཡང་དག་བླ་མ་ཡི།། མཚན་ཉིད་ཁྱོད་ལ་བསྟན་པར་བྱ།། དེ་ནས་ཡང་དག་ལམ་ལ་གནས། ། སློབ་མ་ཡི་ནི་མཚན་ཉིད་བཤད།། བརྟན་ཅིང་དུལ་བ་དང་ལྡན་པ།། བཟོད་ལྡན་དྲང་པོ་གཡོ་སྒྱུ་མེད།། ཐོས་པ་མང་བ་ཆོས་འཛིན་པ།། གཏོང་བ་པོ་དང་སེར་སྣ་མེད།། བླང་དོར་དག་ལས་རྣམ་གྲོལ་བ། ། དངོས་པོ་ཀུན་ལ་ཆགས་པ་མེད།། སྲོག་གི་འབྱུང་བ་ནམ་མཁའ་ཆེ།། རྟག་ཏུ་དད་པ་དང་ལྡན་བའོ།། སློབ་མ་ཡང་ནི་དད་ལྡན་མཁས།། བླ་མའི་བཀའ་ནི་རྗེས་བསྲུང་བ།། ལན་གཅིག་གཞལ་བྱ་སྟོན་ན་ཡང། ། དྲན་པ་དང་ནི་ཡང་དག་ལྡན།། གཏོང་སོགས་ཡོན་ཏན་ཕུན་སུམ་ཚོགས།། སྲོག་འབྱུང་བ་ལ་རྟག་ཏུ་དགའ།། དེ་ལྟར་ཡོན་ཏན་ཁྱད་པར་ལྡན།། སློབ་མསའདི་འདྲའི་བླ་མ་ལ།། མཆོད་པ་བཀུར་སྟི་སྔོན་འགྲོ་བས། ། ནམ་མཁའ་ཐོབ་ཕྱིར་གསོལ་གདབ་བྱ།། བླང་དོར་དག་ལས་རྣམ་གྲོལ་བ།། ཡོད་དང་མེད་དང་གཉིས་ཀ་ཁྱབ།། སྲོག་གི་འབྱུང་བ་ནམ་མཁའ་ཆེ།། སློབ་དཔོན་ཆེན་པོ་བདག་ལ་སྩོལ།། གསོལ་བ་གདབ་པ་ལ་མཁས་པའི། ། དེ་ལྟར་སློབ་མའི་ཚིག་གསན་ནས།། སྙིང་རྗེ་ཡི་ནི་སེམས་བསྐྱེད་ཅིང།། དེ་ནས་བླ་མས་དབང་བསྐུར་སྦྱིན།། ཁམས་གསུམ་པ་ནི་ཐམས་ཅད་ནི།། བུམ་པ་ཆེན་པོ་ཡིན་པར་བཤད།། དེ་ཡི་རང་བཞིན་ཡོངས་ཤེས་པས། ། ལྟ་ངན་དེ་དག་ཐ་མི་དད།། མགོན་པོ་ཁྱེད་ལ་གསོལ་བ་གདབ།། སྲོག་གི་འབྱུང་བ་ནམ་མཁའ་ཆེ།། གང་ཟག་གང་ལ་སྦྱིན་པ་དང།། ཇི་ལྟར་བུར་ནི་ནན་ཏན་བྱ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ། སློབ་མ་གང་ལ་སྦྱིན་པ་དང།། ཇི་ལྟར་ནན་ཏན་བྱ་བ་སྟེ།། ཀུན་ཏུ་བཟང་པོ་བློ་གྲོས་མཆོག། ཁྱོད་ལ་བསྟན་པས་ཉན་པར་གྱིས།། དུལ་བ་དད་པ་ཤེས་རབ་ཅན།། བསྟན་བཅོས་མང་པོ་མཐར་ཕྱིན་པ། ། རྣམ་པར་རྟོག་པའི་ལམ་བྲལ་བ།། ལྷན་ཅིག་སྐྱེས་པའི་ཤེས་རབ་ལྡན།། སྐྱེ་བ་བདུན་པ་བདེན་པར་སྨྲ།། གཞན་གཞུང་མི་དགའ་སྨྲ་བ་པོ།། དཀོན་མཆོག་གསུམ་ལ་དད་པ་ཅན།། རིན་ཆེན་གང་ཟག་ཅེས་བྱ་བ། ། སྲོག་གི་འབྱུང་བ་ནམ་མཁའ་ཆེ།། དེ་ལ་མཚུངས་མེད་སྦྱིན་པར་བྱ།། དེ་ནས་དེས་ན་རང་དོན་ཕུན་སུམ་ཚོགས།། གཞན་དོན་ཕུན་སུམ་ཚོགས་རུང་འགྱུར།། མ་དད་པ་དང་རྨོངས་པ་དང།། ང་རྒྱལ་བག་ཆགས་བདག་ཉིད་ཅན། ། ཐོས་པ་ཆུང་དང་འཇིགས་པ་དང།། རྟོག་པ་དུ་མའི་རང་བཞིན་ཅན།། ཙན་དན་ལ་སོགས་གང་ཟག་ལ།། བློ་དང་ལྡན་པས་སྦྱིན་མི་བྱ།། ནོར་ལ་ཆགས་སམ་བག་མེད་དམ། ། རྨོངས་པ་འམ་ནི་ང་རྒྱལ་བས།། གལ་ཏེ་དེ་རྣམས་ལ་བྱིན་ན།། བླ་མ་དམྱལ་བར་འགྲོ་བ་ཡིན།། གང་ལ་སྦྱིན་པ་དེ་རྣམས་ཀྱང།། འོག་ཏུ་ཁ་བལྟས་ངན་སོང་འགྲོ།། དེ་ཕྱིར་འབད་པ་ཐམས་ཅད་ཀྱིས།། ཡོངས་སུ་བརྟགས་ཏེ་སྦྱིན་པར་བྱ། ། རྒྱུད་ཀྱི་རྒྱལ་པོ་བློ་བཟང་བས།། གང་ཞིག་རང་གི་ཡོངས་བརྟགས་ཏེ།། ཡང་དག་སློབ་མ་ལ་སྦྱིན་བྱ།། དེ་ནི་རྡོ་རྗེ་འཆང་འདྲ་འགྱུར།། སློབ་མས་ཀྱང་ནི་སྐལ་བ་དང།། བདེ་དང་གྲགས་པ་ཐོབ་པར་འགྱུར། ། ཚེ་འདིར་རྟག་ཏུ་བདེ་བ་དང།། ཚེ་ཕྱི་མར་ཡང་གྲོལ་ཐོབ་འགྱུར།། ཀུན་ཏུ་བཟང་པོ་བློ་གྲོས་མཆོག། སྲོག་གི་འབྱུང་བ་ནམ་མཁའ་ཆེ།། རྒྱུད་ཀྱི་རྒྱལ་པོ་ནམ་མཁའ་ཆེ།། རྒྱུད་ཀྱི་རྒྱལ་པོ་བླངས་ནས་ནི། ། འགྲོ་བ་ཀུན་ལ་སྐོར་བར་གྱིས།། ཀུན་ཏུ་བཟང་པོས་དེ་ལྟར་གྱིས།། བཅོམ་ལྡན་འདས་ལ་ཞེས་གསོལ་པས།། ཆོས་ཀྱི་རྣམ་གྲངས་བླངས་ནས་ནི།། དེ་ནས་མི་སྨྲ་བར་གྱུར་ཏོ།། དེ་ལྟར་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་དང། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་བྱེ་བ་དགུ་བཅུ་ཡི་རངས་ནས། བཅོམ་ལྡན་འདས་ཀྱིས་གསུངས་པ་སྟེ། སྲོག་གི་འབྱུང་བ་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ་ལས། ཆོས་ཀྱི་སྦྱིན་པ་དང་ཆོས་མི་སྦྱིན་པ་བརྟགས་པའི་ལེའུ་སྟེ་བཅོ་ལྔ་པའོ། །།། སྲོག་གི་འབྱུང་བ་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་རྫོགས་སོ།།།། རྒྱ་གར་གྱི་མཁན་པོ་གཞོན་ནུ་བུམ་པའི་ཞབས་ཀྱིས་བསྒྱུར་བའོ།།།། རྒྱ་གར་སྐད་དུ། རཏྣ་མ་ཧཱ་བྷ་ཝི་ཏན་ཏྲ་ནཱ་མ། བོད་སྐད་དུ། རིན་པོ་ཆེ་སྣང་བྱེད་ཀྱི་རྒྱུད་ཅེས་བྱ་བ། བཅོམ་ལྡན་འདས་གསང་བདག་ཆེ་ལ་ཕྱག་འཚལ་ལོ།། ཐོག་མ་ཐ་མ་མེད་པ་ཀུན་གྱི་གཞི། ། མིང་དང་འགྱུ་བ་མེད་པའི་སྙིང་པོ་འདི།། རང་བཞིན་ལྷུན་གྱིས་གྲུབ་པའི་ཆོས་ཀྱི་སྐུ།། གསང་བའི་གཞལ་ཡས་ཆོས་དབྱིངས་ཕོ་བྲང་ནས།། ཡེ་སངས་རྒྱས་པའི་གསང་བདག་ཆེན་པོ་ལ། ། འཁོར་གསུམ་ནང་ནས་སེམས་དཔའ་རྡོ་རྗེ་དེས།། རྒྱུད་དང་གླེང་གཞི་ཕུན་སུམ་ཚོགས་པ་དང།། སངས་རྒྱས་སེམས་ཅན་ཁྱད་པར་ཇི་ལྟ་བུ།། ཞེས་གསོལ་པ་དང། ཡེ་སངས་རྒྱས་པའི་གསང་བདག་ཆེན་པོ་ཡིས།། འཁོར་གྱི་ནང་ནས་སེམས་དཔའ་རྡོ་རྗེ་ལ།། བཤད་པའི་ཚིག་མེད་བྱིན་གྱིས་བརླབས་ཀྱིས་བཤད།། རྒྱུད་ཀྱི་རང་བཞིན་དངོས་པོ་ལྔ་ཡིས་བསྟན། ། རྒྱུད་ཀྱི་ངེས་ཚིག་འབྲེལ་དང་མ་ཚང་མེད།། ཕུན་སུམ་ཚོགས་པའི་དོན་ནི་ངེས་པའི་ཚིག། སྒྲ་དང་ཡི་གེ་གླེགས་བམ་དབྱེ་བའི་དོན། ། གླེང་གཞིའི་དོན་ལ་རྣམ་པ་གསུམ་གྱིས་བསྟན།། སྔོན་བྱུང་གླེང་གཞི་ཕུན་སུམ་ཚོགས་པ་ལྔ།། དེ་ཡི་རྗེས་འཇུག་ཕུན་སུམ་ཚོགས་ལྔ་དང།། དེ་ཡི་གདུང་འཚོ་ཕུན་སུམ་ཚོགས་ལྔའོ། ། སྔོན་བྱུང་གླེང་གཞི་ཕུན་སུམ་ཚོགས་ལྔ་ནི།། ཆོས་སྐུ་གསུང་དུ་མེད་པའི་བསྟན་པ་དང།། ལོངས་སྐུ་རང་གི་ངོ་བོའི་བསྟན་པ་དང།། སྤྲུལ་སྐུ་གསུང་དུ་བརྗོད་པའི་བསྟན་པའོ། ། མེད་དང་ངོ་བོ་བརྗོད་པའི་བསྟན་པའོ།། ཆོས་སྐུ་སྐྱེ་བ་མེད་པའི་སྟོན་པ་དང།། ལོངས་སྐུ་ཡེ་ཤེས་མཐུ་ཡི་སྟོན་པ་དང།། སྤྲུལ་སྐུ་བྱིན་གྱིས་བརླབས་ཀྱིས་སྟོན་པའོ།། ལོངས་སྐུ་སེམས་དཔའ་རང་རྒྱུད་འབྲེལ་བའི་འཁོར། ། ཕྱི་ནང་གསང་བ་ཆོས་སྐུའི་འཁོར་རྣམས་སོ།། ས་བཅུ་རིགས་ལྔའི་ཡབ་ཡུམ་དོན་གྱིས་གཅིག་པ་ཡི་འཁོར།། ཕྱི་ནང་གསང་