CLOSE WINDOW

Gpb034.021: ཡེ་ཤེས་ས་གཅིག་ཆོས་ཀྱི་དབྱིངས
Wylie

། དེ་བས་སྙིང་པོའི་དོན་ལ་སྤྱོད།། ཡེ་ཤེས་འབར་བ་ཆོས་ཀྱི་དབྱིངས།། རྡོ་རྗེ་སེམས་དཔས་གསུངས་པའོ།། རྫོགས་སོ།།།། རྒྱ་གར་སྐད་དུ། ཛྙཱ་ན་དྷརྦ་ཨེ་དྷརྨཱ།། བོད་སྐད་དུ།། ཡེ་ཤེས་ས་གཅིག་ཆོས་ཀྱི་དབྱིངས། ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ།། སྐྱེ་མེད་བློ་ལས་འདས་པའི་སྐབས།། གདོད་ནས་སྐྱེ་མེད་དོན་གྱི་ཨ།། ཐོབ་བསྒྲུབ་ཀུན་གྱི་ཡུལ་ལས་འདས།། རེ་དོགས་བློ་ལས་རྣམ་པར་གྲོལ། ། སྐྱེ་མེད་བརྗོད་མེད་དེ་ཁོ་ན་ཉིད།། མཐའ་བྲལ་གཉིས་མེད་དོན་དམ་ཀློང།། དགག་བྱ་བསྒྲུབ་བྱ་རྣམ་པར་དག། མ་སྐྱེས་རྡོ་རྗེ་གཉིས་མེད་ངང།། ཡིད་ལ་མི་བྱེད་བྱ་བཙལ་བྲལ།། བྱ་མེད་རྩོལ་བ་བྲལ་བའི་སྐབས། ། མ་བཅོས་སྤྲོས་མེད་ཆོས་ཉིད་ཀློང།། ཅིར་ཡང་མི་དམིགས་རང་བཞིན་དག། འདི་ནི་ཁྱབ་བརྡལ་ཆེན་པོའི་ས།། བགྲོད་དུ་མེད་པར་ལྷུན་གྱིས་གྲུབ།། སྐྱེ་མེད་གཉིས་མེད་སྤྲོས་དང་བྲལ།། སྐུ་ལྔ་ཡེ་ཤེས་ལྔ་ཡི་ངང། ། མཐའ་བྲལ་མི་འགྱུར་བདེ་བ་ཆེ།། དམིགས་མེད་ཡེ་ཤེས་རང་སྣང་ངང། ཁྱབ་བརྡལ་ཡངས་པས་ནམ་མཁའི་ཀློང།། སྤྲོས་མེད་བྱང་ཆུབ་སྙིང་པོའི་དབྱིངས།། སྐུ་བཞི་ཚིག་ཆོས་ཆེན་པོའི་སྐབས། །།། རྟོག་མེད་མཉམ་ཉིད་ཆོས་ཀྱི་སྐུ།། ཅིར་ཡང་མ་འགག་སྤྲུལ་བའི་སྐུ།། གཉིས་སུ་མེད་པས་རྫོགས་པའི་སྐུ།། སྐུ་གསུམ་རྫོགས་པས་ཐིག་ལེར་གཅིག། བསམ་འདས་བརྗོད་མེད་རང་སར་གྲོལ། ། ཀུན་བཟང་དབྱེར་མེད་སྐྱེ་མེད་སོགས།། བགྲོད་མེད་ཡེ་ཤེས་རྫོགས་པའི་སྐབས།།།། ཐོབ་སྒྲུབ་མེད་པར་ཐམས་ཅད་རྫོགས།། སྣང་སྲིད་བྱང་ཆུབ་སེམས་སུ་རྫོགས།། འཁོར་འདས་ཆོས་ཀྱི་དབྱིངས་སུ་རྫོགས། ། སྐུ་གསུང་ཐིག་ལེ་གཅིག་ཏུ་རྫོགས།། ལྷག་མ་མེད་པར་ཡོངས་སུ་རྫོགས།། མི་འགྱུར་མཉམ་ཉིད་དཔེ་དང་བྲལ།། དཔེ་བྲལ་ཡེ་ཤེས་མཚོན་དུ་མེད།། ཅི་ཕྱིར་བསམ་བརྗོད་དམིགས་པ་མེད།། དམིགས་མེད་ཡེ་ཤེས་རང་གསལ་ཀློང། ། མི་སྐྱེ་མི་འགག་ཅིར་མི་དགོངས།། གོ་བའི་ཡུལ་ན་བགྲོད་དུ་མེད།། བགྲོད་དུ་མེད་པས་ས་ལམ་རྫོགས།། རྟོགས་ལྡན་ཆེན་པོ་མཆོག་གི་སྐབས།།།། གཉིས་མེད་རྫོགས་པས་མཐའ་བྲལ་རྫོང། ། དམིགས་མེད་མ་སྐྱེས་དེ་ཉིད་ངང།། འགག་མེད་ཨཱ་ལི་ཀཱ་ལིར་རོལ།། དབྱེར་མེད་མ་བཙལ་ལྷུན་གྱིས་གྲུབ།། སྨྲ་བསམ་བརྗོད་མེད་ཚིག་ལས་འདས།། མངོན་སུམ་མི་སྣང་ཀུན་ལ་ཁྱབ། ཁྱབ་བརྡལ་མ་བཅོས་ཡེ་སངས་རྒྱས། ། རང་བཞིན་འོད་གསལ་རྣམ་པར་དག། དེ་ཉིད་ཤེས་ཀྱིན་རྟོགས་ན་གྲོལ།། རྒྱལ་སྲས་བཞིན་དུ་རེ་དོགས་མེད།། དགག་སྒྲུབ་མེད་པའི་ཡེ་ཤེས་ནི།། རྒྱུ་ཡིས་མ་བསྐྱེད་རྐྱེན་དང་བྲལ། ། སྟོང་གསལ་དབྱེར་མེད་ཡེ་ཤེས་ཅན།། སྐྱེ་འགག་མེད་པར་རྣམ་པར་དག་ཁྱབ་བརྡལ་དྲི་མེད་རང་བཞིན་དབྱིངས།། གཉིས་མེད་མི་འགྱུར་ཆོས་སྐུའི་རྫོང།། ཡེ་བརྡལ་བྱང་ཆུབ་སེམས་ཀྱི་ཀློང།། ཀུན་རྫོགས་མཐའ་བྲལ་གཉིས་མེད་ཆོས། ། གཉིས་མེད་ཡང་དག་བླ་ན་མེད།། ཐེག་པ་ཀུན་གྱི་གཙོ་བོ་སྟེ།། ས་རྣམས་ཀུན་གྱི་ངོ་བོའོ།། དེ་ཉིད་དཔེ་དོན་ཚིག་གསུམ་སྐབས།། ཁྱབ་བརྡལ་ཆེན་པོའི་ས་ཆེན་འདི།། ནམ་མཁའ་ཆེན་པོའི་ཀློང་ཆེན་བཞིན། ཁྱབ་བརྡལ་མི་འགྱུར་ཡངས་པའི་ཀློང།། མ་ཀི་ཏ་ཡི་རྒྱ་མཚོ་བཞིན།། བདེ་ཆེན་གཉིས་མེད་ཀུན་རྫོགས་གྲོལ།། ཉི་མ་སྤྲིན་མེད་སྙིང་པོ་བཞིན།། དུས་གསུམ་འགྲིབ་མེད་དེ་བཞིན་ཉིད། ། བརྒྱ་བྱིན་གཙུག་གི་ནོར་བུ་བཞིན།། འདོད་དགུ་འབྱུང་ལ་འགྲན་ཟླ་མེད།། སྐྱེ་མེད་རྟོག་མེད་ལྷུན་གྱིས་གྲུབ།། འགྱུར་མེད་རང་གསལ་རྣམ་པར་དག། མཐའ་བྲལ་རང་གྲོལ་མཚོན་དུ་མེད། ། གདུལ་བྱ་དྲང་བ་དོན་གྱི་སྐབས།།།། ཚིག་གསུམ་དོན་གྱི་འབྲས་བུ་ལ།། ལྟ་བའི་རྒྱལ་པོས་རྒྱབ་ཤ་བཅད།། བསྒོམས་པས་ནང་གི་དྲས་ཐག་བཅད།། རོ་སྙོམས་སྤྱོད་པས་གཏན་ལ་དབབ།། རང་སྣང་མི་དགག་ཐབས་སུ་ཤར། ། གཉུག་མའི་དབང་པོ་ལམ་ལས་གྲོལ། ཁྱབ་བརྡལ་ས་ཆེན་ནོན་པའོ།། རྒྱལ་པོ་བཙོན་དུ་བཟུང་བ་དང།། བདུད་རྩི་ཐིགས་པ་ལྕེ་ལ་གཞག། གངས་རི་རྩེ་ནས་བསྙིལ་བ་སྟེ།། ཤིང་རྟའི་གཟེར་མགོ་གཅད་པར་བྱ། ། ཐུགས་རྗེ་ཡེ་ཤེས་གདམས་པའི་སྐབས།།།། ཡེ་ཤེས་ས་གཅིག་ཆོས་ཀྱི་དབྱིངས།། འདི་ཡི་དོན་ལ་མི་འདུད་པར།། མི་ཆོས་གཡེང་བའི་ལས་བྱེད་ཅིང།། སྣང་བ་རང་ཀ་ཐ་མལ་ལུས། ། བཀའ་ལ་རས་ཆོད་ཡིག་སྣ་འཚོང།། གསང་བའི་ཆོས་རྣམས་ཕྱི་རུ་སྨྲ།། འཁྲུལ་བའི་ཆོས་ལ་ཡང་དག་འཛིན།། དོན་དང་མཐུན་པར་ངས་མ་བཤད།། ཨེ་མ་ངེས་པའི་དོན་ལ་འཐུད།། ཡེ་ཤེས་ས་གཅིག་ཆོས་ཀྱི་དབྱིངས། ། རྡོ་རྗེ་སེམས་དཔས་གསུངས་པའོ།། རྫོགས་སོ།།།། རྒྱ་གར་གྱི་མཁན་པོ་ཤྲཱི་སིང་ཧ་དང།། བོད་ཀྱི་ལོ་ཙ་བ་བཻ་རོ་ཙ་ནས་བསྒྱུར་བའོ།། ཨ་ཧཾ། རྒྱ་རྒྱ་རྒྱ། རྒྱ་རྒྱ་རྒྱ། ཤུ་བྷཾ།།།། རྒྱ་གར་སྐད་དུ།

CLOSE WINDOW