CLOSE WINDOW

Gpb034.020: ཡེ་ཤེས་འབར་བ་ཆོས་ཀྱི་དབྱིངས
Wylie

། རྫོགས་སོ།།།། རྒྱ་གར་སྐད་དུ། ཛྙཱ་ན་ཛྭ་ལ་ཨེ་དྷརྨཱ་དྷཱ་ཏུ།། བོད་སྐད་དུ།། ཡེ་ཤེས་འབར་བ་ཆོས་ཀྱི་དབྱིངས།། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ།། སྐྱེ་མེད་སྤྲོས་དང་བྲལ་བའི་སྐབས། ། གདོད་ནས་གཉིས་མེད་སྙིང་པོ་ཨ།། བླང་དོར་རྟོག་པ་ཀུན་དང་བྲལ།། སྐྱེ་མེད་དོན་དམ་ཆོས་ཉིད་ཀློང།། སྤྱོད་པའི་དམ་པ་ཁོ་ནའོ།། འགྲོ་འཆག་ཉལ་དང་འདུག་པ་རྣམས།། ཅི་སྤྱོད་དོན་ལས་མ་གཡོས་ཤིང། ། དོན་དམ་བདེ་བའི་རྩིས་ཟིན་ན།། སྤྱོད་པ་ཞེས་ནི་དེ་ལ་བྱ།། ཕྱི་ནང་གསང་བ་ཁོ་ན་ཉིད།། ཕྱི་རྟོག་ནང་དུ་སྡུ་བ་དང།། ནང་རྟོག་གསང་བར་བསྟིམ་པ་སྟེ།། གསང་རྟོག་ཁོ་ན་ཉིད་དུ་གྲོལ། ། སྒོ་གསུམ་ཡེ་ཤེས་རོལ་བའི་སྐབས།།།། ལུས་ངག་ཡིད་གསུམ་སྤྱོད་པ་ནི།། ལུས་ནི་འབྱུང་ལྔ་འདུས་པའི་ལུས།། སྐུ་ལྔ་ཡེ་ཤེས་རོལ་བ་ཡིས།། རྟོག་མེད་བརྟུལ་ཞུགས་ཆེན་པོར་སྤྱད།། ཉམ་ང་མེད་པའི་སེང་གེ་བཞིན། ། འབར་བ་ཆེན་པོ་སྤྲུལ་བའི་སྐུ།། འགག་མེད་རོལ་བ་ཅིར་ཡང་སྣང།། སྣང་བ་རང་རིག་གཉིས་མེད་རྫོགས།། ངག་ནི་སྔགས་དང་སྒྲ་དབྱངས་བསྒྲགས།། འཇིག་རྟེན་འཆལ་ཚིག་སྣ་ཚོགས་ཀྱང། ། དཔེར་ན་བིན་དའི་སྐད་བཞིན་དུ།། འགག་མེད་གྲག་སྟོང་རྫོགས་པའི་སྐུ།། སེམས་ནི་ཡེ་ནས་རྣམ་པར་དག། ཉོན་མོངས་ལྔ་ཡི་སྐྱོན་དང་བྲལ།། ཨེ་མ་རང་ལ་གནས་བཞིན་དུ།། སྤྱད་པས་ཐོབ་འདོད་ཨེ་མ་འཁྲུལ། ། གཉིས་མེད་དོན་དམ་མཆོག་གི་སྐབས།།།། སྤྱོད་བྱེད་བྲལ་བའི་ཡེ་ཤེས་ལ།། སངས་རྒྱས་སེམས་ཅན་གཉིས་མེད་དེ།། ལམ་གྱིས་སྤྱད་དུ་ག་ལ་ཡོད།། ཅི་སྟེ་དགག་བསྒྲུབ་མེད་པ་ལ།། རྩ་ལ་སྤྲུགས་སྨོན་ཆགས་ཡུལ་ལས་འདས། ། ཟབ་མོ་བདུད་རྩི་ཚིག་གསུམ་སྐབས།།།། དགེ་སྡིག་རྫོགས་པའི་ཆོས་ཆེན་པོ།། རྟོགས་ལྡན་འགའ་ཡི་སྤྱོད་ཡུལ་ཡིན།། བླུན་པོ་རྣམས་ནི་སྐྲག་པར་འགྱུར།། དཔེར་ན་དུག་གི་རང་བཞིན་ལ། ། རྨ་བྱ་དག་ལ་རྒྱན་གྱིས་མཛེས།། གཞན་རྣམས་ལ་ནི་དུག་གིས་འཇིགས།། སངས་རྒྱས་དགོངས་པ་ཉིད་ཀྱི་སྐབས།།།། ཐམས་ཅད་རྫོགས་པའི་ཆོས་ཆེན་པོ།། སྐྱེ་འགག་མེད་པར་ལྷུན་གྱིས་གྲུབ། ཁྱབ་བརྡལ་མ་བཅོས་ཡེ་སངས་རྒྱས།། མཐའ་བྲལ་གཉིས་མེད་ཁོ་ནའོ།། དོན་འདི་ངེས་པར་རྟོགས་ན་ནི།། རྒྱལ་བ་ཉིད་དང་མཉམ་པ་ཡིན།། བྱ་བཙལ་ཐམས་ཅད་བྲལ་བའི་སྐབས།།།། སེམས་ཉིད་དོན་གྱི་ཡེ་ཤེས་ལ། ། སྤྱད་པར་བྱ་བའི་གནས་དང་བྲལ།། བྱ་བྲལ་ངང་ལ་རྣམ་པར་རོལ།། མིང་ཙམ་སྤྱོད་ཅེས་དེ་ལ་བྱ།། རྟོགས་ལྡན་རྣལ་འབྱོར་མཆོག་གི་སྐབས།།།། འབར་བ་ཆེན་པོའི་སྤྱོད་པ་ནི།། ཅིར་སྣང་བྱང་ཆུབ་སེམས་སུ་སྤྱད། ། སེམས་ཉིད་ཆོས་ཀྱི་སྐུར་རུ་སྤྱད།། སྐུ་ཉིད་སྤྱད་བྱ་སྤྱོད་བྱེད་བྲལ།། བྱ་བྲལ་ངང་ལ་རྣམ་པར་གནས།། སྐྱེ་མེད་དོན་གྱི་རྣལ་འབྱོར་རོ།། ཐུགས་རྗེ་རོལ་པ་གདམས་པའི་སྐབས། །།། ཡེ་ཤེས་འབར་བ་རྣལ་མའི་ཆོས།། ཡང་དག་དོན་ལ་མི་སྤྱོད་པར།། ཚིག་ལ་ཞེན་གྱིན་གྲགས་ཕྱིར་སློབ།། ང་མཁས་སྨྲ་ཞིང་དོན་མ་རྟོགས།། ཤེས་ཚུལ་འཆོས་པའི་ཁོང་ཟོག་ཅན།། རང་རིག་རང་བསླུས་སྙིང་རེ་རྗེ། ། དེ་བས་སྙིང་པོའི་དོན་ལ་སྤྱོད།། ཡེ་ཤེས་འབར་བ་ཆོས་ཀྱི་དབྱིངས།། རྡོ་རྗེ་སེམས་དཔས་གསུངས་པའོ།། རྫོགས་སོ།།།། རྒྱ་གར་སྐད་དུ། ཛྙཱ་ན་དྷརྦ་ཨེ་དྷརྨཱ།། བོད་སྐད་དུ།། ཡེ་ཤེས་ས་གཅིག་ཆོས་ཀྱི་དབྱིངས།

CLOSE WINDOW