CLOSE WINDOW

Gpb034.014: རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ་རྩ་བའི་རྒྱུད་སྐྱེ་བ་མེད་པ
Wylie

། རྟོག་གེ་སྤྱོད་ཡུལ་འཁྲུལ་ལས་ཤེས་མི་ནུས།། བསྐྱོད་དང་མི་བསྐྱོད་རྟོག་པ་མེད་པ་ནི།། མཚན་ཉིད་ནམ་མཁའ་ལས་ཀྱང་འདས་པའོ།། ཡེ་ནས་ལྷུན་གྱིས་གྲུབ་པའི་ཐབས་ཆེན་ལ། ། རྒྱུ་བཅོས་རྟོག་པས་གྲུབ་པར་མི་འགྱུར་ཏེ།། སྤྱོད་པའི་སྒོ་དང་མཐའ་ལས་འདས་པ་ལ།། ལོག་རྟོག་འཁྲུལ་པས་བསྲུང་དུ་ག་ལ་ཡོད།། མཚན་ཉིད་མེད་པའི་ཐིག་ལེ་ཆེན་པོ་ནི།། སྤྲུལ་པ་སྒྱུ་མ་ཙམ་དུ་སྣང་བ་ཡང། ། ཆོས་ཉིད་དབྱིངས་ལས་དབྱེ་བསལ་མི་འཇུག་པས།། སྒྱུ་མའི་ལམ་དུ་རྒྱལ་བས་ཡོངས་མ་བསྔགས།། མི་གནས་ཆོས་སྐུ་བརྗོད་ལས་འདས་པ་ནི།། དབུ་མ་ཙམ་དུའང་ཡེ་ནས་མི་གནས་པས།། དེ་བཞིན་བདེ་བའི་ཡེ་ཤེས་མཐའ་ཀླགས་ཀྱང། ། སྣང་དང་བརྗོད་པའི་མཐའ་ལས་འདས་པའོ།། བྱང་ཆུབ་སེམས་ནམ་མཁའི་རྒྱལ་པོ་རྫོགས་སོ།།།། རྒྱ་གར་སྐད་དུ། མཉྫུ་སུ་ཁ། བོད་སྐད་དུ། བདེ་འཇམ། བཅོམ་ལྡན་འདས་རྡོ་རྗེ་བདེ་བ་ཆེན་པོ་ལ་ཕྱག་འཚལ་ལོ།། བདེ་འཇམ་དབྱིངས་ཕྱུག་སྡུག་བསྔལ་བྷ་ག་ལ།། དབྱེར་མེད་ལྷུན་རྫོགས་ཐིག་ལ་དབྱིང་ཉིད་ཆེ།། བསྐྱོད་པ་མི་མངའ་ཡེ་ནས་རིན་པོ་ཆེ།། བྱ་བ་མེད་པར་ལྷུན་རྫོགས་ཐིག་ལེ་ཆེ། ། ཐམས་ཅད་མ་བཀག་དབྱེར་མེད་བདག་ཉིད་ཆེ།། སྐྱེ་མེད་དབྱིངས་ལས་ཐམས་ཅད་འགགས་ཤིང།། དུས་གསུམ་འདུ་འབྲལ་མེད་པའི་གསལ་བ་ཡང།། དོན་དམ་ཀློང་དུ་གྱུར་པས་སེམས་དཔའ་ཆེ། ། རྒྱུ་ལས་བསྒྲུབ་ཏུ་མེད་པས་ཡེ་ནས་གནས།། བཙལ་དུ་མེད་པས་བོད་པ་མངོན་སུམ་དབྱིངས།། སྨོན་དུ་མེད་པས་ཐམས་ཅད་རང་ལ་རྫོགས།། ཐ་སྙད་མེད་པས་རྣལ་འབྱོར་ཆེན་པོའི་བདག། གོ་འཕང་མེད་པས་ལྟ་བ་ཀུན་གྱི་དབྱིངས། ། འདུལ་བའི་ལས་རྣམས་ཐམས་ཅད་ཅི་སྤྱད་ཀྱང།། རོལ་པ་ཉིད་ལས་མཉམས་ཤིན་ཏུ་བདེ།། ཐིག་ལེ་ཉིད་པས་སྤང་དུ་མེད་པའི་ཕྱིར།། རྩ་བའི་འདོད་ཆགས་ཞེ་སྡང་གཏི་མུག་ཀྱང། ། སྤང་དུ་མེད་པས་བྱང་ཆུབ་ཆེན་པོའི་ལམ།། བསམ་དུ་མེད་པའི་ཡེ་ཤེས་གསལ་པ་ནི།། རྣམ་གྲངས་མེད་པས་དབྱིང་ཉིད་བདག་པོའི་ཀློང།། གཟུགས་རྣམས་མེད་པས་བྱང་ཆུབ་སྙིང་པོའི་སྐུ།། རྣམ་རྟོག་ཞི་བས་ཁྱད་པར་ཡེ་ཤེས་ཆེ། ། གདོད་ནས་མ་བསྐྱེད་པ་ནི་དངོས་གྲུབ་སྟེ།། འཆི་བ་མེད་པས་བདུད་རྩིའི་དབྱིངས།། ཐིག་ལེ་ཡེ་ནས་གསལ་བའི་དམ་ཚིག་ལ།། ཐ་ཚིག་མིང་དུ་བཏགས་པ་མེད།། རི་རབ་རྩེ་ནས་ཉི་མ་སྟོང་ཤར་བས། ། ཡེ་ཤེས་ཐུགས་ཀྱི་ཉི་མ་གཅིག་ཤར་དྲོ།། རང་ལ་ཐམས་ཅད་ཤར་བའི་འོད་ཟེར་ནི།། ཤར་བ་ཉིད་ན་དུས་གསུམ་ནུབ་པ་མེད།། མི་གནས་དམིགས་སུ་མེད་པས་གསལ་བ་ནི།། བསྒོམ་དུ་མེད་ཉིད་བསྒོམ་དུ་མེད་པས་བདེ། ། ཡེ་ནས་མ་བསྒོམས་ཇི་བཞིན་གསལ་བ་ཡང།། བསྒོམས་པས་གཞན་ནས་རྒྱལ་བའི་ཆོས་མི་རྙེད།། རྡོ་རྗེ་ཉི་མ་དབྱིངས་ནས་ཤར་བ་ཡིས།། ཐམས་ཅད་ཀུན་ཀྱང་དེ་བཞིན་ཉིད་དུ་གསལ། ། འགྱུར་བ་མེད་པས་ལྟ་བ་བལ་ནག་སྟེ།། ཅིར་ཡང་འགྱུར་བས་ཐུགས་རྗེ་བལ་དཀར་བཞིན།། བརྟགས་ན་ཐམས་ཅད་བལ་ནག་ཉིད་ཀྱི་དབྱིངས།། ལྷུན་གྱི་གནས་པས་ལྟ་བའི་གོ་འཕང་གཅོད། ། གདོད་ནས་དག་པས་སྲིད་པའི་པདྨ་བཞིན།། འགྱུར་བ་མེད་པས་ཐིག་ལེའི་དབྱིངས་ན་བདེ།། བྱ་བ་མེད་པས་ཐམས་ཅད་ཀུན་ལ་འཇམ།། དུས་གསུམ་མེད་པས་ཐིག་ལེ་ཉིད་དུ་འབྱམ།། ཡེ་ནས་སྙིང་པོ་བཙལ་དུ་མེད་པ་ལ། ། བཙལ་བའི་བསམ་པས་དོན་དམ་དབྱིངས་མི་བསྐྱོད།། དྲ་བ་ཉིད་པས་མུ་ཁྱུད་ཕྱོགས་བཅུར་བདེ།། ཐིག་ལེ་ཉིད་པས་ཐིག་ཕྲན་དགུ་ལ་བདེ།། རྩེ་རྒྱལ་རྟོགས་ན་གྲུབ་པའི་གནས་ཆེན་བདེ། ། ཐིག་ལེ་ཡེ་ནས་བདེ་བའི་རྡོ་རྗེའི་དབྱིངས།། ཐོགས་མེད་ཡོངས་སུ་སྦྱང་པའི་བྷ་ག་ལ།། དབྱེར་མེད་ལྷུན་རྫོགས་ཐིག་ལེ་དབྱིངས་ཉིད་ཆེ།། སྐུ་གསུང་ཐུགས་ཤར་མུ་ཁྱུད་དཀྱིལ་འཁོར་བདེ།། རྣམ་པར་དག་པས་བདེ་བའི་བྱང་ཆུབ་སྐུ། ། འགྲོ་པའི་ལམ་ཆེན་མཁའ་དབྱིངས་དག་པ་ལ།། ཐིག་ལེ་ཡེ་ནས་བདེ་བ་རྡོ་རྗེའི་དབྱིངས།། རྡོ་རྗེ་ཉི་མ་དུས་གསུམ་འདུ་འབྲལ་མེད།། དེ་བས་ཐིག་ལེ་ཐམས་ཅད་རྡོ་རྗེའི་དབྱིངས། ། བརྡལ་པ་ཉིད་ན་དུས་གསུམ་འདུ་འབྲལ་མེད།། བྱང་ཆུབ་སེམས་ནི་ཡེ་ནས་གསལ་བའི་ཕྱིར།། ཀློང་གི་དཀྱིལ་འཁོར་ཆེན་པོ་བདེ་འཇམ་རྫོགས་སོ།།།། རྒྱ་གར་སྐད་དུ། སརྦ་ཨ་ཏ། བོད་སྐད་དུ། ཀུན་འདུས། བཅོམ་ལྡན་འདས་བྱ་བྲལ་བདེ་བའི་ངང་ལ་ཕྱག་འཚལ་ལོ།། ཆོས་སྐུ་ཡེ་ནས་རྣམ་པར་རབ་དབེན་པའི།། རྣམ་རྟོག་བླ་དགས་ཡུལ་ལས་འདས་པའི་ཕྱིར། ། ཡོད་མེད་སྟོང་པའི་མཐའ་ནི་དབྱིངས་སུ་གཅིག། དབྱིངས་ཉིད་གཅིག་ལ་ལྟ་བའི་ཁྱད་པར་དགུར་སྣང་སྟེ།། སྣང་འདོད་རྩོལ་བའི་སེམས་ནི་སྡུག་བསྔལ་ནད།། ཆོས་ཉིད་དང་གི་གནས་པའི་རང་བཞིན་ལས། ། ཐུགས་རྗེ་ཆེན་པོའི་མཁའ་ལྟར་ཁྱབ་པ་ནི།། ཐབས་ཀྱིས་རོལ་པས་འདོད་དགུར་བསྒྱུར་བའི་དཔལ།། ཆོས་རྣམས་སྣ་ཚོགས་ཇི་བཞིན་སྣང་བ་ལས།། ཐ་སྙད་ཐམས་ཅད་བྱང་ཆུབ་མཆོག་གི་ལམ།། སྙིང་པོ་བྱང་ཆུབ་མཆོག་ཏུ་ངེས་པ་ལས། ། གཟུང་འཛིན་བགྲོད་པའི་ཡུལ་ནི་ག་ལ་ཡོད།། ཐ་སྙད་ཙམ་དུ་འདུ་ཤེས་བྱ་མོད་ཀྱི།། དམ་དུ་བཅས་པའི་ཡུལ་ཡང་རྡུལ་ཙམ་མེད།། དམ་དུ་བཅས་པའི་ཡུལ་མེད་གསལ་བ་ན། ། དམ་དུ་བཅས་ཀྱང་ཡུལ་མེད་ནམ་མཁའ་འདྲ།། འདོད་དགུར་སྒྱུར་བའི་སྙིང་རྗེ་ཐབས་ཆེན་ལ།། བསམ་དགུ་ལྷུན་གྱིས་གྲུབ་པར་བྱེད་པ་ཡང།། ཡེ་ཤེས་ཀློང་དུ་ཤར་བའི་རྣལ་འབྱོར་པས།། ས་མཆོག་འདི་ནི་མ་བསྒྲུབས་ལྷུན་གྱིས་གྲུབ། ། བག་ལ་ཉལ་བའི་སྐྱོན་རྣམས་མ་ལུས་ཀུན།། ཡེ་ཤེས་འོད་གསལ་རང་ལ་ཤར་བའི་ཕྱིར།། ཐེག་ཆེན་འདི་ནི་མཁའ་ལ་ཉི་ཤར་བཞིན།། མཐའ་ཡི་མུན་པ་མེད་པར་ཡེ་ནས་གསལ།། སྒོམ་པའི་ཡུལ་ལ་འཛིན་པའི་གནས་མེད་པས། ། སྒོམ་བཅས་དེ་དག་འཛིན་པའི་སྡུག་བསྔལ་ཡིན།། སྒོམ་པའི་གནས་མེད་རིག་བ་རང་དབང་ན།། བསྒོམས་ཀྱང་སྐྱོན་མེད་ཐམས་ཅད་ནམ་མཁའི་ཀློང། ། གང་ཡང་མ་བཀོལ་ཀུན་གྱི་རེ་བ་ཀློང།། མཉམ་པ་ཉིད་ཀྱི་མན་ངག་གཏེར་ཆེན་གྱིས།། ཀུན་ལ་ཁྱབ་ཅིང་ཐམས་ཅད་རང་རྫོགས།། དེ་ལ་ཆ་ཤས་རིམ་པས་བཟའ་བ་མེད།། ཡེ་ནས་བདུད་རྩི་ཆེན་པོ་ཡིན་པ་ལ། ། གཞན་ནས་བཙལ་བས་འགྲུབ་པར་མི་འགྱུར་ཞིང།། མ་བཙལ་ལྷུན་གྱིས་གྲུབ་པའི་དབྱིངས་འགྱུར་ལ།། རྣམ་པ་ཀུན་ཏུ་ཆེ་བས་བྱང་ཆུབ་ལམ།། ཐམས་ཅད་དགོངས་སྤྱོད་ཡེ་ནས་དག་པ་ལ།། འཁྲུལ་དང་མ་འཁྲུལ་ཅིས་ཀྱང་ཉམས་པ་མེད། ། ཐམས་ཅད་འདུས་ཏེ་ཅིར་ཡང་མི་སྣང་བས།། དུས་གསུམ་རྒྱལ་བའི་དགོངས་པ་དེ་ན་གསལ།། བྱང་ཆུབ་ཀྱི་སེམས་ཀུན་འདུས་རྫོགས་སོ།།།། བཅོམ་ལྡན་འདས་རྡོ་རྗེ་བསྐལ་པའི་བདག་པོ་ལ་ཕྱག་འཚལ་ལོ།། སྲིད་བར་བཅས་པའི་འཇིགས་རྟེན་དང།། ཐུགས་རྗེར་བཅས་པའི་ཕོ་བྲང་ཀུན།། སྤྲུལ་པའི་འཁོར་ལོ་འོད་འབར་བའང།། མངོན་སུམ་སངས་རྒྱས་མཁའ་ལ་ཤར། ། ཕྱོགས་བཅུའི་འཇིག་རྟེན་མང་པོ་ནས།། སྤྱན་དྲངས་ལ་སོགས་རྩོལ་བའི་གནད།། བདེ་བ་གསལ་བའི་ཐིག་ལེ་ལས།། སངས་རྒྱས་གཞན་དུ་མི་རྩོལ་ལོ།། སེམས་དང་ཆོས་ལས་སངས་རྒྱས་གཞན་ན་མེད། ། མཉམ་ཉིད་ནམ་མཁའ་ལྟ་བུའི་རང་བཞིན་ལས།། སྣ་ཚོགས་མཚན་མ་རྡུལ་དུ་བརླག་བའི་ཕྱིར།། ཕྱག་རྒྱའི་ཚོགས་ཀྱང་བསྐལ་པའི་མེ་ལྟར་འབར།། ཡེ་ནས་ལྷུན་གྱིས་གྲུབ་པའི་རང་བཞིན་ལས། ། རྩོལ་བའི་སྡུག་བསྔལ་རྒྱ་མཚོའི་རླབས་དང་འདྲ།། ཆོས་སོ་ཅོག་གི་ངོ་བོ་ཉིད།། མ་བཙལ་གཞག་པས་རྡུལ་དུ་བརླག། ཐམས་ཅད་བདག་ཉིད་རང་གི་ལྷ།། དཀྱིལ་འཁོར་ཀུན་ཏུ་ཞུགས་པ་ལ།། དུས་གསུམ་མཉམ་སྦྱོར་འབྱུང་འཇུག་མེད། ། མ་བཙལ་ལྷུན་གྱིས་གྲུབ་པར་འགྱུར།། ཕྱི་ནང་སྤྱོད་ཡུལ་མ་ལུས་པ།། མཉམ་དག་ལྷུན་གྱིས་གྲུབ་པ་ལ།། དུས་གསུམ་མཉམ་པར་གཞག་པ་ནི།། བཅིང་དུ་མེད་པའི་ཕྱག་རྒྱ་ཡིན། ། མི་ཕྱེད་ཐིག་ལེར་གཅིག་པ་ལ།། དུས་གསུམ་འབྱུང་འཇུག་མེད་པ་ནི།། སངས་རྒྱས་ཀུན་དང་མཉམ་པའི་ཕྱིར།། བསྲུང་དུ་མེད་པའི་དམ་ཚིག་མཆོག། ཁམས་གསུམ་ངོ་བོ་རང་རིག་དབྱིངས།། ཕྱོགས་བཅུ་རྒྱ་དང་བྲལ་བ་ཡི། ། བཅོས་པ་མེད་པའི་འཁོར་ལོ་ལ།། མ་བཀོད་ཤར་བའི་དཀྱིལ་འཁོར་མཆོག། ཐམས་ཅད་མངོན་སུམ་ཤར་བ་ཡང།། བྱིན་རླབས་མཐུ་ལ་མི་ལྟོས་པར།། ཡིད་བཞིན་ལྷུན་གྱིས་གྲུབ་པ་ནི།། བསྔོ་དང་བྲལ་བས་མཆོད་པའི་མཆོག། རྟོག་པའི་རྒྱལ་མཚན་ཤར་བའི་ཕྱིར།། ཐམས་ཅད་ངོ་བོ་བདག་ཉིད་སྐུ།། དོན་ལ་རིམ་པས་མི་འགྲུབ་པས།། ཐོག་པ་མེད་པ་དབང་གི་མཆོག། ཕྱོགས་བཅུའི་འཇིག་རྟེན་རབ་འབྱམས་ན། ། གཡོ་ཞིང་བསྐྱོད་པའི་ཆོས་རྣམས་ཀུན།། རང་བྱུང་སྦྲུལ་པ་བསམ་ཡས་ཀྱིས།། བྱ་བྱེད་མེད་པའི་འཕྲིན་ལས་ཕུལ།། མི་དམིགས་བྱམས་པ་ཆེན་པོ་སྟེ།། མཐའ་ཡས་ཐུགས་རྗེ་ཆེན་པོ་ཡིན། ། རབ་འབྱམས་བདེ་ལ་དགའ་བ་སྟེ།། སྟོང་ཉིད་གསལ་བ་བཏང་སྙོམས་སོ།། གསང་སྔགས་ཆེན་པོའི་ཁྱད་པར་ནི།། རང་རིག་རྒྱལ་བའི་ཐུགས་རྗེ་ཡིས།། བག་ཆགས་རྡུལ་དུ་རློག་པ་དང།། མཚན་མ་ཟིལ་གྱིས་གནོན་པ་ནི། ། ཁྱུད་ཆེན་མཁའ་ལ་ཐོགས་མེད་པས།། སྟེང་འོག་རིམ་གྱིས་མི་བགྲོས་དེ།། སྣང་བ་དུས་གཅིག་གསལ་བ་ནི།། སྐྱེ་འགྲོ་འདུལ་བའི་གཉེན་པོ་ཡིན།། སེང་གེའི་སྐད་ལ་འཇིགས་མེད་པ།། གཅན་གཟན་རིམ་གྱིས་མི་འདུལ་ཏེ། ། གཞན་གྱིས་རྩོལ་པས་མི་ཆུད་པས།། དུད་འགྲོ་འདུལ་བའི་གཉེན་པོ་ཡིན།། རང་བཞིན་གསལ་བའི་བྱང་ཆུབ་སེམས།། རྒྱུ་འབྲས་རིམ་གྱིས་མི་བགྲོད་དེ།། བདེ་ཆེན་མཁའ་ལ་ཐོགས་མེད་པས། ། རྣམ་རྟོག་སྒྲོལ་བའི་གཉེན་པོ་ཡིན།། བྱང་ཆུབ་སེམས་མི་འགྱུར་བའི་རྡོ་རྗེ་ཐུགས་རྗེ་ཆེན་པོའི་འོད། གནམ་སྤར་འདེབས་རྫོགས་སོ།།།། བཅོམ་ལྡན་འདས་བདེ་ཆེན་རྫོགས་པའི་ཀློང་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་ནི་ཀུན་ཏུ་བཟང།། བདག་དང་གཞན་དོན་གནས་མེད་པས། ལྷུན་གྱི་རྫོགས་པའི་ངང་ཉིད་ལ།། སྐྱེ་དང་འཆི་མེད་འགྱུར་བའི་ཆོས་མེད་དོ།། དག་པས་བདུད་རྩི་ཆེན་པོ་ཡང།། མི་འགྱུར་གསལ་བས་གསེར་གཞིན་ཏེ། ། དགེ་སྡིག་སོ་སོར་བཅིངས་པ་ཡིས།། རྣམ་གྲོལ་ཐར་པ་བཅིངས་པ་ཧ།། གང་གིས་དེ་ལྟར་མ་རིག་སྟེ།། དོན་མེད་སྒྲ་ཕྱིར་འབྲངས་པ་ཡང།། དགེ་སྡིག་གཉིས་ཀའི་ཕྱོགས་འཛིན་པས། ། དམིགས་མེད་ལྡོངས་ནས་འགྲོ་བ་ཧ།། དཀར་བས་དཀར་བའི་ཉི་མ་མེད།། གནག་པས་གནག་པའི་མུན་པ་མེད།། ཞི་བས་གསལ་བའི་ཐིག་ལེ་ལ།། ལྷག་པའི་ལྷ་ཡང་ཡོད་མ་ཡིན།། མུ་མེད་བརྡལ་བར་གནས་པའི་ཕྱིར། ། ཐམས་ཅད་དུ་ནི་གཅིག་པུ་ཉིད།། ནམ་མཁའ་ལྟ་བུའི་བདག་ཉིད་ལ།། སེམས་ཅན་མེད་ཅིང་སངས་རྒྱས་མེད།། རིག་པ་མེད་ཅིང་སངས་རྒྱས་མེད།། བྲི་བ་མེད་ཅིང་འཕེལ་བ་མེད།། དུས་གསུམ་ཐིག་ལེ་བདེ་བའི་ཕྱིར། ། སུ་ལ་ཕན་མེད་གནོད་མི་འགྱུར།། རྣམ་པར་དག་པའི་སྙིང་པོ་ལ།། མངོན་སུམ་ལྷུན་གྱི་གྲུབ་པ་ཧ།། མི་སྣང་འགྱུར་བ་མེད་པ་ནི།། ཤེས་རབ་ཐབས་ལས་འདས་པའི་ཕྱིར།། ལམ་དང་བྱང་ཆུབ་དང་མེད་པ་སྟེ། ། མེད་པའི་སྙིང་པོ་ཤར་བ་ཧ།། སྐལ་ལྡན་གང་ཞིག་འབྱུང་བ་ཡི།། དོན་དུ་གསུངས་པའི་དགོངས་སྤྱོད་ཀྱང།། འདི་དོན་གདེངས་དང་ལྡན་པ་ཡིས།། གང་ལྟར་སྤྱད་ཀྱ་ང་མེ་ཏོག་སྐྱེ།། ཡང་དག་ངེས་པའི་ལུང་འདི་ཡང། ། རང་རིག་ཀློང་དུ་ཁྲོལ་འདོད་པས།། སེམས་ཀྱི་ཀློང་དུ་བརྣག་པ་ལས།། ཕལ་ལ་སྤྲོ་བར་མི་བྱའོ།། རྫོགས་པའི་སྤྱི་གཅོད་ཅེས་བྱ་བ་རྫོགས་སོ།།།། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ།། ཁམས་གསུམ་ལས་འདས་ཡིད་བཞིན་ནོར་བུ་རིན་པོ་ཆེ།། བགྲོད་མེད་རྣམ་པར་གྲོལ་བའི་ལམ་སྟོན་པ།། གཞན་ནས་བཙལ་བར་རྙེད་པར་མི་འགྱུར་ཏེ། ། ཐིག་ལེ་ཆེན་པོ་ཀུན་ལ་ཁྱབ་པར་གནས།། རང་བྱུང་ཡེ་ཤེས་མ་བཅོས་འོད་གསལ་བ།། བདེ་ཆེན་བཙལ་དུ་མེད་པས་སྙིང་པོའི་དོན།། སྣང་མཛད་ཉིད་ནི་རྟག་པར་ཀུན་ཏུ་བཟང།། གཉིས་མེད་བདེ་བའི་ངང་སྟེ་ལྷུན་གྱིས་གྲུབ། ། གཡུང་དྲུང་ཆེན་པོའི་ཀློང་དུ་ཤར་བ་ཡིས།། བདེ་བ་ཆེན་པོའི་ལོངས་སྤྱོད་རྫོགས་པ་ཡང།། རྟོག་དཔྱོད་མཚན་མ་ཀུན་ལས་འདས་པའི་ཕྱིར།། དྲང་སྲོང་ཆེན་པོ་ཉིད་ཀྱི་སྤྱོད་ཡུལ་ཡིན། ། ཐམས་ཅད་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ལ།། ཤེས་ཏེ་རྟོག་པའི་ཀློང་དུ་མཉམ་གཞག་ནས།། གྲུབ་པའི་ཁྱད་པར་མངོན་དུ་ཤར་བའི་ཚེ།། ཁམས་གསུམ་ཀུན་ཀྱང་བདག་གི་ཞབས་ལ་འདུད།། བྱང་ཆུབ་ཀྱི་སེམས་ཁམས་གསུམ་སྒྲོན་མ་རྫོགས་སོ། །།། རྡོ་རྗེ་སེམས་དཔའ་ནམ་མཁའ་དང་མཉམ་པའི་རྒྱུད་བཞུགས་སོ། ། རྒྱལ་བ་ཀུན་གྱི་ངོ་བོར་གྱུར།། འདས་པའི་སངས་རྒྱས་དེ་བཞིན་གཤེགས།། རྡུལ་གྱི་ཞིང་དང་རབ་མཉམ་པ།། རང་བྱུང་རྫོགས་པའི་དོན་ཐོབ་ནས།། དགོངས་པ་རྣལ་དུ་བཞག་ལས་བྱུང།། མ་བྱོན་དཔལ་ལྡན་དེ་བཞིན་གཤེགས། ། ནམ་མཁའི་མཐའ་དང་རབ་མཉམ་པ།། རྫོགས་ཆེན་ལྷུན་གྲུབ་དོན་རྟོགས་ནས།། དགོངས་པ་རྣལ་དུ་བཞག་པས་འགྲུབ།། སངས་རྒྱས་ཀུན་གྱི་དགོངས་པ་ནི།། ཇི་སྙེད་ཆོས་རྣམས་མ་ལུས་པ། ། སྙིང་པོ་གཅིག་ཏུ་ཀུན་འདྲ་པས།། དེ་ཉིད་མ་བཅོས་དགོངས་པ་སྟེ།། རྟོགས་ནས་ཡན་པར་བཞག་ལས་བྱུང།། མ་སྐྱེས་སྐྱེ་བ་རང་ལོག་པ།། རྨི་ལམ་སད་པའི་སྤྱོད་ཡུལ་ལྟར།། རྟོགས་ནས་དོན་འཛིན་རྣལ་འབྱོར་པས། ། མ་བཅོས་བཞག་པས་བདེ་བར་གྲོལ།། རྡོ་རྗེ་སེམས་དཔར་རང་གྲུབ་པ།། དཔག་མེད་ཡེ་ཤེས་ལས་བྱུང་བའི།། སངས་རྒྱས་སྣ་ཚོགས་སྐུར་བྱུང་ནས།། མངོན་སུམ་རང་གི་སྙིང་ལ་ཐིམ། ། དཔག་མེད་ཡེ་ཤེས་ཆུ་བོའི་རྒྱུན།། སྤྱོད་ཡུལ་མ་ལུས་རྒྱུན་མི་འཆད།། རྣལ་འབྱོར་སྐལ་ལྡན་གྲོལ་འདོད་པས།། འཐུངས་པ་ཙམ་གྱིས་རྣམ་པར་གྲོལ།། དེ་བས་སྲིད་པའི་རྒྱ་མཚོ་ཉིད།། རྣལ་འབྱོར་ཐབས་ལྡན་སྐྱེས་བུ་ཡིས། ། རྒྱལ་བའི་བཀའ་གསང་སྙིང་པོ་ལ།། རྟོགས་པས་མི་བསྐྱོད་བདེར་གནས་སོ།། ཇི་སྲིད་ནམ་མཁའི་མཐར་ཐུག་པའི།། ཇིསྙེད་སྣངགྲགས་མ་ལུས་པ།། མ་ལུས་སྙིང་པོ་གཅིག་ཏུ་གནས།། དེ་ཉིད་རྡོ་རྗེ་སེམས་དཔའ་སྟེ། ། མ་ལུས་དངོས་འདི་ཐམས་ཅད་ཀུན།། མ་བཅོས་རྫོགས་པའི་རྣལ་འབྱོར་ལ།། མ་ལུས་རྡོ་རྗེ་སེམས་དཔར་ནི།། མངོན་སུམ་གཟུགས་ཀྱི་གནས་པར་འགྱུར།། ནམ་མཁའི་མཐའ་དང་མཉམ་སྦྱོར་བའི། ། རྫོགས་ཆེན་དོན་ལ་གང་གནས་པས།། དངོས་པོ་གང་དང་གང་སྣང་ཡང།། དགོངས་པ་རྣལ་དུ་གཞག་པར་བྱའོ།། དཔག་མེད་ཡེ་ཤེས་འཁོར་ལོ་ཅན།། སངས་རྒྱས་ཀུན་གྱི་སྙིང་པོ་ཉིད།། ནམ་མཁའ་ལྟ་བུ་དཔག་མེད་པ། ། རང་ཉིད་དེ་ལྟར་གནས་པར་བྱ།། མཐའ་དབུས་ཕྱོགས་རིགས་དང་བྲལ་བ།། ཡེ་ཤེས་རང་བྱུང་བསམ་མི་ཁྱབ།། དགག་བསྒྲུབ་རེ་དོགས་ཆད་པ་ཡི།། བསྒོམ་དུ་མེད་པའི་ཚུལ་གྱིས་གནས།། རང་བཞིན་འབབ་ཆུ་ཇི་བཞིན་དུ། ། མ་བསྒོམས་རང་གཞག་དགོངས་པའི་ལུང།། མ་ལུས་རྣལ་དུ་བཞག་པ་ནི།། རང་དགར་གནས་པའི་སྟོབས་ལས་འགྲུབ།། དབང་པོ་གང་དང་གང་སྣང་བ།། ཡེ་ཤེས་ནམ་མཁའི་འོད་དུ་གསལ། ། ཉི་འོད་ནམ་མཁའི་ཆུ་རླབས་ལྟར།། མ་བཅོས་རང་གྲོལ་ཉིད་ལ་ཐིམ།། དཔག་མེད་ནམ་མཁའི་རང་བཞིན་ལ།། ཤར་མེད་ཉི་མའི་འོད་ཀྱིས་གང།། ཤར་བ་མེད་ཅིང་ནུབ་པ་མེད།། ནམ་མཁའི་མཐར་ཐུག་བར་དུ་གནས། ། སངས་རྒྱས་ཀུན་གྱི་བདེ་ཆེན་འདི།། དགོངས་པས་མ་བཅོས་རྣལ་གཞག་པ།། རིམ་པར་བརྒྱུད་པའི་གསང་བའི་གཏེར།། བསྐལ་པར་སྦྱངས་པའི་རྣལ་འབྱོར་རམ།། དབང་པོ་ཆིག་ཆོད་གང་རུང་ལ། ། ཀློང་དགུ་རྒྱ་མཚོ་བཅུད་བསྡུས་པའི།། དབང་པོ་ཡན་བཞག་གསང་བའི་ཐབས།། དགོངས་པ་རྣལ་བཞག་གྲོལ་བའི་ལམ།། རྣལ་འབྱོར་ཐབས་ཀྱི་གསང་ཆེན་འདི།། སྐལ་ལྡན་གཅིག་གི་སྤྱོད་ཡུལ་ཏེ། ། དམན་པ་རྣམས་ཀྱི་སྤྱོ་ཡུལ་མིན།། དགོངས་པ་རྣལ་བཞག་ཡེ་ཤེས་ཡིན།། ཞེས་གསུངས་སོ།། ནམ་མཁའི་མཐའ་དང་མཉམ་པའི་རྒྱུད་ཆེན་པོ་ལས།། དགོངས་པ་རྣལ་དུ་གཞག་པའི་ལེའུ་སྟེ་ལྔ་བཅུ་བདུན་པའོ། །།། དེ་ནས་ཡང་སེམས་དཔའ་རྡོ་རྗེ་དམ་པ་དེ་ལ། འདུས་པ་ཆེན་པོའི་ཚོགས་རྣམས་ཀྱིས་འདི་སྐད་ཅེས་གསོལ་ཏོ།། སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱི།། སྐུ་དང་གསུང་དང་ཐུགས་ཀྱི་རྒྱུད།། གསང་བ་ཀུན་གྱི་བདག་ཉིད་དེ། ། རྒྱུད་ཀྱི་དོན་ནི་ཇི་ལྟ་བུ།། རྩ་བ་ཞེས་ནི་ཇི་ལྟར་ལགས།། ཕྱི་མ་ཞེས་ནི་ཇི་ལྟར་ལགས།། གསང་བ་ཞེས་ནི་གང་ལ་བགྱི།། དེ་ཡི་བརྡ་ནི་ཇི་ལྟར་ལགས།། དེ་ནི་དོན་ནི་བཤད་དུ་གསོལ།། ཞེས་ཞུས་སོ། ། དེ་ནས་བཅོམ་ལྡན་འདས་གསང་བའི་བདག་པོ་ཕྱག་ན་རྡོ་རྗེས།། འཁོར་གྱི་ཚོགས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། འདས་དང་ད་ལྟར་མ་བྱོན་པའི།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི།། སྐུ་དང་གསུང་ཐུགས་རྡོ་རྗེ་ཡི། ། མ་བཅོས་སྙིང་པོར་རོ་གཅིག་པའི།། ཡེ་ཤེས་རང་བྱུང་སྐྱེ་མེད་ཀློང།། རྟག་ཏུ་གནས་པ་གང་ཡིན་རྒྱུད།། དེ་ཡི་ངོ་བོ་བསྟན་པའི་ཕྱིར།། བྱིན་རླབས་ཡེ་ཤེས་རྒྱ་མཚོ་ཉིད།། རྒྱལ་བ་རྒྱ་མཚོ་རྣམས་ལ་བརྒྱུད། ། དེ་དག་གསང་བའི་དོན་ཉིད་ནི།། སྐལ་ལྡན་རྒྱལ་སྲས་དཔག་མེད་ལ།། ཏིང་འཛིན་རིག་པ་མཆོག་གི་རྒྱུད།། དེ་ནས་ཐུགས་རྗེ་བྱིན་རླབས་ཀྱིས།། དུས་གསུམ་རྒྱལ་བའི་སྐུ་གསུང་ཐུགས།། ཚིག་དང་ཡི་གེར་མངོན་སྤྲུལ་ནས། ། རང་རྒྱུད་དག་པའི་སྐྱེ་བོ་ལ།། འཁོར་བ་སྙིང་པོར་དགྲོལ་བའི་ཕྱིར།། རྣ་བརྒྱུད་འཕྲུལ་ཚིག་ངག་གི་རྒྱུད།། གང་གི་གང་ལ་གང་བརྒྱུད་པས།། འདི་ནི་རྒྱུད་ཅེས་བྱ་བར་བརྗོད།། ཆོས་རྣམས་མ་ལུས་ཐམས་ཅད་དང། ། བཀའ་རྒྱུད་ཐེག་པ་མ་ལུས་ཀྱི།། བརྗེད་བྱ་དོན་གྱི་སྙིང་པོ་ནི།། མ་ལུས་རྫོགས་པ་ཆེན་པོ་ཉིད།། ཇི་སྙེད་ཐེག་པ་མ་ལུས་པའི།། ཐབས་ཀྱིས་བསྒྲུབས་པའི་འབྲས་བུ་ནི།། ཇི་སྙེད་སྐུ་གསུང་ཐུགས་སྣང་བ། ། མ་བཅོས་ཆོས་སྐུའི་ངོ་བོར་འདུས།། ཇི་སྙེད་སངས་རྒྱས་སེམས་ཅན་དང།། བསྟན་པའི་ཕུང་པོ་མ་ལུས་དང།། ཕྱི་ནང་སྣོད་བཅུད་མ་ལུས་པ།། རྩ་བ་རང་སེམས་རྡོ་རྗེ་ཉིད།། དེ་ཉིད་རྫོགས་ཆེན་ཐིག་ལེའི་རྒྱུད། ། ཀློང་དགུའི་བསྟན་པ་རྒྱ་མཚོའི་རྒྱུད།། མ་ལུས་འཕྲོས་པས་རྩ་བ་སྟེ།། ཡན་ལག་རྟོགས་པ་ཀུན་དང་འབྲེལ།། གཅིག་དོན་རྟོགས་པས་ཀུན་དོན་རྟོགས།། དཔེར་ན་ལུས་དང་ཡན་ལག་བཞིན། ། འདིས་ནི་རྩ་བའི་རྒྱུད་ཅེས་བྱ།། གང་དུ་སྟོན་པས་གསུངས་པའི་དོན།། འཁོར་ལ་ཐོག་མར་གྲགས་པ་ཉིད།། རྟོགས་པར་དཀའ་བའི་གསང་བ་ལ།། རྒྱལ་ཚབ་སྐྱེས་བུས་ཕྱིས་གསུངས་པ།། དེ་ནི་རྒྱུད་ཀྱི་ཕྱི་མར་འདོད། ། སྔ་མ་རྟོགས་པར་དཀའ་བའི་དོན།། ཕྱིས་རྟོགས་པས་ཀྱང་ཕྱི་མ་ཡིན།། འཁོར་གྱི་དངོས་པོ་རྒྱལ་ཚབ་ལ།། འདུས་པའི་འཁོར་ཚོགས་ཕལ་པ་ཡིས།། ཕྱིས་ནས་ཞུས་པས་ཕྱི་མ་ཡིན།། སྔ་མ་མྱ་ངན་འདས་པ་སྟེ། ། ཕྱི་མ་འཁོར་བ་ཉིད་དུ་གསུངས་སོ།། སྔ་མ་སྦས་པའི་རང་བཞིན་ལ།། ཕྱི་མ་གསལ་བར་བྱེད་པའོ།། འདི་ནི་ཕྱི་མ་ཞེས་སུ་བཤད།། སངས་རྒྱས་ཀུན་གྱི་གསང་ཆེན་ནི།། ཆོས་སོ་ཅོག་གི་སྙིང་པོ་སྟེ། ། ཀུན་གྱི་རྟོགས་པར་དཀའ་བ་ནས།། གསང་བ་ཉིད་དུ་དེ་གསུངས་སོ།། དུས་གསུམ་རྒྱལ་བ་ཐམས་ཅད་ཀྱི།། སྐུ་གསུང་ཐུགས་ཀྱི་རྒྱུད་ཆེན་ནི།། རྫོགས་ཆེན་བསྟན་པའི་སྙིང་པོ་སྟེ།། དམན་པའི་ཡུལ་དུ་མ་གྱུར་བས། ། དགུ་རུམ་སྦས་པའི་དོན་གསང་བའི།། ཡང་དག་སངས་རྒྱས་རྡོ་རྗེ་འཆང།། སྐུ་གསུང་ཐུགས་ཀྱི་བདེ་ཆེན་པོ།། དཔག་མེད་སངས་རྒྱས་བྱང་ཆུབ་སེམས།། མ་ལུས་རྡུལ་སྙེད་ཀུན་གྱིས་ཀྱང། ། དགོངས་སྤྱོད་རྟོགས་པར་མ་གྱུར་པས།། གསང་བ་ཉིད་དུ་དེ་བརྗོད་དོ།། གང་དུ་མ་བཅོས་རྫོགས་ཆེན་པོ།། ཐོག་མ་མཐའ་མ་དབུས་མེད་པ།། རྡོ་རྗེ་ནམ་མཁའི་དཀྱིལ་ལྟ་བུ།། བརྟག་ཅིང་སྤྱད་པ་ལས་འདས་པ། ། དེ་མཚོན་བརྡ་དོན་ཐམས་ཅད་དེ།། སངས་རྒྱས་བྱང་ཆུབ་སེམས་དཔའ་དང།། བསྟན་པའི་ཐེག་པ་ཐམས་ཅད་དང།། སྣང་སྲིད་ཕྱི་ནང་སྣོད་བཅུད་ཀུན།། རང་བྱུང་རྫོགས་པ་ཆེན་པོའོ།། མཚོན་དཔེ་བརྡར་གྱུར་མ་ཡིན་མེད། ། བླ་མ་དག་ནི་བདག་ཉིད་དང།། དྲན་རྟོག་རྒྱུ་བ་ཀུན་ཀྱང་བརྡ།། བརྡ་ལ་ཆགས་པར་གང་གྱུར་བ།། དེ་ཉིད་རང་གིས་གང་བཅིངས་བ།། བརྡ་ཉིད་དོན་དུ་ཤེས་བྱས་ལ།། དོན་ཉིད་བྱ་བཙལ་མེད་པར་གྲོལ། ། འདུ་ཤེས་མེད་པའི་རང་བཞིན་ནི།། མ་ཡེངས་ཡན་པར་གཞག་པ་ཡིན།། ཕྱི་བརྡ་སྣང་བ་སྣ་ཚོགས་ཏེ།། ནང་བརྡ་རིག་པ་གང་སྐྱེས་ཉིད།། བརྡ་ཉིད་མ་བཅོས་དབྱིངས་ལ་ཐིམ།། ཕྱི་ནང་མ་བཙལ་རང་བཞིན་གཞག། ཅེས་གསུངས་སོ།། ནམ་མཁའི་མཐའ་དང་མཉམ་པའི་རྒྱུད་ཆེན་པོ་ལས།། རྒྱུད་སྔ་མ་དང་ཕྱི་མ་བཤད་པའི་ལེའུ་སྟེ་ལྔ་བཅུ་ང་བརྒྱད་པའོ།།།། དེ་ནས་ཡང་སེམས་དཔའ་རྡོ་རྗེ་དམ་པ་ལ།། འདུས་པའི་འཁོར་ཚོགས་ཀྱིས་འདི་སྐད་ཅེས་གསོལ་ཏོ། ། དུས་གསུམ་རྒྱལ་བ་ཐམས་ཅད་ཀྱི།། སྐུ་གསུང་ཐུགས་ཀྱི་གསང་བའི་གཏེར།། བདེ་བ་ཆེན་པོ་མཐའ་དབུས་མེད།། ནམ་མཁའི་མཐའ་དང་མཉམ་པའི་རྒྱུད།། བདེ་བ་ཆེན་པོ་གང་གི་དོན། ། ཐབས་ཀྱི་ཁྱད་པར་ཇི་ལྟ་བུ།། ཇི་སྙེད་རྟག་པ་ཇི་ལྟར་རྟག། དོན་ལ་སྔ་ཕྱི་ཡོད་མི་ཡོད།། མ་ལུས་མགོན་པོ་གཙོ་བོ་ཆེས།། འདུས་པའི་ཚོགས་ལ་ངེས་པར་གསུངས།། ཞེས་གསོལ་ཏོ།། དེ་ནས་དེ་བཞིན་གཤེགས་པ་གསང་བའི་བདག་པོས་ཞུས་པའི་དོན་མཁྱེན་ནས་འདི་སྐད་ཅེས་བཀའ་སྩལ་ཏོ། ། གང་གིས་གཡོ་བའི་དོན་བསྟན་ནས།། འབར་དང་འཛག་པའི་རྣམ་པ་ཅན།། བདེ་བ་ཆེན་པོ་ཐོབ་པར་འདོད། ། བདེ་བ་ཟག་བཅས་ཐོབ་པར་འགྱུར།། གནས་དང་ལངས་དང་གཅིག་ཏུ་སྡུད།། འཛིན་དང་སྤྲོད་དང་སྤོར་བ་དང།། ཁྱབ་དང་ཡུན་རིངས་གནས་པ་དང།། འདྲེན་དང་ཕ་རོལ་འཇུག་པ་ཉིད། ། གཡོ་བ་རླུང་གི་ལས་སུ་བཤད།། གང་གིས་རྒྱུ་བ་བཅད་པ་ལས།། བརྟགས་པའི་སྣང་བ་ཀུན་འགྲུབ་སྟེ།། བདེ་བའི་རོ་ཡིས་ལུས་གང་ནས།། འདར་དང་བརྒྱལ་བ་ལ་སོགས་འབྱུང།། དངོས་པོ་གང་རུང་སྣང་བ་ལ། རིག་པ་རྩེ་གཅིག་བརྟགས་པའི་ཚེ།། དབང་པོ་རྒྱུ་བ་རང་ལོག་ནས།། བདེ་བ་ཆེན་པོ་ལུས་སུ་སྨིན།། རྣམ་སྨིན་ཡིད་དང་ཏིང་འཛིན་དང།། ཡེ་ཤེས་ལྷ་མོ་མཉམ་སྦྱར་ནས།། རང་ལུས་བདེ་བ་ཆེན་པོར་སྨིན། ། རིམ་སྣང་བདེ་བས་ཚིམ་པར་བྱེད།། ཇི་ལྟར་ཐབས་ལ་བསྟན་པ་ཡིན།། སྦྱོར་བའི་ཡན་ལག་མ་ལུས་པ།། དང་པོ་གཟུད་ཅིང་སེམས་སྦྱང་ཕྱིར།། ཆོ་གའི་རིམ་པ་བསྟན་པ་ཡིན།། བདེ་བ་ཆེན་པོ་རྒྱུ་རྐྱེན་མེད། ། ཟག་པ་མེད་པ་འདུས་མ་བྱས།། ནམ་མཁའ་ལྟ་བུར་དཔག་མེད་པ།། འདི་ནི་བདེ་བ་ཆེན་པོ་ཉིད།། རང་བྱུང་མ་བཅོས་བདེ་ཆེན་འདི།། ཐེག་པའི་ཁྱད་པར་ཇི་སྙེད་པས།། བསྐལ་པ་བརྒྱ་ནི་མཆོད་གྱུར་ཀྱང། ། རང་བྱུང་རྫོགས་པ་མཐོང་མི་འགྱུར།། དེ་བས་ཚད་ལྡན་སློབ་དཔོན་ལ།། གཞུང་ལྡན་མ་ཉམས་སློབ་བུ་ཡིས།། སངས་རྒྱས་འདུ་ཤེས་ཉེར་གཞག་སྟེ།། མ་རབས་འདུ་ཤེས་ཀུན་སྤངས་ནས།། ལུས་དང་ལོངས་སྤྱོད་རིན་ཆེན་གྱིས། ། སངས་རྒྱས་ཐམས་ཅད་མཉེས་ཕྱིར་དབུལ།། དེ་ནས་ཨ་ཡི་རང་བཞིན་གྱིས།། ཡི་གེ་མེད་པའི་ཤེས་པ་ཉིད།། ཀུན་ལ་ཁྱབ་པའི་རང་བཞིན་ཅན།། བཙལ་བ་མེད་པར་ཕ་རོལ་ཕྱིན།། མ་ལུས་རྩད་ནས་གཅོད་པའི་ཕྱིར། ། སྤུ་གྲི་ལྟ་བུས་རྟོགས་པར་བྱ།། རྟོགས་པའི་རྒྱལ་པོ་ཆེན་པོ་ལས།། དངོས་པོ་ཇི་སྙེད་བསྟན་པ་ཡང།། སྔ་ཕྱི་མེད་པའི་ཤེས་པ་སྟེ།། རང་བྱུང་ཐོག་བབས་ཉིད་དུ་གནས།། ཐོག་མ་མཐའ་མ་མེད་པ་ཡི། ། དྲན་རྟོག་སྒྲིབ་པ་རྒྱུ་བའི་ཚོགས།། ཐབས་ལ་བརྟེན་པའི་ཡེ་ཤེས་ཀྱིས།། མ་ལུས་དྲི་མེད་སྣང་བར་འགྱུར།། མ་ལུས་རང་བཞིན་བདེ་ཆེན་པོ།། མཁའ་ལྟར་དྲི་མེད་གསང་བའི་ཐུགས།། རང་སྣང་སྙིང་པོ་མ་རྟོགས་ན། ། དཔག་མེད་བསྟན་པ་ངལ་བའི་རྒྱུ།། སོ་སོ་བསྟན་པའི་རྒྱ་མཚོའི་རྒྱུད།། ལུང་དང་རིག་པ་མངོན་རྟོགས་དང།། སྣ་ཚོགས་ཆོ་ག་ལ་བརྟེན་པས།། རང་རང་མཐུན་སྣང་འབྲས་བུ་འགྲུབ།། མ་ལུས་ཀུན་འབྱུང་དྲི་མེད་ཀྱི། ། རང་སྣང་འབྲས་བུ་ཐོབ་མི་འགྱུར།། སྔ་ཕྱི་དུས་གསུམ་དབྱེར་མེད་པའི།། རིག་པ་ཉིད་ལ་ཀུན་རྫོགས་པས།། སངས་རྒྱས་སེམས་ཅན་དུས་མཉམ་སྟེ།། སྔ་ཕྱི་ཁྱད་པར་བསྟན་པ་མེད། ། རྒྱལ་བའི་སྐུ་དང་གསུང་ཐུགས་ལ།། སྔ་ཕྱི་ཁྱད་པར་མི་གནས་ན།། དེས་གསུངས་བསྟན་པ་རྒྱ་མཚོའི་དོན།། སྔ་ཕྱི་མེད་པའི་དུས་མཉམ་ཡིན།། མ་ལུས་ཀུན་འདུས་རིག་པའི་གཏེར།། གསང་བ་རྒྱ་མཚོ་བསམ་མི་ཁྱབ། ། ཕྱོགས་ལས་འདས་པས་ཡུལ་མི་འཇུག། རྟོགས་ནས་ཅི་བདེར་ཡན་དུ་ཁྱེར།། མ་བཅོས་རིག་པའི་འོག་མིན་ཏེ།། ཕྱི་ནང་རྟོག་པ་ཟླ་བ་ཉིད།། བསམ་གྱིས་མི་ཁྱབ་རྟོགས་པའི་དུས།། དྲན་རྟོག་སྐལ་ལྡན་རྒྱལ་སྲས་འཁོར། ། རྟོགས་པའི་རིག་པར་ཐམས་ཅད་བསྡུས།། བསྟན་པས་རྟོགས་པ་རྩ་བ་སྟེ།། མ་ཡེངས་རླུང་འཇུག་ཕྱི་མ་ཡིན།། ཞེས་གསུངས་སོ།། ནམ་མཁའི་མཐའ་དང་མཉམ་པའི་རྒྱུད་ཆེན་པོ་ལས། ། ཕྱི་རོལ་གྱི་རྒྱུད་མི་གནས་ཏེ་གཅིག་ཏུ་བསྟན་པའི་ལེའུ་སྟེ་ལྔ་བཅུ་ང་དགུ་པའོ།།།། དེ་ནས་ཡང་སེམས་དཔའ་རྡོ་རྗེ་དམ་པ་དེ་ལ། འདུས་པ་ཆེན་པོའི་ཚོགས་ཀྱིས་འདི་སྐད་ཅེས་གསོལ་ཏོ།། དུས་གསུམ་རྒྱལ་བ་ཐམས་ཅད་ཀྱི། ། གསང་བའི་འཁོར་ལོ་རིག་པའི་ཐུགས།། སྒྲོ་འདོགས་སྐུར་འདེབས་རྣམ་པར་གཅོད།། ནམ་མཁའི་མཐའ་དང་མཉམ་སྦྱོར་བའི།། མཚན་གྱི་རྣམ་གྲགས་ཇི་ལྟ་བུ།། མགོན་པོ་དཔའ་བོས་བདག་ལ་གསུངས། ། ཞེས་གསོལ་ཏོ།། དེ་བཞིན་གཤེགས་པ་གསང་བའི་བདག་པོ་ཕྱག་ན་རྡོ་རྗེས་འདི་སྐད་ཅེས་བཀའ་སྩ་ཏོ།། འདུས་པའི་ཚོགས་ཆེན་པོ་ལེགས་པར་ཉོན།། ཇི་སྙེད་ཐེག་པ་ཐམས་ཅད་དང། ། བསྟན་པར་གྲགས་པ་ཐམས་ཅད་ཀུན།། རང་བྱུང་སེམས་ལས་སྣང་བས་ན།། རྒྱུད་འདི་མཚན་མར་མ་འགྱུར་མེད།། མ་ལུས་ཀུན་འདུས་བྱང་ཆུབ་སེམས།། བསྟན་པའི་ཡང་རྩེ་སྙིང་པོར་བཅུད།། ནམ་མཁའི་མཐའ་དང་མཉམ་པའི་རྒྱུད། ། མ་བཅོས་རིག་པར་གཏེར་གྱི་མཛོད།། ཡི་གེ་མེད་པ་དོན་གྱི་ལུང།། ཀུན་བཟང་རིག་པ་མཆོག་གི་རྒྱུད།། མ་ལུས་གནས་པའི་གསང་བ་ནི།། མ་བཅོས་ལྷུན་རྫོགས་སྙིང་པོའི་རྒྱུད།། ཁུ་བྱུག་ཀློང་དགུ་བསྟན་པའི་གཏེར། ། ཇི་སྙེད་འཁོར་འདས་མ་ལུས་དང།། ཐེག་པའི་ཁྱད་པར་འདིར་འདུས་ཤིང།། གློང་དགུ་བམ་པོ་ཉི་ཁྲིའི་དོན།། འཕྲོ་ཞིང་འདུས་པའི་རྩ་བའི་རྒྱུད།། མ་ལུས་འདུས་པའི་སྙིང་པོ་ནི། ། ཡན་ལག་གང་གིས་མི་མཚོན་ཏེ།། རྩ་བའི་ཐབས་འདིས་མཚོན་པའི་ཕྱིར།། འདི་དོན་རྟོགས་པས་ཀུན་རྟོགས་པའོ།། ཐ་མལ་དབང་པོ་རིམ་སྒོ་ནས།། བཅོས་མའི་ཐེག་པའི་དབང་བསྐུར་ནས།། རིམ་པས་ཟིལ་མནན་ཉམས་མྱོང་བསྐྱེད། ། མ་ལུས་རོ་གཅིག་ཀུན་རྒྱས་བཏབ།། ཐེག་པ་ཀུན་གྱི་ཡང་རྩེ་སྟེ།། ཀུན་གྱི་ཡུལ་དུ་མ་གྱུར་ཕྱིར།། འདས་དང་མ་བྱོན་ད་ལྟར་གྱི།། དགོངས་པ་རྩེ་གཅིག་འདིར་འདུས་པས།། དོན་གྱི་སྙིང་པོ་བཅུད་ཅེས་བྱ། ། རང་བྱུང་ཡེ་ཤེས་མཐའ་དབུས་མེད།། ཀུན་འབྱུང་དཀྱིལ་འཁོར་རྒྱ་དང་བྲལ།། ཐབས་འདིས་མཐའ་དབུས་མེད་པ་སྟེ།། རང་སྣང་ལྷུན་རྫོགས་སྙིང་པོར་སྟོན།། རང་བྱུང་རྟོགས་པའི་བྱང་ཆུབ་སེམས། ། འདི་ལ་མཐའ་དང་དབུས་མེད་པས།། ནམ་མཁའི་མཐའ་དང་མཉམ་པའི་རྒྱུད།། སྣང་སྲིད་བདེ་ཆེན་སྙིང་པོའི་རྒྱན།། མ་ལུས་ཀུན་འདུས་རིག་པའི་གཏེར།། རང་བྱུང་འོད་གསལ་སྙིང་པོ་ལ།། དགག་བསྒྲུབ་རེ་དོགས་འཇིགས་པ་མེད། ། མ་ལུས་འདུས་པའི་སྙིང་པོ་འདི།། མི་མཁས་བརྟགས་པ་རང་བཞིན་ཉིད།། མཁས་པས་རང་རྒྱུད་མེད་པར་རྟོགས།། མ་བཅོས་ཤེས་པ་བསམ་མི་ཁྱབ།། གང་རྟོགས་དུས་ནི་ཐམས་ཅད་དུ། ། གསང་བའི་གཏེར་སྒོ་ཕྱེ་བ་ཡིན།། སྤྱོད་ལམ་མ་ཆགས་ཕ་རོལ་ཕྱིན།། ཆེ་བ་རང་བྱུང་རྒྱུན་མི་འཆད།། རང་བྱུང་སེམས་ཉིད་སྙིང་པོ་འདི།། སྟོང་ཉིད་ནམ་མཁའི་ཀློང་དུ་གནས།། འདི་ལ་བརྡ་དང་ཐ་སྙད་དང། ། ཚིག་དང་ཡི་གེ་ལ་འདས་པ།། ཡི་གེ་མེད་པའི་རང་བཞིན་ཏེ།། ཡི་གེ་བརྡ་ལ་གང་བརྟེན་པས།། སྣང་སྲིད་ཡི་གེ་མེད་པའི་རྒྱུད།། སྟོང་ཉིད་ནམ་མཁའི་དབྱིངས་ལྟ་བུ།། ད་ལྟ་ཉིད་དུ་སྣང་བར་བྱེད། ། མ་བཅོས་ཐུགས་ཀྱི་མེ་ལོང་འདི།། ཇི་ལྟར་བལྟས་ཀྱང་ཀུན་ཏུ་བཟང།། ཀུན་བཟང་རྟོགས་པའི་དགོངས་སྤྱོད་འདི།། དམན་པའི་རིགས་ཅན་སྤྱོད་ཡུལ་མིན།། རང་བྱུང་འགྱུར་མེད་ཀུན་བཟང་འདི། ། ཐབས་ཆེན་གསལ་བས་ཀུན་ཏུ་བཟང།། མ་བཅོས་རིག་པས་ཀུན་ལ་ཁྱབ།། དུས་གསུམ་རྒྱལ་བ་ཀུན་གྱི་མཆོག། རང་བྱུང་བྱང་ཆུབ་སེམས་ཉིད་ནི།། ནམ་མཁའི་མཐའ་བཞིན་ཀུན་ཁྱབ་ཀྱང།། ཐབས་དང་ལྷན་ཅིག་མི་གནས་པས། ། རང་གསང་ཐབས་ཀྱིས་བཅད་པ་ཡིན།། གང་དེ་ཐབས་དང་བྲལ་བ་ཡིས།། ཇི་ལྟར་བཙལ་ཀྱང་མི་རྙེད་པ།། གསང་བ་ཐབས་ཀྱི་རིམ་པ་ཡིས།། མངོན་དུ་བསྟན་པའི་རྒྱུད་ཆེན་ཡིན།། རང་བྱུང་ལྷུན་རྫོགས་སྙིང་པོ་ལ། ། ཐབས་ཀྱིས་རེ་དོགས་བཅད་ནས་ནི།། དགག་བསྒྲུབ་ཞེན་རྩོལ་ཀུན་བྲལ་ཡང།། ཉི་འོད་རྒྱ་མཚོ་རིན་ཆེན་ལྟར།། མ་བཙལ་ལྷུན་གྱིས་རྫོགས་པའི་དོན།། ནམ་མཁའ་ལྟ་བུར་བར་ཆད་མེད། ། རྐྱེན་དང་སྦྱོར་ལ་རག་མ་ལུས།། རིག་པ་ཉམས་ཀྱིས་རྒྱུད་ཅེས་བྱ།། རྒྱལ་བ་རྣམས་ཀྱི་ངོ་བོ་ཉིད།། བསྟན་པ་རྒྱ་མཚོ་སེམས་ཀྱི་ཀློང།། བརྟགས་པའི་ཞེན་པ་གཅོད་བྱེད་ཅིང།། གདུལ་བྱ་སྤྲོ་བ་སྐྱེད་པར་བྱེད། ། མ་བཅོས་བརྟགས་པའི་སེམས་ཉིད་ནི།། ཕྱོགས་རིས་བླང་དོར་མི་མངའ་སྟེ།། མཐའ་དབུས་མེད་པར་འདི་སྟོན་པས།། ལྟ་བ་མཐའ་དབུས་མེད་པའི་རྒྱུད།། མ་བཅོས་འོད་གསལ་དོན་རྟོགས་པས།། མཐའ་བྲལ་ནམ་མཁའི་དཀྱིལ་འཁོར་ལ། ། མཚོན་ཆའི་འཁོར་ལོ་བསྐོར་བ་ལྟར།། རེ་དོགས་བྲལ་བའི་སྤྱོད་པ་ཉིད།། བླང་དོར་མེད་པ་སྤྱོད་པའི་རྒྱུད།། སྣང་སྲིད་མ་བཅོས་གཞལ་ཡས་སུ།། མ་བཅོས་སྐུ་གསུང་ཐུགས་ཀྱི་རྒྱན། ། སྐུ་གསུམ་རྟོགས་པའི་དོན་ལྡན་པས།། མ་ལུས་དཀྱིལ་འཁོར་ཆེན་པོ་ཉིད།། མ་ལུས་འདི་ཡིས་སྟོན་པས་ན།། དགོད་མེད་དཀྱིལ་འཁོར་རྒྱན་གྱི་རྒྱུད།། སྐལ་ལྡན་ཐུགས་ཀྱི་རྒྱལ་སྲས་ལ།། སྣང་སྲིད་དབང་གི་ངོ་བོ་རུ། ། སྐལ་ལྡན་དབང་ཕྱུག་རྒྱལ་པོས་བསྟན།། དབང་ཐོབ་རྒྱལ་སྲས་ཕྱིར་མི་ལྡོག། དབང་བསྐུར་ཐབས་ཀྱི་རྩ་བའི་ཕྱིར།། སྤྱི་བླུགས་དབང་གི་རྒྱུད་ཅེས་བྱ།། སྐལ་ལྡན་སྐྱེས་བུ་རྣལ་འབྱོར་པ།། དངོས་དོན་སྙིང་པོ་ལ་འཇུག་ཚེ། ། མ་བཅོས་ལྷག་པའི་དམ་ཚིག་བཞི།། ཕོག་པས་མ་བཅོས་དམ་ཚིག་རྟོགས།། མ་ལུས་དམ་ཚིག་འདིར་འདུས་ཤིང།། འབྱུང་ཞིང་སྤྲོ་བའི་སྙིང་པོ་བས།། འདའ་མེད་དམ་ཚིག་རྒྱལ་པོའི་རྒྱུད། ། མ་བཅོས་ཐུགས་ཀྱི་འཕྲིན་ལས་ལ།། ཐབས་ཀྱི་གསལ་ཏེ་བར་ཆད་མེད།། བྱ་བཙལ་ཞེན་པའི་འཕྲིན་ལས་མིན།། མ་བཙལ་རིག་པའི་འཕྲིན་ལས་ཉིད།། རྟོགས་ཤིང་སྟོན་པར་བྱེད་པས་ན།། བྱ་བྲལ་འཕྲིན་ལས་རྒྱུད་ཅེས་བྱ། ། རང་བྱུང་རྫོགས་པ་ཆེན་པོ་ལ།། མ་བཅོས་རྫོགས་པའི་རྣལ་འབྱོར་ནི།། ས་དང་ལམ་ལ་རིམ་མེད་དེ།། རྟོགས་པས་ས་རྣམས་དུས་གཅིག་མནན།། མཐའ་མེད་ནམ་མཁའ་ལྟ་བུ་ལ།། བགྲོད་མེད་ལམ་མཆོག་སྟོན་པའི་རྒུད། ། རང་བྱུང་ཕྱོགས་མེད་ནམ་མཁའ་ལ།། མ་བཅོས་ཡེ་ཤེས་ཤར་བའི་ཚེ།། རྐྱེན་དང་སྒྲིབ་པ་དྲན་རྟོག་རྣམས།། རྒྱ་མཚོ་ཆུ་དང་ཆུ་བུར་ལྟར།། མ་ལུས་ཡེ་ཤེས་ཉིད་དུ་གསལ།། མ་ལུས་རང་བྱུང་སྙིང་པོ་ལ། ། སྒྲིབ་མེད་གསལ་བར་སྟོན་པས་ན།། རང་བྱུང་ཡེ་ཤེས་གསལ་བའི་རྒྱུད།། ཏག་ཤ་ག་ཡི་རྒྱན་བཞིན་དུ།། ཇི་སྙེད་ཆེ་བའི་ཡོན་ཏན་རྣམས།། ཕྱོགས་མེད་བྱིན་རླབས་རང་སྣང་བས།། ལྷུན་གྲུབ་འབྲས་བུའི་རྒྱུད་ཅེས་བྱ། ། བཀའ་བརྒྱུད་ཀུན་གྱི་རྩ་བ་ནི།། རང་བྱུང་རྫོགས་ཆེན་སེམས་ཀྱི་རྒྱུད།། དེ་དག་ཇི་སྙེད་བསྟན་པ་ཀུན།། ཐམས་ཅད་འདི་ལས་འཕྲོ་ཞིང་འདུས།། ཞེས་གསུངས་སོ།། ནམ་མཁའི་མཐའ་དང་མཉམ་པའི་རྒྱུད་ཆེན་པོ་ལས། ། མཚན་གྱི་རྣམ་གྲངས་བསྟན་པའི་ལེའུ་སྟེ་དྲུག་ཅུ་པའོ།།།། དེ་ནས་ཡང་སེམས་དཔའ་རྡོ་རྗེ་ལ།། འདུས་པའི་ཚོགས་ཀྱིས་འདི་སྐད་ཅེས་གསོལ་ཏོ།། མ་བཅོས་རང་བྱུང་ཡེ་ཤེས་ཉིད། ། མ་ལུས་ཀུན་གྱི་རང་བཞིན་ལ།། རིམ་པ་ཁྱད་པར་མི་གནས་ཀྱང།། དབང་པོ་རྩལ་གྱི་ཁྱད་པར་སྣང།། དངོས་དོན་རྟོགས་དང་མ་རྟོགས་པའི།། རིམ་པའི་ཁྱད་པར་བདག་ལ་གསུངས།། ཞེས་གསོལ་ཏོ། ། དེ་ནས་དེ་བཞིན་གཤེགས་པ་གསང་བའི་བདག་པོས་འདི་སྐད་ཅེས་བཀའ་སྩལ་ཏོ།། རང་བྱུང་འོད་གསལ་མཐའ་དབུས་མེད།། ཐམས་ཅད་མ་བཅོས་བྱང་ཆུབ་སེམས།། དྲི་མེད་ནམ་མཁའི་ཀློང་བརྡལ་བས། ། རྣམ་པར་དབྱེ་བའི་ཆོས་མི་གནས།། མ་ལུས་རང་སྣང་བསྟན་པ་སྟེ།། རིག་པ་འཁོར་ལོར་བརྡ་ཡིས་བསྒྲགས།། རང་བྱུང་བསྟན་པ་ཐུགས་ཀྱི་བཅུད།། རང་བཞིན་ཁྱད་པར་འོད་དུ་འབར།། དཔེར་ན་ཉི་འོད་རིན་ཆེན་བཞིན། ། དབང་པོ་མེད་པའི་ཡུལ་མིན་ཏེ།། སྐལ་མེད་རིགས་ཆད་རྣལ་འབྱོར་པས།། ཇི་ལྟར་བཙལ་བར་མི་རྙེད་ཀྱང།། གང་ལྟར་བལྟས་ཀྱང་མི་མཐོང་ངོ།། དམིགས་བྲལ་ནམ་མཁའི་ཡུལ་ལས་འདས། ། རང་བྱུང་སྙིང་པོར་ཅིར་མི་གནས།། རྟོགས་དང་མ་རྟོགས་མཐའ་ཡས་ཀྱང།། སྙིང་པོའི་ངང་ལ་དེ་དག་མེད།། མ་ལུས་ཐུགས་ཀྱི་བསྟན་པ་འདི།། རང་བཞིན་འོད་གསལ་ཆེན་པོ་ཉིད།། མ་བཅོས་བདེ་བ་ཆེན་པོའི་ཀློང། ། རང་སེམས་བདེ་བ་ཆེན་པོའི་ཀློང།། རང་སེམས་ཕྱོགས་མེད་ནམ་མཁའི་དབྱིངས།། མཐར་ཐུག་མེད་པའི་ངོ་བོར་གནས།། རྒྱལ་བ་ཀུན་གྱི་དོན་ཆེན་དབྱིངས།། མཐར་ཐུག་མེད་པའི་ངོ་བོར་གནས། ། རྒྱལ་བ་ཀུན་གྱི་དོན་ཆེན་དབྱིངས།། མ་བཅོས་རིན་ཆེན་གཏེར་གྱི་ཀློང།། རིན་ཆེན་ལྷུན་གྲུབ་སྙིང་པོ་འདི།། རིན་ཆེན་འཕྲུལ་གྱི་ལྡེ་མིག་གིས།། ཐ་མལ་ཞེན་པ་རྣམ་པར་བཟློག། བརྟགས་པའི་འདུ་ཤེས་རྣམ་པར་བཀྲོལ། ། རང་སྣང་རིག་པའི་འཁོར་ལོར་བཅུག། སྒྲ་བྲལ་བསྟན་པ་རྒྱ་མཚོ་གསུངས།། འབྱེད་དང་འགྲོལ་དང་ངེས་པར་འབྱིན།། གསང་བའི་ལམ་ལ་མངོན་དུ་ཞུགས།། རེ་དོགས་གཉིས་འཛིན་རྣམ་པར་བཅད། ། རྒྱུ་དང་འབྲས་བུ་ཀ་ནས་བཟློག། བཅིང་གྲོལ་མེད་པ་ཐར་པའི་ལམ།། ཕྱོགས་མེད་རྒྱས་པའི་འོད་སྣང་བ།། རང་སེམས་དཀྱིལ་འཁོར་ཀློང་ནས་ཤར།། རང་བྱུང་ཐིག་ལེ་སེམས་ཀྱི་རོ།། བརྡ་བྲལ་མཉམ་པའི་སེམས་ཀྱི་མྱོང། ། རིག་པའི་འཁོར་ལོར་ཀུན་བསྐོར་བས།། སྒྲོ་དང་སྐུར་བ་རང་བཞིན་ཆད།། ཐམས་ཅད་བདེ་བ་ཆེན་པོའི་དབྱིངས།། འོད་གསལ་རྒྱུ་འདས་རིམ་འཇུག་མེད།། དང་པོར་རྟོགས་པའི་རང་བཞིན་ནི། ། རྒྱ་མཚོ་ཆུ་འཛིན་ལྟ་བུར་གནས།། རང་གི་མཚན་ཉིད་གསལ་རྟོགས་པ།། འབྲུ་བཅུད་ཉམས་སུ་མྱོང་ལྟར་གནས།། ཐ་མ་རིན་ཆེན་སྦྱངས་པ་ལྟར།། རང་བྱུང་ཡོན་ཏན་ལྷུན་གྱིས་གྲུབ།། རང་བྱུང་རྟོགས་ཤིང་དོན་ཐོབ་ན། ། འཁོར་བ་མ་བཙལ་སངས་རྒྱས་ས།། བདེ་བ་ཆེན་པོའི་དོན་སྟོར་བ།། མཚན་མ་སྣ་ཚོགས་ལམ་དུ་ཞུགས།། བྱ་བྲལ་ལྷུན་གྲུབ་སྙིང་པོ་ལ།། རང་རང་ཞེན་པའི་མདུད་པས་བཅིངས།། རང་ལས་འབྲས་བུ་གཞན་དུ་བཙལ། ། རི་དྭགས་སྨིག་སྒྱུ་བསྙེགས་པ་ཡིས།། འདོད་པའི་དོན་དང་ག་ལ་ཕྲད།། གང་ཞིག་ནམ་མཁའི་མཐའ་འཚོལ་བ།། མི་རྙེད་བླུན་པོའི་རང་བཞིན་ལྟར།། སངས་རྒྱས་བཙལ་བསྒྲུབ་ཐོབ་འདོད་པ། ། མི་མཁས་རང་བཞིན་དེ་བཞིན་ནོ།། གང་ཞིག་སྐལ་བས་དམན་པ་ལ།། བདུད་རྩི་སྡུག་བསྔལ་རངབཞིན་ལྟར།། སྣོད་མིན་རང་བཞིན་རིགས་ཆད་ལ།། བསླབ་ཅིང་སྡུག་བསྔལ་རྒྱུ་འགྱུར་བ།། དམ་པ་རྣམས་ཀྱིས་ཤེས་པ་ལས། ། དམན་པ་རྣམས་ཀྱིས་ག་ལ་ཤེས།། བཅོས་པའི་ཐབས་ལ་རྟེན་ནས་ནི།། རྣལ་མའི་ལམ་ལ་གཟུད་པར་བྱ།། ནོར་བུ་རིན་ཆེན་འོད་འབར་བ།། ཀུན་གྱི་ཡུལ་དུ་མི་འགྱུར་བས།། དམ་པ་གསང་བའི་སྙིང་པོ་འདི། ། སུ་ཡི་སྙིང་ལ་འོད་འབར་བ།། སྐལ་ལྡན་རྣལ་འབྱོར་དབང་ཕྱུག་སྟེ།། སྐུ་གསུང་ཐུགས་ནི་དབྱིངས་ལ་སྐྱོང།། སྐལ་མེད་དམན་པའི་རྣལ་འབྱོར་ལ།། བརྒྱུད་པའི་ཐབས་ནི་བསྔགས་པ་ཡིན། ཞེས་གསུངས་སོ།། ནམ་མཁའི་མཐའ་དང་མཉམ་པའི་རྒྱུད་ཆེན་པོ་ལས།། གདམ་པ་ཕོག་བའི་ཚུལ་བསྟན་པའི་ལེའུ་སྟེ་དྲུག་ཅུ་གཅིག་པའོ།།།། དེ་ནས་ཡང་སེམས་དཔའ་རྡོ་རྗེ་དམ་པ་དེ་ལ། འདུས་པོ་ཆེན་པོའི་ཚོགས་ཀྱིས་འདི་སྐད་ཅེས་གསོལ་ཏོ། ། དུས་གསུམ་རྒྱལ་བ་ཐམས་ཅད་ཀྱི།། རང་བྱུང་དགོས་པའི་བདག་པོ་ཁྱོད།། གང་ཟག་བློ་ཡི་ཁྱད་པར་ལྟར།། བསྟན་པ་འཚམ་པར་བསྟན་དགོས་པས། ། སློབ་དཔོན་སློབ་མའི་ཁྱད་པར་དག། མ་འདྲེས་རིམ་པར་བཤད་དུ་གསོལ།། ཞེས་གསོལ་ཏོ།། དེ་ནས་ཡང་སེམས་དཔའ་རྡོ་རྗེ་དམ་པ་དེས་འདི་སྐད་ཅེས་བཀའ་སྩལ་ཏོ།། དང་པོ་ཕྱི་ཡི་བླ་མ་ཡང།། རིམ་པ་བཞིན་དུ་བརྟག་པར་བྱ། ། རང་བཞིན་བཟང་དང་གཡོ་སྒྱུ་མེད།། དྲང་ཞིང་གསོང་བོར་གནས་པ་དང།། ཐབས་ཆེན་རིགས་བཟང་འདུལ་བ་དང།། སེར་སྣ་ཆུང་ཞིང་བརྩེ་སེམས་ཆེ།། འདི་ནི་རང་བཞིན་བརྟགས་པ་ཡིན། ། གཟི་བརྗིད་བྱིན་རླབས་ཆེ་བ་དང།། འགྲོ་བ་འདུལ་དང་དམ་ཆོས་འདུ།། མང་པོ་འདུ་ཞིང་བསྒོ་བ་ཉན།། འདི་ནི་བསོད་ནམས་བརྟགས་པ་ཡིན།། གང་དུ་དམ་པའི་རིགས་གྱུར་ཅིང།། དམ་པར་གྱུར་པའི་ཚད་ལྡན་པས། ། འདི་དག་དམ་པའི་རང་བཞིན་ཏེ།། དམ་པའི་རིགས་ཀྱི་དམ་པར་བྱ།། འདི་ནི་ཕྱི་ཡི་བླ་མ་ཡིན།། རང་བཞིན་དེ་དག་མི་ལྡན་ཅིང།། དམ་པའི་ཐབས་ལ་མི་མཁས་པས།། ལོག་པའི་ལྟ་སྤྱོད་དབང་གྱུར་ཅིང། ། ལྟ་སྤྱོད་དམན་པའི་ལྕགས་ཀྱིས་བསྡམས།། བདག་འཛིན་ལོག་པའི་ངོ་བོར་ཞེན།། ཅོང་རོང་ལམ་སྣ་སྒོ་འབྱེད་ཅིང།། ལོག་པའི་ཚིག་དང་ཐུར་མ་ཡིན།། ཤེས་རབ་མིག་དང་བྲལ་བྱེད་པས།། བདག་ཀྱང་བདེ་བར་ནུས་མིན་ན། ། ཕ་རོལ་ཐར་པར་ཇི་ལྟར་འགྱུར།། འདི་དག་རང་བཞིན་བརྟག་བྱས་ལ།། དམ་པར་འདོད་པའི་གང་ཟག་གིས།། རྨི་ལམ་དུ་ཡང་མི་ཕྲད་ན།། དམ་པར་བརྟེན་པ་སྨོས་ཅི་དགོས།། དམ་པ་གསུམ་གྱི་རིམ་བརྒྱུད་པའི། ། ཐུགས་ཀྱི་གཏེར་ཆེན་རིན་པོ་ཆེ།། རང་བྱུང་ཐུགས་ཀྱི་སྣང་བ་ཡིས།། བདེ་ཆེན་སྙིང་པོ་ཉིད་འབར་བ།། གསང་བའི་ཐུགས་སུ་ཚུད་པ་ལ།། ཡུལ་དང་འབྱུང་བ་མ་ལུས་དང། སྒོ་གསུམ་དྲན་རྟོག་མ་ལུས་པ། ། ཇི་སྙེད་སྣང་གྲགས་མ་ལུས་ཀུན།། བདེ་ཆེན་རང་བྱུང་མངོན་སྟོན་པའི།། བླ་མའི་ཞལ་དུ་སྣང་བ་ཡིན།། མ་ལུས་རང་བྱུང་བྱང་ཆུབ་སེམས།། ཕྱོགས་རིས་མེད་པའི་ཀློང་བརྡལ་བས།། ཆོས་ཉིད་རང་བཞག་རྐྱེན་གྱུར་ལས། ། གོལ་སྒྲིལ་གཡང་ས་ཆོད་པ་ཡིན།། སྣང་བ་སེམས་སུ་མཐར་ཕྱིན་ནས།། སེམས་ཉིད་ཕྱོགས་འདས་བསྟན་གྱུར་པ།། རང་སེམས་ལྷུན་གྲུབ་རིན་པོ་ཆེ།། མཆོག་གི་བླ་མ་བྲལ་བ་མེད།། ཇི་སྲིད་རོལ་པ་རང་སྣང་བ། ། སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་སྟེ།། རེ་དོགས་བཅད་པའི་ཡོན་ཏན་ཕྱིར།། ཆེ་བའི་ཡོན་ཏན་ཆེན་པོར་གནས།། བླ་མ་གཉིས་དག་བྲལ་གྱུར་ན།། ཕྱི་ཡི་བླ་མ་རྣམ་པ་སྟེ།། མཚན་མ་བརྡ་ཡི་རྗེས་འབྲངས་ནས། ། བདེ་ཆེན་མཆོག་གི་ལམ་བྲལ་ལོ།། རྡོ་རྗེ་སློབ་མའི་རང་བཞིན་ཡང།། གུས་དང་འདུལ་དང་སྙིང་རྗེ་ཆེ།། སེར་སྣ་ཆགས་པ་ང་རྒྱལ་ཆུང།། འདི་དག་རང་བཞིན་དམ་པའི་རྟགས།། དད་པས་དུས་གསུམ་མི་འབྲལ་ཞིང། ། དམ་པས་དམ་པར་རང་མཐོང་ན།། རིགས་དང་ཡོ་བྱད་སྤྱོད་ལམ་དག། དམན་པར་གྱུར་ཀྱང་དམ་པ་ཡིན།། དམ་པ་མ་ཡིན་སློབ་མ་ལ།། དམ་པར་བཟུང་ཞིང་བསྟན་པ་དང།། རྣ་བརྒྱུད་བདུད་རྩི་གང་སྟོན་པ། ། གཉིས་ཀ་རྡོ་རྗེའི་ཁབ་ཏུ་ལྟུང།། དང་པོར་དད་དང་གང་རྟོགས་པའི།། སྒོ་གསུམ་བསམ་པ་རྩེ་གཅིག་པའི།། སྔ་མའི་དྲན་རྟོག་རྒྱུན་བཅད་པའི།། རིག་པ་འཕེན་པ་དང་པོ་ཉིད།། གསལ་བར་མྱོང་ཕྱི་སློབ་མ་སྟེ། ། དངོས་པོ་ཕྱི་ནང་མ་ལུས་པ།། རྡོ་རྗེ་འཛིན་པའི་ཆ་བཟུང་ནས།། རང་བྱུང་ཡེ་ཤེས་ཆུ་རྒྱུན་དག། སེམས་ཉིད་དེ་ལ་འཇུག་པར་བསྟན།། གང་ཞིག་བརྡ་དོན་ལ་ཆགས་པའི།། རིག་པའི་གང་ཡིན་སློབ་མ་སྟེ། ། རང་སེམས་བརྡ་དོན་གང་བྲལ་བ།། དེ་ཉིད་དེ་ཡི་གང་རྟོགས་པ།། བླ་མས་བྱིན་གྱིས་བརླབས་པ་མཆོག། དེ་ལྟར་བརྡ་དོན་གྲོ་ལ་གྱུར་ཏེ། རེ་དོགས་འདུ་ཤེས་ཟད་གྱུར་ཏེ།། བླ་མར་སློབ་མ་ཉིད་གྲུབ་པས། ། མ་ལུས་སློབ་དཔོན་སློབ་མ་དང།། གོང་འོག་ཁྱད་པར་རིམ་མེད་དེ།། རྡོ་རྗེ་འཛིན་པ་ཉིད་དུ་འགྲུབ།། ཅེས་གསུངས་སོ།། ནམ་མཁའི་མཐའ་དང་མཉམ་པའི་རྒྱུད་ཆེན་པོ་ལས། གང་ཟག་ཁྱད་པར་བཤད་པའི་ལེའུ་སྟེ་དྲུག་ཅུ་གཉིས་པའོ། །།། དེ་ནས་ཡང་སེམས་དཔའ་རྡོ་རྗེ་དམ་པ་ལ།། འདུས་པ་ཆེན་པོའི་ཚོགས་རིག་པ་རང་སྣང་གི་འཁོར་ཚོགས་ཀྱིས་འདི་སྐད་ཅེས་གསོལ་ཏོ།། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། ། སྐུ་གསུང་ཐུགས་ཀྱི་རང་བཞིན་ཉིད།། ནམ་མཁའི་མཐའ་དང་མཉམ་པའི་རྒྱུད།། བསྟན་དང་བྲིས་དང་བཀླག་པ་དང།། གཟུང་དང་རྟོགས་དང་བསྒོམ་པ་ཡིས།། ཡོན་ཏན་ཉིད་དམ་མ་མོས་པའི།། ཡོན་ཏན་སྐྱོན་རྣམས་བཤད་དུ་གསོལ། ། ཞེས་གསོལ་ཏོ།། དེ་ནས་ཡང་སེམས་དཔའ་རྡོ་རྗེ་དམ་པ་དེས་འདི་སྐད་ཅེས་བཀའ་སྩལ་ཏོ།། སངས་རྒྱས་ཀུན་གྱི་རིན་ཆེན་གཏེར།། སྐུ་གསུང་ཐུགས་ནི་མངོན་ཕྱུང་བ།། ནམ་མཁའི་མཐའ་དང་མཉམ་པའི་རྒྱུད། ། འདས་དང་མ་བྱོན་ད་ལྟར་གྱི།། སྐུ་གསུང་ཐུགས་ནི་རོ་གཅིག་པའི།། མ་ལུས་གཅིག་ཏུ་བསྡུས་པའི་རྒྱུད།། རྣ་བརྒྱུད་རིན་ཆེན་འཆང་བའི་མིས།། སྐལ་ལྡན་རྒྱལ་ཆེན་དམ་པ་དང།། མ་ནོར་ངེས་བར་བཤད་བསྟན་པ། ། སངས་རྒྱས་དགོངས་པ་ཉིད་ལ་སྦྱོར།། སངས་རྒྱས་བསྟན་པ་བཤད་པ་ཡིན།། བསྟན་ཅིང་བཤད་པས་གྲོལ་བར་འགྱུར།། རིན་ཆེན་སྣ་བདུན་ལ་སོགས་ལ།། རྒྱལ་བ་ཀུན་གྱི་རང་བཞིན་གྱིས། ། མ་ལུས་བསྡུས་པའི་ངོ་བོ་ཉིད།། སྐུ་གསུང་ཐུགས་ཉིད་བྲིས་པ་ཡིན།། དེ་བས་རྒྱལ་བ་ཀུན་བྲིས་པའི།། ཆེ་བའི་ཡོན་ཏན་བསམ་མི་ཁྱབ།། ནམ་མཁའི་མཐའ་དང་མཉམ་པའི་རྒྱུད།། རྒྱལ་བ་ཀུན་གྱི་སྐུ་གསུང་ཐུགས། ། རྡུལ་སྙེད་རྒྱལ་བ་མ་ལུས་པའི།། ངེས་དོན་མ་བཅོས་གསུངས་པའི་ཚིག། བརྗོད་པ་རྒྱ་མཚོ་ཀུན་གྱི་སྒྲ།། ཐོས་པས་སྒྲིབ་པ་རྣམ་འཇོམས་ཤིང།། བཀླགས་པ་ཉིད་ཀྱིས་མངོན་སངས་རྒྱས།། རྒྱལ་བ་ཀུན་གྱི་གསང་ཡིན་པས། ། བཀླགས་པ་ཙམ་གྱིས་འགྲུབ་པར་འགྱུར།། སངས་རྒྱས་ཀུན་གྱི་རང་བཞིན་འདི།། བཤད་དང་གླེགས་གམ་དོན་ཉིད་ནི།། མ་ནོར་རིག་པའི་དཀྱིལ་འཁོར་དུ།། དྲན་པས་བཟུང་བའི་དོན་ཉིད་ནི། ། ནམ་མཁའི་མཐར་ཐུག་ཇི་ཙམ་པར།། དེ་བས་དེ་ནི་ལྷག་པར་འགྱུར།། རིན་ཆེན་རྒྱུ་དང་དར་རས་དང།། གྲོ་ག་ཤིང་ཤུན་ལ་སོགས་ཏེ། གསང་བའི་རྒྱུད་འདི་རབ་བྲིས་ཏེ།། རིན་ཆེན་ཁྲི་ལ་ལེགས་བཞག་སྟེ། ། གུས་པས་མཆོད་ཅིང་རབ་བཟུང་ནས།། ཇི་སྲིད་གནས་པར་བསམ་པ་ཡི།། དགའ་བའི་བསམ་པས་འཛིན་བྱེད་ན།། སངས་རྒྱས་ཐམས་ཅད་བཟུང་བ་ཡིན།། རྣམ་གྲོལ་བླ་ན་མེད་པའི་ལམ། ། སངས་རྒྱས་ཀུན་གྱི་དགོངས་བརྒྱུད་པ།། མ་བཅོས་གསང་བའི་དོན་བཅུད་འདི།། གང་གིས་རྟོགས་པས་སྒྲོ་སྐུར་ཆད།། ངེས་པ་རྙེད་པས་དབུགས་འབྱིན་ཕྱིར།། འཁོར་བ་རྨི་ལམ་ལྟ་བུར་སངས།། སྙིང་པོར་ནམ་མཁའི་འོད་ལྟར་རྒྱས། ། དགོངས་པ་རྒྱ་མཚོའི་ཀློང་ལྟར་བརྡལ།། འབྲས་བུ་རིན་ཆེན་འོད་ལྟར་འགྲུབ།། མ་བཅོས་སྙིང་པོའི་དོན་རྟོགས་ནས།། རང་ཉམས་ཚད་དང་མཐུན་སྦྱར་ཏེ།། བར་ཆད་མེད་པར་གང་བསྒོམས་པས། ། སྒོམ་ཞིང་བསྒྲུབ་པ་ཡོད་མ་ཡིན།། མ་ཡེངས་གནས་པས་སྒོམ་པ་ནི།། ཀུན་བཟང་རྡོ་རྗེ་སེམས་དཔའ་སྟེ།། སངས་རྒྱས་ཀུན་གྱི་རང་བཞིན་ཡིན།། མ་བསྒོམས་ཡེངས་པ་མེད་པའི་སེམས།། མ་གཞག་རྒྱལ་བའི་དགོངས་པའི་ཀློང། ། མ་བཅོས་འོད་གསལ་བརྡ་བྲལ་སེམས།། མཐའ་དབུས་འཛིན་མེད་དབུ་མའི་ལམ།། སངས་རྒྱས་ཀུན་གྱི་ངོ་བོ་ཡིན།། རྒྱལ་བ་ཀུན་གྱི་གསང་བའི་གཏེར།། མ་བཅོས་སྙིང་པོ་དོན་གྱི་རྒྱུད། ། རྡོ་རྗེ་རིག་པ་འཕྲུལ་གྱི་ཚིག། རྣ་བརྒྱུད་ཐུགས་ཀྱི་རིན་ཆེན་འདི།། རྣ་བརྒྱུད་འཕྲུལ་ཚིག་མི་ལྡན་པར།། རང་རྟགས་ལོག་པར་ཞེན་དབང་གིས།། བསྟན་ཅིང་བཤད་པར་གྱུར་པ་དང།། སྤེལ་བའང་ངེས་པར་ལྷུང་འགྱུར་ན། ། ལོག་པའི་དོན་ལ་ཞེན་དབང་གིས།། ཕྱོགས་ཀྱི་རི་བོས་ཟིལ་མནན་ནས།། མ་བཅོས་གསང་མཛོད་ཆེན་པོ་ལ།། སྐུར་འདེབས་གསང་བའི་དམ་སྲི་སྟེ།། སྟོན་ཅིང་སྨྲ་བའི་གང་ཟག་དང།། སྐུར་འདེབས་མ་མོས་གང་ཟག་ལ། ། བར་མའི་སྲིད་པ་མི་འབྱུང་སྟེ།། རྡོ་རྗེའི་ཁབ་དུ་ལྟུང་གྱུར་ཏེ།། དྲན་པ་ཙམ་གྱིས་སྐྱེ་བར་འགྱུར།། དེ་ནས་དེ་ཡི་ཚེ་ཚད་ནི།། གང་གིས་བརྗོད་པར་མི་ནུས་ཏེ།། གལ་ཏེ་ཐར་པར་གྱུར་པ་ན། ། གསང་བའི་རྣ་བརྒྱུད་མན་ངག་དང།། བསྐལ་པ་ཆེན་པོ་བརྒྱད་ཁྲིའི་བར།། ཕྲད་ཅིང་མཐོང་བར་མི་འགྱུར་ཏེ།། གསང་བའི་ཐེག་པས་འཕོངས་པར་འགྱུར།། དེ་ཕྱིར་གསང་བའི་བདུད་རྩི་འདི།། སྐལ་ལྡན་རྒྱལ་སྲས་རྣལ་འབྱོར་ལ། ། གསང་བའི་ཐབས་ཀྱིས་གང་བརྒྱུད་ལ།། རེག་པས་ནད་རྣམས་འཚོ་བར་འགྱུར།། སྐལ་མེད་རྣམས་ལ་གང་བསྟན་ཡང།། དགྲ་བཞིན་སྤྱོད་དང་སྐུར་བ་དང།། སྐྲག་ཅིང་དངང་པར་གྱུར་པའི་ཕྱི། ། སྐལ་མེད་དམན་པའི་རྣལ་འབྱོར་ལ།། མིང་ཙམ་བསྟན་པར་མི་བྱ་ཞིང།། གླེགས་བམ་ཉིད་ནི་བསྟན་པ་མིན།། གསང་ཆེན་གསང་བའི་བསྟན་པ་འདི།། གུ་ལང་ལུང་གི་གསེར་གཟོ་རུ།། འཇིགས་བྲལ་འོ་མ་བཞེས་པ་ལྟར། ། སྐལ་ལྡན་འགའ་ཡི་སྤྱོད་ཡུལ་ལ།། རིགས་ཆད་ལས་ཀྱི་དམན་པ་ཡི།། སྐལ་མེད་རྣམས་ཀྱི་སྤྱོད་ཡུལ་མིན།། རིན་ཆེན་འབར་བའི་ཁོང་སེང་དུ།། རྒྱ་ནི་རིམ་པ་བདུན་གྱིས་བཏབ།། རིགས་ངེས་སྐལ་ལྡན་གཅིག་ལ་གཏད། ། སྲོག་དང་བྲལ་བའི་ཁ་བཞིན་བསྡམས།། གནས་ནི་བྲག་དང་ཆུ་ལ་གཞག། ཅེས་གསུངས་སོ།། ནམ་མཁའི་མཐའ་དང་མཉམ་པའི་རྒྱུད་ཆེན་པོ་ལས།། རྒྱུད་གཟུང་བའི་ལེའུ་སྟེ་དྲུག་ཅུ་གསུམ་པའོ། །།། དེ་ནས་འཁོར་འདུས་པ་མང་པོའི་ཚོགས་ཀྱིས།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྡོ་རྗེ་སེམས་དཔའ་དང།། བཅོམ་ལྡན་འདས་གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་དང།། གསང་བའི་མཛོད་ཆེན་པོ་ལ་འདི་སྐད་ཅེས་མགྲིན་གཅིག་ཏུ་བསྟོད་དོ། ། ཨེ་མཧོ་སངས་རྒྱས་ཐམས་ཅད་ཀྱི།། རྒྱ་ཆེན་གདོད་ནས་སྐྱེ་བ་མེད།། ནམ་མཁའི་བདག་པོ་སྣ་ཚོགས་སྟོན།། སངས་རྒྱས་སྐུ་ལ་ཕྱག་འཚལ་འདུད། ། ཨེ་མཧོ་སངས་རྒྱས་ཐམས་ཅད་ཀྱི།། མ་བརྗོད་སྙིང་པོ་དོན་གྱི་གསུང།། གསང་བ་རྒྱ་མཚོ་སྟོན་མཛད་པ།། རྡོ་རྗེའི་གསུང་ལ་བདག་ཅག་འདུད།། ཨེ་མཧོ་སངས་རྒྱས་ཐམས་ཅད་ཀྱི།། རང་བྱུང་ཡེ་ཤེས་གསལ་བའི་ཐུགས། ། མ་བཅོས་བདེ་ཆེན་མཁའ་ལྟར་གནས།། བདེ་ཆེན་ཐུགས་ལ་ཕྱག་འཚལ་འདུད།། ཨེ་མཧོ་སངས་རྒྱས་ཐམས་ཅད་ཀྱི།། གསང་བའི་གཏེར་འཛིན་མཆོག་གི་བདག། མ་ལུས་གདུལ་དཀའ་འདུལ་མཛད་པ། ། གསང་བའི་སྐུ་ལ་ཕྱག་འཚལ་འདུད།། ཨེ་མཧོ་སངས་རྒྱས་ཐམས་ཅད་ཀྱི།། བརྡ་དང་དགོངས་པ་གསུང་མཆོག་གིས།། མ་བཅོས་གསང་བའི་དོན་སྟོན་པ།། གསང་བའི་གསུང་ལ་ཕྱག་འཚལ་ལོ། ། ཨེ་མཧོ་སངས་རྒྱས་ཐམས་ཅད་ཀྱི།། རྟོག་བྲལ་བདེ་ཆེན་ནམ་མཁའི་ཐུགས།། ཕྱོགས་མེད་ནམ་མཁའ་རྒྱས་པ་འདྲ།། སངས་མཆོག་ཐུགས་ལ་ཕྱག་འཚལ་འདུད།། ཨེ་མཧོ་སངས་རྒྱས་ཐམས་ཅད་ཀྱི། ། གསང་མཛོད་བདུད་རྩི་ཆེན་པོའི་ཀློང།། མ་ལུས་ཀུན་འདུས་རིག་པའི་གཏེར།། ཡེ་ཤེས་རྒྱ་མཚོ་བསམ་མི་ཁྱབ།། སངས་རྒྱས་ཀུན་གྱི་གསང་བའི་མཛོད།། ཆོས་རྣམས་མ་ལུས་ཐམས་ཅད་ཀྱི།། སྣང་གསལ་རིན་ཆེན་འོད་ཀྱི་རྒྱུད། ། ནམ་མཁའི་མཐའ་དང་མཉམ་སྦྱོར་བའི།། གསང་བའི་མཛོད་ལ་ཕྱག་འཚལ་འདུད།། ཅེས་བསྟོད་དོ།། དེ་ནས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་རབ་འབྱམས་ནམ་མཁའི་དབྱིངས་དང་མཉམ་པ། ། འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་ན་བཞུགས་པ། རྡུལ་ཕྲ་མོ་དང་མཉམ་པའི་སངས་རྒྱས་ཀུན་ཀྱང་གསུང་གཅིག་ཏུ་ལེགས་སོ་ལེགས་སོ་ཞེས་ལེགས་པར་འབྱིན་པར་མཛད་དོ།། སངས་རྒྱས་དང་འཁོར་རྡུལ་སྙེད་དུ་བཅས་པ་དང་སའི་དེ་བཞིན་ཉིད་དུ་གྲོལ་ཏེ་དགྱེས་པར་གྱུར་ཏོ། ། ནམ་མཁའི་མཐའ་དང་མཉམ་པའི་རྒྱུད་ཆེན་པོ་ལས། བསྟོད་ཅིང་ཡི་རང་བའི་ལེའུ་སྟེ་དྲུག་ཅུ་བཞི་པའོ། །།། འདས་པ་དང། མ་བྱོན་པ་དང། ད་ལྟར་ཕྱོགས་བཅུ་དུས་བཞིའི་དེ་བཞིན་གཤེགས་པའི་དགོངས་པ་ཆོས་ཐམས་ཅད་ནམ་མཁའི་ངོ་བོ། ནམ་མཁའི་མཐའ་དང་མཉམ་པར་སྦྱོར་བ་ཞེས་བྱ་བའི་རྒྱུད་ཆེན་པོ་རྫོགས་སོ། །།། རྒྱ་གར་གྱི་མཁན་པོ་ཤྲཱི་སིང་ཧ་དང། དགེ་སློང་བཻ་རོ་ཙ་ནས་བསྒྱུར་ཅིང་གཏན་ལ་ཕབ་པའོ།།།། བོད་སྐད་དུ། བྱང་ཆུབ་སེམས་སྒོམ་པ་ཡི་གེ་མེད་པའི་རྒྱུད། བཅོམ་ལྡན་འདས་དཔལ་རྡོ་རྗེ་འཛིན་པ་ལ་ཕྱག་འཚལ་ལོ།། ཆོས་ཀྱི་དབྱིངས་གཏིང་དཔག་དཀའ་བའི་དོན་ཟབ་མོ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ཐམས་ཅད་ཡི་གེ་མེད་པའི་རང་བཞིན་དུ་བདེ་བ་མཆོག་གིས་གཟིགས་ཏེ། རང་བཞིན་གཟུང་དུ་མེད་པའི་དོན་འདི་བཀའ་སྩལ་ཏོ།། རང་བཞིན་རང་གིས་རྟོགས་གྱུར་ནས།། དངས་སྙིགས་མེད་པའི་ཟབ་མོ་ཉིད།། དང་བ་ཉིད་ན་ཟབ་མོ་ཡིས། ། ལུང་དུ་སྒོམ་བསྒྲུབ་ཀུན་དང་བྲལ།། བྱང་ཆུབ་སེམས་ཉིད་ལྟར་མི་མཐོང།། འབད་པས་དོན་ཉིད་ཀུན་དང་བྲལ།། བསྒོམས་པས་ཉམས་རྙེད་མི་འགྱུར་རོ།། དེ་ལ་བདུད་རྣམ་བཞི་འབྱུང་སྟེ།། གཟིགས་པ་གཟུགས་དང་གྲགས་པ་སྒྲ། ། འོད་ཀྱི་བདུད་དང་བསླུ་བ་རྣམས།། རང་གི་རྒྱུད་ནི་འབྱུང་བའོ།། ཡེ་ཤེས་ཕྱིན་ཅི་མ་ལོག་པ།། དང་པོ་བཟླས་དང་བརྗོད་དུ་མེད།། སེམས་ཀྱི་སྐད་ཅིག་དང་པོ་ལ།། ཆོས་སོ་ཅོག་གི་རྩ་བ་སྟེ། ། བསླབ་པར་བྱ་ཞིང་གོམས་པར་བྱ།། ཤིན་ཏུ་གོམས་པའི་སྟོབས་ལྡན་ན།། མཚན་མ་སྤྱི་དང་རང་གིས་སྤངས།། ཐེག་པ་ཀུན་དང་ཁྱད་པར་འཇུག། རང་ཀ་མ་ལ་ག་ལ་གནས།། མ་བསྒྲུབས་ཐམས་ཅད་ལྷུན་གྱིས་རྫོགས། ། རྟོག་པ་ཐམས་ཅད་མི་གཡོ་བརྟན།། ངེས་དོན་སྙིང་པོ་བླ་ན་མེད།། བྱང་ཆུབ་སེམས་སྒོམ་པའི་རྒྱུད་ཡི་གེ་མེད་པ་ལས། ཆོས་ཉིད་ཀྱི་སྐབས།།།། རིང་པའི་རྒྱུ་ཉིད་རྣམས་སྤངས་ལ།། ཉེ་བ་ཉིད་དུ་འཇུག་པ་ཡི། ། བསམ་པ་དག་དང་ལྡན་པས་ནི།། ཐམས་ཅད་ཚུལ་བཟུང་མན་ངག་བརྟག། ཐབས་ཆེ་ཐབས་མྱུར་ཐབས་གསང་པས།། མཚན་མའི་དོན་ལ་རྣམ་མི་བརྟག། དབྱིངས་ཉིད་རིག་པ་སྐད་ཅིག་ལ།། མཐོང་བ་ཐམས་ཅད་བློ་ཡིས་བསླད། ། མ་མཐོང་མཐོང་ཕྱིར་མཐོང་བ་ནི།། གོང་ན་མེད་དེ་དེ་ལྟར་མིན།། མཚན་མའི་བག་ཆགས་རྒྱུ་བ་ཆད།། དེ་ཡང་མཚན་མའི་མཐར་ཕྱིན་ནོ།། མཚན་ཉིད་ཡེ་ཤེས་གསང་བ་སྟེ།། དོན་དམ་བློ་ཡི་སྤྱོད་ཡུལ་མིན། ། རྟོགས་དང་མ་རྟོགས་ཉིད་ཀྱི་ཆ།། ཟུང་དུ་འཇུག་དང་འོད་གསལ་མེད།། དབང་དང་དམ་ཚིག་ཆ་ལག་རྫོགས།། འཁོར་བ་མྱ་ངན་འདས་མཐར་ཕྱིན།། ཡོན་ཏན་ཀུན་གྱི་ཚོགས་ཉིད་དེ། ། དངོས་མེད་ཅིང་ཡང་སྣང་བའི་སེམས།། ཅིག་ཆར་འཇུག་པའི་རྣལ་འབྱོར་པས།། སྟོང་པ་ཉིད་ལ་བློ་གཏད་དེ།། མཐར་ཕྱིན་འགག་མེད་བཀའ་ཡང་དག། ཡེ་ཤེས་ཟབ་མོའི་ངོ་བོ་ཡིས།། མ་བསམས་མ་སྦྱངས་རབ་ཞི་བའི། ། རྣམ་རྟོག་ཉིད་ཀྱང་ཡེ་ཤེས་སྐུ།། བླ་མེད་རྫོགས་ཆེན་བརྗོད་ལས་འདས།། རང་བྱུང་རང་ཞི་རང་ལ་གནས།། མཐོང་མེད་རྩོལ་བ་ལས་འདས་པ།། བྱང་ཆུབ་ནམ་མཁའི་རང་བཞིན་ནོ། ། བྱང་ཆུབ་ཀྱི་སེམས་སྒོམ་པ་ཡི་གེ་མེད་པ་ལས། རང་བཞིན་ནང་གི་སྐབས།།།། མཐོང་བ་མེད་པའི་དབྱིངས་ཉིད་ལ།། ཡེ་ཤེས་ཟབ་མོའི་སྐད་ཅིག་མས།། རང་བཞིན་འབྱུང་བ་རབ་ཏུ་སྟེ།། དེ་ཡི་རྩོལ་བྲལ་ཡང་དག་ཉིད། ། ཡེ་ནས་རང་བཞིན་གནས་པ་ཡིས།། མཉམ་པའི་དབྱིངས་ཀྱིས་ཀུན་ལ་ཁྱབ།། ཡེ་ཤེས་ཀྱིས་ཀྱང་དེ་བཞིན་ནོ།། དབྱིངས་ལ་ཡེ་ཤེས་རབ་འབྱོར་བ།། དེ་ཉིད་སངས་རྒྱས་ས་ལས་འདས།། ཤེས་རབ་ཐབས་རྫོགས་རྟོག་པས་བསྐྱེད། ། དེ་ཉིད་སངས་རྒྱས་ས་ཉིད་དོ།། སྟོང་དང་མི་སྟོང་ཚིག་ལས་འདས།། བསམ་མེད་དག་པར་གནས་པ་སྟེ།། རྒྱུ་དང་འབྲས་བུ་ལྷུན་གྲུབ་པས།། གཉེན་པོས་མ་བཅོས་རབ་ཏུ་ཞི། ། རང་བཞིན་ཞི་བ་ཐབས་ཆེན་པོ།། བག་ཆགས་རྒྱུན་ཉིད་རང་བཞིན་ཆད།། བཀག་ནས་ཆད་པའི་ཤིན་ཏུ་སྲོག། སྲོག་ལས་སྡུག་བསྔལ་བྱུང་ཚོར་ཏེ།། མཐོང་དང་ལྟར་ནི་མེད་པ་སྟེ།། ཡེ་ནས་རང་བྱུང་དབྱིངས་དེ་ལ། ། ཡེ་ནས་རང་བྱུང་ཡེ་ཤེས་དཔལ།། རང་ལ་རང་བྱུང་ཡེ་ཤེས་དེ།། རིག་པའི་བྱ་རས་སོད་པར་བྱ།། རིག་པས་མ་སོད་མ་ཚོར་འཆོར།། བདེ་བ་ཉམས་ཏེ་བྱིང་བ་ཡིན།། ཡང་དག་བདེ་བ་མ་ཡིན་ནོ།། བདེ་བ་རྙེད་པས་ཐམས་ཅད་འདུས། ། བྱང་ཆུབ་སེམས་སྒོམ་པ་ཡི་གེ་མེད་པའི་རྒྱུད་ལས། མཐོང་བས་ལྟར་མེད་པའི་སྐབས།།།། སྟོང་པ་ཉིད་ལས་གཞན་མིན་པས།། སྟོང་ལྟ་དེ་ནི་ཐབས་རྒྱལ་པོ།། རྒྱལ་པོ་མཐོ་བོ་མི་ཡི་མཆོག། དེ་ཡིས་ལས་རྣམས་གཞན་ལས་བཙལ།། གཞན་རྣམས་ལས་རྣམས་གང་བྱས་ཀྱང།། རྒྱལ་པོ་མིན་ཏེ་ཕལ་པ་ལ།། རྒྱལ་ལས་དམངས་འབྱུང་ཐ་མར་རྒྱལ།། ཡེ་ནས་རྒྱལ་པོ་རྒྱལ་བ་ཡང།། ཟུངས་ཐུབ་རྒྱལ་པོས་དམངས་རྣམས་ཀྱང། ། འབད་རྩོལ་མེད་པའི་ཐབས་ཀྱིས་བཅོམ།། རྒྱལ་པོ་དཔའ་བོ་ཐམས་ཅད་འཇོམས།། བཅོམ་པས་རྒྱལ་འཁོར་ཤིན་ཏུ་བཟང།། བཟང་མི་དམོས་པའི་རྒྱལ་པོ་སྟེ།། ཀུན་ལས་དཔགས་པ་ཡིན་པར་གྲགས། ། དཔའ་བོ་དེ་བསད་སླར་འཚོ་བ།། དེ་ནི་རྒྱལ་པོ་རྫུ་འཕྲུལ་ཅན།། བྱང་ཆུབ་ཀྱི་སེམས་ཡི་གེ་མེད་པའི་རྒྱུད་ལས། ཡེ་ཤེས་ཟུང་མར་བསྟན་པའི་སྐབས།།།། གང་གིས་དཔག་ཅིང་མཚོན་དུ་མེད། ། དེ་ནི་ཆོས་དབྱིངས་ཟད་མ་སྟེ།། གང་གིས་མ་བསྐྱེད་རང་འབྱུང་བ།། ཕྱོགས་རིས་ཀུན་དང་བྲལ་བ་སྟེ།། ཡི་གེ་མེད་དེ་དབྱིངས་ཀྱི་མཆོག། གླེང་བྲལ་ཚིག་ལ་དབྱིངས་འདས་པས།། སྣ་ཚོགས་སོགས་པའི་སྤྱོད་ཡུལ་མིན། ། ཤིན་ཏུ་ཕྲ་བས་རྣམ་བརྟགས་ལ།། རྩིང་པོས་དཔྱད་ན་ཕྲ་མ་དག། སྒྲ་ཕྱིར་འབྲངས་ན་གྲུབ་མཐའ་ཉམས།། རྩོལ་བ་འབའ་ཞིག་འཆིང་བའི་རྒྱུ།། མ་བཙལ་བ་ན་རྩོམ་པ་ཞིག། དེ་ནི་བཅོམ་ལྡན་འདས་ཞེས་བྱ། ། མི་དམིགས་དབྱིངས་ཀྱི་ངང་ཉིད་ནི།། ཅིས་ཀྱང་མི་དམིགས་དངོས་སྣང་བ།། མཁའ་ཞེས་པ་ཉིད་དབྱིངས་ཀྱི་དོན།། བྱང་ཆུབ་ཀྱི་སེམས་སྒོམ་པ་ཡི་གེ་མེད་པ་ལས། དབྱིངས་ཀྱི་དོན་བསྟན་པའི་སྐབས། །།། ཆོས་དབྱིངས་དག་པའི་མཁའ་ཀློང་ལ།། རྒྱུ་མེད་སྤངས་པའི་ཡེ་ཤེས་དབབ།། ཡེ་ཤེས་ཉིད་དེ་ཆོས་སྐུར་དག། དེ་ལྟར་སངས་རྒྱས་ཆོས་སྐུ་དེ།། སངས་རྒྱས་ཀྱིས་ཀྱང་གཟིགས་སུ་མེད།། ཆོས་དབྱིངས་སྤྲོས་མེད་སྤྲོས་བྲལ་ལ། ། ཡེ་ཤེས་ལྷུན་གྲུབ་མ་བསྐྱེད་པས།། དེ་བཞིན་རང་འབྱུང་རིག་པ་ཡིན།། ཡི་གེ་མེད་པའི་རྒྱུད་དུ་གྲགས།། རྨད་དུ་བྱུང་བ་སྤྲོས་དང་བྲལ།། སྤྲོས་མེད་དབྱིངས་དང་ཡེ་ཤེས་ནི།། ནམ་མཁའི་དབྱིངས་ཏེ་ཡེ་ཤེས་སོ། ། ནམ་མཁའ་ལ་ནི་ནམ་མཁའ་སྒོམ།། དེ་ལས་ཉམས་པའི་འཁོར་ལོ་ཡིན།། དིག་མ་རྨི་ལམ་ལྟ་བུ་ལ།། འདི་དང་འདི་ཞེས་བསྟན་དུ་མེད།། མཁས་པ་མན་ངག་གསུམ་དང་ལྡན།། བྱང་ཆུབ་ཀྱི་སེམས་སྒོམ་པ་ཡི་གེ་མེད་པ་ལས། དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པར་བསྟན་པའི་སྐབས།།།། བླུན་པོ་རྟོག་གེའི་ཤེས་པ་ཉིད།། ཡོད་དག་མེད་པའི་ཆོས་ལ་སྤྱོད།། བྱང་ཆུབ་སེམས་ལ་མིང་མེད་པས། ། དམིགས་ན་རྟོག་དང་འཁོར་བ་ཉིད།། རྣམ་པར་རྟོག་པའི་རྒྱུ་བརྟགས་ན།། རྒྱུ་ཡི་རྒྱུ་དེ་འབྲས་བུ+ིའ་མཆོག། དེར་ཤེས་རིག་པའི་ཡེ་ཤེས་ཉིད།། དབྱིངས་དང་ཡེ་ཤེས་བརྟགས་པའི་མཐུས།། སྙིང་པོ་བསྟན་དུ་མེད་པའོ། ། ཤེས་པ་ཐང་ཤ་མ་ཆད་པར།། ཀུན་བཟང་ང་ལས་མི་གཡོ་བར།། ཡེ་ནས་བླང་དོར་མེད་པས་ན།། སེམས་ཉིད་གང་ལའང་གཏད་མི་བྱ།། རྟག་ཆད་བདེ་བའི་རླུང་ཡིན་པས།། ཆོས་དང་བདེ་ཀུན་གྲུབ་པ་མེད། ། རྣམ་དག་འཁོར་བའི་དོན་མེད་པས།། རྫོགས་སངས་རྒྱས་པས་ཆོས་རྣམས་མེད།། རྟོག་པ་ཅན་ལ་སྣ་ཚོགས་སྣང།། དབྱིངས་དང་ཡེ་ཤེས་གཉིས་ཡོད་ན།། འདི་ནི་ཡེ་ཤེས་དབྱིངས་མ་ཡིན།། བྱང་ཆུབ་ཉིད་ལ་བྱང་ཆུབ་གནས། ། རྒྱུན་གནས་བག་ཆགས་བརྟས་པའི་མཐུས།། ཤེས་པ་ནང་དུ་རུབ་པ་ཡིན།། མཐོང་བ་མེད་པ་ཆོས་ཀྱི་སྐུ།། སེམས་ནི་ནམ་མཁའ་དང་འདྲ་སྟེ།། གང་དུ་མི་གཡོ་ཅིར་མི་བརྟག། གཡོས་ན་ཉམས་ཏེ་ཆགས་ན་འཁོར། ། བྱང་ཆུབ་ཀྱི་སེམས་སྒོམ་པ་ཡི་གེ་མེད་པ་ལས། སྒོམ་པའི་སྐྱོན་བསྟན་པའི་སྐབས།།།། སེམས་མི་གཡོ་བ་མཉམ་པ་ཉིད།། སྤྱོད་ཡུལ་ཐམས་ཅད་ལས་འདས་པས།། མཚོན་པ་ལས་ནི་མི་མཚོན་པ། ། སྒྲུབ་པ་ལས་འདས་མི་བསྒྲུབ་པ།། སྨྲ་རུ་མེད་པས་མི་བསྒོམས་པ།། དེ་ནི་གཉིས་མེད་ཉམས་ཞེས་བྱ།། རྣམ་ཤེས་ཡུལ་ལ་མི་འབྲང་བ།། བྱང་ཆུབ་ཆེན་པོ་ཞེས་བྱ་བ།། རང་འབྱུང་ཆེན་པོ་ཟང་ཐལ་བ། ། སེམས་ནི་དམིགས་མེད་མཁའ་དང་འདྲ།། ནམ་མཁའ་ལ་ནི་ནམ་མཁའ་རོལ།། མཁའ་རུ་སྒོམ་པས་མཁར་མི་སྨྲ།། སྤྱོད་ཡུལ་གང་ལའང་མི་སྤྱད་ན།། ཡེ་ཤེས་ཡེ་ཤེས་མེ་བོ་ཆེ།། མི་གཡོ་བ་ནི་དེ་ཉིད་དོ། ། ཡང་དག་ཕྱིན་ཕྱིར་གཡོ་བ་མེད།། མི་གནས་པ་ལའང་མི་གནས་ཏེ།། གལ་ཏེ་སེམས་ལ་གཏད་ཡོད་པས།། སེམས་ཀྱིས་སེམས་འཆིང་མི་འཆོར་རོ།། སྣང་བ་མེད་པས་མི་བཙལ་གཞག། བྱང་ཆུབ་ཀྱི་སེམས་སྒོམ་པ་ཡི་གེ་མེད་པའི་རྒྱུད་ལས། ཟབ་མོར་བསྟན་པའི་སྐབས།།།། རང་བྱུང་སྙིང་པོ་རང་འབྱུང་བས།། བྱང་ཆུབ་སེམས་ལ་རྒྱུ་རྐྱེན་མེད།། ཡུལ་ཉིད་སྒྱུ་མར་ཤེས་པ་དེ་ཡང་རྟོག། སྨྲ་མེད་གླེང་བྲལ་དེ་ལ་སེམས་གང་མེད། ། བློ་མེད་ཀུན་བྲལ་ཆོས་རྣམས་འཛིན་མི་བྱེད།། མ་གཡོས་མཉམ་པ་སེམས་ཀྱི་གཙོར་བསྟན་ནོ།། གང་དུ་མ་མཐོང་དངོས་མ་གྲུབ།། དངོས་གྲུབ་ཡང་དག་དོན་མ་ཡིན།། ཅི་ཡི་ངོ་བོ་ཅིར་མི་བརྟགས། ། བདེ་གཤེགས་མ་ལུས་ལམ་རྒན་ཡིན།། བསྒྲུབ་བྱ་གྲུབ་པར་བྱ་བའི་ཆོས།། རྟོག་པའི་དབང་གིས་སྣ་ཚོགས་འཛིན།། རྫོགས་སངས་རྒྱས་པས་ཆོས་རྣམས་མེད།། འདུ་འབྲལ་མེད་པ་ཆོས་ཀྱི་སྐུ།། མཚན་མ་མཚན་མ་མེད་པ་ཉིད། ། ཡུལ་ལ་རིག་པའི་གནས་མི་བཅའ།། བྱང་ཆུབ་ཀྱི་སེམས་སྒོམ་པ་ཡི་གེ་མེད་པའི་རྒྱུད་ལས། རང་རིག་པའི་སྐབས།།།། དེ་ནས་ཆོས་ཀྱི་དབྱིངས་གཏིང་དཔག་དཀའ་བའི་ཏིང་ངེ་འཛིན་ལས་བཞེངས་ནས། འཁོར་གྱི་བདེ་བར་གཤེགས་པ་རྣམས་ལ་རིགས་ཀྱི་བུ་དག་ཅེས་བོས་ནས་བྱང་ཆུབ་སེམས་སྒོམ་པ་ཡི་གེ་མེད་པའི་རྒྱུད་འདིའི་དོན་མཐོང་ངམ།། ཐོས་སམ་རྟོགས་སམ།། འདིའི་དོན་དང་ལྡན་པ་དང། ། ཐོག་རྒྱུ་དབབ་པ་དང།། ཕུགས་པ་ཤིན་ཏུ་དཀའ་སྟེ། སྤྲོས་པ་དང་བྲལ་བ་བདེ་བར་གཤེགས་པ་རྣམས་ཀྱིས་གཟིགས་པར་དཀའོ།། དེ་ནས་དཔའ་བོའི་མཆོག་ལ་བདེ་བར་གཤེགས་པ་རྣམས་ཀྱིས་གསོལ་བ། བྱང་ཆུབ་ཀྱི་སེམས་བསྒོམ་པ་ཡི་གེ་མེད་པའི་རྒྱུད་དུ་གསུངས་པ་འདི་གང་ལྟར་ཡང་མ་འཁུམས་པ་ལགས་ཏེ། ཤིན་ཏུ་བརྟགས་དཀའ་བའི་དོན་ལགས་ཏེ། དེ་བཞིན་ཉིད་ཀྱི་དོན་མ་བཅོས་པ་འདི་བཀའ་སྩལ་པ་ལ་ཡི་རང་སྟེ། མངོན་པར་བཀའ་སྩལ་བའི་ཚེ་ན། ཐམས་ཅད་སླར་ཡང་ཡི་གེ་མེད་པའི་རང་བཞིན་དུ་གྱུར། བྱང་ཆུབ་ཀྱི་སེམས་སྒོམ་པ་ཡི་གེ་མེད་པའི་རྒྱུད་ཅེས་བྱ་བ། མན་ངག་གི་སྙིང་པོ་དོན་དམ་པའི་དོན་དམ་པ་ལས། ཐམས་ཅད་ཡི་གེ་མེད་པར་གྱུར་པའི་སྐབས་ཤིན་ཏུ་བརྟག་དཀའ་བའི་དོན་རྫོགས་སོ།།།། རྒྱ་གར་གྱི་མཁན་པོ་ཤྲཱི་སིངྷ་དང་ཛྙ་ན་གརྦྷ་ཟེར་བ་འདུག་བོད་ཀྱི་ལོ་ཙཱ་བ་དགེ་སློང་བཻ་རོ་ཙ་ནས་བསྒྱུར་བའོ། །།། རྒྱ་གར་སྐད་དུ། བཛྲ་ཁ་ས་མཱུ་ལ་ཨ། བོད་སྐད་དུ། རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ་རྩ་བའི་རྒྱུད་སྐྱེ་བ་མེད་པ།། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་བཤད་པའི་དུས་གཅིག་ན། ། མཚན་མ་མེད་པའི་གནས་ཤིན་ཏུ་ཡིད་དུ་འོང་བའི་འཇིངས། བཅོམ་ལྡན་འདས་དཔལ་བདེ་བ་ཆེན་པོ་ཆེ་བའི་ཆེ་བ་བླ་ན་མེད་པའི་ཀློང་ན་བཞུགས་པ་ལས། བླ་ན་མེད་པས་འདུལ་བར་གཟིགས་ནས། མཚན་མའི་གནས་ཤིན་ཏུ་ཡིད་དུ་འོང་བར་སྐུ་བསྲང་བ་ལ། བྱང་ཆུབ་སེམས་དཔའ་དགའ་རབ་རྡོ་རྗེ་དང།། རྡོ་རྗེ་མཛེས་པའི་ཚལ་དང། ཤིན་ཏུ་བརྟན་པ་དང། གནོད་སྤྱིན་མོ་བྱང་ཆུབ་ལ་སོགས་པས། མེ་ཏོག་མན་ད་ར་བ་ཁལ་བརྒྱ་གཏོར་ཏེ། བཅོམ་ལྡན་འདས་སྣང་བ་མེད་པའི་དོན་བཀའ་སྩལ་དུ་གསོལ་ཞེས་ཞུས་པས། བཅོམ་ལྡན་འདས་ཀྱིས་ཟབ་མོ་སྣང་བ་མེད་པའི་ཀློང་ནས་ཏིང་ངེ་འཛིན་ལས་བཞེངས་ཏེ་བཀའ་སྩལ་པ། བླ་མེད་ཐེག་པ་བླ་ན་མེད།། ཐེག་པ་ཆེན་པོ་གང་ཞོན་པ།། འཁོར་བ་དག་ལས་ངེས་པར་འབྱུང།། ཐེག་གཞན་བརྟེན་པའི་གནས་ཡིན་པས།། ཐེག་པ་འདི་ལ་བསྒོམ་པར་རིགས། ། ཐེག་ཆེན་འདི་ལ་སུ་བསྒོམ་པ།། རྒྱལ་བ་སངས་རྒྱས་རྣམས་དང་མཚུངས།། ཐེག་ཆེན་བྱང་ཆུབ་སེམས་ཡིན་པས།། སངས་རྒྱས་བྱང་ཆུབ་སུ་འདོད་པ།། བྱང་ཆུབ་སེམས་ཀྱི་མཚན་ཉིད་དོ།། སེམས་ནི་སྣ་ཚོགས་ཞེས་བྱ་སྟེ། ། རྡོ་རྗེ་རྒྱ་མཚོ་རིན་པོ་ཆེ།། སྣ་ཚོགས་ཕྱིར་ན་སེམས་ཞེས་བྱ།། དེ་ཕྱིར་སེམས་ཉིད་སུས་མཐོང་བས།། མདོ་སྡེ་འདུལ་བ་ཀུན་ཤེས་ཕྱིར།། སེམས་ཉིད་ཤེས་པས་ཉོན་མོངས་དག། འོན་ཀྱང་སེམས་ཉིད་བལྟ་བ་གཅེས། ། སྣ་ཚོགས་རྒྱུ་བ་འཁོར་བའི་ཆོས།། མི་སེམས་མི་རྒྱུ་བྱང་ཆུབ་བོ།། གདོད་ནས་དག་པས་སྦྱང་དུ་མེད།། གཉེན་པོར་གནས་པས་ནུས་མཐུ་ཅན།། ཡེ་ནས་གནས་པས་རང་བཞིན་མེད།། ལྷུན་གྱི་རྫོགས་པས་ཆུབ་པ་གནས། ། དམ་ཚིག་ཐེག་ཀུན་སྲོག་གི་མཁར།། མཁར་འགྲམ་རྩ་བ་རྙེད་པ་ན།། མ་བསྡུས་ཐམས་ཅད་ལྷུན་གྱི་རྫོགས།། བླ་མ་བཀུར་བའི་གནས་ཡིན་པས།། སྲིད་ཞུ་ཆུངས་ན་ཉམས་པའི་གཞི། ། དེ་ཕྱིར་བླ་མ་བཀུར་བར་རིགས།། སྲིད་ཞུ་བཀུར་བྱས་སངས་རྒྱས་རྙེད།། འོན་ཀྱང་བླ་མ་བཀུར་བར་བྱའོ།། མཆེད་གྲོགས་མི་འབྲལ་འགྲོགས་པའི་རྒྱུ།། སྔ་ཕྱི་གསུམ་དུ་འགྲོགས་པས་ན།། དུས་གསུམ་རྒྱལ་བ་རྙེད་པའི་ཕྱིར། ། གཏན་བྲལ་གྱེས་པ་བྱུང་ང་རེ།། དེ་མེད་སངས་རྒྱས་མངོན་སུམ་མོ།། སེམས་ཞེས་བྱ་བ་སངས་རྒྱས་ཡིན།། དེ་ཕྱིར་སངས་རྒྱས་སུ་འདོད་དང།། དངོས་གྲུབ་ཐོབ་པར་འདོད་པ་དང།། བྱང་ཆུབ་ཤེས་པར་འདོད་པ་རྣམས། ། སེམས་ཉིད་ལྟ་བ་དོན་ལ་མཁས།། ཞེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ།། དེ་ནས་དགའ་རབ་རྡོ་རྗེ་དང། རྡོ་རྗེ་ཤིན་ཏུ་མཛེས་པ་ལ་སོགས་པ་རྣམས་ཀྱིས་མེ་ཏོག་ལ་སོགས་པ་ཡང་གཏོར་ནས་ཞུས་པ། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་བདེ་བའི་དབང་པོར་བཀའ་སྩལ་པ། མང་པོ་ཐམས་ཅད་གཅིག་ཏུ་ཤེས་པར་གྱིས་ཤིག་ཅེས་བཀའ་སྩལ་བས། འཁོར་རྣམས་ཀྱིས་ཞུས་པ། ཐུབ་པའི་དབང་པོ་རྣམ་གྲོལ་ཐུགས།། བདེ་མཛད་སླད་ན་དོན་མཛད་ལགས།། ཐུགས་དབང་ཆེན་པོ་ཇི་ལྟར་དགོངས།། ཟླ་གསལ་རྣམ་གྲོལ་ཐུགས་མངའ་བས།། བླ་མེད་ཐེག་པ་ཆེན་པོའོ།། ལྟ་བའི་དོན་རྣམས་དབྱེ་བར་གསོལ། ། ཞེས་ཞུས་པས། བཅོམ་ལྡན་འདས་ཀྱིས་རྣམ་པར་གྲོལ་བ་ཟག་པ་མེད་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། རྒྱུ་འབྲས་མི་འབྱེད་བླ་མེད་ཐེག། རྒྱུ་ལ་མི་བགྲོད་འབྲས་བུའི་སྐུ།། ཐེག་ཀུན་འབྱིན་པའི་ཁུངས་པ་ནི། ། རྡོ་རྗེ་བླ་མེད་ཐེག་ཆེན་དུ།། ཐེག་གཉིས་ཐེག་གསུམ་ཐེག་དང་བཞི།། བླ་མེད་ཐེག་པར་འདུས་པའི་ཕྱིར།། དེ་ཕྱིར་ཐེག་ཆེན་ཞེས་བྱའོ།། བསྐལ་པས་བཀྲུས་ཀྱང་ནམ་མཁའ་མེད་མི་འགྱུར། ། སྲིད་པར་འཁྱམས་ཀྱང་སེམས་ལ་སྐྱེ་ཤི་མེད།། བྱང་ཆུབ་སེམས་ལ་གསུང་ཞིང་གདགས་སུ་མེད།། གཟུང་འཛིན་མ་ལུས་དབྱིངས་དེར་རྫོགས་པས་ན།། ཐེག་པ་ཆེན་པོ་ཞེས་ནི་བྱ་བ་ཡིན།། ཞེས་སྨྲས་སོ། ། དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་མི་འབྱེད་པ་འབྱེད་པ་མེད་པའི་རྒྱལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ཐེག་པ་ཆེན་པོའི་ལྟ་བ་ཉི་ཤུ་རྩ་ལྔ་ཕྱེ་བ། རྫོགས་པ་ཆེན་པོའི་ལྟ་བ་ལྔ་ཕྱེ་བ། ། ཨ་ཏི་ཡོ་གའི་ལྔ་ལ། ཨ་ཏི་ཡོ་ག་ཞེས་བ་ནི་ཆོས་རྣམས་ཀྱི་ཆོས་ཉིད་བྱང་ཆུབ་ཀྱི་སེམས་བདེ་བ་ཆེན་པོ་རང་གི་རང་བཞིན་དུ་གནས་པ། ཨ་ཏི་ཡོ་གའོ།། ཐམས་ཅད་ཀུན་འདུས་བདེ་ཆེན་ཀླུང།། རྒྱུ་འབྲས་མི་འབྱེད་མཉམ་པའི་ངང། ། སྣོད་བཅུད་ཐམས་ཅད་བཅོས་པ་མེད།། རང་བཞིན་གནས་པ་ཨཱ་ཏི་ཡིན།། ཨ་ཏི་ཡོ་གའི་ཨ་ཏི་ཡོ་ག་ནི། རང་བཞིན་གནས་པ་གོང་མ་དེ་སྨྲ་བསམ་མེད་པའོ།། མཆོག་ཏུ་གསང་བའི་ཆོས་ཉིད་འདི། ། རྣ་དབང་གཞན་ལ་ཐོས་མི་འགྱུར།། དེ་བཞིན་ལྕེ་ཡི་དབང་པོས་ཀྱང།། དེ་ལ་བརྗོད་དུ་རྡུལ་ཙམ་མེད།། ཨ་ཏི་ཡོ་གའི་ཨ་ནུ་ཡོ་ག་ནི།། བྱང་ཆུབ་ཀྱིས་སེམས་མ་བཅོས་པ་རང་བཞིན་གྱིས་གནས་པ་དེའི་ངང་ལ་མི་གནས་པར། དབྱིངས་ལས་རིག་པ་དེ་བཞིན་དུ་བྱུང་ནས་རང་གི་གནས་པ་དེ་རྟོགས་པའོ།། སྤྱོད་པ་གཉིས་སུ་མེད་པར་སྤྱོད་པའོ།། རང་བཞིན་པ་ལ་གནས་མི་ནུས།། རིག་པས་རང་བཞིན་དེ་མཐོང་ནས། ། མི་འཇུག་སྤྱོད་པ་མཉམ་གནས་ཤིང།། གཉིས་ལ་འཛིན་པས་ཨ་ནུའོ།། ཨ་ཏི་ཡོ་གའི་མ་ཧཱ་ཡོ་ག་ནི། སྣོད་བཅུད་ཀྱིས་བསྡུས་པའི་ཆོས་ཉིད་བྱང་ཆུབ་ཀྱི་སེམས་སྐྱེ་འགག་གི་མཐའ་ལས་འདས་པ། མཐའ་དབུས་མེད་པ། མཉམ་པའི་ངང་ལ་གནས་པའོ།། འདོད་ཆགས་ཞེ་སྡང་རྣམ་གསུམ་ཡང།། བྱང་ཆུབ་ཆེན་པོའི་ལམ་ལས་བྱུང།། ཀུན་སྤྱོད་ཡོན་ཏན་རྣམ་ལྔ་ནི།། ཆོས་ཉིད་རིག་པའི་རྒྱན་ཞེས་གསུངས་སོ།། ཨ་ཏི་ཡོ་གའི་ཡོ་ག་ནི། ཆོས་ཐམས་ཅད་ཀྱི་ཆོས་ཉིད་རིག་པས་བརྟགས་པས་གཉིས་སུ་མེད་པར་དོན་དམ་པར་སྦྱོར་ལ། ཀུན་རྫོབ་དུ་རིག་པ་ཉིད་ཆོ་གས་ལྷ་དང་ལྷ་མོར་སྦྱོར་བའོ།། དབྱིངས་ལས་དེ་བཞིན་རིག་པར་ཤར། ། ཤར་ཡང་དེ་གཉིས་གཉིས་སུ་མེད།། བསྐྱེད་སྤྱན་དྲང་བའང་གཉིས་མེད་སྦྱོར།། དེ་ལས་བྱུང་བའང་དེ་བཞིན་གནས།། ཞེས་ལྔ་གསུངས་སོ།།།། ཨ་ནུ་ཡོ་གའི་ལྟ་བ་ལྔ་ཕྱེ་བ། ཨ་ནུ་ཡོ་གའི་ཨཱ་ཏི་ཡོ་ག་ནི། འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་མཐའ་དང་དབུས་མེད་པ་ཐམས་ཅད།། ཀུན་གཞི་བྱང་ཆུབ་ཀྱི་སེམས་བཙལ་དུ་མེད་པའི་ཀླུང།། བརྗོད་དུ་མེད་པའི་འཇིངས། བཅོས་སུ་མེད་པས་ལམ་དང་གཉེན་པོར་སྦྱང་དུ་མེད་པ། རྒྱུ་ལ་མི་ལྟོས་པས་རྒྱུ་འབྲས་གཉིས་སུ་དབྱེར་མེད་པ། སྣང་སྲིད་ཡེ་ནས་སངས་མ་རྒྱས་པ་མེད་པས། འཁོར་བ་དང་མྱ་ངན་ལས་འདས་པ་གཉིས་སུ་མེད་པ། ཚིག་དང་ཡི་གེའི་ཐ་སྙད་ལས་འདས་པས། བརྗོད་པར་བྱ་བ་རྡུལ་ཙམ་ཡང་མེད་དོ།། བཙལ་དུ་མེད་པས་བདེ་བའི་ཀླུང།། བཅོས་སུ་མེད་པས་ལམ་དང་བྲལ།། འབྲས་བུ་ཡིན་པས་རྒྱུ་འབྲས་མེད།། མི་སྐྱེ་མི་འགག་ཅིར་མི་དགོངས།། ཞེས་པའོ། ། ཨ་ནུ་ཡོ་གའི་ཨ་ནུ་ཡོ་ག་ནི།། ཀུན་ནས་སྣང་བའི་ཐིག་ལེ་བྱང་ཆུབ་ཀྱི་སེམས་རྣམ་པར་དག་པའི་མཁའ་བྷ་ག་རྒྱ་མཚོ་རྣམ་པར་དག་པའི་དབྱིངས་སོ།། དབྱིངས་དེ་ལས་རིག་པ་དེ་ཉིད་ལངས་ཏེ། དབྱིངས་དེ་ཉིད་མཚན་མ་མེད་པར་རིག་པས་རིག་ཅིང། རིག་པ་ཉིད་ཀྱང་སྟོང་པ་མཚན་མ་མེད་པར་རྟོགས་ཏེ། རིག་པ་དང་དབྱིངས་གཉིས་མཚན་མ་མེད་པ་གཉིས་སུ་མེད་པར་རྟོགས་པ་དང། ཤ་དང་དམ་རྫས་ལ་སོགས་པ་རྣམས་ཀྱང། ལྷ་དང་ལྷ་མོའི་དཀྱིལ་འཁོར་དུ་དབྱེར་མེད་པར་རྟོགས་པ་ནི་ཨ་ནུ་ཡོ་གའོ།། ཀུན་བཟང་ཡངས་པ་ཆོས་ཀྱི་དབྱིངས།། དབྱིངས་ལས་རིག་པ་དེ་བཞིན་ལངས།། རིག་པ་ཉིད་ཀྱང་དབྱིངས་ཡིན་ཏེ། ། དབྱིངས་ཉིད་ཀྱང་ནི་རིག་པ་སྟེ།། རིག་པ་དབྱིངས་གཉིས་དབྱེར་མེད་པར།། གཉིས་སུ་མེད་པ་ཨ་ནུ་ཡིན།། ཞེས་པའོ།། ཨ་ནུ་ཡོ་ག་ཉིད་ནི། གོང་མ་དེ་ཉིད་ལས་ལངས་མ་ལངས་མེད་པར་མ་བཅོས་དབྱེར་མེད་པར་ལྟ་བས་རྟོགས་ནས། སྤྱོད་པས་ཤ་རྣམ་པར་ལྔ་དང་དམ་རྫས་རྣམ་པ་ལྔ་ལ་སོགས་པ་ལ་ཡང་སྤྱད་ཀྱང་སྐྱོན་གྱིས་མི་གོས་པར་བལྟ་ལ། དབང་པོ་དང་དབང་པོའི་སྤྱོད་ཡུལ་དུ་གྱུར་པ་ཐམས་ཅད་ལྷ་དང་ལྷ་མོའི་དཀྱིལ་འཁོར་དུ་གྱུར་ཀྱང་སྐྱོན་མེད་ལ། མ་གྱུར་པར་དབྱིངས་ཀྱི་ངོ་བོར་འདུག་ཀྱང་སྐྱོན་མེད་པ་ལྟ་བུ་ཞིག་ཏུ། འདམ་གྱི་ཕུར་བུ་ལྟར་འདྲིལ་བ་ནི་ཨ་ནུ་ཡོ་ག་དངོས་སོ།། གདོད་ནས་བྱང་ཆུབ་སྙིང་པོ་ཉིད། ། རྣམ་དག་ལམ་ཆེན་འཇིངས་ཡིན་ཏེ།། ཀུན་སྤྱོད་སྙིང་པོའི་སྙིང་བོ་ལྟ།། ཀུན་སྤྱོད་སྙིང་པོའི་རང་བཞིན་དུ།། རྟོག་པ་དེ་ཉིད་ཨ་ནུའོ།། ཞེས་དངོས་བསྟན་པའོ།། ཨ་ནུའི་མ་ཧཱ་བསྟན་པ། གཟོད་མ་དང་བྲལ་བའི་ཆོས་ཉིད་སྤྲོས་པ་དང་བྲལ་བར་རིག་པས་རྟོགས་ཏེ། ཤེས་པ་ནི་ཤེས་རབ་ཡིན།། གཞི་མ་དངོས་པོ་མེད་པར་རྟོགས་པ་དེ་ཉིད་ཐབས་དམ་པ་ཡིན། སྐད་ཅིག་མ་གཅིག་ལ་རིག་པས་དེ་བཞིན་དུ་རྟོགས་ནས། ། འཁོར་བ་དང་མྱ་ངན་ལས་འདས་པའི་རང་བཞིན། རིག་པའི་སྐད་ཅིག་མ་གཅིག་ལ་མཉམ་པ་ཉིད་གཉིས་སུ་མེད་པར་རྟོགས་ཏེ། ཐབས་དང་ཤེས་རབ་ཀྱི་ངང་ལ་གནས་པ་ནི་མ་ཧཱའོ།། ཇི་བཞིན་རྟོགས་པ་ཕྲ་བ་མིན། ། རིག་པའི་ཆོ་འཕྲུལ་སྐད་ཅིག་གིས།། འཁོར་དང་མྱ་ངན་འདས་པའི་ཆོས།། སྐུ་གསུམ་གཉིས་སུ་མེད་པར་རྟོགས།། ཨ་ནུའི་མ་ཧཱ་ཞེས་བྱའོ།། ཡོ་ག་ནི་སྣང་བ་ཐམས་ཅད་འབྱུང་བ་ལྔའི་བྱིན་གྱིས་བརླབས་ནས་བྱུང་བར་བལྟ། འབྱུང་བ་ལྔ་རིགས་ཀྱི་ཡུམ་ལྔའི་བྱིན་གྱིས་བརླབས་ལས་བྱུང་བར་བལྟ། རིགས་ཀྱི་ཡུམ་ལྔ་ཆོས་ཀྱི་དབྱིངས་རྣམ་པར་དག་པའི་བྱིན་གྱིས་བརླབས་ལས་བྱུང་བར་བལྟ། ཆོས་ཉིད་དབྱིངས་རྣམ་པར་དག་པ་ཡི་གེ་ཨའི་བྱིན་གྱིས་བརླབས་ལས་བྱུང་བར་བལྟ། ལྷ་དང་ལྷ་མོ་སེམས་དཔའ་ཕོ་མོ་ཡང་ཆོས་ཀྱི་དབྱིངས་ཀྱི་བྱིན་གྱིས་བརླབས་ལས་བྱུང་བར་ལྟ་སྟེ་རིམས་ཀྱིས་ལྟ་ལ། སྤྱོད་པས་ལྷ་དང་ལྷ་མོའི་སྐུ་གསུང་ཐུགས་བདག་གི་ལུས་ངག་ཡིད་གསུམ་གཉིས་སུ་མེད་པར་སྦྱོར་བས་ཡོ་གའོ། ཡོན་ཏན་ཀུན་དང་སྟོབས་ཀྱི་རྣམས།། རིམས་ཀྱིས་དེ་བཞིན་ལྟ་བྱེད་ཅིང།། བསྐྱེད་དང་གཉིས་སུ་སྤྱན་དྲངས་རྣམས།། དབྱེར་མེད་སྦྱར་བ་ཡོ་ག་ཡིན། ། མ་ཧཱ་ཡོ་གའི་ཨ་ཏི་ཡོ་ག་ནི། ཆོས་རྣམས་ཀྱི་ཆོས་ཉིད་ཀུན་གཞི་བྱང་ཆུབ་ཀྱི་སེམས་གཟོད་མ་ནས་མ་བྱུང་མ་སྐྱེས་སྐྱེ་འགག་མེད་པར་རིག་པས་རྟོགས་ཏེ། རིག་པ་ཉིད་ཀྱང་སྐྱེ་འགག་གདོད་མ་ནས་མེད་པར་རྟོགས་ཙམ་ན། སྣོད་བཅུད་སྐྱེ་འགག་མེད་པར་མ་གྱུར་པ་གང་ཡང་མེད་པར་མཉམ་པའི་ཀླུང་དུ་གྱུར་པ་དེ་ཉིད་ལ་གནས་པ་ལས་གཞན་ལ་མི་སྤྱོད་པས་སྤྱོད་པ་བླ་ན་མེད་པ་ཡིན། རྟོགས་པ་དེ་ཉིད་ཀྱི་ངང་ལས་མི་འདའ་བས་དམ་ཚིག་བླ་ན་མེད་པ་ཡིན། གོང་མའི་རྟོགས་པ་དེ་ཉིད་ཀྱི་ངང་ལ་ལྟ་བ་ལས་གཞན་དུ་མི་ལྟ་བས་ལྟ་བ་བླ་ན་མེད་པ་ཡིན། གོང་མ་དེ་ཉིད་ཀྱི་ངང་ལ་མ་ཡེངས་པར་གནས་པས་སྒོམ་པ་བླ་ན་མེད་པ་ཡིན། ཆོས་ཉིད་ཇི་བཞིན་མ་བཅོས་པའི་ངོ་བོ་རིག་པས་བརྟགས་ཤིང་དཔྱད་ནས་འཇུག་པས་རྟོགས་པ་ལ་མི་འགྱུར་བར་ཀླུང་དུ་གྱུར་པའོ།། ཇི་བཞིན་བཅོས་སུ་མེད་པ་ཉིད།། རིག་པས་སྐྱེ་འགག་མེད་པར་བརྟགས། ། བརྟགས་པ་ཀླུང་གྱུར་བདེ་མཆོག་ལས།། བླང་དོར་མེད་པར་ཀུན་མཉམ་པ།། མ་ཧཱའི་ཨ་ཏི་ཡོ་གར་གསལ།། མ་ཧཱ་ཡོ་གའི་ཨ་ནུ་ཡོ་ག་ནི། གོང་མ་ཆོས་ཉིད་སྐྱེ་འགག་མེད་པ་མ་བཅོས་པ་རང་བཞིན་མེད་པ་སྟེ། རིག་པ་ཉིད་དེ་ཉིད་ལས་བྱུང་སྟེ། སྐྱེ་འགག་མེད་པར་རྟོགས་པ་དེ་ཉིད་ལ་བློ་གནས་ཏེ་འགྱུར་བ་མེད་པར་གནས་མི་ནུས་པར། ཆོས་ཉིད་ཅིར་ཡང་སྣང་ཙམ་ན་རང་བཞིན་མེད་པར་ཡང་བྱེད། སྤྱོད་པས་ཅིར་ཡང་སྤྱོད་པ་སྟེ། རྟོགས་པ་ལ་ཀླུང་དུ་མ་འགྱུར་པ་མ་ཧཱའི་ཨ་ནུའོ།། རིག་པས་དེ་བཞིན་ཆོས་ཉིད་དེ།། རང་བཞིན་མེད་པར་རྟོགས་གྱུར་ཀྱང།། དེ་ལ་ཀླུང་དུ་གནས་མ་ནུས། རིག་པའི་ངོ་བོ་ཅིར་སྣང་ཞིང། ། སྤྱོད་པ་བརླབས་ཆེན་ཅིར་ཡང་སྤྱོད།། རིག་པར་འགྱུར་ཕྱིར་ཨ་ནུའོ།། མ་ཧཱ་ཡོ་ག་ཉིད་ནི། ཆོས་རྣམས་ཀྱི་ཆོས་ཉིད་བརྗོད་པ་མེད་པའི་དབྱིངས་དོན་དམ་པར་རང་བཞིན་མེད་པར་རིག་པས་རྟོགས་པ་ནི་ཤེས་རབ་ཡིན། རང་བཞིན་མེད་པ་དེ་ཉིད་རིག་པར་གྱུར་ཏེ། རང་བཞིན་མེད་པར་རྟོགས་པར་བྱེད་པ་ཐབས་ཡིན།། ཐབས་དང་ཤེས་རབ་གཉིས་སུ་མེད་པར་རིག་པ་དབྱིངས་ལ་འབྱོར་ཙམ་ན། ཀུན་རྫོབ་ཏུ་ལྷ་དང་ལྷ་མོར་སྣང་བ་ཐམས་ཅད་ཀྱང་རིག་པ་རང་སྣང་ལ། སྣང་ཙམ་ན་ཡང་ངོ་བོས་སྟོང་སྟེ། སྣང་ལ་རང་བཞིན་མེད་པ་ཉིད་དུ་གསལ་བ་ནི་ཀུན་རྫོབ་ཡིན།། ཀུན་རྫོབ་དང་དོན་དམ་པ་གཉིས་གཉིས་སུ་མེད་པར་ལྟ་བས་ལྟ་ཞིང། སྤྱོད་པས་ཀྱང་སྤྱོད་པ་གཉིས་སུ་མེད་པར་སྤྱོད་པའོ།། དོན་དམ་ཀུན་རྫོབ་གཉིས་མེད་ཅིང།། དོན་དམ་དུ་ནི་དབྱེར་མེད་དེ།། ཀུན་རྫོབ་ཏུ་ནི་ཐམས་ཅད་ལ།། དག་དང་མ་དག་གཉིས་སུ་ནི།། ཡོ་ག་ཀྲི་ཡ་ལ་སོགས་ལྟ། ། མ་ཧཱ་ཡོ་གའི་ཐེག་པ་ནི།། དོན་དམ་དུ་ཡང་དབྱེར་མེད་ཅིང།། ཀུན་རྫོབ་ཏུ་ཡང་དབྱེར་མེད་དེ།། དག་དང་མ་དག་གཉིས་མེད་ལྟ།། རྣལ་འབྱོར་ནང་པའི་རང་གཞུང་ངོ།། མ་ཧཱ་ཡོ་གའི་ཡོ་ག་ནི། གོང་མ་ལྟར་གནས་པ་ལ་དོན་དམ་པ་དང་ཀུན་རྫོབ་གཉིས་གཉིས་སུ་མེད་པར་ལྟ་བས་ཀྱང་ལྟ་བ་ལ། སྤྱོད་པས་ཀྱང་གཉིས་སུ་མེད་པར་སྤྱོད་པ་ལ། ཀུན་རྫོབ་ལྷ་དང་ལྷ་མོར་སྣང་བ་ཡང་ཆོ་གའི་ཡན་ལག་གིས་སྐུར་མི་བསྐྱེད་དེ། རིག་པ་སྐད་ཅིག་མ་ལ་གསལ་ལ། གསལ་ཙམ་ན་ཡང་རིག་པའི་ངོ་བོ་ཉིད་སྣང་བའོ།། གཉིས་སུ་མེད་པར་གང་སྣང་བ།། རིག་པའི་ཡུལ་ལ་སྣང་བ་སྟེ།། སྣང་བ་ཀླུང་དུ་འགྱུར་བྱེད་པ།། མ་ཧཱའི་མ་ཧ་ཡོ་ག་ཡིན། ། མ་ཧཱ་ཡོ་གའི་ཡོ་ག་ནི། སྔོན་དུ་བཏང་བ་དེ་རིག་པས་རྟོགས་ཀྱང་ཞེན་ཅིང་སྤྱོད་མ་ནུས་པའོ།། ཡིན་ཡང་སྤྱོད་མ་ནུས་པ་ནི། ཆུའི་ནང་ན་སྤུ་གྲི་གནས་པ་ལ་མི་ཆོད་ཀྱང་རྐང་པ་འཇོགས་མི་ནུས་པའོ།། དོན་དམ་ཀུན་རྫོབ་གཉིས་མེད་པ། ། རིག་པས་མཐོང་ཡང་འཇུག་མ་ནུས།། ཆོས་རྣམས་མ་ལུས་ཐམས་ཅད་ལ།། དག་དང་མ་དག་གཉིས་སུ་འདོད།། ཡོ་གའི་ཨཱ་ཏི་ཡོ་ག་ནི། སྔོན་དུ་བཏང་བའི་བྱིན་གྱིས་བརླབས་ཀྱི་ཐ་མ་ཆོས་ཀྱི་དབྱིངས་མི་དམིགས་པར་རྟོགས་པ་ལ་ཀླུང་དུ་གྱུར་པ་ནི། ཡོ་གའི་ཨ་ཏི་ཡོ་གའོ།། ཆོས་དབྱིངས་ཡངས་པ་ཀུན་ཏུ་བཟང།། བྱིན་གྱིས་བརླབས་ཀྱི་བྱིན་བརླབས་ལས།། ཟབ་མོ་དབྱིངས་རྟོགས་དེ་ཉིད་ལ། ། འགྱུར་མེད་གནས་བ་ཨ་ཏི་ཡིན།། ཡོ་ག་མཚན་མ་ལྷའི་རྣལ་འབྱོར།། ཡོ་གའི་ཡན་ལག་དགུས་གསལ་བ་ནི།། མཚན་མ་ལྷར་སྣང་བའི་རྣལ་འབྱོར་ཡིན་ལ། དེ་ལྟར་གསལ་ཀྱང་མཚན་མ་མེད་པའི་ཆོས་ཉིད་ཀྱི་རྣལ་འབྱོར་དུ་གྱུར་པ་ནི་ཡོ་ག་དངོས་སོ། ། མཚན་མ་གཉིས་ལ་གང་འཇུག་པ། ཤེས་འཇུག་ཡོ་གའི་ལྟ་སྤྱོད་དེ།། ཀུན་རྫོབ་དོན་དམ་གཉིས་ལ་ནི།། ལྟ་ཞིང་སྤྱོད་པ་ཡོ་ག་ཡིན།། ཡོ་གའི་ཨ་ནུ་ཡོ་ག་ནི། ཐམས་ཅད་རྡོ་རྗེ་སེམས་དཔའ་བྱང་ཆུབ་སེམས་ཀྱི་རང་བཞིན་དུ་སྣོད་བཅུད་གཉིས་མ་གྱུར་པ་མེད་པར་རྟོག་པའོ།། རིག་པ་རྡོ་རྗེ་སེམས་དཔའ་ཡི།། རང་བཞིན་དུ་ནི་གང་གྱུར་པ།། རིག་པ་བྱང་ཆུབ་སེམས་གྱུར་ཏེ། ། རྡོ་རྗེ་སེམས་དཔའ་རྟོགས་པ་ནི།། ཡོ་གའི་ཨ་ནུ་ཡོ་ག་ཡིན།། ཡོ་གའི་མ་ཧཱ་ཡོ་ག་ནི། དོན་དམ་པ་དང་ཀུན་རྫོབ་མ་རྟོགས་པར། ཀུན་རྫོབ་ཏུ་ལྷ་དང་ལྷ་མོར་ཁམས་སྐྱེ་མཆེད་སྣང་བ་ཐམས་ཅད་དང། འབྱུང་བ་དང་འབྱུང་བས་བསྡུས་པ་ཐམས་ཅད་ལྷ་དང་ལྷ་མོར་སྣང་ལ། སྣང་བ་དེ་ཉིད་ལ་ཞེན་ཅིང་དོན་དམ་པ་ལ་མི་སྤྱོད་པ་སྟེ། དོན་དམ་ཀུན་རྫོབ་གཉིས་མ་རྟོགས།། ཀུན་རྫོབ་ཉིད་ལ་ཞེན་ནས་ནི།། དོན་དམ་ཉིད་ལ་བློ་མི་གནས། ། རིག་པ་ལྷར་བལྟ་དེ་ཞེན་ལ།། ཡོ་གའི་མ་ཧཱ་ཡོ་ག་ཡིན།། ཡོ་གའི་ཡོ་ག་ཆོ་གའི་ཡན་ལག་དགུས་ལྷའི་སྐུར་གསལ་ཏེ། མཚན་མ་མེད་པ་མ་རྟོགས་ཏེ།། མཚན་མ་ཉིད་ལ་ཞེན་པའོ།། མཚན་མ་ཉིད་ལ་བློ་གནས་ཏེ། ། མཚན་མ་མེད་པ་སྤངས་གྱུར་ནས།། མཚན་མ་ལྷ་ལ་ཞེན་གྱུར་ཏེ།། ཡོ་གའི་ཡོ་ག་ཞེས་བྱའོ།། ཨ་ཏི་ཡོ་ག་དངོས་ནི་ཞལ་ནས་གསུངས་པའི་རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ་ཞེས་པ་ནས་དཀྱུས་མགོ་མཇུག་ཡིན་ཏེ། མགོ་འཇུག་གི་དོན་ཇི་ལྟར་སྟོན་ན། ཀུན་གཞི་བྱང་ཆུབ་ཀྱི་སེམས་བརྡལ་བ་ཆེན་པོ་མི་ཟད་པའི་གློང། ཡེ་ནས་བརྗོད་པའི་ཐ་སྙད་དང་བྲལ་བ། རང་བྱུང་གི་བཅོམ་ལྡན་འདས་སྙིང་པོའི་སྙིང་པོ་ཟབ་མོ་དམིགས་སུ་མེད་པ་ལྟ་ཞིང་དགོངས་སུ་མེད་པ། བརྗོད་པའི་ཐ་སྙད་དང་བྲལ་བ་རང་བྱུང་གི་དབྱིངས་དེ་རྫོགས་པ་ཆེན་པོ་ཨ་ཏི་ཡོ་གའོ།། བརྗོད་དུ་མེད་པའི་སྙིང་པོ་ནི།། དམིགས་པ་མེད་པས་དགོངས་པ་ཡིན། ། སྤྲོས་དང་བྲལ་བའི་རང་བཞིན་ཏེ།། དངོས་པོ་མེད་པས་སྤྲོས་དང་བྲལ།། ཨ་ཏི་ཡོ་གའི་ཨ་ནུ་ཡོ་ག་ནི། མཁའ་དག་པའི་ཞིང་ལྷུན་གྱིས་རྫོགས་པའི་ངོ་བོའོ།། ཟག་པ་མེད་པའི་ཆོས་ཀྱི་དབྱིངས་སོ།། ཀུན་གཞི་ཀུན་ཏུ་བཟང་མོ་བྱ་བཙལ་བྲལ་བའི་འཇིངས། ལྷུན་གྱིས་རྫོགས་པའི་ཆོས་ཉིད་སྣང་བ་མེད་པའི་ཀློང། མཐའ་དང་དབུས་མེད་པའི་རྒྱ་མཚོ་ཐམས་ཅད་ཀྱི་དབྱིངས་དེ་ནི། སྣོད་བཅུད་མ་ལུས་པ་ཀུན་མཐའ་ཟབ་པའོ། ། གདོད་ནས་སྙིང་པོ་བྱང་ཆུབ་པས།། བཙལ་བའི་བསམ་པས་དབྱིངས་མི་སྐྱོད།། ལྷུན་གྱིས་གྲུབ་པས་གདོད་ནས་ཆེ་ཞེས་པའོ།། ཨ་ཏི་ཡོ་གའི་ཨ་ཏི་ཡོ་ག་ནི། གོང་དུ་བསྟན་པའི་དོན་དེ་ཉིད་ཀྱང་སྨྲར་མེད་པའོ། ། བརྗོད་དུ་མེད་པའི་རྒྱ་མཚོའི་འཇིངས།། བསམ་དུ་མེད་པ་བྷ་གའི་གློང།། དམིགས་སུ་མེད་པ་དེ་བཞིན་ཉིད།། བསམ་མེད་བརྗོད་པའི་ཡུལ་ལས་འདས།། ཨ་ཏི་ཡོ་གའི་མ་ཧཱ་ཡོ་ག་ནི། གཟོད་མ་དང་བྲལ་བ་ཆོས་ཀྱི་དབྱིངས། སྐྱེ་འགག་གི་མཐའ་ལས་འདས་པ་ཐམས་ཅད་མཉམ་པ་ཉིད་གཉིས་སུ་མེད་པར་སྐད་ཅིག་མ་གཅིག་ལ་རིག་པས་རྟོགས་པ་ནི།། ཨ་ཏི་ཡོ་གའི་མ་ཧཱ་ཡོ་གའོ།། ཤེས་རབ་ཐབས་ཀྱི་བདག་ཉིད་ནི། ། ཡོན་ཏན་ཀུན་ལྡན་ཐབས་ཀྱི་བདག། ཐམས་ཅད་ཀུན་མཉམ་དམིགས་སུ་མེད།། རང་བཞིན་ཉིད་དེ་མཉམ་པའི་གཞི།། སྐད་ཅིག་གཅིག་གིས་ཤེས་པའོ།། ཨ་ཏི་ཡོ་གའི་ཡོ་ག་ནི། ཁམས་གསུམ་མ་ལུས་པ་འབྱུང་བས་བསྡུས་པ་དེ་བཞིན་གཤེགས་པའི་སྐུར་གྱུར་ཏེ་བཞུགས་པ་ལ། མངོན་པར་བྱང་ཆུབ་རྣམ་པ་ལྔ་དུས་གཅིག་ཏུ་རྫོགས་ཏེ། བྱང་ཆུབ་པ་རྣམ་པ་ལྔ་གསལ་བས། རིགས་བཞིའི་དེ་བཞིན་གཤེགས་པ་དང་འགྲོགས་ཏེ། རི་རབ་རྩེ་མོར་མངོན་པར་རྫོགས་པར་སངས་རྒྱས་ཏེ། རྣམ་པར་སྣང་མཛད་ཉེ་བའི་རྒྱུར་གྱུར་པ་ནི། ཨ་ཏི་ཡོ་གའི་ཡོ་གའོ།། སེམས་ཅན་ཀུན་གྱི་སེམས་གང་ནི།། བརྟན་པའི་ཕྱིར་ན་དཔའ་ཞེས་བྱ། ། ཐམས་ཅད་དེ་བཞིན་གཤེགས་པའི་སྐུ།། མངོན་པར་བྱང་ཆུབ་ལྔ་བསྒོམས་ནས།། རིམས་ཀྱིས་མ་ཡིན་དུས་གཅིག་ཏུ།། སྐད་ཅིག་གཅིག་གིས་རིགས་ཀྱི་བུ།། དེ་བཞིན་གཤེགས་དང་འགྲོགས་ནས་ནི།། རི་རབ་རྩེ་མོར་མངོན་སངས་རྒྱས། ། རྣམ་པར་སྣང་མཛད་ཉེ་བའི་རྒྱུ།། ཨ་ཏི་ཡོ་གའི་ཡོ་ག་ཡིན།། ལྟ་བ་ཉི་ཤུ་རྩ་ལྔ་ཕྱེ་བའི་ལེའུ་བསྟན་པའོ།།།། དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་ཡིད་མི་གཡོ་བའི་བྱང་ཆུབ་ཀྱི་སྙིང་པོ་ལ་བཞུགས་ཏེ། ཐམས་ཅད་མ་ལུས་པ་བྱང་ཆུབ་པར་བྱ་བའི་ཚིག་གསུངས་པ། རྫོགས་པ་བདེ་རླུང་མཉམ་པའི་དབྱིངས།། ཡེ་ནས་བཙལ་དུ་མེད་པ་ལ།། རྡོལ་ཞིང་སྒྲུབ་པ་འཁོར་བ་ཡིན།། མི་བཙལ་རང་བཞིན་གྱི་ན་པ། ། མི་གཡོ་གསལ་བའི་ངང་གཞག་སྟེ།། མི་གཡོ་མི་འགྱུར་རྡོ་རྗེའི་སྐུ།། རྡོ་རྗེ་ཆེ་མཆོག་བླ་ན་མེད།། ཐམས་ཅད་བྱང་ཆུབ་སེམས་ཀྱི་ངང།། སྨྲར་མེད་ཚིག་ལས་འདས་པའོ།། ཚིག་འདི་ཤེས་པར་གྱུར་པ་ལ། ། བྱང་ཆུབ་སེམས་ནི་དཀོན་མ་ཡིན།། བྱང་ཆུབ་སེམས་དེ་ཤེས་པ་ལ།། མགོན་པོ་སངས་རྒྱས་ཉེ་འགྱུར་ཏེ།། རྒྱལ་བ་རྣམས་དང་དབྱེར་མེད་མཚུངས།། མ་བཅོས་ལྟ་བ་ཀུན་བཟང་ངང།། སྤྱོད་པ་དེ་གནས་འདུ་འབྲལ་མེད། ། དམ་ཚིག་མི་འདའ་རྣམ་པར་དག། སྒོམ་པ་མ་བཅོས་ཡེ་ནས་གཞིར་བཞག། བཞི་པོ་དེ་ལ་གང་གནས་པ།། བཅོམ་ལྡན་འདས་དེ་སྙིང་པོ་ཉིད།། མ་བཅོས་ཀུན་བཟང་ངང་དེ་རུ།། སྣོད་བཅུད་གཉིས་ཀྱིས་འགྲོ་བ་ཀུན། ། སངས་མ་རྒྱས་པ་གང་ཡང་མེད།། ཀུན་བཟང་ངང་དེ་མཁའ་ལྟར་ཡངས།། དམིགས་སུ་མེད་དོ་སེམས་ཉིད་འདི།། སྣ་ཚོགས་པ་སྟེ་ཅིར་ཡང་འཁྲུལ།། ལྟ་དང་བྲལ་ལོ་བླང་དོར་མེད།། སྒོམ་དང་བྲལ་ཏེ་སྟོང་པ་ཉིད། ། རང་བཞིན་མེད་དོ་དེ་བཞིན་ཉིད།། བཙལ་དུ་མེད་དོ་སངས་རྒྱས་སྐུ།། གདོད་ནས་དག་གོ་མཁའ་ལྟར་ཡངས།། བྱང་ཆུབ་སེམས་ཀྱི་རང་བཞིན་འདི།། སྐུ་གསུང་ཐུགས་ཏེ་མཉམ་པའི་གཞི། ། དགོངས་སུ་མེད་པས་དགོངས་པའི་མཆོག། སེམས་ཉིད་དུས་གསུམ་འདུ་འབྲལ་མེད།། བཅོམ་ལྡན་འདས་ཉིད་ཟབ་མོ་དམིགས་སུ་མེད་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། ལྟ་བ་ཟབ་མོ་གསུང་བ་ཐམས་ཅད་མ་ལུས་པ་ལྟ་བ་རྒྱ་མཚོ་དམིགས་སུ་མེད་པའི་ཀློང་ཡིན་པས། སྣང་བ་མ་ལུས་པ་ཐམས་ཅད་སྣང་བ། མེད་པ་ཀུན་གཞི་བྱང་ཆུབ་ཀྱི་སེམས་མ་བཅོས་རང་བཞིན་གྱི་འོད་གསལ་བ་ཡིན་ཏེ། སྣོད་བཅུད་མ་ལུས་པར་བྱང་ཆུབ་པས་ད་གདོད་སྤྱང་དུ་གང་ཡང་མེད་པའོ།། ཐམས་ཅད་མ་ལུས་པ་སངས་རྒྱས་པས་བདེ་བར་གཤེགས་པའི་ལམ་ཆེན་པོ། འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་ད་ལམ་གྱིས་སྒྲུབ་ཏུ་མེད་ཅིང། གཉེན་པོས་སྦྱང་དུ་མེད་དེ་ཁམས་གསུམ་འོད་གསལ་བའོ།། ལམ་ལ་བགྲོད་དུ་མེད་དེ་ཉེ་ལམ་བདེ་བར་རྫོགས་པའོ།། རྒྱུ་ལ་བགྲོད་མི་དགོས་པར་འབྲས་བུར་གནས་པས། སྙིང་པོ་བྱང་ཆུབ་འབྲས་བུའི་རང་བཞིན། ཐམས་ཅད་མ་ལུས་པར་ལྷུན་གྱིས་རྫོགས་པས་གང་དང་ཡང་འབྱེད་པ་མེད་པས་མཉམ་པའི་རྒྱལ་པོ་ཆོས་ཐམས་ཅད་ཡེ་ནས་ཆོས་ཉིད་ཞི་བ་བྱང་ཆུབ་ཀྱི་སེམས་མ་བཅོས་པའི་ཀློང། ཐིག་ལེ་བྱང་ཆུབ་མཁའ་ལྟར་དག་པ་རང་བྱུང་གི་དབྱིངས་ཏེ། གཉེན་པོ་དང་འབྲས་བུའི་ཀླཽང་དུ་ཡེ་སངས་རྒྱས་པས། འཁོར་བའི་མིང་ཡང་མེད་དེ་ཁམས་གསུམ་སངས་རྒྱས། རྟོག་པའི་རི་བོ་བཅོམ་སྟེ་ལོག་པའི་སྟོབས་བཤིག། མ་རིག་པའི་ཐབས་བསལ་ཏེ་ཉོན་མོངས་པའི་སྐར་ཁུང་ཕྱེ། ཞི་གནས་དང་ལྷག་མཐོང་ཡེ་དབྱེར་མེད་དེའི་ཏིང་ངེ་འཛིན་གྱི་སྙིང་པོ། སྣང་སྲིད་འོད་གསལ་ཏེ་བདུད་བཞི་དབྱིངས་སུ་དག། མ་ལུས་བྱང་ཆུབ་སེམས་ཏེ་སྣང་སྲིད་ཡེ་རྒྱས་བཏབ། ཐམས་ཅད་ཐིག་ལེ་སྤྲོས་པ་དང་བྲལ་བའི་འཇིངས་སུ་འཁོར་བའི་ཀ་དག་པས། ཁམས་གསུམ་མ་ལུས་པར་ཀློང་ཡངས་ཏེ་ཆོས་ཀྱི་དབྱིངས་རྣམ་པར་དག་སྟེ། མི་སྐྱེ་མི་འགག་པས། ཐམས་ཅད་རྣམ་པར་དག་པའི་དབྱིངས་སུ་བསྒྲལ་ཟིན་ཏེ་མ་ལུས་པར་འུབ་ཆུབ་པས། དངོས་པོ་དང་མཚན་མའི་མཐའ་ཅིར་ཡང་དམིགས་ཤིང་དགོངས་སུ་མེད་པའོ།། སྣོད་བཅུད་མ་ལུས་པ་མ་བཅོས་པའི་དབྱིངས་སུ་ཀ་དག་པས། དབྱིངས་དང་ཡེ་ཤེས་ཞེས་བྱ་བའི་ཚིག་གི་ཐ་སྙད་དང་བྲལ་ཏེ་ཐམས་ཅད་དམིགས་སུ་མེད་པའོ།། བྱང་ཆུབ་ནི་བརྟན་ཞིང་མི་འགྱུར་ལ་རྣམ་པར་དག་པ་བླང་དོར་དང་བྲལ་བ་ཆོས་ཀྱིས་སྐུ། དབྱིངས་རྣམ་པར་དག་པའི་ཀློང་དུ་བདུད་རྣམ་པ་བཞི་ཀ་དག་སྟེ་དམིགས་སུ་མེད་པར་དེར་སྡུག་བསྔལ་རང་བཞིན་གནས་པས་ནུབ་སྟེ་མིང་ཡང་མེད་པས་བདེ་བ་ཆེན་པོའི་ཀླུང་ཞེས་བྱའོ།། བྱང་ཆུབ་ཀྱི་སེམས་གདོད་མ་ནས་རྣམ་པར་དག་པས་བྱང་ཆུབ་ཀྱི་སེམས་རང་བཞིན་མེད་པའི་ངང་དུ་ཐམས་ཅད་ལྷུན་གྱིས་རྫོགས་པས་རང་བཞིན་གྱི་གནས་པ་ཡིན། བྱང་ཆུབ་ཀྱི་སེམས་མ་བཅོས་པ་དེ་འགྱུར་བ་མེད་པར་གནས་པ་དེ་སྲ་ཞིང་མཁྲེགས་ཏེ་དམིགས་སུ་མེད་པས་རྡོ་རྗེའོ། ། རང་བཞིན་མེད་པ་དེའི་ངང་ལས་དུས་གསུམ་གྱི་སངས་རྒྱས་ཀུན་བྱུང་ཞིང། མ་བཅོས་པའི་སེམས་ཉིད་རྟོགས་པ་ལས། དུས་གསུམ་གྱི་སངས་རྒྱས་ཀུན་བྱུང་བས་ཡུམ་ཀུན་ཏུ་བཟང་མོ་ཡིན། ། རང་བཞིན་གྱི་གནས་པའི་བྱང་ཆུབ་ཀྱི་སེམས་མ་བཅོས་པ་དེའི་ངང་ལས་མི་འདའ་བས་དམ་ཚིག་ཡིན། དེ་ལྟ་བུའི་ངང་ལ་གནས་པས་སྒོམ་པ་ཡང་ཡིན། དེ་ལྟ་བུའི་ངང་ལ་གནས་ཤིང་དེའི་དོན་ལ་དམིགས་ཤིང་ལྟ་བུར་བྱེད་པས་ལྟ་བ་ཡང་ཡིན། རང་བཞིན་གྱིས་གནས་པའི་བྱང་ཆུབ་ཀྱི་སེམས་མ་བཅོས་པ་དེའི་ངང་དུ་འཁོར་བ་དང་མྱ་ངན་ལས་འདས་པ་དབྱེར་མེད་པར་ལྷུན་གྱིས་རྫོགས་པས་བསྡུད་པ་ཡང་ཡིན། ། དེ་ལྟ་བུའི་དོན་དེ་རྟོགས་པ་ལས་ཐམས་ཅད་མ་ལུས་པ་ཀུན་འབྱུང་བས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡང་ཡིན། བྱང་ཆུབ་ཀྱི་སེམས་མ་བཅོས་པའི་དབྱིངས་དེ་ལས་རིག་པ་ལངས་ཏེ་མ་བཅོས་པ་དེ་ཤེས་པས་ཤེས་པ་ཐམས་ཅད་ཀྱིས་ཕ་རོལ་ཏུ་ཕྱིན་པ་ཡང་ཡིན། དེ་ལྟ་བུའི་ཤེས་པ་དེ་ལ་འགྱུར་བ་མེད་པར་གནས་པས་བསམ་པར་བྱ་བ་ཐམས་ཅད་ཀྱི་ཕ་རོལ་ཏུ་ཕྱིན་བ་ཡང་ཡིན། མ་བཅོས་པའི་དབྱིངས་བྱང་ཆུབ་ཀྱི་སེམས་དེར་ཤེས་ཤིང་བསམ་པར་བྱ་བ་ལས་གཞན་དུ་མི་གཡེངས་པར་གནས་པས་བརྩོན་འགྲུས་ཀྱིས་རོལ་ཏུ་ཕྱིན་པ་ཡང་ཡིན། ། དེ་ལྟ་བུ་ལས་གཞན་དུ་མི་འདའ་བས་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་ཡིན། ། བྱང་ཆུབ་ཀྱི་སེམས་མ་བཅོས་པའི་དབྱིངས་དེ་ལྷུན་གྱི་རྫོགས་ཏེ་དེ་ཉིད་ཀྱི་ངང་ལ་མི་འགྱུར་བར་གནས་པ་ལ་ཅི་ཡང་བཟོད་པས་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡང་ཡིན། བྱང་ཆུབ་ཀྱི་སེམས་གདོད་ནས་དག་པ་མ་བཅོས་པའི་དབྱིངས་དེར་ཀུན་ནུབ་པས་ཀློང་ཡང་ཡིན། མ་བཅོས་པའི་དབྱིངས་དེ་རང་བཞིན་གྱིས་རྣམ་པར་དག་ཅིང་འོད་གསལ་བས་ཆོས་ཀྱི་སྐུ་ཡང་ཡིན།། བྱང་ཆུབ་ཀྱི་སེམས་རང་བྱུང་གི་དབྱིངས་མ་བཅོས་པའི་ཆོས་ཉིད་དེ་འང་ངང་ལས་གཞན་དུ་མི་འགྱུར་བར་རང་བཞིན་གྱིས་གནས་པས། ཉོན་མོངས་པ་ལྔ་མིང་ཡང་མེད་དེ། སྡུག་བསྔལ་ཆོས་ཉིད་དུ་གྱུར་ཏེ་གནས་པས་བདེ་བ་ཆེན་པོའི་ཀླུང་ཡང་ཡིན། བྱང་ཆུབ་ཀྱི་སེམས་མ་བཅོས་པའི་ཐིག་ལེ་ཆེན་པོ་རང་བྱུང་གི་དབྱིངས་དེ་བཞིན་དུ་བྱུང་ཞིང་ཤར་ཅིང་མ་བཅོས་པའི་ཆོས་ཉིད་དུ་རིག་པས་རྟོགས་ཏེ། གཉིས་སུ་མེད་པའི་བདེ་བ་ཆེན་པོ་ཡང་ཡིན།། དེ་ལྟ་བུ་རྟོགས་པ་ལས་ཆེ་བའི་ཡོན་ཏན་ཀུན་འབྱུང་བས་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ཡང་ཡིན། མ་བཅོས་པའི་བྱང་ཆུབ་ཀྱི་སེམས་དེའི་ངང་ལ་དུས་གསུམ་དུ་མི་འགྱུར་བར་སེམས་དཔའ་རྡོ་རྗེ་སེམས་དཔའ་ཡང་ཡིན། གདོད་ནས་དག་ཅིང་དམིགས་སུ་མེད་པ་བླང་དོར་དང་བྲལ་ཏེ། གཉིས་སུ་མེད་པས་ཁམས་གསུམ་སངས་རྒྱས་མ་ལུས་བྱང་ཆུབ། རྟོག་པའི་རི་བོ་བཅོམ། བདུད་རྣམ་པ་བཞི་ཀར་བསད་དེ་རྣམ་པར་དག་པས་ཆོས་ཀྱི་དབྱིངས་ཀྱིས་རང་བཞིན་ཆོས་སྐུ་བཙལ་བ་དང་བྲལ་བའི་བྱང་ཆུབ་ཀྱི་སེམས་དེ་མཚོན་པ་མྱ་ངན་འདས་པ། རང་བྱུང་གི་བཅོམ་ལྡན་འདས་དོན་དམ་པའི་ངོ་བོ་ཡེ་ནས་ཡིན་པས། སྙིང་པོ་བྱང་ཆུབ་དགོངས་སུ་མེད་པ་ཞེས་ཀྱང་བྱ། ཆོས་རྣམས་ཀྱིས་ཆོས་ཉིད་བྱང་ཆུབ་ཀྱི་སེམས་དེས་གང་ལ་ཡང་མ་ཁྱབ་བ་མེད་དེ་ཁྱབ་པས་བརྡལ་བ་ཆེན་པོ་མི་ཟད་པའི་གཏེར་ཡིན། འབྱུང་བའང་མི་འབྱེད་པར་ཐམས་ཅད་གཅིག་གི་ངོ་བོར་གནས་པས་མཉམ་པའི་གཞི་པོའང་ཡིན། ཚིག་དང་ཡི་གེའི་ཐ་སྙད་ལས་འདས་པས་དགོངས་སུ་མེད་དེ་སྤྱོད་པའི་མཐའ་དང་བྲལ་བ་ཡིན། མ་བཅོས་འཇིངས་ཀུན་གཞི་བྱ་བཙལ་དང་བྲལ་བ་དོན་དམ་པའི་སྙིང་པོ་ཆོས་ཀྱི་སྐུ་དཔལ་བདེ་བ་ཆེན་པོ་མི་གནས་པའི་མྱ་ངན་ལས་འདས་པ་ཆེན་པོ་དེ་སྒྲོ་སྐུར་གྱི་མཐའ་ལས་འདས་པས་མི་གནས་པའི་ཡེ་ཤེས་ཆེན་པོ་ཞེས་པའོ། ཁམས་གསུམ་སྲིད་གསུམ་དུས་གསུམ་མཉམ་པ་ཆེན་པོའི་ངོ་བོ་སྤྲོས་པ་མེད་པའི་ཐིག་ལེ་ཡིན་པས་མི་ཤོང་བ་མེད་པའི་ཀླུང་ཞེས་པའོ། ། སྤྲོས་པ་མེད་པའི་ཐིག་ལེ་ཡིན།། ཀུན་ལ་སྙོམས་ན་མཉམ་པ་སྟེ།། དམིགས་སུ་མེད་ན་མཚན་མ་དག། བརྗོད་དུ་མེད་པས་གླེང་དང་བྲལ། ། བསམ་མེད་ཡི་གེ་མེད་པས་ན།། བསྒོམ་པར་བྱ་བ་མེད་པའོ།། དེ་ནས་ཡང་བཅོམ་ལྡན་འདས་འདུ་ཤེས་ཤིན་ཏུ་མེད་པའི་བཅོམ་ལྡན་འདས་དཔལ་བདེ་བ་ཆེན་པོས་ཐམས་ཅད་ཀུན་ལ་ངེས་པར་སྙོམས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། བླ་མའི་ངེས་ཚིག་བསྟན་པ། རྨོངས་ལ་མི་འཕྱ་དོན་ལ་མཁས།། ཚིག་གིས་མཚོན་པའི་དོན་ལ་འབྱོར།། སྐྱེ་མེད་དབྱིངས་ལ་ཤིན་ཏུ་བསྟན།། ངེས་པར་བློན་ཞེན་ཀླུང་གྱུར་ན། ། གཞན་དུ་ནམས་ཀྱང་འགྱུར་བ་མིན།། བསྐྱེད་དང་རྫོགས་དང་རྫོགས་ཆེན་པོ།། རྣམ་གསུམ་དོན་ལ་ངེས་གནས་ཤིང།། ཐེག་པ་གཞན་གྱིས་ངེས་དོན་ཤེས།། ཟབ་མོ་དམིགས་མེད་དོན་ལ་མཁས། ། རྫོགས་པ་ཆེན་པོའི་གཏིང་དུ་འབྱོར།། བླ་མ་སློབ་དཔོན་ཆེན་པོ་ཡིན།། སློབ་མ་ནོར་བུ་རིན་པོ་ཆེ།། མན་ངག་ཟབ་མོ་གཏིང་དུ་འཆང།། ངེས་པ་རྙཻད་ནས་ཕྱིར་མི་ལྡོག། མཁས་པར་གྱུར་ཀྱང་སློབ་ལ་བརྩོན། ། ཤེས་པ་ཆེ་ཡང་ཐེ་ཙོམ་གཅོད།། བླ་མ་ཡན་ལག་མགོ་ལྟར་ཁུར།། མན་ངག་མིག་གི་འབྲས་ལྟར་འཚོ།། དམ་ཚིག་ཞིང་ཚོགས་བཞིན་དུ་བསྲུངས།། ལྟ་བ་ཟབ་མོ་མཁའ་ལྟར་ཡངས།། སྤྱོད་པ་གླང་ཆེན་རྫབ་ཆུང་བཞིན། ། ཞུགས་ཤིང་སྤྱོད་པ་སྐྱོ་དུབ་མེད།། རྒྱུད་མཉེན་འགྲོགས་ན་བདེ་བ་དང།། རྫས་རྣམས་ལེན་ལ་དགའ་ཞིང་བརྩོན།། སྒྲུབ་ལ་མི་འཇིགས་སྦྱོར་ལ་འགྲུས།། ཤེས་རབ་ཟབ་ཅིང་གཏོང་ལ་དགའ། ། ཟང་ཟིང་འཁོར་ཡུལ་བུ་སྨད་ཀྱང།། མན་ངག་ཟབ་མོའི་ཚིག་གཅིག་ལ།། འཕངས་པ་མེད་པར་འབུལ་བ་ནུས།། དེ་སློབ་ནོར་བུ་རིན་པོ་ཆེ།། སྦྱིན་པའི་གནས་དང་བསྟན་པའི་སྐབས།། ཡོན་ཏན་ཕུན་སུམ་ཚོགས་པ་འཆང། ། ཤེས་རབ་ཟབ་ཅིང་ཐེག་ཆེན་འབྱོར།། ཟང་ཟིང་འཁོར་ཡུལ་གཏོང་ལ་བརྩོན།། ངེས་པའི་མན་ངག་ཀླུང་དུ་ཞེན།། རྒྱ་མཚོ་ལྟ་བུའི་སེམས་ལྡན་ཞིང།། བླ་མ་ཙིཏྟའི་དཀྱིལ་དུ་འཆང། ། བླ་མས་སྤྱོད་པ་ཅི་བྱས་ཀྱང།། ངག་ནས་མི་སྙན་མི་གླེང་ཞིང།། འགྱུར་མེད་ནམ་མཁའི་སེམས་ལྡན་ཏེ།། བླ་མ་དཀོན་མཆོག་གསུམ་དུ་མཆོད།། བླ་མ་རྡོ་རྗེ་སློབ་དཔོན་གྱིས།། འདོད་ཅེས་སྨྲས་ན་མིག་ཀྱང་སྟེར། ། སྤྲུལ་ལ་རེག་པ་མི་ནུས་བཞིན།། མན་ངག་ཟབ་མོ་འཆང་བས་ཀྱང།། སྤྲུལ་ལ་འཛེམ་པ་བཞིན་དུ་བཙལ།། ཐེག་ཆེན་འཆང་ལ་ཐེག་མཆོག་བསྒོམ།། བློ་ལྡན་ཤེས་རབ་ཆེ་ཞིང་གསལ།། གསང་སྔགས་རྒྱུད་འཛིན་ཐེ་ཙོམ་གཅོད། ། བླུན་པ་མིན་ལ་དོན་ལ་འབྱོར།། གཞན་ལ་ཁ་ནི་གང་འདྲེན་པ།། ཐེག་པ་ཆེ་ལས་གཞན་མི་འགྱུར།། བྱང་ཆུབ་སེམས་དཔའ་ཞེས་བྱ་བ།། མན་ངག་ཟབ་མོ་གཏད་པའི་རིགས།། བླ་མ་ལ་སྤྱོ་བ་བྱས་སམ། གསད་པར་བསམས་སམ། གསང་བའི་གསང་བ་ཚིག་གཅིག་སྟོན་པ་ལ་མི་རུང་བ་འབའ་ཞིག་བསམས་ན། དམྱལ་བར་འགྲོ་བ་སྟོན་པའི་སྐབས། ངེས་པ་སྟོན་པའི་སློབ་དཔོན་ལ།། གསད་པར་བསམ་ཞིང་བློ་ལྡོག་སྟེ། ། ངག་ནས་མི་སྙན་ཚིག་སྨྲ་ཞིང།། བཅོལ་བ་སྣར་མི་འཇོག་སྟེ་གཟུག། སྨྲ་བཞིན་མི་བྱེད་ཡིད་ཆེས་དཀའ།། འཐིང་སླད་བྱེད་ཅིང་ཁྱད་དུ་གསོད།། ས་མ་ཡ་ནི་ཕྱོགས་པར་གཏོང།། གནོད་པ་སྨྲ་ཞིང་ངག་མི་ཉན། ། མཁས་པ་མིན་ཞེས་སྨྲ་བྱེད་ཅིང།། ཤེས་པ་བདག་དང་སྒྲིན་པར་ནུས།། གཞན་དང་བསྡོངས་ནས་གསད་པར་སེམས།། ངུ་འབོད་གནས་སུ་དེ་སྐྱེ་སྟེ།། ན་རག་ལས་ནི་ཐར་མི་སྲིད།། འཇིག་རྟེན་འདི་སྲོག་འཇོམས་པར་ནུས། ། སློབ་དཔོན་བླ་མར་གྱུར་པས་ཀྱང།། ཕ་མ་གཉིས་ཀྱི་ངག་མི་བཅག། ཡི་དམ་སེམས་ཀྱི་འཇིངས་སུ་གཅད།། མན་ངག་སེམས་ལ་བལྟ་ཞིང་སྤྱོད།། སྤྱོད་པ་རྒྱ་མཚོ་ཀློང་ལྟར་གནས།། ལྟ་བ་དུས་གསུམ་ཀུན་བཟང་ངང། ། སྒོམ་པ་བསྒོམ་དུ་མེད་པར་བསྒོམ།། ཆོས་ཉིད་ཀློང་ལས་མ་ཉམས་ན།། དམ་ཚིག་གཉིས་བརྒྱ་རྩ་གཅིག་རྫོགས།། ཐེག་པ་མ་ལུས་ལྷུན་གྱིས་གྲུབ། ཁམས་གསུམ་མ་ལུས་ཡེ་སངས་རྒྱས། ། སྣོད་བཅུད་མ་ལུས་གདོད་བྱང་ཆུབ།། མཉམ་པའི་སྙིང་པོར་གྱུར་པ་ལ།། རྡོ་རྗེ་སློབ་དཔོན་ཞེས་བྱའོ།། སློབ་དཔོན་གྱིས་སློབ་མ་གསོད་པར་བསམས་ན། ངན་འགྲོར་སྐྱེ་བའི་དམིགས་བསྟན་པའི་སྐབས། ངེས་པ་ཅེས་སྨྲ་བློར་མི་འཇོགས།། སློབ་བུ་གསད་པར་སེམས་ཤིང་དགའ།། ཡོན་ཏན་ཡོད་པའི་མི་ལ་སྨོད།། ཚིག་ལ་ལྟ་ཞིང་དོན་མི་ལྟ།། ཕ་རོལ་པོ་ལ་དུག་བཏང་ནས།། བརྒྱལ་བར་བྱས་པ་ཐིག་ནག་སྐྱེ། ། སྲོག་འཇོམས་པ་ཡི་གཉེན་པོར་ནི།། གྱུར་ནས་ཐིག་ནག་འདྲ་བར་གྱུར།། དེ་ཡི་རི་ཐུང་བསྟན་པ་ནི།། སུམ་ཅུ་རྩ་གསུམ་ལོ་གྲངས་བརྒྱ།། མན་ངག་ཟབ་མོའི་སློབ་དཔོན་ལ།། ཚིག་གཅིག་སྲོག་ལུས་གང་འབུལ་དང། ། ཡོན་ཏན་བསྟོད་པའི་སྒོ་སྨྲ་ཞིང།། སྐྱོན་གྱི་རྣམ་གྲངས་གང་འགེགས་པ།། རྒྱལ་བའི་རྒྱལ་བར་དེ་འགྲོ་ཞིང།། ཟང་ཟིང་འཁོར་ཡུལ་མང་པོ་ནི།། བླ་མ་དག་ལ་ཁས་བླངས་ནས།། གལ་ཏེ་བྱིན་པར་མ་གྱུར་ན། ། ཡང་དག་དོན་ལས་ཉམས་པ་དེ།། དཀོན་མཆོག་གསུམ་གྱི་དཀོར་ཕྲོགས་ཤིང།། བརྒྱ་བྱིན་ཚངས་ལ་སོགས་པས་བསླུས།། བསྡུས་འཇོམས་གནས་སུ་མི་དེ་སྐྱེ།། དེར་སྐྱེས་པ་ཡི་རིང་ཐུང་ཚད།། ཚེ་ཡི་ལོ་ནི་བརྒྱ་ཡིན་ནོ། ། མན་ངག་ཟབ་མོའི་སློབ་དཔོན་གྱིས།། སློབ་བུ་ནོར་བུ་རིན་ཆེན་ལ།། གང་ཞིག་འདོད་པའི་དགོངས་པ་སྟེ།། འདོད་ཅེས་པ་ནི་འབུལ་བར་བྱ།། འབུལ་བའི་སྙིང་སྟོབས་གང་མེད་པ།། འཆི་བའི་མི་དེས་སངས་རྒྱས་སླུ། ། ཚེ་སྲོག་ཟད་པར་བྱེད་པའི་རྒྱུ།། དམྱལ་བའི་ངེས་སྟོན་ངས་མ་བསྟན།། འཆི་བའི་རྒྱུ་ནི་བསྟན་པའི་སྐབས།། བཀའ་བཞིན་མི་བྱེད་འཆི་བའི་རྒྱུ།། ཕ་མ་གཉིས་ཀྱི་ངག་གཅོག་འཆི།། སྤྱོད་ལོག་སྣ་ཚོགས་བྱེད་ན་ཟད། ། བྱམས་པའི་བློ་འཁྲུག་མྱུར་དུ་འཆི།། མནའ་སྨོད་ཀྱིས་ནི་སྲོག་ཟད་རྒྱུ།། མན་ངག་ཟབ་མོ་སྟོན་པ་ཡི།། སློབ་དཔོན་བསླུས་ན་ཚེ་སྲོག་ཟད།། ཟབ་མོ་གཏིང་དུ་མ་འབྱོར་བར།། ཚིག་གི་ཡོན་ཏན་སྤེལ་བྱེད་པ། ། སྲོག་ཟད་ཚེ་ཐུང་དམྱལ་བའི་རྒྱུ།། ངེས་དོན་སྙིང་པོ་བླ་ན་མེད།། དམིགས་མེད་ཀླུང་དུ་མ་གྱུར་ན། ཁམས་གསུམ་མ་ལུས་སངས་རྒྱས་ཀུན།། མི་དེས་བྱང་ཆུབ་ཡོངས་མི་འཐོབ།། ཆོས་ཀྱི་རང་བཞིན་ཡོངས་ཤེས་ན། ཚིག་གི་བྱང་ཆུབ་མཁས་པར་འགྱུར།། མི་བྱ་བའི་སྐབས། ཐེག་པ་ཆུང་ངུ་བསྒོམ་མི་བྱ།། མན་ངག་ཟབ་མོ་བཙོང་མི་བྱ།། རྡོ་རྗེ་སློབ་དཔོན་བཀའ་མི་བཅག། ཡང་དག་ཉིད་ལས་ཡང་དག་ལྟ། ། རྣམ་པར་གྲོལ་བའི་ལམ་ལ་བསླབ།། རང་དབང་མེད་པར་གཞན་མི་འགྱུར།། ཐེ་ཙོམ་ཡོད་བཞིན