CLOSE WINDOW

Gpb034.023: བྱང་ཆུབ་ཀྱི་སེམས་ཀུན་འདུས་འོད་ཀྱི་རྒྱུད་ཅེས་བྱ་བ
Wylie

རྒྱ་གར་སྐད་དུ། བོ་དྷི་ཙིཏྟ་བིན་དྷ་པྲ་བྷ་ནི་ཏན་ཏྲ་ནཱ་མ། བོད་སྐད་དུ། བྱང་ཆུབ་ཀྱི་སེམས་ཀུན་འདུས་འོད་ཀྱི་རྒྱུད་ཅེས་བྱ་བ། སེམས་ཉིད་རྫོགས་པ་ཆེན་པོ་ལ་ཕྱག་འཚལ་ལོ།། དེ་ནས་སངས་རྒྱས་ཐམས་ཅད་རབ་ཏུ་བརྒྱལ། དངངས་པ་དང།། སྐྲག་པར་གྱུར་ཏེ་ཅང་མི་སྨྲ་བར་འཁོད་དོ།། དེ་ནས་དེ་བཞིན་གཤེགས་པ་ཐུགས་རྗེ་ཡེ་ཤེས་ཀུན་ཏུ་ཁྱབ་པ་ཞེས་བྱ་བའི་འོད་ཀྱི་འཕྲེང་བ་རྣམ་པར་སྣང་མཛད་དེ་རབ་ཏུ་བསྐུལ་བར་གྱུར་ཏོ། ། དེ་ནས་སངས་རྒྱས་ཐམས་ཅད་ཀྱིས་མགྲིན་གཅིག་ཏུ་འདི་སྐད་ཅེས་གསོལ་ཏོ།། ཨེ་མ་ཧོ་སངས་རྒྱས་ཀུན་ཀྱི་ཐུགས།། རབ་ཏུ་གསང་ཞིང་དྲི་མ་མེད།། འདི་དག་ཐེ་ཙོམ་སྐྱེ་བའི་རྒྱུ།། གསང་སྔགས་ལྟ་སྤྱོད་ངོ་མཚར་ཆེ། ། ཞེས་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་དེ་བཞིན་གཤེགས་པ་ཀུན་གྱི་རང་བཞིན་དེས། གསང་སྔགས་ཀྱི་ཆེ་བ་བསྟན་པའི་ཕྱིར་འདི་སྐད་ཅེས་གསུངས་སོ། ། རབ་ཏུ་མི་གནས་གསང་བའི་ལུང།། དབྱེར་མེད་གསང་བའི་དོན་རྟོགས་པས།། དགེ་སྡིག་བླང་དོར་དབྱེར་མེད་པས།། སྡིག་པ་སྤྱད་པས་དམ་པའི་མཆོག། ཐེག་ཆེན་གསང་བར་ཞུགས་པ་ཡིས། ། མཚམས་མེད་ལྔ་པོ་རྫོགས་བྱེད་ཅིང།། རྣལ་འབྱོར་གནས་ལ་བཀུར་བ་དང།། དམ་རྫས་ཟས་སུ་སྤྱོད་པ་དང།། ལྷ་ཁང་མདོ་སྡེ་བསྲེག་པ་དང།། ཡེ་ཤེས་རྣམ་གྲོལ་རྫོགས་པའི་ཀློང།། ཐེག་པ་འདི་ལ་གནས་པ་ཡིས། ། དེ་མ་ཐག་པར་གྲུབ་པར་འགྱུར།། ཞེས་གསུངས་པ་དང།། སངས་རྒྱས་ཐམས་ཅད་བརྒྱལ་བར་གྱུར་ཏོ།། དེ་ནས་དེ་མ་ཐག་རྒྱལ་བས་བྱིན་གྱིས་བརླབས་ཏེ།། གསང་བ་ཤིན་ཏུ་རྣལ་འབྱོར་དྲི་མ་མེད་པ་ཐུགས་སུ་ཆུད་དེ། དྲན་པ་སླར་རྙེད་ནས་ངོ་མཚར་ཞིང་ཞུས་པའི་ཚུལ་གྱིས་འདི་སྐད་ཅེས་གསོལ་ཏོ།། ཨེ་མ་ཧོ་སངས་རྒྱས་ཐམས་ཅད་ཀྱི།། མི་འབྱེད་བླང་དོར་མེད་པའི་ཐུགས།། ཐེག་པའི་སྙིང་པོ་རྟོགས་དཀའ་བ། ། གཉིས་མེད་གོམས་པའི་སྟོབས་ཀྱིས་གྲུབ།། དེ་ཉིད་ཀུན་གྱི་ཡུལ་མིན་ཏེ།། ཐུགས་རྗེ་དགོངས་པས་རིག་པ་བསྟན།། ལས་དང་བག་ཆགས་མི་དགོས་པས།། གང་ཡང་འགག་པ་མེད་པར་སྤྱོད།། ཅེས་གསོལ་ཏོ། ། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་བཞིན་དེས།། དེ་དག་ལ་འདི་སྐད་ཅེས་གསུངས་སོ།། རྫོགས་པ་ཀུན་འདུས་འོད་ཀྱི་རྒྱུད།། སྔ་མ་དག་ཏུ་མ་གསུངས་པའི།། ཕྱི་མ་ཟབ་མོ་བསྡུས་པའི་རྒྱུད། ། འདི་ཡི་རང་བཞིན་རྟོགས་པར་དཀའ།། འོན་ཀྱང་ཁྱེད་རྣམས་གྲོལ་བའི་ཕྱིར།། སྙིང་པོའི་རྣལ་འབྱོར་བཤད་པར་བྱ།། ཐོག་མ་མེད་པའི་དུས་ཀྱི་དབྱིངས།། ཆོས་རྣམས་ཀུན་གྱི་གནས་ཡིན་པས།། ཀུན་འབྱུང་དངོས་པོ་ཡོངས་ཀྱི་ལམ། ། དུས་གསུམ་རྫོགས་པའི་ངོ་བོར་གནས།། གསང་བ་ཀུན་འདུས་སེམས་ཀྱི་ལུང།། གདོད་ནས་དག་པས་ནམ་མཁའི་ཀློང།། སྒྲོ་སྐུར་དག་པས་ཆོས་ཀྱི་དབྱིངས།། གདོད་ནས་ཀུན་གྱི་ངོ་བོ་བཤད། ། ཆོས་སྐུ་གཉིས་མེད་རྫོགས་པའི་ཀློང།། དགོངས་པའི་ཀློང་ལ་ཕྱོགས་རིས་མེད། ཁྱབ་པ་ཆེན་པོ་ནམ་མཁའི་འོད།། བརྡལ་ཁྱབ་མཁའ་ལྟར་མུ་མཐའ་མེད།། འདུ་འབྲལ་མེད་པ་དྲན་པས་བསྟན།། རྒྱུ་རྐྱེན་མ་ཚངས་ཀུན་བྲལ་བས། ། སྐྱེ་འཇིག་མེད་པར་འདུས་མ་བྱས།། གདོད་ནས་རིག་པ་གཉིས་མེད་པས།། སྣ་ཚོགས་རང་བཞིན་ཀུན་ཏུ་བཟང།། ཐིག་ལེ་ཆེན་པོར་ཡེ་བསྟན་པས།། གང་ལྟར་སྣང་ཡང་ཆོས་ཀྱི་དབྱིངས། ། མ་བསགས་ལྷུན་གྲུབ་ངོ་བོའི་ཕྱིར།། ཅིར་ཡང་སྣང་ལ་དངོས་བཞི་མེད།། རང་བཞིན་གང་དུའང་མ་ངེས་ཏེ།། བརྟག་ཅིང་སྤྱད་པ་ཀུན་ལས་འདས།། བརྡལ་ཁྱབ་ཆེན་པོ་ཀུན་ཆུབ་པས།། རྣམ་པ་ཐ་དད་ཡུལ་ལས་འདས། ། མཐའ་དང་དབུས་སུ་མི་འབྱེད་པས།། གོལ་དང་སྒྲིབ་པའི་ཆོས་མི་གནས།། ཕྱག་རྒྱ་ཆེན་པོར་ཡེ་གནས་པས།། སྒོམ་དང་མི་སྒོམ་ཡུལ་ལས་འདས།། རིག་པའི་འཁོར་ལོ་རབ་བསྐོར་བས།། མཐའ་མེད་བར་ནི་རབ་ཏུ་འཁྱིལ། ། གདོད་ནས་ལྷུན་གྱིས་གྲུབ་པ་ལ།། རྒྱུ་རྐྱེན་རྩོལ་ལ་རག་མ་ལུས།། བདེ་ཆེན་རོལ་པས་བདག་གནས་པས།། མཚན་མའི་བདེ་ལ་རྟེན་མི་འཆའ།། སྐུ་གསུམ་མཚན་མར་ལོ་བརྟགས་པས། ། མཚན་མའི་འབྲས་ལ་རག་མ་ལུས།། གཅིག་དང་ཐ་དད་བཅོས་སུ་མེད།། ཐེག་ཆེན་སེམས་ཉིད་རྫོགས་པ་ལ།། མ་བཅོས་ཐབས་ཀྱིས་དེར་བཞག་ན།། བསམ་དང་བསམ་བྱ་ཀུན་བྲལ་ནས།། རྣམ་གྲོལ་རྫོགས་པའི་ས་ལ་སྦྱོར། ། སྟོང་པའི་མཐའ་ལ་ཞེན་པ་དང།། བདེ་བའི་འདོད་ལ་ཆགས་པ་དང།། བཏང་སྙོམས་དོན་ལ་གང་ཞེན་པ།། ལོག་པའི་གྲོང་ཁྱེར་ཆེན་པོ་ཡིན།། གང་ཡང་ཞེན་པ་མེད་པ་ནི།། གང་ཡང་བྱང་ཆུབ་སྙིང་པོའི་ལམ། ། བར་ཆད་མེད་པའི་ཐམས་ཆེན་ནི།། སེམས་ཉིད་རྫོགས་པའི་ལམ་ཡིན་ནོ།། རང་སེམས་བྱང་ཆུབ་སྙིང་པོ་ལས།། གཞན་མེད་ཐིག་ལེར་གཅིག་པའི་ཕྱིར།། གཉིས་མེད་གསང་བའི་རང་བཞིན་དག་ཁྱབ་པ་ཆེན་པོའི་ཚུལ་དུ་བཞུགས། ། ཀུན་འདུས་རིག་པ་སེམས་ཀྱི་གཏེར།། མ་བཙལ་ཐབས་ཀྱིས་གྲུབ་པ་ཡིན།། དབང་བསྐུར་ཡེ་ཤེས་རྒྱལ་པོ་ལ།། མ་ཆགས་ཐབས་ཀྱི་སྦྱོར་བ་ཡིས།། གང་ལྟར་གནས་པ་དེ་ལྟར་གནས། ། མ་བཅོས་རང་གཞག་ཐབས་ཀྱིས་གོ། ཕྱག་རྒྱ་ཆེན་པོར་ཀུན་གནས་པས།། བསྐྱེད་ཅིང་སྒོམ་ལ་རག་མ་ལུས།། བརྗོད་བྲལ་སྙིང་པོ་མཐར་ཕྱིན་པས།། སྔགས་དང་ཁ་ཏོན་བྱ་ལས་འདས།། དུས་གསུམ་མི་འགྱུར་བསྟན་པའི་ཕྱིར། ། ཆ་ཤས་དབེན་པའི་ངོ་བོས་སྟོང།། སྐུ་མཆོག་འོད་དཔག་མེད་པའི་ཀློང།། མཚན་དང་དཔེ་བྱད་ཆ་ལས་འདས།། མཚན་མའི་སྒྲོ་སྐུར་ཀུན་ཞི་ཡང།། ཡེ་ཤེས་འབར་བའི་འོད་ཀྱིས་མཛེས། ། རྒྱལ་པོ་ཐབས་ཀྱིས་མཛེས་པ་ལྟར།། མ་བྱས་ཐབས་ཀྱིས་དོན་རྣམས་རྫོགས།། ཞེས་གསུངས་སོ།། ཀུན་འདུས་འོད་ཀྱི་ཏན་ཏྲ་ལས།། སྒྲོ་སྐུར་མེད་པའི་ལེའུ་སྟེ་དང་པོའོ།།།། དེ་ནས་དེ་བཞིན་གཤེགས་པ་ཀུན་ཏུ་བཟང་པོས། ཁོ་ན་ཉིད་ཀྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པས། ལྟ་དགོངས་མཐར་ཕྱིན་གྱི་དོན་འདི་གསུངས་སོ།། ཆོས་ཀུན་གདོད་ནས་མཚན་ཉིད་མེད།། ཡེ་ཤེས་ནམ་མཁའི་རྒྱལ་པོ་ལས། ། བདེ་ཆེན་གསལ་བའི་ཉི་ཤར་བས།། རྣམ་པར་རྟོག་པའི་སྒྲོ་སྐུར་གཅོད།། ཡེ་ཤེས་འཁོར་ལོ་འོད་པོ་ཆེ།། ཕྱོགས་མེད་ཀུན་ལ་གསལ་བར་འཆར།། རིག་པའི་རྒྱལ་པོ་ཀུན་འདུས་པས།། བདེ་སྡུག་རྟོག་པའི་མཐའ་ལས་འདས། ། ཞེན་པའི་འདུ་ཤེས་ཀུན་བྲལ་བས།། བསམ་གྱིས་མི་ཁྱབ་ཆོས་ཀྱི་དབྱིངས།། སངས་རྒྱས་སེམས་ཅན་གཉིས་མེད་པས།། བསྒྲུབ་ཅིང་སྒྲིབ་པ་གསལ་དུ་མེད།། མ་ལུས་སྒྲོ་སྐུར་ཀུན་ཞི་བས། ། ཆོས་ཀུན་ཡེ་ཤེས་དགོངས་པའི་ཀློང།། སྣང་སྲིད་བླ་མའི་ཕྱག་རྒྱ་བས།། མ་བརྗོད་ངོ་བོས་ཆོས་ཚུར་སྟོན།། སྐྱེ་མེད་ཕྱག་རྒྱ་ཀུན་ཐེབས་པས།། འདུས་བྱས་མཚན་མ་མེད་པའི་ལམ།། བདག་ཉིད་ངང་ལས་མ་ཡེངས་པས། ། ཇི་ལྟར་མཛད་ཀྱང་གཡོ་བ་མེད།། བཙལ་ཞིང་སྤྱད་པའི་ཆོས་མེད་པས།། སྤྱོད་ལམ་མ་བཅོས་དེ་བཞིན་ཉིད།། ཕྲ་ཞིང་ཤེས་པར་དཀའ་བའི་ཕྱིར།། བརྟག་ཅིང་ཉན་པའི་ཡུལ་ལས་འདས། ། དམ་པའི་དགོངས་པས་ཀུན་གསལ་བས།། ཉེས་པའི་སྐྱོན་གྱིས་གོས་པ་མེད།། སྐུ་གསུམ་རྫོགས་པའི་ཀློང་བརྡལ་བས།། འགྲོ་དོན་སྙིང་རྗེ་བྱ་དང་བྲལ།། དུས་གསུམ་ཆོས་ཉིད་སྙིང་པོ་ལ།། ཐུན་དང་བཅོས་ཚད་ཁར་མ་ལུས། ། རིག་པའི་ཡེ་ཤེས་ལྷུན་རྫོགས་ལ།། དྲོད་དང་རྟགས་ལ་རྟེན་མི་འཚལ།། མ་བཞག་རང་གསལ་མི་གཡོ་བས།། ལྟ་ཞིང་སྒོམ་དུའང་ཡོད་མ་ཡིན།། ཡེ་ཤེས་སྲོག་གིས་ཀུན་ཟིན་པས།། སྐྱེ་ཤི་ཐ་སྙད་ཡུལ་ལས་འདས། ། ཐེག་ཆེན་སྙིང་པོའི་ལམ་རྟོགས་པས།། བརྒྱུད་པའི་ལམ་ལ་འཇུག་མི་བྱེད།། མ་བྱས་དོན་ཀུན་ལྷུན་རྫོགས་པས།། སྒོ་གསུམ་བཙལ་བའི་འདུ་ཤེས་བཅད།། ཏིང་འཛིན་རིག་པའི་འཁོར་ལོ་ལ། ། སྒྲོ་སྐུར་མཚན་མའི་ཆོས་མི་གནས།། མི་བསྐྱོད་བདེ་ཆེན་རྒྱལ་པོ་ལ།། གང་ལྟར་གནས་ཀྱང་ཉམ་མི་ང།། དངོས་པོ་ཕྱི་ནང་ཆོས་ཀུན་ནི།། གདོད་ནས་དྲི་མེད་དག་པ་ལ།། དེ་ཡང་དངོས་གྲུབ་མ་ཡིན་པས།། གང་ལྟར་མ་བཅོས་ཡིན་པར་དབྱེ། ། བྱས་ཀྱང་སྒྲིབ་པར་མི་འགྱུར་ལ།། མ་བྱས་གོལ་བར་མི་འགྱུར་གྱིས།། རྡོ་རྗེ་སྙིང་པོ་བསྟན་པ་ཅན།། ངེས་པའི་དོན་ལས་མ་ཡེངས་ན།། ཆོས་ཉིད་དོན་ལས་མ་འདས་པས།། གང་ཡང་མ་བཅོས་གཞག་པར་བྱ། ། མཐོང་དང་མ་ངེས་བར་མཚམས་སུ།། བདེ་བ་ཆེན་པོའི་དོན་འཆར་ཞིང།། འབད་རྩོལ་མེད་པར་ལྷུན་གྱིས་གྲུབ།། གང་དགར་བཞག་ཀྱང་གཡོ་མི་འགྱུར།། ལྟ་དགོངས་དབྱེར་མེད་གང་རྟོགས་པས། ། དུས་གཅིག་རྣམ་གྲོལ་ལྷུན་གྲུབ་པའོ།། ཞེས་གསུངས་སོ།། ཀུན་འདུས་འོད་ཀྱི་ཏན་ཏྲ་ལས། ལྟ་དགོངས་དབྱེ་བའི་ལེའུ་སྟེ་གཉིས་པའོ།།།། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཀུན་ཏུ་བཟང་པོ་རང་བྱུང་ཡེ་ཤེས་བསྟན་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། འདི་སྐད་ཅེས་གསུངས་སོ།། ཆོས་རྣམ་མ་ལུས་ཇི་སྙེད་པ།། རྒྱུ་ལ་མི་ལྟོས་སྙིང་པོའི་སྙིང།། རྐྱེན་ལ་མི་ལྟོས་འབྲས་བུའི་འབྲས། ། གསང་བའི་གསང་བ་མཁའ་ལྟར་དག། ཐེག་པའི་སྙིང་པོ་རྫོགས་པའི་ལུང།། མ་ལུས་གཅིག་དང་ཐ་དད་མེད།། ཡེ་ཤེས་མཁའ་དྲ་ཁྱབ་པའི་ཀློང།། བསྟན་པའི་རྩ་བ་ཆོས་ཀྱི་དབྱིངས།། དུར་ཁྲོད་བདལ་བའི་སྙིང་པོ་མཆོག། ཡུལ་སེམས་བྲལ་བའི་རང་བཞིན་གྱིས།། དེ་བཞིན་ཉིད་དེ་སྒྲོ་སྐུར་མེད།། ཐེག་ཆེན་སེམས་ཉིད་མཁའ་ལྟར་དག། མ་འདྲེས་གསལ་བར་སྣང་བའི་ཕྱིར།། ལྷུན་གྲུབ་རོལ་པ་ཅིར་ཡང་སྣང།། སྙིང་པོ་གཅིག་ཏུ་ཀུན་རྫོགས་པས། ། རྫོགས་ཁྱབ་བརྡལ་བ་ཆོས་ཀྱི་སྐུ།། རྒྱུ་དང་རྐྱེན་ལས་མི་ལྟོས་པས།། མི་འཇིག་རྡོ་རྗེ་འགྱུར་བ་མེད།། མ་བསྒྲིབས་གསལ་བར་ཀུན་མཁྱེན་པས།། ཡེ་ཤེས་ཀུན་གསལ་མཆོག་གི་ངང། ། ཐམས་ཅད་སེམས་སུ་ལྷུན་གྲུབ་པས།། སངས་རྒྱས་སེམས་ཅན་གཉིས་སུ་མེད།། མ་བཅོས་བསམ་སྤྱོད་ཀུན་བྲལ་བས།། ཆོས་ཉིད་སེམས་ཉིད་གཉིས་སུ་མེད།། བདེ་ཆེན་རིགས་པར་འོད་གསལ་བས། ། བཏང་སྙོམས་སྟོང་པ་རྣམ་པར་བཅད།། རིག་པ་འཁོར་ལོ་གཏེར་གྱི་མཆོག། མ་བསྐོར་ཞི་བ་དབྱིངས་སུ་འཁྱིལ།། འཁོར་ལོ་འོད་འབར་སྙིང་པོ་ཅན།། མཚན་དང་དཔེ་བྱད་ཀུན་ལས་འདས།། ཆེ་བའི་ཆེ་མཆོག་ཆོས་ཀྱི་སྐུ། ། དུས་གསུམ་འདུ་འབྲལ་མེད་པར་གནས།། རྫོགས་པ་ཀུན་འབྱུང་ལམ་གྱི་ཕུགས།། ཞེན་པ་དུས་གཅིག་བཅད་པའི་ཕྱིར།། མངོན་སུམ་རྫོགས་པའི་རང་ལ་གནས།། ངེས་པ་རྙེད་པ་དེ་མ་ཐག། འབྱུང་མེད་ཡེ་ཤེས་མཁའ་ལྟར་དག། སྙིང་པོ་རྫོགས་ལམ་བར་ཆད་མེད།། གང་ཡང་དམ་པར་མི་ལེན་པས།། དམན་པས་གཞན་དུ་དོར་བ་མེད།། ཡེ་ཤེས་ལྔ་རྫོགས་སྙིང་པོ་ཉིད།། མ་འདྲེས་དབྱིངས་ལ་རྫོགས་པས་བརྒྱན། ། ཟབ་མོ་ཀུན་འདུས་སེམས་ཀྱི་གཏེར།། རྡོ་རྗེ་བླ་མའི་ལུང་ཐོབ་ཅིང།། ངེས་པའི་བློ་དང་ལྡན་པས་ན།། དབུལ་པོ་གཏེར་དང་ཕྲད་པ་ལྟར།། མཐོང་བ་ཙམ་གྱིས་ཆོག་པ་ཡིན།། ངེས་པའི་བློ་དང་ལྡན་མེད་ཅིང། ། ཐེག་ཆེན་རྫོགས་པའི་རིགས་མིན་ན།། ལོང་བ་གཏེར་དང་ཕྲད་པ་ལྟར།། བསྟན་ཀྱང་ཤེས་པར་ག་ལ་འགྱུར།། མི་སྐྱེ་མི་འགག་སྙིང་པོ་ལ།། རང་བྱུང་ཡེ་ཤེས་གསལ་བས་གནས།། ཡིད་བཞིན་ནོར་བུའི་སྙིང་པོ་ལྟར། ། འཕེལ་དང་འགྲིབ་པ་ག་ལ་ཡིན།། ཞེས་གསུངས་སོ།། ཀུན་འདུས་འོད་ཀྱི་ཏན་ཏྲ་ལས། རང་བྱུང་ཡེ་ཤེས་བསྟན་པའི་ལེའུ་སྟེ་གསུམ་པའོ།།།། དེ་ནས་དེ་བཞིན་གཤེགས་པ་ཀུན་ཏུ་བཟང་པོས། ། དོན་གྱི་སྙིང་པོ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། འདི་སྐད་ཅེས་གསུངས་སོ།། ཐོག་མཐའ་མེད་པའི་ངོ་བོ་ནི།། ཀུན་ཏུ་བཟང་པོའི་འཁོར་ལོ་སྟེ།། དུས་གསུམ་སྟོང་པར་གནས་པའི་ཕྱིར། ། སྟོང་དང་མི་སྟོང་ཡུལ་ལས་འདས།། སངས་རྒྱས་སེམས་ཅན་དབྱེར་མེད་དེ།། དེ་བཞིན་ཉིད་དུ་གཅིག་པའི་མཚན།། ཐེག་པ་མཁའ་འདྲ་ལྟོ་བོ་ཆེ།། སྟོང་པ་ཉིད་དུའང་མི་གནས་པས།། སྐུ་གསུམ་མཚན་མར་རྟགས་པའི་ལམ། ། ཐོབ་པར་བྱ་བའི་ཡུལ་མེད་པས།། གང་ཡང་མི་བྱེད་སྙིང་པོར་རྫོགས།། མ་ལུས་ཀུན་དང་དབྱེར་མེད་པས།། གསལ་དང་སྒྲུབ་པ་ག་ལ་ཡོད།། འཁོར་དང་མྱ་ངན་འདས་པ་མེད།། མཐའ་དབུས་རྟོགས་པའི་རྒྱུན་ལས་འདས། ། དྲི་མེད་མཁའ་ལྟར་རབ་ཞི་བས།། རང་བྱུང་འདུ་ཤེས་ཀུན་དང་བྲལ།། ཐིག་ལེ་ཆེན་པོ་རྒྱས་ཐེབས་པས།། ཆ་ཤས་མེད་དེ་སྙིང་པོར་མཚུངས།། ལྷུན་གྲུབ་རིག་པ་ཀུན་རྫོགས་པས། ། སྒྲུབ་ཅིང་རྩོལ་བ་བྱ་མི་དགོས།། གདོད་ནས་དག་པའི་རང་བཞིན་པས།། སྒྲིབ་བྱང་གཉེན་པོ་བརྟེན་དང་བྲལ།། སྙིང་པོར་ཐམས་ཅད་རྟོགས་པའི་ཕྱིར།། ཚད་མར་གཏན་ལ་དབབ་མི་དགོས།། རིན་ཆེན་འོད་ལྟར་ལྷུན་རྫོགས་པས། ། ཚོགས་བསགས་དངོས་གྲུབ་བླང་དུ་མེད།། ཡེ་ཤེས་རང་བྱུང་དྲི་མེད་པས།། དགེ་སྡིག་མཚན་མ་སེལ་མི་བྱེད།། བདེ་ཆེན་ཀློང་ལ་ཀུན་གནས་པས།། རྩོལ་བའི་བདེ་ལ་རག་མ་ལུས། ། སྙིང་པོ་བར་ཆེ་མི་གནས་པས།། སྒོམ་ཞིང་དམིགས་དང་བྲལ་བར་གནས།། དུས་གསུམ་ཐེག་པའི་སྙིང་པོ་ལས།། མ་ཡེངས་དགོངས་པར་གནས་པ་ཡིན།། དུས་གསུམ་རྒྱལ་བ་རྣམས་ཀྱིས་ཀྱང།། འདི་མེད་རྒྱལ་བ་འབྱུང་མི་སྲིད། ། ཐེག་པའི་སྙིང་པོར་ཀུན་རྫོགས་པས།། ལམ་གཅིག་བསྒྲོད་པས་ཐམས་ཅད་རྫོགས།། མ་བཅོས་དགོངས་པའི་དོན་རྟོགས་ན།། ལུང་སོགས་ཚད་མ་རྣམས་མི་དགོས།། མ་བཅིངས་བཅིངས་པར་མཐོང་བས་ན། ། མཚོན་པས་བཅིངས་པ་དུས་གཅིག་གཅད།། དབང་པོ་ཡེ་ཤེས་གསལ་བ་ཡི།། བདེ་མཆོག་རོ་མྱོང་ངོ་མཚར་ཆེ།། བསྟན་པའི་སྙིང་པོ་མ་རྟོགས་ན།། བཙལ་བས་ནམ་མཁའི་མཐའ་འཚོལ་འདྲ། ། ཡེ་ཤེས་འཁོར་ལོ་རང་དབང་ན།། མཚན་མའི་དབང་ཐོབ་ཐིག་ལེའི་རྒྱུ།། བག་ཆགས་དག་པའི་མེ་ལོང་ལ།། རྣམ་གྲོལ་དབང་པོ་རང་བཞིན་གསལ།། ཅིར་སྣང་ཡེ་ཤེས་དག་པ་ལ།། བལྟས་ཤིང་རིག་པ་མངོན་པར་འཆར། ། མཁའ་ལ་འོད་ཀྱིས་བརྡལ་བ་ལྟར།། ཕྱོགས་མེད་རྒྱས་པར་གསལ་བ་བྱ།། སྙིང་པོ་ཀུན་འདུས་འཁོར་ལོ་ཅན།། མ་ལུས་རྫོགས་པ་ཆེན་པོར་གནས།། ཞེས་གསུངས་སོ།། ཀུན་འདུས་འོད་ཀྱིས་ཏན་ཏྲ་ལས། ། སྙིང་པོ་རྫོགས་པའི་ལེའུ་སྟེ་བཞི་པའོ།།།། དེ་ནས་དེ་བཞིན་གཤེགས་པ་ཀུན་ཏུ་བཟང་པོས་དགོངས་པ་དེ་ཁོ་ན་ཉིད་བསྟན་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། འདི་སྐད་ཅེས་གསུངས་སོ། ། སྣང་སྲིད་ཕྱི་ནང་སྣོད་བཅུད་ཀུན།། རང་བྱུང་ཐིག་ལེར་རྒྱས་ཐེབས་པས།། ཡེ་ཤེས་ཆེན་པོའི་ཀློང་དུ་འཁྱིལ།། ཐིམ་འགྱུར་གསལ་ཡང་མི་མངོན་པའོ།། རྙོག་པའི་རྒྱུ་བཞི་བྲལ་གྱུར་ན།། དེ་མེད་འབྲས་བུ་མི་འབྱུང་བས། ། མི་དམིགས་སྙིང་པོ་རྫོགས་པའི་ལམ།། མ་བཅོས་བཞི་བཞག་སྙིང་པོར་གནས།། ཡེ་ཤེས་འོད་ཀྱིས་ཀུན་ཁྱབ་པས།། ཐམས་ཅད་རང་བྱུང་ཉི་མར་གསལ།། མཁའ་ལ་ཐུགས་རྗེ་ཇི་བཞིན་དུ།། ཡེ་ཤེས་ཚད་མེད་དེ་བཞིན་ཏེ། ། སྒྲོ་འདོགས་སྐུར་འདེབས་ཀུན་བཅད་པས།། དེ་བཞིན་ཉིད་དུ་རྣམ་པར་བདལ།། སྙིང་པོའི་སྙིང་པོ་རྫོགས་པའི་ལམ།། བར་ཆད་མེད་པར་གསལ་གྱུར་ན།། ཕྱི་ནང་སྣོད་བཅུད་མ་ལུས་པ། ། སྐྱེས་བུ་མིག་ནད་བྲལ་བ་ཡིས།། འཁྲུལ་པའི་བག་ཆགས་སད་པ་ལྟར།། ཡེ་ཤེས་གཞན་ལས་མི་འབྱུང་ངོ།། གང་ཞིག་འདི་ལྟར་རྟོགས་གྱུར་ན།། འཇིགས་པའི་སྐལ་བའི་རྫས་བཞིན་དུ།། ཐམས་ཅད་སྟོབས་འགྱུར་མ་ཡིན་པ། ། ཉེས་སྟོབས་བག་ཆགས་མི་གནས་སོ།། ཐམས་ཅད་ཡེ་ཤེས་རྒྱས་བཏབ་པས།། མ་ལུས་ཀུན་དང་གཉིས་མེད་པ།། དམ་པ་འགའ་ཡིས་རྟོག་པ་ལས།། དམན་པས་དེ་ལྟར་མི་རྟོགས་སོ།། རང་བྱུང་སྙིང་པོ་གཉིས་མེད་པ། ། ཐོགས་མེད་རིག་པ་ཤར་བ་བཞིན།། གདོད་ནས་བདེ་ཆེན་རྒྱལ་པོ་ལ།། མ་བཅོས་རིག་པ་ཡན་དུ་ཁྱེ།། ལྷུན་གྲུབ་ཕྱོགས་བྲལ་ཆེན་པོ་ལ།། ཞེན་པའི་འདུ་ཤེས་བྲལ་བ་ཡིས། ། ཡེ་ཤེས་གསལ་བས་མདངས་ཕྱུང་ནས།། རིག་པའི་སྙིང་པོ་དུས་གཅིག་འཇུག། སྤྲོས་མེད་ལྷུན་རྫོགས་སྙིང་པོའི་ཀློང།། ནམ་མཁའ་ཡངས་བའི་སྙིང་པོ་ལྟར།། མ་འདྲེས་ཡོངས་རྫོགས་སྙིང་པོ་ལ།། རིག་པ་གློང་བ་ཙམ་ལ་གནས། ། ཡེ་ཤེས་ཀློང་ཆེན་ཀུན་གནས་པས།། རྨོངས་པའི་འཁོར་བའི་འདམ་ལས་གྲོལ།། མཚན་ཉིད་འདི་ཞེས་རྟག་པར་དཀའ།། མ་རིག་ཡེ་ཤེས་འོད་གསལ་བས།། སྒྲིབ་བྱང་ཡེ་ཤེས་བསྐྱེད་དུ་མེད། ། སྒྲིབ་དང་རྙོག་པ་ཀུན་དག་པས།། གཉེན་པོས་བཅོས་ཤིང་དགག་ཏུ་མེད།། གསང་བའི་ཐིག་ལེ་རང་བཞིན་དག། མ་ཙལ་རང་དགར་གནས་མོད་ཀྱང།། གང་ཡང་མ་ཡིན་མི་གནས་པས།། ཕྱོགས་ཀྱི་རྐྱེན་གྱིས་མི་གོས་སོ། ། ཇི་ལྟར་རྫུན་པས་དུ་མ་དག། བདེན་ཚིག་གཅིག་གིས་སེལ་བ་ལྟར།། དོན་དང་འབྲེལ་བའི་ཚིག་གཅིག་གིས།། བརྟགས་པའི་གྲོང་ཁྱེར་བཅས་བཅོམ་པའོ།། ཇི་ལྟར་ཐ་དད་དུ་མའི་གཟུགས།། མི་འགག་རོ་མྱོང་གཅིག་པ་ལྟར། ། རྣམ་པའི་ཁྱད་པར་མ་བཀག་པར།། བདེ་ཆེན་གསང་བ་རྫོགས་པར་གསལ།། དོན་གྱི་ཁྱད་པར་རྒྱ་ཆེན་ལས།། གཅིག་གིས་དེ་དོན་རྟོགས་པ་ལྟར།། རིག་པ་རྫོགས་པའི་ཁྱད་པར་གྱིས། ། གཅིག་དོན་རྟོགས་པས་ཀུན་དོན་རྟོགས།། འཇིག་པའི་དུས་ཀྱི་མེ་བཞིན་དུ།། ཡེ་ཤེས་རྟོགས་པའི་ཁྱད་པར་ལ།། ཇི་ལྟར་སྣང་བའི་ཆོས་རྣམས་ཀུན།། ཡེ་ཤེས་སྟོངས་སུ་གྱུར་པ་ཡིན།། ཡེ་ཤེས་མ་གྱུར་མེད་པས་ན། ། སྒྲིབ་པའི་ཁྱད་པར་གཅིག་མི་གནས།། གང་ཞིག་རྟོགས་པའི་སྟོབས་མེད་ན།། གང་ལྟར་སྤྱད་ཀྱང་བརྟགས་པ་ཀུན།། ལོང་བ་མིག་བྲལ་ལམ་ཞུགས་ལྟར།། གང་ལྟར་སྤྱད་པ་གཡང་སར་འགྱུར། ། དངོས་འདི་གཅིག་ལས་མ་གཡོས་ཀྱང།། ཕན་གནོད་ནུས་པའི་ཁྱད་པར་གྱིས།། སྨན་གྱི་རྒྱལ་པོ་ག་བུར་ལྟར།། བཅིངས་དང་གྲོལ་བར་སྣང་བ་ཡིན།། རྫོགས་ཆེན་ཐེག་པའི་སྙིང་པོ་འདི།། རང་བྱུང་ཐིག་ལེ་རྫོགས་པའི་ལུང། ། བསམ་གྱིས་མི་ཁྱབ་ཆོས་རྣམས་ཀུན།། བསམ་མེད་ཡོངས་སུ་རྫོགས་པར་བརྟག། རྣམ་པའི་ཁྱད་པར་གང་དག་ལས།། མ་བཙལ་དེ་དང་མཉམ་པར་སྐྱེ།། བཙལ་ནས་ཁྱད་པར་གང་དག་ཀུན། ། བཅིངས་བའི་མདུད་པར་སྣང་བ་ཡིན།། མ་བཅོས་སེམས་ཉིད་རྫོགས་པའི་ལམ།། དེ་ཉིད་རྫོགས་ལ་གནས་པར་བྱ།། རྟེན་དང་བགྲོད་དང་རིམ་པར་འབྱུང།། འཇིག་རྟེན་ལོག་པའི་ལས་ལ་བསླད།། བྱ་བྲལ་རྫོགས་པའི་ལམ་ལས་གྲོལ། ། བསྐྱེད་པ་མཚན་མའི་ལམ་ལ་གནས།། འཇིག་རྟེན་རྩོལ་བའི་ལམ་པ་ཡིས།། རང་སེམས་རྫོགས་པ་མཐོང་མི་འགྱུར།། ཞེས་གསུངས་སོ།། ཀུན་འདུས་འོད་ཀྱི་ཏན་ཏྲ་ལས། རིག་པ་དབྱེར་མེད་པར་བསྟན་པའི་ལེའུ་སྟེ་ལྔ་པའོ། །།། དེ་ནས་དེ་བཞིན་གཤེགས་པ་ཀུན་ཏུ་བཟང་པོས། ཡེ་ཤེས་སྒྲོ་སྐུར་མེད་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས།། འིད་སྐད་ཅེས་གསུངས་སོ། ། རིག་པའི་རྒྱལ་པོ་བསྟན་པའི་བདག། བསྟན་པའི་ཐེག་པ་ཡོངས་ཀྱི་ཀློང།། བསྟན་པའི་རྩ་བ་ཀློང་དགུའི་གཏེར།། གཅིག་ལ་རྫོགས་ཏེ་ཐ་དད་མེད།། སྙིང་པོའི་སྙིང་པོ་རྫོགས་པ་འདི། ཁྱད་པར་གནས་པ་བསྟན་པས་གསལ། ། ཐེག་པའི་ཁྱད་པར་ཅི་བསྟན་པ།། འདུལ་ཐབས་དྲང་བའི་ཁྱད་པར་ཉིད།། ཀུན་ལ་མཐུན་པར་སྣང་མོད་ཀྱང།། མདོ་དོན་ཡེ་ཤེས་རྫོགས་པ་གཅིག། སངས་རྒྱས་ཀུན་གྱི་གཏེར་གྱི་དབྱིག། རིན་ཆེན་ཕུང་པོ་ཕྱོགས་མེད་ཀློང། ། བཙལ་བསྒྲུབ་མེད་དེ་གདོད་ནས་རྫོགས།། ཡོན་ཏན་ཆེན་པོ་དཔག་མི་རིག། དུས་གསུམ་སངས་རྒྱས་ཡོན་ཏན་ཀུན།། སྙིང་པོ་གཅིག་ལ་རྫོགས་པར་བལྟ།། དེ་ནི་གསང་བའི་ཐབས་དག་གིས། ། ཚིག་གི་དོན་གྱིས་མཚོན་པར་བྱ།། རྒྱུད་དང་ཁྱད་པར་མངོན་སུམ་མ་ལུས་པ།། ལྷུན་གྲུབ་རྟོགས་ལ་ཁྱད་པར་མེད་པར་གནས།། མ་རྟོགས་སྐལ་མེད་དོན་ལ་བཞུགས་པའི་ཕྱིར།། དེ་དག་བསྟན་པས་ཐ་མ་ཐོབ་པ་ཡིན། ། རང་བྱུང་བརྡལ་བ་ཆེན་པོ་ཁྱབ་གནས་པ།། སྐལ་མེད་དམན་པས་རྟོགས་པར་ག་ལ་འགྱུར།། སྙིང་པོ་འོད་འབར་ཀུན་ལ་ཁྱབ་གནས་ཀྱང།། དམིགས་པ་མེད་ལ་མི་སྣང་དེ་བཞིན་ནོ།། འོན་ཀྱང་བླུན་པོའི་འཁྲུལ་པ་གསལ་བ་ལྟར། ། སྐད་ཅིག་མ་ལ་དོན་ཀུན་རྫོགས་པ་ཡིན།། ལྷུན་གྱིས་གྲུབ་པས་རང་ཉིད་དོན་བྱར་མེད།། གཅིག་ཏུ་གནས་པས་གཞན་དོན་བྱ་དང་བྲལ།། ཇི་བཞིན་བཞག་པས་ཡེངས་མེད་ངང་དུ་སྣང། ། འཁྲུལ་དང་མ་འཁྲུལ་ཁྱད་པར་གྱིས།། ཟླ་སྤྲུལ་དུང་ལ་ཞེན་བཞིན་ནོ།། བྱ་བྲལ་རྫོགས་པའི་ཐིག་ལེ་ལ།། རང་གཞག་པ་ཡི་གཏན་ཚིགས་ཀྱིས།། རང་བྱུང་སེམས་ཉིད་རྫོགས་པའི་ལུང།། དེ་མ་ཐག་པར་ཡོངས་སུ་ཤེས། ། མ་བཅོས་ཀུན་འདུས་ཐུགས་ཀྱི་རྒྱུད།། གསང་བའི་ཞི་བ་ཟབ་མོའི་ལམ།། ཇི་བཞིན་མ་བཙལ་བཞག་པ་ཡིས།། རྒྱུ་བ་མ་ལུས་དུས་གཅིག་གཅད།། བྱིས་པ་མ་རབས་འདུ་ཤེས་ཀྱིས།། རྫོགས་པའི་ཀློང་ལ་ཅིར་ཤར་ཡང། ། ཡེ་ཤེས་རྟོགས་པའི་ཁྱད་པར་འཕགས།། ཡེ་ཤེས་སྲོག་གསུམ་འཁོར་ལོ་བསྐོར།། ཐིག་ལེ་ཆེན་པོ་གདོད་ནས་གནས།། ནམ་མཁའི་མཁའ་ལ་ལོངས་སྤྱོད་པས།། བདེ་དང་སྡུག་བསྔལ་བླང་དོར་མེད། ། ཅེས་གསུངས་སོ།། ཀུན་འདུས་འོད་ཀྱི་ཏན་ཏྲ་ལས། སེམས་ཀྱི་རང་བཞིན་བསྟན་པའི་ལེའུ་སྟེ་དྲུག་པའོ།།།། དེ་ནས་དེ་བཞིན་གཤེགས་པ་ཀུན་ཏུ་བཟང་པོས།། འཁྲུལ་བ་ངོས་བཟུང་བ་ཞེས་བྱ་བ་འདི་གསུངས་སོ། ། སངས་རྒྱས་སེམས་ཅན་གཉིས་མེད་ལ།། མ་རྟོགས་འཛིན་པའི་ཁྱད་པར་གྱིས།། གཅིག་ལ་རྐྱེན་དང་ཕྲད་པ་ཡིས།། ནུས་པའི་ཁྱད་པར་སོ་སོར་སྣང།། རྨོངས་འཁྲུལ་རྐྱེན་གྱི་ཁྱད་པར་གྱིས།། སྣང་བ་གཅིག་ལ་གཉིས་པར་མཐོང། ། ཐ་དད་གདོད་ནས་མི་གནས་པས།། དེ་དག་ཙམ་གྱིས་གྲོལ་བ་ཡིན།། སྣང་བའི་ཕྱོགས་མེད་ཀུན་ཁྱབ་ཕྱོགས་མེད་ཀྱང།། ལྡོངས་ལ་མུན་པའི་ཚོགས་སུ་སྣང། ། བསྒྲུབས་པས་གྲུབ་པར་མ་གྱུར་ཀྱང།། མཐོང་བས་མུན་པ་བསལ་མི་དགོས།། རྒྱལ་བུ་ལོང་བའི་མཚན་དཔེ་ལྟར།། འགྲོ་ཀུན་ཡེ་ཤེས་ངོ་བོར་གནས།། གཞན་ལ་རྙེད་པར་མི་འགྱུར་ཏེ།། མཐོང་བ་ཙམ་ལ་རག་ལས་པའོ། ། ཇི་ལྟར་གཅིག་གིས་གཅིག་བཙལ་བས།། ཕྲད་ཀྱང་མ་ཤེས་ཀུན་ཏུ་སྟོར།། བདེན་པའི་ཚིག་གིས་འཀྲོལ་འགྱུར་བས།། མ་ཤེས་དེ་ཉིད་བསྟན་པར་ཟད།། བདེན་པའི་ངག་དེ་མ་ཐོབ་པས།། གང་ལྟར་བཙལ་ཞིང་ལམ་བཀྲོལ་ཀྱང། ། བསྐལ་བ་བྱེ་ཕྲག་བརྒྱད་བཅུ་རུ།། དེ་དག་ཤེས་རྟོགས་མི་འགྱུར་རོ།། བདེན་པའི་ངག་དང་ཕྲད་པའི་ཚེ།། གང་ཕྲད་དུས་དེ་དེར་ངེས་འགྱུར།། ཇི་ལྟར་སྣང་བའི་སྦྱོར་བ་ཡིས།། ཤིན་ཏུ་སྒྲིབས་ལ་ཡུན་རིང་བའི། ། མུན་པ་འཐིབས་པོ་མ་ལུས་པ།། སྐད་ཅིག་ཙམ་ལ་འཇོམས་པར་བྱེད།། གང་དུ་ཤེས་པ་མུན་པའི་ཚོགས།། དེ་མ་ཐག་པ་རྣམ་པར་བཅད།། བཞི་གཅིག་སྟོབས་ཀྱིས་འཕགས་པའི་ཕྱིར། ། སྤྱོད་པའི་འཁོར་ལོ་རྒྱུན་མི་བཅད།། མ་ལུས་ཡེ་ཤེས་འོད་གསལ་ལ།། བླང་དོར་དམིགས་འཛིན་ཀུན་ལས་འདས།། མཚན་མའི་སྒྲོ་སྐུར་ཀུན་ཞི་བས།། རང་གཞག་ཡེ་ཤེས་བསམ་མི་ཁྱབ།། ཡེ་ཤེས་འོད་ཀྱིས་ཀུན་ཁྱབ་པས། ། གསལ་དང་མི་གསལ་ཆོས་མི་གནས།། ཀུན་འབྱུང་སྙིང་པོ་ཞི་བའི་ལམ།། ཡེ་ཤེས་འཁོར་ལོ་རྒྱུན་མི་འཆད།། གནས་སྐབས་ཁྱད་པར་མ་འདྲེས་ཀྱང།། ཡེ་ཤེས་ཆེན་པོ་གཅིག་ཏུ་འཁྱིལ།། ཀུན་འདུས་འོད་ཀྱི་དཀྱིལ་འཁོར་ལ། ། མ་ལུས་རྫོགས་པའི་ཚུལ་དུ་གནས།། ཆུ་ཡི་ཁྱད་པར་བསམ་ཡས་བ།། མ་འདྲེས་ལྷུན་གྱིས་རྫོགས་པ་ལྟར།། གཉིས་མེད་གསལ་བ་བསམ་མི་ཁྱབ།། དེ་བཞིན་ཉིད་ཀྱང་དེ་ལྟའོ། ། རིན་ཆེན་སེམས་ལ་དབྱེར་མེད་ཀྱང།། ཡོན་ཏན་ཁྱད་པར་བསམ་མི་ཁྱབ།། གང་དག་ཉིད་ལ་དབྱེར་མེད་ཀྱང།། ཡོན་ཏན་ཁྱད་པར་སྣང་བ་ལྟར།། ལྷུན་གྲུབ་ཉིད་ལས་མི་གཡོ་ཡང།། རྣམ་པ་ལྷུན་གྲུབ་ཕྱོགས་རིས་མེད། ། རྟེན་མེད་མཁའ་མཉམ་ཡེ་ཤེས་ལ།། རྟེན་བཅས་སྐྱེ་འགག་ནོར་བའི་ལམ།། དུས་གཅིག་རྫོགས་པའི་ཡེ་ཤེས་ལ།། རིམ་སྐྱེ་རྟག་འདོད་ནོར་བའི་ལམ།། རྫོགས་ཆེན་ཕྲ་མེན་རྣལ་འབྱོར་པས། ། རྣམ་གྲོལ་འབྲས་བུ་གང་ལ་ཐོབ།། ཀུན་འབྱུང་ཐེག་པའི་སྙིང་པོ་ལ།། མཁའ་ལྟར་གནས་པས་དགག་ཏུ་འང་མེད།། ལྷུན་གྱིས་གྲུབ་པས་སྒྲུབ་ཏུའང་མེད།། མ་ཡེངས་གནས་པས་སྒོམ་དུའང་མེད།། བདག་ཡིན་ཉེས་པས་བགྲོད་དུའང་མེད། ། མཁའ་ལྟར་དག་པའི་རང་བཞིན་ལ།། ཡེ་ཤེས་གསལ་བ་མཛེས་པས་བརྒྱན།། གཉིས་མེད་བདེ་ཆེན་ལྷུན་གྱིས་གྲུབ།། རྒྱ་གསུམ་འདེབས་པས་འགྱུར་མི་སྲིད།། ཅེས་གསུངས་སོ། ། ཀུན་འདུས་འོད་ཀྱི་ཏན་ཏྲ་ལས། འཁྲུལ་པ་དང་མ་འཁྲུལ་པའི་ཁྱད་པར་གྱི་ལེའུ་སྟེ་བདུན་པའོ།།།། དེ་ནས་དེ་བཞིན་གཤེགས་པ་ཀུན་ཏུ་བཟང་པོས་དབྱེར་མེད་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ། ཆེད་དུ་འདི་སྐད་ཅེས་གསུངས་སོ།། ཐམས་ཅད་རྣམ་དག་ཆོས་ཀྱི་དབྱིངས།། རྙོག་བྲལ་ཡེ་ཤེས་བདེ་ཆེན་ལ།། གཉིས་འཛིན་ལོག་པའི་སྟོབས་ཀྱིས་བསྒྱུར།། རྣམ་རྟོག་འཁོར་བའི་གཡང་སར་ལྷུང། ། མི་གཡོ་དང་པོའི་རང་བཞིན་ལ།། རྐྱེན་གྱིས་བརླབས་སྣང་ཇི་བཞིན་ནོ།། རིན་ཆེན་དག་པའི་རང་བཞིན་ལ།། གང་དག་ཕྲད་པར་དེར་གྱུར་ཀྱང།། དེ་དག་ཡིན་པས་སྣང་འགྱུར་ཏེ།། མིན་པས་གང་གི་ངོ་བོ་མིན། ། དེ་བཞིན་མ་བཅོས་ལྷུན་གྲུབ་པ།། ཡོན་ཏན་ལྷུན་གྲུབ་རྫོགས་པའོ།། རྫོགས་པ་ཆེན་པོར་འགལ་འགྱུར་བས།། ཕྱིན་ཆད་མ་བཙལ་རང་དགར་གནས།། བྱ་དང་མི་བྱ་མེད་པས་ན།། བླང་དོར་མ་ལུས་འཁོར་བའི་ལམ། ། ཞེས་གསུངས་སོ།། ཀུན་འདུས་འོད་ཀྱི་ཏན་ཏྲ་ལས། དེ་ཁོ་ན་ཉིད་སྙིང་པོའི་ལེའུ་སྟེ་བརྒྱད་པའོ།།།། དེ་ནས་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོས།། ལྷུན་གྱིས་གྲུབ་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ། འདི་སྐད་ཅེས་གསུངས་སོ།། གདོད་ནས་རྫོགས་པའི་སྙིང་པོ་ལ།། འབད་རྩོལ་ཞེན་པ་མི་གནས་ཀྱང།། ལྷུན་གྲུབ་བསམ་མི་ཁྱབ་སྦྱོར་བས།། བདག་གཞན་དོན་ཀུན་སྐད་ཅིག་རྫོགས། ། མ་བཅོས་ཇི་བཞིན་ཕྲ་བ་ཡིས།། རྟོགས་སྤྱོད་འདུ་ཤེས་ཕྱོགས་དང་བྲལ། ཁྱབ་པ་ཆེན་པོ་མཁའ་ལྟར་དག། དེ་བཞིན་ཉིད་དེ་ཆོས་ཀྱི་སྐུ།། ལོངས་སྤྱོད་ནམ་མཁའི་མཐར་ཐུག་སྟེ།། ཇི་སྙེད་པ་ཡི་རྣམ་པར་དག། བདེ་ཆེན་ཡེ་ཤེས་རོ་མྱོང་བས།། ལོངས་སྤྱོད་རྫོགས་པ་ཆེན་པོ་ཉིད། ཁྱབ་པ་ནམ་མཁའི་མཐར་ཐུག་པས།། སྤྲུལ་བ་ཆེན་པོ་རྒྱུན་མི་འཆད།། མ་ལུས་སྤྲུལ་པར་རྒྱུད་འཆང་བ།། གཞན་པ་ཅུང་ཟད་ཡོད་མ་ཡིན། ། འདི་དག་སེམས་ཉིད་རྫོགས་པ་ལ།། གདུལ་བྱ་བསམ་པའི་ཁྱད་པར་དུ།། རྒྱ་མཚོ་རླབས་དང་རིན་ཆེན་ལྟར།། སྐལ་ལྡན་རྣམས་ཀྱིས་ཤེས་པར་བྱ།། ཐམས་ཅད་ལྷུན་གྲུབ་ཆོས་དབྱིངས་པས།། ཐུགས་རྗེ་ཡུལ་ཡོད་མ་ཡིན་ཀྱང། ། གདུལ་བྱའི་དུས་ན་རིན་ཆེན་ལྟར།། མ་ལུས་ཀུན་ལ་སྣང་བ་ཡིན།། སྒྲ་སྐད་ཆེ་ཆུང་མ་ལུས་བ།། ཡེ་ཤེས་རྫོགས་པའི་གསུང་གིས་ནི། ཁྱབ་པ་ཆེན་པོར་བྱིན་བརླབས་ཀྱིས།། བསྟན་པའི་ཆོས་ཉིད་སྟོན་པ་ཡིན། ། མཁྱེན་པའི་ཡེ་ཤེས་སྐད་ཅིག་ལ།། མ་རྫོགས་ཁྱད་པར་མི་གནས་པས།། ཇི་ལྟ་བ་ལས་མ་གཡོས་ཀྱང།། ཇི་སྙེད་མ་བཀག་རྫོགས་པར་མཁྱེན།། བྱ་བྲལ་རྫོགས་པའི་འཕྲིན་ལས་ཀྱིས།། མ་ལུས་མཛད་པ་ཕྱོགས་རིས་མེད། ། ཐམས་ཅད་མཛད་པར་གནས་གྱུར་པས།། ཡེ་ནས་རྫོགས་པའི་མཛད་པ་ཡིན།། མ་ལུས་ལྷུན་གྲུབ་ཆོས་ཀྱི་དབྱིངས།། དབྱེ་བའི་ཁྱད་པར་ཡོད་མིན་ཡང།། ཉི་མའི་འོད་དང་སྙིང་པོ་ལྟར། ། རང་གཞག་ཙམ་ལ་རྫོགས་པ་ཡིན།། འདུས་བྱས་མ་ཡིན་རྡོ་རྗེ་ཡིན།། རང་བྱུང་ཉིད་པས་རྒྱུ་རྐྱེན་བྲལ།། རིམ་པ་མེད་པས་དུས་གཅིག་རྫོགས།། ལྷུན་གྱིས་གྲུབ་པས་གཞན་མི་རྩོལ།། ཇི་ལྟར་འོད་ཀྱི་གཞལ་ཡས་ལ། ། དུས་གསུམ་གསལ་བར་འཆར་བའམ།། རིན་ཆེན་སྤྲིན་གྱི་སྙིང་པོ་ལས།། དྲག་པོ་རླུང་གི་སྒྲས་མཚོན་ནས།། བདུད་རྩི་ཆར་བའི་སྙིང་པོའི་མཐུས།། མ་ལུས་བསམ་པ་རྫོགས་པར་གནས། ། སྙིང་པོ་རྫོགས་པའི་རང་བཞིན་ལས།། མོས་པའི་ཁྱད་པར་སྣང་བ་དང།། ཕྱོགས་མེད་རང་གིས་བྱིན་བརླབས་ཀྱིས།། ཇི་ལྟར་འདོད་པ་སོར་སོར་སྣང།། ཞེས་གསུངས་སོ།། ཀུན་འདུས་འོད་ཀྱི་ཏན་ཏྲ་ལས། ལྷུན་གྱི་གྲུབ་པའི་ལེའུ་སྟེ་དགུ་པའོ།།།། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་བཞིན་དེས།། འཁོར་གྱི་ཚོགས་ལ་འདི་སྐད་ཅེས་བཀའ་སྒྲགས་བར་མཛད་དོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། ། ཡེ་ཤེས་སྙིང་པོ་ཐུགས་ཀྱི་རྒྱུད།། མ་བཅོས་ཇི་བཞིན་ཐམས་ཅད་ཀྱི།། ཉོན་མོངས་ཞེན་པའི་འཕྲེང་ཐག་ཆོད།། མུན་པའི་དྲི་མ་ཀུན་གསལ་ནས།། མཁའ་ལྟར་དག་པ་དུས་གཅིག་སྣང།། རིག་པའི་སྙིང་པོ་ཀུན་འདུས་འོད། ། ཕྱོགས་མཚམས་མེད་པར་རྒྱས་པར་གནས།། གསང་བ་ཕྱི་མའི་མན་ངག་སྟེ།། རྫོགས་ཆེན་རྩ་བ་ཡང་སྙིང་འདི།། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི།། གསང་མཛོད་ཐུགས་ཀྱི་རྒྱ་མཚོ་ཡིན།། རྣམ་གྲོལ་འབྲས་བུ་རྫོགས་འདོད་པས། ། ཐམས་ཅད་ལ་ནི་མེ་ལོང་བཞིན།། བལྟས་ཀྱང་གཟུངས་བརྙན་མི་སྣང་ངོ།། བསྟན་པ་རྒྱ་མཚོ་ཐུགས་ཀྱི་མཛོད།། སྐལ་ལྡན་རིག་པ་འགའ་ཙམ་ལ།། འཕྲུལ་ཚིག་བརྡ་ཡིས་བསྟན་པ་སྣང། ། འོན་ཀྱང་རིན་ཆེན་བསྟན་པ་ལྟར།། རྟོགས་པ་ཙམ་གྱིས་ཆོག་པ་ཡིན།། ཡང་གསང་ཐུགས་ཀྱི་ཉི་མ་འདི།། གྲགས་པའི་ཆོས་བརྒྱད་མ་ཆགས་ཤིང།། རྙེད་དང་བཀུར་སྟི་དེ་བཞིན་པས།། རིན་ཆེན་དབྱིག་དང་ལུས་སྲོག་དག། འཕངས་མེད་གསེར་གྱི་རང་བཞིན་ལྟར།། བླ་མ་དམ་པ་སྲོག་འཛིན་ཅིང།། ཏིང་འཛིན་ཤེས་རབ་རྩལ་རྫོགས་པས།། བླ་མ་རིན་ཆེན་དབྱིག་ལྟར་བཀུར།། མན་ངག་སྙིང་ལྟར་འཚོ་བ་དང། ། མཆེད་ལ་གུས་སེམས་དད་པར་ལྡན།། རིན་ཆེན་འཕྲུལ་གྱི་ཐབས་ལྡན་ན།། ཟང་ཟིང་སེར་སྣས་བཅིངས་པ་མེད།། འདི་ལ་གསང་བ་གཏེར་དུ་གཏད།། འདི་དག་རང་བཞིན་མི་ལྡན་པར།། གཡོ་རྒྱུས་མན་ངག་འདོད་པ་དག། བསྐལ་པ་བྱེ་བ་ཕྲག་བརྒྱར་ཡང།། ཐུགས་ཀྱི་གཏེར་ཆེན་སྤྲོ་མི་བྱ།། ཞེས་གསུངས་སོ།། ཀུན་འདུས་འོད་ཀྱི་ཏན་ཏྲ་ལས། གསང་བའི་གཏེར་གཏད་པའི་ལེའུ་སྟེ་བཅུ་པའོ།།།། བྱང་ཆུབ་ཀྱི་སེམས་ཀུན་འདུས་འོད་ཀྱི་ཏན་ཏྲ་རྫོགས་སོ། ། །། རྒྱ་གར་སྐད་དུ། ཛྙཱ་ན་པྲ་བྷ་རཏྣ་ཏན་ཏྲ་ནཱ་མ། བོད་སྐད་དུ། ཡེ་ཤེས་རིན་ཆེན་འོད་ཀྱི་རྒྱུད་ཅེས་བྱ་བ།། ཡེ་ཤེས་རིན་པོ་ཆེ་གང་ཡིན་པ་དེ་ལ་ཕྱག་འཚལ་ལོ།

CLOSE WINDOW