བ་ལོངས་སྤྱོད་རྫོགས་པའི་འཁོར།། རིགས་དྲུག་སྡེ་བརྒྱད་འདོད་པ་བསྡུས་པའི་འཁོར། ། ཕྱི་ནང་གསང་བ་སྤྲུལ་པའི་འཁོར།། ཆོས་དབྱིངས་རྣམ་པར་དག་པ་ཆོས་སྐུའི་གནས།། ཁྱད་པར་གྱུར་པའི་ལོངས་སྤྱོད་རྫོགས་པའི་གནས།། ཁང་བཟང་སྤྲུལ་པ་སྐུ་ཡི་གནས། ། རྣམ་དག་ཁྱད་པར་ཁང་བཟང་སྟོན་པའི་གནས།། ཆོས་སྐུ་བྱིན་གྱིས་བརླབས་ཀྱིས་བཤད་པའི་དུས།། ལོངས་སྐུ་རང་གི་ངོ་བོས་བཤད་པའི་དུས།། སྤྲུལ་སྐུ་ཚིག་ཏུ་སྡེབས་ཏེ་བཤད་པའི་དུས།། བྱིན་རླབས་རང་ངོ་ཚིག་སྡེབས་སྟོན་པའི་དུས། ། སྟོན་པ་གསུམ་གྱིས་རྗེས་འཇུག་རྣམ་གསུམ་ནི།། ཕྱི་ནང་གསང་བ་གསུམ་གྱི་ཐེག་པ་རྣམས།། རྗེས་འཇུག་རྣམ་པ་གསུམ་གྱིས་སྟོན་པའི་དོན།། ཐུགས་ཀྱི་དོན་ཉིད་སྟོན་པའི་སེམས་དཔའ་དང། ། སྐུ་ཡི་དོན་ཉིད་སྟོན་པ་ཧེ་རུ་ཀ།། གསུང་གི་དོན་ཉིད་སྟོན་པའི་ཀུན་དགའ་བོ།། སྐུ་དང་གསུང་ཐུགས་རྗེས་འཇུག་སྟོན་པའོ།། རབ་དགའ་སྙིང་པོ་སེམས་དཔའ་རྡོ་རྗེའི་འཁོར།། ཞི་ཁྲོ་རྣམ་གཉིས་ཧེ་རུ་ཀ་ཡི་འཁོར། ། དགེ་སློང་དགེ་ཚུལ་ཀུ་དགའ་བོ་ཡི་འཁོར།། རབ་དགའ་ཞི་ཁྲོ་དགེ་སློང་རྗེས་འཇུག་འཁོར།། འོད་གསལ་ཆོས་ཉིད་སེམས་དཔའ་རྡོ་རྗེའི་གནས།། ཨེ་གྲུ་གསུམ་པ་ཧེ་རུ་ཀ་ཡི་གནས། འཛམ་གླིང་ཕུགས་པ་ཀུན་དགའ་བོ་ཡི་གནས།། འོད་གསལ་ཨེ་དང་འཛམ་གླིང་རྗེས་འཇུག་གནས།། སེམས་དཔའ་རྡོ་རྗེས་རིག་པས་བརྒྱུད་པའི་དུས།། ཧེ་རུ་ཀ་ཡི་ཏིང་འཛིན་བསྐྱེད་པའི་དུས། ། ཀུན་དགའ་བོ་ནི་ཚིག་ཏུ་སྡུད་པའི་དུས།། རིག་པ་ཏིང་འཛིན་ཚིག་ནི་རྗེས་འཇུག་དུས།། གདུང་འཚོ་མ་འོངས་དུས་ན་འབྱུང་བར་འགྱུར།། སྟོན་པ་མྱ་ངན་འདས་འོག་ཏུ།། ཡང་སྤྲུལ་ཐུགས་ཀྱི་བསྟན་པ་འབྱུང། ། སྐལ་ལྡན་མན་ངག་བཅུད་འཛིན་པ།། དེ་ཡི་དུས་སུ་འབྱུང་འགྱུར་ང་ཡིས་བསྟན།། ཅེས་གསུངས་ནས།། ཞལ་འཛུམ་པ་དང་བཅས་ནས་བཞུགས་སོ།། དེའི་ཚེ་འཁོར་གྱི་ནང་ནས་སེམས་དཔའ་རྡོ་རྗེ་སྟན་ལས་ལངས་ནས་འདི་སྐད་ཅེས་གསོལ་ཏོ། ། རྒྱུད་དང་ཕུན་སུམ་ཚོགས་པའི་དོན་ནི་ཇི་ལྟ་བུ།། སངས་རྒྱས་སེམས་ཅན་གཞི་ནི་ཇི་ལྟ་བུ།། དེ་ཡི་ཁྱད་པར་བྱེ་བྲག་གང་ལས་བྱུང་བ་ལགས།། ཞེས་གསོལ་པ་དང།། ཡེ་སངས་རྒྱས་པའི་གསང་བདག་ཆེན་པོ་ཡིས། ། ཐ་དད་མེད་པའི་སེམས་དཔའ་རྡོ་རྗེ་ལ།། བྱེ་བྲག་གཞི་མེད་ཡན་ལག་གཉིས་སུ་གསུངས།། ཐོག་མ་ཐ་མ་མེད་པའི་བར་དོ་ན།། མ་ཕྱེ་མ་ཕྱེད་སྙིང་པོ་མཉམ་པ་ཉིད། ། ཤེས་མེད་རང་གནས་རྟོགས་པ་མེད་པའི་དོན།། དོན་ལས་ཤེས་མེད་ཤེས་པའི་རྣམ་པ་གཅིག། འགྱུ་མི་འགྱུ་ལས་བག་ཙམ་གཅིག་ཏུ་འགྱུ།། འགྱུ་བའི་འོད་ལས་ཟེར་གྱི་ཚུལ་དུ་ཤར།། ཤར་པའི་ཟེར་ལ་རིག་པའི་འཆར་སྒོ་སྐྱེས། ། རླུང་གིས་རྐྱེན་བྱས་འཆར་སྒོ་གཉིས་སུ་བྱས།། ཤར་བའི་ཤེས་པ་རླུང་གི་རང་བཞིན་འགྱུ།། ཡེ་ཤེས་རླུང་དང་མ་རིག་རླུང་དུ་འགྱུ།། ཡེ་ཤེས་རླུང་འགྱུ་ཡིད་རྟོག་སྐྱེ་མ་ནུས།། རིག་པ་ཟེར་ལ་ཐིམ་པས་གཅོད་མ་ནུས། ། ཟེར་གྱི་ཤེས་པ་མ་ལ་བུ་ཐིམ་པས།། མ་བུ་ངོ་ཕྲད་བར་དོར་ཡེ་སངས་རྒྱས།། རང་བཞིན་རྟོག་མེད་ཡེ་ཤེས་རང་སར་གནས།། འགྱུ་བའི་རླུང་མེད་རྟོག་པ་རང་སར་གྲོལ།། སྙིང་པོའི་རང་བཞིན་མཉམ་པའི་ཀློང་ནས་ཤར། ། མཉམ་པའི་རང་བཞིན་མ་ཤེས་མ་རིག་རླུང།། རླུང་གིས་རྐྱེན་བྱས་རིག་པ་ས་མ་ཟིན།། རིག་པས་མ་ཟིན་པས་ཡིད་རྟོག་སྐྱེ།། ཡིན་མན་མིན་ནམ་མིང་གི་རྣམ་པ་སྐྱེས།། མིང་ལ་བརྟགས་པས་སེམས་སུ་འདོད་པ་སྐྱེས། ། བཙལ་བའི་རྣམ་པ་གཅིག་ཏུ་ཉམས་སུ་མྱོང།། གསལ་བའི་མཚན་ཉིད་རྣམ་པ་ལྔ་རུ་ཤར།། གསལ་བ་ཉིད་ལས་གཞན་དུ་རྒྱ་མ་ཆད།། མི་གཡོ་མི་འགྱུར་མ་འགགས་སྣང་ཚུལ་ལྔ། ། ལྡོག་ཐབས་མ་ཤེས་ཡིད་ལ་འདོད་ཞེན་སྐྱེས།། དེ་རྣམས་སྟོབས་ཀྱི་འོད་གཟུགས་ཁ་མིག་ཅན།། དེ་ཡི་རྐྱེན་གྱིས་ཉོན་མོངས་དྲུག་ཏུ་སྐྱེས།། རིགས་དྲུག་སེམས་ཅན་འཁྲུལ་པའི་འབྲས་བུར་སྣང།། ཞེས་གསུངས་སོ། ། རིན་པོ་ཆེ་སྣང་བྱེད་ཀྱི་རྒྱུད་ལས།། གླེང་གཞི་དང་འཁྲུལ་སྣང་གི་ལེའུ་སྟེ་དང་པོའོ།།།། དེ་ནས་སེམས་དཔའ་རྡོ་རྗེ་དེས།། གསང་བདག་ཆེན་པོ་ལ་གསོལ་པ།། དངོས་པོ་ཇི་ལྟར་གནས་པའི་གནས་ལུགས་དང། ། སངས་རྒྱས་སེམས་ཅན་གཉིས་ཀྱི་བྱེ་བྲག་དང།། དཔེ་དང་བརྡ་ཡི་སྒོ་ནས་དོན་མཚོན་ཇི་ལྟ་བུ།། སྟོན་པ་གསང་བདག་ཆེན་པོའི་རང་བཞིན་དེས།། འཁོར་གྱི་ནང་ནས་སེམས་དཔའ་རྡོ་རྗེ་ལ། ། གནས་ལུགས་བྱེ་བྲག་བརྡ་དང་དཔེ་བསྟན་པ།། དར་བཏབ་བང་མཛོད་རིན་པོ་ཆེ་གནས་ལུགས།། སྤུ་གྲི་སོ་དང་ཤེལ་རྒྱུས་ཉི་ཟེར་རྩལ།། ཙན་དན་གླ་རྩི་སྒོག་པ་ནི་ཤུགས་སོ།། སྤྲེའུ་དང་ཆུ་གཉེར་རླུང་ནི་འགྱུ་ལུགས་སོ། ། ཐག་པ་ཐོ་ཡོར་སྨིག་སྒྱུ་ནི་གཞིའོ།། སྦྲུལ་དང་ཆུ་དང་མི་ནི་འཁྲུལ་པའོ།། ཉི་མ་དང་མིག་དང་གསེར་ནི་དོན་ནོ།། སྤྲིན་དང་ལིང་ཏོག་མུན་པ་ནི་སྒྲིབ་གཡོགས་སོ།། ནམ་ལངས་མཚོན་བྱའི་འཁོར་ལོ་དང། ། དུག་ལ་སྔགས་བཏབ་ལྡོག་ཐབས་སོ།། དབུལ་མོའི་གཏེར་དང་གྱད་ནོར་དག་ནི།། རང་ལ་ཡོད་པས་ངོ་མ་ཤེས་པའོ།། འོ་མ་ཟླ་ཚུབ་ཏིལ་འབྲུ་མཚོན་པའོ།། ནམ་མཁའ་ཤེལ་སྒྲོན་ཉི་མ་ནི།། ཕུག་ས་ནམ་མཁའ་ལ་བལྟའོ། ། ཚོད་སྤྲིན་ལ་ཟུང། གྲང་དྲོ་ཉི་ཟླ་ལ་ཤེས། ཞེས་གསུངས་སོ།། རིན་པོ་ཆེ་སྣང་བྱེད་ལས། དཔེས་མཚོན་པའི་ལེའུ་སྟེ་གཉིས་པའོ།།།། དེ་ནས་སྡུད་པ་སེམས་དཔའ་རྡོ་རྗེ་དེས།། སྟོན་པ་གསང་བདག་ཆེན་པོ་ལ། ། འཁྲུལ་པ་ལོགས་ནས་གནས་ལུགས་དོན།། རྟོགས་པའི་ཐབས་ལ་ཁྱད་པར་ཡོད་དམ་མེད།། སྟོན་པ་གསང་བདག་ཆེན་པོ་དེས།། སྡུད་པའི་སེམས་དཔའ་རྡོ་རྗེ་ལ།། རྟོགས་པ་ཐབས་ཀྱི་དོན་བསྟན་པ། ། རྣམ་ཤེས་ཡུལ་དུ་མ་གྱུར་སྙིང་པོ་ཉིད།། འདོད་པ་ཞེ་འདོད་བྲལ་བ་ལྟ་བའི་དོན།། ཕྱོགས་དང་རིས་མེད་ཀློང་ཆེན་པོ།། རིག་པ་སྐྱེ་ཤི་མེད་པས་རང་ས་ཟིན།། ཡིད་ཀྱི་མིང་དང་བྲལ་བས་མཚོན་ལས་འདས། ། སེམས་ཀྱི་འདོད་ཞེན་མེད་པ་བདེ་བའི་ཆོག། སྣང་བའི་ཡུལ་དུ་མ་གྱུར་དམིགས་དང་བྲལ།། སྙིང་པོ་མངོན་དུ་གསལ་བར་བསྟན་དུ་མེད།། སྨྲ་བརྗོད་ཚིག་ལས་འདས་པའི་རིན་པོ་ཆེ།། ཟད་མེད་གཏེར་ལ་སྤྱོད་པའི་མཛོད་པོ་ཆེ། ། སྣང་དང་མི་སྣང་གཉིས་སུ་འདོད་པ་མེད།། རང་བྱུང་སྙིང་པོ་ཀུན་གྱི་གཞི་མ་ཡིན།། གཞི་ཡི་རང་བཞིན་ཡོད་མེད་མཉམ་པའི་ངང།། མཉམ་པའི་ངང་ལས་ཀུན་འབྱུང་མཛོད་པོ་ཆེ།། ཟད་མེད་འདོད་དགུར་འབྱུང་བའི་རིན་པོ་ཆེ། ། རྩལ་དང་ཡན་ལག་མ་འགགས་འཆར་བའི་གཞི།། སུས་ཀྱང་མ་བྱས་ངང་ངམ་ཤུགས་ལས་འབྱུང།། འགྱུ་མི་འགྱུ་ལས་ཡིད་གསུམ་རིམ་པར་འགྱུ།། ཡིད་གསུམ་ཉོན་མོངས་འཁྲུལ་པའི་གཞི། ། ཞེན་མེད་གསལ་བ་འགྱུ་བ་མེད་པའི་དོན།། དོན་གྱི་ངོ་བོ་མ་རྟོགས་སྒྲིབས་པས་སྒྲིབ།། ལྡོག་པའི་ཐབས་ཀྱིས་མི་གསལ་མུན་པས་སངས།། ལྡོག་ཐབས་མ་ཤེས་རང་ལ་ཡོད་མ་རྟོགས།། ཐོས་བསམ་གསུམ་གྱིས་དོན་མཚོན་རྟོགས་པའོ། ། མ་བཅོས་རྣམ་དག་སྙིང་པོའི་རང་བཞིན་ཉིད།། རང་བཞིན་རྟོགས་པར་འདོད་ཅིང་ཡིད་འགྱུ་བརྟག། ལོག་མ་ལོག་གིས་ངེས་ཤེས་རང་ལ་སྐྱེ།། རང་བཞིན་སྙིང་པོ་རང་གསལ་སྣང་བ་འདི། ། རྟག་ཆད་མཐའ་ལས་འདས་པས་ཡོད་མེད་གྲོལ།། ཡིད་ཀྱི་འགྱུ་མེད་བློ་ཡིས་བྱས་པ་མེད།། རང་བཞིན་རྨད་བྱུང་འཁྲུལ་རྟོག་མེད་པའི་དོན།། རིག་པ་མ་སྐྱེས་འགྱུར་མེད་ལྷུན་གྱིས་གྲུབ། ། དངོས་པོ་མཚན་མ་དག་གི་སྤྱོད་ཡུལ་མིན།། སྙིང་པོའི་རང་བཞིན་སྐྱེ་བ་མེད་པ་ལ།། སྐྱེ་བ་རིག་པ་རྩལ་དུ་སྣང་བ་ཡིན།། ཆོས་རྣམས་ཀུན་གྱི་གཞི་དང་རྩ་བ་བྱས།། འཁྲུལ་རྟོག་མཐའ་ལས་གྲོལ་བའི་སྙིང་པོའི་དོན། ། མཚན་མའི་ཡུལ་ལས་འདས་པས་དམིགས་སུ་མེད། འཁྲུལ་རྟོག་རྣམ་དག་རང་བཞིན་དོན་དང་ལྡན།། རྟོགས་ལྡན་ཡེ་ཤེས་མཉམ་པའི་ཀློང་ན་འཕྱོ།། ཟབ་ལ་གཏིང་དཔག་དཀའ་བའི་དོན་ཉིད་ནི། ། ཉོན་མོངས་རང་བཞིན་གྲོལ་བའི་བདེ་བ་ཆེ།། ཞེ་འདོད་ཀུན་དང་བྲལ་བ་ལྟ་བའི་མཆོག། ཡིད་ཀྱི་འགྱུ་བ་ཆད་ནས་སྒོམ་པའི་དོན།། མ་བཅོས་འབད་པ་བྲལ་བ་སྤྱོད་པའི་རྒྱན།། ཇི་བཞིན་དོན་ཤར་ཉམས་ཀྱི་དོན་མཆོག་ལྡན། ། སྙིང་པོའི་ཀླཽང་ནས་ཡེ་ཤེས་ཆོས་སྐུར་ཤར།། ཞེས་གསུངས་སོ།། རིན་པོ་ཆེ་སྣང་བྱེད་ལས།། ཁྱད་པར་བསྟན་པའི་ལེའུ་སྟེ་གསུམ་པའོ།།།། སྡུད་པའི་སེམས་དཔའ་རྡོ་རྗེ་ཡིས།། སྟོན་པ་གསང་བདག་ཆེན་པོ་ལ། ། ཐེག་པ་རིམ་པར་བྱེད་པ་དེ།། གང་ལ་དགོངས་ནས་ཕྱེ་བ་ལགས།། སྟོན་པ་གསང་བདག་ཆེན་པོ་དེས།། སྡུད་པ་སེམས་དཔའ་རྡོ་རྗེ་ལ།། སྙིང་པོའི་རང་བཞིན་མིང་མེད་མཉམ་པ་ལ།། ཡན་ལག་མི་འདྲ་རིམ་པར་ཕྱེ། ། མུ་སྟེགས་རང་རྒྱལ་ཉན་ཐོས་དང།། སེམས་ཙམ་དབུ་མ་གཉིས་ཀྱི་དོན།། ཀྲི་ཡ་ཨུ་པ་ཡོ་ག་དང།། མ་ཧཱ་ཨ་ནུ་ཨ་ཏི་ཡོ་ག་རྣམས།། ཡན་ལག་མི་འདྲ་དབང་པོ་རྣམ་པར་ཕྱེ།། དུག་གསུམ་འདུལ་ཕྱིར་ཐེག་པ་གསུམ་དུ་ཕྱེ། ། དུག་གསུམ་ཆ་ལས་ཉོན་མོངས་བརྒྱད་ཁྲི་སྟོང།། དེ་འདུལ་ཆོས་སྒོ་བརྒྱད་ཁྲི་བཞི་སྟོང་ངོ།། རྒྱུ་ལམ་འབྲས་བུ་གསུམ་ལས་ཐེག་པ་གསུམ།། འདུལ་བྱ་གང་ལ་གང་འདུལ་དོན་དུ་བསྟན། ། ཅེས་གསུངས་སོ།། རིན་པོ་ཆེ་སྣང་བྱེད་ལས། ཐེག་པའི་དབྱེ་བ་བསྟན་པའི་ལེའུ་སྟེ་བཞི་པའོ།།།། སྡུད་པ་སེམས་དཔའ་རྡོ་རྗེ་དེས།། སྟོན་པ་གསང་བདག་ཆེན་པོ་ལ།། མུ་སྟེགས་ལྟ་བའི་རིམ་པ་ཇི་ལྟར་ལགས། ། སྟོན་པ་གསང་བདག་ཆེན་པོ་དེས།། སྡུད་པའི་སེམས་དཔའ་རྡོ་རྗེ་ལ།། མུ་སྟེགས་བྱེ་བྲག་རྣམ་པ་བཞི།། རྟག་ཆད་ཐུན་མོང་རིག་བྱེད་གཙང་མ་བཞི།། རྟག་པར་ལྟ་བའི་ལྟ་ལུགས་ནི།། སྙིང་པོའི་རང་བཞིན་མིང་མེད་མཉམ་པ་ལ། ། མ་རྟོགས་ཡན་ལག་སྣང་ཚུལ་རྟག་པར་འདོད།། རྒྱུ་མེད་འབྲས་བུ་ཡོད་པ་རྟག་པར་འདོད།། ཐམས་ཅད་ཕྱེ་བའི་རྟག་པ་ཆེན་པོར་འདོད།། རྟག་པར་འདོད་པའི་ཁ་དོག་དབྱིབས་ཀྱི་ཚད། ། ཁ་དོག་ཚད་ནི་དཀར་འཚེར་སྣུམ་ལ་འདྲིལ།། ཚད་ནི་མཐེ་བོང་སྲན་མ་ཉུང་འབྲུ་ཙམ།། ཆེ་ཆུང་ཚད་ནི་ལུས་དང་སྦྱར་ནས་ཡོད།། ཆད་པར་ལྟ་བའི་འདོད་ལུགས་ནི།། སྙིང་པོའི་རང་བཞིན་མ་རྟོགས་ཆད་ལྟ་ནི། ། སྣང་ཚུལ་མ་ལགས་རིག་པར་སྣང་བ་དེ།། རིག་པ་གློ་བུར་སྣང་བ་ཡིན་པར་འདོད།། ཕྱི་མ་རིག་པ་སྐྱེ་ཤི་མེད་པར་འདོད།། དགེ་སྡིག་འབྲས་བུ་ཚེ་འདི་ཉིད་འོང་ངོ།། བདེ་སྐྱིད་ནད་ཉུང་ཚེ་རིང་འབྱུང་བ་འབྲས་བུར་འདོད། ། དགེ་བ་བྱས་པའི་འབྲས་བུ་དེ་རང་ཡིན།། མི་དགེ་སྡུག་བསྔལ་ནད་མང་ཚེ་ཐུང་ཅིང།། སྡིག་པ་བྱས་པའི་རྣམ་སྨིན་འབྲས་བུ་ཡང།། ཚེ་འདིར་རང་ལས་འོང་བས་ཕྱི་མ་མིན།། ལུས་ངག་ཡིད་གསུམ་སྒོ་ནས་དགེ་སྡིག་སྤྱོད། ། ཚེ་འདིར་རང་ལ་སྨིན་ནས་འོང་བས་ན།། མི་དགེ་སྤང་ཞིང་དགེ་བ་སྤྱད་པར་བྱ།། དགེ་སྡིག་གཉིས་ཀྱི་འབྲས་བུ་སོ་སོ་ཡང།། ཕྱི་མར་མི་འདོད་འབྲས་བུ་ད་ལྟར་འདོད།། ཐུན་མོང་མུ་སྟེགས་ལྟ་བའི་འདོད་པ་ཡང། ། མིང་མེད་མཉམ་པའི་ངོ་བོ་མ་ཤེས་པས།། ཡན་ལག་སྣང་ཚུལ་རིག་པའི་བྱེ་བྲག་ལས།། རིག་པ་གཡོ་བ་རླུང་གིས་གཡོས་པ་ཡིན།། རླུང་གི་བཅུད་བྱས་རྩ་ནི་སྣོད་དུ་ཆགས། ། རླུང་གཡོས་བདེ་བའི་མེ་འབར་མ་གཡོས་བདེ།། བདེ་བ་འདོད་པས་རླུང་བཀག་བདེ་བ་བསྒོམ།། རིག་བྱེད་གཙང་མའི་ལྟ་བ་ནི།། སྙིང་པོ་རང་བཞིན་མ་ཤེས་མ་གཏོགས་པས།། སྣང་ཚུལ་རྩལ་གྱི་རིག་པ་བསལ་བ་ལ། ། ཤེས་པའི་དངས་མ་གཅིག་ནི་ཡོད་པར་འདོད།། དོན་ནམ་རང་བཞིན་ཤེས་པ་འགྱུར་བ་མེད།། ཁ་དོག་དབྱིབས་དང་མཐའ་ལས་འདས།། རྐྱེན་གྱིས་མི་ཤིགས་ཚིག་གིས་ཤེས་པ་དཀའ།། རིག་པས་བརྟགས་ན་ཤེས་པ་སླ། ། རྟག་ཆད་མཐའ་ལས་བྲལ་བའི་དངས་མ་གཅིག། དེ་ནི་དོན་དམ་རང་བཞིན་ལྟ་བ་ཡིན།། ཞེས་གསུངས་སོ།། རིན་པོ་ཆེ་སྣང་བྱེད་ལས།། མུ་སྟེགས་ལྟ་བ་བསྟན་པའི་ལེའུ་སྟེ་ལྔ་པའོ། །།། སྡུད་པ་སེསམ་དཔའ་རྡོ་རྗེ་དེས།། སྟོན་པ་གསང་བདག་ཆེན་པོ་ལ།། ཉན་ཐོས་རང་རྒྱལ་འདོད་ལུགས་ཇི་ལྟར་ལགས།། སྟོན་པ་གསང་བདག་ཆེན་པོ་དེས།། སྡུད་པ་སེམས་དཔའ་རྡོ་རྗེ་ལ།། ཉན་ཐོས་བྱེ་བྲག་ལྟ་བ་རྣམ་པ་གཉིས། ། ཉན་ཐོས་བྱེ་བྲག་པ་དང་མདོ་སྡེ་པ།། བྱེ་བྲག་པ་ཡི་འདོད་ལུགས་ནི།། སྙིང་པོའི་རང་བཞིན་མཉམ་པ་ཉིད་ལས་སུ།། ཡན་ལག་རིག་པ་ཕྲ་བའི་ཤེས་པ་ལ།། ཕྱི་ཡི་ཡུལ་དང་རང་སེམས་སོ་སོར་མཐོང། ། མཐོང་བའི་དབང་གིས་གཡག་རྔ་ནིའུ་གསིང་སྣང།། ཉན་ཐོས་མདོ་སྡེ་པ་ཡི་ལྟ་བ་ནི།། རྡུལ་ཕྲན་མི་སྣང་གོང་བུ་གཅིག་ཏུ་སྣང།། འདོད་པའི་བདག་མེད་ཆོ་གས་དྲུག་ཡུལ་འགེགས་འདོད།། རང་རྒྱལ་ཐེག་པའི་ལྟ་བའི་འདོད་པ་ནི། ། ཕྱི་ཡི་ཡུལ་ཡང་འབྱུང་བ་རྟེན་འབྲེལ་རིམ་པར་སྣང།། བདག་མེད་རྣམ་པར་རིག་བྱེད་འདོད།། ཅེས་གསུངས་སོ།། རིན་པོ་ཆེ་སྣང་བྱེད་ལས། ཉན་ཐོས་རང་རྒྱལ་ལྟ་བ་བསྟན་པའི་ལེའུ་སྟེ་དྲུག་པའོ། །།། སྡུད་པ་སེམས་དཔའ་རྡོ་རྗེ་དེས།། སྟོན་པ་གསང་བདག་ཆེན་པོ་ལ།། སེམས་ཙམ་དབུ་མའི་འདོད་པ་ཇི་ལྟར་ལགས།། སྟོན་པ་གསང་བདག་ཆེན་པོ་དེས།། སྡུད་པའི་སེམས་དཔའ་རྡོ་རྗེ་ལ། ། སེམས་ཙམ་འདོད་ལུགས་ལྟ་བ་བསྟན་པ་ནི།། རྣམ་བདེན་རྣམ་མེད་ལྟ་བ་གཉིས་སུ་འདོད།། རྣམ་པར་བདེན་པར་འདོད་པའི་ལྟ་བ་ནི།། རང་རིག་རྒྱུན་གྱིས་རྟག་ལ་སྐད་ཅིག་ཆ་མི་རྟག། རྣམ་པའི་སྣང་བ་སེམས་སུ་བདེན་པར་འདོད། ། མཐའ་བཞི་བྲལ་བ་གཟུང་འཛིན་གཉིས་སྟོང་པ།། རང་རིག་གསལ་བའི་ངོ་བོ་གཅིག་ཏུ་འདོད།། རྣམ་པ་མེད་པའི་ལྟ་བའི་འདོད་ལུགས་ནི།། ཕྱི་རོལ་སེམས་ཀྱི་རྣམ་པ་མེད་པ་རུ། ། རང་རིག་བདེན་པའི་ཤེས་པའི་ངོ་བོ་ལ།། དེ་ཉིད་གཞན་དུ་བརྗོད་དུ་མེད་པའི་དོན།། གསལ་བྱེད་གཞན་ལ་ལྟོས་པ་སུ་ཡང་མེད།། དབུ་མའི་ལྟ་བའི་འདོད་ལུགས་ནི།། སྒྱུ་མར་འདོད་དང་རྣལ་འབྱོར་སྤྱོད་པའོ། ། སྒྱུ་མ་ལྟ་བུར་ལྟ་བའི་འདོད་ལུགས་ནི།། སྣང་སེམས་ཐམས་ཅད་སྒྱུ་མ་ཙམ་དུ་འདོད།། ཕྱི་ཡི་དངོས་པོ་འདི་དག་ཐམས་ཅད་ཀྱང།། ཡང་དག་པར་ན་རང་བཞིན་གྲུབ་པ་མེད།། ཡོད་དང་མེད་དང་དབུས་མ་ཡིན། ། ཀུན་རྫོབ་ཆུ་ཡི་ཟླ་བ་ཙམ་དུ་ཡོད་པའོ།། རྣལ་འབྱོར་སྤྱོད་པའི་ལྟ་བའི་འདོད་ལུགས་ནི།། ཆོས་རྣམས་ཐམས་ཅད་སྟོང་པ་ཉིད་དུ་འདོད།། ཡོད་དང་མེད་དང་ཅི་ཡང་འདོད་པ་མེད།། ཅེས་གསུངས་སོ། ། རིན་པོ་ཆེ་སྣང་བྱེད་ལས། དབུ་མའི་ལྟ་བ་བསྟན་པའི་ལེའུ་སྟེ་བདུན་པའོ།།།། སྡུད་པའི་སེམས་དཔའ་རྡོ་རྗེ་ཡིས།། སྟོན་པ་གསང་བདག་ཆེན་པོ་ལ།། བྱ་བའི་རྒྱུད་དང་གཉིས་ཀྱི་རྣལ་འབྱོར་གྱི།། ལྟ་བའི་འདོད་ལུགས་ཇི་ལྟར་འདོད་པ་ལགས། ། སྟོན་པ་གསང་བདག་ཆེན་པོ་དེས།། སྡུད་པའི་སེམས་དཔའ་རྡོ་རྗེ་ལ།། ཀྲི་ཡའི་ལྟ་བའི་འདོད་པ་བསྟན་པ་ནི།། ཡན་ལག་སྣང་ཚུལ་རིག་པའི་ཤེས་པ་ལ།། ཀུན་རྫོབ་འདི་ལྟར་སྣང་བ་ཐམས་ཅད་ཀུན། ། རིགས་གསུམ་ལྷ་ཡི་དཀྱིལ་འཁོར་སྣང་བར་འདོད།། དོན་དམ་དག་པ་རྣམ་གསུམ་ཡིན་པར་ལྟ།། ཕྱི་དག་གཙང་སྦྲ་དུས་ཚོད་བཟང།། ནང་དག་ཟས་དང་བསྙུང་བ་བཤལ་བཏང་དང། ། རྫས་དག་ཡོ་བྱད་སྐྱོན་གྱིས་མ་གོས་པའོ།། ཨུ་པ་ཡ་ཡི་ལྟ་བའི་འདོད་ལུགས་བསྟན་པ་ནི།། ཡན་ལག་རིག་པའི་སྣང་ཚུལ་ལས།། ཀུན་རྫོབ་རིག་བཞི་ལྷའི་དཀྱིལ་འཁོར་འདོད།། རྣམ་ཤེས་བཞི་ལས་རིགས་བཞིའི་ལྷ་རུ་འདོད། ། དེ་ནས་རང་བཞིན་སྐྱེ་འགག་མེད་པར་འདོད།། ཡོ་གའི་ལྟ་བའི་འདོད་ལུགས་བསྟན་པ་ནི།། སྙིང་པོ་ཟེར་གྱི་རང་བཞིན་མ་རྟོགས་པས།། ཡན་ལག་ཟེར་གྱི་སྣང་ཚུལ་རིག་པ་ལ།། ཀུན་རྫོབ་རིགས་ལྔ་ལྷ་ཡི་དཀྱིལ་འཁོར་འདོད། ། རྣམ་ཤེས་ལྔ་ལས་རིགས་ལྔའི་ལྷ་རུ་འདོད།། དོན་དམ་རང་བཞིན་སྐྱེ་འགག་མེད་པའོ།། ཞེས་གསུངས་སོ།། རིན་པོ་ཆེ་སྣང་བྱེད་ལས། ཀྲི་ཡ་ཨུ་པ་ཡོ་ག་རྣམས་ཀྱི་ལྟ་བ་བསྟན་པའི་ལེའུ་སྟེ་བརྒྱད་པའོ། །།། སྡུད་པ་སེམས་དཔའ་རྡོ་རྗེ་དེས།། སྟོན་པ་གསང་བདག་ཆེན་པོ་ལ།། མ་ཧཱ་ཨ་ནུའི་ལྟ་བའི་འདོད་པ་ཇི་ལྟར་ལགས།། སྟོན་པ་གསང་བདག་ཆེན་པོ་དེས།། སྡུད་པ་སེམས་དཔའ་རྡོ་རྗེ་ལ། ། མ་ཧཱ་ཡོ་གའི་ལྟ་བའི་འདོད་ལུགས་ནི།། སྙིང་པོའི་སྣང་ཚུལ་རང་བཞིན་མ་ཤེས་པས།། ཡན་ལག་ཟེར་གྱི་རིག་པའི་སྣང་ཚུལ་ལ།། ཕྱི་དང་ནང་དང་སྣོད་བཅུད་སྣང་བ་ལ།། ཐབས་དང་ཤེས་རབ་གཉིས་སུ་འདོད་པ་སྟེ། ། ཕྱི་དང་སྣོད་ནི་ཐབས་ཀྱི་རང་བཞིན་འདོད།། ནང་དང་བཅུད་ནི་ཤེས་རབ་རང་བཞིན་འདོད།། ཐབས་ཀྱི་རང་བཞིན་སྐྱེད་པའི་རིམ་ཚུལ།། ཤེས་རབ་རང་བཞིན་རྫོགས་པའི་རིམ་པར་འདོད། ། ཐབས་དང་ཤེས་རབ་གཉིས་སུ་སྣང་བ་ཡང།། སྣང་སྟོང་གཉིས་མེད་ཟུང་འཇུག་ལྟ་བའོ།། ཨ་ནུ་ཡོ་གའི་ལྟ་བའི་འདོད་ལུགས་ནི།། སྙིང་པོའི་སྣང་ཚུལ་རང་བཞིན་མ་ཤེས་པས།། ཡན་ལག་ཟེར་གྱི་རིག་པའི་སྣང་ཚུལ་ལ། ། ཕྱི་མི་ཡུལ་ནི་ཆོས་དབྱིངས་གཞལ་ཡས་ཁང།། ནང་གི་བཅུད་ནི་ལྷ་ཡི་རང་བཞིན་ཡིན།། གཞལ་ཡས་ཁང་དང་ལྷ་ཡི་རང་བཞིན་དེ་གཉིས་ལ།། དབྱིངས་དང་ཡེ་ཤེས་གཉིས་མེད་བལྟ་བར་འདོད། ། ཅེས་གསུངས་སོ།། རིན་པོ་ཆེ་སྣང་བྱེད་ལས། མ་ཧཱ་ཨ་ནུའི་ལྟ་བ་བསྟན་པའི་ལེའུ་སྟེ་དགུ་པའོ།།།། སྡུད་པ་དཔའ་སེམས་དཔའ་རྡོ་རྗེ་ཡིས།། སྟོན་པ་གསང་བདག་ཆེན་པོ་ལ།། ཐེག་པའི་ལྟ་བའི་རང་བཞིན་དེ་ལྟར་ཡིན་པ་ལ། ། མ་རྟོགས་འཁྲུལ་པའི་འཁྲུལ་གཞི་ཇི་ལྟར་ལགས།། སྟོན་པ་གསང་བདག་ཆེན་པོ་དེས།། སྡུད་པ་སེམས་དཔའ་རྡོ་རྗེ་ལ།། ཐེག་པ་རྣམས་ཀྱི་འཁྲུལ་གཞི་འཁྲུལ་པ་ནི།། སྙིང་པོ་ཡན་ལག་གཉིས་ཀྱི་རང་བཞིན་ལ། ། ཡན་ལག་རིག་པའི་སྣང་ཚུལ་ལ།། འཁྲུལ་པའི་གཞི་རུ་འདོད་པ་ནི།། ཡན་ལག་རྟག་པ་མུ་སྟེགས་གཞི།། རྟག་པའི་རང་བཞིན་འཁྲུལ་པའི་གཞི་དང་ནི།། རྐྱེན་དང་གཞན་ཕྲད་གཉིས་ཀྱི་བར་ནས་འཁྲུལ། ། མུ་སྟེགས་ཆད་པ་འཁྲུལ་པ་ནི།། འབྱུང་བ་རྣམ་ལྔ་གཅིག་ཏུ་འདུས་པ་ལ།། རིག་པ་གློ་བུར་བྱུང་བ་འཁྲུལ་པའི་གཞི།། ལུས་ཀྱི་སྣང་བ་ཕྱུང་བ་འཁྲུལ་པར་འདོད།། ཉན་ཐོས་འཁྲུལ་གཞིའི་འདོད་ལུགས་ནི། ། སྙིང་པོ་ཡན་ལག་གཉིས་སུ་གནས་པ་ལ།། ཡན་ལག་རིག་པའི་སྐྱེ་ལུགས་ལ།། རིག་པའི་ཕྲ་བའི་ཡིད་ནི་འཁྲུལ་པའི་གཞི།། བདག་རྟོག་རྣམ་གཉིས་འདོད་པ་འཁྲུལ་པ་ཡིན།། རྣམ་པར་རིག་པར་འདོད་པ་འཁྲུལ་པའི་གཞི། ། མ་རིག་རྟེན་འབྲེལ་བཅུ་གཉིས་འཁྲུལ་བའོ།། སེམས་ཙམ་འཁྲུལ་གཞིའི་འཁྲུལ་པ་ནི།། སྙིང་པོ་ཡན་ལག་གཉིས་སུ་སྣང་བ་ལ།། ཡན་ལག་རིག་པའི་སྣང་ཚུལ་གསལ།། རང་རིག་རང་གསལ་འཁྲུལ་པའི་གཞི་རུ་འདོད། ། གཟུང་འཛིན་གཉིས་སུ་སྣང་བ་འཁྲུལ་པར་འདོད།། དབུ་མའི་འཁྲུལ་གཞི་འཁྲུལ་པའི་འདོད་ལུགས་ནི།། སྙིང་པོའི་ཡན་ལག་གནས་པ་ལ།། ཡན་ལག་རིག་པའི་ཤེས་པ་ལ།། གཞིག་ནས་སྟོང་པར་འདོད་པ་འཁྲུལ་པའི་གཞི། ། ཀུན་རྫོབ་རྣམ་གཉིས་འཁྲུལ་པའོ།། ཀྲི་ཡི་འཁྲུལ་གཞི་འཁྲུལ་བར་འདོད་པ་ནི།། སྙིང་པོ་ཡན་ལག་གཉིས་སུ་སྣང་བ་ལ།། སྙིང་པོའི་རང་བཞིན་མ་རྟོགས་ཡན་ལག་ནི། ། རིག་པ་སྐྱེ་འགག་མེད་པ་འཁྲུལ་པའི་གཞི།། གཟུང་བའི་ཡུལ་མིན་ཡུལ་འཛིན་འཁྲུལ་བའོ།། ཨུ་པ་ཡ་ཡི་འཁྲུལ་གཞི་འཁྲུལ་བའི་འདོད་ལུགས་ནི།། སྙིང་པོའི་ཡན་ལག་དག་ཏུ་གནས་པ་ལ། ། སྙིང་པོའི་རང་བཞིན་མ་རྟོགས་ཡན་ལག་ལ།། རིག་པ་གཟུང་བ་མེད་པ་འཁྲུལ་པའི་གཞི།། འཛིན་པའི་སེམས་སུ་འཛིན་པ་འཁྲུལ་པ་ཡིན།། ཡོ་གའི་འཁྲུལ་གཞི་འཁྲུལ་པའི་འདོད་ལུགས་ནི།། སྙིང་པོ་ཡན་ལག་དག་ཏུ་གནས་པ་ལ། ། སྙིང་པོའི་རང་བཞིན་མ་རྟོགས་ཡན་ལག་ལ།། རིག་པ་སྐྱེ་འགག་གཉིས་མེད་འཁྲུལ་པའི་གཞི།། རིག་པ་གཉིས་སུ་སྣང་བ་འཁྲུལ་པའོ།། མ་ཧཱ་ཡོ་གའི་འཁྲུལ་གཞི་འཁྲུལ་པ་ནི།། སྙིང་པོའི་ཡན་ལག་དག་ཏུ་གནས་པ་ལ། ། སྙིང་པོའི་རང་བཞིན་མ་རྟོགས་ཡན་ལག་ལ།། སྣང་སྟོང་གཉིས་སུ་མེད་པ་འཁྲུལ་བའི་གཞི།། སྣང་སེམས་གཉིས་སུ་སྣང་བ་འཁྲུལ་པའོ།། ཨ་ནུ་ཡོ་གའི་འཁྲུལ་གཞིའི་འཁྲུལ་ལུགས་ནི། ། སྙིང་པོའི་ཡན་ལག་དག་ཏུ་གནས་པ་ལ།། སྙིང་པོའི་རང་བཞིན་མ་རྟོགས་ཡན་ལག་ལ།། ཡན་ལག་སྣོད་བཅུད་གཉིས་མེད་འཁྲུལ་པའི་གཞི།། སྣོད་བཅུད་ཐ་དད་སྣང་བ་འཁྲུལ་པའོ།། ཞེས་གསུངས་སོ། ། རིན་པོ་ཆེ་སྣང་བྱེད་ལས། ཐེག་པའི་འཁྲུལ་གཞིའི་འཁྲུལ་པ་བསྟན་པའི་ལེའུ་བཅུ་པའོ།།། སྡུད་པ་སེམས་དཔའ་རྡོ་རྗེ་ཡིས།། སྟོན་པ་གསང་བདག་ཆེན་པོ་ལ།། ཐེག་པའི་འཁྲུལ་བར་གཟུང་ཞིང་འཁྲུལ་སྣང་བའི། ། འཁྲུལ་པ་ལྡོག་པའི་ཐབས་ནི་ཇི་ལྟ་བུ།། སྟོན་པ་གསང་བདག་ཆེན་པོ་དེས།། སྡུད་པའི་སེམས་དཔའ་རྡོ་རྗེ་ལ།། འཁྲུལ་པ་ལྡོག་ཐབས་འབྲས་བུ་འབྱུང་ལུགས་ནི།། མུ་སྟེགས་འཁྲུལ་པའི་ལྡོག་ཐབས་ནི། ། དཀའ་ཐུབ་སྤྱོད་པས་འཁྲུལ་པ་ལྡོག་པའི་ཐབས།། ལྡོག་པའི་འབྲས་བུ་སྐྱེ་མཆེད་མུ་བཞིའོ།། ཉན་ཐོས་འཁྲུལ་པ་ལྡོག་ཐབས་འབྲས་བུ་ནི།། བདེན་བཞིའི་སྒོར་འཇུག་ཉིས་བརྒྱ་ལྔ་བཅུ་སྲུང།། བདག་མེད་རྟོགས་དང་ཚོགས་དྲུག་བཀག་ནས་བསྒོམ། ། བསམ་གཏན་དང་པོའི་འཕགས་པ་དགྲ་བཅོམ་ས།། རང་རྒྱལ་འཁྲུལ་པ་ལྡོག་ཐབས་འབྲས་བུ་ནི།། རྟེན་འབྲེལ་སྒོར་ཞུགས་ལུགས་འཐུན་མི་མཐུན་བཟློག། ཆོས་ཀྱི་ཁམས་ལ་ཕྱོགས་གཅིག་བདག་མེད་རྟོགས། ། བསྲུང་བའི་ཚུལ་ཁྲིམས་ཉན་ཐོས་པ་དང་མཐུན།། ཚོགས་དྲུག་ཡུལ་འགེགས་འགོག་པའི་སྙོམས་འཇུག་བསྒོམ།། འབྲས་བུ་བསམ་གཏན་དང་པོའི་ས་ཡང་ཐོབ། ། སེམས་ཙམ་འཁྲུལ་པའི་ལྡོག་ཐབས་འབྲས་བུ་ནི།། བདེན་གཉིས་སྒོར་ཞུགས་བདག་མེད་རྣམ་གཉིས་རྟོགས།། བསྲུང་བའི་ཚུལ་ཁྲིམས་ཉི་ཤུ་སྲུང།། འབྲས་བུ་དོན་ཡོད་གྲུབ་པའི་སར་ཡང་སྐྱེ།། དབུ་མའི་འཁྲུལ་པ་ལྡོག་ཐབས་འབྲས་བུ་ནི། ། བདེན་གཉིས་སྒོར་འཇུག་བདག་མེད་རྣམ་གཉིས་རྟོགས།། བསྲུང་བའི་ཚུལ་ཁྲིམས་སྡོམ་པ་ཉི་ཤུ་སྲུང།། ཚད་མེད་བཞི་དང་སྟོང་པའི་རང་བཞིན་སྒོམ།། འབྲས་བུ་མི་ཆེ་ལྷ་གནས་སྐྱེ་བར་འདོད། ། ཀྲི་ཡའི་འཁྲུལ་པ་ལྡོག་ཐབས་འབྲས་བུ་ནི།། འཇུག་སྒོ་དག་པ་གསུམ་གྱི་སྒོ་ནས་འཇུག། བསྲུང་བའི་དམ་ཚིག་རྩ་བ་ཡན་ལག་གཉིས།། རྩ་བ་ལྔ་དང་ཡན་ལག་བདུན། ། དཀོན་མཆོག་གསུམ་དང་བྱང་ཆུབ་སེམས།། སྔགས་དང་ཕྱག་རྒྱ་རྡོ་རྗེ་སློབ་དཔོན་དང།། རྡོ་རྗེ་དྲིལ་བུ་སྲོག་ཕྱིར་མི་སྤང་བའོ།། ཁྲི་ལ་མི་ཉལ་ཤ་ཆང་བཟའ་བཏུང་མིན།། སྒོག་བཙོང་ལ་ཕུག་མི་བཟའ་སྤང་བར་བྱ། ། དུས་བཞི་དག་ཏུ་ཁྲུས་ཀྱང་རྒྱུན་མི་གཅད།། ལྷ་དྲུག་སྒོ་ནས་བདག་ཉིད་ལྷ་རུ་སྒོམ།། འབྲས་བུ་སྣང་བ་མཐའ་ཡས་ཞིང་དུ་སྐྱེ།། ཨུ་པ་ཡ་ཡི་ལྡོག་ཐབས་འབྲས་བུ་ནི།། འཇུག་པའི་སྒོ་དང་དམ་ཚིག་ཀྲི་ཡར་སྤྱོད། ། རྟོག་པའི་ལྟ་བ་ཡོ་ག་བཞིན་དུ་ལྟ།། འབྲས་བུ་མི་གདུང་ལྷ་ཡི་གནས་སུ་སྐྱེ་བའོ།། ཡོ་གའི་འཁྲུལ་པ་ལྡོག་ཐབས་འབྲས་བུ་ནི།། རྟོགས་པའི་ལྟ་བ་སྐྱེ་འགག་མེད་པར་རྟོགས།། ཏིང་འཛིན་གཙོར་བྱས་བྱང་ཆུབ་སྒོ་ནས་འཇུག། དམ་ཚིག་དཀོན་མཆོག་གསུམ་དང་བྱང་ཆུབ་སེམས།། ནམ་དུ་ཡང་ནི་སྤང་བར་མི་བྱ་ཞིང།། རྡོ་རྗེ་སློབ་དཔོན་ལྷ་རུ་དམིགས་པ་དང།། མཆེད་དང་ལྕམ་དྲལ་མིང་སྲིང་ལྟ་བ་དང།། དབང་མ་ཐོབ་པར་ཆོས་རྣམས་མི་བཤད་ཅིང། ། ལྟ་བ་དམན་པའི་གང་ཟག་སྤང་བར་བྱ།། རྡོ་རྗེ་དྲིལ་བུ་རྟག་ཏུ་འཆང་བྱ་སྟེ།། རྣལ་འབྱོར་དམ་ཚིག་ཉམས་པ་དེ་ཉིད་དང།། ལུང་པ་གཅིག་གི་ཆུ་ལ་བཏུང་མི་བྱ།། འབྲས་བུ་རིན་ཆེན་འབྱུང་ལྡན་ས་རུ་སྐྱེ། ། མ་ཧཱ་ཡོ་གའི་འཁྲུལ་པ་ལྡོག་ཐབས་འབྲས་བུ་ནི།། གཉིས་མེད་སྒོར་ཞུགས་གཉིས་མེད་ལྟ་བར་བལྟ།། བསྲུང་བའི་དམ་ཚིག་རྩ་བ་ཡན་ལག་གི།། སྐུ་གསུང་ཐུགས་དང་ཉི་ཤུ་རྩ་བརྒྱད་སྲུང། ། འབྲས་བུ་རྡོ་རྗེ་སེམས་དཔའི་ས་རུ་སྐྱེ།། ཨ་ནུ་ཡོ་གའི་ལྡོག་ཐབས་འབྲས་བུ་ནི།། གཉིས་མེད་རྣམ་པར་དག་པའི་སྒོ་རུ་འཇུག། བསྲུང་བའི་དམ་ཚིག་སྙིང་རྗེའི་སེམས་དང་ལྡན།། ཕུང་པོ་ཁམས་དང་སྐྱེ་མཆེད་ལྷ་རུ་སྒོམ། ། འབྲས་བུ་རྣམ་པར་སྣང་མཛད་ལྷ་རུ་སྐྱེ།། ཞེས་གསུངས་སོ།། རིན་པོ་ཆེ་སྣང་བྱེད་ལས། འཁྲུལ་པ་ལྡོག་ནས་འབྲས་བུ་བསྟན་པའི་ལེའུ་སྟེ་བཅུ་གཅིག་པའོ།། སྡུད་པ་སེམས་དཔའ་རྡོ་རྗེ་དེས།། སྟོན་པ་གསང་བདག་ཆེན་པོ་ལ། ། ཐེག་པ་རྣམས་ཀྱི་གོལ་སྒྲིབ་འཁྲུལ་བ་ཇི་ལྟ་བུ། སྟོན་པ་གསང་བདག་ཆེན་པོ་དེས།། སྡུད་པ་སེམས་དཔའ་རྡོ་རྗེ་ལ།། ཐེག་པའི་གོལ་སྒྲིབ་འཁྲུལ་དང་གསུམ།། ཉན་ཐོས་བདག་མེད་ལྟ་བ་ཡང། ། བདག་མེད་མ་རྟོགས་ལྟ་བ་ཡང།། ཉན་ཐོས་མུ་སྟེགས་དག་ཏུ་གོལ།། མུ་སྟེགས་དག་ཏུ་འདོད་པ་ཡང།། ཉན་ཐོས་བདག་མེད་དག་ལ་བསྒྲིབས།། ཕྲག་དོག་དག་ནི་ཉན་ཐོས་འཁྲུལ།། ཆོས་ལ་བདག་མེད་རང་རྒྱལ་ཡང། ། བདག་ཏུ་འདོད་ན་རང་རྒྱལ་བསྒྲིབས།། ཉན་ཐོས་ཆོས་ཀྱི་བདག་ཏུ་གོལ།། ཆོས་ལ་བདག་འདོད་ཉན་ཐོས་ཀྱིས།། རང་རྒྱལ་བདག་མེད་ཉན་ཐོས་བསྒྲིབས།། རང་རྒྱལ་མ་རིག་དག་ཏུ་འཁྲུལ། ། གཟུང་འཛིན་གཉིས་བྲལ་སེམས་ཙམ་ཡང།། རང་རིག་གསལ་བར་འདོད་ན་ཡང།། སེམས་ཙམ་རང་རྒྱལ་དག་ཏུ་གོལ།། རང་རྒྱལ་རྣམ་པར་རིག་བྱེད་ཀྱི།། སེམས་ཙམ་གཟུང་འཛིན་བྲལ་ལ་བསྒྲིབས། ། སེམས་ཙམ་ཞེ་སྡང་དག་ཏུ་འཁྲུལ།། རང་བཞིན་མེད་པའི་དབུ་མ་ཡང།། སེམས་སུ་གསལ་བར་འདོད་ན་ཡང།། དབུ་མ་སེསམ་ཙམ་དག་ཏུ་གོལ།། གཟུང་འཛིན་གཉིས་བྲལ་སེམས་ཙམ་གྱིས།། དབུ་མ་རང་བཞིན་མེད་ལ་བསྒྲིབས། ། དབུ་མ་ཞེ་སྡང་དག་ཏུ་འཁྲུལ།། སྐྱེ་འགག་མེད་པའི་ཀྲི་ཡོག་ཀྱང།། ཀུན་རྫོབ་དོན་དམ་གཉིས་འདོད་ན།། ཀྲི་ཡོག་དབུ་མ་དག་ཏུ་གོལ།། དབུ་མ་བདེན་པ་གཉིས་འདོད་ཀྱིས།། ཀྲི་ཡོག་སྐྱེ་འགག་མེད་ལ་བསྒྲིབས། ། ཀྲི་ཡོག་ང་རྒྱལ་དག་ཏུ་འཁྲུལ།། སྣང་སྟོང་གཉིས་མེད་མ་ཧཱ་ཡ།། དོན་དམ་སྐྱེ་འགག་མེད་ལྟ་བ།། མ་ཧཱ་ཀྲི་ཡོག་དག་ཏུ་གོལ།། ཀྲི་ཡོག་སྐྱེ་འགག་མེད་པ་དེས།། མ་ཧཱ་སྣང་སྟོང་གཉིས་ལ་བསྒྲིབས། ། མ་ཧཱ་འདོད་ཆགས་དག་ཏུ་འཁྲུལ།། སྣོད་བཅུད་གཉིས་མེད་ཨ་ནུ་ཡང།། སྣང་སྟོང་གཉིས་སུ་འདོད་ན་ཡང།། ཨ་ནུ་མ་ཧཱ་དག་ཏུ་གོལ།། སྣང་སྟོང་གཉིས་ཀྱི་ལྟ་བ་ཡིས།། ཨ་ནུ་སྣོད་བཅུད་དག་ལ་བསྒྲིབས། ། ཨ་ནུ་གཟུང་འཛིན་དག་ཏུ་འཁྲུལ།། ཞེས་གསུངས་སོ།། རིན་པོ་ཆེ་སྣང་བྱེད་ལས། ཐེག་པའི་གོལ་སྒྲིབ་འཁྲུལ་པའི་ལེའུ་སྟེ་བཅུ་གཉིས་པའོ།། སྡུད་པ་སེམས་དཔའ་རྡོ་རྗེ་ཡིས།། སྟོན་པ་གསང་བདག་ཆེན་པོ་ལ། ཨ་ཏི་ཡོ་གའི་སྙིང་པོ་ལ།། གོལ་སྒྲིབ་འཁྲུལ་པ་ཡོད་དམ་མེད།། སྟོན་པ་གསང་བདག་ཆེན་པོ་དེས།། སྡུད་པའི་སེམས་དཔའ་རྡོ་རྗེ་ལ།། རྟོགས་ན་གོལ་སྒྲིབ་མེད་མོད་ཀྱང།། མ་རྟོགས་གོལ་སྒྲིབ་འཁྲུལ་པར་སྣང། ། ངེས་པ་ཐོབ་པའི་ཐེག་པ་དྲུག། རྫོགས་པ་ཆེན་པོའི་གོལ་ས་དེ།། རྫོགས་ཆེན་ངེས་ཐོབ་སྒྲིབ་པར་བཤད།། མདོ་སྡེ་དང་ནི་ཀྲི་ཡ་དང།། ཨུ་པ་ཡ་དང་ཡོ་ག་དང། མ་ཧཱ་ཡོ་ག་ཨ་ནུ་དྲུག། རྫོགས་པ་ཆེན་པོའི་གོལ་སྒྲིབ་སྟེ། ། མདོ་སྡེ་བྱང་ཆུབ་སེམས་དཔའ་ནི།། ཀུན་ཏུ་འོད་ཀྱི་ས་འདོད་པ།། བདེན་པ་གཉིས་ཀྱི་རྟོག་སྤྱོད་ཀྱིས།། ཆོས་ཉིད་སྟོང་པ་རྣམ་པར་རྟོག། ཨ་ཏིའི་སྙིང་པོ་བདེ་ཆེན་ལ།། རྟོག་སྤྱོད་རྩིས་གདབ་མེད་པའི་དོན། ། རྩི་གདབ་མེད་པ་མདོ་སྡེས་བསྒྲིབས།། རྟོག་སྤྱོད་རྩི་གདབ་མེད་པ་ནི།། མདོ་སྡེ་དག་ཏུ་གོལ་བར་བཤད།། རྟོག་སྤྱོད་འཁྲུལ་རྩད་མ་ཆོད་པས།། རྫོགས་ཆེན་གཏི་མུག་དག་ཏུ་འཁྲུལ།། ཀྲི་ཡ་རྡོ་རྗེ་འཛིན་འདོད་ན། ། དག་པ་རྣམ་གསུམ་སྒོར་ཞུགས་ནས།། ཆོས་ཉིད་དག་པ་འཛིན་པ་སྟེ། གཟུང་འཛིན་དག་གི་ཡུལ་ལ་གནས།། འཁྲུལ་འཛིན་འཁྲུལ་པ་མེད་པའི་དོན།། གཟུང་འཛིན་མེད་ལ་འཁྲུལ་པས་བསྒྲིབས། ། རྫོགས་ཆེན་གཟུང་འཛིན་བྱེད་པ་ནི།། ཀྲི་ཡ་དག་ཏུ་གོལ་བར་བཤད།། གཟུང་འཛིན་འཁྲུལ་རྩད་མ་ཆོད་པས།། རྫོགས་ཆེན་ཡིད་གཉིས་དག་ཏུ་འཁྲུལ།། ཨུ་པ་ཡ་ཡི་ལྟ་སྤྱོད་ནི། ཀྲི་ཡ་སྤྱོད་ལ་ཡོ་ག་སྒྲུབ། ། ལྟ་སྤྱོད་འབྲེལ་བས་དོན་མེད་པས།། ཨ་ཏི་ཡོ་གའི་སྙིང་པོ་ནི།། ལྟ་སྤྱོད་གཉིས་མེད་བྱང་ཆུབ་སེམས།། གཉིས་སུ་མེད་ལ་ཨུ་པས་བསྒྲིབས།། རྫོགས་ཆེན་གཉིས་མེད་བྱེད་པ་ནི།། ཨུ་པ་མ་རུ་གོལ་བར་བཤད། ། གཉིས་མེད་ཡེ་ཤེས་མ་ཤར་བར།། རྫོགས་ཆེན་ཡ་བྲལ་དག་ཏུ་འཁྲུལ།། ཡོ་ག་སྟུག་པོ་བཀོད་འདོད་པ།། མཚན་མ་ཡོད་མེད་སྒོར་ཞུགས་ནས།། ཕྱག་རྒྱ་བཞི་ལ་གཙོར་བྱེད་དོ།། དབྱེ་བསལ་མེད་ལ་འཇུག་མ་ནུས། ། ཨ་ཏི་ཡོ་གའི་སྙིང་པོ་ནི།། དབྱེ་གསལ་མེད་པའི་བྱང་ཆུབ་སེམས།། དབྱེ་བསལ་མེད་ལ་ཡོ་གས་བསྒྲིབས།། རྫོགས་ཆེན་དབྱེ་བསལ་མེད་པ་ནི།། ཡོ་ག་དག་ཏུ་གོལ་བར་བཤད།། དབྱེ་བསལ་མེད་པར་མ་གོ་བས། ། རྫོགས་ཆེན་གཉིས་སྣང་དག་ཏུ་འཁྲུལ།། མ་ཧཱ་རྡོ་རྗེ་འཆང་འདོད་པས།། ཏིང་འཛིན་རྣམ་གསུམ་སྒོར་ཞུགས་ནས།། རང་རྒྱུད་དག་པའི་དཀྱིལ་འཁོར་ལ།། བསྙེན་སྒྲུབ་རྣམ་བཞི་སྒྲུབ་པར་བྱེད། ། ཨ་ཏི་ཡོ་གའི་སྙིང་པོ་ནི།། རྩོལ་སྒྲུབ་འདས་པའི་བྱང་ཆུབ་སེམས།། རྩོལ་སྒྲུབ་འདས་ལ་མ་ཧཱས་བསྒྲིབས།། རྫོགས་ཆེན་རྩོལ་སྒྲུབ་མེད་པ་ནི།། མ་ཧཱ་ཡོ་གར་གོལ་བར་བཤད།། ལུས་ངག་འཁྲུལ་པ་མ་ཞིག་པས། ། རྫོགས་ཆེན་བྱ་བཙལ་དག་ཏུ་འཁྲུལ།། ཨ་ནུ་བྱེད་མེད་ས་འདོད་པས།། དབྱིངས་དང་ཡེ་ཤེས་སྒོར་ཞུགས་ནས།། རྒྱུ་ནི་དག་པའི་དབྱིངས་སུ་ལྟ།། འབྲས་བུ་ཡེ་ཤེས་དཀྱིལ་འཁོར་ལྟ།། ཨཱ་ཏི་ཡོ་གའི་སྙིང་པོ་ནི། ། རྒྱུ་འབྲས་འདས་པའི་བྱང་ཆུབ་སེམས།། རྒྱུ་འབྲས་འདས་ལ་ཨ་ནུས་བསྒྲིབས།། རྫོགས་ཆེན་རྒྱུ་འབྲས་གཉིས་ལྟ་ནི།། ཨ་ནུ་ཡོ་གར་གོལ་བར་བཤད།། རྒྱུ་འབྲས་འཁྲུལ་རྩད་མ་ཆོད་པས།། རྫོགས་ཆེན་བྱ་རྩལ་དག་ཏུ་འཁྲུལ། ། ཐེག་པའི་གོལ་སྒྲིབ་འཁྲུལ་དང་གསུམ།། ཐེག་པ་གཅིག་གི་ལྟ་བ་ལ།། གོལ་སྒྲིབ་འཁྲུལ་པ་སུམ་ཅུ་ཡོད།། ལྟ་བའི་གོལ་སྒྲིབ་འཁྲུལ་དང་གསུམ།། དམ་ཚིག་གོལ་སྒྲིབ་འཁྲུལ་དང་གསུམ། ། འཕྲིན་ལས་གོལ་སྒྲིབ་འཁྲུལ་དང་གསུམ།། ཡེ་ཤེས་གོལ་སྒྲིབ་འཁྲུལ་དང་གསུམ།། ས་ཡི་གོལ་སྒྲིབ་འཁྲུལ་དང་གསུམ།། ལམ་གྱི་གོལ་སྒྲིབ་འཁྲུལ་དང་གསུམ།། ཕྲ་བའི་གོལ་སྒྲིབ་འཁྲུལ་དང་གསུམ། ། རྒྱུད་ཀྱི་གོལ་སྒྲིབ་འཁྲུལ་དང་གསུམ།། ལུང་གི་གོལ་སྒྲིབ་འཁྲུལ་དང་གསུམ།། མན་ངག་གོལ་སྒྲིབ་འཁྲུལ་དང་གསུམ།། ཕྱེ་བས་སུམ་ཅུ་ཐམ་པའོ།།།། དེ་ཡི་མཚན་ཉིད་གང་དང་གང།། ལྟ་བ་དག་གི་རང་བཞིན་ནི། ། སྒོམ་མེད་རང་བཞིན་དོན་ལ་བལྟ།། སྒོམ་མེད་རང་བཞིན་མ་ཤེས་ན།། ལྟ་བ་དག་གི་སྒྲིབ་པར་བཤད།། ཡེ་ནས་མཉམ་པའི་རང་བཞིན་ལ།། ཞེ་འདོད་མེད་པར་མི་ལྟ་སྟེ།། བསྒོམས་ནས་རྟོགས་པར་ལྟ་བ་ནི། ། ལྟ་བ་དག་གི་གོལ་ས་ཡིན།། ཞེ་འདོད་རྩི་གདབ་བྱེད་པ་ནི།། ལྟ་བ་དག་གི་འཁྲུལ་པར་བཤད།། བསྲུང་མཚམས་མེད་པའི་དམ་ཚིག་ལ།། བསྲུང་མཚམས་མེད་པར་མ་ཤེས་ན།། དམ་ཚིག་སྒྲིབ་པ་ཡིན་པར་བཤད། ། བསྲུང་མཚམས་མེད་པའི་དམ་ཚིག་ལ།། བསྲུང་མཚམས་མེད་པར་མ་རྟོགས་ནས།། ཕྱོགས་མཚམས་དམ་ཚིག་བསྲུང་བ་ནི།། དམ་ཚིག་གོལ་ས་ཡིན་པར་བཤད།། ཕྱོགས་མཚམས་བྱེ་བྲག་འབྱེད་པ་ནི། ། དམ་ཚིག་འཁྲུལ་པ་ཡིན་པར་བཤད།། འཕྲིན་ལས་རང་བཞིན་རྩལ་མེད་ལ།། རྩོལ་སྒྲུབ་འདས་པའི་འཕྲིན་ལས་ལ།། བཙལ་དུ་མེད་པར་མ་ཤེས་ན།། འཕྲིན་ལས་སྒྲིབ་པ་ཡིན་པར་བཤད། ། བཙལ་དུ་མེད་པའི་རང་བཞིན་ལ།། བཙལ་དུ་མེད་པར་མ་རྟོགས་ན།། འཕྲིན་ལས་རྩོལ་བར་བྱེད་པ་ནི།། འཕྲིན་ལས་གོལ་ས་ཡིན་པར་བཤད།། ལུས་ངག་འབད་རྩོལ་བྱེད་པ་ནི།། འཕྲིན་ལས་འཁྲུལ་པ་ཡིན་པར་བཤད། ། ཡེ་ཤེས་དག་གི་རང་བཞིན་ལ།། ཡེ་ནས་སྒྲིབ་པ་མེད་པར་གསལ།། སྒྲིབ་པ་མེད་པར་མ་ཤེས་ན།། ཡེ་ཤེས་དག་གིས་སྒྲིབ་པར་བཤད།། བསྒྲིབས་པ་མེད་པའི་ཡེ་ཤེས་ལ།། སྒྲིབ་པ་མེད་པར་མ་རྟོགས་ཏེ། ། མི་བསྐྱོད་གསལ་བར་མ་རྟོགས་ན།། ཡེ་ཤེས་གོལ་ས་ཡིན་པར་བཤད།། གསལ་མི་གསལ་དུ་འདོད་པ་ན།། ཡེ་ཤེས་འཁྲུལ་པ་ཡིན་པར་བཤད།། ས་དང་ཕ་རོལ་རང་བཞིན་ནི།། སྦྱང་ཞིང་བགྲོད་དུ་མེད་པ་ཡིན། ། སྦྱང་བགྲོད་མེད་པར་མ་ཤེས་ན།། ས་དང་ཕ་རོལ་སྒྲིབ་པར་བཤད།། སྦྱང་བགྲོད་མི་དགོས་ས་ལམ་ལ། སྦྱང་བགྲོད་མི་དགོས་མ་རྟོགས་ཏེ།། ལམ་གྱི་རིམ་པའི་རང་བཞིན་ནི།། བགྲོད་དུ་མེད་པར་མ་ཤེས་ན། ། ལམ་གྱི་སྒྲིབ་པ་ཡིན་པར་བཤད།། བགྲོད་དུ་མེད་པའི་རང་བཞིན་ལ།། བགྲོད་དུ་མེད་པར་མ་རྟོགས་ན།། ལམ་ལ་བགྲོད་དུ་ཡོད་འདོད་ན།། ལམ་གྱི་གོལ་ས་ཡིན་པར་བཤད།། བྱེ་བྲག་ལྔ་རུ་འདོད་པ་ནི། ། ལམ་གྱི་འཁྲུལ་པ་ཡིན་པར་བཤད།། སྦྱང་ཞིང་བགྲོད་པར་བྱེད་པ་ནི།། ས་དང་ཕ་རོལ་གོལ་སར་བཤད།། གོང་འོག་རིམ་པར་འདོད་པ་ནི།། ས་དང་ཕ་རོལ་འཁྲུལ་པར་བཤད།། ཕྲ་བ་དག་གི་རང་བཞིན་ལ། ། གཟུང་འཛིན་བྲལ་བའི་རང་བཞིན་ཡིན།། གཟུང་འཛིན་བྲལ་བར་མ་ཤེས་ན།། ཕྲ་བ་དག་གི་རང་བཞིན་ལ།། ཕྲ་བ་དག་གིས་སྒྲིབ་པར་བཤད།། གཟུང་འཛིན་བྲལ་བའི་ཕྲ་བ་ལ།། གཟུང་འཛིན་བྲལ་བར་མ་རྟོགས་ཏེ། ། ཕྲ་རབ་རྡུལ་དུ་ཡོད་ལྟ་ན།། ཕྲ་བའི་གོལ་ས་ཡིན་པར་བཤད།། གཟུང་འཛིན་བྲལ་བར་གཉིས་སྣང་ན།། ཕྲ་བའི་སྤྲུལ་པ་ཡིན་པར་བཤད།། རྒྱུད་ཀྱི་རང་བཞིན་བསྟན་པ་ནི།། སེམས་ཆོས་གཉིས་སུ་མེད་པར་འབྲེལ། ། གཉིས་མེད་འབྲེལ་བར་མ་ཤེས་ན།། རྒྱུད་ཀྱི་སྒྲིབ་པ་ཡིན་པར་བཤད།། གཉིས་སུ་མེད་པར་འབྲེལ་པ་ལ།། གཉིས་མེད་འབྲེལ་པ་མ་རྟོགས་ཏེ།། ཆོས་སེམས་གཉིས་སུ་མཐོང་བ་ནི།། རྒྱུད་ཀྱི་གོལ་ས་ཡིན་པར་བཤད། ། ཐ་དད་རྩེ་གཉིས་སྐྱེས་པ་ནི།། རྒྱུད་ཀྱི་འཁྲུལ་པ་ཡིན་པར་བཤད།། ལུང་གི་རང་བཞིན་བསྟན་པ་ནི།། གཏན་ལ་འབེབས་ཤིང་ངེས་པར་སྟོན།། གཏན་ལ་འབེབས་པར་མ་ཤེས་ན།། ལུང་གི་སྒྲིབ་པ་ཡིན་པར་བཤད། ། གཏན་ལ་འབེབས་པའི་ལུང་དེ་ལ།། ཐོག་ཏུ་ཕེབས་པར་མ་རྟོགས་ཏེ།། གཏན་ལ་མི་ཕེབས་ཟེར་བ་ནི།། ལུང་གི་གོལ་ས་ཡིན་པར་བཤད།། སྒྲ་ཚིག་རང་འཐད་ཁྱེར་ནས་ནི། ། དོན་དང་མི་མཐུན་ཚིག་རྗེས་འབྲང།། ལུང་གི་འཁྲུལ་པ་ཡིན་པར་བཤད།། མན་ངག་རང་བཞིན་བསྟན་པ་ནི།། གཉིས་སྣང་མེད་པར་ལ་ཟློས་པ།། སྤྲོས་པ་མེད་པར་མ་ཤེས་ན།། མན་ངག་དག་གི་སྒྲིབ་པ་ཡིན། ། སྒྲོ་སྐུར་བྲལ་བའི་མན་ངག་ལ།། སྤྲོས་པ་མེད་པར་མ་རྟོགས་ཏེ།། སྒྲོ་སྐུར་ཡོད་པར་མ་རྟོགས་ཏེ།། སྒྲོ་སྐུར་ཡོད་པར་འདོགས་པ་ཡིན།། མན་ངག་དག་གི་གོལ་སར་བཤད།། སྤྲོས་པའི་མཐའ་ལ་མངོན་ཞེན་ནས། ། མན་ངག་འཁྲུལ་པ་ཡིན་པར་བཤད།། དབྱེ་ན་དེ་ལྟར་ཡོད་མོད་ཀྱང།། བསྡུ་ན་གསུམ་ལས་མེད་པར་བཤད།། འགྲོ་སྒོ་ནོར་བ་གོལ་ས་ཡིན།། གནས་དོན་མ་རྟོགས་སྒྲིབ་པ་ཡིན།། སྒོ་ལྔར་འཁྱམས་པ་འཁྲུལ་པ་ཡིན། ། དཔེར་ན་དོན་ཡོད་ལམ་ཞུགས་ན།། ཤར་ན་དོན་ཡོད་ནུབ་ལམ་ཕྱིན།། ནུབ་ཕྱིན་ཤར་གྱི་དོན་མི་འགྲུབ།། ལམ་རྒྱུས་མ་ཤེས་འཁྲུལ་པ་བྱུང།། ཞེ་འདོད་མེད་པའི་དོན་འདོད་པས།། ཞེ་འདོད་མཚན་མའི་ལམ་དུ་ཞུགས། ། གོལ་ས་ཞེས་ནི་དེ་ལ་བཤད།། སྒྲོ་སྐུར་གཉིས་བྲལ་རང་བཞིན་ལ།། བརྗོད་ཡོད་རྟོག་པའི་སྒྲིབ་པ་ཡིན།། ཚིག་གི་སྒྲོ་འདོགས་མ་ཆོད་འཁྲུལ།། གང་ཟག་དབང་པོ་ཁྱད་པར་ལ།། སེམས་འཐད་ཐེག་པའི་རིམ་པ་དགུ། ། མི་མཐུན་ལྟ་སྤྱོད་སོ་སོར་བཤད།། དེས་ན་གོལ་སྒྲིབ་འཁྲུལ་པ་འབྱུང།། ཞེས་གསུངས་སོ།། རིན་པོ་ཆེ་སྣང་བྱེད་ལས། རྫོགས་ཆེན་མ་རྟོགས་ཤེས་པ་ལ་གོལ་སྒྲིབ་འཁྲུལ་པ་བསྟན་པའི་ལེའུ་སྟེ་བཅུ་གསུམ་པའོ། །།། སྡུད་པའི་སེམས་དཔའ་རྡོ་རྗེ་དེས།། སྟོན་པ་གསང་བདག་ཆེན་པོ་ལ།། གོལ་སྒྲིབ་འཁྲུལ་གསུམ་ལ་བཟླ་ཇི་ལྟ་བུ།། སྟོན་པ་གསང་བདག་ཆེན་པོ་དེས།། སྡུད་པའི་སེམས་དཔའ་རྡོ་རྗེ་ལ། ། ངེས་པའི་ཞེ་འདོད་མ་སྐྱེས་ན།། རྫོགས་ཆེན་སྒྲིབ་པ་མེད་པར་བཤད།། གོང་འོག་ཁྱད་པར་དབྱེ་རུ་མེད།། ཐེག་པ་དྲུག་གི་གོལ་སྒྲིབ་མེད།། བདེན་གཉིས་ཁ་ཚོན་གཅད་དུ་མེད།། སྙིང་པོའི་རང་བཞིན་རྩི་གདབ་མེད། ། རང་བཞིན་ཤེས་པས་སྒྲིབ་པ་མེད།། འཛིན་རྟོག་གཉིས་ལས་གྲོལ་བ་ནི།། དེའི་དོན་རྟོགས་གོལ་དུ་མེད།། འཛིན་རྟོག་ཡིད་གཉིས་འཁྲུལ་པར་ཤེས།། ཡིད་རྩད་ཆོད་ན་འཁྲུལ་དུ་མེད།། གཟུང་དང་འཛིན་པ་འཁྲུལ་བའི་ཆོས། ། དེ་ལྟར་ཤེས་པ་སྒྲིབ་ཏུ་མེད།། གཟུང་འཛིན་ཡིད་གཉིས་མ་སྐྱེས་ན།། གོལ་དང་འཁྲུལ་པ་མེད་པར་བཤད།། སྙིང་པོའི་རང་བཞིན་མ་ནོར་བཤད།། ལྟ་སྤྱོད་བཀོལ་མེད་བྱང་ཆུབ་སེམས།། ཕྱོགས་ཆ་ཡ་བྲལ་མ་སྐྱེས་ན། ། འཛིན་གཉིས་གོལ་སྒྲིབ་འཁྲུལ་པ་མེད།། དངོས་པོ་གང་ལ་དབྱེ་བསལ་མེད།། ཡིན་མིན་དབྱེ་བསལ་མེད་པ་ན།། དབྱེ་བསལ་གོལ་སྒྲིབ་འཁྲུལ་པ་མེད།། ལུས་ངག་རྩོལ་སྒྲུབ་བྱར་མེད་པས། ། བྱ་བཙལ་གོལ་སྒྲིབ་འཁྲུལ་པ་མེད།། རྒྱུ་ལས་མ་བྱུང་འབྲས་བུ་མཆོག། རྒྱུ་འབྲས་རྩད་གཅོད་གོལ་སྒྲིབ་མེད།། སྙིང་པོའི་རང་བཞིན་གཅིག་ཤེས་ན།། ལྟ་བ་ལ་སོགས་བཅུ་པོ་ལ།། གོལ་སྒྲིབ་འཁྲུལ་པ་གང་ཡང་མེད། ། ལྟ་བ་རྟོག་ནས་སྒོམ་མེད་དོན།། བཀོལ་མེད་མཉམ་པའི་དོན་ཤར་ནས།། ལྟ་བ་གོལ་སྒྲིབ་འཁྲུལ་པ་མེད།། ཕྱོགས་དང་རིས་མེད་མཉམ་པའི་ངང།། དེ་ཡི་དོན་ལ་མི་འདའ་ན།། དམ་ཚིག་གོལ་སྒྲིབ་འཁྲུལ་པ་མེད། ། རྩོལ་སྒྲུབ་མེད་པའི་སྙིང་པོ་ལ།། ལུས་ངག་འབད་རྩོལ་མེད་པ་ལ།། འཕྲིན་ལས་གོལ་སྒྲིབ་འཁྲུལ་པ་མེད།། མ་སྒྲིབས་གསལ་བའི་ཡེ་ཤེས་ནི།། ཡེ་ནས་ཡིན་པས་བྱ་མི་དགོས།། ཡེ་ཤེས་གོལ་སྒྲིབ་འཁྲུལ་པ་མེད། ། བགྲོད་མེད་ཡེ་ཤེས་མཐར་ཕྱིན་དོན།། རིམ་པར་གཉིས་སུ་མེད་པའི་མཆོག། ས་ཡི་གོལ་སྒྲིབ་འཁྲུལ་པ་མེད།། ཡང་དག་ལམ་ལ་གནས་པ་ལ།། བྱེ་བྲག་རིམ་པར་མ་བགྲོད་ན། ། ལམ་གྱི་གོལ་སྒྲིབ་འཁྲུལ་པ་མེད།། གཟུང་འཛིན་གཉིས་བྲལ་བྱང་ཆུབ་སེམས།། ཕྲ་རགས་ཡིད་རྟོག་མེད་པ་ལ།། ཕྲ་བའི་གོལ་སྒྲིབ་འཁྲུལ་པ་མེད།། གཉིས་མེད་ཐིག་ལེ་གཅིག་གི་ངང།། མཉམ་པའི་རང་བཞིན་རྒྱ་མ་ཆད། ། རང་བཞིན་རྒྱུན་དུ་གནས་པའི་མཆོག། རྒྱུད་ཀྱི་གོལ་སྒྲིབ་འཁྲུལ་པ་མེད།། མ་ནོར་བྱང་ཆུབ་སེམས་ཀྱི་ནི།། ཡང་དག་དོན་ནི་གཏན་ལ་འབེབས།། ལུང་གི་གོལ་སྒྲིབ་འཁྲུལ་པ་མེད།། ཕྱོགས་རིས་སྤྲོས་པ་མེད་པའི་དོན། ། སྒྲོ་སྐུར་མཐའ་ལས་གྲོལ་བ་ནི།། མན་ངག་གོལ་སྒྲིབ་འཁྲུལ་པ་མེད།། གོལ་སྒྲིབ་བསམ་གྱིས་མི་ཁྱབ་ཀྱང།། འཆར་བའི་སྒོ་ནོར་གོལ་ས་ཡང།། ལྡོག་པའི་ཐབས་ཤེས་གོལ་དུ་མེད། ། གནས་དོན་མ་རྟོགས་སྒྲིབ་པ་ཡང།། སྙིང་པོའི་དོན་ཤེས་གོལ་དུ་མེད།། སྒོ་ལྔ་ཡུལ་འཛིན་འཁྲུལ་པ་ཡང།། ཡིད་རྩད་ཆོད་པས་འཁྲུལ་དུ་མེད།། འགྲོ་སྒོ་མ་ནོར་ཡང་དག་ལམ།། ངེས་པའི་དོན་མཐོང་ཐེ་ཚོམ་བྲལ། ། ཐག་ཆོད་གདེང་ལྡན་རེ་དོགས་མེད།། ཅེས་གསུངས་སོ།། རིན་པོ་ཆེ་སྣང་བྱེད་ལས།། གོལ་སྒྲིབ་འཁྲུལ་པ་ལས་ལ་བཟླ་བའི་ལེའུ་སྟེ་བཅུ་བཞི་པའོ།།།། སྡུད་པ་སེམས་དཔའ་རྡོ་རྗེ་ཡིས།། སྟོན་པ་གསང་བདག་ཆེན་པོ་ལ། ། ལྟ་སྒོམ་གཉིས་ཀྱི་དོན་ནི་ཇི་ལྟ་བུ།། སྟོན་པ་གསང་བདག་ཆེན་པོ་དེས།། སྡུད་པའི་སེམས་དཔའ་རྡོ་རྗེ་ལ།། བདེན་པའི་སྙིང་པོ་མཐོང་བ་ལྟ་བ་ཡིན།། ངང་ནས་འགྲོ་འོང་མེད་པ་སྒོམ་པ་ཡིན། ། དུས་གསུམ་ཆ་ལས་འགྲོ་བ་རང་བཞིན་ལྟ།། ཡིད་ཀྱི་རྒྱུ་བ་ཆད་པ་སྒོམ་པ་ཡིན།། ལྟ་བའི་རང་བཞིན་རྟོག་པ་མེད།། སྒོམ་པའི་རང་བཞིན་བསམ་དང་བྲལ།། ལྟ་བའི་རང་བཞིན་འགྱུ་བ་མེད།། སྒོམ་པའི་རང་བཞིན་བཅོས་པ་མེད། ། འཁྲུལ་པ་རྣམ་པར་དག་པའི་རང་བཞིན་ལྟ།། ཡེ་ཤེས་རྒྱུན་ཆད་མེད་པ་སྒོམ་པའི་དོན།། སྙིང་པོའི་རང་བཞིན་མངོན་པར་རྟོག་པ་ལྟ།། ཡིད་ཀྱི་འཁྲུལ་པ་ལོག་ནས་སྒོམ་པའི་ངང།། རྟོག་པའི་མཐའ་རྣམས་གྲོལ་བ་ལྟ། ། མཚན་མོའི་དྲི་མ་གོས་མེད་སྒོམ།། མ་བཅོས་རང་བཞིན་ལྟ་བའི་དོན།། སྣང་བའི་ཡུལ་མེད་སྒོམ་པའི་མཆོག། ལྟ་བའི་རང་བཞིན་འབྱེད་པ་མེད།། སྒོམ་པ་མི་དམིགས་ངང་ལ་བསྒོམ། ། ལྟ་བའི་རང་བཞིན་འདོད་པ་མེད།། མ་ཆགས་མ་ཞེན་སྒོམ་པའི་དོན།། ལྟ་བའི་རང་བཞིན་སྒྲིབ་པ་མེད།། སྒོམ་པའི་རང་བཞིན་གསལ་བའི་ངང།། ལྟ་བའི་རང་བཞིན་རྟེན་པ་མེད།། སྒོམ་པའི་རང་བཞིན་གནས་པ་མེད། ། བདག་དང་བདག་ཏུ་མི་རྟོག་པའི།། མཉམ་པའི་རང་བཞིན་ཕྱོགས་རིས་མེད།། ཆོས་དང་ཆོས་ཅན་འཛིན་པ་མེད།། བདེན་དང་རྫུན་པར་མི་ལྟ་ན།། སྙིང་པོའི་དོན་ལ་འདོད་པ་མེད།། སྒྲིབ་མེད་ཡེ་ཤེས་གསལ་བའི་དོན། ། མི་བསྒོམ་རང་གནས་རྒྱུན་མི་འཆད།། བསམ་བྲལ་སྙིང་པོ་བརྗོད་པ་མེད།། མ་བཅོས་རྩོལ་བྲལ་སྤྱད་དུ་མེད།། ཕྱི་ནང་མི་མངའ་རང་བཞིན་གནས།། འབྱུང་འཇུག་མི་མངའ་གཟུང་འཛིན་བྲལ། ། སྒོ་ལྔའི་ཡུལ་དུ་གང་སྣང་བ།། ཆོས་དབྱིངས་སྣང་ལ་རང་བཞིན་མེད།། ཡིད་ཀྱི་བསམ་པ་ཅི་སྐྱེས་ཀྱང།། འཁྲུལ་པའི་རྣམ་རྟོག་གློ་བུར་བ།། ཡན་ལག་སྣང་ཚུལ་ཅིར་ཤར་ཡང།། སྙིང་པོ་མཉམ་ཉིད་ངང་ལ་གནས། ། སྙིང་པོ་རྩོལ་བྲལ་བདེ་བའི་དོན།། སྒོམ་མེད་རང་ལུགས་མ་བཅོས་སེམས།། སྒོམ་པའི་རོ་མྱོང་ཆགས་སེམས་བྲལ།། སྣང་བའི་ལྟོས་པོ་ཐམས་ཅད་ལ།། དབྱེ་གསལ་མེད་པའི་རང་བཞིན་བདེ། ། དངོས་མཚན་མེད་པར་མི་གནས་ན།། མཐའ་ཡི་འཁྲུལ་པ་ངང་གིས་དག། འདས་དང་མ་འོངས་ད་ལྟ་ཡི།། དུས་གསུམ་ཆ་རུ་མ་གཟུང་ན།། འབྱུང་འཇུག་མེད་པའི་བསམ་གཏན་བདེ།། འཁྲུལ་རྟོག་སངས་པའི་རང་བཞིན་ནི། ། བག་ཆགས་བཅས་པ་ངང་གིས་སྟོངས།། ཞེས་གསུངས་སོ།། རིན་པོ་ཆེ་སྣང་བྱེད་ལས། ལྟ་སྒོམ་བསྟན་པའི་ལེའུ་སྟེ་བཅོ་ལྔ་པའོ།།།། སྡུད་པའི་སེམས་དཔའ་རྡོ་རྗེ་དེས།། སྟོན་པ་གསང་བདག་ཆེན་པོ་ལ། ། སྤྱོད་པའི་སྒོ་ནས་འབྲས་བུའི་དོན་ཐོབ་ཇི་ལྟ་བུ།། སྟོན་པ་གསང་བདག་ཆེན་པོ་དེས།། སྡུད་པའི་སེམས་དཔའ་རྡོ་རྗེ་ལ།། མ་བཅོས་སེམས་ཀྱི་དོན་མཐོང་ན།། ནམ་མཁའི་རང་བཞིན་སྤྱད་པའོ།། ཐ་མལ་རང་ལུགས་གཞག་པ་ན། ། སྙིང་པོ་ཀློང་ན་གནས་པའོ།། མཉམ་པའི་ཀློང་ན་རང་བཞིན་གནས།། མ་ཆགས་མ་ཞེན་འདོད་པ་མེད།། ཟུག་རྔུའི་རང་བཞིན་མ་སྐྱེས་ན།། རྣམ་རྟོག་རང་སར་གྲོལ་བའོ།། རྣམ་སྨིན་ཡུལ་ལ་མི་འཇུག་ན། ། སྙིང་རྗེའི་སེམས་དང་ལྡན་པའོ།། བག་ཆགས་སྐྱོན་གྱིས་མ་གོས་ན།། སྙིང་པོའི་དོན་ལ་ཕྲད་པ་ཡིན།། གློ་བུར་འཁྲུལ་བ་མི་སྐྱེ་ན།། ཡིད་ཀྱི་འཁྲུལ་རྩད་ཆོད་པ་ཡིན།། གང་ལ་མྱོང་བའི་སེམས་མེད་ན།

CLOSE WINDOW