་རློམ་མི་བྱ།། ཡིད་ཆེས་མེད་པར་དོན་མི་གྲུབ།། མཁས་པར་མ་གྱུར་གཞན་མི་སློབ།། བླ་མ་བས་ནི་མཁས་མི་བྱ། ། དམ་ཚིག་འདས་པའི་དུག་མི་བཏུང།། གཟུང་འཛིན་ཡོད་པས་བསྒོམ་མི་བྱ།། བློ་རྨོངས་པས་ནི་ཤེས་མི་གསལ།། མཁས་པར་མ་གྱུར་གཞན་མི་བསླབ།། ཐེ་ཙོམ་ཡོད་བཞིན་ང་མི་རྒྱལ།། ངེས་པ་མེད་པར་སྨྲ་མི་བྱ། ། རྟོག་པ་ཡོད་བཞིན་ལས་མི་བསྒྲུབ།། སྙིང་རྗེ་ཡོད་ན་གསད་མི་བྱ།། ཟབ་མོ་བསྟན་པའི་མི་དག་བཏག། བློ་རྒྱ་ཆུངས་པའི་མི་རྣམས་ལ།། ཐེག་ཆེན་ནམ་ཡང་བསྟན་མི་བྱ།། དེ་ཡན་ཆད་དུ་སིང་ག་ལའི་བམ་པོ་བརྒྱད་ཐལ་ཟིན་ཏོ། ། རྒྱ་གར་གྱི་ཡུལ་དབུས་འགྱུར་ཚལ་གྱི་བམ་པོ་གསུམ་ཐལ་ལོ།། ཨོ་ཏྲ་ཡུལ་གྱི་བམ་པོ་བཅུ་གསུམ་ཐལ་ལོ།། རྒྱའི་བམ་པོ་གསུམ་ཐལ་ལོ།། དེས་བམ་པོ་རྐང་གྲངས་རིམ་པ་བསྟན་པའོ།། དེ་ནས་ཡང་བཅོམ་ལྡན་འདས་དཔལ་བདེ་བ་ཆེན་པོས་སྙིང་པོའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་བཀའ་སྩལ་པ། ཁམས་གསུམ་ཡེ་ནས་སངས་རྒྱས་པས།། སྙིང་རྗེས་སེམས་ཅན་བསྒྲལ་མི་དགོས།། གདོད་ནས་མ་སྐྱེས་མི་འགག་པས། ། ཐར་བའི་ལམ་ལ་བགྲོད་དུ་མེད།། བཟང་ངན་བླང་དོར་དབྱེར་མེད་པས།། མཉམ་པར་བྱ་བའི་གཞི་པོ་བྲལ།། ཐམས་ཅད་ལྷུན་གྱིས་རྫོགས་པས་ན།། ཡོན་ཏན་ཅི་ཡང་བསྔགས་སུ་མེད། ། བདུད་བཞི་དབྱིངས་སུ་དེར་བསད་ཅིང།། ཉོན་མོངས་མ་ལུས་ཀ་དག་ན།། སངས་རྒྱས་བཙལ་ཞིང་བསྒྲུབ་ཏུ་མེད།། ཀུན་བཟང་ཆོས་ཀྱི་དབྱིངས་ཆེན་ལ།། ཡོན་ཏན་མ་ལུས་ཀུན་ལྡན་པས། ། རྒྱལ་བས་ཞིང་རྣམས་བཙལ་དུ་མེད། ཁམས་གསུམ་སྣོད་བཅུད་བྱང་ཆུབ་པས།། ས་བགྲོད་རྒྱུ་ལ་ལྟོས་དང་འདྲ།། རང་བྱུང་ཡེ་ཤེས་བཙལ་མེད་པས།། བདེ་བར་གཤེགས་པའི་སྙིང་པོ་ཡིན།། ཆོས་རྣམས་མ་ལུས་ལྷུན་རྫོགས་པས། ཁམས་གསུམ་མ་ལུས་རྒྱལ་བའི་ཞིང།། ཡེ་ནས་སྙིང་པོ་བྱང་ཆུབ་པས།། བསྒོམ་པར་བྱ་བ་རྡུལ་ཡང་མེད།། སེམས་ཀྱི་ཀུན་བཟང་མ་མཐོང་ན།། ཚིག་གི་ཀུན་བཟང་རྙེད་མི་འགྱུར།། སྙིང་པོ་བྱང་ཆུབ་མ་ཤེས་ན། ། མཁས་པས་སངས་རྒྱས་ཡོངས་མི་རྙེད།། དུག་གསུམ་འབར་བའི་མེ་ཡོད་ན།། མེ་མར་དུ་མཆོང་མི་དགོས།། སེང་གེ་དཀར་མོའི་འོ་མ་འདི།། གསེར་གྱི་སྐྱོགས་སུ་བཞོ་བ་ལས། ཁམས་སྐྱོགས་ནང་དུ་བཞོས་གྱུར་ན། ཁམས་སྐྱོགས་འགས་ཤིང་འོ་མ་བའོ།། དེ་བཞིན་གསང་སྔགས་འདི་འཆང་བས།། བཙལ་ཐབས་བཅང་ཐབས་ཉེས་གྱུར་ན།། སེང་གེ་དཀར་མོའི་འོ་མ་འདྲ།། མེད་དོ་སེམས་ལས་སངས་རྒྱས་མེད། ། འོད་མིན་གཞལ་ཡས་ཉིད་ཀྱང་སེམས།། སེམས་ལས་ཀུན་ཏུ་བཟང་མོ་མེད།། བསྒྲུབ་པར་བྱ་བ་ཉིད་ཀྱང་སེམས།། སུ་ཡི་སེམས་ཉིད་མཐོང་བ་དེས།། ཆོས་རྣམས་མ་ལུས་ཐམས་ཅད་ཤེས།། སྙིང་པོ་དགོངས་སུ་མེད་པས་ན། ། ཆོས་རྣམས་མ་ལུས་བརྗོད་དང་བྲལ།། རང་བྱུང་དབྱིངས་སུ་ཡེ་དག་པས།། བཙལ་བའི་བསམ་པས་དབྱིངས་མི་སྐྱོད།། བགྲོད་དུ་མེད་པའི་ལམ་རྫོགས་པས།། ས་སྦྱོངས་བགྲོད་པ་ངལ་བའི་རྒྱུ། ། ཡངས་པའི་གཞི་སྟེ་དམིགས་སུ་མེད།། རྒྱལ་བའི་ཞིང་ན་བཙལ་མི་དགོས། ཁམས་གསུམ་རྒྱལ་བར་མ་རྟོགས་ན།། སངས་རྒྱས་བཙལ་བས་ཡོངས་མི་རྙེད།། སེམས་ཉིད་རྟོག་པ་སངས་རྒྱས་ཡིན།། དཔྱད་མཐའ་མེད་ན་འདུ་ཤེས་ཟད། ། འདུ་ཤེས་ཟད་པ་བདེ་བའི་མཆོག། རྫོགས་སོ་སེམས་ལ་ཆོས་ཉིད་རྫོགས།། ངེས་པ་བལྟར་མེད་ལྟ་བའི་ཕུལ།། བཙལ་མེད་ལས་དང་བྲལ་ན་བདེ།། སྣང་སྲིད་མ་ལུས་དབྱེར་མེད་པས། ། མཉམ་པ་ཉིད་དེ་སྒྲུབ་མི་དགོས།། ཡེ་ནས་ཁམས་གསུམ་སངས་རྒྱས་པས།། རྒྱལ་བ་སངས་རྒྱས་བཙལ་དུ་མེད།། སྣོད་བཅུད་ཡེ་ནས་བྱང་ཆུབ་པས།། བྱང་ཆུབ་སེམས་ལ་ལྟ་རུ་མེད།། དངོས་གཞི་མེད་པའི་སེམས་ཉིད་དེ། ། བརྗོད་དུ་མེད་པས་བརྗོད་དང་བྲལ།། སྐྱེ་འགག་མེད་པས་དབྱིངས་ན་བདེ།། རང་བཞིན་གནས་པས་བགྲང་དུ་མེད།། ཐམས་ཅད་མ་ལུས་བདེར་རྫོགས་པས།། སྡུག་བསྔལ་མ་བཅོས་དབྱིངས་སུ་ཞི། ། སངས་རྒྱས་ཆོས་རྣམས་རང་བཞིན་མེད།། ཆོས་དེ་དངོས་པོ་མེད་པ་ཡིན།། ཆོས་ནི་ཡེ་ནས་ཞི་བ་སྟེ། ཁམས་གསུམ་དམིགས་སུ་མེད་པ་ཡིན།། ཐམས་ཅད་སྟོང་པ་ཉིད་སྟོང་སྟེ།། མ་ལུས་དམིགས་སུ་མེད་པ་ཡིན། ། འདི་རྣམས་རྟོགས་པར་གྱུར་པ་ལ།། སངས་རྒྱས་ཆོས་རྣམས་མ་ལུས་ཡོད།། དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་ངེས་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། རབ་ཏུ་ངེས་པའི་ཏིང་ངེ་འཛིན་བསྟན་པའི་སྐབས། བྱང་ཆུབ་སེམས་ནི་བྷ་ག་སྟེ།། ཇི་བཞིན་པ་ཞེས་བྱ་བ་ཡིན།། ཇི་བཞིན་པ་དེ་གདོད་ནས་དག། མ་ལུས་པ་སྟེ་ཐམས་ཅད་སྡུད།། ཀུན་འདུས་མཁའ་དབྱིངས་རྣམ་པར་དག། སྙིང་པོའི་སྙིང་པོ་བྱང་ཆུབ་པས། ། དགོངས་པའི་དགོངས་པ་བསྟན་པའོ།། མ་ཧཱ་ཡོ་གའི་བདུད་བཞི་ནི།། གཟོད་ནས་དག་པར་ཆོས་རྣམས་ནི།། ཤེས་རབ་ཀྱི་ནི་ཤེས་འགྱུར་བ།། ཐབས་ཀྱི་མཆོག་སྟེ་གཉིས་སུ་མེད།། ཤེས་རབ་ཐབས་གཉིས་གཉིས་མེད་པས། ། ཕུང་པོའི་བདུད་བཞི་དབྱིངས་སུ་དག། ལྷ་དང་གཉིས་སུ་མེད་པར་ནི།། ཐམས་ཅད་མ་ལུས་ཀུན་སྦྱོར་བས།། སྐྱོན་གྱི་ཟུག་རྔུ་མཁའ་བཞིན་གསལ།། ཉོན་མོངས་བདུད་ནི་དབྱིངས་སུ་དག་ཁམས་གསུམ་སྣོད་བཅུད་ལྷར་གསལ་ཏེ། ། ལྷ་ཡི་དཀྱིལ་འཁོར་ཀུན་ཡིན་ཕྱིར།། ལྟ་ཡི་བུ་བདུད་ལྟར་གྱུར་པས།། ལྷ་ཡི་བདུད་ནི་དབྱིངས་ལ་ཞི།། ཐམས་ཅད་གཉིས་སུ་ཀུན་སྦྱོར་བས།། སྐྱེ་མེད་དོན་ལ་འགག་པ་མེད། ། འཆི་བདག་བདུད་ནི་དབྱིངས་སུ་དག། ཕུང་པོ་ལྔ་ནི་རིགས་ལྔ་སྟེ།། རྒྱལ་བ་རིགས་ལྔའི་རང་བཞིན་དུ།། ཕུང་པོ་གྱུར་པས་ཆོས་ཉིད་གསལ།། ཕུང་པོའི་བདུད་ནི་དབྱིངས་སུ་གསལ།། དུག་གསུམ་སྐུ་གསུང་ཐུགས་སུ་གསལ། ། ཉོན་མོངས་ལྔ་ནི་བྷ་གར་གསལ།། སེམས་ལས་བྱུང་བའི་ཆོས་རྣམས་ནས།། བྱང་ཆུབ་ཆེན་པོར་བདེ་རྟོགས་པ།། ལྷ་ཡི་བུ་བདུད་དབྱིངས་སུ་གསལ།། ཆོས་རྣམས་མ་ལུས་མཉམ་པའི་ངང། ། གདོད་ནས་སྐྱེ་འཆི་འཕོ་འགྱུར་མེད།། རང་བྱུང་ཞི་ནས་ཡེ་ནས་གསལ།། འཆི་བདག་བདུད་ནི་དབྱིངས་སུ་དག། ཨ་ནུ་ཡོ་གའི་བདུད་བཞི་བཅོམ།། རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ།། ཀུན་བཟང་ཡངས་པ་ཆོས་ཀྱི་དབྱིངས། ། རྣམ་དག་ལམ་ཆེན་ཀུན་སྒྲོལ་ཕྱིར།། མི་སྐྱེ་མི་འགག་ཅིར་མི་དགོངས།། སྲིད་གསུམ་སྐྱེ་འགག་མེད་པས་ན།། ཕུང་པོའི་བདུད་ནི་རྣམ་པར་དག། བྱམས་པས་དོན་ཉིད་རྣམ་སྦྱངས་ཕྱིར།། སྙིང་རྗེ་ཆེན་པོ་ཅིར་མི་མཛད། ། ཆེ་བའི་ཆེ་ཟབ་མོ་ཡིས།། ཡོན་ཏན་ཅིར་ཡང་བསྔགས་པ་མེད།། མ་ལུས་མཉམ་པའི་བདེ་མཆོག་ལ།། སྡུག་བསྔལ་ཐམས་ཅད་ཀུན་གཞི་སྟེ།། དོན་རྣམས་ཇི་བཞིན་མི་བསྐྱོད་པས།། བྱ་བ་མེད་པས་གྲོལ་བས་གྲོལ། ། རང་བྱུང་ཡེ་ཤེས་བཙལ་མེད་པས།། གྲོལ་ནས་གྲོལ་བའི་ལམ་སྟོན་པས།། ལྷ་ཡི་བུ་ཡི་བདུད་ནི་དག། འབྱུང་བ་ཆེན་པོ་བཅོམ་ལྡན་འདས།། ཆུབ་པར་གནས་པས་བཅོམ་ལྡན་འདས། ། འགྲོ་བ་ཀུན་ལ་རང་བཞིན་གནས།། ཕྱིན་ཅི་ལོག་ཏུ་རྣམ་བརྟགས་ཀྱང།། གྲོལ་བ་རང་བྱུང་གཞན་ལས་མེད། ཁམས་གསུམ་སྣོད་བཅུད་དབྱིངས་ནས་བྱུང།། དེ་ནས་བྱུང་ནས་དེར་གནས་པས། ། ཉོན་མོངས་བདུད་དེ་བདེ་བའི་མཆོག། ཆེ་བའི་ཡེ་ཤེས་རྙེད་དཀའ་བ།། ཤེས་རབ་ཐབས་ལ་བརྟེན་པས་འགྲུབ།། མིང་ཙམ་གཞན་ལ་བརྟེན་འདྲ་ཡང།། མངོན་སུམ་བདེ་བ་རང་ལས་འབྱུང།། བདེ་བའི་བདེ་ཆེན་ཀུན་རྫོགས་པས། ། འཆི་བདག་བདུད་ནི་ཡེ་རྒྱས་བཏབ།། ད་ལྟའི་བདེ་དང་ཕྱི་མའི་བདེ།། མངོན་སུམ་པ་དང་རྒྱབ་ནས་འབྱུང།། དེ་ཡང་རྣམ་པའི་སྐྱོན་ཡིན་པས།། དེ་ལ་བརྟེན་པར་མི་བྱའོ།། ཡོན་ཏན་ཆེན་པོའི་བསམ་གཏན་ནི། ། གསམ་གཏན་ཉིད་པས་བསམ་དུ་མེད།། མ་བསམས་མ་སྦྱངས་ཆོས་ཉིད་དུ།། རྣམ་རྟོག་ཉིད་ལས་ཡེ་ཤེས་སྐྱེ།། ཕྲ་བའི་སྒོ་མོར་མིང་བརྟགས་ཤིང།། སེམས་ཀྱི་བདེན་པས་ལམ་འཚོལ་ཞིང། ། དགོན་པའི་རྒྱུད་དུ་དབེན་འཛིན་ཏེ།། བརྟགས་ན་རྣམ་པར་རྟོག་འགྱུར་བསྒོམ།། དགེ་སྡིག་གཉིས་ཀ་རྣམ་པར་སེལ།། རྒྱུ་འབྲས་གཉིས་སུ་མིང་འདོགས་ཏེ།། འཇིག་རྟེན་འདི་ལས་འབྱུང་ངོ་ཞེས།། བླང་དོར་བྲོད་པ་མཆོད་ཏུ་བསྐྱེད། ། མི་གནས་ཐེག་ཆེན་ཆོས་བསྒོམས་ཤིང།། སོ་སོར་རྟོགས་པའི་ཤེས་རབ་ཀྱིས།། ཆོས་རྣམས་ཀུན་གྱི་དོན་སྤྱད་པས།། ཆོས་རྣམས་ངོ་བོ་ཉིད་ཀྱིས་ཞི།། དེ་ལ་མིང་དང་ཚིག་ཀྱང་མེད།། དེ་ལ་འབྲི་དང་བསྣན་པ་མེད། ། ཡི་གེའི་སེམས་རྒྱུ་བ་དང་བྲལ།། སྨྲ་བསམ་ཡུལ་ལས་རབ་འདས་པས།། མཐའ་གཉིས་རབ་ཏུ་རྨོངས་འགྱུར་ཏེ།། ཅི་ལའང་མི་དམིགས་མི་རྟོག་སྟེ།། མི་རྟོག་པ་ལའང་མི་གནས་ཤིང།། སྣ་ཚོགས་འདི་དག་འཁྲུལ་པར་ཤེས། ། འཁྲུལ་བར་ཤེས་པ་ཡང་དག་ལམ།། དབུ་མའི་ལམ་ཆེན་དེར་རྫོགས་པས། ཁམས་གསུམ་མྱ་ངན་འདས་པར་འདོད།། དོན་དམ་དམིགས་སུ་མེད་པ་ལ།། འདུ་ཤེས་རྒྱུ་བའི་སེམས་མེད་དེ། ། ཡི་གེའི་ཚོགས་དང་བྲལ་བ་ནི།། དབུ་མའི་དོན་དམ་ལྟ་བ་ཡིན།། དབུ་མའི་དོན་དམ་གང་ཡིན་པ།། རྫོགས་པ་ཆེན་པོའི་ཀུན་རྫོབ་ཡིན།། ཐམས་ཅད་མ་ལུས་ཀུན་རྫོགས་པས།། ཡོན་ཏན་བསམ་གཏན་བསམ་དུ་མེད། ། མ་བསམས་མ་སྦྱངས་ཆོས་སུ་གནས།། མི་རྟོག་རྟོག་ལས་འདས་པ་ན།། རྣམ་རྟོག་ཉིད་ཀྱང་ཡེ་ཤེས་སྐུ།། རྒྱུ་འབྲས་མི་འབྱེད་ལྷུན་གྲུབ་པས།། ཕྲ་མོ་ཐེག་པྲ་གདགས་དང་བྲལ།། ཆོས་དབྱིངས་དབེན་པའི་དགོན་རྒྱུད་དུ།། འདུ་མཆེད་བཅུ་གཉིས་གཏོད་མནན་པས།། རྣམ་རྟོག་མ་ལུས་དབྱིངས་སུ་ཞི།། གདོད་ནས་མ་བཅོས་མཉམ་ཀླུང་པས།། དགེ་སྡིག་རྒྱུ་འབྲས་གདགས་སུ་མེད།། འཇིག་རྟེན་སྔ་ཕྱི་གཉིས་མེད་ཅིང། ། ཐམས་ཅད་མ་ལུས་སངས་རྒྱས་པས།། བླང་དོར་བྲོད་པའི་ཚིག་ལས་འདས།། གདོད་ནས་རང་བཞིན་མེད་པ་ལ།། རིག་པ་དེ་བཞིན་དུར་བཏབ་པས།། སོ་སོར་རྟག་ཏུ་ཅི་ཡང་མེད། ། ཆོས་རྣམ་རང་བཞིན་ཞི་བ་ལ།། རྗོད་པར་བྱེད་པ་གོལ་བས་ན། ཁམས་གསུམ་མ་ལུས་ཡེ་སངས་རྒྱས།། འཁོར་དང་མྱ་ངན་འདས་གཉིས་མེད།། གདོད་ནས་བཅོམ་མེད་མྱ་ངན་འདས།། མི་རྟོག་མ་བཅོས་ཆོས་ཉིད་ལ། ། དམིགས་ཤིང་སྒོམ་དུ་རྡུལ་ཡང་མེད།། སྣང་བ་མེད་པའི་ཆོས་ཉིད་ལ།། མི་བཙལ་གཞག་ན་བསྒོམ་པ་ཡིན།། ཅི་ལའང་མི་རྟོག་མི་གནས་ཏེ།། མི་རྟོག་མི་གནས་འཁོར་བ་ཡིན།། འཁོར་བའི་གཅོང་རོང་དབུ་མའི་ལམ། ། བརྗོད་དུ་མེད་པའི་ཆོས་ཉིད་ཀྱི།། ཐེག་ཆེན་བླ་ན་མེད་པ་འདི།། རང་བཞིན་མེད་པས་འདུ་འབྲལ་མེད།། ལྷུན་གྱིས་གྲུབ་པས་ལུས་པ་མེད།། ཡེ་སངས་རྒྱས་པས་རྟོག་ལས་འདས།། སྨྲར་མེད་ཚིག་ལས་འདས་པའི་ཕྱིར། ། ཡི་གེའི་སེམས་རྒྱུ་བ་དང་བྲལ།། དཔྱད་ན་མངས་ན་རྟོག་པའི་རྒྱུ།། དཔྱད་མཐའ་མེད་པའི་ཆོས་དབྱིངས་ལ།། རིག་པ་དེ་བཞིན་ཀླུང་གནས་པ། ཁམས་གསུམ་མ་ལུས་ཐིག་ལེའི་ངང། ། ཐིག་ལེ་ཆེན་པོ་མཉམ་གནས་ཏེ།། བསམ་ཞིང་བསྒོམ་དུ་མེད་པ་ཡིན།། ཐིག་ལེ་སྤྲོས་པ་མེད་པ་ལ།། དཔྱད་མཐའ་མངས་པ་རྟོག་པའི་རྒྱུ།། དཔྱད་མཐའི་འདུ་ཤེས་གང་སྤངས་པས།། དེ་ཡིས་ཆོས་རྣམས་ཀུན་རྟོགས་ཏེ། ། རྒྱལ་བ་སངས་རྒྱས་རྙེད་པ་ཡིན།། བླ་མེད་ཡང་དག་ངེས་པའི་དོན།། ཐེག་ཆེན་དོན་ལ་མ་འབྱོར་བར།། ཤཱཀྱར་མགོ་ཟླུམ་ཚུལ་བཅོས་ཀྱང།། གྱོ་མོ་ས་ལ་རྒྱུ་བྱས་པས།། འཕངས་པའི་འདུ་ཤེས་རབ་བསྐྱེད་ཀྱང། ། ཐ་མར་སར་ནི་འགྲོ་བ་ལྟར།། གདོང་འཁྲུད་སྤུ་གྲིས་སྐྲ་བྲེགས་ཀྱང།། རྟོག་པའི་ཀླུང་ལ་འདུ་མཆེད་དེ།། རྟོག་པའི་ཁྲིམས་དེ་བསྲུང་བས་འཇིག། བླ་མེད་རྫོགས་ཆེན་ཉེ་ལམ་རིང།། བསྐལ་པ་གསུམ་དུ་ས་བགྲོད་ཀྱང། ། རྫོགས་པ་ཆེན་པོའི་གཏིང་མི་མཐོང།། རྒྱལ་བ་བཙལ་བས་རྙེད་མི་སྲིད།། དཔྱད་མཐའ་མངས་པའི་རྒྱུ་ལས་བྱུང།། རྒྱུ་ལ་མི་བགྲོད་དཔྱད་མཐའ་སྤང།། མགོ་ཟླུམ་ཤཱཀྱར་ཚུལ་གྱིས་བཅོས། ། ཐེག་ཆེན་མཐོང་བ་ཐེག་པ་དེ།། འབྲས་བུ་མངོན་སངས་རྒྱས་པ་ཡིན།། བྱང་ཆུབ་ཐོབ་པར་འདོད་པ་རྣམས།། དེ་ཕྱིར་བླ་མེད་ཐེག་ཆེན་ལྟོས།། བླ་མེད་ཐེག་ཆེན་སུས་མཐོང་བས།། དུས་གསུམ་སངས་རྒྱས་མ་ལུས་རྙེད། ། ལུང་གི་ལུང་མཆོག་རྩ་བའི་རྒྱུད།། ཤཱཀྱ་ཐུབ་པ་འགྲོ་བའི་མགོན།། ཡོན་ཏན་མ་ལུས་ཀུན་ལྡན་པའི།། ཐུབ་པའི་དབང་པོས་གསུངས་པ་ཡི།། ལུང་གི་རྩ་བའི་རྒྱུད་ཆེན་འདི།། ཞལ་ནས་གསུངས་པའི་ཐེག་པ་སྟེ། ། སངས་རྒྱས་བྱང་ཆུབ་གང་འདོད་པ།། ཐེག་མཆོག་བླ་མེད་འདི་ལ་ལྟོས།། ཕྱིས་ཀྱི་སློབ་འདོད།། སློབ་མ་དང་སྟོན་པར་འདོད་པའི་སློབ་དཔོན་གྱིས།། ས་པའི་བྱང་ཆུབ་སེམས་དཔའ་ཡིས།། སྤྲུལ་རྒྱུར་ལྡན་པ་རྙེད་པ་དང། ། མ་བཤད་པར་ནི་དོན་མི་བསྟན།། རྩ་བའི་རྒྱུད་འདི་སྔོན་ལ་སྦྱིན།། བཤད་དེ་དོན་འདི་དགྲོལ་བ་བསྟན།། བསྟན་བཞིན་མི་བྱེད་པ་ཡི་མི།། བློ་བུར་དྲག་པོས་མོད་ལ་འཆི།། སྲོག་ཟད་ནས་ནི་དམྱལ་པར་ལྟུང། ། ངས་བསྟན་པ་ཡི་གདམས་ངག་འདི།། ལུང་འདི་འཚོ་བས་སེམས་ལ་བཅང།། བསྟན་པ་འདི་འགལ་མེད་ལ་འཆི།། ལུང་རྩ་བའི་རྒྱུད་རྗེའུའི་དོན་དུ་བསྟན་པ་ཡིན།། རྫོགས་སོ། །།། ཨུ་ཨུ་ཨུ་རཀྴི་ཀ་ཨི་ཏུ་ཨུ་ཊུ།།།། རྒྱ་གར་སྐད་དུ། བཛྲ་ས་ཏྭ། ཁ་སེ་མཧཱ་རཱ་ཛ་པུཥྟི་ཏནྟྲ། བོད་སྐད་དུ།། རྡོ་རྗེ་སེམས་དཔའ་ནམ་མཁའི་ཆེ་རྒྱལ་པོ་རྒྱས་པའི་རྒྱུད། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་བདེ་བ་ཆེན་པོ་ལ་ཕྱག་འཚལ་ལོ།

CLOSE WINDOW