CLOSE WINDOW

Gpb034.015: རྡོ་རྗེ་སེམས་དཔའ་ནམ་མཁའི་ཆེ་རྒྱལ་པོ་རྒྱས་པའི་རྒྱུད
Wylie

།།། ཨུ་ཨུ་ཨུ་རཀྴི་ཀ་ཨི་ཏུ་ཨུ་ཊུ།།།། རྒྱ་གར་སྐད་དུ། བཛྲ་ས་ཏྭ། ཁ་སེ་མཧཱ་རཱ་ཛ་པུཥྟི་ཏནྟྲ། བོད་སྐད་དུ།། རྡོ་རྗེ་སེམས་དཔའ་ནམ་མཁའི་ཆེ་རྒྱལ་པོ་རྒྱས་པའི་རྒྱུད། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་བདེ་བ་ཆེན་པོ་ལ་ཕྱག་འཚལ་ལོ། ། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀུན་ཏུ་བཟང་པོས་བསམ་གྱིས་མི་ཁྱབ་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། ། འོག་མིན་གནས་མཆོག་ཁྱད་པར་ཅན།། ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་གི། ཡེ་ཤེས་སྒྲིབ་མེད་གཞལ་ཡས་ན།། ཉིད་ཀྱི་རང་བཞིན་ཆོས་སྐུ་དང།། ཉིད་ཀྱི་ངོ་བོ་ལོངས་སྐུ་དང། ། ཉིད་ཀྱི་ཐུགས་རྗེ་སྤྲུལ་སྐུ་དང།། རྡོ་རྗེ་སེམས་དཔའ་ལ་སོགས་པ།། འབྱེད་པ་མེད་པའི་འཁོར་རྣམས་དང།། ཐིག་ལེ་ཆེན་པོ་གཅིག་ཏུ་བཞུགས།། དེ་ནས་རྡོ་རྗེ་སེམས་དཔས་ཞུས་པ། སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་ལགས། ། སྟོན་པ་ཉིད་ཀྱང་ཐིག་ལེ་སྦྲོས་པ་མེད།། བསྟན་པ་ཀུན་ཀྱང་ཐིག་ལེ་སྤྲོས་པ་མེད།། དུས་དང་གནས་ཀྱང་ཐིག་ལེ་སྤྲོས་པ་མེད།། ཐམས་ཅད་ཀུན་ཀྱང་ཐིག་ལེ་སྤྲོས་མེད་ན།། སྟོན་པའི་སྟོན་པས་ཅི་ཞིག་སྟོན་པར་མཛད། ། འཁོར་དུ་འཁོད་པའི་འཁོར་ནི་ཅི་ལ་འཁོར།། འཁོར་ལ་སྟོན་པ་ཅི་ཞིག་སྟོན་པར་བྱེད།། དུས་དང་གནས་ནི་གཅིག་པ་ཇི་ལྟ་བུ།། ཞེས་ཞུས་པས།། རྡོ་རྗེ་སེམས་དཔའ་ལ་སོགས་ཀྱི། ཁྱད་པར་གྱུར་པའི་འཁོར་རྣམས་ལ། ། བཅོམ་ལྡན་འདས་ཀྱི་ལྗགས་རྩེ་ཡིས།། གསང་བ་འདི་ནི་རབ་ཏུ་བསྒྲགས།། འདི་ནི་གསང་བ་ཐམས་ཅད་ཀྱི།། གསང་ཆེན་རབ་ཏུ་ངེས་པ་ཡིན།། ཀུན་ཏུ་བཟང་པོ་ང་ཉིད་ནི།། སྟོན་པ་དང་ནི་བསྟན་པ་དང། ། འཁོར་དང་དུས་དང་གནས་དང་ནི།། ང་ལས་བྱུང་བའི་ཐིག་ལེ་སྟེ།། ང་ཡི་རང་བཞིན་ཐིག་ལེ་ཡིན།། ཐིག་ལེ་ཡེ་ནས་སྤྲོས་པ་མེད།། སྙིང་པོ་མ་སྤྲོས་ཐིག་ལེ་ཡིན།། ཀུན་ལས་ཁྱད་པར་གྱུར་པ་ཡི། ། ཆེ་བའི་ཡོན་ཏན་རྫོགས་པའི་མཆོག། ཆོས་རྣམས་ཀུན་གྱི་དེ་བཞིན་ཉིད།། མཆོག་གི་སྙིང་པོས་ཐུགས་བརྒྱུད་པ། ཁྱད་པར་འཁོར་གྱིས་དེ་བཞིན་འཛིན།། ཡང་དག་དོན་གྱི་སྙིང་པོ་ནི།། གང་ནས་བཙལ་ཡང་མི་རྙེད་དེ། ། རང་རིག་སྒྲིབ་མེད་དག་པ་ཡིན།། དེ་ལ་རྟག་འགྲུས་གོམས་པ་ནི།། བསྙེན་པ་དམ་པ་དེ་ཡིན་ཏེ།། དེ་ནི་མ་ནོར་ལམ་ཡིན་པར།། ཀུན་ཏུ་བཟང་པོས་རབ་ཏུ་བསྔགས།། འགྲོ་བའི་སྡུག་བསྔལ་བྱང་ཆུབ་སེམས། ། ཀུན་ཏུ་ཆུབ་པས་རྣམ་པར་རོལ།། དེ་ལ་སྐྱོད་པ་མེད་བཞིན་དུ།། ནམ་མཁའི་མཐའ་ལྟར་མཉམ་པར་གནས།། མཁའ་འདྲ་སྐྱོན་མེད་རང་རིག་འདི།། མི་ཤིགས་རྡོ་རྗེའི་སྙིང་པོ་སྟེ།། མི་འབྲལ་མཆོག་གི་སྙིང་པོ་ཡིན། ། གླེང་བྲལ་འདི་ལ་གང་ནགས་པ།། རྡོ་རྗེ་སྙིང་པོ་སྲ་བའི་མཆོག། རྡོ་རྗེ་ཡེ་ཤེས་དཀྱིལ་འཁོར་ལྡན།། རྣལ་འབྱོར་དེ་ནི་སྐལ་བ་བཟང།། སངས་རྒྱས་ཀུན་དང་མཉམ་འགྱུར་བའི།། རྣམ་པ་ཀུན་ལྡན་མཆོག་གི་སྐུ། ། གང་ཡང་འབྱེད་པ་མེད་པ་ཡི།། ཆོས་སྐུས་ཀུན་ཏུ་ཁྱབ་པའི་ཕྱིར།། རང་བཞིན་ལྷུན་གྲུབ་ཡུལ་ལ་རོལ།། མཐོང་ཐོས་རེག་དང་དྲན་པ་ཡིས།། སྡིག་པ་ཀུན་ལས་རྣམ་པར་གྲོལ།། གདོད་ནས་རྣམ་དག་གྲོལ་བའི་ལམ། ། འགྲོ་བ་ཀུན་ལ་རང་བཞིན་གནས།། ཕྱིན་ཅི་ལོག་ཏུ་རྣམ་བརྟགས་ཀྱང།། གྲོལ་བ་རང་བྱུང་གཞན་ལས་མིན།། ཡང་དག་དོན་གྱི་སྙིང་པོ་འདི།། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱིས། ། བྱ་བྱེད་མེད་པར་ལྷུན་གྱིས་གྲུབ།། འབྲས་བུ་ཀུན་ཏུ་བཟང་པོའི་སྐུ།། ཞེས་གསུངས་སོ།། རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ་རྒྱལ་པོ་རྒྱས་པའི་རྒྱུད་ལས།། གླེང་གཞིའི་ལེའུ་སྟེ་དང་པོའོ།།།། དེ་ནས་བཅོམ་ལྡན་འདས་ཀྱིས་རྡོ་རྗེ་སྙིང་པོའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ཆེད་དུ་བརྗོད་པ་འདི་ཉིད་བརྗོད་དོ། ། ལྷུན་གྱིས་གནས་པའི་བདེ་ཆེན་ཏེ།། མངོན་སུམ་མི་གནས་ཀུན་ཏུ་ཁྱབ།། རང་བྱུང་ཡེ་ཤེས་རྩ་མེད་པས། ། དབྱིངས་དང་ཡེ་ཤེས་དོན་ལས་འདས།། རྩོལ་སེམས་བདེ་བ་བླ་མེད་ཀྱང།། དེ་ནི་དེ་སྒྲིབ་སྐྱོན་ཆེན་ཡིན།། ཚིག་གི་ཐ་སྙད་མེད་པའི་ཕྱིར།། དགེ་དང་སྡིག་ལས་རྣམ་པར་གྲོལ།། ལྷུན་གྱིས་རྫོགས་པའི་ངོ་བོ་དེ། ། སྤྱོད་དང་ལྟ་དང་འཇུག་རྩོལ་མེད།། གང་ལའང་འབྱེད་པ་མེད་པས་ན།། རང་བྱུང་ཡེ་ཤེས་རྩལ་མེད་པས།། དབྱིངས་དང་ཡེ་ཤེས་དོན་ལས་འདས།། མི་རྟོག་ཡེ་ཤེས་ཆེན་པོ་ལས།། དགེ་བའི་འབྲས་བུ་བསྟན་མེད་པས། ། བགྲོད་ཅིང་སྦྱོང་བའི་ལམ་དང་བྲལ།། ཡིན་པའི་དོན་ཉིད་གཞིག་ཏུ་མེད།། ལྟ་བ་ཞེའམ་སྙིང་པོའང་མིན།། ནམ་མཁའི་མིང་ཡང་འཐོབ་པ་མེད།། བྱ་བྲལ་ལྷུན་གྲུབ་མཆོག་གི་སྐུ།། ཐ་སྙད་མི་འབྱོད་གཅིག་གི་ངང། ། གང་དུའང་མ་གྲུབ་མ་གསལ་བས།། ཅིར་ཡང་མ་གྲུབ་དེ་བཞིན་ནོ།། དེ་བཞིན་སྙིང་པོ་ཆེན་པོ་ཉིད།། དུས་གསུམ་རྒྱལ་བའྀ་གནས་སུ་ཆེ།། སངས་རྒྱས་དེ་ནི་ལམ་འདྲ་བར།། མཆོག་གི་སྙིང་པོ་དེ་ཉིད་ནི། ། འགྲོ་དྲུག་དེ་ཡི་རང་བཞིན་ནོ།། དེ་ལྟར་དེ་བཞིན་དེ་ཡི་ཕྱིར།། དེ་ལ་དེ་བསྟན་དེ་ཡང་འཐོབ།། དེ་ནི་སྙིང་པོ་དེ་བས་ན།། དེ་ལས་དེ་བྱུང་ངོ་མཚར་ཆེ།། སྔོན་གྱི་དེ་དང་ད་ལྟའི་དེ།། དེ་བཞིན་དེ་ཡི་གནས་སུ་ཆེ། ། དེ་ལྟར་དེ་ཡི་ལམ་འདྲ་བར།། དེ་ནི་དེ་ཡི་རང་བཞིན་ནོ།། དེ་དང་འདྲ་བ་ཡོངས་ཀྱིས་ལམ།། ཟླ་བ་ལས་བྱུང་རྟེན་བཅས་པའི།། སྐུ་ཡི་ཕྱག་རྒྱར་སྣང་བ་དེས།། ཅིར་ཡང་མ་གྲུབ་དེ་བཞིན་ནོ།། ཞེས་གསུངས་སོ། ། རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ་རྒྱལ་པོ་རྒྱས་པའི་རྒྱུད་ལས། ལྷུན་གྲུབ་རྩོལ་བྲལ་གྱི་ལེའུ་སྟེ་གཉིས་པའོ།།།། དེ་ནས་བཅོམ་ལྡན་འདས་ཤིན་ཏུ་ཟབ་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ཆེད་དུ་བརྗོད་པ་འདི་ཉིད་བརྗོད་དོ། ། འདི་ནི་གསང་ཆེན་རབ་ངེས་པའི།། ཆུབ་པར་གནས་པས་བཅོམ་ལྡན་འདས།། འགྲོ་བ་ཀུན་ལ་རང་བཞིན་གནས།། ཕྱིན་ཅི་ལོག་ཏུ་རྣམ་བརྟགས་ཀྱང།། གྲོལ་བ་རང་བྱུང་གཞན་ལས་མིན། ། བཙལ་དུ་མེད་པའི་སྙིང་པོ་འདི།། འགྲོ་བའི་སྡུག་བསྔལ་བྱང་ཆུབ་སེམས།། ཀུན་ཏུ་ཁྱབ་པས་རྣམ་པར་རོལ།། དེ་ལ་བསྐྱོད་པ་མེད་བཞིན་དུ།། ནམ་མཁའི་མཐའ་ལྟར་མཉམ་པར་གནས། ། ཆོས་སྐུ་ཅིར་ཡང་མི་དམིགས་ཏེ།། འཁོར་བ་མྱ་ངན་འདས་པའི་ཆོས།། དེ་ལ་གཏིང་དཔག་མེད་པའི་ཀློང།། ཅིས་ཀྱང་གཞིག་ཏུ་མེད་པ་སྟེ།། དེ་ལ་སེམས་ཅན་རྣམ་པར་རྟོག། ཇི་ལྟར་འཐད་པ་ཀུན་འབྱུང་བས། ། ཀུན་གྱི་ཡིད་བཞིན་ནོར་བུ་སྟེ།། ཐམས་ཅད་མཉམ་པ་གཉིས་སུ་མེད།། མཉམ་དབྱིངས་དབྱེར་མེད་ཆེན་པོའི་དབྱིངས།། བསྡུས་ནས་འདུས་པར་བྱས་པ་མེད།། ཆོས་ཀྱི་སྐུ་ཉིད་ཅིར་མི་དམིགས།། མ་སྐྱེས་མི་འགག་ཅིར་མི་དགོངས། ། གང་ཡང་མི་འབྱེད་མཉམ་ཆེན་པོ།། ཇི་བཞིན་འབྱུང་བ་ཡིད་བཞིན་ནོར།། འབྱུང་འཇུག་མི་འགག་ཅིར་ཡང་སྣང།། མཆོག་གི་སྙིང་པོ་མ་ནོར་དོན།། དམ་པ་ཡིན་ཏེ་སྤྲོས་དང་བྲལ།། དེ་ལ་འགོག་པ་མེད་བཞིན་དུ། ། ཀུན་འབྱུང་རིན་ཆེན་ཕུང་པོ་འབར།། ཀུན་ཀློང་ཀུན་འདུས་ཀུན་གྱི་ཀློང།། རྡོ་རྗེ་འདུས་པ་བདེ་ཆེན་སྐུ།། མཉམ་སྙོམས་འདུས་བ་བྱས་པའི་ངང།། མཉམ་དབྱིངས་ཡེ་ཤེས་ཆེན་པོའི་མཆོག། མི་དམིགས་མི་སྐྱེ་སྣང་བ་མེད།། མཆོག་གི་སྙིང་པོ་དམ་པ་ཡིན།། དེ་བཞིན་ཉིད་ཀྱང་དབུ་མར་མིན།། མི་དམིགས་བདེན་པ་གཉིས་མི་མངའ།། བདེན་གཉིས་ལྡན་པ་ས་བརྒྱད་པའི།། བྱང་ཆུབ་སེམས་དཔའ་ལ་ཡང་མེད། ། ཅེས་གསུངས་སོ།། རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ་རྒྱལ་པོ་རྒྱས་པའི་རྒྱུད་ལས། གསང་བ་མངོན་དུ་བསྟན་པའི་ལེའུ་སྟེ་གསུམ་པའོ།།།། དེ་ནས་བཅོམ་ལྡན་འདས་ཀྱིས་དོན་གྱི་སྙིང་པོའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ཆེད་དུ་བརྗོད་པ་འདི་བརྗོད་དོ། ། བསྒོམ་དུ་དངོས་པོ་མེད་པ་སྟེ།། ཚིག་གིས་དེ་ལ་མཚོན་དུ་མེད།། དེ་ལ་དབྱིངས་མེད་ཡེ་ཤེས་གསོག། ངག་གི་སྨྲ་བ་ཐམས་ཅད་སྒྲིབ།། མི་ལྟ་མི་སྤྱོད་མི་སྲུང་ཞིང། ། མི་སྒོམ་བ་ཉིད་སྙིང་པོ་ཡིན།། ཅིར་ཡང་སྤྱད་དུ་མེད་པ་ལ།། དམིགས་པར་བྱ་བ་ཡོད་པ་མིན།། སྦྱང་ཞིང་བཙལ་བའི་གནས་མེད་དེ།། ཡེ་སྦྱངས་ཁམས་གསུམ་ཡེ་སངས་རྒྱས།། དབང་པོའི་སྤྱོད་ཡུལ་མ་ཡིན་ཏེ། ། ཚིག་གིས་མཚོན་པར་ག་ལ་འགྱུར།། སྒོམ་ཞེས་གདགས་སུ་མེད་པ་ཡིན།། ཚིག་གིས་མཚོན་ཏུ་མེད་པའི་ཕྱིར།། ངག་ཏུ་ཅི་སྨྲ་ཐམས་ཅད་དང།།། དབྱིངས་དང་ཡེ་ཤེས་ཉིད་ཀྱང་བསོག། འདི་ནི་སྒྲིབ་པའི་སྐྱོན་ཆེན་ཡིན།། ཆོས་རྣམས་རང་བཞིན་ཉིད་ཀྱིས་སྟོང།། ངོ་བོ་ཉིད་ཀྱིས་མཐུར་ལྡན་པའི།། རྣམ་པར་དག་པའི་བདག་ཉིད་དེ།། ལམ་གྱིས་བཅོས་སུ་མེད་པ་ལ།། ཐེག་དམན་རྟོག་བཞིན་པ་ཡིས། ། རང་རྒྱུད་འདོད་གཞུང་ཕྱིན་ཅི་ལོག། སོ་སོར་ཕྱེ་ནས་རྣམ་བརྟགས་ཀྱང།། ལོ་འདབ་རྩ་བ་མདོར་བསྡུས་པའི།། ཡེ་ཤེས་མཆོག་གི་དམ་པ་འདིར།། མ་བསྒྲུབས་ལྷུན་གྱིས་རྫོགས་པ་ལས། ། གྲོལ་བར་བྱ་ཐམས་གཞན་ལས་མིན།། དམ་ཚིག་ནོར་བུ་རིན་པོ་ཆེ།། ས་གཞི་རྒྱ་མཚོ་རྡོ་རྗེ་གྲུ།། ཕྱལ་པ་གཅིག་པུ་སྟོང་པ་རྫོགས།། ཐམས་ཅད་ནམ་མཁའི་མཚན་ཉིད་དེ།། སྣ་ཚོགས་འཇིག་རྟེན་ཁམས་གཡོ་དང། ། རྒྱལ་བ་མངོན་བྱུང་ཐམས་ཅད་ཀུན།། ནམ་མཁའི་དབྱིངས་སུ་མ་གྱུར་པ།། དུས་བཞི་ཕྱོགས་བཅུ་གང་ནའང་མེད།། རྒྱལ་སྲས་ཡབ་ཡུམ་ལ་སོགས་པ།། ཐམས་ཅད་ནམ་མཁའི་ངང་དུ་ཐིམ།། དེ་ཤེས་དེ་ལས་མི་འདའ་བ། ། ཡེ་ཤེས་བླ་མེད་རྨད་པོ་ཆེ།། འབྱུང་བ་ཆེན་པོ་བཅོམ་ལྡན་འདས།། ཆུབ་པར་གནས་པས་བཅོམ་ལྡན་འདས།། འགྲོ་བ་ཀུན་ལ་རང་བཞིན་གནས།། ཕྱིན་ཅི་ལོག་ཏུ་རྣམ་བརྟགས་ཀྱང།། མདོར་བསྡུས་དམ་པ་མ་ལུས་ལས། ། གྲོལ་བ་རང་བྱུང་གཞན་ལས་མེད།། གཉིས་མེད་བྱང་ཆུབ་མཆོག་འབྱུང་བ།། ཡེ་ཤེས་མི་འགྱུར་ཐིག་ལེ་འདི། ཁྱབ་གནས་གཅིག་པུ་སྟོང་པ་རྫོགས།། ཟད་མེད་རིན་ཆེན་གཏེར་ཡིན་ཏེ།། ཀུན་ལ་ཁྱབ་ཅིང་སྣ་ཚོགས་སྨིན། ། འདི་ནི་བཅོམ་ལྡན་འདས་ཉིད་དོ།། སེམས་ཅན་སྙིང་པོ་ཡིན་པའི་ཕྱིར།། འགྲོ་བ་ཀུན་ལ་རང་བཞིན་ནས།། ཞེས་གསུངས་སོ།། རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ་རྒྱལ་པོ་རྒྱས་པའི་རྒྱུད་ལས། གབ་པ་གསང་བ་མངོན་དུ་བྱུང་བའི་ལེའུ་སྟེ་བཞི་པའོ།།།། དེ་ནས་བཅོམ་ལྡན་འདས་ཀྱིས་སྐྱོན་གྱིས་མ་གོས་པའི་ཏིང་ངེས་འཛིན་ལ་སྙོམས་པར་ཞུགས་ནས་ཆེད་དུ་བརྗོད་པ་འདི་བརྗོད་དོ།། བླ་མེད་ཐེག་པའི་མཆོག་ཉིད་ལས། ། ཉོན་མོངས་ལྔ་དང་ལྡན་པ་ཡིས།། ལས་སུ་གཉེར་བྱས་ཆོག་དེ་ལ།། བསྒྲུབ་པར་བྱ་བ་ཁྱད་པར་ཏེ།། དེ་ཉིད་མཆོག་ཏུ་གྱུར་པ་ལ།། བསྒྲུབ་པར་བྱེད་པ་བླ་ན་མེད།། གཙང་དང་སྨེ་བའི་བའི་བློ་མེད་ན། ། དེ་ནི་ཐེག་མཆོག་ལྟ་ལ་མཁས།། དེ་ལ་སྐྱོན་གྱིས་བསྒོར་མེད་པས།། ཇི་ལྟར་ལས་ངན་སྦྱོད་པ་རྣམས།། བླ་མེད་ཐེག་པའི་སྣོད་དུ་བསྔགས།། རང་གི་བྱང་ཆུབ་སེམས་རྟོགས་ནས།། གནས་སུ་རྣམ་པར་དག་འགྱུར་ན། ། མ་སྲིང་བུ་མོ་སྦྱར་བས་ནི།། བླ་ན་མེད་པའི་གནས་སུ་འགྲོ།། གཙང་སྨེ་མེད་པའི་ཟས་ཟ་ཞིང།། དགེ་སློང་འཁྲུག་ཅིང་སྐུར་བྱེད་པ།། སངས་རྒྱས་མེད་པའི་ཞིང་ལ་སྦྱོར།། ལྟ་ཁང་མདོ་སྡེ་སྲེག་བྱེད་ཅིང། ། སྡིག་པ་འབར་བ་སུ་སྤྱོད་པ།། ཐེག་པའི་དོན་ལ་མཁས་པ་སྟེ།། རང་སེམས་བརྟན་པོ་རྣམ་དག་ན།། སྤྱད་པའི་སྐྱོན་གྱིས་མི་གོས་ཏེ།། སངས་རྒྱས་མཉེས་ཏེ་ཆོས་ཀྱང་འཛིན།། བླ་མེད་ལམ་ལ་ཡེ་ནས་གནས། ། བདེ་གཤེགས་རྒྱལ་བའི་སྐུ་ཉིད་ལས།། དཔག་ཅིང་སྒྲིན་དུ་རུང་མིན་ཕྱིར།། སྐྱོན་གྱིས་བསྒོ་རུ་མེད་པ་སྟེ།། ཡང་སངས་རྒྱས་དང་ཡེ་སངས་རྒྱས།། འདུས་མ་བྱས་པའི་སྙིང་པོ་འདི།། བསྒྲུབ་ཏུ་མེད་དེ་བསྒྲུབ་པར་གསུངས། ། དེ་རྟོགས་སྒྲུབས་མ་ཐག་ཏུ་ནི།། རྒྱལ་བ་རྣམས་དང་དབྱེར་མེད་དེ།། མཚམས་མེད་ལྔ་ཡིས་སྒྲིབ་མི་ནུས།། ཆོས་རྣམས་ཀུན་གྱི་དོན་སྤྱོད་པ།། དེ་ནི་ཤིན་ཏུ་དེ་བའི་དོན།། ཡང་དག་ཆོས་མཆོག་དེ་བཞིན་ཉིད། ། གཙང་སྨེ་མེད་པ་ཀུན་སྤྱད་ཅིང།། སྙིང་རྗེ་མེད་པར་ཀུན་བསད་པ།། མཆོག་གི་མཆོག་སྟེ་མཆོག་གི་སྐུ།། དེ་བཞིན་གཤེགས་པ་ཀུན་གྱི་སྐུའོ།། ཞེས་གསུངས་སོ།། རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ་རྒྱལ་པོ་རྒྱས་པའི་རྒྱུད་ལས། སྡིག་པའི་འཁོར་ལོ་བསྐོར་བ་བླ་ན་མེད་པའི་ཐེག་པ་སྟེ་ལེའུ་ལྔ་པའོ།།།། དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་དཀྱིལ་འཁོར་ཐམས་ཅད་ལ་ཁུ་བ་དང་བཤང་གཅིས་མཆོད་ན་རྒྱལ་པོ་ཡིན་པའི་ཇི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ཆད་དུ་བརྗོད་པ་འདི་བརྗོད་དོ། ། རང་གི་བྱང་ཆུབ་སེམས་རྟོགས་ནས།། རང་བྱུང་ཡེ་ཤེས་རང་ཤར་ན།། བདག་ལས་དཀྱིལ་འཁོར་མེད་ཤེས་ཏེ། ། དཀྱིལ་འཁོར་བདག་པོ་བདག་ཉིད་ལ།། ཙན་དན་དྲི་རྣམས་དབུལ་མི་བྱ།། འདོད་ཡོན་ལྔ་པོས་མཆོད་བྱ་ཞིང།། མཉམ་པའི་གྲུབ་རྫས་བཤད་གཅི་ཡིས།། ལུས་སྐུ་བྲ་ཞིང་མཆོད་བྱེད་པ།། དེས་ནི་རིགས་རྣམས་ཀུན་མཉེས་ཏེ། ། ངེས་མེད་སྣོད་སར་སྣོད་རྙིང་དུ།། བཤང་གཅི་མི་གཙང་ཁུ་ཁྲག་རྣམས།། བློ་ལྡན་མཁས་པས་རབ་བཀང་སྟེ།། བདག་ཉིད་དཀྱིལ་འཁོར་ཆེན་པོ་ལ།། ཉིན་རེ་ནུབ་རེ་དབུལ་བར་བྱ། ། མི་དམིགས་མཁའ་དབྱིངས་རྣམ་པར་དག། རང་བྱུང་ཡེ་ཤེས་ཀློང་ན་འཕྱོ།། ངང་གིས་ཤར་ཅིང་དེ་བཞིན་འབྱུང།། མཁས་པས་མི་གཙང་སྣ་ཚོགས་པ།། སྣོད་སར་སྣོད་རྙིང་ནང་བླུགས་ནས།། བདག་ལ་བདག་གིས་མཆོད་བྱས་ན། ། རྒྱལ་བའི་དཀྱིལ་འཁོར་མ་ལུས་མཉེས།། ཐབས་ལ་མཁས་པ་ཆེན་པོ་ཡིས།། རང་རིག་དཀྱིལ་འཁོར་རང་གི་སེམས།། གདོད་ནས་ལྷུན་གྱིས་གྲུབ་པ་དེ།། བདག་ཉིད་དཀྱིལ་འཁོར་ཡིན་པ་ལ། ། མི་གཙང་བས་ནི་མཆོད་བྱས་པས།། འབུམ་བརྒྱའི་དཀྱིལ་འཁོར་མཆོད་པ་དང།། ཀུན་གྲུབ་དངོས་གྲུབ་རང་གིས་སེམས།། རྨད་བྱུང་དངོས་གྲུབ་ཆེན་པོ་འདིས།། བདག་མཆོད་དཀྱིལ་འཁོར་ཁྱད་པར་ལས། ། དཀྱིལ་འཁོར་རབ་ཏུ་འབར་བ་ཡི། ཁྲོ་བདག་ཆེན་པོས་ལུས་བཟུང་ནས།། ཡི་གེ་སྔོན་དུ་བྲིས་པ་བཞིན།། དབང་པོའི་སྔོན་དུ་འབྱུང་འགྱུར་ཡང།། ཞི་བ་མ་བཅོས་ཆོས་ཀྱི་སྐུ།། འཕོ་འགྱུར་མེད་པ་མཐོང་ཡིན་པས། ། འདུས་མ་བྱས་པའི་ཆོས་ཉིད་ནི།། འདི་ཞེས་མི་མཚོན་ཚིག་ལས་འདས།། སྐུ་ཡི་ཕྱག་བརྒྱ་རྫོགས་པར་གསལ།། ཉོན་མོངས་ལྔ་ཉིད་རྒྱལ་བའི་ཞིང།། ཉོན་མོངས་ལ་སོགས་མྱ་ངན་འདས།། བྱང་ཆུབ་སངས་རྒྱས་གཞན་ནས་མིན། ། འདོད་ཆགས་ལ་སོགས་དཀྱིལ་འཁོར་ཉིད།། དཀྱིལ་འཁོར་ཆེན་པོ་མཆོག་གི་མཆོག། གང་ཞིག་དེ་ལ་འཇུག་བྱེད་པ།། སྙིང་པོའི་དཀྱིལ་ན་ནོར་བུ་ལྟར།། ཡིད་ལ་འཐད་པ་སྣ་ཚོགས་འགྲུབ། ། གསང་སྔགས་བདག་བློ་མི་འགྱུར་བ།། ཀུན་གཞི་རིག་པའི་ཉི་མ་ཤར།། དཀྱིལ་འཁོར་བདག་པོར་ཅིར་ཡང་སྣང།། སྣང་མེད་མ་སྐྱེས་དབྱིངས་སུ་རྫོགས།། ཞེས་གསུངས་སོ།། རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ་རྒྱལ་པོ་རྒྱས་པའི་རྒྱུད་ལས། མཆོད་པ་མི་དམིགས་པར་བསྟན་པའི་ལེའུ་སྟེ་དྲུག་པའོ།།།། དེ་ནས་བཅོམ་ལྡན་འདས་ཀྱིས་བསྒོམ་དུ་མེད་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ཆེད་དུ་བརྗོད་པ་འདི་བརྗོད་དོ། ། སངས་རྒྱས་བྱང་ཆུབ་གང་བསྒྲུབ་པ།། ཡི་གེ་མེད་པའི་དོན་ལ་བལྟ།། སྙིང་པོ་མེད་པའི་གསུང་ལ་བརྟག། སྣང་བ་མེད་པའི་ཆོས་ཉིད་ལ།། མ་བཙལ་བཞག་ན་སྒོམ་པ་ཡིན།། དེ་དང་དེར་ནི་རྣམ་བཙལ་ན། ། དེ་ལས་དེ་བཞིན་དེ་མི་འབྱུང།། ཡང་དག་སངས་རྒྱས་ལམ་རིང་འབྱུང།། ཅིར་ཡང་མི་སྣང་ནམ་མཁའི་དབྱིངས།། དེ་བཞིན་བདེ་ཆེན་སྤྲོས་དང་བྲལ།། མི་དམིགས་སྣང་མེད་ཆོས་ཉིད་ལ། ། སྒོམ་པ་ཡིད་ལ་མི་འབྱུང་བ།། མ་བཙལ་བཞག་ན་སྒོམ་པའོ།། ནང་དང་ཕྱི་རོལ་དོན་ཉིད་ལ།། ཆགས་མེད་གནས་པ་བདེ་བའི་ལས།། དེ་ལ་གང་འགོག་ཐར་ལམ་མཆོག། སངས་རྒྱས་ཀུན་དང་དེ་ཞིང་དང། ། སྟོན་པ་རྡོ་རྗེ་ཀུན་གྱི་ཐུགས།། ཡེ་ཤེས་ལྔ་ལྡན་སྙིང་པོའི་སྙིང།། གསུང་བའི་སྙིང་པོ་ངེས་པ་ཡིན།། འབྲས་བུ་ཀུན་གྱི་ལམ་གྱུར་པ།། ཡེ་ཤེས་རྡོ་རྗེ་མཁའ་འདྲ་སྟེ།། ཅིར་ཡང་མི་དམིགས་གཏི་མུག་ལས།། དུས་བཞི་སངས་རྒྱས་མ་ལུས་ཀྱིས། ། བསྐལ་པ་གསུམ་དུ་བཙལ་གྱུར་ཀྱང།། སངས་རྒྱས་ཀྱིས་ཀྱང་མི་གཟིགས་ཏེ།། དམིགས་མེད་ནམ་མཁའ་ལྟ་བུའི་དབུས།། དམིགས་སུ་མེད་པ་རྙེད་ནས་སྨིན།། སངས་རྒྱས་བྱང་ཆུབ་སེམས་དཔའ་ཉིད། ། དགོངས་སུ་མེད་པའི་དོན་ལ་དགོངས།། དཔྱད་དུ་མེད་པའི་དོན་ལ་སྤྱད།། གཞིག་ཏུ་མེད་པའི་སྙིང་པོས་གཞིག། བསམ་དུ་མེད་པའི་དོན་ལ་བསམ།། གང་ཡང་བཙལ་དུ་མེད་པའི་ངང།། དེ་བཞིན་བཞག་ན་བསྒོམ་ཞེས་བྱ། ། མི་སྐྱེ་མི་འགག་རྣམ་པར་དག། གདོད་ནས་བརྗོད་དུ་མེད་པ་ལ།། སྒྲ་མིང་ཚོགས་ལས་འདས་པའི་ཕྱིར།། རང་གི་ངོ་བོར་བསྟན་དུ་མེད།། ཡེ་ནས་འཇིགས་མེད་ཐོག་རྒལ་བས། ། དཔའ་བོ་སྐྱེས་བུ་བླ་མེད་ས།། དེ་ལ་སྦྱངས་པ་མི་དགོས་ཏེ།། དངོས་མེད་ངོ་བོ་ཉིན་ཀྱིས་བདག། མི་འགྱུར་རྡོ་རྗེ་ཐེག་པ་འདི།། ཐེག་པའི་མཆོག་སྟེ་བླ་ན་མེད།། གདོད་ནས་སྟོང་པའི་ཆོས་ཉིད་ལ།། དངོས་པོར་བསྟན་པར་མ་གསུངས་ཏེ། ། དེ་ལས་མི་འགག་རྒྱལ་བ་འབྱུང།། མི་ཆགས་མི་རྟོགས་མི་གནས་པས།། ཏིང་འཛིན་རོ་ལ་ཆགས་མི་གནས།། བདུད་རྩི་བྱང་ཆུབ་སེམས་ཉིད་ནི།། བསམ་མེད་མི་བསམ་བསྒོམ་དུ་མེད། ། ཤེས་རབ་ཐབས་ཀྱི་ཚིགས་ལས་འདས།། དེ་ཕྱིར་སེམས་ལ་སངས་རྒྱས་མེད།། ཨེ་མའོ་ཐ་སྙད་རྡུལ་ཙམ་ཡང།། འདི་ལ་མེད་པས་སྒྲོ་སྐུར་མེད།། ཉན་ཅིང་དམིགས་བྱའི་ཡུལ་མེད་པས།། བསླབ་པར་བྱ་བ་ཡོད་པ་མིན། ། བྱང་ཆུབ་སེམས་ལ་གཏིང་དཔག་མེད།། ཇི་སྙེད་བརྗོད་པའི་ཡུལ་ལས་འདས།། མིང་དུ་གདགས་པའི་རྟེན་མེད་པས།། སྒོ་ཕུགས་མ་འཁྲུལ་དམ་པའི་མཆོག། བདེན་པ་རྣམ་གཉིས་བསྒྲུབ་མི་དགོས། ། ཡི་གེས་མཚོན་དུ་རྡུལ་ཙམ་མེད།། བརྟགས་པར་དཀའ་ལ་ཡོང་པར་མིན།། དྲང་སྲོང་རྣམས་ཀྱིས་བསམ་དུ་ཡང།། མ་བསམས་ཐིག་ལེ་སྒྲོ་མེད་པས།། བྱང་ཆུབ་ཡིན་ཞེས་བསམ་མི་རུང།། ཞེས་གསུངས་སོ། ། རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ་རྒྱལ་པོ་རྒྱས་པའི་རྒྱུད་ལས། བསམ་ཞིང་བསྒོམ་དུ་མེད་པའི་ལེའུ་སྟེ་བདུན་པའོ།།།། དེ་ནས་བཅོམ་ལྡན་འདས་ཀྱིས་བསམ་ཞིང་བསྒོམ་དུ་ཡོད་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ཆེད་དུ་བརྗོད་པ་འདི་བརྗོད་དོ།། སྐྱེ་མེད་བྱང་ཆུབ་སེམས་ནི་སྣ་ཚོགས་གཞི།། འདི་ཞེས་མཚོན་དུ་མེད་པས་སངས་རྒྱས་སྐུའོ། ། གྲུབ་པའི་མཐའ་ལ་སྤྱོད་པ་མེད་པ་ལམ་གྱི་མཆོག། བསམ་པ་གང་ཡང་ཡོད་པ་མིན་ན་དགོངས་པའི་ཕུལ།། རང་བྱུང་ཐམས་ཅད་སྣ་ཚོགས་འབྱུང་བའི་གཞི་ཉིད་གཞི།། འདི་ཞེས་མཚོན་ཅིང་དཔག་ཏུ་མེད་པས་དམ་པའི་ཀློང། ། བྱང་ཆུབ་སེམས་ནི་ཅིར་ཡང་མེད་དེ་སྣང་མཐའ་ཡས།། གྲུབ་པའི་ས་སྟེ་གྲུབ་པར་མི་འདོད་ལམ་གྱི་མཆོག། བསམ་དུ་མེད་པའི་དོན་ལ་བསམ་མི་བྱ།། བསམ་མེད་གཡོ་བ་མེད་པ་དགོངས་པ་སྟེ། ། ལྷུན་གྲུབ་དམ་པ་སངས་རྒྱས་རང་བྱུང་གི། བྱང་ཆུབ་སེམས་དེ་སྣ་ཚོགས་འབྱུང་བ་ཉིད།། གློག་བཞིན་མྱུར་བའི་རྣམ་རྟོག་སྣ་ཚོགས་པ།། ཇི་ལྟར་རྒྱུ་ཞིང་སྣང་ཡང་མ་བཅོས་པ།། བསམ་མེད་གྱི་ནར་བཞག་པ་སངས་རྒྱས་ཐུགས། ། དཀའ་ཕྱིར་སླ་ཞིང་སླི་ཕྱིར་དཀའ་བ་འདི།། བདེ་གཤེགས་ཉིད་ཀྱིས་དགོངས་སུ་མེད་པ་ན།། བདེ་གཤེགས་ཐུགས་ཉིད་རྒྱལ་བའི་དགོངས་པ་སྟེ།། སེམས་ཅན་རིག་པ་གཡོ་བ་མེད་པ་ཉིད། ། རྒྱལ་བའི་ཐུགས་དེ་དེ་ལ་མི་བསམ་ཞིང།། དེ་ལ་གནས་པར་མི་བྱ་བཙལ་མི་བྱ།། རང་རིག་སངས་རྒྱས་ཞེས་པར་རབ་ངེས་ན།། མཆོག་མི་བསམ་ཞིང་གྲུབ་པའི་མཆོག་མི་སྤྱད།། གྲུབ་པ་དེ་ཡང་འདི་ཞེས་བསྟན་དུ་མེད། ། བསམ་ཞིང་མི་བསམ་དེ་བཞིན་བསམ་པ་བྱ།། བསམ་པའི་སྙིང་པོ་གང་ནའང་མེད་པ་དེ།། ཡུལ་ལས་མི་བཙལ་དེ་བཞིན་གནས་མི་བྱ།། རང་རིག་སྙིང་པོ་རང་གི་ཀློང་ནས་བཙལ།། རང་རིག་དེ་ཡང་ངེས་པར་གནས་ཙམ་ན། ། གནས་པ་དེ་ཡང་གྲུབ་པའི་ཚིག་ལས་འདས།། ཡོད་པའི་ཆོས་ནི་སུས་ཀྱང་བསྒྲུབ་མི་དགོས།། མེད་པའི་ཆོས་ནི་གང་ནས་བཙལ་མི་རྙེད།། དཔྱད་པས་ཐོག་ཏུ་ཕེབས་རུང་མ་ཡིན་པ། ། དཔྱད་པའི་རྗེས་སུ་སྙེག་བྱེད་ཐར་བའི་གེགས།། བཙལ་བས་རྙེད་པར་བྱ་བའི་ཡུལ་མིད་པས།། བཙལ་བས་ཐར་པར་འདོད་བ་བུས་པའི་ལས།། ཀུན་ཏུ་བཟང་པོའི་ཆོས་ཉིད་ཆེན་པོ་འདི།། ཆོས་ཀྱི་སྙིང་པོ་བསྟན་པས་ཡུལ་མེད་པས། ། ཡིད་ཀྱི་རྣམ་ཤེས་ཤིན་ཏུ་མྱུར་བ་ཡི།། བསམ་པས་ཀྱང་ནི་ཤིན་ཏུ་སྙེག་པར་དཀའ།། ཆོས་ཀྱི་སྙིངཔོ་གང་ཡང་དངོས་མིན་ལས།། ཆགས་པའི་ཆ་ལུགས་ཕྱག་རྒྱ་ངང་གིས་འཆར། ། གཞན་གྱི་ཡུལ་མེད་སྙིང་པོའི་ཡུལ་མཆོག་འདི།། བསྟན་ཅིང་བརྗོད་པར་དཀའ་ལ་དམིགས་སུ་རྡུལ་ཙམ་མེད།། གང་ལའང་མ་ཆགས་དེ་ལ་ཆགས་པ་ཡི།། ཡུལ་མེད་དེ་ལས་ཕྱག་རྒྱའི་སྐུ་འབར་བ། ། དམ་པ་སངས་རྒྱས་ཡིན་ཞེས་འདི་ལས་ནི།། ལྷག་པར་རྒྱལ་བ་ཉིད་ཀྱིས་བཤད་དུ་མེད།། ས་ས་མཚོན་པས་གྲུབ་རེ་ཡེ་ནས་འཁྲུལ།། སྙིང་པོའི་ཡུལ་མེད་གྲུབ་པའི་མཐའ་དང་བྲལ།། བཙལ་བས་ཐར་པར་འདོད་པ་བུས་པའི་ལས། ། ཀུན་ཏུ་བཟང་པོའི་ཆོས་ཉིད་ཆེན་པོ་ལ།། དཔྱད་པས་རྗེས་སུ་སྙེག་པ་ཐར་པའི་གེགས།། དོན་དང་མི་དོན་བདེ་དང་མི་བདེ་ཉིད།། འདི་ལ་ཡོངས་ཀྱིས་མེད་པས་བསྒོམ་མི་བྱ། ། མི་བསམ་མི་ཡེངས་མི་བལྟ་མི་བསྒོམ་པར།། ཇི་བཞིན་ཐིག་ལེར་མ་བཅོས་དེ་བཞིན་བཞག། ཅེས་གསུངས་སོ།། རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ་རྒྱལ་པོ་རྒྱས་པའི་རྒྱུད་ལས། བསམ་ཞིང་བསྒོམ་དུ་ཡོད་པའི་ལེའུ་སྟེ་བརྒྱད་པའོ། །།། དེ་ནས་བཅོམ་ལྡན་འདས་ཀྱིས་མཆོག་ཏུ་གྱུར་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ཆེད་དུ་བརྗོད་པ་འདི་བརྗོད་དོ།། ཨེ་མའོ་ཐ་སྙད་རྡུལ་ཙམ་ཡང།། འདི་ལ་མེད་པས་སྒྲོ་སྐུར་མེད།། མཉེན་ཅིང་དམིགས་བྱའི་ཡུལ་མེད་པས། ། བསླབ་པར་བྱ་བ་ཡོད་པ་མིན།། བྱང་ཆུབ་སེམས་ལ་གཏིང་དཔག་མེད།། མིང་དུ་གདགས་པའི་རྟེན་མེད་པས།། ཇི་སྙེད་བརྗོད་པའི་ཡུལ་ལས་འདས།། ཚིག་དང་ཡི་གེས་མཚོན་དུ་མེད།། བསྟན་དུ་མེད་པའི་ཆོས་ཉིད་ལ། ། ཡིད་ཀྱིས་འཇོག་པ་མི་འབྱུང་ན།། དེ་ནི་བླ་མེད་སྙིང་པོ་ཡིས། འདའ་བར་མི་མཛད་དམ་པའི་ཀློང།། ཡེ་ཤེས་ཕྱག་རྒྱར་མི་སྣང་བས།། ཤེས་རབ་ཐབས་ཀྱིས་གཟུང་དུ་མེད། ། དེ་ལ་དགོངས་སུ་ཡོད་པ་མིན།། མི་དགོངས་པ་ཉིད་དགོངས་པའི་མཆོག། ཡེ་ནས་མཉམ་གནས་དགོངས་པའི་མཆོག། མ་བསམས་ཐིག་ལེ་སྒྲོ་མེད་པས།། བརྟག་པར་དཀའ་ལ་ཡོད་པ་མིན།། དྲང་སྲོང་རྣམས་ཀྱིས་བསམ་དུའང་མེད། ། གཞན་གྱིས་ཡོད་མིན་ལྟ་བ་ལ།། འདི་ཞེས་ལྟ་བར་མི་བྱེད་ཅིང།། འཐོབ་པ་ཉིད་ཀྱང་འདོད་མིན་ན།། དེ་ནི་མཆོག་གི་སྙིང་པོ་འཐོབ།། ཨེ་མའོ་སེམས་ཀྱི་སྤྱོད་ཡུལ་འདི།། བསྐལ་པ་འབུམ་བརྒྱར་བཙལ་བ་བས། ། ཡེ་ཤེས་ཐིག་ལེ་གསལ་སྙོམས་ན།། ཡུད་ཀྱིས་སྙིང་པོ་ཐོབ་པར་འགྱུར།། བྱང་ཆུབ་སེམས་ནི་གཡོ་བ་མེད།། འཁོར་བར་ཤི་བ་སློང་བའི་རྩི།། འདི་ལ་ཅིར་ཡང་བསམ་མེད་པས།། སུས་ཀྱང་མི་བསམ་བསྒོམ་དུའང་མེད། ། དེ་ཕྱིར་སེམས་ལས་མ་གཏོགས་པའི།། སངས་རྒྱས་ལོགས་ན་ཡོད་པ་མིན།། ཕྱི་ནང་གཉིས་ན་མི་གནས་པས།། ཡེ་ནས་བཙལ་བའི་གནས་མེད་དོ།། བདུད་རྩི་བྱང་ཆུབ་སེམས་ཉིད་ནི། ། ས་ལེ་བར་ཡང་བསམ་དུ་མེད།། བསམ་མེད་མི་བསམ་བསྒོམ་དུ་མེད།། དབྱིངས་དང་ཡེ་ཤེས་ཉིད་ལས་འདས།། དེ་བཞིན་བསམ་མེད་སྙིང་པོ་ལ།། ཅིར་ཡང་མ་བསམ་དེ་བཞིན་པ།། དེ་བཞིན་ཉིད་དུ་གནས་པ་དེ། ། དེ་ནི་བསམ་མེད་སྙིང་པོའི་མཆོག། བསམ་པར་བྱ་བ་གང་ནའང་མེད།། སྟོང་པ་ཉིད་དང་ཆོས་ཀྱི་དབྱིངས།། རང་རིག་སྙིང་པོ་དེ་བཞིན་ཉིད།། ཅིར་ཡང་མི་གཡོའི་ཀློང་ནས་བཙལ།། བྱང་ཆུབ་འདོད་པའི་ཐམས་ཆེན་ནི། ། ལུང་བསྟན་མི་འབྱུང་བསྟན་དུ་མེད།། ཡང་དག་སངས་རྒྱས་དེ་དཀྱིལ་ནས།། སྤྲུལ་པ་པོ་ཡང་སྡོད་སངས་རྒྱས།། དྲང་ཞིང་དམ་པར་མི་འགྱུར་བའི།། དེ་ལ་ཆོས་ཀྱི་སྙིང་པོ་ཡོད།། འཕགས་ལ་མི་རིང་ལྷང་ངེའི་ལམ། ། འཕགས་པ་རྣམས་ཀྱི་ཁོངས་ན་གནས།། སྒྲུབ་རྩོལ་གཟུང་འཛིན་ལས་འདས་པ།། བླ་མེད་སངས་རྒྱས་འདོད་པའི་ཐབས།། ཡེ་ཤེས་ཀློང་ཡངས་ཆེན་པོའི་ཡུལ།། ཐེག་པ་ཀུན་གྱི་མཆོག་ཏུ་བསྔགས། ། ཞེས་གསུངས་སོ།། རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ་རྒྱལ་པོ་རྒྱས་པའི་རྒྱུད་ལས། བསམ་སྤྱོད་ལས་འདས་པའི་ལེའུ་སྟེ་དགུ་པའོ།།།། དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ཆེད་དུ་བརྗོད་པ་འདི་བརྗོད་དོ།། དཀའ་ཐུབ་སྡུག་བསྔལ་འདི་ལ་དཔྱད་མི་དགོས། ། ཚོགས་བསག་རྒྱུ་ལ་བལྟོས་པ་འཁྲུལ་བའི་ལམ།། གཞན་ནས་བཤད་པས་ཐོབ་རེ་འཁྲུལ་པའི་ཆོས།། སངས་རྒྱས་གཞན་ནས་ཐོབ་རེ་ནོར་བའི་ལམ།། ཀུན་རྫོག་ཚིག་ལ་སྤྱོད་པ་རྟོགས་པའི་རྒྱུན།། དེ་ལྟའི་ཡུལ་ཅན་སངས་རྒྱས་མཐོང་བ་མེད། ། ཡང་དག་བདེ་གཤེགས་ཅིར་ཡང་མེ་དམིགས་པས།། སངས་རྒྱས་སྟོན་པས་མིང་དུ་བཏགས་པས་ནོར།། སྟོན་པས་བསྟན་པས་བྱང་ཆུབ་ལམ་མི་རྙེད།། མི་གནས་མི་དམིགས་སྐྱེ་འགག་མེད་པའི་དོན།། བརྗོད་ཅིང་དཔག་ཏུ་མེད་པ་གསུང་དུའང་མེད། ། སྟོན་པའི་ཞལ་ནས་གསུངས་ཞེས་བྱ་བ་འགལ།། ཨེ་མ་མཐོ་རིས་བགྲོད་པའི་རྒྱུ་དེས་བྱང་ཆུབ་ལམ་མི་རྙེད།། མི་གཡོ་རང་བཞིན་གནས་པས་སྨན་ཆེན་མ་བྱས་ན།། དུག་གསུམ་ནད་ཀྱིས་འཚོ་བའི་ཀླགས་ཡོངས་མེད། ། འཁྲུལ་རྟོགས་ཁམ་ལ་རེ་བ་འཁྲུལ་བའི་རྒྱུན།། བཙལ་ནས་བྱང་ཆུབ་འདོད་པ་རྟོག་པའི་གཞི།། བདེ་བའི་མཆོག་ནི་བསམ་རྫོགས་ཡུལ་དང་བྲལ།། བྱང་ཆུབ་འཁྲུལ་པ་ཡེ་རྔམ་ཆོས་ལ་ཟ།། དེ་ལྟའི་ཡུལ་ཅན་སངས་རྒྱས་མཐོང་བ་མེད། ། ཟད་མེད་མི་ཟད་ཟད་མཐའ་མེད་པ་དེ།། ཅིར་ཡང་མི་སྨྲ་ཅིར་ཡང་སྣང་བ་ལ།། འདུལ་བ་མདོ་སྡེར་བཏགས་པ་ཡེ་ནས་ནོར།། ཐེག་པའི་རིམ་པ་བྱ་བ་གཏིང་ནས་མེད།། དཀོན་མཆོག་གསུམ་མེད་དབང་པོའི་སྤྱོད་ཡུལ་མིན། ། གཟུགས་མེད་ཆོས་སྐུས་བཤད་པ་གཏིང་མེད་ཀྱང།། མེ་ལོང་ཆུ་ཟླ་བཞིན་དུ་ལྷ་ཚོགས་ཀྱིས།། བཤད་པར་སྣང་ཞིང་ཐེག་པ་བསམ་མི་ཁྱབ།། བསམ་གཏན་ཏིང་འཛིན་རོ་ལ་ཆགས་མི་རུང། ། ཡེ་རྫོགས་བྱང་ཆུབ་སེམས་ཀྱི་རང་བཞིན་དེ།། ཡེ་སངས་རྒྱས་པ་རང་གི་སེམས་ཡིན་ཞིང།། བྱང་ཆུབ་འཁྲུལ་པ་ཡི་རྔམ་ཆོས་ལ་ཟ།། ག་བུར་རོང་དུ་རིག་པ་མ་ཤར་ན།། སྟོན་པས་བསྟན་པས་ཡི་གེ་རྟོག་པའི་རྒྱུན། ། རྡོ་རྗེ་སེམས་དཔའ་རང་གི་བྱང་ཆུབ་སེམས།། རྒྱལ་བ་སངས་རྒྱས་རྣམས་ཀྱི་གཤེགས་ལམ་འདི།། ནང་དང་ཕྱི་རོལ་དོན་ལ་ཡོང་མི་སྤྱོད།། སྟོན་པས་བསྟན་དུ་འདི་ཡི་མིང་མི་རྙེད།། འདི་ཞེས་བསྟན་དུ་གང་ཡང་འབྲེལ་པ་མེད། ། བསྟན་པར་གོ་བར་བྱར་མིན་གསུང་ཚིག་མིན།། སྐྱེ་ཞིང་འཕོ་བའི་ཆོས་མིན་གཅིག་པུར་སྣང།། སྙིང་པོའི་རང་བཞིན་གནས་པ་ཆོས་ཀྱི་སྐུ།། ཞེས་གསུངས་སོ།། རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ་རྒྱལ་པོ་རྒྱས་པའི་རྒྱུད་ལས། ཆོས་ཐམས་ཅད་རྣམ་པར་དག་པའི་ལེའུ་སྟེ་བཅུ་པའོ།།།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱ་བ་མེད་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ཆེད་དུ་བརྗོད་པ་འདི་བརྗོད་དོ། ། མངོན་སུམ་ཀུན་ཏུ་མི་རྟོག་ཡངས་པའི་སྙིང་པོ་ལ།། གཟུང་བའི་ཡུལ་མེད་སེམས་ཀྱི་གནས་ཀྱང་མེད།། ཆོས་སྐུ་ཀུན་ཏུ་ཁྱབ་པས་བསྣན་པའི་ཆོས་མེད་དེ།། རང་བྱུང་མི་དམིགས་ཡུལ་ལ་ཇི་བཞིན་གནས།། ངོ་མཚར་མཐོང་བའི་ཡུལ་མེད་དེ་ལ་མཐོང་བའི་མིག། རྣམ་པའི་རྣམ་པ་མེད་པས་སྙིང་པོའི་ཡུལ་ཡང་མེད།། སྐུ་ཉིད་སྐུ་རུ་སྣང་ཡང་ཡན་ལག་མེད་པའི་སྐུ།། མཐའ་ལ་མཚོན་དུ་མེད་པས་དབྱིངས་ལ་བྲི་བ་མེད།། ཆོས་འདི་ཡི་རོ་ལ་ཉམས་ཕག་བསྟན་པ་དཀའ་སྟེ་སྨྲར་ཡང་མེད། ། མཁའ་འདྲ་ཆོས་ཀྱི་དབྱིངས་ཏེ་དབྱིངས་མེད་ཡེ་ཤེས་བྲལ།། སྟོང་པའི་སྟོང་པ་ཡིན་ཏེ་སྟོང་ཉིད་ཀྱང་མེད།། སྒོམ་པར་ཡིད་ཀྱིས་གཟུང་མེད་ཡུལ་མེད་བསམ་དུ་མེད། ། སྤྱོད་པའི་རྗེས་སུ་རྙོག་པ་ཐར་པའི་གེགས།། བཙལ་བས་ཐར་པར་འདོད་པ་བུས་པའི་ལས།། ཆོས་ཀྱི་སྙིང་པོ་གང་ཡང་དངོས་མིན་པས།། ཆགས་པའི་ཆ་ལུགས་ཕྱག་རྒྱ་ངང་གིས་འཆར།། མྱ་ངན་འདས་དང་འཁོར་བ་སྣ་ཚོགས་པ། ། ཡེ་ནས་དབྱེར་མེད་དཀྱིལ་འཁོར་གསུམ་དུ་གདུས།། མེ་ཏོག་མདངས་མ་ཉམས་པར་བུང་བ་རྒྱས་ཚུལ་དུ།། མི་གཉིས་ཆོས་སྐུ་ཡེ་ནས་མ་གཡོས་ལས།། ཆེ་བའི་ཡོན་ཏན་གཟུགས་ཀྱི་སྐུ་གཉིས་རྒྱས། ། ཆོས་རྣམས་སྣ་ཚོགས་མྱ་ངན་འདས་འཁོར་བ།། དཀྱིལ་འཁོར་ཆེན་པོ་རྣམ་པ་གསུམ་དུ་བསྒོམ།། ཆོས་རྣམས་ཐམས་ཅད་སྒྱུ་མའི་རང་བཞིན་དུ།། ཆུ་ཟླའི་ཚུལ་དུ་སྣང་སྟོང་མི་དམིགས་གནས། ། མི་དམིགས་དམིགསཔ་ཉིད་ན་སྣ་ཚོགས་སྣང།། དེ་བཞིན་གཤེགས་པར་ཡེ་ནས་ཀུན་མཉམ་པས།། སེམས་ཅན་བསད་པ་ཡེ་ནས་ནམ་མཁའ་ཉིད། ཁམས་གསུམ་འགུལ་བ་བསད་པ་ནམ་མཁར་ཞ། ། ཀུན་འབྱུང་མི་བསྐྱོད་སངས་རྒྱས་ཞིང་དག་ཏུ།། རང་བཞིན་ཡོངས་ཀྱིས་དག་པ་རིགས་ཀྱི་མཆོག། སྐུ་གསུང་ཐུགས་ཀྱི་བདག་པོ་རྡོ་རྗེའི་སྐུ།། བདེ་གཤེགས་ངོ་བོ་ཉིད་གཙང་གོས་མེད་པ།། རྒྱལ་མཆོག་འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། ། གཞན་གྱི་ཡུལ་མེད་སྙིང་པོའི་ཡུལ་མཆོག་འདི།། བསྟན་ཅིང་བརྗོད་པར་དཀའ་ལ་དམིགས་སུ་རྡུལ་ཙམ་མེད།། ནམ་མཁའ་ཡིན་པས་བསམ་པས་བཞག་ཏུ་མེད།། ཤིན་ཏུ་མྱུར་བའི་བསམ་པས་བསྙག་པར་དཀའ། ། ཉོན་མོངས་ལྔ་ཉིད་ཡེ་ནས་སྙིང་པོའི་ཆོས།། སྙིང་པོའི་སྙིང་པོ་ཡིན་ཏེ་ཆོས་ཀྱི་སྐུ།། ཡེ་ནས་རང་བཞིན་མེད་དེ་རང་བཞིན་གནས།། ཀུན་ནས་སེ་རུ་མེད་དེ་ཕྱོགས་བཅུ་ཀུན་དང་བྲལ། ། རྡུལ་ཕྲན་གཅིག་ལ་རྡུལ་ཞུགས་གོང་བུའི་རྡུལ།། རྡུལ་བསོག་མི་འདོད་དུས་བཞིར་མཐོང་བའང་འཁྲུལ།། ངོ་མཚར་ཀུན་བསྡུས་ཀུན་དང་ལྡན་པ་ཡིས།། མཐོང་བའི་ཡུལ་མེད་ཡེ་ནས་མཐོང་བའི་མིག། འབྱུང་བའི་རྣམ་པའི་རྣམ་གྲངས་མང་པོ་མེད།། སྙིང་པོའི་ཡུལ་ལྷ་མེད་པས་ཆོས་ཀྱི་སྐུ།། གང་ཡང་མེད་པས་རོ་འདི་བསྟན་པར་དཀའ།། འདི་འདྲའི་ཡུལ་ནི་སྨྲ་བསམ་བརྗོད་ལས་འདས།། ཞེས་གསུངས་སོ། ། རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ་རྒྱལ་པོ་རྒྱས་པའི་རྒྱུད་ལས། བྱ་མེད་ལྷུན་གྱིས་རྫོགས་པའི་ལེའུ་སྟེ་བཅུ་གཅིག་པའོ།།།། དེ་ནས་བཅོམ་ལྡན་འདས་ཀྱིས་མི་གཡོ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ཆེད་དུ་བརྗོད་པ་འདི་བརྗོད་དོ། ། ཡངས་སོ་ཆེའོ་མི་འགྱུར་བདེ་བའི་ཀློང།། ཡེ་ནས་གནས་སོ་སུས་ཀྱང་གཞོམ་དུ་མེད།། རྣམ་པར་དག་གོ་ཅིས་ཀྱང་བསྒྲིབ་ཏུ་མེད།། གདོད་ནས་དག་པས་གཉེན་པོས་ཅི་ལ་སྦྱངས། ། རང་གི་སེམས་ལས་མ་གཏོགས་ཆོས་མེད་ཕྱིར།། རང་གི་སེམས་འདི་གདོད་ནས་དག་འགྱུར་ན།། ཉན་ཐོས་མཆོག་ཆེན་བསད་པ་རྒྱལ་བའི་སྲས།། སངས་རྒྱས་འབུམ་བསད་པའང་བྱང་ཆུབ་ལམ།། མི་དམིགས་རང་བྱུང་ཡེ་ཤེས་འབུམ་ལ་རོལ། ། མི་འགྱུར་སྙིང་པོ་ནམ་མཁའི་དབྱིངས་ལ་རོལ།། ཉན་ཐོས་བསྒྲལ་བ་མ་ཡིན་བདེ་བའི་མཆོག། གང་ལའང་སྤོང་ལེན་མེད་པ་ཐར་པའི་ལམ།། འཛིན་རྟོག་སྤོང་བ་མེད་པ་ཆོས་ཀྱི་དབྱིངས། ། རང་རིག་ཆེན་པོའི་ཀློང་དུ་ཡེ་ནས་དག་འགྱུར་ན།། སེམས་ཅན་ཉན་ཐོས་མཆོག་འདི་ཤིན་ཏུ་བསད་པས་ནི།། རྣམ་པར་མ་གྲོལ་ཐར་བའི་ལམ་བསལ་ནས།། མི་འགྱུར་སྙིང་པོ་སྣང་མཛད་ཁོ་ནར་གྱུར། ། སེམས་ཅན་སངས་རྒྱས་དབྱེར་མེད་རྣམ་དག་པའི།། མི་འབྱེད་སྙིང་པོ་འདི་ལས་ཉམས་མིན་པའི།། མི་འགྱུར་རྒྱུན་གྱི་སྙིང་པོ་ཡེ་ནས་ལྡན་གྱུར་ན།། མཆོག་མིན་མཆོག་ཕན་བསད་པ་བདེ་བའི་མཆོག། ཡང་དག་ཉིད་ལས་རྒྱལ་བའི་སྐུ་བཞེངས་ཏེ། ། རང་རིག་ཕྱག་རྒྱའི་སྐུ་ཡི་འོད་འབར་བའི།། ལག་གཉིས་དབུ་ལ་དཀྱིལ་འཁོར་ཀུན་འབར་བས།། སྙིང་པོས་བརྗོད་བྱས་ལག་པའི་འདུ་བྱེད་ཀྱིས།། བསྐྱོད་བྱས་རྣམ་པར་དག་པར་གྱུར་ཙམ་ན། ། སྣང་སྲིད་མཆོག་གསུམ་བསྒྲལ་བ་ཅི་བྱས་ཀྱང།། བསྒྲལ་བར་བྱ་བ་རྡུལ་ཙམ་མེད་པ་སྟེ།། ནམ་མཁའ་ལ་ནི་ནམ་མཁའ་བསྒྲལ་བའོ། ཁམས་གསུམ་སེམས་ཅན་མ་ལུས་ཀུན་བསྒྲལ་ཡང། ། རྡོ་རྗེ་སེམས་དཔའ་ཉིད་ཀྱི་སྐུར་གྱུར་ཏེ།། ཡེ་ནས་རྣམ་པར་གྲོལ་བའི་ལམ་མཆོག་ཡིན།། ཞེས་གསུངས་སོ།། རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ་རྒྱལ་པོ་རྒྱས་པའི་རྒྱུད་ལས། སྒྲོལ་བ་བསྟན་པའི་ལེའུ་སྟེ་བཅུ་གཉིས་པའོ། །།། དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་དཔག་ཏུ་མེད་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ཆེད་དུ་བརྗོད་པ་འདི་བརྗོད་དོ།། གསང་སྔགས་རང་བཞིན་བདག་བློ་མི་འགྱུར་བ། ། ཀུན་གཞིའི་གཏིང་ནས་རིག་པའི་ཉི་མ་ཤར་བ་དེས།། དཀྱིལ་འཁོར་ཀུན་གྱི་བདག་པོ་ཅིར་ཡང་སྣང།། ཅིར་ཡང་སྣང་ཡང་སྣང་མེད་མ་སྐྱེས་དབྱིངས་སུ་རྫོགས།། དེ་ནི་སྔགས་ཀྱི་དམ་ཚིག་ལྟ་སྤྱོད་མ་ཉམས་དེ་ཉིད་དེ། ། ལྟ་བའི་དོན་ལ་མཁས་པ་དེ་ནི་ཉེ་ལམ་པ།། ཡི་གེ་མེད་པའི་དོན་ལ་ཡིད་ཀྱིས་བལྟ།། སྙིང་པོ་མེད་པའི་ཡིད་ལ་རིག་པས་བརྟག། རིག་པ་མེད་པའི་གསུང་ལ་སྐྱེ་བ་མེད།། དེ་བཞིན་སྐྱེ་མེད་དོན་ལ་རིག་པ་རྣལ་དུ་བཞག། རིག་དང་ཡེ་ཤེས་སྣ་ཚོགས་སྤྲུལ་པ་ནི།། རྡོ་རྗེ་ལྟ་བུའི་དོན་ལ་བློ་གནས་པས།། ཡང་དག་སངས་རྒྱས་རྒྱུ་འབྲས་མི་འབྱེད་པའི།། ཡི་གེ་མཚོན་དུ་མེད་པའི་ཆོས་ལས་འབྱུང།། དེ་ཕྱིར་སྤྲུལ་པ་སྣ་ཚོགས་སྐྱེས་བུར་སྣང་བ་ཉིད། ། སྤྲུལ་པའི་ཆ་ལུགས་ངེས་པར་མི་སྣང་སྟེ།། འགྲོ་བ་འདུལ་ཕྱིར་སྣ་ཚོགས་ཅིར་ཡང་སྣང།། སྣང་མེད་སྤྲུལ་པ་འབྱུང་བའི་རྒྱུ་དེ་དཔག་མི་ལང།། ཡི་གེའི་འཕྲོ་འདུ་འབྱུང་འཇུག་ལ་སོགས་པ། ། བསམ་པའི་འབྱུང་འཇུག་མི་འབྱུང་དེ་བཞིན་དུ།། བསམ་གཏན་ཉིད་དུ་འདུས་པས་བསམས་པ་མེད།། རྣམ་སྣང་ལ་སོགས་རིགས་ཀྱི་སྐུ་ལྔ་ཡང།། སྐུ་ལྔ་མཁའ་དབྱིངས་དག་པའི་ཀློང་ཆེན་དུ།། སངས་རྒྱས་ལྔ་དང་མཉམ་པ་ཉིད་ཡིན་ཕྱིར། ། སངས་རྒྱས་མཆོག་གི་གནས་མཆོག་དམ་པ་ནི།། ཐམས་ཅད་བྷ་ག་ཡངས་པའི་ཀློང་ཡིན་ཕྱིར།། སྐུ་གཅིག་བསྒོམས་པས་དབྱིངས་ཀྱང་གསལ་བར་འགྱུར།། མི་འགྱུར་མི་ཤིག་རྡོ་རྗེ་ནམ་མཁའི་ཀློང། ། ཐམས་ཅད་མ་ལུས་ལྷུན་གྱིས་རྫོགས་པའི་དཀྱིལ་པོ་ཆེ།། འཁོར་ལོ་ཀུན་བསྐུར་སངས་རྒྱས་དེ་ལས་སྐུ་ཡང་འབར།། མི་འགྱུར་རང་རིག་ཅིར་ཡང་མི་འགྱུར་མཉམ་པའི་ངང་ལ་གནས་པ་སྟེ། ། མི་དམིགས་བཏང་སྙོམས་ཀློང་དེར་རང་རིག་མཉམ་གཞག་ན།། སངས་རྒྱས་ཡང་དག་རྫོགས་པ་ཆེན་པོའི་མཆོག་དང་འདྲ་བར་སྟོན་པས་གསུངས།། ཞེས་གསུངས་སོ།། རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ་རྒྱལ་པོ་རྒྱས་པའི་རྒྱུད་ལས། ཐམས་ཅད་ཀློང་དུ་གྱུར་བའི་ལེའུ་སྟེ་བཅུ་གསུམ་པའོ།།།། དེ་ནས་བཅོམ་ལྡན་འདས་ཀྱིས་བཙལ་དུ་མེད་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ཆེད་དུ་བརྗོད་པ་འདི་བརྗོད་དོ། ། ཅིར་ཡང་མི་སྣང་གསལ་བ་ནམ་མཁའི་ངོ་བོ་ཉིད།། དེ་བཞིན་བདེ་ཆེན་སྤྲོས་བྲལ་ནམ་མཁའི་ངོ་བོ་ཉིད་འདི་ནི།། ཅིར་ཡང་མི་དམིགས་སྣང་མེད་ཆོས་ཉིད་ལ།། བསྒོམ་པ་ཡིད་ལ་མི་འབྱུང་མ་བཙལ་གཞག་ན་བསྒོམ། ། ཉན་ཐོས་རང་རྒྱལ་མདོ་སྡེ་རྟེན་གཟུགས་སྣང་བར་འདོད་བ་དེ་དང་ནི།། ཀྲི་ཡ་ཨ་ནུ་ལ་སོགས་བསྐྱེད་རྟོགས་རྣམ་པར་གྲོལ་འདོད་པས།། འཇུག་སྒོ་ལྟ་ཚོགས་འབྲས་བུ་དག་པར་རེ་བ་ཀུན་ལ་རྣམ་བཙལ་ན། ། བཙལ་བ་དེ་ལས་དེ་བཞིན་ངང་གིས་གནས་པའི་རྫོགས་པའི་དོན་མི་འབྱུང།། ཡང་དག་རང་བྱུང་ཅི་ཡང་མི་འགག་སངས་རྒྱས་དེ་དང་ལམ་རིང་འགྱུར།། ཤེས་རབ་ཐབས་མེད་ཞིག་གནས་ལྷག་མཐོང་མཉམ་སྙོམས་ཤིང། ། ཡུན་རིང་དཀའ་བས་དོན་ལ་བཙལ་ནས་རེག་འདོད་པས།། ཉན་ཐོས་བྱང་ཆུབ་སེམས་དཔས་བཙལ་བས་ཉམས།། གསང་བ་རྣམ་བཞི་སྐུར་སྐྱེད་ཕྱག་རྒྱ་འཆར་བར་འདོད་པ་མཆོག་གི་སྐྱོན། ། བདེ་མཆོག་དེ་ནི་གང་ལའང་ཆགས་པ་མེད།། དེ་བཞིན་ཉིད་ལ་ཆགས་གནས་ཀུན་ལ་རོལ་པ་བདེ་བའི་ལམ།། མཆོག་གི་སྙིང་པོ་དེ་ལ་གང་འགོག་ཐར་པའི་ལམ་མཆོག་ཉིད། ཁམས་གསུམ་མ་ལུས་ཡེ་ནས་རྣམ་གྲོལ་བས། ། སངས་རྒྱས་ལྷུན་རྫོགས་སྣང་སྲིད་རྒྱ་ཡིས་བཏབ།། མི་འགྱུར་ཀུན་ཏུ་བཟང་པོ་འདུས་མ་བྱས་པའི་ངང་ཉིད་ཀྱིས།། ཡེ་ཤེས་ཆོས་ཀྱི་དབྱིངས་ལ་ཡེ་རོལ་འཁོར་བའང་རོལ་བྱའི་ཕྱིར།། ཡེ་ནས་ཀུན་བཟངས་དེ་དཔག་མེད་བརྟན་གཡོ་གཉིས་ཀྱི་གཞི། ། གང་ལའང་མི་ཆགས་ཏིང་འཛིན་རོར་མི་གནས།། མི་རྟོག་མི་ཆགས་མི་གནས་པ་ཡང་གྲོལ།། དོན་གྱི་སྙིང་པོ་མར་གྱི་ཡང་ཞུན་ལྟ་བུ་མཚོན་དུ་མེད་པ་དེ།། ག་བུར་རང་རིག་ཀློང་ནས་ཤར་བར་མ་གྱུར་ན་ཚིག་དང་ཡི་གེས་མཚོན་པ་འདི་ཡིས་དོན་མི་རྙེད། ། རྣ་བས་མཉན་ཅིང་ཤེས་པས་མི་ཆོད་པས།། ལྕེ་ཡི་དབང་པོས་བརྗོད་དུ་རྡུལ་ཙམ་མེད། ཁམས་གསུམ་ལས་འདས་ནོར་བུ་རིན་པོ་ཆེ། ། གང་ནས་བཙལ་ཀྱང་རྙེད་པར་མི་འགྱུར་ཏེ།། ཚིག་ཏུ་བསྔོ་བའི་ཆ་ཤས་ཙམ་ཡང་མེད་པའི་ཕྱིར།། འདི་ཞེས་བསྒོམ་པ་བསྟན་དུ་རྡུལ་ཙམ་མེད།། ཅེས་གསུངས་སོ།། རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ་རྒྱལ་པོ་རྒྱས་པའི་རྒྱུད་ལས། བཙལ་བ་དང་བྲལ་བའི་ལེའུ་སྟེ་བཅུ་བཞི་པའོ།།།། དེ་ནས་བཅོམ་ལྡན་འདས་ཀྱིས་གཡོ་བ་མེད་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ཆེད་དུ་བརྗོད་པ་འདི་བརྗོད་དོ། ། བྱང་ཆུབ་སེམས་ཀྱི་རང་བཞིན་ཀུན་བཟང་ལ།། སྣང་སྲིད་སྣོད་བཅུད་ཆོས་ཉིད་རང་བཞིན་ཏེ།། མ་ཡལ་མ་ཞི་རང་བཞིན་ཞི་བ་མེད།། ཆོས་རྣམས་ཐམས་ཅད་མ་ཡལ་མ་ཞི་བར།། རང་བཞིན་གསལ་ཏེ་ངོ་བོ་གཡོས་པ་མེད། ། ཆོས་ཉིད་རང་བཞིན་སྤྲོས་མེད་ཞི་བ་སྟེ།། མ་ཡལ་མ་ཞི་རང་བཞིན་སྤྲོས་པ་མེད།། རང་བྱུང་ཡེ་ཤེས་མ་བསྒྲིབ་གསལ་བ་དེ།། མཁའ་ལ་མ་ཡལ་མ་ཞི་ཞི་བ་མེད།། སྟོན་པ་ཀུན་ཏུ་བཟང་པོ་ང་ཉིད་ནི། ། ཐམས་ཅད་བྱང་ཆུབ་སེམས་ལས་གཡོས་པ་མེད།། རང་བྱུང་ཡེ་ཤེས་རྒྱུ་རྐྱེན་མེད་པ་དེ།། རྒྱུ་དང་འབྲས་བུ་ཀུན་ལས་ཤིན་ཏུ་རྒྱལ།། རྒྱུ་འབྲས་ཐེག་པ་ཅན་ལ་ཤིན་ཏུ་གསང།། སེམས་ཉིད་མ་འགགས་ནམ་མཁའི་དབྱིངས་ནས་རྒྱལ། ། རྒྱུ་འབྲས་ཅན་ལ་མི་སྨྲ་ཤིན་ཏུ་གསང།། མ་སྐྱེས་རྡོ་རྗེ་ཆོས་ཀྱི་དབྱིངས་ནས་རྒྱལ།། རྒྱུ་འབྲས་ཅན་ལ་མི་སྨྲ་ཤིན་ཏུ་གསང།། སྣང་སྲིད་སྣོད་བཅུད་མ་བཅོས་ཆོས་ཉིད་རྒྱལ། ། རྒྱུ་འབྲས་ཅན་ལ་མི་སྨྲ་ཤིན་ཏུ་གསང།། ནམ་མཁའ་ས་ཆུ་མེ་རླུང་སྣང་བ་ལྔ།། བྱང་ཆུབ་སེམས་ཀྱི་ངོ་བོར་ཤིན་ཏུ་རྒྱལ།། རྒྱུ་འབྲས་ཅན་ལ་མི་སྨྲ་ཤིན་ཏུ་གསང། ཁམས་གསུམ་དུས་གསུམ་སྐུ་གསུང་ཐུགས་སུ་རྒྱལ། ། རྒྱུ་འབྲས་ཅན་ལ་མི་སྨྲ་ཤིན་ཏུ་གསང།། རང་བཞིན་གསལ་ཏེ་ངོ་བོ་གཡོས་པ་མེད།། གཡོས་མེད་ཆོས་ལ་རྒྱུ་འབྲས་སྒྲུབ་བྱེད་པ།། དེ་ནི་ང་ཡི་ལུང་མིན་འདོད་ལུང་ཡིན།། ང་ནི་འདོད་པ་མེད་པས་ཀུན་གྲུབ་སྟེ། ། མི་འདོད་འདོད་པ་མེད་པར་རང་བཞིན་འགྲུབ།། འགྲུབ་ཅེས་བྱ་བ་ང་ཡིས་སྨྲས་པ་མེད།། རྒྱུ་འབྲས་གྲུབ་འདོད་རྣམས་ཀྱི་ཚིག་ཏུའོ།། ང་ཡི་སྒྲོ་དང་སྐུར་པ་དགྲ་རུ་ཆེ།། ཡོད་དང་མེད་དང་གྲུབ་དང་མ་གྲུབ་དང། སྒྲོ་དང་སྐུར་པ་བཏགས་པ་ཐམས་ཅད་ཀུན།། མི་རྟོག་ལས་ནི་མཉམ་པ་ཉིད་དུ་གནས།། མཉམ་པ་ཉིད་ལས་མ་གཏོགས་དགོངས་པ་ནི།། སངས་རྒྱས་ཀུན་གྱི་མེས་པོ་ངས་མ་གསུངས།། ཞེས་གསུངས་སོ། ། རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ་རྒྱལ་པོ་རྒྱས་པའི་རྒྱུད་ལས།། ཆོས་རྣམས་གཡོས་པ་མེད་པའི་ལེའུ་སྟེ་བཅོ་ལྔ་པའོ།།།། དེ་ནས་བཅོམ་ལྡན་འདས་ཀྱིས་མི་དམིགས་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ཆེད་དུ་བརྗོད་པ་འདི་བརྗོད་དོ། ། སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས་དང་ནི།། སེམས་ཅན་རྣམ་ཀྱི་ལུས་ངག་ཡིད་གསུམ་ལ།། བཟང་ངན་ཆེ་ཆུང་ཁྱད་པར་ཡོང་མ་གསུངས། མ་གསུངས་སངས་རྒྱས་དགོངས་པ་ཀུན་མི་སྟོན། ། གསུངས་པ་ཐམས་ཅད་ང་ཡི་ངོ་བོ་གསུངས།། ང་ཡི་ངོ་བོ་ཆོས་རྣམས་ཐམས་ཅད་ཡིན།། རང་བཞིན་རྣམ་དག་མཉམ་པའི་རྒྱལ་པོ་དེ།། མི་འགྱུར་རང་བཞིན་ཆགས་པ་ཀུན་དང་བྲལ། ། གཟུང་བའི་ཡུལ་མེད་སེམས་ཀྱི་གནས་ཀྱང་མེད།། རང་གི་སེམས་ནི་ནམ་མཁའི་རང་བཞིན་ཏེ།། མཐའ་ལ་ཐུག་པ་མེད་པས་དབྱིངས་ལ་བྲི་བ་མེད།། རང་སེམས་ནམ་མཁའི་རང་བཞིན་རྙེད་མི་རིགས། ། ཆོས་ཀྱི་རང་བཞིན་ཀུན་ཀྱང་དེ་ལྟ་སྟེ།། ཇི་བཞིན་པ་ལས་ཀུན་ཀྱང་གཡོས་བ་མེད།། ཆོས་ཀྱི་རོལ་པ་ཏིང་འཛིན་ཅི་བྱས་ཀྱང།། ཇི་བཞིན་པ་ལ་ངོ་བོ་འགྱུར་བ་མེད།། འགྱུར་མེད་ལྷག་པའི་སྟོབས་ཅིག་ཆེར་འགྱུར་ན། ། ཏིང་འཛིན་གཅིག་གིས་འཁོར་བ་ལྷག་མ་མེད།། སྨྲ་ཡང་ཇི་བཞིན་པ་ལ་འགྱུར་བ་མེད།། རང་བཞིན་ཆེ་བའི་ཡུལ་ལ་རང་བཞིན་གནས།། རང་བཞིན་མ་བཅོས་པ་ཡི་མིང་ཡིན་ལ།། ཆེ་བ་མ་བཅོས་པ་ལ་ཆེ་ཞེས་བརྗོད། དེ་ལ་མངོན་སུམ་མཐོང་བར་སུ་འདོད་པར།། འདོད་པ་དེ་ནི་ཆགས་པའི་གནས་ཡིན་ཏེ།། དེ་ལ་མི་རྟོག་མཉམ་པའི་དགོངས་པ་མེད།། ཆོས་ཉིད་རང་བཞིན་ཡེ་ནས་གནས་པ་ལ།། ང་བཙལ་བསམ་པ་སྡོད་སྒྲུབ་བྱེད་པ་ནི། ། རང་སེམས་གཞན་དུ་ཚོལ་བར་བྱེད་པ་ཡིན།། དེ་ཡིས་ཆོས་ཀྱི་དབྱིངས་དང་ནམ་མཁའི་ཁམས། ཁམས་གསུམ་གནས་དང་སྲིད་པའི་ཆོས་བཤིག་ཀྱང།། རང་སེམས་རང་བཞིན་གནས་པ་དེ་མི་རྙེད། ། མི་རྟོག་ཆོས་ཉིད་མཉམ་པ་ཉིད་དུ་མཉམ།། མཉམ་པས་ཆོས་དང་ཆོས་མིན་གཅིག་ཀྱང་མེད།། སེམས་ཅན་རྒྱུ་མེད་སངས་རྒྱས་འབྲས་བུ་མེད།། རྒྱུ་འབྲས་སྟོན་པའི་སྟོན་པ་ཉིད་ལུང་ནོར། ། དེ་བས་ང་ལས་བྱུང་བའི་ཆོས་མཉམ་པས།། ང་ལས་བྱུང་བ་བཟང་ངན་མེད་མཉམ་གཅིག། ཅེས་གསུངས་སོ།། རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ་རྒྱལ་པོ་རྒྱས་པའི་རྒྱུད་ལས། མཉམ་པ་ཉིད་ཀྱི་ལེའུ་སྟེ་བཅུ་དྲུག་པའོ། །།། དེ་ནས་བཅོམ་ལྡན་འདས་ཀྱིས་མི་འགྱུར་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ཆེད་དུ་བརྗོད་པ་འདི་བརྗོད་དོ།། ང་ཡི་ཆོས་ཉིད་དེ་བཞིན་ཉིད་གཅིག་ལ།། རྟོག་པར་བྱ་བའི་ཐབས་ནི་གཞི་མ་གྲུབ། ། ལྟ་བའི་ཆོས་ཉིད་མཐོང་བའི་གཞི་མ་བྱེད།། དེས་ནི་མཐོང་བར་བྱ་བའི་ཐབས་ཡིན་ཏེ།། མ་སྐྱེས་དམིགས་པར་བྱ་བའི་ཡུལ་མེད་པས།། བལྟ་བས་དེ་བཞིན་ཉིད་ལ་མཐོང་བ་མེད།། དམ་ཚིག་རང་སྐྱོན་སེལ་བའི་གཞི་མ་བྱེད། ། དེས་ནི་བར་ཆད་མེད་པའི་ཐབས་ཡིན་ཏེ།། དེ་བཞིན་ཉིད་ལ་བསྲུང་བའི་ཡུལ་མེད་པས།། སྲུངས་པས་དེ་བཞིན་ཉིད་ལ་ཐུབ་པ་མེད།། ལས་ནི་གྲུབ་པར་བྱེད་པའི་གཞི་མ་བྱེད། ། བཙལ་བས་འགྲུབ་པར་བྱེད་པའི་ཐབས་ཡིན་ཏེ།། དེ་བཞིན་ཉིད་ལ་བཙལ་བའི་ཡུལ་མེད་པས།། དེ་བཞིན་ཉིད་ལ་ལས་ཀྱི་གྲུབ་པ་མེད།། ལམ་གྱིས་བགྲོད་པར་བྱེད་པའི་གཞི་མ་བྱེད།། དེ་ནི་གནས་སུ་ཕྱིན་པའི་ཐབས་ཡིན་ཏེ། ། དེ་བཞིན་ཉིད་ལ་ལམ་གྱིས་བགྲོད་མེད་ཕྱིར།། བགྲོད་པས་ཕྱིན་པ་དེ་བཞིན་ཉིད་མ་ཡིན།། ས་ནི་གནས་པར་བྱེད་པའི་གཞི་མ་བྱེད།། དེས་ནི་བགྲོད་མི་དགོས་པའི་ཐམས་ཡིན་ཏེ།། དེ་བཞིན་ཉིད་ལ་ཐམས་ཅད་ཀུན་གནས་པས། ། གནས་པར་བྱ་བའི་ས་ལ་སྦྱང་དུ་མེད།། ཡེ་ཤེས་རྟོགས་པར་བྱེད་པའི་གཞི་མ་བྱེད།། ཆོས་ཉིད་རིག་པར་བྱ་བའི་ཐམས་ཡིན་ཏེ།། དེ་བཞིན་ཉིད་ལ་རྟོགས་པའི་ཡུལ་མེད་པས། ། རང་བྱུང་ཡེ་ཤེས་ཡུལ་ལ་རྟོག་པ་མེད།། བྱང་ཆུབ་སེམས་ནི་ཆོས་ཀྱི་གཞི་ཡིན་པས།། ཐེག་པ་སོ་སོའི་ལྟ་སྤྱོད་དྲུག་དྲུག་གིས།། ལྟ་སྤྱོད་གཞི་མ་དྲུག་ལ་བཙལ་བྱས་ཀྱང།། དེ་བཞིན་ཉིད་ལ་བཙལ་བའི་ཡུལ་མེད་པས། ། བཙལ་བས་དེ་བཞིན་ཉིད་ལ་བཅོས་པའི་ཕྱིར།། རང་སེམས་གཞི་མའི་བཅོས་མེད་དང་མི་འཕྲད།། ཅེས་གསུངས་སོ།། རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ་རྒྱལ་པོ་རྒྱས་པའི་རྒྱུད་ལས། གཞི་མ་ཀུན་ཏུ་བཟང་པོ་ཡིན་པར་བསྟན་པའི་ལེའུ་སྟེ་བཅུ་བདུན་པའོ། །།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱ་བ་མེད་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ཆེད་དུ་བརྗོད་པ་འདི་བརྗོད་དོ།། ལྟ་བ་བསྒོམ་དུ་མེད་ཅེས་བསྟན་པ་ནི། ། ཆོས་ཀྱི་རྩ་བ་སེམས་ལས་མེད་པའི་ཕྱིར།། རང་གིས་རང་ལ་བསྟན་དུ་མེད་པ་ནི།། རང་སེམས་ཡུལ་ནི་ང་ཡིས་བསྟན་པ་མེད།། དེས་ན་ལྟ་བ་བསྒོམ་དུ་མེད་པ་ཡིན།། དམ་ཚིག་བསྲུང་དུ་མེད་པར་བསྟན་པ་ནི། ། ཐམས་ཅད་ལྷུན་གྲུབ་སྲུང་བའི་ཚིག་ལས་འདས།། བསྲུངས་བས་མི་ཐུབ་རང་གི་སེམས་མི་ཁེགས།། རང་བྱང་ཡེ་ཤེས་ཡིན་པས་བསྲུང་དུ་མེད།། དེས་ན་དམ་ཚིག་བསྲུང་དུ་མེད་པ་ཡིན། ། འཕྲིན་ལས་བཙལ་དུ་མེད་ཅེས་བསྟན་པ་ནི།། རྫོགས་ཆེན་རྒྱུ་འབྲས་ཡེ་ནས་འདས་པའི་ཕྱིར།། འཕྲིན་ལས་རྒྱུ་ལས་སྒྲུབས་ནས་འབྲས་བུ་འདོད།། རྫོགས་ཆེན་འབྲས་བུ་འདོད་པ་མེད་པའི་ཕྱིར། ། འཕྲིན་ལས་བཙལ་དུ་མེད་ཅེས་བསྟན་པ་ཡིན།། ལམ་ལ་བགྲོད་དུ་མེད་ཅེས་བསྟན་པ་ནི།། དུས་གསུམ་སངས་རྒྱས་ཁམས་གསུམ་སེམས་ཅན་ལ།། བགྲོད་པས་བྱང་ཆུབ་སེམས་ཀྱི་ལམ་ལ་བགྲོད།། སེམས་སུ་སངས་རྒྱས་སེམས་ཅན་གཉིས་ལས་མེད། ། དེས་ནི་སེམས་ཀྱི་སེམས་ཀྱི་ལམ་མི་བགྲོད།། ས་ལ་སྦྱང་དུ་མེད་ཅེས་བསྟན་པ་ནི།། ཆོས་ཉིད་བྱང་ཆུབསེམས་ཀྱི་ས་འདི་ལ།། སྦྱངས་པས་ཐོབ་པར་འདོད་པ་རྒྱུ་འབྲས་ཅན། ། ཆོས་དབྱིངས་བྱང་ཆུབ་སེམས་ཀྱི་ས་འདི་ལ།། སྦྱང་བཅོས་བྱས་བ་གྲུབ་པར་ངས་མ་བསྟན།། ཡེ་ཤེས་ཡུལ་ལ་མི་རྟོག་ཅེས་བསྟན་པ།། ཡུལ་དེ་ཡེ་ནས་རང་བྱུང་ཡེ་ཤེས་ཏེ།། རང་བྱུང་ཡེ་ཤེས་ཡེ་ནས་ཡུལ་དང་བྲལ། ། ཡེ་ཤེས་ལ་ནི་ཡེ་ནས་ཡུལ་མ་མཆིས།། དུས་གསུམ་སངས་རྒྱས་ཐམས་ཅད་དང། ཁམས་གསུམ་སེམས་ཅན་ཐམས་ཅད་ཀུན།། ཀློང་ཆེན་སེམས་ཀྱི་གནས་དེ་ལ།། མི་གནས་པ་ནི་གཅིག་ཀྱང་མེད།། ཀུན་གྱི་གནས་དང་ས་ཡིན་ཏེ། ། འདུ་འབྲལ་མེད་པར་དེ་ན་བཞུགས།། དེ་ལ་སྦྱང་ཞིང་བགྲོད་མི་དགོས།། དེ་ལ་སྦྱང་ཞིང་བགྲོད་གྱུར་ན།། རང་སེམས་དེ་ལ་འཆོས་པ་སྟེ།། བཅོས་པས་རང་སེམས་འབྱོངས་མེ་འགྱུར།། ཅེས་གསུངས་སོ། ། རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ་རྒྱལ་པོ་རྒྱས་པའི་རྒྱུད་ལས། བཅོས་པ་མེད་པར་བསྟན་པའི་ལེའུ་སྟེ་བཅོ་བརྒྱད་པའོ།།།། དེ་ནས་བཅོམ་ལྡན་འདས་ཀྱི་བྱ་མེད་རྫོགས་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ཆེད་དུ་བརྗོད་པ་འདི་བརྗོད་དོ། ། བྱ་མེད་ཡུལ་ནི་མི་གནས་ནམ་མཁའ་འདྲ།། མི་གནས་དམིགས་པའི་ཡུལ་མེད་མི་རྟོག་ཆོས་ཀྱི་ལམ།། བསྔོ་བའི་ཆ་ཤས་ཕྲ་མོའི་ཡུལ་ལས་འབྱུང་བ་སྟེ། ། རྟོག་སྒོམ་ཆོས་ཀྱི་སྐུ་ལ་ཁྱད་པར་དོན་མེད་པས།། རང་བྱུང་ཡེ་ཤེས་ཀུན་ཏུ་ཇི་བཞིན་གནས།། བྱ་བྲལ་ཡུལ་ལ་མི་གནས་གཉེན་པོས་བཅོས་སུ་མེད།། ཡན་ལག་ཆོས་ཀྱི་དབང་གིས་སྙིང་པོ་ཡུལ་འཚོལ་ཞིང། ། རྣམ་པ་ཅིར་ཡང་མི་རྟོག་ཐབས་ཀྱིས་དེ་ལ་རོལ།། སྙིང་པོ་རང་བཞིན་འབྱུང་བས་ཆོས་སྐུ་གཞན་ན་མེད།། རྡུལ་ཕྲན་གཅིག་ལ་གཅེས་ཤིང་ཕྱོགས་བཅུ་ཀུན་དང་བྲལ།། མི་གནས་དོན་ཉིད་ལེགས་པའི་ཡེ་ཤེས་རང་འབྱུང་སྟེ། ། མངོན་སུམ་ཀུན་ཏུ་མི་རྟོག་ལེགས་པའི་སྙིང་པོ་ལ།། རྣམ་དག་ལམ་དེར་ཞུགས་ནས་མཉམ་པའི་རྒྱལ་པོ་ཐོབ།། མི་འགྱུར་འགྱུར་བ་མེད་པས་ཆགས་པའི་གནས་མེད་དེ།། དེ་བཞིན་གཟུང་བའི་ཡུལ་མེད་སེམས་ཀྱི་གནས་ཀྱང་མེད། ། མངོན་སུམ་མཐོང་བར་འདོད་པས་རྒྱུ་ལ་རྟག་ཏུ་བསྒོམ།། བསྒོམ་ཆགས་བདེ་བ་དེ་ལས་མཉམ་པའི་དོན་མི་འབྱུང།། སྐུ་གཅིག་ཀུན་ཏུ་ཁྱབ་པས་བསྣན་པའི་ཆོས་མེད་དེ། ། མཐའ་ལ་ཐུག་པ་མེད་པས་དབྱིངས་ལ་བྲི་བ་མེད།། ཆོས་ཀྱི་རོལ་བས་ཉམ་བག་ལྷག་པའི་གནས་མེད་དེ།། རང་བྱུང་ཆེ་བའི་ཡུལ་ལ་ཀུན་ཏུ་ཇི་བཞིན་གནས།། ངོ་མཚར་མཐོང་བའི་ཡུལ་མེད་དེ་ལ་མཐོང་བའི་མིག། གང་ལ་ཐོས་པར་མི་རིགས་བསྙད་པ་ཀུན་དང་བྲལ།། ཆོས་དང་ཆོས་མིན་རྟུག་ཏུ་འདྲེས་ཤིང་དབྱེར་མེད་མཚུངས།། དོན་དམ་ཆོས་ཞེས་ལྷག་པའི་གནས་ཞེས་བཤད་པ་མེད།། འཁྲུལ་དང་བྱང་ཆུབ་ལམ་དེ་རྟོག་པས་ཐོབ་པ་མེད། ། རང་བྱུང་ཡེ་ཤེས་ཉིད་ཀྱང་ཚིག་གི་མཐའ་དང་བྲལ།། ཡེ་ནས་སངས་རྒྱས་བདག་ཉིད་མངོན་སུམ་གནས་པ་ལ།། གྲུབ་མ་གཟུགས་ཀྱི་དཔེ་བཞིན་དེ་ལས་རྟོག་པ་འབྱུང།། མེད་དེ་མེད་པ་མ་ཡིན་མེད་པའི་སྙིང་པོ་འབྱུང། ། སྟོང་སྟེ་སྟོང་པ་མ་ཡིན་སྟོང་པའི་ཡུལ་ལ་གནས།། ནམ་མཁའི་རང་བཞིན་དེ་ལས་འབྱུང་བའི་དྲན་པ་སྐྱེ།། བྱ་བྲལ་ཟིན་པའི་བདེ་བ་འདོད་པ་མེད་པས་ལེན།། བཟའ་བའི་ཡུལ་མེད་དེ་ལས་ཡེ་ཤེས་འབྱུང་བ་རྩོམ། ། སྔོན་གྱི་དྲང་སྲོང་རྗེས་སུ་ཆགས་པའི་ཡིད་ཀྱང་འཇོག། རྣམ་རྩོལ་འབད་པའི་གདུང་བས་ཀུན་ཏུ་ཟིན་ཏ་རེ།། རང་བཞིན་ལམ་དེར་ཞུགས་པས་ཐམས་ཅད་མཁྱེན་པ་མེད། ། ཇི་བཞིན་པ་ཞེས་རྣམ་རྟོག་དེ་ཕྱིར་རྟོག་བསྒོམ་པ།། བདེ་བ་ཆེན་པོ་འདོད་པས་ཆགས་པའི་ནད་ཡིན་ཏེ།། མི་གཡོ་མཉམ་པར་གནས་པའི་སྨན་ཞེས་མ་བྱས་ན།། མཐོ་རིས་བགྲོད་པའི་རྒྱུད་དེས་ཉོན་མོངས་ཟིན་པར་འགྱུར། ། ལམ་མེད་ལམ་དུ་ཞུགས་བ་རྣམས་ཀྱི་ནད་ཆེ་བ།། ཕྱིན་པར་འདོད་པས་རི་དགས་སྨིག་སྒྱ་སྙེག་པ་འདྲ།། རྙེད་པའི་ཡུལ་མེད་འཇིག་རྟེན་གསུམ་ལས་མི་འབྱུང་ཞིང།། ས་བཅུར་བལྟོས་པའི་གནས་ཀྱང་བྱང་ཆུབ་བསྒྲིབ་པ་ཡིན། ། ཤིན་ཏུ་མྱུར་བའི་ཡེ་ཤེས་བསམ་པ་ཀུན་དང་བྲལ།། བཤེས་གཉེན་ཀུན་ལས་འབྱུང་བའི་ནོར་བུ་རིན་ཆེན་བཞིན།། དམིགས་པ་མེད་ཅིང་འགྱུར་བའི་གནས་ལ་མི་ལྟོས་པར།། རང་གི་རང་བཞིན་ལེགས་པར་རེ་བ་ཐམས་ཅད་སྐཽང། ། བརྟགས་ནས་མེད་ལ་བཞག་ན་ལེགས་བའི་འབྱུང་བ་ཆེ།། དངོས་སུ་མི་སྣང་ཆགས་པའི་ཆ་ལུགས་ཀུན་ལ་སྟོན།། བདག་དང་གཞན་དུ་བྲལ་བའི་སྟོན་མཁན་རིན་ཆེན་མཛོད། ། ཐམས་ཅད་གྲུབ་བའི་ཡུལ་ཞེས་བདག་མེད་སྙིང་རྗེར་བསྟན།། ནང་ནས་མ་གཡོས་ནལ་དུ་བཙལ་བའི་ཡུལ་མེད་དེ།། ཡུལ་ཕྱིར་ཆགས་པ་ཡུལ་ལ་བསྔོ་བའི་དམིགས་པ་མེད།། མི་འབྱུང་མི་འཇུག་བདག་མེད་སྙིང་རྗེ་དེ་ཡིས་ནི། ། གཞན་གྱི་ནོར་མིན་མི་འོང་ཡེ་ནས་གནས་པ་ཡིན།། བདེ་བ་འདོད་པས་བདེ་ལ་རྒྱབ་ཀྱི་ཕྱོགས།། བདེ་བ་ཟིན་ཏེ་བདེ་བས་བདེ་བ་ཚོལ།། བྱང་ཆུབ་འཁྲུལ་བ་ཡེ་རྔམ་ཆོས་ལ་ཟ། ། འདི་ལྟའི་ཡུལ་ཅན་སངས་རྒྱས་མཐོང་བ་མིན།། སངས་རྒྱས་མེད་པས་སངས་རྒྱས་མིང་ཡང་མེད།། སངས་རྒྱས་སྟོན་པས་མིང་དུ་བཏགས་བ་ནོར།། སངས་རྒྱས་གཞན་ནས་ཐོབ་བྱེད་ནོར་བའི་ལམ།། གཟུགས་མེད་ཆོས་སྐུས་བཤད་པ་རྡུལ་ཙམ་མེད། ། ཟིན་དང་ཆགས་དང་བྲལ་དང་ཞི།། དངོས་པོ་མེད་དང་རྣམ་པར་སྤོང།། བདུད་རྩི་ཆེན་པོའི་རང་བཞིན་པས།། བཟའ་བའི་ཐབས་ལ་རག་པ་མེད།། ཡངས་སོ་ཆེའོ་ཆོས་ཆེན་པོ། ། ཆུང་ངུ་རྣམས་ཀྱི་གཉེན་པོ་ཡིན།། ཆེ་ལ་དམིགས་པའི་ཆ་སྙམས་ནས།། ཆུང་ཆེ་དེ་རྣམས་དམིགས་དང་བྲལ།། གསུངས་དང་རྒྱས་ལ་དམིགས་དང་སྣང།། སྒྱུ་མཁན་རི་མོའི་རྣམ་པ་བཞིན།། འབྱུང་འཇུག་ཡེ་ཤེས་བྱིང་རྨུགས་པའི། ། དེ་ཡི་དབང་ལས་སྐྱེ་བར་འགྱུར།། འདི་ནི་ཐེག་པ་ཀུན་གྱི་རྒྱལ།། གཏང་ངོ་གཞག་གོ་རང་བཞིན་ཏེ།། འདོད་པ་མེད་ཅིང་ལེན་པ་མེད།། བྲོད་པ་རྡུལ་ཙམ་མི་སྐྱེད་དེ། ཁྱུང་ཆེན་ནམ་མཁར་ལྡིང་བ་བཞིན། ། སྤྲོ་བ་མེད་ཅིང་བསྡུ་བ་མེད།། སྟོང་བར་མི་དོགས་བཟའ་བ་མེད།། རྒྱ་མཚོ་བཞིན་དུ་ཡེ་གནས་ལ།། ཆོས་རྣམས་སྣ་ཚོགས་འབྱུང་པར་བྱེད།། ཡོན་ཏན་ནམ་མཁའི་མཐའ་དང་མཉམ།། བསྡུ་བའི་གནས་སུ་ངེས་པ་མེད། ། བྱང་ཆུབ་སྙིང་པོ་དེ་མ་ཐག། ཏིང་འཛིན་རྒྱལ་པོ་ཆེན་པོ་འབྱུང།། སྣང་བ་རྒྱ་མཚོ་ཆེན་པོ་བཞིན།། མི་རྟོག་ནམ་མཁའི་མཐའ་ལྟར་ཡངས།། ཀུན་ཏུ་བཟང་པོའི་སྤྱོད་ཡུལ་ལ།། སྐྱེ་ཞིང་འཕོ་བའི་ཆོས་མེད་དེ། ། རྒྱུ་རྐྱེན་ཡན་ལག་བཅུ་གཉིས་པོ།། སྐུར་པར་བཤད་པས་བཏགས་པ་ཡིན།། འཁྲུལ་པ་རྣམས་ཀྱི་སྒོ་ཙམ་དུ།། མཁས་པས་དེ་བཞིན་ཤེས་པར་གྱིས།། འགྲོ་བ་རྒྱུད་དྲུག་སྣང་བ་ཡང།། དད་པའི་ལམ་དུ་ཤེས་པར་བྱ། ། འདོད་སྤྱོད་སྙིང་རྗེས་བརླན་པས་ན།། གང་དུ་དགའ་བར་བྱང་ཆུབ་སྤྱོད།། ཤན་པ་སྨད་འཚོང་མཚམས་མེད་པ། ཁ་ན་མ་ཐོ་འཇིག་རྟེན་སྤོངས།། ཡོངས་སུ་རྫོགས་པ་ཆོས་ཀྱི་རྩི།། བདེ་བ་ཆེ་ལས་གཞན་མེད་དོ། ། ཡོང་ཆོས་ཐམས་ཅད་དེ་བས་ན།། ཆོས་ཀྱི་རང་བཞིན་དེ་ཡིན་པས།། ཆོས་ཀྱི་ཆོས་ཉིད་བཙལ་བ་དང།། ནམ་མཁས་ནམ་མཁའ་བཙལ་བ་དང།། གཞན་ལ་བལྟོས་པའི་ཆོས་རྣམས་ནི།། མེས་མེས་གསོད་པ་དང་འདྲ་སྟེ། ། ཤིན་ཏུ་དཀའ་བའི་ལས་བྱེད་པའོ།། རྣམ་པར་མི་རྟོག་སྙིང་པོ་འདི།། ཡོངས་ཀྱི་རྒྱུད་ལ་སྤས་པ་མེད།། མི་ལེན་བྱང་ཆུབ་སྤྱོད་རྣམས་ལ།། རྣམ་པ་ཀུན་ཏུ་རང་བཞིན་གནས།། ཞེས་གསུངས་སོ། ། རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ་རྒྱལ་པོ་རྒྱས་པའི་རྒྱུད་ལས།། བྱ་མེད་རྫོགས་པའི་གནས་ཡུལ་མེད་ཀྱི་ལེའུ་སྟེ་བཅུ་དགུ་པའོ།།།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱ་བ་མེད་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ཆེད་དུ་བརྗོད་པ་འདི་བརྗོད་དོ། ། ཆོས་རྣམས་ཐམས་ཅད་ངང་ལས་བྱུང་བས་ན།། ཇི་ལྟར་སྣང་བའི་ཆོས་རྣམས་ཐམས་ཅད་ཀུན།། ཡེ་ནས་རྣམ་པར་དབྱིངས་ཀྱི་ངང་དུ་བསྟན། ། ཕྱི་དང་ནང་ཀུན་ཡེ་ནས་ཆོས་ཀྱི་དབྱིངས།། ཡེ་ནས་རྣམ་པར་དག་པའི་སྤྱོད་ཡུལ་ལ།། སངས་རྒྱས་དང་ནི་སེམས་ཅན་གཉིས་སུ་མེད།། ལམ་དང་གཉིས་པོས་བཅོས་སུ་ག་ལ་ཡོད།། བསྒྲུབ་མེད་རྩལ་སྦྲུག་སྨོན་པ་མེད་པས་ན། ། བྱ་མེད་ལྷུན་རྫོགས་སྔ་མ་དེ་ཉིད་སྟོན།། རྟོག་སྤྱོད་རྣམ་རྟོག་གཉིས་མེད་ཆོས་དབྱིངས་ལ།། ལོག་རྟོག་བྱིས་པའི་སྤྱོད་པས་ཅི་ཞིག་བསླུ།། འཁྲུལ་པས་ནོར་བའི་ལམ་དུ་བསྟན་པ་ཡང་གོང་དུ་བསྟན་པའི་ལམ་ཆེན་དེ་ལས་མི་གཉིས་པས། ། མཉམ་པར་ཤེས་པ་སངས་རྒྱས་ཀུན་གྱི་རྗེ།། ང་དང་བདག་ཏུ་བསྟན་པ་མུ་སྟེགས་འཁྲུལ་བའི་ལམ།། ཕྱིན་པའི་ཡུལ་མེད་རྟོགས་པའི་དུས་མེད་པས།། ཆོས་ཉིད་ཆོས་ཚོལ་རྙེད་པར་ག་ལ་འགྱུར། ། ཚད་མར་མ་གྱུར་སློབ་དཔོན་སྤྲེའུ་འདྲའི་ལུང།། བསྟན་དང་ལམ་ནོར་རྟོག་པ་ཟིན་ཏ་རེ།། དེ་བས་གསེར་ལ་ནག་ཚུར་བཏང་བ་ཡི།། སློབ་དཔོན་ཡང་དག་སྟོན་པའི་རིན་ཆེན་དེ། ། རིན་ཐང་དཔག་ཏུ་མེད་པས་བསླུ་བར་འོས།། ཞེས་གསུངས་སོ།། རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ་རྒྱལ་པོ་རྒྱས་པའི་རྒྱུད་ལས།། བྱ་བྱེད་རྣམ་དག་དབྱིངས་ཀྱི་ལེའུ་སྟེ་ཉི་ཤུ་པའོ།།།། དེ་ནས་བཅོམ་ལྡན་འདས་ཀྱིས་རྫོགས་པ་ལྷུན་གྲུབ་ཀྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ཆེད་དུ་བརྗོད་པ་འདི་བརྗོད་དོ། ། སྣ་ཚོགས་རང་བཞིན་མི་གཉིས་ཀྱང།། ཆ་ཤས་ཉིད་དུ་སྤྲོས་དང་བྲལ།། ཇི་བཞིན་པ་ཞེས་མི་རྟོག་ཀྱང། ། རྣམ་པར་སྣང་མཛད་ཀུན་ཏུ་བཟང།། ཟིན་པས་རྩོལ་བའི་ནད་སྤངས་ཏེ།། ལྷུན་གྱིས་གནས་པས་བཞག་པ་ཡིན།། ཅེས་གསུངས་སོ།། རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ་རྒྱལ་པོ་རྒྱས་པའི་རྒྱུད་ལས། བྱ་མེད་རྫོགས་པ་ལྷུན་གྱིས་གྲུབ་པའི་ལེའུ་སྟེ་ཉེར་གཅིག་པའོ། །།། དེ་ནས་བཅོམ་ལྡན་འདས་ཀྱིས་མ་སྐྱེས་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ཆེད་དུ་བརྗོད་པ་འདི་བརྗོད་དོ།། བསམ་འདས་བརྗོད་དུ་མེད་པའི་བྱང་ཆུབ་སེམས། ། སྟོན་པའི་སྒྲོན་མར་གྱུར་པའི་ཀུན་གྱིས་རབ་བསྔགས་པ།། ཆོས་ཀྱི་སྙིང་པོར་གྱུར་པས་འཇམ་དཔལ་གཞོན་ནུ་ཉིད།། བྱ་བྲལ་ལྷུན་རྫོགས་བདེ་བའི་ལྷུན་ལ་གནས།། ཚུལ་ཁྲིམས་ལ་སོགས་སྤྱོད་པ་རྒྱ་མཚོའི་གཞིར་གྱུར་པ། ། ཇི་སྙེད་རྣམ་པར་གྲོལ་བའི་ལམ་སྟོན་པ།། བདེ་གཤེགས་ཡུལ་དུ་གྱུར་ཅིང་མཚུངས་ལམ་དེ།། དེ་མེད་མི་འགྱུར་དེ་ཕྱིར་ང་ནི་རྣམ་གྲོལ་མཆོག་གི་ལམ།། ཕྲ་ཞིང་ཤེས་དཀའ་ཀུན་གྱི་ལམ་སྟེ་མི་རྟོག་རྟོག་ལས་འདས། ། མི་གནས་མི་དམིགས་སྤྲོས་མེད་བསམ་པ་ཀུན་དང་བྲལ།། ཚིག་གིས་མི་ཕེགས་དབྱིབས་དང་ཁ་དོག་སྤྱོད་ཡུལ་མིན།། བསྟན་ཅིང་བརྟག་པར་དཀའ་ལ་བརྗོད་དུ་རྡུལ་ཙམ་མིན། ། སྔོན་གྱི་དྲང་སྲོང་ལམ་དུ་གང་ཞུགས་པ།། བསྒོམ་ཆགས་ལམ་གྱི་ནད་ཀྱིས་ཟིན་ཏ་རེ།། སྟོན་པའི་ལུང་བཞིན་ཚིག་གི་མཐའ་སྤྱོད་ལམ་དུ་དེ་མཐོང་ན།། དེ་ནི་རྟོག་པའི་རྒྱུད་འབྲངས་སྨིག་སྒྱུ་སྙེག་པ་འདྲ། ། ཡང་དག་ལམ་ནི་ཚིག་གིས་མཚོན་དུ་མེད།། ཡང་དག་ཉིད་དུ་བསྟན་པ་ང་ཡིས་འཁྲུལ།། དག་དང་མ་དག་གཉིས་མེད་འདྲེས་ཤིང་མཚུངས།། རྣམ་པ་ཅིར་ཡང་མི་འབྱེད་ཡེ་ཤེས་གཏི་མུག་དང། ། ཐོགས་མེད་གསལ་བའི་མར་མེ་བསམ་པ་ཀུན་དང་བྲལ།། ངང་གིས་མི་གཡོ་རྨུགས་ཤིང་ཏིང་འཛིན་རྒྱལ་པོར་གནས།། མངོན་སུམ་མཐོང་བྱེད་མངོན་སུམ་མཐོང་བའི་མིག། དེ་ཕྱིར་ཐམས་ཅད་མཁྱེན་པའི་སྤྱན་ཞེས་དེ་ལ་བྱ། ། མཐའ་དང་དབུས་མེད་ཡངས་པའི་རང་བཞིན་ཤེས།། མི་ལེན་མི་འདོར་མཉམ་པའི་རྒྱལ་པོར་གནས།། སེམས་དང་བག་ཆགས་གཉིས་མེད་འདྲེས་ཤིང་མཚུངས།། འཛིན་པས་བརྟགས་ཤིང་སྣང་བའི་ཆོས་རྣམས་ནི། ། རང་གི་རྐྱེན་གྱིས་སྣང་བས་མི་འདོར་སྤོང་མི་བྱེད།། ཅིར་ཡང་མི་དགོངས་ཐབས་ཀྱིས་དེ་ལ་རོལ།། ཀུན་དང་མི་མཐུན་ཡོངས་ཀྱིས་སྤོང་བའི་ཆོས།། ཉོན་མོངས་ལྔ་དང་མཚམས་མེད་ལྔ་པོ་ཡི། ། རྣམ་དག་ལམ་དེར་ཞུགས་ནས་མཉམ་པའི་རྒྱལ་པོ་ཐོབ།། བུད་མེད་ལ་སོགས་ཀུན་ཀྱང་ཡོང་མི་སྤྱོད།། ལོ་རྒྱུས་དོན་ཉིད་ཚད་མའི་བློར་བཞག་ནས།། ཏིང་འཛིན་གསུམ་པོ་བརྟགས་ནས་གྲུབ་པའི་མཐའ་སྤྱོད་པ། ། རྩོལ་བྲལ་ལུང་ལས་གོལ་ཞེས་འཁྲུལ་པ་ཡིན།། བྱ་བྲལ་ལྷུན་རྫོགས་བདེ་བའི་ཡུལ་ལ་གནས།། ཡེ་ཤེས་རང་བྱུང་ཆེ་བའི་སྙིང་པོ་ཉིད།། མི་གཡོ་མི་འགྱུར་བསྙད་པ་ཀུན་དང་བྲལ།། བྱ་བྲལ་ཟིན་པའི་ཡུལ་ལ་ཇི་བཞིན་གནས། ། ཐམས་ཅད་ཐིག་ལེ་ཆེན་པོ་ཡི།། རང་བཞིན་ཡེ་ནས་ཡིན་པས་ན།། སྤྲོ་པ་མེད་ཅིང་བསྡུ་བ་མེད།། སྐྱེ་བ་མེད་ལ་འགག་པ་མེད།། འགག་པ་མེད་པར་དེ་བཞིན་གནས།། རྣམ་པར་མི་རྟོག་སྙིང་པོ་འདི། ། ནམ་མཁའ་བཞིན་དུ་ཡེ་གནས་པས།། རྟོག་པའི་སྨྲ་བསམ་ཡུལ་ལས་འདས།། ཞེས་གསུངས་སོ།། རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ་རྒྱལ་པོ་རྒྱས་པའི་རྒྱུད་ལས། བྱ་བྱེད་རྫོགས་པ་བསྒོམ་དུ་མེད་པའི་ལེའུ་སྟེ་ཉེར་གཉིས་པའོ། །།། དེ་ནས་བཅོམ་ལྡན་འདས་ཀྱིས་ཡུལ་ལ་དམིགས་སུ་མེད་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཆེད་དུ་བརྗོད་པ་འདི་བརྗོད་དོ།། ཇི་ལྟར་སྣང་བའི་ཆོས་རྣམས་ནི།། རང་གི་བྱང་ཆུབ་སེམས་ཡིན་པས། ། དེ་ལ་ལྟ་བའི་ཡུལ་མ་ཡིན།། མི་རྟོག་པས་ན་མཉམ་པ་ཉིད།། དེ་བཞིན་ནམ་མཁའི་དགོངས་པ་སྟེ།། རྣལ་འབྱོར་ཞེས་ནི་དེ་ལ་བྱ།། དབང་པོའི་ངོ་ལ་སྣང་བ་རྣམས།། རང་གསལ་དེ་ལ་མི་རྟོག་པས། ། དེ་ཡང་ནམ་མཁའི་དགོངས་པ་རྣམས།། རྣལ་འབྱོར་དེ་བཞིན་ཉིད་དུ་གནས།། ཚིག་དང་ཡི་གེའི་དོན་རྟོགས་པས།། རྟོག་མེད་མཉམ་པ་དེ་བཞིན་ཉིད།། དེ་ཡང་ནམ་མཁའི་དགོངས་པར་གནས། ། རྣལ་འབྱོར་མ་བཅོས་བསམ་མེད་བཞག། བསམ་དུ་མེད་པའི་དོན་འདི་ནི།། སྣང་བ་རྒྱ་མཚོ་ཆེན་པོ་སྟེ།། མི་རྟོག་ནམ་མཁའི་མཐའ་ལྟར་ཡངས།། ནམ་མཁའ་བཞིན་དུ་ཡེ་གནས་སོ།། ཞེས་གསུངས་སོ། ། རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ་རྒྱལ་པོ་རྒྱས་པའི་རྒྱུད་ལས། ཚིག་བཤད་བཞི་པའི་དབང་བསྐུར་བ་དང་ལྟ་བ་ཡུལ་མེད་ཀྱི་ལེའུ་སྟེ་ཉེར་གསུམ་པའོ།།།། དེ་ནས་བཅོམ་ལྡན་འདས་ཀྱིས་དོན་མ་བྱས་པར་གྲུབ་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ཆེད་དུ་བརྗོད་པ་འདི་བརྗོད་དོ། ། ཇི་ལྟར་སྣང་བ་དེ་བཞིན་ཉིད་དུ་གཅིག། གཅིག་ལ་སུ་ཡང་འཆོས་པར་མ་བྱེད་ཅིག། མ་བཅོས་མཉམ་བའི་རྒྱལ་པོ་དེ་ལ་ནི། ། མི་རྟོག་ཆོས་སྐུའི་དགོངས་པ་བདེ་ལ་གནས།། ཞེས་གསུངས་སོ།། རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ་རྒྱལ་པོ་རྒྱས་པའི་རྒྱུད་ལས། ངེས་ཚིག་བཞི་བའི་ལེའུ་སྟེ་ཉེར་བཞི་པའོ།།།། དེ་ནས་བཅོམ་ལྡན་འདས་ལ། རྡོ་རྗེ་སེམས་དཔས་འདི་སྐད་ཅེས་གསོལ་ཏོ།། ཨེ་མ་ཧོ་ངོ་མཚར་ཆེའོ།། རྒྱལ་པོ་རྒྱས་པའི་རྒྱུད་འདི་ནི་ཚིག་ཏུ་མི་གནས་བ་དེ་སེམས་ཅན་སྐལ་བ་ཆུང་བ་ལགས་སམ། སེམས་དཔའ་ཆེན་པོ་རྒྱུད་འདི་ཚིག་དང་ཡི་གེར་བྲི་ལས་འདས་པས་དུས་ཀྱི་ཐ་མ་ལ་འབྱུང་ཡང་སྲིད། ། མི་འབྱུང་ཡང་སྲིད། འབྱུང་ན་ཡང་གང་ཟག་གཅིག་ལ་འབྱུང་ལ།། དེ་གང་དང་ཡང་མ་བྲལ་བའོ།། དེ་འབྱུང་བའི་ཚེ་མི་དམིགས་པའི་སྟོབས་དང། མི་དམིགས་པའི་ཤེས་རབ་དང།། མི་དམིགས་པའི་བཏང་སྙོམས་དང། མི་དམིགས་པའི་རིག་པ་རང་གསལ་ཏེ་མི་ཡུལ་ཐམས་ཅད་མ་སྐྱེས་པའི་ཆོས་ཉིད་ལས་རང་བཞིན་གྱིས་མི་འདའ་བ་དང།། རང་བཞིན་གྱིས་མི་ཉམས་པ་དང། རང་བཞིན་གྱིས་ཕྱོགས་མེད་པར་གྱུར་ཏོ།། རྒྱུད་འདི་ཐོས་པའི་སེམས་ཅན་ཐམས་ཅད་ཀུན་ཏུ་བཟང་པོའི་རང་བཞིན་དུ་གྱུར་ནས་འདའ་བ་མེད་པའི་སངས་རྒྱས་སུ་གྱུར་ཏོ།། རྒྱུད་འདི་ཐོས་པའི་ཡིད་རང་བྱུང་ཡེ་ཤེས་སུ་གྱུར་ནས། གཉིས་སུ་མེད་པ་མ་བཙལ་བའི་ཐིག་ལེར་གྱུར་ཏོ།། རྡོ་རྗེ་སེམས་དཔའ་ལ་སོགས་པའི་འཁོར་རྣམས་རྗེས་སུ་རང་ངོ།། རྒྱུད་ཡོངས་སུ་གཏད་པའི་ལེའུ་སྟེ་ཉེར་ལྔ་པའོ། །།། རྒྱལ་པོ་རྒྱས་རྒྱུད་སྙིང་པོར་གྱུར་བའོ།། རྫོགས་སོ།། །། རྒྱ་གར་སྐད་དུ།། བཛྲ་སཏྭ་ག་ག་ས་མེ་མ་ཧཱ་ཏནྟྲ་ནཱ་མ། བོད་སྐད་དུ། རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེའི་རྒྱུད་ཅེས་བྱ་བ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ།

CLOSE WINDOW