Wylie |
། ཐུགས་རྗེ་འགག་མེད་རྒྱུན་ཆད་མེད།། ང་རྒྱལ་བྲག་ཆེན་མེད་པས་ན།། སངས་རྒྱས་ཆེ་བ་སུ་ཡིས་མཚོན།། ཕྲག་དོགས་རླུང་ཆེན་མེད་པ་ན།། ཐུགས་རྗེ་མཁྱེན་པའི་ཡེ་ཤེས་དང།། ལྷག་མཐོང་ཡེ་ཤེས་འཆར་བ་མེད། ། དེས་ན་དུག་ལྔ་བདུད་མ་ཡིན།། སེམས་ཉིད་རང་བྱུང་ཡེ་ཤེས་ཀྱི།། ཡོན་ཏན་ཆེན་པོ་འཆར་བ་ཡིན།། གཟུགས་ལ་སོགས་པ་ལྔ་མེད་ན།། སངས་རྒྱས་ཆད་པའི་སྐྱོན་དུ་འགྱུར།། གཟུགས་ནི་སྣང་མཛད་ཆོས་ཀྱི་སྐུ། ། ཚོར་བ་རིན་འབྱུང་ལོངས་སྤྱོད་སྐུ།། འདུ་བྱེད་དོན་གྲུབ་སྤྲུལ་བའི་སྐུ།། རྣམ་ཤེས་མི་བསྐྱོད་རྡོ་རྗེའི་སྐུ།། འདུ་ཤེས་མཐའ་ཡས་ངོ་བོའི་སྐུ།། དེས་ན་ཕུང་པོའི་བདུད་མ་ཡིན།། ཡེ་ནས་སེམས་ཉིད་སྐུ་ལྔ་གྲོལ། ། བྱང་ཆུབ་སེམས་ཀྱི་རང་བཞིན་ནི།། སྣང་བ་མ་འགགས་རང་བྱུང་ལ།། ཞེན་པ་མ་བཅོས་ཡེ་ཤེས་ཏེ།། ཐམས་ཅད་མ་བཅོས་དེ་ཁོ་ན།། ཐམས་ཅད་གཉིས་མེད་བདེ་ཆེན་ལ།། དེས་ན་ལྷ་བདུད་སེམས་སུ་གྲོལ། ། བྱང་ཆུབ་སེམས་ཀྱི་རང་བཞིན་ལ།། ཕ་ཞེས་བྱ་བའི་རྒྱུ་ཡང་མེད།། མ་ཞེས་བྱ་བའི་རྐྱེན་ཡང་མེད།། རྒྱུ་རྐྱེན་མེད་པས་སྐྱེ་བ་མེད།། སྐྱེ་པ་མེད་པའི་སེམས་ཉིད་ལ།། དུས་གསུམ་སངས་རྒྱས་དགྲར་ལངས་ཀྱང། ། དེ་ལ་ཟིན་ཅིང་སོད་པ་མེད།། དེས་ན་སེམས་ཉིད་སྐྱེ་ཤི་བྲལ།། ཞེས་གསུངས་སོ།། བྱང་ཆུབ་ཀྱི་སེམས་ཤེས་བྱ་མཐའ་གཅོད་ལས། བདུད་བཞི་རང་གྲོལ་བའི་ལེའུ་སྟེ་བཅུ་གཉིས་པའོ།།།། དེ་ནས་ཡང་སེམས་དཔའ་རྡོ་རྗེས་ཞུས་པ། ཀྱེ། སྟོན་པ་བྱང་སེམས་ཀུན་ཏུ་བཟང་པོ་ལགས།། ཨ་ཏི་བྱ་བྲལ་ཀློང་ཆེན་དགོངས་པ་ཡི།། འགྲོ་དྲུག་གཡང་ས་སེམས་སུ་ཇི་ལྟར་གྲོལ།། གསང་བའི་དགྲ་གསུམ་སེམས་སུ་ཇི་ལྟར་གྲོལ། ། དེ་ནས་སྟོན་པ་ཀུན་ཏུ་བཟང་པོ་ཡིས།། སེམས་དཔའ་རྡོ་རྗེ་མཆོག་ལ་བཀའ་སྩལ་པ།། ཨ་ཏི་བྱ་བྲལ་ཀློང་ཆེན་དགོངས་པ་ནི།། བྱ་བྱེད་ཐེག་པ་གཞན་ལ་བལྟོས་མ་ཡིན།། ཨ་ཏི་ཅིག་ཅར་གྲོལ་བའི་མཆོངས་པོ་ཆེ། ། ཐམས་ཅད་ཡེབས་ཀྱིས་ཆོད་པའི་རླབས་པོ་ཆེ།། སྣང་སྲིད་གསལ་བར་བྱེད་པའི་འོད་པོ་ཆེ།། དོན་དང་བྲལ་པ་མེད་པས་བརྩོན་འགྲུས་ཆེ།། མཉམ་པའི་ངང་ལ་གནས་པའི་རྔ་བོ་ཆེ།། སྐྱེ་མེད་ངང་ལ་གནས་པའི་བསམ་གཏན་ཆེ། ། འགྲན་ཟླ་གང་ཡང་མེད་པའི་རྫོགས་པ་ཆེ།། འགྲོ་དྲུག་སེམས་སུ་གྲོལ་བའི་སྟོབས་པོ་ཆེ།། ཤེས་རབ་ཕ་རོལ་ཕྱིན་པའི་དོན་པོ་ཆེ།། ཆེ་བ་དགུ་དང་ལྡན་པའི་ཨ་ཏི་འདི། ། ཐེག་པ་དགུ་ཡི་ནང་ནས་མཆོག་ཏུ་བསྔགས།། གཉིས་སུ་མེད་པའི་ཆོས་ཉིད་བྱང་ཆུབ་སེམས།། འགྱུར་བ་མེད་པའི་བདེ་ཆེན་ལྷུན་གྱིས་གྲུབ།། མཐའ་དང་དབུས་མེད་མཁའ་ལྟར་ཀུན་ལ་ཁྱབ།། རང་བྱུང་དབྱིངས་ནས་རིག་པ་འདི་ཤར་བས། ། འགྲོ་དྲུག་མ་ལུས་ཀུན་ཏུ་བཟང་པོའི་ངང།། སེམས་ཉིད་ཀུན་བཟང་མེད་པས་འགྲོ་དྲུག་མེད།། སེམས་དཔའ་རྡོ་རྗེ་ཆེན་པོ་ཡང་ཉོན་ཅིག། རང་བཞིན་ལྷུན་གྲུབ་བདག་ཉིད་མངོན་སངས་རྒྱས། ། དེ་ཕྱིར་སངས་རྒྱས་ཆོས་ལ་མི་བརྟེན་ཏེ།། ཆོས་ནི་སེམས་ཅན་རྣམས་ཀྱི་ལྟ་བ་ཡིན།། ལམ་པས་མཚོན་པས་བྱང་ཆུབ་མ་ཡིན་ཀྱང།། ཐོག་མ་ཉིད་ནས་མགོན་པོ་དྲི་མེད་ཉིད།། དེ་ཉིད་ཆོས་ལ་བརྟེན་པ་མ་ཡིན་ཏེ། ། ཡེ་ནས་མི་བསྐྱེད་དབྱིངས་སུ།། རང་བྱུང་བའོ།། དེ་ཕྱིར་བྱིས་པའི་ཆོས་ཀྱིས་འཚང་མི་རྒྱ།། ཆོས་ནི་ཚིག་ཕྱིར་འབྲང་ཞིང་ཚིག་མཐའ་ཡས།། རང་བྱུང་ཡེ་ཤེས་ཉིད་ནི་ཚིག་མཐའ་བྲལ།། དེ་ཕྱིར་དེ་ཉིད་དོན་ལ་ཡི་གེ་མེད། ། ཡེ་ཤེས་རྒྱལ་པོ་ཚིག་ལས་འདས་པ་སྟེ།། སྨྲ་བའི་ཁྱུ་མཆོག་གཞན་གྱིས་དྲིང་མི་འཇོག། རང་རིག་རྒྱལ་པོ་ཚིག་ལས་འདས་རྟོགས་ན།། ཕྱི་ནང་སྣོད་བཅུད་བདག་ཉིད་ཆེན་པོར་ལྡན།། རང་རིག་ཡེ་ཤེས་སྐྱེ་མེད་དབྱིངས་ཉིད་ནས། ། དུས་གསུམ་འདུ་འབྲལ་མེད་པར་བཞུགས་པ་ལ།། གནས་ལ་དབེན་དང་མི་དབེན་གཉིས་སུ་མེད།། ཆོས་སྐུ་བདེ་བ་ཆེན་པོའི་ངང་ཉིད་ནས།། ཡེ་ཤེས་མ་འགགས་སོ་སོར་གསལ་བ་ནི། ། རྒྱ་མཚོར་གཟའ་སྐར་ཤར་བ་ལྟ་བུའོ།། དོན་ལ་གཉིས་མེད་གཉུག་མར་ལྷུན་གྱིས་གྲུབ།། གཉུག་མ་ཉིད་ལ་དུས་གསུམ་རྟོག་བྲལ་བས།། དེས་ན་གསང་བའི་དགྲ་གསུམ་སེམས་སུ་གྲོལ།། སེམས་དཔའ་རྡོ་རྗེ་ཆེན་པོ་ད་ཡང་ཉོན། ། བཞི་ནི་ལྷུན་གྲུབ་ཕྱོགས་མེད་ལ།། ཕྱོགས་མེད་ཤར་ནས་ཟང་ཐལ་ཡིན།། གཟའ་གཏད་མེད་པས་ལྟ་བ་ཡིན།། དཔེར་ན་བྱ་རྒྱལ་ཁྱུད་ཆེན་ལྟར།། རྩོལ་བ་མེད་པར་མཁའ་ལ་རློམ། ། འབར་བ་མེད་པར་དགུང་མཐའ་ཡས།། འོག་མའི་གཡང་ལ་ཡ་མི་ང།། རི་ཀླུངས་ཐམས་ཅད་ཁོབས་འོག་ཆུད།། ཆོས་དབྱིངས་ཡངས་པའི་ཀློང་དུ་སླེག། ཡེ་ཤེས་ཕྱོགས་མེད་ཟང་ཐལ་ཏེ། ། རྣམ་རྟོག་མ་སྦྱངས་རང་སར་གྲོལ།། འཁོར་བའི་སྣང་བ་རང་སར་དག། ཡེ་ནས་ཕྱི་དང་ནང་མེད་པས།། ཐིག་ལེ་ཡངས་པའི་ཀློང་ཆེན་དེ།། རང་རིག་ཐུགས་ཀྱི་ཉི་མ་ཤར།། ཁྱབ་བརྡལ་ཡེ་ཤེས་ཡེ་ནས་བརྡལ། ། ཕྱི་ནང་གསང་གསུམ་མཉམ་པར་གནས།། ཉག་གཅིག་རྟོགས་མེད་རྟོག་མཐའ་བྲལ།། བར་དོ་མེད་པར་ཆིག་གཅོད་དེ།། རྣམ་པར་ཤེས་པ་ཆོས་དབྱིངས་འདས།། ཞེས་གསུངས་སོ།། བྱང་ཆུབ་ཀྱི་སེམས་ཤེས་བྱ་མཐའ་གཅོད་ལས། ། འགྲོ་དྲུག་དང་རྟོག་གསུམ་རང་གྲོལ་གྱི་ལེའུ་སྟེ་བཅུ་གསུམ་པའོ།།།། དེ་ནས་ཡང་སེམས་དཔའ་རྡོ་རྗེས་ཞུས། ཀྱེ། སྟོན་པ་བྱང་སེམས་ཀུན་ཏུ་བཟང།། མདོ་ལུང་ཆེན་པོ་འདི་ཉིད་ཀྱི། ། མདོ་ཡི་གྲངས་ནི་དུ་རུ་ངེས།། དེ་ལ་སྤྲོས་པའི་གྲངས་ནི་དུ།། དེ་ཡི་དམིགས་གཟུང་གང་ལྟར་ལགས།། རང་བཞིན་ཆེན་པོ་བཅུར་གསུངས་པ།། དེ་ལ་གྲངས་ནི་དུ་རུ་ངེས།། དེ་ཡིས་དམིགས་གཟུང་གང་ལྟར་ལགས། ། ཞེས་ཞུས་པས། དེ་ནས་བྱང་སེམས་ཀུན་བཟང་གིས།། སེམས་དཔའ་མཆོག་ལ་བཀའ་སྩལ་པ།། ཉོན་ཅིག་སེམས་དཔའ་རྡོ་རྗེ་ཆེ།། མདོ་ལུང་ཆེན་པོ་བཅུ་རུ་འདུས།། བྱེ་བྲག་ལྔ་བཅུ་རྩ་ལྔར་བཤད། ། གཅིག་མདོ་བྱང་ཆུབ་སེམས་ཀྱི་མདོ།། ཆོས་ཀུན་བྱང་ཆུབ་སེམས་སུ་འདུས།། ང་གཉིས་བཅུ་གཅིག་བཅུ་པར་བསྟན།། གཉིས་མདོ་རྣམ་པར་གྲང་བའི་མདོ།། འཁོར་འདས་གཉིས་སུ་མ་འགགས་པ། ། བདུན་པའི་ནང་དུ་དེ་དོན་བསྟན།། གསུམ་མདོ་ཕུན་སུམ་ཚོགས་པའི་མདོ།། སྟོན་པ་བསྟན་པ་འདུས་པའི་འཁོར།། བཅོ་ལྔའི་བསྟོད་ལ་སོགས་པར་བསྟན།། བཞི་མདོ་བྱེ་བྲག་འབྱེད་པའི་མདོ།། རྣལ་འབྱོར་རྣམ་བཞིའི་བྱེ་བྲག་ནི། ། བརྒྱད་པའི་ནང་དུ་དེ་ཉིད་བསྟན།། ལྔ་མདོ་ཆེ་བ་ལྔ་ཡི་མདོ།། ཁྱད་པར་འཕགས་པའི་ཆེ་ལྔ་ནི།། བཅོ་ལྔ་པ་ཡིས་སྨད་ནས་བསྟན།། དྲུག་མདོ་གོལ་སྒྲིབ་བསྟན་པའི་མདོ།། ཡང་ན་དྲུག་གི་གོལ་སྒྲིབ་སྟེ། ། དགུ་པའི་ནང་དུ་དེ་ཉིད་བསྟན།། བདུན་མདོ་གཏན་ལ་འབེབས་པའི་མདོ།། འཁོར་འདས་གཏན་ལ་ཕབ་པ་ནི།། ང་བཞི་པ་ཡིན་ང་དུ་བསྟན།། བརྒྱད་མདོ་ངེས་པར་བསྟན་པའི་མདོ།། རང་བཞིན་བརྒྱད་པ་ངེས་བསྟན་བརྒྱད། ། སོ་ལྔ་སོ་དགུ་དེ་དག་བསྟན།། དགུ་མདོ་ཐེག་པ་ཡས་ཕུབས་མདོ།། སེམས་ཉིད་རྫོགས་པ་གཏན་ལ་དབབ།། བཅུ་པའི་ནང་དུ་དེ་དོན་བསྟན།། བཅུ་མདོ་ཡོངས་སུ་རྫོགས་པའི་མདོ། ། རང་བཞིན་བཅུ་ཡི་དོན་ཉིད་དེ།། དགུའམ་ཕལ་ནས་བསྟན་གྱིས་ཀྱང།། ལྔ་བཅུར་ཀུན་ཏུ་ཤེས་པར་བྱ།། བརྗོད་བྱ་མང་དུ་ཕལ་བསྟན་ཀྱང།། དོན་གྱི་གཙོ་བོ་ལྔ་བཅུར་བཤད།། སེམས་དཔའ་རྡོ་རྗེ་ད་ཡང་ཉོན། ། རང་བཞིན་བཅུ་ཡི་བྱེ་བྲག་ནི།། མདོ་ལུང་ལྔ་བཅུའི་ནང་དུ་ནི།། ལྔ་བཅུ་དག་ཏུ་དམིགས་བཟུང་བ།། དང་པོ་དང་ནི་བཅུ་པ་རུ།། དམ་ཚིག་འཕྲིན་ལས་གཙོ་བོར་བསྟན།། གཉིས་པ་དང་ནི་བཅུ་གཅིག་པར། ། དབང་དང་ས་ལ་སྦྱང་མེད་བསྟན།། གསུམ་པ་དང་ནི་ཉི་ཤུ་པར།། ལམ་ལ་བགྲོད་དུ་མེད་པར་བསྟན།། བཅོ་ལྔ་པ་དང་རྩ་ལྔ་པར།། ལྟ་བ་བསྒོམ་མེད་ཡེ་ཤེས་བསྟན།། རྩ་གཅིག་པ་དང་དྲུག་པ་རུ། ། འབྲེལ་བ་གཉིས་མེད་ལྷུན་གྲུབ་བསྟན།། མངོན་དུ་བྱུང་བའི་མདོ་ལུང་བཅུ།། མངོན་པར་སངས་རྒྱས་ཆེ་བར་བཤད།། བཞི་པ་དང་ནི་སོ་གསུམ་པར།། འཕྲིན་ལས་ཡེ་ཤེས་སྒྲིབ་མེད་བསྟན།། བཅུ་གསུམ་པ་དང་བཅུ་གཉིས་པར། ། ལྟ་བ་དམ་ཚིག་བསྲུང་མེད་བསྟན།། ལྔ་པ་དང་ནི་སོ་གཉིས་པར།། ལྷུན་གྲུབ་ལམ་བགྲོད་མེད་པར་བསྟན།། སོ་དྲུག་པ་དང་སོ་བཞི་པར།། ལུང་ཆེན་ས་སྦྱང་མེད་པར་བསྟན།། རྩ་དགུ་པ་དང་བཅུ་བདུན་པར། ། དཀྱིལ་འཁོར་འབྲས་བུ་གཉིས་མེད་བསྟན།། མ་ནོར་ངེས་པའི་མདོ་ལུང་བཅུ།། ཆོས་དབྱིངས་སངས་རྒྱས་ཆེ་བར་བཤད།། ཞེ་གཅིག་པ་དང་བཅུ་བཞི་པ།། ས་སྦྱང་དམ་ཚིག་བསྲུང་མེད་བསྟན། ། སོ་བརྒྱད་པ་དང་དགུ་པ་རུ།། ཡེ་ཤེས་དང་ནི་ལྟ་བ་བསྟན།། སོ་ལྔ་པ་དང་བཅུ་དགུ་པར།། ལམ་བགྲོད་མེད་དང་ཕྲ་བ་བསྟན།། བཅོ་བརྒྱད་པ་དང་བརྒྱད་པ་རུ།། འཕྲིན་ལས་གཉིས་མེད་འབྲེལ་པ་བསྟན། ། བཞི་བཅུ་པ་དང་ང་གཉིས་པར།། ལུང་ཆེན་ཐོག་འབེབས་ལྷུན་གྲུབ་བསྟན།། རྒྱུ་འབྲས་འདས་པའི་མདོ་ལུང་བཅུ།། བདག་ཉིད་སངས་རྒྱས་ཆེ་བར་བཤད།། རྩ་གཉིས་པ་དང་སུམ་ཅུ་པར།། ལྟ་བའི་ཡེ་ཤེས་སྒྲིབ་མེད་བསྟན། ། རྩ་བཞི་པ་དང་རྩ་བརྒྱད་པར།། ས་སྦྱང་མེད་དང་རང་བྱུང་བསྟན།། སོ་བདུན་པ་དང་སོ་གཅིག་པར།། འཕྲིན་ལས་བཙལ་མེད་གཉིས་མེད་བསྟན།། རྩ་གསུམ་བ་དང་རྩ་དྲུག་པར།། དམ་ཚིག་བསྲུང་མེད་ཕྲ་བ་བསྟན། ། ཞེ་བཞི་པ་དང་ང་དྲུག་པར།། ལམ་བགྲོད་མེད་དང་ལྷུན་གྲུབ་བསྟན།། བྱ་བྲལ་རྫོགས་པའི་མདོ་ལུང་བཅུ།། དེ་ཡིན་སངས་རྒྱས་ཆེ་བར་བཤད།། ཞེ་བརྒྱད་པ་དང་སོ་དགུ་པར།། འབྲེལ་པ་གཉིས་མེད་ལུང་ཆེན་བསྟན། ། ཞེ་ལྔ་པ་དང་སོ་བདུན་པར།། ལྟ་བ་དང་ནི་ཕྲ་བ་བསྟན།། ཞེ་དྲུག་པ་དང་ཞེ་བདུན་པར།། དམ་ཚིག་དང་ནི་འཕྲིན་ལས་བསྟན།། ཞེ་དགུ་པ་དང་ང་གཅིག་པར།། ས་སྦྱང་མེད་ལུང་ལམ་མེད་བསྟན། ། ལྔ་བཅུ་པ་དང་ང་གསུམ་པར།། ཡེ་ཤེས་སྒྲིབ་མེད་ལྷུན་གྲུབ་བསྟན།། གཏན་ལ་ཕབ་པའི་མདོ་ལུང་བཅུ།། སངས་རྒྱས་མེད་པའི་ཆེ་བར་བཤད།། ཅེས་གསུངས་སོ།། བྱང་ཆུབ་ཀྱི་སེམས་ཤེས་བྱ་མཐའ་གཅོད་ཀྱི་རྒྱུད་ལས། ། མདོ་ལུང་ལྔ་བཅུ་བསྟན་བའི་ལེའུ་སྟེ་བཅུ་བཞི་པའོ།།།། སེམས་དཔའ་རྡོ་རྗེས་ཡང་ཞུས་པ། ཀྱེ། སྟོན་པ་བྱང་སེམས་ཀུན་ཏུ་བཟང།། མདོ་ལུང་ཆེན་པོ་འདི་ཉིད་ལ།། རྒྱུད་ཀྱི་དངོས་པོ་མི་འཚལ་ལམ། ། དེ་ཡི་དངོས་པོ་ཇི་ལྟར་ལགས།། ཞེས་ཞུས་པས། དེ་ནས་བྱང་སེམས་ཀུན་བཟང་གིས། སེམས་དཔའ་རྡོ་རྗེ་ལ་བཀའ་སྩལ་པ། ཉོན་ཅིག་སེམས་དཔའ་རྡོ་རྗེ་ཆེ།། ལྟ་སྤྱོད་དཀྱིལ་འཁོར་དབང་དམ་ཚིག། འཕྲིན་སྒྲུབ་ཏིང་འཛིན་མཆོད་སྔགས་ཀྱིས།། རྒྱུད་ཀྱི་དངོས་པོ་གཏན་ལ་དབབ།། རྫོགས་པ་ཆེན་པོ་བདེན་གཉིས་ལས།། རྟོག་པ་གསུམ་ལ་མི་གནས་ཤིང།། དེ་ཉིད་མ་ནོར་དོན་མཐོང་ཡིན། ། མཐའ་བྲལ་ཡེ་ཤེས་ཕྱོགས་ཆ་བྲལ།། སྤྱོད་པ་རྣམ་པ་བཞི་ཡིན་ཏེ།། རྩིས་གདབ་མེད་པ་སྨྱོན་པ་འདྲ།། འཛིན་ཆགས་མེད་པ་རླུང་དང་འདྲ།། ཉམ་ང་མེད་པ་སེང་གེ་འདྲ།། མཚན་མ་རང་གྲོལ་སྤྲིན་དང་འདྲ། ། རང་རིག་མཐའ་དབུས་མེད་པའི་དཀྱིལ།། རང་བྱུང་མ་འགགས་ཤར་བས་གྲོལ།། རང་རིག་རང་གསལ་དཀྱིལ་འཁོར་ལ།། དེ་ནས་དཀྱིལ་འཁོར་བསྐྱེད་དུ་མེད།། རང་བྱུང་ཡེ་ཤེས་རང་ཤར་བས།། རིག་པའི་རྒྱལ་པོ་རང་དབང་ཐོབ། ། རང་སེམས་བླ་མ་ངོ་མཚར་ཆེ།། མཚན་མ་དབང་ལ་རག་མ་ལུས།། ཡེ་སྟོང་ཡེ་བྲལ་སྟོང་པ་ཉིད།། རྩིས་གདབ་མེད་པས་ཕྱལ་པ་ལ།། བླ་མ་གྲུབ་པས་གཅིག་པུ་ཉིད།། བསྲུང་མཚམས་གཉིས་མེད་ལྷུན་གྱིས་གྲུབ། ། རྒྱལ་བའི་ཞལ་ནས་གསུངས་པའི་འཕྲིན།། དེ་ལ་ཐོས་བསམ་བྱེད་པ་ལས།། ཟུག་རྔུ་ཞི་ལ་རང་རིག་རྒྱས།། མཚན་མ་དབང་འདུས་ང་བདག་ཆོད།། སེམས་ཉིད་ཡེ་སངས་རྒྱས་པས་བསྙེན། ། བླ་མས་བསྟན་པས་ཉེ་བ་སྙེན་ཡིན།། དེ་ཉིད་ངང་གནས་བསྒྲུབ་པའི་མཆོག། རེ་དོགས་ཆོད་པས་སྒྲུབ་ཆེན་པོ།། སྐྱེ་པ་མེད་པས་ཡེ་ནས་ཏིང།། འགག་པ་མེད་པས་ངེ་ཞེས་བྱ།། སྐྱེ་འགག་གཉིས་མེད་ཏིང་ངེ་འཛིན། ། དེ་ནས་ལམ་ལ་བགྲོད་མི་དགོས།། ས་ལམ་མཐོ་དམན་མེད་པས་ན།། བླ་ན་མེད་པའི་མཆོད་པ་ཡིན།། གནས་ལུགས་ངང་ལ་རབ་གནས་པས།། རྒྱལ་བ་སྲས་བཅས་མཉེས་པའི་མཆོག། གཉིས་མེད་བདེ་ཆེན་གསང་སྔགས་དོན། ། དེ་ཉིད་རྟོགས་པ་རིག་སྔགས་ཡིན།། རྟོགས་པའི་རང་གནས་གཟུངས་སྔགས་ལ།། བརྗོད་མེད་བརྗོད་བྲལ་ཡེ་ཤེས་མཆོག། སྔགས་དང་ཕྱག་རྒྱ་ཚུལ་གཅིག་དང།། མི་གཡོ་བ་ནི་སྐུ་ཡི་རྒྱ། ། མི་བསྐྱོད་པ་ནི་ཡེ་ཤེས་ཏེ།། མི་ཞེན་པས་ན་བདག་མེད་ཅིང།། ཐམས་ཅད་མཉམ་ཉིད་བདེ་བ་ཆེ།། འདྲེན་དང་འདྲེན་བཅས་རྒྱུད་ཀྱི་དངོས།། ཞེས་གསུངས་སོ།། ཤེས་བྱ་མཐའ་གཅོད་ཀྱི་རྒྱུད་ལས།། རྒྱུད་ཀྱི་དངོས་པོ་བསྟན་པའི་ལེའུ་སྟེ་བཅོ་ལྔ་པའོ། །།། དེ་ནས་སེམས་དཔའ་རྡོ་རྗེས་ཡང་ཞུས་པ། ཀྱེ། སྟོན་པ་བྱ་ང་སེམས་ཀུན་ཏུ་བཟང།། མདོ་ལུང་ཆེན་པོ་འདི་ཉིད་ལ།། འདྲེན་ཐབས་རྣམ་པ་དུ་ཞིག་མཆིས། ། འདྲེན་པ་མཆོག་གིས་བཤད་དུ་གསོལ།། ཞེས་ཞུས་པས། ཀུན་བཟང་འདྲེན་གྱིས་བཀའ་སྩལ་པ།། ཉོན་ཅིག་སེམས་དཔའ་རྡོ་རྗེ་ཆེ།། མ་འོངས་སྐལ་ལྡན་དོན་གྱི་ཕྱིར།། འདྲེན་པའི་ཐབས་ནི་རྣམ་པ་བཅུ། ། སྤྱི་དོན་བསྡུས་དང་རྣམ་པར་དབྱེ།། རང་རྐྱེན་གཉེར་དང་རང་བཞིན་ལྟ།། ལྡེམ་དགོངས་བརྒྱད་དང་འབྲེལ་བར་སྦྱོར།། གཏར་ཁ་གགས་སེལ་བསྣོལ་མཚམས་འཕེན་སྡུད་དང།། མཚོན་པ་དཔེ་དང་ཚད་མ་བཀའ་གཞུང་ངོ། ། དེ་ལ་སྤྱི་དོན་སྡུད་པ་ནི།། སེང་གེའི་མཆོངས་པ་ཇི་བཞིན་དུ།། ཆོས་ཉིད་ཁོག་དོན་བསྟན་པ་ནི།། བཅུ་གསུམ་རྩ་གཅིག་པ་རུ་བསྟན།། དེ་ལ་རྣམ་པར་འབྱེད་པ་ནི།། པྱ་གྷྱའི་མཆོངས་པ་ཇི་བཞིན་དུ། ། གཞུང་འདིའི་དོན་རྣམས་ཐབས་སུ་བཅད།། ལྔ་བཅུ་བཞི་པའི་ནང་དུ་བསྟན།། རང་རྐྱེན་གཉེར་གྱི་བཤད་པ་ནི།། རུ་སྦལ་སྣུར་འགྲོས་ཇི་བཞིན་དུ།། འབྲུ་སྟོང་མི་གཞག་གཟེར་བུས་གདབ།། བཞི་པ་ལྟ་བུར་ཀུན་ལ་སྦྱར། ། དེ་ལ་རང་བཞིན་ལྟ་བ་ནི།། ཁྱུད་ཆེན་ནམ་མཁར་ལྡིང་བ་བཞིན།། ཆོས་ཀུན་སྤྱི་རྒྱ་རླབས་ཀྱིས་གཅོད།། བཞི་བཅུ་ལ་སོགས་ཀུན་ནས་གསལ།། དེ་ལ་ལྡེམ་དགོངས་བརྒྱད་བསྟན་པ།། སྣ་ཕྱུག་བྲག་ལ་འགྲོ་འཛེག་ལྟར། ། མི་འཚམ་འཚམ་པར་བསྟན་པ་ནི།། སོ་གསུམ་ལ་སོགས་ཕལ་དུ་བསྟན།། དེ་ལ་འབྲེལ་བར་སྦྱོར་བ་ནི།། ངང་མོའི་དལ་འགྲོས་ཇི་བཞིན་དུ།། དོན་གྱིས་འབྲེལ་དུ་བསྟན་པ་ནི།། སོ་གཉིས་པ་ལ་སོགས་པར་བསྟན། ། དེ་ལ་གཏར་ཁ་གགས་སེལ་ནི།། གླག་མོ་གཟན་གྱི་ཆོས་ཉིད་ལྟར།། གོལ་བསྒྲིབ་བརྡར་ཤ་གཅོད་པ་ནི།། སོ་གསུམ་ཉིད་དང་དགུ་པ་ལ།། སོགས་པ་ཕལ་དུ་བསྟན་པ་ནི། དེ་ལ་བསྣོལ་འཚམས་འཕེན་བསྡུས་ནི། ། མི་འཇིགས་ཕྲུག་གུ་རྩལ་སྦྱོང་ལྟར།། གོང་འོག་འཁྲུག་རྣམས་དོན་སྡེབ་པ།། ལྔ་བཅུ་བཞི་པ་ཇི་བཞིན་ནོ།། དེ་ལ་མཚོན་དཔེ་བསྟན་པ་ནི།། མེ་ལོང་དག་ལ་བཞིན་གསལ་བཞིན།། ཆོས་ཉིད་མཚོན་པར་བྱེད་པའི་དཔེ། ། སོ་བརྒྱད་པ་ལ་སོགས་པར་བསྟན།། དེ་ལ་ཚད་མ་བཀའ་གཞུང་ནི།། དུས་ཀྱི་འབྲུག་ཆར་ཇི་བཞིན་དུ།། ཆོས་ཀུན་གཏན་ལ་ཕབ་པ་སྟེ།། ལྔ་པ་ལ་སོགས་ཕལ་ནས་བསྟན།། འདྲེན་པའི་ཐབས་བཅུ་འདི་དག་ནི། ། རྒྱལ་བ་ཀུན་གྱི་དགོངས་པ་ཡིན།། བསྟན་པ་ཀུན་གྱི་མེ་ལོང་ཡིན།། འདི་མི་ཤེས་པར་ཆོས་བཤད་ནི།། དམུས་ལོང་མཁའ་ལ་མཐོས་འཇལ་འདྲ།། མདོ་ལུང་ཆེན་པོ་འདི་ཉིད་ཀྱང། ། འདྲེན་པའི་ཐབས་བཅུར་འདྲེས་པའི་ཡིན།། ཞེས་གསུངས་སོ།། བྱང་ཆུབ་ཀྱི་སེམས་ཤེས་བྱ་མཐའ་གཅོད་འདྲེན་པའི་ཐབས་བཅུར་བསྟན་པའི་ལེའུ་སྟེ་བཅུ་དྲུག་པའོ།།།། དེ་ནས་ཡང་སེམས་དཔའ་རྡོ་རྗེས་ཞུས་པ། ། ཀྱེ། སྟོན་པ་བྱང་སེམས་ཀུན་ཏུ་བཟང།། སེམས་ཉིད་རྫོགས་པ་ཆེན་པོ་རུ།། ཐེག་དགུའི་དབྱེ་བ་ཇི་ལྟར་རྫོགས།། ཐེག་དགུ་སེམས་སུ་ཇི་ལྟར་རྫོགས།། ཞེས་ཞུས་པས། དེ་ནས་སྟོན་པ་ཀུན་བཟང་གིས། ། སེམས་དཔའ་ཆེ་ལ་བཀའ་སྩལ་པ།། ཉོན་ཅིག་སེམས་དཔའ་རྡོ་རྗེ་ཆེ།། སེམས་ལས་བྱུང་བའི་ཆོས་ཉིད་ལ།། བདེན་པ་བཞི་རུ་འབྱུང་བས་ན།། སེམས་ཉིད་ཉན་ཐོས་དག་ཏུ་བསྟན།། སེམས་ལས་བྱུང་བའི་ཆོས་ཉིད་ལས། ། རྟེན་འབྲེལ་བཅུ་གཉིས་བྱུང་བས་ན།། སེམས་ཉིད་རང་རྒྱལ་དག་ཏུ་བཤད།། སེམས་ལས་བྱུང་བའི་ཆོས་ཉིད་ལ།། བདེན་པ་གཉིས་སུ་བྱུང་བས་ན།། སེམས་ཉིད་ཐེག་པ་ཆེན་པོར་བཤད། ། སེམས་ལས་བྱུང་བའི་ཆོས་ཉིད་ལ།། དག་པ་རྣམ་གསུམ་བྱུང་བས་ན།། སེམས་ཉིད་ཀྲི་ཡའི་ཐེག་པར་བཤད།། སེམས་ལས་བྱུང་བའི་ཆོས་ཉིད་ལ།། དེ་ཉིད་བཞི་རུ་བྱུང་བས་ན།། སེམས་ཉིད་ཨུ་རུ་ཡ་རུ་བཤད། ། སེམས་ལས་བྱུང་བའི་ཆོས་ཉིད་ལ།། མངོན་པར་བྱང་ཆུབ་ལྔ་བྱུང་བས།། སེམས་ཉིད་ཡོ་ག་དག་ཏུ་བཤད།། སེམས་ལས་བྱུང་བའི་ཆོས་ཉིད་ལས།། ཐབས་དང་ཤེས་རབ་གཉིས་མེད་པས།། སེམས་ཉིད་མ་ཧཱ་ཡོ་གར་བཤད། ། སེམས་ལས་བྱུང་བའི་ཆོས་ཉིད་ལས།། དབྱིངས་དང་ཡེ་ཤེས་གཉིས་མེད་པས།། སེམས་ཉིད་ཨ་ནུ་ཡོ་གར་བཤད།། སེམས་ལས་བྱུང་བའི་ཆོས་ཉིད་ལས།། རིག་སྟོང་གཉིས་སུ་མེད་པ་ལ། ། སེམས་ཉིད་ཨ་ཏི་ཡོ་གར་བཤད།། ཐེག་པ་དགུ་ནི་ཡས་ཕུབ་སྟེ།། སེམས་ཉིད་རྫོགས་པས་གཏན་ལ་ཕབ།། ཐེག་པ་རིམ་དགུ་བྱང་ཆུབ་སེམས།། རང་བྱུང་ཡེ་ཤེས་རོལ་པར་ཤར།། ཤར་བཞིན་ཆོས་ཉིད་བྱང་ཆུབ་སེམས། ། ངེས་པར་ཐེག་པ་གཅིག་ལས་མེད།། སེམས་ཉིད་རྫོགས་པའི་ཐེག་པའོ།། ད་ཡང་སེམས་དཔའ་ཆེན་པོ་ཉོན།། དབང་རྣམས་ཀུན་གྱི་མཚན་ཉིད་དང།། གཟུགས་སྣང་སྐུ་ཡི་དཀྱིལ་འཁོར་ཉིད།། ཡེ་ནས་ཀུན་བཟང་སེམས་ཉིད་སྐུ། ། བུམ་པའི་དབང་མཆོག་ལོགས་ན་མེད།། སྒྲ་གྲགས་གསུང་གི་དཀྱིལ་འཁོར་ཉིད།། ཡེ་ནས་སེམས་དཔའ་ཀུན་བཟང་གསུང།། གསང་བའི་དབང་མཆོག་ལོགས་ན་མེད།། དྲན་རིག་ཐུགས་ཀྱི་དཀྱིལ་འཁོར་ཉིད། ། ཡེ་ནས་སེམས་ཉིད་ཀུན་བཟང་ཐུགས།། ཐུགས་ཀྱི་དབང་མཆོག་ལོགས་ན་མེད།། སྤྲོ་བའི་མཚན་མ་ཐམས་ཅད་ཀུན།། ཡེ་ཤེས་སྐྱེ་མེད་འོད་གསལ་ཉིད།། བཞི་པའི་དབང་མཆོག་ལོགས་ན་མེད། ། རིག་པའི་རྒྱལ་པོ་ང་དབང་མེད།། ཡེ་ནས་དབང་གི་ངོ་བོར་ཆུབ།། བསྐུར་བའི་དབང་ལ་རག་མ་ལུས།། ལྟ་བ་གཟའ་གཏད་བྲལ་བ་ལ།། དབང་ལ་རག་ན་གཟའ་གཏད་ཡིན།། སྒོམ་པ་དམིགས་གཏད་བྲལ་བ་ལ། ། དབང་ལ་རག་ན་དམིགས་གཏད་ཡིན།། སྤྱོད་པ་ཤུགས་བྱུང་རང་གྲོལ་ལ།། དབང་ལ་རག་ན་འཛིན་ཆགས་ཡིན།། དམ་ཚིག་བསྲུང་མཚམས་བྲལ་བ་ལ།། དབང་ལ་རག་ན་རྩིས་གདབ་ཡིན། ། འབྲས་བུ་ལྷུན་གྲུབ་ཆེན་པོ་ལ།། ཡེ་ནས་སྐྱེ་མེད་འོད་གསལ་བས།། དབང་ལ་རག་ན་མཚན་བཅས་ཡིན།། ཞེས་གསུངས་སོ།། ཤེས་བྱ་མཐའ་གཅོད་ཀྱི་རྒྱུད་ལས།། ཐེག་པ་དགུ་དབང་བཞི་རང་ལ་རྫོགས་བའི་ལེའུ་སྟེ་བཅུ་བདུན་པའོ། །།། དེ་ནས་སེམས་དཔའ་རྡོ་རྗེས་ཡང་ཞུས་པ།། ཨེ་མ་ཧོ།། སྟོན་པ་བྱང་སེམས་ཀུན་ཏུ་བཟང།། སེམས་ཉིད་རྫོགས་པ་ཆེན་པོ་རུ།། ཕ་རོལ་ཕྱིན་བཅུ་ལམ་ལྔ་དང།། སྔགས་ཀྱི་ཆོ་ག་ཇི་ལྟར་རྫོགས། ། དེ་ནས་སྟོན་པ་ཀུན་བཟང་གིས།། སེམས་དཔའ་ཆེ་ལ་བཀའ་སྩལ་བ།། ཉོན་ཅིག་སེམས་དཔའ་རྡོ་རྗེ་ཆེ།། བྱང་ཆུབ་སེམས་ཀྱི་རང་བཞིན་ལས།། བྱིང་དང་རྒོད་པ་གཉིས་མེད་པས། ། ཞི་གནས་བདེ་བ་ལོགས་ན་མེད།། རང་བྱུང་ཡེ་ཤེས་རང་གསལ་བས།། སེམས་ཉིད་ལྷག་མཐོང་ལོགས་ན་མེད།། སེམས་ཉིད་ཆོས་ཉིད་བརྡལ་ཁྱབ་པས།། སེམས་ལ་སྦྱིན་པ་ལོགས་ན་མེད།། སེམས་ཉིད་མ་སྐྱེས་གཟུང་འཛིན་བྲལ། ། སེམས་ལས་ཚུལ་ཁྲིམས་ལོགས་ན་མེད།། བྱང་ཆུབ་སེམས་སུ་ཀུན་ཤོང་པས།། སེམས་ལས་བཟོད་པ་ལོགས་ན་མེད།། སེམས་ཉིད་བརྡལ་བར་འུབ་ཆུབ་པས།། སེམས་ལས་བརྩོན་འགྲུས་ལོགས་ན་མེད། ། བྱང་ཆུབ་སེམས་ལ་གཡོས་མེད་པས།། སེམས་ལས་བསམ་གཏན་ལོགས་ན་མེད།། བྱང་ཆུབ་སེམས་ལས་འཁྲུལ་མེད་བས།། སེམས་ལས་ཤེས་རབ་ལོགས་ན་མེད།། སྣང་བ་གང་ཡང་མི་འགོག་པས། ། སེམས་ལས་ཐབས་ཉིད་ལོགས་ན་མེད།། སེམས་ལས་གཞན་དུ་སྨོན་མེད་པས།། སེམས་ལས་སྨོན་ལམ་ལོགས་ན་མེད།། སྣང་གྲགས་སེམས་སུ་རང་གྲོལ་བས།། སེམས་ལས་སྟོབས་ཉིད་ལོགས་ན་མེད། ། མ་བཙལ་ཡེ་ཤེས་ལྷུན་གྲུབ་པས།། སེམས་ལས་ཡེ་ཤེས་ལོགས་ན་མེད།། དེས་ན་ཕ་རོལ་ཕྱིན་བཅུ་སེམས།། ད་ཡང་སེམས་དཔའ་རྡོ་རྗེ་ཉོན།། ཚོགས་ཀུན་མི་སོག་ཡེ་རྫོགས་པས།། སེམས་ལས་ཚོགས་ལམ་ལོགས་ན་མེད། ། སེམས་ཉིད་ཆོས་ཉིད་རང་བཞིན་བས།། སེམས་མས་ལས་སྦྱོར་ལམ་ལོགས་ན་མེད།། ཆོས་ཉིད་མངོན་དུ་རང་ཤར་བས།། སེམས་ལས་མཐོང་ལམ་ལོགས་ན་མེད།། དེ་ཉིད་རང་ལ་རང་གནས་པས། ། སེམས་ལས་སྒོམ་ལམ་ལོགས་ན་མེད།། དེ་ཉིད་རྫོགས་པ་སྤྱིར་ཁྱབ་པས།། སེམས་ལས་ཐར་ལམ་ལོགས་ན་མེད།། དེས་ན་ལམ་ལྔ་བྱང་ཆུབ་སེམས།། ད་ཡང་སེམས་དཔའ་རྡོ་རྗེ་ཉོན།། འགྲོ་དྲུག་ཡེ་ནས་སངས་རྒྱས་པས། ། སེམས་ལས་བསྐྱེད་པ་ལོགས་ན་མེད།། མི་རྟོག་ཡེ་ཤེས་བགེགས་བསལ་བས།། སེམས་ལས་འཚམས་གཅད་ལོགས་ན་མེད།། སེམས་ཉིད་བྱིན་ཆེན་རང་བཞིན་ལོགས་ན་མེད།། ཐམས་ཅད་བདུད་རྩིའི་རང་བཞིན་ལས། ། སེམས་ལས་བྱིན་བརླབས་ལོགས་ན་མེད།། ཆོས་ཀུན་སེམས་ཉིད་རྣམས་དག་པས།། སེམས་ལས་རྣམ་རྟོག་ལོགས་ན་མེད།། སྙིང་རྗེ་ཆེན་པོའི་ཅིར་མི་མཛད།། སེམས་ལས་ཚད་མེད་ལོགས་ན་མེད། ། སྐུ་གསུང་ཐུགས་དང་རང་ལྡན་པས།། ཏིང་འཛིན་རྣམ་གསུམ་ལོགས་ན་མེད།། སེམས་ཉིད་འབྱུང་ལྔ་བཅོམ་ལྡན་འདས།། སེམས་ལས་དབང་ཆེན་ལོགས་ན་མེད།། ཡངས་པ་ཆོས་དབྱིངས་སེམས་ཉིད་གནས། ། སེམས་ལས་གཞལ་ཡས་ལོགས་ན་མེད།། རང་རིག་རང་གསལ་ཡེ་ནས་ལྷ།། སེམས་ལས་ལྷ་བསྐྱེད་ལོགས་ན་མེད།། རང་བྱུང་ཡེ་ཤེས་ལུང་ཐོག་ཕེབས།། དེ་ལ་དབང་བསྐུར་ལོགས་ན་མེད།། སངས་རྒྱས་སེམས་ཅན་གཉིས་མེད་པས། ། སྤྱན་དྲང་བསྟིམ་པ་ལོགས་ན་མེད།། སེམས་ཉིད་ཡེ་ནས་འགྱུར་མེད་པས།། བརྟན་པར་བཞུགས་པ་ལོགས་ན་མེད།། ཡེ་ནས་བདེ་ཆེན་གཉིས་མེད་ལ།། ཕྱག་དང་མཆོད་སོགས་ལོགས་ན་མེད། ། སྒུལ་བསྐྱོད་ཐམས་ཅད་ཕྱག་རྒྱ་བས།། ཕྱག་རྒྱའི་མཆོད་པ་ལོགས་ན་མེད།། མི་གསུང་མཉམ་གཞག་སྔགས་ཚིག་པས།། སྒོམ་དང་བཟླས་བརྗོད་ལོགས་ན་མེད།། བྱ་བ་མེད་པས་ལས་རྣམས་ཏེ། ། སེམས་ལས་འཕྲིན་ལས་ལོགས་ན་མེད།། མི་གཟུང་ཡེ་ཤེས་ཆེན་པོ་ལ།། གཏོར་མ་གཏང་བ་ལོགས་ན་མེད།། སྣ་ཚོགས་སྣོད་བཅུད་གཉིས་མེད་པས།། སེམས་ལས་ལྷག་བསྟན་ལོགས་ན་མེད། ། ཐིག་ལེ་གཅིག་ཏུ་ཀུན་འདུས་པས།། དཀྱིལ་འཁོར་བསྡུ་བ་ལོགས་ན་མེད།། ཡེ་ཤེས་ལྷུན་གྲུབ་གོ་ལྡན་པས།། སྐལ་ལྡན་ལུས་བསྲུངས་ལོགས་ན་མེད།། ཡོན་ཏན་ཐམས་ཅད་ལྷུན་གྲུབ་པས།། སྨོན་ལམ་གདབ་པ་ལོགས་ན་མེད། ། སྐུ་གསུམ་རང་ལ་ལྷུན་གྲུབ་པས།། མཐར་ཕྱིན་འབྲས་བུ་ལོགས་ན་མེད།། ཅེས་གསུངས་སོ།། བྱང་ཆུབ་ཀྱི་སེམས་ཤེས་བྱ་མཐའ་གཅོད་ལས།། ཕ་རོལ་ཕྱིན་བཅུ་ལམ་ལྔ་སྔགས་ཀྱི་ཆོ་ག་རང་ལ་ལྷུན་གྱིས་གྲུབ་པའི་ལེའུ་སྟེ་བཅོ་བརྒྱད་པའོ། །།། དེ་ནས་སེམས་དཔའ་རྡོ་རྗེས་ཡང་ཞུས་པ། ཀྱེ། སྟོན་པ་ཀུན་ཏུ་བཟང།། ཁྱིམ་དང་སྡིག་པ་མཐུ་ཁོངས་ནས།། མངོན་པར་སངས་རྒྱས་ཇི་ལྟར་ལགས། ། སྐུ་ལྔ་སྐུ་གསུམ་བྱེ་བྲག་གང།། དེ་ནས་སྟོན་པ་ཀུན་བཟང་གིས།། སེམས་དཔའི་འཁོར་ལ་བཀའ་སྩལ་པ།། སེམས་དཔའ་རྡོ་རྗེ་ལེགས་པར་ཉོན།། ང་ཉིད་རྟོག་པས་ལ་བཟླ་ན།། འདོད་ཆགས་ཞེ་སྡང་གཏི་མུག་ཀྱང། ། སྤང་དུ་མེད་དེ་བྱང་ཆུབ་ལམ།། ཡེ་ནས་རང་བྱུང་ཡེ་ཤེས་ཡིན།། ལུས་ལ་ཕོ་མོ་ཡོད་གྱུར་ཕྱིར།། བྱང་ཆུབ་སེམས་ལ་ཕོ་མོ་མེད།། ཆགས་པ་སྤྱད་པས་བདེ་བའི་མཆོག། གསོལ་འདེབས་སྙིང་པོ་ཆོས་སྐུ་ཉིད། ། དེ་ཚེ་བདེ་བའི་ཆོས་ཉིད་བརྒྱན།། འཆིང་བར་མི་འགྱུར་གྲོལ་བར་ངེས།། བྱང་ཆུབ་སེམས་ལ་སྐྱེ་ཤི་མེད།། དཀར་པོའི་ཕྱོགས་དང་སྡིག་ལ་སོགས།། བྱང་ཆུབ་སེམས་ལ་གཉིས་སུ་མེད།། ཞིང་བཅུ་དབྱིངས་སུ་བསྒྲལ་གྱུར་ན། ། དེ་ཚེ་བསྒྲལ་བའི་ཆོས་ཉིད་བརྒྱན།། འཁོར་བ་ཆོས་ཉིད་ངང་དུ་བརླག་སེམས་ཉིད་ཡེ་ནས་འོད་གསལ་ཕྱིར།། ངོ་མཚར་རྨད་དུ་བྱུང་རོལ་པ་མཐུ།། བྱ་བྲལ་ནམ་མཁའ་ཇི་བཞིན་ཏེ།། མི་དམིགས་གཏི་མུག་ཆོས་ཀྱི་སྐུ། ། གཉིས་སུ་མེད་པས་ཤེས་རབ་གསལ།། དེ་ལྟར་རྟོགས་པས་ཡེ་ཤེས་ཉིད།། འབྲས་བུ་གཞན་ནས་བཙལ་མི་དགོས།། གདོད་ནས་རང་བྱུང་ངོ་བོ་ཉིད།། འབྲས་བུ་ལ་ཡང་མི་ལྟོས་པར།། སེམས་དང་བྲལ་བས་ཀུན་བཟང་ཐུགས། ། ལུས་དང་བྲལ་བས་ཀུན་བཟང་སྐུ།། ངག་དང་བྲལ་བས་ཀུན་བཟང་གསུང།། ཐུགས་ནི་སྐྱེ་མེད་ཆོས་སྐུའི་ཐུགས།། སྐུ་ནི་ལོངས་སྤྱོད་རྫོགས་པའི་སྐུ།། གསུང་ནི་སངས་རྒྱས་སྤྲུལ་པའི་གསུང། ། ད་ཡང་སེམས་དཔའ་རྡོ་རྗེ་ཉོན།། སྐུ་གསུམ་སྐུ་ལྔའི་བྱེ་བྲག་ནི།། སྐུ་གསུམ་དོན་ལ་སོ་སོར་དབྱེ།། ཆོས་སྐུ་ལ་ཡང་རྣམ་པ་གསུམ།། མ་ནི་སྐྱེ་མེད་དཔག་ཏུ་མེད།། ཆོས་ཀྱི་སྐུ་ཡི་ཆོས་སྐུ་ཉིད། ། རིགས་ལྔ་དྲུག་པ་དཔའ་བོ་རྣམས།། ཆོས་ཀྱི་སྐུ་ཡི་ལོངས་སྤྱོད་སྐུ།། སེམས་དཔའ་སེམས་མའི་སྤྲུལ་ཚོགས་རྣམས།། ཆོས་ཀྱི་སྐུ་ཡི་སྤྲུལ་པའི་སྐུ།། ལོངས་སྤྱོད་རྫོགས་ལའང་གསུམ་དུ་ངེས།། རྡོ་རྗེ་ཆེན་པོ་རྡོ་རྗེ་དབྱིངས། ། ལོངས་སྤྱོད་རྫོགས་པའི་ཆོས་ཀྱི་སྐུ།། རིགས་ལྔ་རིགས་གསུམ་ལ་སོགས་པ།། ལོངས་སྤྱོད་རྫོགས་པའི་ལོངས་སྤྱོད་སྐུ།། སེམས་དཔའ་ལ་སོགས་སྤྲུལ་འཁོར་རྣམས།། ལོངས་སྤྱོད་རྫོགས་པའི་སྤྲུལ་པའི་སྐུ། ། སྤྲུལ་སྐུ་ལ་ཡང་གསུམ་དུ་ངེས།། སྨྲ་བསམ་བརྗོད་མེད་ཤེས་རབ་དོན།། སྤྲུལ་པ་སྐུ་ཡི་ཆོས་ཀྱི་སྐུ།། རྣམ་དག་སྐུ་ལྔ་གཟུགས་བཟང་བ།། སྤྲུལ་པ་སྐུ་ཡི་ལོངས་སྤྱོད་སྐུ།། སྲས་དང་མཛད་པ་སྣ་ཚོགས་རྣམས། ། སྤྲུལ་པ་སྐུ་ཡི་སྤྲུལ་པའི་སྐུ།། སྐུ་གསུམ་སྣང་ཚུལ་དགུར་བསྟན་ཀྱང།། བྱང་ཆུབ་སེམས་པ་མ་ལུས་འབྲལ་མེད།། དེ་ནི་དབྱེར་མེད་རྡོ་རྗེའི་སྐུ།། དེ་ལྟ་བུ་ཡི་སྐུ་ཉིད་ལ།། ཟག་མེད་བདེ་ཆེན་མངོན་བྱད་སྐུ། ། ངེས་པར་སྐུ་ནི་གཅིག་ལས་མེད།། གཅིག་ནི་བྱང་ཆུབ་ཆོས་ཀྱི་སྐུ།། ཞེས་གསུངས་སོ།། བྱང་ཆུབ་ཀྱི་སེམས་ཤེས་བྱ་མཐའ་གཅོད་ལས།། དུག་གསུམ་གྱི་གྲོལ་ཚུལ་དང་སྐུ་གསུམ་སྐུ་ལྔ་བསྟན་པའི་ལེའུ་སྟེ་བཅུ་དགུ་པའོ། །།། དེ་ནས་སེམས་དཔའ་རྡོ་རྗེས་ཡང་ཞུས་པ།། ཨེ་མ་ཧོ།། སྟོན་པ་བྱང་སེམས་ཀུན་ཏུ་བཟང།། རང་བྱུང་ཡེ་ཤེས་དོན་ནི་གང།། མན་ངག་གཅེས་པའི་དོན་ནི་གང།། དེ་ནས་སྟོན་པ་ཀུན་བཟང་གིས། ། འཁོར་རྣམས་ཀུན་ལ་བཀའ་སྩལ་པ།། ཉོན་ཅིག་སེམས་དཔའ་རྡོ་རྗེ་ཆེ།། དང་པོ་རྒྱུ་ལས་མ་བྱུང་རང།། ཕ་ཞེས་བྱ་བའི་རྒྱུ་ཡང་མེད།། བར་དུ་རྐྱེན་ལས་མ་བྱུང་རང།། མ་ཞེས་བྱ་བའི་རྐྱེན་ཡང་མེད།། ཐ་མ་གཉེན་པོས་མི་འཇིག་རང། ། ཡུལ་གཞན་འགྱུར་བའི་གཉེན་པོ་མེད།། འགག་པ་མེད་པས་རང་ཉིད་བྱུང།། སྒྲིབ་པ་མེད་པས་རང་ཉིད་བྱུང།། ངོ་བོ་སྣ་ཚོགས་སྣང་བས་བྱུང།། ཡེ་ནི་ནས་གནས་པ་ཡིན།། ཡེ་ནས་འགྱུར་བ་མེད་པ་ཡིན། ། ཡེ་ནས་དངོས་མེད་དངོས་མ་གྲུབ།། ཡེ་ནི་དེས་ན་བརྗོད་མ་གྲུབ།། ཡེ་ནི་རང་བྱུང་ཤུགས་ལས་འཆར།། རིག་པ་རང་གསལ་རང་དུ་ཤེས།། རིག་པ་མ་འགགས་གསལ་བར་ཤེས།། རིག་པ་བདེ་ཆེན་གཉིས་མེད་ཤེས། ། རིག་པ་མ་བཅོས་གཉུག་མར་ཤེས།། རིག་པ་རང་གྲོལ་མཉམ་ཉིད་གྲོལ།། ད་ཡང་སེམས་དཔའ་རྡོ་རྗེ་ཉོན།། རང་བྱུང་ཡེ་ཤེས་རྒྱལ་པོ་འདི།། མི་འགྱུར་འགྱུར་མེད་ཡེ་ནས་གནས།། མ་འགགས་ཤེས་པའི་ཕྱིར་ན་རིག། རིག་པ་དོན་ལ་མི་འགྱུར་ཝལ།། ངོ་བོ་དོན་ལས་མ་ཡེངས་གསལ།། སྐྱེ་མེད་ཐུགས་སུ་ཆུད་པས་སི།། དེ་ཡི་དོན་ལས་མི་ཡེངས་པ།། གང་གིས་རྟོགས་ན་ཀུན་ཏུ་བཟང།། རྟོག་པར་གྱུར་པ་གང་ཡིན་པ། ། དེ་ནི་མན་ངག་ཀུན་གྱི་མཆོག། མ་རྟོགས་རྩོལ་བའི་ཚི་ཆད་ཡིན།། དེས་ན་རྟོགས་པ་གཙོ་བོར་བཤད།། སེམས་དཔའ་རྡོ་རྗེ་ད་ཡང་ཉོན།། མན་ངག་ཅེས་སུ་བྱ་བ་ཡང།། མན་ནི་སྙིང་བོའི་བྱང་ཆུབ་སྐུ། ། ངག་ནི་རིག་པ་ས་ལེ་བ།། མན་ནི་སྟྲོང་རིག་ཡེ་ཤེས་སྐུ། ངག་ནི་བརྗོད་པའི་སྒྲ་ལས་འདས། མན་ནི་ཐུགས་ཀྱི་སྒྲོན་མེ་ཕྱེ།། ངག་ནི་མགུལ་གྱི་བུམ་པར་འདྲིལ།། མན་ནི་རིགས་པ་ས་ལེ་བ། །། མན་ངག་ནི་ལྗགས་ལ་བཀྲམ་པའོ།། མན་ན་རིང་རིག་ཆོས་ཀྱི་སྐུ།། ངག་ནི་མགུར་ནས་བྱུང་བའོ།། མན་ནི་རང་རིག་རྒྱལ་པོ་ཡིན།། ངག་ནི་རང་བྱུང་ཡེ་ཤེས་གསལ།། ཚེགས་ཆུང་བས་ན་མན་ངག་ཡིན།། གོ་སླ་བས་ན་མན་ངག་ཡིན། ། བྱ་བཙལ་བྲལ་བས་ན་མན་ངག་ཡིན།། ཡོན་ཏན་ལྷུན་གྲུབ་མན་ངག་ཡིན།། སེམས་དཔའ་རྡོ་རྗེ་རབ་ཏུ་ཉོན་ལ་ཟུང།། སྣོད་ལྡན་ཀུན་ལ་དེ་བཞིན་སྟོན།། རབ་ཏུ་གསུངས་སོ།། བྱང་ཆུབ་ཀྱི་སེམས་ཤེས་བྱ་མཐའ་གཅོད་ཀྱི་རྒྱུད་ལས། རང་བྱུང་ཡེ་ཤེས་དང་མན་ངག་བསྟན་པའི་ལེའུ་སྟེ་ཉི་ཤུ་པའོ།།།། དེ་ནས་ཡང་སེམས་དཔའ་རྡོ་རྗེ་ནན་ཏན་ཞུས་པ།། ཨེ་མ་ཧོ། བྱང་སེམས་ཀུན་ཏུ་བཟང། ། སྔར་དུ་བཤད་པའི་རང་བཞིན་བཅུ་པོ་དང།། ཤེས་བྱ་བསླབ་པའི་མཐའ་བཅུར་གསུང་པ་ཉིད།། ཐ་དད་ལགས་སམ་དོན་ཁྲིགས་ཇི་ལྟར་ལགས།། བྱང་སེམས་ཀུན་ཏུ་བཟང་པོས་བཤད་དུ་གསོལ།། བྱང་སེམས་ཀུན་ཏུ་བཟང་པོས་བཀའ་སྩལ་པ། ། སེམས་དཔའ་རྡོ་རྗེ་དེ་ཉིད་རབ་ཏུ་ཉོན།། དེ་ལྟར་བཤད་པའི་རང་བཞིན་བཅུ་པོ་ཉིད།། ཤེས་བྱ་བསླབ་པའི་མཐའ་བཅུ་ཉིད་དུ་འདུས།། བསླབ་པའི་མཐའ་བཅུའི་དོན་ཁྲིགས་ཇི་ལྟར་ངེས། ། རང་བྱུང་ཡེ་ཤེས་ཡེ་ནས་རང་ཤར་བས།། དབང་བསྐུར་མཆོག་ཉིད་ཡེ་ནས་བསྐུར་དུ་མེད།། དམ་ཚིག་ཡེ་ནས་གཉིས་འཛིན་བྲལ་བས་ན།། དམ་ཚིག་མཆོག་ཉིད་ཡེ་ནས་བསྲུང་དུ་མེད།། ལྟ་བ་ཡེ་ནས་གཟའ་གཏད་བྲལ་བས་ན། ། ལྟ་བའི་མཆོག་ཉིད་ཡེ་ནས་བལྟ་རུ་མེད།། ཕྲ་བས་ཡེ་ནས་དམིགས་གཏད་བྲལ་བས་ན།། བསྒོམ་པའི་མཆོག་ཉིད་ཡེ་ནས་ལྷར་མི་བསྐྱེད།། སྤྱོད་པ་ཡེ་ནས་བླང་དོར་བྲལ་བས་ན། ། སྤྱོད་པའི་མཆོག་ཉིད་ཡེ་ནས་སྤྱད་དུ་མེད།། ལམ་ལ་ཡེ་ནས་བགྲོད་དུ་མེད་པས་ན།། མཁས་ལ་ཡེ་ནས་གནས་ལུགས་དགོངས་པ་ནི།། ས་ལ་ཡེ་ནས་བགྲང་དུ་མེད་པའི་ཕྱིར།། ཐོས་པའི་མཆོག་ཉིད་ཡེ་ནས་བརྗོད་དང་བྲལ། ། ཡེ་ཤེས་ཡེ་ནས་སྒྲིབ་པ་མེད་པས་ན།། སྒོ་བསྡུར་མཆོག་ཉིད་ཡེ་ནས་ཐེག་གཅིག་སེམས།། འཕྲིན་ལས་ཡེ་ནས་བཙལ་དུ་མེད་པས་ན།། མན་ངག་མཆོག་ཉིད་ཡེ་ནས་བྱ་བྲལ་ཀློང།། ལྷུན་གྲུབ་ཡེ་ནས་བྱ་བཙལ་བྲལ་བས་ན། ། མདོ་བསྡུས་མཆོག་ཉིད་ཡེ་ནས་ཐིག་ལེ་གཅིག། རང་བཞིན་བཅུ་ནི་བསླབ་པའི་མཐའ་བཅུ་ཉིད།། སེམས་ཉིད་རྫོགས་པས་དེ་ལྟར་གཏན་ལ་ཕབ།། བསླབ་པའི་མཐའ་བཅུ་བཅུ་ཕྲག་བཅུ་བསྟན་པ། ། ལྷུན་གྲུབ་བཅུ་དང་གཉིས་འཛིན་བྲལ་བས་བཅུ།། གཟའ་གཏད་བྲལ་བ་བཅུ་དང་ངང་ལ་གནས་པ་བཅུ།། བླང་དོར་མེད་པ་བཅུ་དང་དོན་ལ་མཁས་པ་བཅུའོ།། བརྗོད་བྲལ་བཅུ་དང་ཐེག་གཅིག་བྱང་སེམས་བཅུ། ། བྱ་བྲལ་བཅུ་དང་ཐིག་ལེ་ཉིད་འདུས་བཅུ།། རིག་པའྀ་རྒྱལ་པོ་རང་དབང་བཅུ་རུ་ལྷུན་གྱིས་གྲུབ།། དམ་ཚིག་རྒྱལ་པོ་འཛིན་མེད་ལྷུན་གྱིས་གྲུབ།། ལྟ་བ་གཟའ་གཏད་མེད་པར་ལྷུན་གྱིས་གྲུབ། ། སྒོམ་པ་དམིགས་གཏད་མེད་པར་ལྷུན་གྱིས་གྲུབ།། སྤྱོད་པ་བླང་དོར་མེད་པར་ལྷུན་གྱིས་གྲུབ།། མཁས་པ་གནས་ལུགས་ཉིད་དུ་ལྷུན་གྱིས་གྲུབ།། ཐོས་པ་བརྗོད་བྲལ་ཉིད་དུ་ལྷུན་གྱིས་གྲུབ།། སྒོ་བསྡུར་ཐེག་གཅིག་སེམས་ཉིད་ལྷུན་གྱིས་གྲུབ། ། མན་ངག་བྱ་བྲལ་ཀློང་དུ་ལྷུན་གྱིས་གྲུབ།། མདོ་བསྡུས་ཐིག་ལེ་ཉིད་དུ་ལྷུན་གྱིས་གྲུབ།། དབང་པོ་རྒྱལ་བོ་རང་དབང་ལྷུན་གྲུབ་ཡིན།། རིག་པའི་རྒྱལ་པོ་རང་དབང་ཉིད་མི་འདའ། ། དམ་ཚིག་རྒྱལ་པོ་འཛིན་མེད་ཉིད་མི་འདའ།། ལྟ་བ་གཟའ་གཏད་བྲལ་བ་ཉིད་མི་འདའ།། སྒོམ་པ་དམིགས་གཏད་བྲལ་བ་ཉིད་མི་འདའ།། སྤྱོད་པ་བླང་དོར་བྲལ་བ་ཉིད་མི་འདའ།། མཁས་པའི་གནས་ལུགས་དགོས་པ་ཉིད་མི་འདའ། ། ཐོས་པ་བརྗོད་བྲལ་དགོངས་པ་ཉིད་མི་འདའ།། སྒོ་བསྡུར་ཐེག་པའི་སེམས་ཉིད་དོན་མི་འདའ།། མན་ངག་བྱ་བྲལ་ཀློང་ཆེན་ཉིད་མི་འདའ།། མདོ་བསྡུ་ཐིག་ལེ་ཉག་གཅིག་ཉིད་མི་འདའ། ། དམ་ཚིག་རྒྱལ་པོ་འཛིན་པ་བྲལ་པ་ཡིན།། རིག་པའི་རྒྱལ་པོ་རང་དབང་གཟའ་གཏད་བྲལ།། དམ་ཚིག་རྒྱལ་པོ་འཛིན་མེད་གཟའ་གཏད་བྲལ།། ལྟ་བ་ལྟ་རུ་མེད་པས་གཟའ་གཏད་བྲལ།། སྒོམ་པ་དམིགས་གཏད་མེད་པས་གཟའ་གཏད་བྲལ། ། སྤྱོད་པ་བླང་དོར་མེད་པས་གཟའ་གཏད་བྲལ།། མཁས་པ་གནས་ལུགས་དགོངས་པས་གཟའ་གཏད་བྲལ།། ཐོས་པ་བརྗོད་བྲལ་དགོངས་པས་གཟའ་གཏད་བྲལ། ། སྒོ་བསྡུར་ཐེག་གཅིག་སེམས་ཉིད་གཟའ་གཏད་བྲལ།། མན་ངག་བྱ་བྲལ་ཉིད་བས་གཟའ་གཏད་བྲལ།། མདོ་བསྡུས་ཐིག་ལེ་ཉིད་པས་གཟའ་གཏད་བྲལ།། ལྟ་བའི་རྒྱལ་པོ་གཟའ་གཏད་བྲལ་བས་ནི།། རིག་པའི་རྒྱལ་པོ་རང་དབང་ངང་ལ་གནས། ། དམ་ཚིག་རྒྱལ་པོ་འཛིན་མེད་ངང་ལ་གནས།། ལྟ་བ་གཟའ་གཏད་བྲལ་བའི་ངང་ལ་གནས།། བསྒོམ་པ་དམིགས་གཏད་བྲལ་བའི་ངང་ལ་གནས།། སྤྱོད་པ་བླང་དོར་བྲལ་བའི་ངང་ལ་གནས། ། མཁས་པའི་གནས་ལུགས་དགོངས་པའི་ངང་ལ་གནས།། ཐོས་པ་བརྗོད་བྲལ་ཉིད་ཀྱི་ངང་ལ་གནས།། སྒོ་བསྡུར་ཐེག་གཅིག་སེམས་ཉིད་ངང་ལ་གནས།། མན་ངག་བྱ་བྲལ་ཀློང་ཆེན་ངང་ལ་གནས། ། མདོ་བསྡུ་ཐིག་ལེ་ཉིད་ཀྱི་ངང་ལ་གནས།། སྒོམ་པ་རྒྱལ་པོ་དམིགས་གཏད་མེད་པ་ཡིན།། རིག་པའི་རྒྱལ་པོ་རང་དབང་བླང་དོར་བྲལ།། དམ་ཚིག་རྒྱལ་པོ་འཛིན་མེད་བླང་དོར་མེད།། ལྟ་བ་གཟའ་གཏད་བྲལ་བས་བླང་དོར་མེད། ། སྒོམ་པ་དམིགས་གཏད་བྲལ་བའི་བླང་དོར་མེད།། སྤྱོད་པ་གཟང་ངན་མེད་པས་བླང་དོར་མེད།། མཁས་པ་གནས་ལུགས་ཉིད་ལས་བླང་དོར་མེད།། ཐོས་པ་བརྗོད་བྲལ་ཉིད་ལ་བླང་དོར་མེད། ། སྒོ་བསྡུར་ཐེག་གཅིག་སེམས་ཉིད་བླང་དོར་མེད།། ཐོས་པ་བརྗོད་བྲལ་ཉིད་ལ་བླང་དོར་མེད།། མན་ངག་བྱ་བྲལ་ཉིད་ལ་བླང་དོར་མེད།། མདོར་བསྡུས་ཐིག་ལེ་ཉིད་ལ་བླང་དོར་མེད།། སྤྱོད་བའི་རྒྱལ་པོ་བླང་དོར་མེད་པ་ཡིན། ། རིག་པའི་རྒྱལ་པོ་རང་དབང་དོན་ལ་མཁས།། དམ་ཚིག་རྒྱལ་པོ་འཛིན་མེད་དོན་ལ་མཁས།། ལྟ་བ་གཟའ་གཏད་བྲལ་བས་དོན་ལ་མཁས།། སྒོམ་པ་དམིགས་གཏད་བྲལ་བའི་དོན་ལ་མཁས། ། སྤྱོད་པ་བླང་དོར་མེད་པའི་དོན་ལ་མཁས།། མཁས་པ་གནས་ལུགས་དགོངས་པའི་དོན་ལ་མཁས།། ཐོས་པ་བརྗོད་དང་བྲལ་བའི་དོན་ལ་མཁས།། སྒོ་བསྡུར་ཐེག་གཅིག་སེམས་ཉིད་དོན་ལ་མཁས། ། མན་ངག་བྱ་བྲ་ཀློང་ཆེན་དོན་ལ་མཁས།། མདོར་བསྡུས་ཐིག་ལེ་ཉག་གཅིག་དོན་ལ་མཁས།། མཁས་པའི་རྒྱལ་པོ་གནས་ལུགས་དགོངས་པ་ཡིན།། རིག་པའི་རྒྱལ་པོ་རང་དབང་བརྗོད་པ་བྲལ།། དམ་ཚིག་རྒྱལ་པོ་འཛིན་མེད་བརྗོད་དང་བྲལ། ། ལྟ་བ་གཟའ་གཏད་བྲལ་བས་བརྗོད་དང་བྲལ།། སྒོམ་པ་དམིགས་གཏད་བྲལ་བས་བརྗོད་དང་བྲལ།། སྤྱོད་པ་བླང་དོར་མེད་པས་བརྗོད་དང་བྲལ།། མཁས་པ་གནས་ལུགས་ཉིད་པས་བརྗོད་དང་བྲལ། ། ཐོས་པ་བརྗོད་དུ་མེད་པས་བརྗོད་དང་བྲལ།། སྒོ་བསྡུར་ཐེག་གཅིག་སེམས་ཉིད་བརྗོད་དང་བྲལ།། མན་ངག་བྱ་བྲལ་ཀློང་ཆེན་བརྗོད་དང་བྲལ།། མདོ་བསྡུ་ཐིག་ལེ་ཉིད་ལ་བརྗོད་དང་བྲལ། ། ཐོས་པའི་རྒྱལ་པོ་བརྗོད་དང་བྲལ་བ་ཡིན།། རིག་པའི་རྒྱལ་པོ་རང་དབང་ཐེག་གཅིག་སེམས།། དམ་ཚིག་རྒྱལ་པོ་འཛིན་མེད་ཐེག་གཅིག་སེམས།། ལྟ་བ་གཟའ་གཏད་བྲལ་བའི་ཐེག་གཅིག་སེམས།། སྒོམ་པ་དམིགས་གཏད་བྲལ་བའི་ཐེག་གཅིག་སེམས། ། སྤྱོད་པ་བླང་དོར་མེད་པའི་ཐེག་གཅིག་སེམས།། མཁས་པ་གནས་ལུགས་ཉིད་པས་ཐེག་གཅིག་སེམས།། ཐོས་པ་བརྗོད་དང་བྲལ་བས་ཐེག་གཅིག་སེམས།། སྒོ་བསྡུར་བྱང་སེམས་ཉིད་པས་ཐེག་གཅིག་སེམས། ། མན་ངག་བྱ་བྲལ་ཀློང་ཆེན་ཐེག་གཅིག་སེམས།། མདོར་བསྡུ་ཐིག་ལེ་ཉིད་བས་ཐེག་གཅིག་སེམས།། སྒོ་བསྡུར་རྒྱལ་པོ་དེ་ཉིད་ཐེག་གཅིག་སེམས།། རིག་པའི་རྒྱལ་པོ་རང་དབང་བྱ་བྲལ་ཀློང། ། དམ་ཚིག་རྒྱལ་པོ་འཛིན་མེད་བྱ་བྲལ་ཀློང།། ལྟ་བ་གཟའ་གཏད་བྲལ་བས་བྱ་བྲལ་ཀློང།། བསྒོམ་པ་དམིགས་གཏད་བྲལ་བའི་བྱ་བྲལ་ཀློང།། སྤྱོད་པ་བླང་དོར་མེད་པས་བྱ་བྲལ་ཀློང། ། མཁས་པ་གནས་ལུགས་ཉིད་པས་བྱ་བྲལ་ཀློང།། ཐོས་པ་བརྗོད་དང་བྲལ་བས་བྱ་བྲལ་ཀློང།། སྒོ་བསྡུར་ཐེག་གཅིག་སེམས་ཉིད་བྱ་བྲལ་ཀློང།། མན་ངག་བྱ་བཙལ་བྲལ་བས་བྱ་བྲལ་ཀློང།། མདོར་བསྡུ་ཐིག་ལེ་ཉིད་པས་བྱ་བྲལ་ཀློང། ། མན་ངག་རྒྱལ་པོ་བྱ་བྲལ་ཀློང་ཆེན་ཡིན།། རིག་བའི་རྒྱལ་པོ་རང་དབང་ཐིག་ལེ་ཉིད།། དམ་ཚིག་རྒྱལ་པོ་འཛིན་མེད་ཐིག་ལེ་ཉིད།། ལྟ་བ་གཟའ་གཏད་མེད་པས་ཐིག་ལེ་ཉིད། ། སྒོམ་པ་དམིགས་གཏད་མེད་པས་ཐིག་ལེ་ཉིད།། སྤྱོད་པ་བླང་དོར་མེད་པས་ཐིག་ལེ་ཉིད།། མཁས་པ་གནས་ལུགས་ཉིད་པས་ཐིག་ལེ་ཉིད།། ཐོས་པ་བརྗོད་དང་བྲལ་བས་ཐིག་ལེ་ཉིད།། སྒོ་བསྡུར་ཐེག་གཅིག་སེམས་ཉིད་ཐིག་ལེ་ཉིད། ། མན་ངག་བྱ་བྲལ་ཀློང་ཆེན་ཐིག་ལེ་ཉིད།། མདོར་བསྡུས་འུབ་བསྡུས་ཐིག་ལེ་ཉིད་དུ་འདུས།། མདོར་བསྡུས་རྒྱལ་པོ་ཐིག་ལེ་ཉག་གཅིག་ཡིན།། དེ་ལྟར་བཙལ་དུ་མེད་པའི་རང་བཞིན་བཅུ། ། གང་ཞིག་དེ་ལས་རྩོལ་བར་བྱེད་པས་རྐོ།། བྱེ་ཆུང་ལྕོ་གས་ནམ་མཁའི་མཐའ་བཙལ་ཀྱང།། མཐའ་མི་རྙེད་ཅིང་རང་ཉིད་དུབ་པ་ལྟར།། དེ་བཞིན་བྱ་བྱེད་ཕལ་གྱི་ལམ་བཙལ་ཀྱང།། ལམ་མི་རྙེད་ཅིང་ཚི་ཆད་ནད་ཀྱིས་འཛིན། ། དེས་ན་བསླབ་པའི་མཐའ་བཅུ་རྩོལ་བ་མ་བྱེད་ཅིང།། རྩོལ་བ་དེ་ནི་ཚི་ཆད་འཛིན་བའི་ནད།། དེ་ཉིད་མ་རྟོགས་ཇི་སྙེད་ཁ་རྒྱུད་ཀྱང།། བྱ་བྲལ་ལྷུན་རྫོགས་ཉིད་ལམ་མི་རྙེད་དོ། ། ཞེས་གསུངས་སོ།། བྱང་ཆུབ་སེམས་ཤེས་བྱ་མཐའ་གཅོད་ལས།། བསླབ་པའི་མཐའ་བཅུ་བསྟན་པའི་ལེའུ་སྟེ་ཉི་ཤུ་གཅིག་པའོ།།།། དེ་ནས་སེམས་དཔའ་རྡོ་རྗེས་ཡང་ཞུས་པ། ཀྱེ་ཧོ་སྟོན་པ་བྱང་སེམས་ཀུན་ཏུ་བཟང། ། བསོད་ནམས་ཆོས་སྤྱོད་བཅུ་རྣམས་ཇི་ལྟར་རྫོགས།། དེ་ཡི་དོན་ལ་ཇི་ལྟར་གནས་པར་བགྱི། དམིགས་སུ་མེད་པ་དེ་ཉིད་རབ་དབྱེ་ན། བལྟས་རེ་མཐོང་བ་མེད་ན་མཐོང་བ་ཡིན།། སེམས་ཉིད་རང་བཞིན་མཐོང་བ་འདྲ་བ་ཡིན། ། སེམས་ཉིད་རང་བཞིན་དམིགས་སུ་མེད་པ་ལ།། བྱང་སེམས་ཀུན་ཏུ་བཟང་པོས་བཀལ་སྩལ་པ།། སེམས་དཔའ་རྡོ་རྗེ་ད་ཡང་ལེགས་པར་ཉོན།། བྱང་ཆུབ་སེམས་ཉིད་ཤེས་བྱ་བསྟན་པ་ནི། ། སེམས་ཀྱི་རང་བཞིན་དམིགས་སུ་མེད་པ་ལ།། དེ་རིག་དེ་ཉིད་ཀློང་དུ་གྱུར་པ་ནི།། དེ་བས་དེ་ཉིད་གཉིས་པར་མི་འགྱུར་ཏེ།། གཉིས་མེད་ཀློང་དུ་གྱུར་པ་མཆོད་པ་ཡིན།། སེམས་ཀྱི་རང་བཞིན་དམིགས་སུ་མེད་པ་ལས། ཁ་དོག་དབྱིབས་མེད་ཚོན་ལས་འདས་པ་སྟེ།། གདོད་ནས་མ་བྱུང་མ་སྐྱེས་དེ་ཉིད་ལས།། སྣ་ཚོགས་འདོད་དགུ་འབྱུང་བས་སྦྱིན་པ་ཡིན།། སེམས་ཀྱི་རང་བཞིན་དམིགས་སུ་མེད་པ་ལས།། གསུང་གི་ཀློང་ནས་རིགས་ཉིད་ཤར་བ་དེ། ། སྣ་ཚོགས་སེམས་ཉིད་ཤེས་པ་ཉན་པ་ཡིན།། སེམས་ཀྱི་རང་བཞིན་དམིགས་སུ་མེད་པ་ལ།། སེམས་ཉིད་དམིགས་སུ་མེད་དེ་སྙིང་པོའི་མཆོག། ཐིག་ལེ་ཆེན་པོ་ཡོངས་ཀྱིས་མཁའ་ཀློང་དེ། ། དེ་བཞིན་འགྱུར་མེད་གནས་པ་ཀློག་པ་ཡིན།། སེམས་ཀྱི་རང་བཞིན་དམིགས་སུ་མེད་པ་ལ།། འཁོར་བའི་མུན་ཉིད་གདོད་ནས་ཡེ་སངས་རྒྱས།། གདོད་ནས་གཉིས་མེད་སེམས་ཉིད་ལྷུན་གྱིས་གྲུབ།། རིག་པ་དེ་བཞིན་གནས་པ་འཛིན་པ་ཡིན། ། སེམས་ཀྱི་རང་བཞིན་དམིགས་པ་མེད་པ་ལ།། དུས་གསུམ་དུས་མེད་བརྗོད་དང་བྲལ་བ་ཡིན།། བརྗོད་དང་བྲལ་བའི་དོན་ནི་དེ་ཉིད་ལ།། དམིགས་ཅིང་གང་གིས་བཟློས་པ་འདོན་པ་ཡིན། ། སེམས་ཀྱི་རང་བཞིན་དམིགས་སུ་མེད་པ་ཡིན།། མཚོན་པར་བྱེད་པའི་ཚིག་ནི་སྟོན་བྱེད་ཅིང།། དམིགས་སུ་མེད་པ་དམིགས་སུ་བྱ་བའི་དོན།། མྱ་ངན་འདས་པ་སྨྲ་བར་བཤད་པ་ཡིན། ། སེམས་ཀྱི་རང་བཞིན་དམིགས་སུ་མེད་པ་ལ།། དམིགས་པའི་དངོས་པོ་གང་ཡང་མི་སེམས་ཤིང།། དམིགས་པར་བྱ་བའི་ཆོས་ནི་རྡུལ་ཙམ་མེད།། དམིགས་པ་དངོས་པོ་གང་ཡང་མི་སེམས་ཏེ།། དམིགས་བྱེད་དོན་ལ་སེམས་པ་སེམས་དཔའ་ཡིན། ། སེམས་ཀྱི་རང་བཞིན་དམིགས་སུ་མེད་པ་ལ།། སེམས་དེ་ཡེ་སངས་རྒྱས་པར་ཐག་ཆོད་དོ།། མི་སྐྱེ་མི་འགགས་དམིགས་སུ་མེད་པ་ལ།། དམིགས་མེད་དམིགས་སུ་མེད་པ་སྒོམ་པ་ཡིན། ། སྔར་འདས་རྒྱལ་བ་སྲས་དང་བཅས་པ་དང།། ད་ལྟར་ཕྱི་མའི་རྒྱལ་བ་སྲས་བཅས་རྣམས།། ཆོས་སྤྱོད་འདི་བཅུ་རྟོགས་པས་འགྲུབ་པའི་ཕྱིར།། བཅུ་པོ་འདི་ནི་རྒྱལ་བ་ཀུན་གྱི་ཡུམ།། ཞེས་གསུངས་སོ། ། བྱང་ཆུབ་ཀྱི་སེམས་ཤེས་བྱ་མཐའ་གཅོད་ལས།། ཆོས་སྤྱོད་བཅུ་བསྟན་པའི་ལེའུ་སྟེ་ཉི་ཤུ་རྩ་གཉིས་པའོ།།།། དེ་ནས་སེམས་དཔའ་རྡོ་རྗེས་ཡང་གསོལ་པ།། སྟོན་པའི་སྟོན་པ་བྱང་སེམས་ཀུན་ཏུ་བཟང། ། གང་ལ་མི་རྟེན་ལྟ་མེད་ལྟ་མཆོག་ལ།། དེ་ཉིད་མ་བཙལ་བཞག་པའི་སྒོམ་པ་དེ།། བྱང་སེམས་ཀུན་ཏུ་བཟང་པོ་ཉིད་ཀྱིས་རབ་ཏུ་ཤོད།། བྱང་སེམས་ཀུན་ཏུ་བཟང་པོས་བཀའ་སྩལ་པ།། ཀུན་གྱི་རང་བཞིན་ཡེ་ནས་ཕྱི་མོ་ཉིད། ། དཔེ་ལས་འདས་པས་མཚོན་པའི་དོན་དང་བྲལ།། ཚིག་ལས་འདས་པས་བརྗོད་པའི་ངག་དང་བྲལ།། སྒྲ་ལས་འདས་པས་ཐོས་པའི་ཡུལ་དང་བྲལ།། རྒྱུ་དང་བྲལ་བས་ཐོབ་པའི་འབྲས་བུ་མེད། ། རང་བཞིན་མེད་པས་བཅོས་པའི་མཐའ་དང་བྲལ། ཁ་དོག་མེད་པས་དམིགས་པའི་ཡུལ་དང་བྲལ།། ཅི་ཡང་མིན་པས་ཕྱོགས་རིས་ཡོངས་དང་བྲལ།། བཙལ་དུ་མེད་པས་ལྟ་བ་གཟའ་གཏད་བྲལ།། ཅིར་ཡང་མི་དགོངས་ཅིར་ཡང་མི་གཡོ་དང། ། ཅིར་ཡང་མི་བསམ་ཅིར་ཡང་སྤྱད་མི་བྱ།། གང་ལའང་མ་འདྲེས་སྒོམ་དུ་མིང་ཡང་མེད།། ཅི་ཡང་མི་མཐོང་ཅིར་ཡང་ལྟར་མེད་དེ།། དེ་ལྟ་བུ་ཡི་ངང་ལ་གང་གནས་པ།། ཐ་སྙད་ཙམ་དུ་སྒོམ་ཞེས་དེ་ལ་བྱ། ། རིག་པ་ཅིར་ཡང་འདུ་ཤེས་མེད་ན་སྒོམ།། ཇི་བཞི་རང་བཞིན་གཞག་ན་སྒོམ་པ་ཡིན།། བྱ་བྲལ་ངང་དུ་གནས་ན་སྒོམ་པ་ཡིན།། གསལ་བ་དམིགས་སུ་མེད་ན་སྒོམ་པ་ཡིན།། ཇི་ལྟ་བུར་ཡང་མ་མཐོང་སྒོམ་པ་ཡིན། ། མ་བཅོས་མཉམ་པར་གཞག་ན་སྒོམ་པ་ཡིན།། སྒོམ་དུ་མེད་པའི་དོན་ལ་མ་ཡེངས་ན།། སྒོམ་དུ་མེད་པའི་སྒོམ་པ་མཆོག་ཉིད་ཡིན།། ཞེས་གསུངས་སོ།། བྱང་ཆུབ་ཀྱི་སེམས་ཤེས་བྱ་མཐའ་གཅོད་ལས། ། ལྟ་སྒོམ་བྱེ་བྲག་ཁྱད་བར་བསྟན་པའི་ལེའུ་སྟེ་རྩ་གསུམ་པའོ།།།། དེ་ནས་སེམས་དཔའ་རྡོ་རྗེས་ཡང་ཞུས་པ།། སྟོན་པའི་སྟོན་པ་བྱང་སེམས་ཀུན་ཏུ་བཟང།། དུས་གསུམ་རྒྱལ་བའི་རང་བཞིན་ཆོས་ཀྱི་དབྱིངས། ། སྤང་བླང་མེད་པ་མཉམ་པ་ཉིད་ཀྱི་ངང།། རང་རིག་ཀུན་ཏུ་བཟང་པོ་ཉིད་ལ་འདུས།། ཆོས་རྣམས་ཤེས་བྱ་བསླབ་པའི་མཐའ་བཅུར་འདུས།། དེ་ལྟ་བུ་ཡི་བྱ་བྲལ་རྒྱུད་ཆེན་འདི། ། སྣོད་ཀྱི་རིམ་པ་གང་ལ་གདམས་ཤིང་གཏད།། ཀུན་བཟང་མཆོག་གིས་བཀའ་སྩལ་པ།། ཉོན་ཅིག་སེམས་དཔའ་རྡོ་རྗེ་ཆེ།། ཕྱི་མ་དུས་ཀྱི་སྣོད་མེད་རྣམས།། བླ་མའི་སྐུ་སྨོད་མོས་པ་ཆུང།། མཆེད་ལ་མི་གདུང་གཞོགས་ཀྱིས་སྨོད། ། རྫས་ལ་ཤིན་ཏུ་ཆགས་སེམས་ཆེ།། དད་ཆུང་ཉམ་ལེན་གཡེལ་བ་དང།། ཤེས་ནས་མི་བསྲུང་དམ་མེ་དང།། ཚིག་ཏུ་ཞིབ་ལ་དོན་ལ་རྩིང།། ལེ་ལོ་ཆེ་ལ་སྤྱོད་ལམ་རྩིང།། དྲེགས་པ་ཆེ་ལ་རང་བཞིན་གོང། ། གཟུ་ལུམ་རས་ཆོད་བྱེད་པ་ལ།། དེ་ལྟ་བུ་ལ་འདི་བསྟན་ན།། སྲིད་གསུམ་སེམས་ཅན་བསད་དང་མཚུངས།། རྒྱ་ལ་འབང་བྱ་ཁས་ལེན་ཞིང།། ཡུལ་དང་བུད་མེད་འབུལ་བྱས་ཀྱང། དེ་ལ་བསྲན་པར་མ་གསུངས་སོ། ། གལ་ཏེ་དེ་ལ་བསྟན་གྱུར་ན།། ཉི་ཚེ་བ་ཡི་དམྱལ་བར་སྐྱེ།། དེ་བས་རྟ་ཤིའི་ཁ་བཞིན་སྡོམས།། སེམས་དཔའ་རྡོ་རྗེ་ལེགས་པར་ཉོན།། ཨ་ཏི་བྱ་བྲལ་རྒྱུད་རྣམས་ཀུན།། ཤེས་བྱ་བསླབ་པའི་མཐའ་བཅུར་འདུས། ། སྣོད་ལ་གདམས་ཤིང་གཏད་པ་ནི།། བླ་མ་ལྷ་ལྟར་མཆོད་ཅིང་གུས།། མཆེད་ལ་གདུང་ཞིང་ཤིན་ཏུ་བྱམས།། རྫས་ལ་ཞེན་ཆགས་ཆུང་བ་དང།། དམ་ཚིག་མིག་ལྟར་འཚོ་བ་དང།། ཤེས་བཞིན་ཉམས་སུ་ལེན་པ་དང། ། འཁོར་བ་འདམ་ལྟར་ཤེས་པ་དང།། བཀའ་ཡི་དོན་ལ་དམ་པར་བལྟ།། ཤེས་རབ་ཆེ་ལ་གཏད་པ་ཐུབ།། དད་པ་ཆེ་ལ་སེར་སྣ་ཆུང།། དཀའ་བ་སྡོས་ནས་དང་དུ་ལེན།། ཤེས་བཞིན་ཆེ་ལ་བག་དང་ལྡན། ། ལུས་སྲོག་མི་ལྟ་ཆོས་ལ་མོས།། གྲོང་ཁྱེར་མེད་ཅིང་དམན་ཆ་འཛིན།། དེ་ལྟ་བུ་ཡི་སློབ་མ་ལ།། ཨ་ཏི་བྱ་བྲལ་རྒྱུད་འདི་བསྟན།། སེམས་དཔའ་རྡོ་རྗེ་ཡིད་ལ་ཞོག། སེམས་ལ་གབ་ན་ཤིན་ཏུ་མཆོག། ཅེས་གསུངས་ནས་སེམས་དཔའ་རྡོ་རྗེ་ལ་རྒྱུད་གདམས་ཤིང་གཏད་དོ། ། བྱང་ཆུབ་ཀྱི་སེམས་ཤེས་བྱ་མཐའ་གཅོད་ཀྱི་རྒྱུད་ལས། གདམས་ཤིང་གཏད་པའི་ལེའུ་སྟེ་རྩ་བཞི་པའོ།།།། བྱང་ཆུབ་ཀྱི་སེམས་ཤེས་བྱ་མཐའ་གཅོད་ཀྱི་རྒྱུད་ཅེས་བྱ་བ་རྫོགས་སོ། །།། རྒྱ་གར་སྐད་དུ། ཙ་ར་ཤ་ཨར་ཐཱ། བོད་སྐད་དུ། རྗེ་བཙན་དམ་པ། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ།། ཤིན་ཏུ་རྣལ་འབྱོར་ལྷ་ཡི་ལྷ། ། རྣལ་འབྱོར་ལས་ཀྱང་རྣལ་འབྱོར་མཆོག། འཕགས་པ་ལས་ཀྱང་འཕགས་པ་ནི།། རྡོ་རྗེ་རྒྱལ་བ་ཀུན་གྱི་མེས།། རྗེ་བཙན་དམ་པ་ཀུན་ཏུ་བཟང།། རྡོ་རྗེ་འཆང་རྒྱལ་འཇིགས་པའི་སྐྱབས།། ཉམས་པའི་ཆད་པ་བྱུང་བ་ལ། ། མགོན་བཙུན་དེ་ལས་གཞན་མེད་དོ།། དེར་གཞོལ་བ་ནི་མཆོད་པའི་སྤྲིན།། ཀུན་ཏུ་གནས་པས་སྒྲུབ་ཐབས་སོ།། ངང་ཡིས་མི་ལྡོག་དངོས་གྲུབ་པས།། དོན་ཀུན་ཕྱག་རྒྱ་རྫོགས་པ་ཡིན། ། བདེ་ཆེན་ལྷུན་གྱིས་རྫོགས་པ་ཡང།། འདི་དག་ཀུན་གྱི་བླ་མ་སྟེ།། མངོན་སུམ་སངས་རྒྱས་ཡིན་པ་ན།། འདྲ་བར་དང་བའི་མཆོག་བསྐྱེད་དོ།། ངེས་པའི་ལུང་སྟོན་དཔའ་བོ་ཡིས།། ལུང་ཆེན་དེ་དག་ལ་བསྟན་ནས། ། མཁས་པས་ལུང་བཞིན་རྒྱུད་པ་ཡིས།། སྣུམ་པའི་དམ་ཚིག་བསྐང་བ་ཡིན།། ཐུགས་རྗེ་ཐབས་དང་ལྡན་པ་ཡིས།། ཕན་པར་བཞེད་པའི་སྐྱེ་བོ་ལ།། ཆ་ཤས་ཚང་བར་མདོར་བསྡུས་ནས།། འཇུག་པ་ཙམ་ཞིག་སྐབས་འདིར་དབྱེའོ། ། ལུང་དང་མན་ངག་གི་དོན་ཡི་གེ་ཉུང་ཡང་དོན་རྒྱ་ཆེན་བསྡུས་ཏེ། མ་ལུས་འགྲེལ་ཅིང་ཐེག་པ་མཐའ་དག་གི་དོན་བཀོད་པ། བྱང་ཆུབ་ཀྱི་སེམས་བསམ་གཏན་ངེས་པའི་རྒྱལ་པོ། རྗེ་བཙན་དམ་པ་རྫོགས་སོ། །།། བཅོམ་ལྡན་འདས་དཔལ་བདེ་བ་ཆེན་པོའི་སྙིང་པོ་ལ་ཕྱག་འཚལ་ལོ།། བྱང་ཆུབ་སེམས་ནི་ངེས་པ་ལས།། ཡང་དག་སྙིང་པོ་གསལ་བ་ནི།། ཐམས་ཅད་མ་ལུས་གདལ་བ་དང། ། ཀུན་ནས་ཡོངས་སུ་ཟླུམ་པ་ནི།། ཕྱི་དང་ནང་གི་ཆོས་རྣམས་ཀུན།། རྒྱུ་འབྲས་ཁྱད་པར་བརྡལ་བ་ཡང།། བྱ་བྱེད་ཡུལ་ལས་འདས་པ་ཡི།། ཡང་དག་གི་སྙིང་པོ་བདེ་བའི་ཀློང།། བདག་གཞན་ཕྱོགས་ལས་འདས་པའི་ཕྱིར། ། བསྟན་ཅིང་ཐོས་པའི་ཡུལ་མེད་དེ།། ཐ་སྙད་མེད་པའི་བྱང་ཆུབ་སེམས།། སྙིང་པོ་ཡང་དག་ཐིག་ལེ་ཧོ།། སྣང་དང་སྲིད་དང་ཆོས་རྣམས་ཀུན།། ཡང་དག་བཅོས་སུ་མེད་པ་ནི།། དུས་གསུམ་རྟོག་པ་མེད་པའི་ཕྱིར། ། ཀུན་བཟང་ཐིག་ལེ་བདེ་བའི་ཕྱིར།། མ་སྐྱེས་དག་པས་བདེ་བའི་དབྱིངས།། མ་འགགས་གསལ་བའི་བདག་ཉིད་ཀློང།། འདུ་འབྲལ་མེད་པའི་ཐིག་ལེའི་ཀློང།། ངེས་པས་གཞན་དུ་མི་རྩོལ་བའོ། ། མི་འདུ་ཡེ་ནས་དག་པ་ལ། མི་འབྲལ་མངོན་དུ་གསལ་བ་ནི།། ཐམས་ཅད་ཁྱབ་པས་བརྡལ་བ་ཡང།། མི་གཡོ་ངེས་པའི་ཐིག་ལེ་དབྱིངས།། དོན་དམ་བདེན་པའི་ཐིག་ལེ་ནི།། དངོས་པོ་ཕྱོགས་ལས་འདས་པའི་ཕྱིར། ། གཟུང་དུ་མེད་པའི་བྱང་ཆུབ་ལ།། ལྷག་པར་གནས་པར་མི་བྱེད་དོ།། མི་རྟོག་རྟོག་ལས་འདས་པ་ལ།། མི་འགྱུར་གསལ་བར་གནས་པ་ནི།། མ་བཅོས་ཇི་བཞིན་བདེ་བ་སྟེ།། ཀུན་བཟང་ཐིག་ལེ་ཆེན་པོའི་དབྱིངས། ། དུས་གསུམ་སྲིད་གསུམ་སྒོ་གསུམ་པོ།། རྣམ་ཤེས་རྩ་བ་གསུམ་པོ་ཡང།། སྐུ་གསུམ་རང་དབང་ལྷུན་གྲུབ་པས།། མངོན་སུམ་ཐིག་ལེ་བདེ་བའི་དབྱིངས། ཁ་དོག་དབྱིབས་ལ་མི་གནས་ཤིས།། འབྱུང་འཇུག་ཐབས་ལ་གནས་པ་ནི། ། ལས་དང་དུས་ཀྱིས་མི་བཅོས་ཏེ།། ཡང་དག་ཐིག་ལེ་བདེ་བའི་ཀློང།། ཐམས་ཅད་ངང་གིས་དག་པ་ལ།། ཡིད་ཀྱི་རྣམ་ཤེས་འོད་འབར་བ།། དུས་གསུམ་ཕྱི་ནང་མེད་པའི་ཕྱིར།། རང་བྱུང་བདེ་བའི་ཐིག་ལེ་ཡིན། ། སངས་རྒྱས་ཀུན་གྱི་རྒྱལ་པོ་ཡིན།། དེ་ཉིད་ཡིན་པར་ངེས་པའི་ཕྱིར།། སྙིང་པོ་ངེས་པའི་ཐིག་ལེ་ལས།། གཞན་དུ་རྒྱལ་བས་ཆོས་མི་བཙལ།། འདི་ལས་གཞན་པའི་ཆོས་མེད་པས། ། སྨོན་བར་བྱ་བའི་ཡུལ་མེད་དེ།། གང་ཞིག་བློ་ལ་གསལ་བ་ནི།། ཀུན་ཏུ་བཟང་པོའི་འབྲས་བུའི་དོད།། དྲན་པའི་གཞི་དང་བརྟགས་པའི་ལྷ།། མ་ལུས་འདི་ན་རྫོགས་པ་ལ།། གང་གིས་བཅོས་སུ་མེད་པ་ནི། ། བྱང་ཆུབ་ཆེན་པོར་ངེས་པས་ཏིག། ལས་དང་སྡུག་བསྔལ་མང་པོ་ཡིས།། བདེ་བའི་དོན་ལས་ཉམས་པ་ལ།། སྙིང་པོའི་དོན་ལས་འོད་བྱུང་སྟེ།། མངོན་སུམ་ཐིག་ལེ་བདེ་བས་ཆེ།། བགྲོད་དུ་མེད་པའི་ཐིག་ལེ་ནི། ། ཡང་དག་ངེས་པའི་ལམ་དུ་བདེ།། དམིགས་སུ་མེད་པའི་སྙིང་པོ་ནི།། ཇི་བཞིན་གསལ་བས་ཐིག་ལེ་ཆེ།། གཟའ་གཏད་ཕྱོགས་ལས་འདས་པ་ནི།། བསྒོམ་དུ་མེད་པའི་བྱང་ཆུབ་སེམས།། མངོན་སུམ་ཐིག་ལེ་བདེ་བ་ལ། ། བསྒོམས་པས་རྙེད་པར་ག་ལ་འགྱུར།། མ་རིག་དུག་གསུམ་རྨོངས་པ་ཡིས།། རྒྱུ་འབྲས་ཕྱོགས་ལས་འདས་པ་ཡང།། ཡང་དག་ལྟ་བར་བྲལ་བ་ནི།། ཕྱལ་བར་གཞག་པ་མ་ཡིན་ཞིང།། བཀག་སྟེ་ཞི་བས་ནུས་པ་དང། ། གཞིག་སྟེ་སྟོང་པས་སྤོང་བ་དང།། སྟོང་པའི་ཡུལ་ལ་འཛིན་པ་ཡིས།། བསམ་གཏན་ཆད་པའི་མི་གནས་ཏེ།། དག་པས་དག་པ་བཙལ་བའི་ཕྱིར།། ལྷ་ལ་ལྷ་ཡི་དམིགས་པ་ཡང།། འགྱུར་བ་མེད་པའི་ཐིག་ལེ་ལ། ། གཟའ་གཏད་དུ་ཕྱོགས་སུ་མི་གནས་པའོ།། འབྲས་བུས་འབྲས་བུ་རྙེད་འདོད་པས།། ཤེས་རབ་ཐབས་སུ་རོལ་པ་ཡང།། འགྱུར་བ་མེད་པའི་ཐིག་ལ།། རྩོལ་སྒྲུབ་ཕྱོགས་སུ་མི་གནས་པའོ།། ནམ་མཁའ་ནམ་མཁའ་མཐོང་འདོད་པས། ། དབྱིངས་དང་ཡེ་ཤེས་རོལ་པ་ཡང།། གསལ་པའི་ཐིག་ལེའི་ངོ་བོ་ཉིད།། ཐ་སྙད་ཕྱོགས་སུ་མི་གནས་པས།། ཀུན་ཏུ་བཟང་མོའི་མཁའ་དབྱིངས་ལས།། ཀུན་བཟང་རོལ་པའི་བྱེད་པ་པོས། ། སངས་རྒྱས་དཀྱིལ་འཁོར་མ་ལུས་པ།། བྱ་བ་མེད་པར་གསལ་བ་པོ།། མ་སྐྱེས་ཆོས་ཉིད་ཐིག་ལེ་ནི།། མ་འགགས་དབྱིངས་ཀྱི་ཐིག་ལེར་བདེ།། མངོན་པར་དག་པའི་ཐིག་ལེ་ནི།། གསལ་བས་ཡེ་ཤེས་ཐིག་ལེར་བདེ། ། རོལ་པ་ཀུན་བཟང་ཐིག་ལེ་ནི།། མི་རྩོལ་ལྷུན་གྱིས་གྲུབ་པས་བདེ།། ཐིག་ལེ་དྲུག་གི་མཁའ་ཀློང་ན།། ཐིག་ལེ་དགུ་ཡི་འོད་གསལ་ཞིང།། ཐིག་ཕྲན་སུམ་ཅུ་རྩ་དྲུག་གིས།། ཐམས་ཅད་གསལ་བར་བཀྲ་བ་ཡང། ། དུས་གསུམ་འགྱུར་བ་མེད་པའི་དབྱིངས།། མན་ངག་རྒྱལ་པོ་དགོངས་པ་སྟེ།། མངོན་སུམ་སངས་རྒྱས་ཆེ་བའི་གཟེར།། བདག་ཉིད་ཆེ་བས་བཏབ་པའོ།། ཆོས་ཉིད་གཞན་ན་མེད་པའི་གཟེར། ། བྱང་ཆུབ་སེམས་ཀྱིས་བཏབ་བའོ།། དུས་གསུམ་འབད་རྩོལ་མེད་པའི་གཟེར།། ལྷུན་གྱིས་གྲུབ་པས་བཏབ་པའོ།། ཆེ་བ་ལྔ་ཡི་མཛོད་བརྟོལ་ནས།། སྦས་པ་གསུམ་གྱི་གཏེར་རྙེད་ནས།། མངོན་སུམ་རང་དབང་ཐོབ་པ་ཡིས། ། ཐམས་ཅད་ཟིལ་གྱིས་གནོན་པ་ཡང།། གཟེར་བུ་ཉི་ཤུ་རྩ་ལྔ་སྟེ།། མི་འགྱུར་མངོན་དུ་ཤར་བ་ཡང།། ཀུན་ལ་ཁྱབ་ཅིང་ཐམས་ཅད་སྣུམ།། ངོ་བོ་ཉིད་ནི་དབྱེར་མེད་ཀྱང།། འཁྲུལ་པ་རྣམས་ལ་མི་སྣང་བས། ། ཡང་གསང་ཐུགས་ཀྱི་གཏེར་ཆེན་འདི།། ཕལ་ལ་སྤྲོ་བར་མ་གསུངས་སོ།། བྱང་ཆུབ་ཀྱི་སེམས་མི་འགྱུར་བའི་ཐིག་ལེ་ཏིག་རྫོགས་སོ།།།།@#། ། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། ། ནམ་མཁའི་རྒྱལ་པོ་ཡེ་ཤེས་ཆོས་ཀྱི་སྐུ།། སེམས་ཉིད་ཆོས་སུ་འགྱུར་བས་བདེ་བ་སྟེ།། ཆོས་ཉིད་བསམ་དུ་མེད་པས་ནམ་མཁའ་ཆེ།། ནམ་མཁའ་བསམ་དུ་མེད་པས་རྒྱལ་བའི་བདག། བསམ་དུ་མེད་པའི་ནམ་མཁའ་དེ་ཉིད་ལས།། མི་དམིགས་རྒྱལ་བའི་དགོངས་པ་རང་ལ་ཤར།། ནམ་མཁའ་མཚན་ཉིད་ཀུན་ལས་འདས་པ་ནི།། ནམ་མཁའ་ལ་ཡང་ནམ་མཁའ་བརྗོད་དུ་མེད།། ནམ་མཁའ་དེ་ཉིད་བསྒོམ་དུ་མེད་པ་ནི། ། མི་བརྗོད་བསམ་དུ་མེད་པ་བསྒོམ་པ་སྟེ།། བརྗོད་དང་བསམ་པ་ཀུན་ལས་འདས་པ་ནི།། དུས་གསུམ་རྒྱལ་བའི་དགོངས་པ་དེ་ཉིད་ཡིན།། ནམ་མཁའ་ལུས་མེད་ནམ་མཁའ་སེམས་དང་བྲལ། ། མཉམ་དང་མི་མཉམ་ནམ་མཁར་བརྗོད་ལས་འདས།། ནམ་མཁའ་མེད་པས་ནམ་མཁའ་ཁྱབ་པའང་མེད།། དེ་ཉིད་མཚན་མ་འདི་ཞེས་མི་ནུས་སོ།། ཚིག་མེད་ཀུན་ཁྱབ་བརྗོད་པའི་སྒྲ་དང་བྲལ།། དགེ་སྡིག་དབུས་མཐའ་སྙིང་པོ་ག་ལ་ཡོད། ། ཡུལ་དང་དབང་པོའི་སྤྱོད་ཡུལ་མེད་པ་ལ།། རྒྱུ་འབྲས་སྒྱུ་མའི་སྤྱོད་པས་རང་རིག་འཁྲུལ།། ཚིག་མེད་ཚིག་ཕྱིར་འབྲང་བའི་དོན་མེད་པས།། གང་དག་སྒྱུ་མའི་འགྲོ་དོན་སྤྱོད་པ་ཡང། ། ཆ་ཤས་རིམ་པར་རྟོགས་པ་སྐྱེད་པ་ནི།། འོག་ནས་གོང་དུ་རྩོལ་བ་གཡང་ས་ཆེ།། ཚིག་བྲལ་དེ་ལ་རྟག་དང་ཆད་མེད་པས།། ཏིང་འཛིན་ཆེ་བའི་ལུང་སྟེ་ངེས་པའི་དོན།། མ་སྐྱེས་མི་འགག་ཡེ་ནས་མཉམ་པ་ལ། ། མཚོན་དུ་མེད་པའི་ཐིག་ལེ་རྒྱལ་བའི་ཐུགས།། དེ་ལ་མཚོན་ཕྱིར་རྒྱལ་བས་གང་གསུངས་པ།། མཚོན་ཅིང་རྟོགས་པར་བྱེད་པ་དེ་ཉིད་ཀྱང།། ཚད་མར་གཟུང་ཞིང་རྟོགས་པ་སྐྱེ་མོད་ཀྱང།། དེ་བས་མཚོན་མེད་སེམས་ནི་རྒྱུད་ཁ་འཁོར། ། ཏིང་འཛིན་བདེ་བའི་རོལ་ཆགས་པ་ཡང།། ཡོད་མེད་རྒྱུ་ལ་མི་ལྟོས་ཆོས་ཉིད་ནི།། ཞི་བའི་གནས་ལ་མྱ་ངན་མི་འདའ་ཞིང།། སྤྱོད་ཡུལ་སྣང་བ་འགེགས་པ་གཡང་ས་ཆེ།། རང་སེམས་མ་བཅོས་ཡེ་ནས་ཆོས་ཉིད་ལ། ། ཏིང་འཛིན་སྒྱུ་མའི་སྦྱོང་བ་རྩོལ་བའི་གནད།། རང་བྱུང་ཡེ་ཤེས་དབང་ལ་མི་བརྟེན་པས།། རེ་ཞིང་དོགས་པའི་མཚན་མ་རྣམ་པར་ཞི།། ནམ་མཁའི་མཐའ་ལྟར་ཀུན་ལ་ཁྱབ་པ་ན།། བྱང་ཆུབ་ལྟ་བའི་ཡོན་ཏན་དེ་ཉིད་དེ། ། མཐོང་ཐོས་ཕྱོགས་ལས་འདས་པའི་ནམ་མཁའ་ནི།། ཞི་བའི་གནས་ལ་རྟག་ཆད་ཡེ་ནས་མེད།། ཀུན་ལ་ཁྱབ་པས་རྟག་པའི་ངོ་བོར་བྲལ།། གཅིག་པས་དབྱེར་མེད་ཐ་སྙད་ཆད་པ་མེད། ། སྐྱེ་འཇིག་མེད་ཕྱིར་རྟག་མཐའ་ཡེ་ནས་མེད།། སྐུ་གསུམ་ཐུགས་ལས་འདས་བས་ཆེ་བའི་མཆོག། ཐ་ཚིགས་ཡུལ་ལས་འདས་པས་ཉམས་པ་མེད།། སྔགས་དང་ཕྱག་རྒྱ་བྲལ་བས་འགྱུར་བ་མེད། ། སྒོ་ཕུགས་ཡངས་དོག་མེད་པས་རྒྱ་ཆེན་ནང་པ་ཉིད།། ཕྱི་ནང་ཀུན་ལས་འདས་པས་གསང་བའི་སྙིང་པོ་ཉིད།། བདེ་དང་སྡུག་བསྔལ་མེད་པས་མཉམ་པའི་སྙིང་པོ་ཉིད།། འབྱུང་འཇུག་འཇིགས་པ་མེད་པས་ཡངས་ནས་ཀློང། ། འདུ་འབྲས་དུས་ལས་འདས་པས་ཡངས་དོག་སྦྱིན་པའི་གཟུངས།། སེམས་ཉིད་ཆོས་ཀྱི་དབྱིངས་པས་ཐམས་ཅད་ནམ་མཁའི་སྐུ།། རྣམ་རྟོག་གྲངས་ལས་འདས་པས་ཡེ་ཤེས་ཆེན་པོའི་ཞལ། ། གདོད་ནས་ཞི་བས་འོད་གསལ་ལྷུན་གྱིས་གྲུབ་པ་ལ།། སྙིང་པོ་བྱང་ཆུབ་དོན་ལ་ཅིས་ཀྱང་བཅོས་སུ་མེད།། འགྱུར་མེད་ཆགས་པའི་ཡུལ་ལས་འདས་པ་ལ།། སངས་རྒྱས་ཡེ་ཤེས་ངོ་བོར་མཚོན་དུ་མེད། ། འབྱུང་འཇུག་མེད་པས་དབང་པོ་ཡུལ་ལས་འདས།། མཚན་མ་འཇིལ་བའི་སྐུ་ནི་མི་གནས་ཡེ་ནས་དག། བཟའ་བའི་ཡུལ་མེད་བཙལ་བའི་དབང་པོས་སྟོང།། ཐམས་ཅད་རོ་གཅིག་དབྱེར་མེད་བདེ་བའི་དབྱིངས། ། དུས་གསུམ་མཉམ་པ་ཉིད་ལ་འབྱུང་འཇུག་མེད།། མི་ལེན་འཛིན་དང་ཡེ་ནས་བྲལ་བ་ལ།། ཀུན་གྱི་བདག་ཉིད་དུས་གསུམ་དབྱིངས་མི་གཡོ།། ཀུན་ནས་ཕྱོགས་ཆ་མེད་པར་གནས་པ་ནི།། དུས་གསུམ་བདག་ཉིད་རྡོ་རྗེ་སེམས་དཔའ་ཆེ། ། ལྟ་བ་འདི་མེད་སྤྱོད་པ་སྒྱུ་མས་བཅིངས།། ཕྱིན་ཅི་ལོག་དང་མ་ལོག་བྱང་ཆུབ་སྟེ།། རྣམ་རྟོག་གཉིས་ཀྱི་མཐའ་ལས་འདས་པ་ནི།། བསམ་དང་བྲལ་བའི་བྱང་ཆུབ་སེམས་ཆེན་པོ། ། ནམ་མཁའ་ལྟ་བུའི་བྱང་ཆུབ་སེམས་ཉིད་ནི།། ཡོད་མེད་དབུ་མར་མི་དམིགས་བརྗོད་དུ་མེད།། ནམ་མཁའ་ཙམ་དུའང་བརྗོད་དུ་མེད་པ་ལ།། ཚིག་དང་ནམ་མཁའ་སུ་ཡིས་ཚིག་ཏུ་བརྗོད།། སེམས་དང་ཚིག་ལས་འདས་པའི་སྦྱོར་བ་ནི། ། མངོན་སུམ་མི་གནས་ཡེ་ནས་སྟོང་པས་དབེན།། ཡེ་ཤེས་དེ་ཉིད་ཀུན་ཏུ་གསལ་བ་ན།། ཐམས་ཅད་རྣམ་པར་དག་པར་གཅིག་པའི་ཕྱིར།། ལས་དང་མཚན་ཉིད་སོ་སོར་མ་ངེས་པས། ། གཅིག་དང་དུ་མའི་མཐའ་ལས་འདས་པའོ།། ཆོས་ཀྱི་དབྱིངས་ཉིད་ཡུལ་ལས་འདས་མོད་ཀྱང།། འཛིན་པ་མེད་པའི་མཚན་ཉིད་ཀུན་ལ་བཀྲ།། གཟུགས་ཀྱི་མཚན་ཉིད་ཡེ་ནས་མཐོང་བ་གང།། རྟོག་པའི་མཚན་ཉིད་མེད་ན་དམིགས་པ་གང། ། གཞའ་ཚོན་སྒྱུ་མས་འཕགས་པའི་སྐུ་བསྐྱེད་དེ།། བསྟི་གནས་སྒྱུ་མས་རེ་བའི་རྩོལ་བ་ཡང།། རྣམ་དག་ལམ་ཆེན་ལྷུན་གྱིས་གྲུབ་པ་ལ།། བསོད་ནམས་མེད་ཀྱང་འགྲུབ་ཅེས་རྒྱལ་བས་གསུངས། ། ཆོས་ཀྱི་དབྱིངས་ནི་མི་བསྐྱོད་གནས་ཆེ་བ།། ཀུན་ལ་ཁྱབ་པས་སྒྲ་མེད་ཚིག་ལས་འདས།། སྤྲུལ་པ་མང་པོ་རྒྱ་མཚོའི་ཚོགས་ཆེན་གྱིས།། བྱ་མེད་དོན་ལས་རྡུལ་ཙམ་བསྐྱོད་མི་ནུས།། ཞི་ལ་ཕྲ་སྟེ་མངོན་དུ་རྙེད་པ་དཀའ་འོ། ། སྡུག་བསྔལ་བདེ་བ་ཆེན་པོར་གནས།། ཞེས་གསུངས་སོ།། ནམ་མཁའི་མཐའ་དང་མཉམ་པའི་རྒྱུད་ཆེན་པོ་ལས། ཤེས་བྱ་ཐབས་ཀྱིས་གཏན་ལ་ཕབ་པས་ནམ་མཁར་ཐིམ་པའི་ལེའུ་སྟེ་སུམ་ཅུ་ལྔ་པའོ། །།། དེ་ནས་ཡང་སེམས་དཔའ་རྡོ་རྗེ་ལ། རང་སྣང་རིག་པའི་འཁོར་གྱིས་འདི་སྐད་ཅེས་གསོལ་ཏོ།། རྒྱལ་བ་ཀུན་གྱིས་གསང་བའི་བདག། བྱང་ཆུབ་སྙིང་པོ་ཇི་བཞིན་གསལ།། ཚིག་ལ་དབང་སྒྱུར་གསང་བའི་མཛོད། ། མགོན་པོ་ཁྱོད་ལ་གསོལ་བ་ནི།། གཉིས་མེད་གཅིག་ནི་ཇི་ལྟར་ལྟར།། མཚན་མའི་ཐ་སྙད་ཇི་ལྟར་བྲལ།། རིག་པའི་གདེང་ཞེས་གང་ལ་བགྱི།། ལེགས་པར་བདག་ལ་བཤད་དུ་གསོལ།། ཞེས་གསོལ་ཏོ། ། དེ་ནས་སེམས་དཔའ་རྡོ་རྗེ་དམ་པ་དེས་འདི་སྐད་ཅེས་བཀའ་སྩལ་ཏོ།། འདུས་པའི་ཚོགས་ཆེན་ད་ཉོན་ཅིག། བྱང་ཆུབ་སྙིང་པོའི་རང་བཞིན་དུ།། མི་མཐུན་གཉེན་པོའི་ཆོས་མེད་དེ།། རང་ལ་རང་སྣང་དེ་ཁྱད་མེད། ། རང་སྣང་རིག་པའི་འཁོར་ལོ་ལ།། མ་ལུས་རྫོགས་པའི་ངོ་བོ་བས།། རྣམ་པའི་ཁྱད་པར་ཅི་ཡང་སྣང།། གཉིས་མེད་རིག་པ་གཅིག་ཏུ་གནས།། རང་བཞིན་གཉིས་མེད་ཉིད་དུ་བཤད།། ཐམས་ཅད་རང་བྱུང་སྙིང་པོ་ཉིད། ། རོལ་པ་མ་འདྲེས་ལྷུན་གྲུབ་པ།། ཇི་བཞིན་དོན་དུ་དབྱེར་མེད་ཀྱང།། ཐབས་དང་བརྒྱུད་པའི་མན་ངག་གིས།། སྣོད་དང་ལྡན་པའི་སྐྱེས་བུ་ལ།། མངོན་སུམ་རིག་པའི་ཚད་མས་བསྟན།། ཕྱོགས་རིས་མེད་པའི་ངོ་བོར་གསལ། ། སྙིང་པོ་རིག་པའི་ཀློང་དུ་གསལ།། རྟོགས་པ་གཉིས་སུ་མེད་པ་ཡིན།། ཇི་སྙེད་ཆོས་རྣམས་ཐམས་ཅད་ཀུན།། རེ་དོགས་ཆད་པར་རང་གསལ་བས།། དྲན་རྟོགས་སྣང་གྲགས་མ་ལུས་པ། ། ཏིང་འཛིན་ཡན་ལག་རྒྱ་མཚོར་གསལ།། མཁའ་ལ་རོལ་པ་རྒྱན་སྣང་ལྟར།། རེ་དོགས་ཕྱོགས་རིས་ཡོངས་ཀྱི་མེད།། གོམས་པ་གཉིས་སུ་མེད་པ་ཡིན།། མ་ལུས་རྫོགས་པའི་སྙིང་པོ་ཉིད།། ཆོས་ཀུན་ངོ་བོར་རང་ཤར་བས། ། མ་ལུས་ཡེ་ཤེས་ཀློང་བརྡལ་བས།། ཐམས་ཅད་མཐར་ཕྱིན་ཡེ་ཤེས་ཉིད།། དངོས་པོ་ཐིག་ལེར་གསལ་བ་ལ།། འཕྲོ་འདུ་ཕྱོགས་རིས་མེད་པས་ཏེ།། ཡེ་ཤེས་རྒྱ་མཚོ་མཐར་ཐུག་མེད། ། གདོད་ནས་ཐིག་ལེའི་ངོ་བོ་ལ།། ཇི་སྙེད་ཐམས་ཅད་ཀུན་འདུས་པས།། ཕྱི་ནང་རྒྱུ་འབྲས་གཟུང་འཛིན་དང།། ཟིན་ཆགས་རྩོལ་སྒྲུབ་ལ་སོགས་པའི།། སྣ་གྲངས་པ་ཡི་ཆོས་རྣམས་ཀུན།། ངོ་བོ་རྟོགས་དང་གོམས་པ་དང། ། མཐར་ཕྱིན་གཉིས་མེད་རང་བཞིན་ནོ།། ཇི་སྙེད་རང་རང་ཐ་མལ་པའི།། ཕྱི་ནང་ཇི་སྙེད་གནས་པ་ནི།། སྐྱེ་མཆེད་དྲུག་སྟེ་ལྷ་མོར་བརྟག། དངོས་པོ་གཅིག་ལ་གང་རྫོགས་པ།། ཐ་མལ་ཞེན་པ་བཟློག་ཕྱིར་ཏེ། ། དཀྱིལ་འཁོར་དྲུག་པོའི་རང་བཞིན་གྱིས།། རང་སེམས་མ་སྐྱེས་ངང་དུ་བསྟན།། དེ་ཉིད་བདེ་བ་ཆེན་པོ་སྟེ།། རང་རྒྱུད་རྒྱུ་འབྲས་ལྟོས་པ་དང།། ཕྱི་ནང་མཚན་མའི་ཡུལ་ལས་འདས།། མཉམ་པའི་དོན་གྱི་སྙིང་པོ་ལ། ། རེ་དོགས་མཚན་མའི་ཡུལ་ལས་འདས།། དུས་ངན་ལས་ཀྱི་སྙིགས་མ་ལ།། ཚིག་གི་གདེང་ལ་ཞེན་པ་དང།། མཚན་མའི་དོན་ལ་རྟོག་པ་དང།། འདོད་པ་ལྔ་ལ་མཚན་མ་ཡིས།། བསྒྱུར་ཏེ་བདེ་བར་ཞེན་པ་ཡིས། ། མ་བཅོས་སྙིང་མའི་དོན་བོར་ནས།། མཚན་མའི་དགའ་བདེ་གཙོར་གཟུང་ནས།། རྡོ་ལ་གསེར་དུ་ཞེན་པ་ལྟར།། རང་རྟགས་ལོག་པའི་རྣལ་འབྱོར་གྱིས།། བསྐལ་བ་ནམ་མཁའི་མཐའ་གཏུགས་པར། ། བསྒོམས་ཀྱང་འབྲས་བུ་མི་འབྱུང་སྟེ།། བདེ་བ་ཆེན་པོ་འདོན་དང་བྲལ།། ཐོག་མ་མེད་པའི་ཞེན་པ་དག། ཐུན་མོང་ཐུན་མོང་མ་ཡིན་པའི།། ཇི་ནང་ཇི་སྙེད་གནས་པ་རྣམས།། གནས་སྐབས་ཡུལ་ལ་གཅིག་ཏུ་རྫོགས། ། རྟགས་པས་ཡུལ་ཤེས་ཀུན་བྲལ་བའི།། སྟོང་ཉིད་འོད་གསལ་མངོན་དུ་མཐོང།། དེ་ལས་བྱུང་བའི་རོལ་པ་ནི།། རྒྱ་མཚོ་ཆུ་ཡི་རི་མོ་ལྟར།། སྐད་ཅིག་ཙམ་གྱིས་གསལ་གྱུར་ཏེ།། ཐམས་ཅད་རེ་དོགས་མེད་པར་ཤེས། ། མ་བཅོས་དོན་གྱི་གདེང་ཡིན་ཏེ།། སྐལ་ལྡན་རྣམས་ཀྱིས་ཤེས་པར་བྱ།། ཇི་སྙེད་སངས་རྒྱས་ཐམས་ཅད་ཀྱིས།། སྐུ་གསུང་ཐུགས་ཀྱི་བདུད་རྩིའི་རྒྱུན།། རྒྱལ་བ་རྒྱ་མཚོ་རྟོགས་པའི་དོན།། ཐུགས་རྗེ་བྱིན་རླབས་དགོངས་པ་ཡིས། ། རྒྱལ་སྲས་གསང་བའི་རྣལ་འབྱོར་ལ།། ཐབས་དང་རིག་པའི་མངོན་སུམ་མམ།། རྣ་བརྒྱུད་འབྲེལ་བས་མངོན་སྟོན་པ།། རྒྱུད་པ་ཐབས་ཀྱི་གདེང་དུ་བཤད།། མ་བཅོས་དོན་གྱི་གདེང་མེད་པར། ། རང་རང་ཞེན་པའི་རྟོགས་སྤྱོད་ཀྱིས།། རང་ལྟ་ཡ་རབས་མཐོར་སྟོན་ནས།། འདོད་ལྔའི་ཆོས་ལ་བབ་ཆོལ་སྤྱོད།། ཀུན་ཀྱང་ལོག་པའི་དོན་བལྟས་ནས།། རྡོ་རྗེའི་ཁབ་ཏུ་ལྟུང་བར་འགྱུར།། ཞེས་གསུངས་སོ། ། ནམ་མཁའི་མཐའ་དང་མཉམ་པའི་རྒྱུད་ཆེན་པོ་ལས།། རིག་པ་རང་གསལ་དོན་གྱིས་བཤད་པའི་ལེའུ་སྟེ་སུམ་ཅུ་དྲུག་པའོ།།།། དེ་ནས་ཡང་སེམས་དཔའ་རྡོ་རྗེ་ལ།། རང་སྣང་རིག་པའི་འཁོར་གྱིས་འདི་སྐད་ཅེས་གསོལ་ཏོ། ། ཀྱེ་མའོ་སངས་རྒྱས་ཐམས་ཅད་ཀྱི།། རང་སྣང་བྱིན་རླབས་ཡ་མཚན་ཆེ།། སྣ་ཚོགས་གཉིས་མེད་གནས་པ་ལ།། འཁྲུལ་རྟོག་སྣ་ཚོགས་རྐྱེན་གྱིས་བསླད།། གང་ཕྱིར་བསྒྲིབས་དང་འཁྲུལ་པ་སྟེ། ། དེ་དག་ཐབས་དང་རྣལ་འབྱོར་གང།། ཁྱད་པར་ཇི་ལྟར་རྟོགས་པ་ཡིས།། མ་བཅོས་དོན་ལ་ཇི་ལྟར་འཇུག། འདི་དག་ལེགས་པར་བཤད་དུ་གསོལ།། ཞེས་གསོལ་ཏོ།། དེ་ནས་སེམས་དཔའ་རྡོ་རྗེ་དམ་པ་དེས་འདི་སྐད་ཅེས་བཀའ་སྩལ་ཏོ། ། འདུས་པའི་ཚོགས་ཆེན་ད་ཉོན་ཅིག། ཆོས་རྣམས་ཀུན་གྱི་རང་བཞིན་ཉིད།། མ་ལུས་ཀུན་འདུས་སྙིང་པོ་སྟེ།། གཅིག་ཉིད་ཀུན་གྱི་རང་བཞིན་པས།། ལྷག་མ་མེད་པར་ཡོངས་སུ་རྫོགས། ། དེ་ཡང་རང་རྐྱེན་བཟློག་ས་དང།། རྣ་བརྒྱུད་བདུད་རྩི་དོན་བྲལ་བས།། ཕྱོགས་འཛིན་ལོག་པའི་འདུ་ཤེས་ཀྱིས།། མ་བཅོས་སྙིང་པོ་བསྒྲུབས་ཤིང་འཁྲུལ།། ལྟ་སྤྱོད་ལོག་པའི་ང་རྒྱལ་གྱིས།། བསྐལ་པ་བྱེ་བ་བརྒྱ་ཕྲག་ཏུ། ། ལོང་བས་ལམ་དུ་ཞུགས་པ་ལྟར།། འདོད་པའི་དོན་དང་འཕྲད་མི་འགྱུར།། མ་བཅོས་རྟོགས་པའི་དོན་མེད་ན།། ཐུན་མོང་རྟོག་སྤྱོད་བསམ་གཏན་དང།། ལྷ་དང་བདེ་བའི་ཏིང་འཛིན་གྱིས།། མ་བཅོས་རྟོགས་པར་མི་འགྱུར་ཏེ། ། འཁོར་བར་ཉིད་དུ་ལྟུང་བར་འགྱུར།། ཇི་ལྟར་ཆུ་རླབས་འཁྲིག་པ་དག། རྐྱེན་གྱིས་གང་ལྟར་ཤར་བ་ཉིད།། སྣ་ཚོགས་ཆུ་ཡི་རང་བཞིན་ལྟར།། བཅོས་མའི་དོན་ཀྱང་དེ་བཞིན་ནོ།། འཇིག་རྟེན་ལོག་པ་ལ་སོགས་པའི། ། ཐེག་པ་སྣ་ཚོགས་བསམ་གཏན་དག། རང་རང་ཚུལ་གྱིས་གོམས་བྱས་ཏེ།། རིག་པ་ཕྱོགས་རིས་མེད་པར་བསྟན།། འདིས་ནི་ནམ་མཁའི་མཐའ་ཐུག་པ།། རྡོ་རྗེ་འོད་གསལ་ཉིད་དུ་འགྱུར། ། མི་རྟག་ཕྱི་ནང་ཐམས་ཅད་དང།། སྡུག་བསྔལ་ན་བའི་རྒྱུན་ལ་སོགས།། ཕྱི་ནང་བདག་མེད་སྟོང་པའི་སེམས།། སོ་སོའི་ཆ་ཤས་དམིགས་བྲལ་བས།། འཇིག་རྟེན་ཞེན་པ་དུས་གཅིག་ཟློག། དམན་པས་མི་གཙང་རྣལ་འབྱོར་དང། ། སྲོག་དང་རླུང་གིས་བརྟག་པ་དང།། བདག་ཉིད་དམིགས་པ་བསྒོམས་པ་ཡིས།། རིམ་པས་འགོག་པའི་དཀའ་ཐུབ་ཡིས།། འཕགས་པའི་ལམ་ལ་སྦྱོར་བ་བྱེད།། ཡིད་བརྟན་འཛིན་པ་བཟློག་པ་དང། ། ཞེན་པ་སྤང་ཕྱིར་བསྟན་པ་ཉིད།། སྲིད་པའི་འཁོར་ལོ་ཐོག་མཐའ་མེད།། དེ་ཉིད་རྟེན་ཅིང་འབྲེལ་འབྱུང་སྟེ།། འཁོར་ལོ་རིམ་གསུམ་སྙིང་པོ་མེད།། འབྱུང་དང་རྟོག་དང་མ་རིག་འགོག། འགོག་པའི་སྟོང་པ་མངོན་དུ་བྱེད། ། རྐྱེན་གྱིས་ཕྱི་ནང་རྟོགས་གོམས་ནས།། ཟག་པ་ཟད་པས་ཆོ་འཕྲུལ་འགྲུབ།། ཕྱི་ནང་མ་ལུས་ཐམས་ཅད་ཀུན།། ཀུན་རྫོགས་ནུས་པའི་ཁྱད་པར་ཉིད།། ཆ་ཤས་བྲལ་བའི་ནམ་མཁའ་སྟེ། ། ཕྱི་ནང་བར་དུ་མངོན་བརྟགས་པས།། ནམ་མཁའི་རྣལ་འབྱོར་གྲུབ་པ་ཡིས།། ལྟ་སྤྱོད་གོམས་པའི་ལམ་གྱིས་ཚོལ། ཁ་ཅིག་རིག་པའི་རང་བཞིན་ཉིད།། རང་སྣང་མི་སྣང་འདུ་ཤེས་མེད།། བློ་ཡི་སྦྱོར་བ་ཟད་པ་ཡི། ། དག་པའི་ཉམས་མྱོང་སྙིང་པོར་འདོད། ཁ་ཅིག་སྒྱུ་མ་བྲག་ཆ་ལྟར།། སྒོ་གསུམ་གོམས་པའི་རང་བཞིན་གྱིས།། མ་ལུས་ཀུན་ཀྱང་དེ་བཞིན་ཏེ།། འབྲས་བུ་ཡེ་ཤེས་སྒྱུ་མར་གསལ།། བདེན་དང་བརྫུན་པའི་མཐའ་ཆོད་ནས། ། རིག་པ་སྤྲོས་བྲལ་མི་གནས་པ།། གང་ཡང་མི་གནས་པ་ཡི་དོན།། མ་སྐྱེས་སྟོང་པའི་རང་བཞིན་ནོ།། ཐ་མལ་སྒོ་གསུམ་བསྒྱུར་བའི་ཕྱིར།། རིགས་གསུམ་དཀྱིལ་འཁོར་སྐུ་གསུང་ཐུགས།། ཐ་མལ་འཇོམས་བྱེད་རྡོ་རྗེ་སྟེ། ། བདག་དང་གཞན་ཕན་དེ་བཞིན་གཤེགས།། དཔལ་ལྡན་སྐྱོན་བྲལ་པདྨའི་མཆོག། མ་ལུས་རིགས་གསུམ་གོམས་པ་ཡིས།། རང་འདོད་འབྲས་བུ་མཐར་ཕྱིན་ཐོབ།། གང་དུ་གཉིས་ཀའི་མཐར་འཛིན་པ། ། དེ་ཁོ་ན་ཉིད་གཞི་དག་གིས།། སྣང་སྲིད་གོམས་པའི་དབང་ཐོབ་སྟེ།། སྐུ་དང་གསུང་ཐུགས་བཟླས་བརྗོད་ཀྱིས།། གཙང་མའི་རིགས་འཛིན་གྲལ་ཐོབ་ནས།། རྡོ་རྗེ་འཛིན་པའི་ལྟུང་བ་དང།། རྩོལ་བའི་ཆུ་བོས་གཡེངས་པ་ཡི། ། རེ་དོགས་འཛིན་པ་དག་མི་འགྱུར།། ཞེས་གསུངས་སོ།། ནམ་མཁའི་མཐའ་དང་མཉམ་པའི་རྒྱུད་ཆེན་པོ་ལས། བཅོས་མའི་དབང་བཤད་པའི་ལེའུ་སྟེ་སུམ་ཅུ་བདུན་པའོ།།།། དེ་ནས་ཡང་སེམས་དཔའ་རྡོ་རྗེ་དམ་པ་ལ། ། རང་སྣང་རིག་པའི་འཁོར་ཚོགས་ཀྱིས་འདི་སྐད་ཅེས་གསོལ་ཏོ།། དུས་གསུམ་རྒྱལ་བ་ཐམས་ཅད་ཀྱི།། རང་བྱུང་ཕུན་སུམ་ཚོགས་པའི་བདག། རང་གསལ་རོལ་པ་ཀུན་ལ་གསལ། ། བསྟན་པ་མ་ལུས་འབྱུང་བའི་གཞི།། མགོན་པོ་ཁྱོད་ལ་གསོལ་བ་ནི།། ཕུན་སུམ་ཚོགས་པ་གང་ལས་བྱུང།། ངོ་བོ་དགོས་པ་ཅི་ལས་གྱུར།། དེ་ཉིད་རྟོགས་པ་ཇི་ལྟ་བུ།། སྐྱེས་བུ་ཆེན་པོས་བཤད་དུ་གསོལ། ། དེ་ནས་སེམས་དཔའ་རྡོ་རྗེས་འདི་སྐད་ཅེས་བཀའ་སྩལ་ཏོ།། རང་བྱུང་ཡེ་ཤེས་བྱང་ཆུབ་སེམས།། ཇི་སྙེད་ཕུན་སུམ་ཚོགས་པ་དང།། སྐུ་དང་གསུང་ཐུགས་ཞིང་ཁམས་དང།། ཆེ་བའི་མཛད་པ་མ་ལུས་པ། ། ཀུན་རྫོགས་ཡིད་བཞིན་ནོར་བུ་སྟེ།། འཕེལ་འགྲིབ་མེད་པའི་རིན་ཆེན་དབྱིག། བསྟན་པའི་ཐེག་པ་མ་ལུས་པ།། མ་ལུས་འཆར་གཞི་སྙིང་པོ་ཉིད།། རང་བྱུང་སྙིང་པོ་སྟོང་པའི་ལུང།། རྩ་བ་བྲལ་བའི་ཡན་ལག་ལྟར། ། མ་ལུས་ཀུན་གྱི་ངོ་བོ་ཡིན།། ལུང་དང་རིག་པའི་ཚད་མ་ཡིས།། ཀུན་གྱི་སྙིང་པོ་འདི་རྟོགས་ན།། ཕུན་སུམ་ཚོགས་པ་མ་ལུས་པ།། རིག་པ་གཅིག་ཏུ་གཏན་ལ་ཕེབས།། གཞི་རྩ་མེད་པའི་སྙིང་པོ་ཉིད།། མ་བཅོས་རོལ་པ་བདེ་བ་ཉིད། ། རང་ཉིད་ཐུགས་རྗེ་ངོ་བོ་ཉིད།། སྐུ་གསུམ་ཕུན་སུམ་ཚོགས་པ་སྟེ།། ངོ་བོ་རང་བྱུང་ཡེ་ཤེས་ཉིད།། འདོད་པའི་དོན་སྣང་དངོས་པོ་མེད།། གནས་དང་སྟོན་པ་འཁོར་དང་དུས། ། སྡུད་དང་བསྟན་པ་རང་བཞིན་ཉིད།། སྐུ་གསུམ་སོ་སོར་དབྱེ་བ་སྟེ།། དེ་དག་ཆེ་ཆུང་ཁྱད་པར་གྱིས།། རང་རང་སོ་སོར་ཕྱེ་བ་ཡིས།། ཐེག་པའི་རིམ་པར་སྣང་བ་ནི།། དེར་ཡང་ཕུན་སུམ་ཚོགས་པ་སྟེ།། ནམ་མཁའི་དབྱིངས་ཀྱི་མཐའ་ཀླས་པར། ། ཕུན་སུམ་ཚོགས་པ་གང་བ་སྟེ།། རང་བྱུང་སྙིང་པོ་ཐོག་མཐའ་མེད།། སངས་རྒྱས་ཀུན་གྱི་རང་བཞིན་ཉིད།། ཐོག་མ་ཐ་མའི་དུས་མེད་པར།། གདུལ་བྱ་སྤྲོ་བ་བསྐྱེད་པའི་ཕྱིར། ། ཕུན་སུམ་ཚོགས་པ་ཉིད་དུ་གནས།། གདུལ་བྱ་ལས་ཀྱི་ཁྱད་པར་གྱིས།། རིམ་པ་དག་ཏུ་གང་སྣང་ཡང།། ནམ་མཁའི་རྒྱན་ལྟར་གནས་པ་ཡིན།། འདི་དག་དབང་པོའི་ཁྱད་པར་ལྟར།། རང་བྱུང་བྱིན་གྱིས་བརླབས་ཤུགས་དང། ། དབང་པོ་རབ་འབྲིང་ཁྱད་པར་དང།། གདུལ་བྱའི་ནུས་པ་མ་སྟོབས་ཐབས་དང།། རང་བྱུང་རོལ་པའི་རང་སྣང་བ།། ཕྱེ་བའི་ཁྱད་པར་བསྟན་ཕྱིར་ཡིན།། ཕྱོགས་བཅུ་ནམ་མཁའི་མཐའ་ཀླས་པའི། ། གདུལ་བྱའི་བསམ་པ་བསྐང་བ་དང།། རང་བྱུང་ཆེ་བ་བསྟན་པའི་ཕྱིར།། རྒྱལ་བའི་ཞིང་ཁམས་ཐམས་ཅད་དུ།། མ་འདྲེས་མཛེས་པའི་མེ་ཏོག་ལྟར།། རང་བྱུང་ཆེ་བའི་ཡོན་ཏན་སྣང།། རང་བྱུང་རིག་པའི་རྒྱལ་པོ་ཉིད། ། གང་ལ་གང་སྣང་དེ་དག་ཉིད།། གདུལ་བྱའི་ཐབས་ནི་མཐའ་ཡས་པར།། འགྲོ་བ་དམན་པའི་ཆེད་དུ་བསྟན།། དེ་དག་མ་ལུས་སྙིང་པོ་ཉིད།། ནམ་མཁའི་མཐའ་དང་མཉམ་པ་ཡི།། རོལ་པ་སྙིང་པོར་བསྟན་པའི་མཆོག། སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས།། བསྟན་པ་འདི་ཉིད་ཞུགས་པ་ཡི།། འདི་དག་རྡོ་རྗེ་འཛིན་པ་ཡིས།། ཕྱོགས་བཅུ་ནམ་མཁའི་འཇིག་རྟེན་ཁམས།། རྡུལ་སྙེད་གྲངས་ལ་འདས་པ་ཉིད།། སངས་རྒྱས་ཉིད་དུ་མངོན་སྣང་ནས། ། སྐལ་ལྡན་སྙིང་ལ་འཇུག་པར་མཛད།། དེ་ཚེ་འཁོར་ནི་ཇི་སྙེད་པ།། ཀུན་ཀྱང་རང་གི་ཡིད་ལ་འཇུག། འདས་དང་ད་ལྟར་མ་བྱོན་པའི།། སྙིང་པོ་བསམ་མི་ཁྱབ་པའི་དུས།། མངོན་དུ་བསྟན་པ་ཚད་མས་རྟོགས། ། རེ་དོགས་སྤྱོད་པ་ཆད་པའི་དུས།། ཐོག་མ་ཐ་མ་མེད་པའི་གནས།། དངོས་དང་དངོས་མེད་ཀུན་སྤངས་པའི།། རང་བྱུང་སྙིང་པོ་གསང་བའི་དོན།། རིག་པ་ཕྱོགས་བྲལ་རྟོགས་པའི་གནས།། དོན་གྱི་དབུས་ཆེན་མཐའ་དབུས་མེད། ། མ་བཅོས་གནས་སུ་རྟོགས་པས་ཕྱིར།། སྐལ་ལྡན་རྣལ་འབྱོར་རྟོགས་པ་ཡིས།། ཐེག་པའི་ཁྱད་པར་ཇི་སྙེད་པ།། ཤེས་རབ་ཆེན་པོ་སྐད་ཅིག་ལ།། ཆོས་རྣམས་རོ་གཅིག་བསྡུས་པའི་བདག། དབང་པོ་ནུས་སྟོབས་ལྡན་པ་ལ།། ཇི་སྙེད་དྲན་རྟོགས་རྒྱུ་བ་ཀུན།། ཟག་མེད་སྙིང་པོའི་བསྟན་པ་སྟེ།། ནམ་མཁའི་མཐའ་དང་མཉམ་པའི་རྒྱུད།། རང་བྱུང་རྟོགས་པའི་སྙིང་པོ་ཉིད།། སངས་རྒྱས་ཀུན་གྱི་གསང་བའི་ལུང། ། འཕྲུལ་ཚིག་རྡོ་རྗེ་ལུ་གུ་བརྒྱུད།། གསང་བའི་རིག་པའི་ཁ་སྦྱོར་ཏེ།། ཕྱི་ལྟ་ནང་ལྟ་སེམས་སུ་སྦྱོར།། རྩ་བའི་ཕུན་སུམ་ཚོགས་པར་བཤད།། ཅེས་གསུངས་སོ།། ནམ་མཁའི་མཐའ་དང་མཉམ་པའི་རྒྱུད་ཆེན་པོ་ལས། ཕུན་སུམ་ཚོགས་པ་རྩ་བ་གཅིག་ཏུ་བཤད་པའི་ལེའུ་སྟེ་སུམ་ཅུ་བརྒྱད་པའོ།།།། དེ་ནས་ཡང་སེམས་དཔའ་རྡོ་རྗེ་དམ་པ་ལ། རང་སྣང་རོལ་བའི་འཁོར་ཚོགས་ཀྱིས་འདི་སྐད་ཅེས་གསོལ་ཏོ། ། སྐུ་གསུང་ཐུགས་ཀྱི་བདག་ཉིད་ཁྱོད།། རང་བྱུང་སྙིང་པོའི་དོན་ལ་འདུས།། རང་སྣང་འོད་ཀྱི་སྣང་བའི་མཆོག། མགོན་པོ་ཁྱོད་ལ་གསོལ་བ་ནི།། རང་གསལ་སྐུ་གསུང་ཐུགས་གང་ཞིག། དེ་ཉིད་གང་གིས་གསལ་བར་བགྱི། ། ཁྱད་པར་རིམ་པར་ཇི་ལྟར་འགྱུར།། ཞེས་གསོལ་ཏོ།། དེ་ནས་སེམས་དཔའ་རྡོ་རྗེས་འདི་སྐད་ཅེས་བཀའ་སྩལ་ཏོ།། མ་ལུས་རང་སྣང་འཁོར་ལོ་བས།། རང་སྣང་སྙིང་པོ་འཕོ་འགྱུར་མེད། ། གནས་པའི་སྒྲོ་སྐུར་མ་ལུས་པ།། རིག་པ་གཅིག་གི་དོན་དུ་གནས།། མ་ལུས་ཀུན་རྫོགས་སྙིང་པོ་འདི།། གནས་དང་རྟོགས་དང་མཐར་ཕྱིན་པའི།། སྐུ་གསུང་ཐུགས་ཀྱི་རྩ་བ་ཡིན།། ཇི་སྙེད་སྣང་གྲངས་ཐམས་ཅད་ཀྱི། ། དབྱིབས་དང་ཁ་དོག་ཆེ་ཆུང་དང།། མ་ལུས་ཇི་ལྟར་གནས་པ་དང།། འཇིག་རྟེན་འདས་དང་མ་འདས་པ།། ཕྱོགས་དང་རིས་ལ་སོགས་པ་ནི།། བྱང་ཆུབ་སྙིང་པོའི་སྐུ་རུ་ཤར།། བྱང་ཆུབ་སེམས་ཀྱི་སྐུ་ཉིད་ནི། ། རིག་པ་ཕྱོགས་རིས་མེད་པའི་སྐུ།། ཐམས་ཅད་འདུས་པའི་འཁོར་ལོ་སྟེ།། རིག་པའི་དཀྱིལ་འཁོར་མཐའ་དབུས་མེད།། རང་བཞིན་སྐུ་ཡི་མཚན་ཉིད་དོ།། བྱང་ཆུབ་སེམས་ཀྱི་གསུང་ཉིད་ནི།། སྙིང་པོ་འོད་ཀྱི་རང་བཞིན་ལྟར། ། མ་ལུས་གསུང་གི་རང་བཞིན་དུ།། ཕྱི་ནང་མ་ལུས་ཐམས་ཅད་ཤར།། ཟིན་དང་མ་ཟིན་ལ་སོགས་པའི།། བརྗོད་ཅིང་གྲགས་པའི་ཆོས་རྣམས་ནི།། རང་ཤར་གསུང་གི་མཚན་ཉིད་དོ།། ཇི་སྙེད་མྱོང་ཚོར་ཤེས་པ་དང། ། དྲན་རྟོགས་རྒྱུ་བ་མ་ལུས་པ།། མ་སྐྱེས་རྡོ་རྗེ་ཨ་ཡི་ངང།། མ་ལུས་རིག་པ་འཁོར་ལོའི་ཐུགས།། གཉིས་བྲལ་རིག་པ་བསམ་ཡས་ལ།། རང་བཞིན་བསམ་པ་ཅིར་མི་རྟོག། རང་བྱུང་ཞེན་པ་ཡུལ་ལས་འདས། ། རང་དུ་སྟོན་པ་མཐའ་ཡས་པས།། མཐར་ཐུག་མེད་པའི་གདུལ་བྱ་ལ།། ཐེག་པ་ཇི་སྙེད་བསྟན་པ་ཡིས།། རང་བྱུང་འཁོར་ལོ་མ་རྟོགས་པས།། སྐུ་གསུང་ཐུགས་ཀྱི་སྙིང་པོ་ཉིད།། སྒྲོ་སྐུར་མེད་པར་མཐོང་བ་མེད། ། སྐལ་ལྡན་འཇིག་རྟེན་ཆོས་བྲལ་ཞིང།། དམན་པའི་བློ་ཡང་འཛིན་སེམས་ལོག། འགྲོ་བའི་རིག་པ་གང་དག་ལ།། སྔོན་དུ་ཆོ་ག་ཇི་བཞིན་དུ།། སངས་རྒྱས་མ་ལུས་ཀུན་འདུས་པའི།། རྡོ་རྗེ་འཛིན་པ་ཆེན་པོ་ཡིས། ། མ་ལུས་རིག་པའི་སྐུ་གསུང་ཐུགས།། དེ་ཡི་བྱིན་རླབས་ཐབས་ཀྱིས་བསྟན།། འདི་དག་ཇི་ལྟར་རྟོགས་པ་ལྟར།། བསྟན་པའི་ཡན་ལག་ཀུན་དང་འབྲེལ།། ཕྱི་རོལ་ལྟས་པས་རྟོགས་པའི་ཚེ།། རིག་པ་རང་སྣང་འཁོར་ལོར་གྲོལ། ། གཅོང་རོང་ཡེ་ཤེས་ཆེན་པོར་བརྡལ།། སྒོ་གསུམ་སྐུ་གསུང་ཐུགས་སུ་སྦར།། རེ་དང་དོགས་པ་ཀུན་ཆད་དེ།། མ་ལུས་ནམ་མཁའི་དཀྱིལ་འཁོར་ལྟར།། ཕྱོགས་འཛིན་རྒྱུ་བའི་ཡིད་ལས་འདས། ། མ་ལུས་སྐུ་གསུང་རྡོ་རྗེ་ཉིད།། གར་ཡང་མ་ཕྱིན་རྟོགས་པས་སྨིན།། འབྲས་བུ་རང་འབར་བདེ་ཆེན་འགྲུབ།། སྐལ་ལྡན་རྡོ་རྗེ་ལུས་འདི་ལ།། སྙིང་པོ་རང་བྱུང་འོད་ཀྱི་མཆོག། ཕྱོགས་ལས་འདས་པའི་རིན་པོ་ཆེ། ། ཚིག་གཅིག་དོན་ཀུན་རྫོགས་པའི་བདག། རྡོ་རྗེ་ཚིག་གི་སྒྲོན་མ་ཡིས།། དགུ་རུམ་སྦས་པས་དོན་གསལ་ནས།། མ་བགྲོད་ས་རྣམས་དུས་གཅིག་མནན།། མཐའ་དབུས་མེད་པའི་ནམ་མཁའ་ལ།། ཕྱོགས་འཛིན་བྲལ་བའི་བློ་ཡིས་ལྟ། ། བླང་དོར་བྲལ་བའི་སྒོ་གསུམ་ཉིད།། འཛིན་པ་ལོག་པའི་ཚུལ་གྱིས་འཇུག། སྣང་སྲིད་མ་བཅོས་བདེ་བའི་ས།། རྟོགས་པ་ཉིད་ཀྱི་ཕ་རོལ་ཕྱིན།། དཀའ་བས་སྤྱད་པའི་མངོན་གྱུར་པའི། ། སྐུ་གསུང་ཐུགས་ཀྱི་རྡུལ་སྙེད་དང།། དཀའ་ཐུབ་སྡོམ་པར་རབ་བསྡམས་ཤིང།། བསྙེན་བསྒྲུབ་རྩོལ་བ་ལས་བྱུང་བའི།། སྐུ་གསུང་ཐུགས་ཀྱི་རྡུལ་སྙེད་ཀུན།། ནམ་མཁའི་དབྱིངས་ཀྱི་མཐའ་དོན་རྟོགས་ནས། ། སྐད་ཅིག་ཙམ་གྱིས་གྲོལ་བར་འགྱུར།། རྣ་བརྒྱན་གསང་བའི་འཕྲལ་ཚིག་འདི།། གསང་བའི་རིགས་ཅན་འགའ་ཞིག་ལ།། ཕྱིན་ཅི་ལོག་དང་དམན་པ་ལ།། མངོན་དུ་སྣང་བར་མི་འགྱུར་རོ།། དེ་དག་གསང་བའི་ཐེག་པ་འདི། ། རྣ་བརྒྱུད་གདམས་པ་ནུབ་པ་དང།། ལྟ་སྤྱོད་ལོག་པའི་གདེང་ལྡན་དང།། མཚན་མ་སྒྲ་ལ་ཞེན་པ་དང།། སྐལ་བར་ལྡན་དང་མི་ལྡན་པའི།། འདུས་པ་མང་པོ་བསྟན་པ་དང།། བླ་མ་རང་རྟོག་ཞེན་པ་ཡིས། ། ང་ཉམས་ཞེན་པས་བཤད་པ་དང།། རྣམ་པར་དཀར་བའི་ལམ་བོར་ནས།། ཉོན་མོངས་ཞེན་པའི་ལས་བྱེད་དང།། ཐུན་མོང་ཐེག་པ་ལ་སྨད་པས།། ཉོན་མོངས་ཞེན་པས་རྩོད་པའི་མཐུས།། བསྟན་པའི་སྙིང་པོ་ནུབ་པར་འགྱུར། ། དེ་ནས་འཛམ་གླིང་དབུས་སུ་དར།། སྐལ་ལྡན་འབྲེལ་བ་འང་འབྱུང་བར་འགྱུར།། དེ་ནས་ལྷོ་ཕྱོགས་རྒྱུད་དུ་རྒྱས།། ནུབ་ཀྱི་ཕྱོགས་སུའང་རྒྱས་པར་འགྱུར།། བྱང་གི་ཕྱོགས་དང་ཤར་ཕྱོགས་སུ། ། མ་བཅོས་རྫོགས་པའི་ཐེག་པ་འདིས།། སྣང་བའི་སྒྲོན་མ་བྱེད་པར་འགྱུར།། དེར་ཡང་སྐལ་ལྡན་དམ་པ་རྣམས།། རྣམ་གྲོལ་ས་ལ་འགྲོ་བར་འགྱུར།། རྣ་བརྒྱུད་གཏེར་ལ་མ་ཆད་པ་དང།། ལྟ་སྤྱོད་ལོག་པའི་ང་རྒྱལ་ཅན། ། མཚན་མ་ཚིག་ལ་ཞེན་པ་རྣམས།། རྡོ་རྗེའི་ཁབ་ཏུ་ལྟུང་བར་འགྱུར།། རང་བྱུང་བྱང་ཆུབ་སྙིང་པོ་འདི།། མ་ལུས་སྙིང་ལ་གནས་པ་སྟེ།། དུས་གསུམ་འགྱུར་བ་མེད་པའི་སེམས།། མ་བཅོས་སེམས་ལ་འགྱུར་བ་མེད། ། དེ་བཞིན་ལུང་བསྟན་ལྡན་པ་ཡིས།། སྐལ་ལྡན་རྒྱལ་སྲས་སློབ་མ་ལ།། ཐབས་ཀྱིས་མ་བཅོས་དོན་བསྟན་ནས།། འཁོར་བ་རང་གྲོལ་དོན་རྟོགས་ན།། དུས་ལ་འགྱུར་བ་ཡོད་མ་ཡིན།། སྔ་ཕྱི་མེད་པའི་ད་ལྟ་ཉིད། ། མ་བཅོས་རྟོགས་པས་ཕ་རོལ་ཕྱིན།། ཐ་མའི་དུས་ན་འབྱུང་བར་འགྱུར།། ཞེས་གསུངས་སོ།། ནམ་མཁའི་མཐའ་དང་མཉམ་པའི་རྒྱུད་ཆེན་པོ་ལས།། ལུང་བཤད་པའི་ལེའུ་སྟེ་ཞེ་བརྒྱད་པའོ། །།། དེ་ནས་ཡང་སེམས་དཔའ་རྡོ་རྗེ་དམ་པ་དེ་ལ། འདུས་པ་ཆེན་པོའི་ཚོགས་ཀྱིས་འདི་སྐད་ཅེས་གསོལ་ཏོ།། དུས་གསུམ་རྒྱལ་བ་ཐམས་ཅད་ཀྱི།། བསྟན་པ་ཀུན་གྱི་རང་བཞིན་ཁྱོད།། མ་ལུས་ཀུན་གྱི་འབྱུང་གནས་གཏེར། ། མགོན་པོ་ཁྱོད་ལ་གསོལ་བ་ནི།། རང་བྱུང་ཐུགས་སུ་གཅིག་ཅེ་ན།། ཀློང་དགུར་དབྱེ་བ་ཇི་ལྟར་ལགས།། ཀློང་ཞེས་ཅི་ཕྱིར་བྱ་བ་ལགས།། གང་གི་སྐབས་སུ་ཇི་ལྟར་འཆར།། དེ་དག་དགོས་པ་ཇི་ལྟ་བུ། ། མགོན་པོ་ཁྱོད་ཀྱིས་བདག་ལ་གསུངས།། ཞེས་གསུངས་ཏོ།། དེ་ནས་སེམས་དཔའ་རྡོ་རྗེས།། འདུས་པའི་ཚོགས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། ཇི་སྙེད་ཆོས་རྣམས་ཐམས་ཅད་ཀུན།། ཅི་སྟེ་ཐ་དད་ཡོངས་ཀྱིས་མེད། ། རང་བྱུང་རྫོགས་པའི་ཐེག་པ་ལ།། མ་འདུས་པ་ཡི་ཆོས་མི་གནས།། རངབཞིན་སྣང་བའི་ཆོས་རྣམས་དང།། ཕྱི་ནང་དྲན་རིག་ཐམས་ཅད་དང།། བསྟན་པའི་བྱེ་བྲག་མ་ལུས་པ།། ཇི་སྙེད་ཁྱད་པར་བསྟན་པ་ཀུན། ། རྒྱ་མཚོ་དང་ནི་རླབས་བཞིན་ཏེ།། རིག་པ་རང་སྣང་མ་ཡིན་པ།། གཞན་པ་ཉིད་ནི་ཡོད་མ་ཡིན།། རང་བྱུང་ཐེག་པའི་སྙིང་པོ་འདི།། བསྟན་པ་ཀུན་གྱི་བདག་ཉིད་པས།། རང་བྱུང་བསྟན་པ་ཀུན་གྱི་བདག། ཐེག་པ་ཀུན་གྱི་རྩ་བ་ཡིན།། མ་བཅོས་སྙིང་པོ་རྫོགས་པ་ལ།། ཐ་དད་རྣམ་པ་མི་སྣང་བས།། རྣམ་པར་དབྱེ་བའི་ཆོས་མེད་ཀྱང།། རོལ་པའི་སྙིང་པོ་དགུ་རུ་ཤར།། ལྟ་བ་ཕྱོགས་རིས་མེད་པའི་ཀླཽང།། སྤྱོད་པ་བླང་དོར་མེད་པར་སྤྱོད། ། མཐའ་དབུས་མེད་པའི་སྙིང་པོ་ལེན།། རང་བྱུང་ཐབས་ཀྱིས་རྟོགས་པའི་དབང།། རང་བྱུང་དོན་ལ་འདས་པ་མེད།། བྱ་བཙལ་ཀུན་བྲལ་འཕྲིན་ལས་རྫོགས།། མ་ལུས་དྲན་བསམ་ཏིང་འཛིན་ཀླཽང། ། ཡེ་ཤེས་མ་བསྒྲིབས་ཕྱོགས་རིས་མེད།། འབྲས་བུ་ལྷུན་རྫོགས་བྱ་བཙལ་མེད།། རོལ་བའི་བྱེ་བྲག་དགུར་ཤར་ཡང།། བྱང་ཆུབ་སེམས་ལ་དབྱེ་བ་མེད།། ཇི་ལྟར་སྣར་བའི་ཆོས་རྣམས་ཀུན།། རང་བྱུང་རྫོགས་པའི་ངོ་བོ་སྟེ། ། ཕྱི་ནང་སྤྱོད་ཡུལ་དྲན་རྟོག་དང།། བདེ་སྡུག་མཐོ་དམན་མ་ལུས་ཀུན།། རྒྱུ་རྐྱེན་ངོ་བོ་ཐ་དད་མེད།། ཆུ་ཡིས་འཁོར་ལོ་བསྐོར་བ་ལྟར།། ཆུ་རླབས་རི་མོ་ཅིར་ཡང་སྣང།། ངོ་བོ་གཅིག་ཏུ་གནས་པ་ལྟར། ། ཇི་ལྟར་སྣང་གྲངས་དྲན་རྟོག་ཀུན།། རང་བྱུང་སྟོང་པའི་ཀློང་དུ་བརྡལ།། མ་ལུས་བྱང་ཆུབ་ལུང་དུ་བསྡུས།། རང་བཞིན་གནས་དང་རྟོགས་པ་དང།། མཐར་ཕྱིན་སྤྱོད་ཡུལ་ཐམས་ཅད་ལ།། ཕྱོགས་རིས་མེད་དང་སེལ་མེད་པས། ། དེ་ཕྱིར་འདི་ལ་ཀློང་ཞེས་བརྗོད།། གཞན་དུ་ལྟ་བས་མི་གནས་ཏེ།། ཐ་དད་པ་དང་དགག་སྒྲུབ་དང།། གཉིས་འཛིན་རྒྱུ་འབྲས་ལ་སོགས་པ།། ཕྱོགས་རིས་སེལ་དང་ལྡན་ཕྱིར་རོ། ། གང་ཕྱིར་ཐེག་པའི་སྙིང་པོ་ཉིད།། ཐབས་ཆེན་གསང་བའི་རིག་པ་ཡིས།། དགུ་རུམ་སྦས་པའི་དོན་གསལ་ན།། ཕྱོགས་རིས་མེད་པའི་ཀླཽང་དུ་བརྡལ།། རང་བྱུང་ཐེག་པའི་སྙིང་པོ་ཉིད།། དངོས་དབང་གཅིག་ལས་མི་གནས་ཀྱང། ། གང་ཟག་བློ་ཡི་བྱེ་བྲག་གིས།། གཞི་ལམ་འབྲས་བུར་རྣམ་པར་སྣང།། རང་བཞིན་གནས་པོའི་ཀློང་དགུ་དང།། མ་བཅོས་རྟོགས་པའི་གློང་དགུ་དང།། ཐུགས་རྗེ་རོལ་པའི་ཀློང་དགུ་ཉིད། ། སྐབས་ཀྱིས་ཁྱད་པར་སོ་སོར་སྣང།། མ་བཅོས་རོལ་བ་རང་སྣང་དང།། ཞེན་རྟག་རྟོགས་པ་རང་སྣང་གཉིས།། བྱེ་བྲག་མ་ཕྱེད་གཏི་མུག་བློ།། དངོས་ཉིད་གཏན་ལ་མ་ཕེབས་པར།། ང་རྒྱལ་དྲེགས་པའི་གདེང་ཚིག་གིས། ། འདོད་ལྔ་བབ་ཆོལ་སྤྱད་པ་ལོག། དེ་ཡི་དུས་ཀྱི་གང་ཟག་རྣམས།། སྦྲེལ་མ་གཡང་དུ་འགྲིལ་བ་བཞིན།། བླ་མ་ངན་པའི་རྗེས་འབྲངས་ནས།། རྡོ་རྗེའི་ཁབ་ཏུ་ལྟུང་གྱུར་ནས།། བྱང་ཆུབ་སེསམ་ཀྱི་རིགས་དང་བྲལ། ། མ་བཅོས་རྫོགས་པའི་ངོ་བོ་ཉིད།། བརྡ་ཚིག་ཞེན་བརྗོད་ཀུན་བྲལ་ཡང།། མཚན་མ་བརྡ་ཚིག་ཞེན་པ་རྣམས།། བརྗོད་པས་དོན་ལ་དགོད་པ་དང།། ཐེག་པ་ཀུན་གྱི་དོན་རྣམས་ནི།། འདི་ལ་རྫོགས་པར་བསྟན་པ་དང། ། མ་འདྲེས་ཁྱབ་པར་བསྟན་པའི་ཕྱིར།། ཀློང་དགུའི་ཁྱད་པར་བསྟན་པ་ཡིན།། དེ་དག་གང་ལྟར་སྣང་གྱུར་ཀྱང།། རང་བྱུང་སྙིང་པོ་དེ་ཤར་ཕྱིར།། རྒྱ་མཚོ་ཆུ་བོ་འདུ་འཕྲོ་ལྟར།། མ་ལུས་སེམས་སུ་འདུས་པ་ཡིན། ། དོན་གཅིག་མ་ལུས་ཀུན་རྫོགས་པས།། ཀློང་དགུ་ཐུགས་ཀྱི་ཡང་སྙིང་འདི།། རྡོ་རྗེ་འཕྲུལ་གྱི་ཚིག་གིས་བསྟན།། མ་བཅོས་རིག་པ་ཉམས་ཀྱིས་གོ། བསྟན་པའི་བྱེ་བྲག་ཇི་སྙེད་པ།། སྙིང་པོ་དོན་དུ་ཀུན་འདུས་པས། ། དངོས་དོན་རྟོགས་པའི་སྐད་ཅིག་ལ།། བསྟན་པ་མ་ལུས་དུས་གཅིག་རྟོགས།། སྙིང་པོ་རོ་དང་རྣམ་པ་ལྟར།། གང་ལྟར་སྣང་ཡང་གཅིག་ཏུ་མྱོང།། ཐ་དད་མེད་དེ་ངོ་བོ་གཅིག། རང་བཞིན་ནམ་མཁའི་མཐའ་ལྟར་ཁྱབ། ། ཐུགས་རྗེ་བསྟན་པ་སྐར་ལྟར་བཀྲམ།། ཏིང་འཛིན་རྒྱ་མཚོ་རླུང་ལྟར་ཟབ།། སྤྱོད་པ་ཕྱོགས་བྲལ་ཀུན་ཏུ་སྤྱོད།། གང་ཡང་ཀླཽང་དགུར་མ་འདུས་མེད།། ཅེས་གསུངས་སོ།། ནམ་མཁའི་མཐའ་དང་མཉམ་པའི་རྒྱུད་ཆེན་པོ་ལས། ། ཀློང་དགུའི་དབྱེ་བ་བཤད་པའི་ལེའུ་སྟེ་ཞེ་དགུ་པའོ།།།། དེ་ནས་ཡང་སེམས་དཔའ་རྡོ་རྗེ་དམ་པ་ལ།། འདུས་པ་ཆེན་པོའི་ཚོགས་ཀྱིས་འདི་སྐད་ཅེས་གསོལ་ཏོ། ། སངས་རྒྱས་ཀུན་གྱི་རང་བཞིན་ཁྱོད།། མ་ལུས་སྐུ་གསུང་ཐུགས་ལ་རྫོགས།། མི་ཕྱེད་རྡོ་རྗེའི་ངོ་བོར་གཅིག། མགོན་པོ་ཁྱོད་ལ་གསོལ་བ་ནི།། ཀློང་དགུའི་བསྟན་པ་ཇི་སྙེད་པ།། གནས་པའི་ངོ་བོ་ཇི་ལྟར་གཅིག། རྟོགས་པའི་ཐབས་ནི་ཇི་ལྟར་གཅིག། རིག་པའི་ཉམས་ནི་ཇི་ལྟ་བུ།། འབྲས་བུ་ཁྱད་པར་ཇི་ལྟར་གཅིག། གཅིག་ཏུ་བསྟན་པའི་དགོས་པ་གང།། བདག་ཅག་རྣམས་ལ་བཤད་དུ་གསོལ།། ཞེས་གསོལ་ཏོ། ། དེ་ནས་སེམས་དཔའ་ཆེན་པོ་གསང་བའི་བདག་པོས་འདི་སྐས་ཅེས་བཀའ་སྩལ་ཏོ།། ཀྱེ་འདུས་པའི་ཚོགས་འདི་ལྟ་སྟེ།། མ་ལུས་སེམས་ཀྱི་རང་བཞིན་ལས།། རྒྱུ་འབྲས་ལམ་དང་འབྲས་བུ་དང། ། གཞི་དང་ལམ་དང་འབྲས་བུ་དང།། སངས་རྒྱས་སེམས་ཅན་ལ་སོགས་པ།། མ་ལུས་འདུས་པའི་ངོ་བོ་ཉིད།། ཕྱི་ནང་སྣོད་བཅུད་མ་ལུས་པ།། ནམ་མཁའི་ངང་དུ་འདུས་པ་ལྟར།། སྣང་སྟོང་རིག་པའི་ཆོས་རྣམས་ཀུན། ། རང་བྱུང་རྒྱལ་པོར་གདོད་ནས་གཅིག། ཐོག་མཐའ་མེད་པའི་རང་བཞིན་ནི།། ཆོས་རྣམས་ཀུན་གྱི་རང་བཞིན་ཏེ།། ནམ་མཁའི་མཐའ་དང་མཉམ་སྦྱོར་བས།། རྡོ་རྗེ་སྙིང་པོའི་ངོ་བོར་གནས།། ནམ་མཁའ་རང་བཞིན་དྭངས་པ་ལ། ། ཇི་སྙེད་པ་ཡི་ཆོས་སྣང་བ།། རིམ་པ་མ་འདྲེས་གནས་གྱུར་ཀྱང།། དེ་ཡི་ངོ་བོར་གཅིག་པ་ལྟར།། མ་ལུས་ཆོས་རྣམས་མཐའ་ཡས་པ།། སེམས་ཉིད་མ་སྐྱེས་ངོ་བོར་གཅིག། མ་བཅོས་གནས་པའི་རང་བཞིན་ལ། ། གང་ཞིག་རྗེས་སུ་སྤྱད་པའི་ཆོས།། སྒྲ་དང་ཚད་མ་གཏན་ཚིགས་དང།། བཅོས་མའི་སྦྱོར་བ་མཐའ་ཡས་པ།། བརྒྱུད་པའི་སྒོ་ནས་བསྟན་པ་ཀུན།། བསྐལ་པ་གངྒཱའི་བྱེ་སྙེད་དུ།། བསྒྲུབས་ཤིང་བཙལ་བས་མི་རྙེད་པའི། ། རྟོག་པའི་རྣལ་འབྱོར་ལ་སོགས་པའི།། ཐབས་ལ་མི་གནས་བལྟོས་མི་བྱེད།། གང་གིས་བཤད་པ་དེ་དག་ཀུན།། སངས་རྒྱས་མངོན་སུམ་བྱིན་རླབས་ཀྱིས།། གཞན་ལ་མ་བསྟན་མ་བརྒྱུད་པར། ། སྤྱི་བླུགས་ཚངས་པའི་དབང་གིས་བསྟན།། མ་ལུས་ཐབས་ཆེན་གཅིག་ཏུ་བསྟན།། སྐལ་ལྡན་ལས་ཀྱིས་ཕྲད་པ་ལ།། དགོངས་པ་བྱིན་རླབས་ཚུལ་གྱིས་བསྟན།། རིག་པའི་ཉམས་ལ་ཆགས་པ་ན། ། སེམས་དང་ཉམས་ཀྱིས་གསལ་བར་ཤེས།། མོས་ལྡན་ཕྲད་པར་དཀའ་བ་ལ།། རྣམ་བརྒྱུད་འཕྲུལ་ཚིག་སྒོ་ནས་བསྟན།། སྐལ་མེད་ལས་ཀྱིས་བསྒྲིབས་པ་ལ།། ཐབས་ཀྱི་ཁྱད་པར་གང་བསྟན་ཡང།། ཐམས་ཅད་ལ་ནི་མེ་ལོང་ལྟར། ། བལྟས་ཀྱང་གཟུགས་བརྙན་མི་སྣང་ངོ།། ཐབས་ཀྱི་ཁྱད་པར་ཅི་བསྟན་པ།། གོ་ཞིང་རྟོགས་པ་གཅིག་ལས་མེད།། རྒྱ་མཚོ་ཆུ་བོ་ཇི་བཞིན་ནོ།། དངོས་དོན་ཐབས་ཀྱིས་གང་རྟོགས་ནས། ། རིག་པ་དང་པོའི་གདེང་ལྡན་པ།། ཕྱི་ནང་སྤྱོད་ཡུལ་མ་ལུས་ལ།། རིག་དང་དྲན་པས་གང་གསལ་བ།། རིན་ཆེན་གླིང་ལ་ཕྱིན་པའམ།། འབྲུ་བཅུད་ཉམས་སུ་མྱོང་བའམ།། འཁྲུལ་པ་གསལ་བའི་ཤེས་པ་ལྟར། ། རིག་པ་གཅིག་ཏུ་ཉམས་མྱོང་བ།། རེ་དོགས་རྣམ་པར་བཅད་པའི་སེམས།། ཕྱོགས་བྲལ་ཡེ་ཤེས་ཆེན་པོར་རྒྱས།། མ་བཅོས་སོ་མར་ཉག་གཅིག་པས།། དུས་གསུམ་འབྱེད་པའི་ཆོས་མེད་དེ།། སྔ་ཕྱི་མེད་པའི་ངོ་བོར་གཅིག། རྟོགས་པའི་ཡེ་ཤེས་ཡེངས་པ་མེད།། ཆུ་བོའི་རླབས་སམ་ཁ་དོག་གམ།། ཆུ་བོ་ཆུ་བུར་ཇི་བཞིན་དུ།། ཞག་དང་ཟླ་བ་ནས་བཟུང་ནས།། བསྐལ་པ་བྱེ་བ་མཐའ་ཀླས་པར།། རྒྱ་མཚོ་རླན་གྱི་ངོ་བོ་ལྟར། ། མ་སྒོམས་ངོ་བོ་ཉིད་དུ་གནས།། ལྟ་སྤྱོད་ཏིང་འཛིན་རོ་གཅིག་པས།། ནམ་མཁའ་ལྟ་བུར་དཔག་མེད་ཅིང།། སྟོང་ཆེན་རྣམ་པ་ཀུན་ལྡན་པ།། བྱིན་རླབས་ནུས་མཐུའི་གཞིར་གྱུར་པ།། དུས་གསུམ་སངས་རྒྱས་ཀུན་གྱི་དངོས། ། ཆོས་སྐུ་འབྲས་བུ་ཀུན་གྱི་གནས།། རང་བྱུང་སྙིང་པོ་མ་ཡིན་པའི།། དངོས་པོ་གང་ཡང་མེད་པས་ན།། དེ་ཉིད་མངོན་དུ་བསྟན་པ་དང།། རྒྱུ་འབྲས་གཉིས་འཛིན་ལ་ཞེན་པའི། ། དངོས་འཛིན་དེ་ཉིད་དགྲོལ་བ་དང།། སྐལ་ལྡན་རིགས་ཅན་གང་ཟག་རྣམས།། མ་བཅོས་ས་ལ་གཞག་པའི་ཕྱིར།། ཀློང་དགུའི་རྩ་བ་གཅིག་ཏུ་བསྟན།། དེ་ཉིད་ནམ་མཁའི་རང་བཞིན་ལྟར།། དངོས་དང་དངོས་མེད་རྣམ་པར་སྤངས། ། ཐིག་ལེ་ཆེན་པོ་ཀུན་རྫོགས་པས།། འདུས་འཕྲོ་ཐིག་ལེ་ཀློང་དུ་གསོལ།། ཞེས་གསུངས་སོ།། ནམ་མཁའི་མཐའ་དང་མཉམ་པའི་རྒྱུད་ཆེན་པོ་ལས།། ཀློང་དགུའི་རྩ་བ་གཅིག་ཏུ་བཤད་པའི་ལེའུ་སྟེ་ལྔ་བཅུ་པའོ། །།། དེ་ནས་སེམས་དཔའ་རྡོ་རྗེ་དམ་པ་ལ།། འདུས་པ་ཆེན་པོའི་འཁོར་རང་སྣང་སྤྲུལ་པའི་ཚོགས་ཀྱིས་འདི་སྐད་ཅེས་གསོལ་ཏོ།། དུས་གསུམ་རྒྱལ་བའི་རང་བཞིན་ཁྱོད།། སངས་རྒྱས་ཀུན་གྱི་བསྟན་པའི་གཏེར། ། རིན་ཆེན་ཀློང་དགུ་སེམས་ཀྱི་བདག། མགོན་པོ་ཁྱོད་ལ་གསོལ་བ་ནི།། མ་བཅོས་རྡོ་རྗེ་སྙིང་པོའི་རྒྱུད།། བརྗོད་པ་ཚིག་གི་ལྡེ་མིག་གིས།། མ་བཅོས་སྙིང་པོར་ཇི་ལྟར་རྟོགས། ། བཤད་པའི་ཚུལ་ནི་བདག་ལ་གསུངས།། ཞེས་གསོལ་ཏོ།། དེ་ནས་སེམས་དཔའ་རྡོ་རྗེ་དམ་པ་དེས་འདི་སྐད་ཅེས་བཀའ་སྩལ་ཏོ།། དུས་གསུམ་རྒྱལ་བ་ཐམས་ཅད་ཀྱི།། སྐུ་གསུང་ཐུགས་ནི་གསང་བའི་གཏེར། ། ནམ་མཁའ་མཐའ་དང་མཉམ་པའི་རྒྱུད།། རྡོ་རྗེ་སྙིང་པོ་གསང་བའི་ལུང།། རང་བྱུང་སྙིང་པོ་དབྱེར་མེད་ན།། མ་ལུས་སྟོན་པ་ཤེས་བྱའི་ཕྱིར།། མ་བཅོས་གཞི་དང་དམ་པའི་ལམ།། ལྷུན་གྱིས་གྲུབ་པའི་ལམ་དུ་བསྟན། ། མ་བཅོས་རྡོ་རྗེ་སྙིང་པོའི་རྒྱུད།། ནམ་མཁའི་མཐའ་དང་མཉམ་སྦྱོར་བའི།། སངས་རྒྱས་སེམས་ཅན་དབྱེར་མེད་པ།། ལྷན་ཅིག་གནས་པའི་ནུས་པ་དང།། གདོད་ནས་ལྷུན་གྱིས་རྫོགས་པར་གནས།། རིན་ཆེན་ལམ་གྱི་གོམས་བྱ་བ། ། སྲོག་ཆགས་ཕྱོགས་མེད་བགྲོད་པ་ལྟར།། ལོག་པའི་ལྟ་སྤྱོད་ཅིར་སྣང་ཡང།། ཉམ་ང་ལོག་པའི་འདུ་ཤེས་མེད།། བརྗོད་པ་ཚིག་ལམ་ལ་བརྟེན་ནས།། དོན་དམ་རྟོགས་པ་འབྱུང་བར་འགྱུར། ། དང་པོར་བརྡ་དོན་སྤྲད་པ་དང།། གཉིས་པ་དོན་ལ་ཕྲད་པ་ཡིན།། གསུམ་པ་དོན་དང་བྲལ་བ་ཡིན།། བཞི་པ་མ་བཅོས་ལུང་དུ་འཇུག། དང་པོ་གཏན་ལ་འབེབས་པའི་དུས།། གཉིས་པ་གཏན་ལ་ཕེབས་པའི་དུས། ། གསུམ་པ་ངེས་པ་རྙེད་པའི་དུས།། བཞི་པ་གདེང་དུ་གྱུར་པའོ།། པྲ་ཁྲིད་སྒྲ་ཡི་མན་ངག་དང།། ངེས་པ་གདེང་གི་མན་ངག་དང།། རིག་པ་ཐལ་ཕྱུང་མན་ངག་དང།། ཡེ་ཤེས་ཀློང་གི་རིམ་པར་བསྟན།། ཡེ་ཤེས་རྒྱ་མཚོ་བསམ་བྲལ་བ། ། ཡེངས་དང་མ་ཡེངས་འདུ་ཤེས་མེད།། རེ་དོགས་སྤངས་པའི་བསམ་པ་ཉིད།། ནམ་མཁའི་མཐའ་དང་མཉམ་པར་འཇུག། དང་པོར་མོས་པ་ཚོགས་སྤྱོད་དེ།། གཉིས་པ་ནམ་མཁའ་རྡོ་རྗེ་ཉིད། ། གསུམ་པ་འགྲོ་འདུལ་ཐབས་སུ་འདོད།། སྡུག་བསྔལ་རྩོལ་སྒྲུབ་བཅས་པ་ཡི།། བསམ་གྱིས་མི་ཁྱབ་དུས་སུ་བསྟན།། བདེ་བ་ཆེན་པོས་ཉམས་སུ་བླང།། དང་པོར་མོས་པས་འཇུག་པ་སྟེ། ། གཉིས་པ་རྟོག་པའི་ཚུལ་གྱིས་འཇུག། གསུམ་པ་གདེང་དུ་གྱུར་པའོ།། དང་པོར་རིག་ཅན་གང་ཟག་དེ།། གཉིས་པ་རྟོགས་པའི་གང་ཟག་ཡིན།། གསུམ་པ་མཐར་ཕྱིན་གང་ཟག་གོ། དང་པོ་རང་རྒྱུད་འདུ་ཤེས་ཅན། ། གཉིས་པ་དྲན་སྣང་གློ་བུར་བ།། གསུམ་པ་མ་བཅོས་ཉིད་དུ་གསལ།། དང་པོར་མི་མཁས་ཤེས་པ་སྟེ།། གཉིས་པ་མཁས་པའི་འདུ་ཤེས་ཡིན།། གསུམ་པ་མ་བཅོས་ཉིད་དུ་བསྟན།། དང་པོར་དགེ་བ་དང་དུ་བླང། ། གཉིས་པ་གཉིས་ཀ་མི་ལེན་ཏེ།། གསུམ་པ་དགེ་སྡིག་གཉིས་ཀ་སྤྱོད།། དང་པོར་རྩེ་གཅིག་དགོངས་པ་སྟེ།། གཉིས་པ་རྟོགས་པ་འི་དགོངས་པ་ཡིན།། གསུམ་པ་ཕྱོགས་རིས་མེད་པ་བསྟན།། མ་ལུས་དྲན་རྟོགས་ཏིང་འཛིན་མཆོག། སྣང་བ་མ་ལུས་རིག་པའི་ཉམས།། མ་བགྲོད་རིག་པ་ཀློང་གི་ས།། དུས་གཅིག་སངས་རྒྱས་ས་ལ་བཀོད།། མ་བཙལ་ལྷུན་གྱིས་གྲུབ་པ་ཉིད།། རྒྱུ་རྐྱེན་བརྩོལ་བ་ལས་འདས་པ།། རང་བྱུང་འོད་དང་རིན་ཆེན་ལྟར། ། གཟན་ལས་བྱུང་དང་བསྒྲུབས་པ་དང།། བཙལ་དང་བགྲོད་པའི་འབྲས་བུ་མིན།། རྒྱ་མཚོ་ཆུ་དང་རྦ་རླབས་ལྟར།། སྣ་ཚོགས་སྣང་ཡང་གཞན་བྱུང་མིན།། རང་བྱུང་ལྷུན་རྫོགས་འབྲས་བུ་ལ། ། བདག་གཞན་དོན་ཀུན་རྫོགས་པར་གནས།། ངོ་བོ་གཅིག་ལས་མ་གཡོས་ཀྱང།། རོལ་པ་གཞན་དོན་འབུམ་ཕྲག་ཡས།། གང་ལྟར་མཐུན་པའི་བསམ་པ་ལྟར།། མཛད་པའི་བྱིན་རླབས་འོད་ལྟར་འཕྲོ།། མ་བཅོས་རྫོགས་ཆེན་བསྟན་པ་འདི། ། རྣ་བརྒྱུད་ཚད་མའི་དོན་བྲལ་ཞིང།། མ་བཅོས་དོན་གྱི་གདེང་མེད་ན།། ལུང་དང་སྒྲ་དང་ཡིད་སྤྱོད་ཀྱིས།། རྒྱ་མཚོ་འཇིངས་ཀྱི་ཕ་བོང་ལྟར།། རང་སྣང་རྟོགས་པའི་ཉམས་མེད་པར། ། གཞན་དོན་མཛད་པའི་སྐྱེས་བུ་དེས།། ཕ་རོལ་ཇི་ལྟར་ཐར་བར་འགྱུར།། གཉིས་ཀ་སྦྲེལ་མ་གཡང་འགྲིལ་ལྟར།། འཁོར་བའི་མཐའ་མར་ལྷུང་གྱུར་ནས།། རེ་དོགས་གནས་ལས་ཐར་པ་མེད།། ཅེས་གསུངས་སོ། ། ནམ་མཁའི་མཐའ་དང་མཉམ་པའི་རྒྱུད་ཆེན་པོ་ལས།། དོན་རྣམ་གྲངས་ཀྱིས་གཏན་ལ་པབ་པའི་ལེའུ་སྟེ་ང་གཅིག་པའོ།།།། དེ་ནས་སེམས་དཔའ་རྡོ་རྗེ་དམ་པ་ལ། འདུས་པ་ཆེན་པོ་རིག་པ་རང་སྣང་གི་འཁོར་ཚོགས་ཀྱིས་འདི་སྐད་ཅེས་གསོལ་ཏོ། ། དུས་གསུམ་རྒྱལ་བ་ཐམས་ཅད་ཀྱི།། སྐུ་གསུང་ཐུགས་ཀྱི་དགོངས་པ་ཆེ།། ནམ་མཁའི་མཐའ་དང་མཉམ་པའི་རྒྱུད།། རྩ་བའི་སྙིང་པོ་ལས་གསུངས་པ།། མན་ངག་དགུ་རུམ་སྦས་པའི་གཏེར། ། ཐབས་ཆེན་གང་གིས་གསལ་བར་བགྱི།། ལེགས་པར་བདག་ལ་བཤད་དུ་གསོལ།། ཞེས་གསོལ་ཏོ།། དེ་ནས་ཡང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བའི་བདག་པོ་ལག་ན་རྡོ་རྗེས་འདི་སྐད་ཅེས་གསུངས་སོ། ། སངས་རྒྱས་ཀུན་གྱི་གསང་བའི་གཏེར།། རིག་པའི་འཁོར་ལོ་ཡུ་བ་ཅན།། རྟོགས་པ་ཡེ་ཤེས་འཁོར་ལོའི་མཛོད།། དོན་གྱི་སྙིང་པོ་གསུང་གི་བཅུད།། ཀུན་བརྗོད་ཡེ་ཤེས་འཁོར་ལོ་ཅན། ། རང་བཞིན་བརྟགས་དང་ལྟོས་པ་ཡི།། མ་རིག་མུན་པས་བསྒྲིབས་པ་རྣམས།། གསང་བའི་རྒྱུད་འདི་ལ་བརྟེན་ནས།། ད་ལྟ་ཉིད་དུ་དངས་པར་བྱེད།། བསྐལ་པ་སྟོང་ཕྲག་གྲངས་མེད་པར།། ཐབས་ཀྱི་རྩོལ་བའི་རྣམ་གྲངས་ཀྱིས། ། ཇི་ལྟར་བཙལ་ཡང་མི་རྙེད་དེ།། རང་བྱུང་སྙིང་པོ་རྟོགས་པར་དཀའ།། ཨེ་མཧོ་རབ་ཏུ་རྟོགས་པར་དཀའ།། ཨེ་མཧོ་རང་བཞིན་རྙོག་པ་མེད།། ཨེ་མཧོ་མ་བཅོས་བདེ་ཆེན་པོ།། ཨེ་མཧོ་ཐིག་ལེ་རང་བྱུང་སེམས། ། རྡོ་རྗེ་སྙིང་པོ་རྨད་བྱུང་བ།། ནམ་མཁའི་མཐའ་དང་མཉམ་པའི་རྒྱུད།། མན་ངག་མངོན་དུ་ཕྱུང་བ་ནི།། གང་དུ་རྩ་བ་སྙིང་པོའི་ཕྱིར།། དང་པོ་དག་ནི་བསྟན་པ་ཡིན།། དེ་ཉིད་རྒྱས་པར་སྟོན་པའི་ཕྱིར། ། བཅུ་པ་གསལ་བར་བཀོད་པ་ཡིན།། དེ་དག་ཚོགས་པའི་དགོས་པ་ཡང།། བྱིན་རླབས་ཏིང་འཛིན་རིག་པ་ཡིས།། རིག་པ་རང་འཆར་བསྟན་མཛད་པས།། གཉིས་པ་ཉིད་ནི་བཤད་པ་ཡིན།། བརྒྱུད་པའི་གསང་ཉིད་བསྟན་པའི་ཕྱིར། ། བཞི་པ་དེ་ལྟར་བཀོད་པ་ཡིན།། དེ་དག་སྐལ་ལྡན་ལ་བསྟན་ཕྱིར།། ཉི་ཤུ་དྲུག་པ་བཀོད་པ་ཡིན།། འདི་དག་གཞི་ཉིད་བསྟན་པ་ཡིན།། སྐལ་ལྡན་རིགས་ཅན་རྣལ་འབྱོར་པ། ། གསང་བའི་དོན་ལ་གང་གནས་པ།། ལེགས་ཉེས་འབྲས་བུ་ལུང་བསྟན་ཕྱིར།། ཉི་ཤུ་པ་ཉིད་བསྟན་པ་ཡིན། དེ་ཉིད་དཀྱིལ་འཁོར་འཇུག་པའི་ཕྱིར།། བཅུ་གསུམ་པ་ཉིད་བསྟན་པ་ཡིན།། དམ་ཚིག་ཆེན་པོ་དཔོག་པའི་ཕྱིར། ། བཅོ་ལྔ་པ་ཉིད་བསྟན་པ་ཡིན།། དེ་དག་ཉིད་ལ་དབང་བསྐུར་ཞིང།། བཅུ་བཞི་པ་ཉིད་བསྟན་པ་ཡིན།། སྐལ་ལྡན་དབང་ཐོབ་གང་ཟག་གིས།། རྣ་བརྒྱུད་གདམས་པ་ཐོབ་དགོས་པས།། བདུན་པ་ལེགས་པར་བཀོད་པ་སྟེ། ། ལམ་གྱི་ངོ་བོ་བསྟན་པ་ཡིན།། བདག་དོན་རྟོགས་པ་མཐར་བྱིན་ཀྱང།། རྫོགས་པ་ཚིག་གི་ཡན་ལག་གིས།། བཤད་བྱ་མཛོད་དགུའི་བསྟན་པ་དག། གང་ཟག་དེ་ལ་བསྟན་པའི་ཕྱིར།། ལྔ་པ་དག་ནི་བཤད་པ་ཡིན། ། སེམས་ཉིད་མཛོད་དགུ་གཏེར་གྱི་བདག་ཀློང་དགུར་ཕྱེ་སྟེ་བསྟན་པའི་ཕྱིར།། ཉི་ཤུ་གཅིག་པ་བཀོད་པ་ཡིན།། ཀློང་དགུའི་བམ་པོ་ཉི་ཁྲི་ཡི།། བརྗོད་པའི་ལྡེ་མིག་བསྟན་པའི་ཕྱིར། ། གསུམ་པ་ཉིད་ནི་བཀོད་པ་ཡིན།། དེ་དག་ངེས་པའི་གསལ་རྟོགས་པས།། དྲུག་པ་ཉིད་ནི་བཀོད་པ་ཡིན།། གདམས་ངག་མེད་པའི་གང་ཟག་ལ།། གང་གིས་གང་ལ་བསྒྲིབས་པའི་ཕྱིར།། དགུ་པ་ལེགས་པར་བཀོད་པ་ཡིན། ། དེ་ཉིད་མ་བཅོས་བསྟན་རྟོགས་པས།། བརྒྱད་པ་ལེགས་པར་བསྟན་པ་ཡིན།། དེ་ཉིད་དབང་པོའི་ཁྱད་པར་གྱིས།། ཇི་ལྟར་འཚམ་པར་བསྟན་པའི་ཕྱིར།། ཉི་ཤུ་ལྔ་པ་བསྟན་པ་ཡིན། ། དེ་ཡིས་ཡིད་ཆེས་ངེས་པའི་ཕྱིར།། ཉི་ཤུ་གསུམ་པ་བསྟན་པ་ཡིན།། ངེས་པ་རྙེད་པས་ཀློང་དགུ་པའོ།། རིག་པ་གཅིག་ཏུ་རྟོགས་པའི་ཕྱིར།། ཉི་ཤུ་གཉིས་པ་བསྟན་པ་ཡིན།། རིག་པ་སྐྱེ་མེད་ཉམས་མྱོང་པས། ། བཅུ་གཅིག་པ་ཉིད་བསྟན་པ་ཡིན།། དེ་ཉིད་བར་ཆད་མེད་བསྒོམ་པ།། བཅུ་དྲུག་པ་ཉིད་གསལ་བར་བསྟན།། གདེང་དུ་གྱུར་པའི་རྣལ་འབྱོར་པས།། སྒོ་གསུམ་སྤྱོད་པ་བསྟན་པའི་ཕྱིར།། བཅུ་གཉིས་པ་ཉིད་བསྟན་པ་ཡིན། ། ལྟ་སྤྱོད་ཏིང་འཛིན་འབྲེལ་གོམས་པས།། བྱ་མེད་འཕྲིན་ལས་ལྷུན་གྲུབ་པས།། བཅུ་བདུན་པ་ཉིད་བསྟན་པ་ཡིན།། དེ་ལྟར་རྟོགས་གོམས་རྣལ་འབྱོར་ལ།། ས་དང་ལམ་ལ་རིམ་མེད་པས།། བཅོ་བརྒྱད་པ་ཉིད་བསྟན་པ་ཡིན། ། འདི་དག་ཡན་ལག་བཤད་པ་ཡིན།། དེ་ལྟར་ས་ལམ་མཐར་ཕྱིན་པས།། ཡེ་ཤེས་ལྔ་རྫོགས་ལྷུན་རྫོགས་པས།། བཅུ་དགུ་པ་ཉིད་བསྟན་པ་ཡིན།། དེ་ཉིད་ལྷུན་གྲུབ་འབྲས་བུ་བརྗོད། ། དེ་ལྟར་རྫོགས་པ་ཆེན་པོ་ཉིད།། མཚན་གྱི་དོན་ཉིད་ཤེས་བྱའི་ཕྱིར།། ཉི་ཤུ་བཞི་པ་གསལ་བར་བསྟན།། དེ་དག་མི་ནུབ་བསྟན་བྱའི་ཕྱིར།། ཉི་ཤུ་བདུན་པ་བསྟན་པ་ཡིན།། རང་བྱུང་རྫོགས་པའི་བདུད་རྩི་འདི། ། རྣ་བརྒྱུད་འཕྲུལ་ཚིག་མི་ལྡན་པར།། རང་བརྟགས་ལོག་པའི་འདུ་ཤེས་ཀྱིས།། ཡིད་སྤྱོད་རྫོགས་སུ་གང་འཇུག་པ།། བླ་མ་སློབ་མར་བཅས་པ་རྣམས།། བདུད་རྩི་དུག་ཏུ་གྱུར་པ་ལྟར།། ལྟ་སྤྱོད་ལོག་པའི་ང་རྒྱལ་གྱིས། ། རྡོ་རྗེའི་ཁབ་ཏུ་ལྟུང་གྱུར་ནས།། བྱང་ཆུབ་སེམས་ཀྱི་རིགས་དང་བྲལ།། ཞེས་གསུངས་སོ།། ནམ་མཁའི་མཐའ་དང་མཉམ་པའི་རྒྱུད་ཆེན་པོ་ལས།། རྡོ་རྗེ་སྙིང་པོའི་རྒྱུད་མན་ངག་གིས་གཏན་ལ་ཕབ་པའི་ལེའུ་སྟེ་ང་གཉིས་པའོ། །།། དེ་ནས་ཡང་སེམས་དཔའ་རྡོ་རྗེ་དམ་པ་ལ།། འདུས་པ་ཆེན་པོའི་ཚོགས་རྣམས་ཀྱིས་མགྲིན་གཅིག་ཏུ་འདི་སྐད་ཅེས་གསོལ་ཏོ།། དུས་གསུམ་རྒྱལ་བ་ཐམས་ཅད་ཀྱི།། སྙིང་པོ་རང་བྱུང་རྒྱལ་པོ་ལ། ། སྐྱེ་ཤི་རེ་དོགས་མི་གནས་ཀྱང།། ཐུགས་རྗེའི་མངའ་བདག་ཁྱོད་ཀྱིས་ནི།། འཆི་བདག་ཡེ་ཤེས་ལ་བཟླས་ཏེ།། འགྲོ་བར་རེ་དོགས་གཅོད་པར་མཛོད།། ཅེས་ཞུས་སོ།། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བའི་བདག་པོ་དེས་འདི་སྐད་ཅེས་བཀའ་སྩལ་ཏོ། ། རང་བྱུང་རིག་པའི་རྒྱལ་པོ་ཉིད།། མ་ལུས་ཀུན་གྱི་རང་བཞིན་ཡང།། དེ་ཉིད་ཀུན་བཟང་རིག་པ་སྟེ།། ཐོག་མ་མཐའ་མ་དངོས་མེད་པས། ། དེ་ཉིད་བདེ་བ་ཆེན་པོ་ལ།། དྲན་རྟོག་བདེ་སྡུག་ཅིར་སྣང་ཡང།། མ་བཅོས་བདུད་རྩིའི་ཐིག་ལེར་བརྟག། རང་བྱུང་བདུད་རྩིའི་ཕོ་བྲང་ནས།། གསང་བའི་ཐིག་ལེ་འདུ་ཞིང་འཕྲོ།། རྩ་བ་མ་སྐྱེས་ཨ་ལས་བྱུང། ། རྩེ་མོ་ཕྱོགས་མེད་ནམ་མཁའི་ཀློང།། ངོ་བོ་ཐིག་ལེ་མི་གཡོ་བ།། བརྟགས་པས་སྟོང་པའི་ངང་དུ་ཐིམ།། གནས་པ་དང་ནི་རྒྱུ་བ་དང།། ཐིམ་པར་རང་བྱུང་བདེ་ཆེན་གསལ།། མ་ལུས་བདུད་རྩི་ཐིག་ལེ་ཡིས། ། འཆི་བའི་རེ་དོགས་གཅད་པ་ཡིན།། བདུད་རྩི་རྒྱུ་བའི་རིག་པ་ཉིད།། གང་ལ་བརྟེན་པའི་ཡེ་ཤེས་ཏེ།། ཕྱི་ནང་ཕྱོགས་རིས་ཁ་དོག་དབྱིབས།། བར་མའི་རིག་པ་བརྟགས་པ་ལས།། ནམ་མཁའི་དཀྱིལ་འཁོར་མངོན་དུ་སྣང། ། དང་པོའི་དཀྱིལ་འཁོར་ཕྱོགས་མེད་ལ།། གསང་བའི་དབང་པོས་བལྟས་པ་ལྟར།། དང་པོར་མིག་དང་ཕྲད་པར་བྱ།། དེ་ནས་མཐོང་བའི་དོན་ལ་བརྟག། རིག་པ་གདེང་གི་དོན་ཐོབ་ནས། ། མ་ལུས་ཀུན་ཀྱང་དེ་བཞིན་ཏེ།། ཕྱོགས་མེད་ནམ་མཁའི་རང་བཞིན་ལ།། སྐྱེས་བུས་རལ་གྲི་བཏབ་པའམ།། དད་པའི་རང་བཞིན་འབིགས་པ་ལྟར།། བླུན་པོ་རྟོག་པས་བཅིངས་འགྱུར་གྱི།། དེ་ཉིད་མཐོང་བའི་རྣལ་འབྱོར་ལ། ། འཕོ་བའི་རེ་དོགས་གཅད་པ་ཡིན།། གང་དུ་དེ་དག་བརྟན་གྱུར་ན།། རིག་པ་རྒྱུ་བ་གཉིས་མེད་པ།། སྨིག་སྒྱུ་རླུང་དང་འདྲེས་པ་ལྟར།། དེ་ཉིད་རིག་པའི་སྟོབས་ཀྱིས་བསྒོམ།། དེ་ལྟར་གསལ་བརྟན་འཇིགས་བྲལ་ན། ། སྔ་ཕྱི་སྐྱེ་གནས་འཇིགས་པ་མེད།། ནམ་མཁའ་བསྒྲིབས་མེད་དངས་པ་ལ།། གསལ་བ་འཆར་ནུབ་མེད་པ་ལྟར།། རང་བཞིན་མ་སྐྱེས་ཕྱོགས་མེད་ལ།། རིག་པ་འཆར་ནུབ་མེད་པར་བརྡལ།། ནམ་ཞིག་བསླུ་བར་འདོད་པ་ན། ། རྒྱུ་བ་རིག་པའི་ཐིག་ལེ་ཉིད།། གནས་པ་ཨ་ཡི་ངང་ལ་བསྟིམ།། རླུང་སེམས་ནམ་མཁའི་ཉམས་མྱོང་གིས།། བསྡུས་ཏེ་ནམ་མཁའི་གློང་ལ་ཐིམ།། དང་པོ་རྒྱུ་བའི་ཐིག་ལེ་སྟེ།། གཉིས་པ་རིག་པའི་ཐིག་ལེ་སྟེ། ། གསུམ་པ་གཉིས་མེད་ཐིག་ལེ་ཉིད།། མ་འཕོས་བར་དུ་ངེས་པར་བྱ།། གང་དུ་དམན་པའི་རྣལ་འབྱོར་ལ།། འཆི་བདག་དབང་པོ་བཟློག་པའི་ཕྱིར།། བསམ་གཏན་གསུམ་གྱི་རྣལ་འབྱོར་གྱི། ། འཆི་བའི་རེ་དོགས་རྣམ་པར་གཅད།། ཐིག་ལེ་བསྡུ་བའི་ངོ་བོ་ནི།། ཇི་སྙེད་བྱ་བའི་སྤྱོད་པ་ནི།། བདག་ཉིད་སྤྱི་ཡི་ཚུལ་དུ་སྡུད།། དེ་ཉིད་གནས་པ་འབྱུང་བཞི་རླུང།། འདི་དག་དུས་ནི་གསུམ་ཡིན་ལ།། མངོན་དུ་ངེས་ཤེས་མི་སྐྱེ་ལ། ། བླ་མས་བྱིན་གྱིས་མ་བརླབས་ན།། ཐུག་ཕྲད་ལམ་ལ་རྨོངས་པ་དང།། འཆི་མེད་བདུད་རྩི་དོན་མི་རྟོགས།། དུས་གསུམ་རིག་པས་ངེས་མཐོང་ལ།། རྐྱེན་དང་ལྡན་པའི་རྣལ་འབྱོར་པས།། བར་ཆད་མ་ལུས་བསལ་བྱས་ཏེ། ། སྙན་པའི་རོལ་མོར་བཅས་པ་ཡིས།། དོན་དང་ལྡན་པའི་སྒྲ་གསུམ་གྱིས།། ཐུན་ཚད་ཉམས་དང་མཉམ་སྦྱར་ནས།། དྲན་དལ་གསུམ་གྱི་སྒྲ་ཡིས་བསྟན།། ཐ་མ་ཉིན་ཞག་བདུན་གྱིས་ཏེ། ། རེ་དོགས་ཆད་པ་ཉམས་མྱོང་གིས།། བར་མ་སྲིད་པའི་ཆོས་མེད་པར།། སྐྱེ་བ་ལེན་པའི་སྡུག་བསྔལ་བྲལ།། འཁོར་བའི་རེ་དོགས་རྣམ་པར་ཆད།། སྡུག་བསྔལ་ཟད་ནས་བདེ་ཀློང་འཁྱིལ།། ཞེས་གསུངས་སོ། ། ནམ་མཁའི་མཐའ་དང་མཉམ་པའི་རྒྱུད་ཆེན་པོ་ལས།། སྲོག་ཡེ་ཤེས་ཀྱི་བདུད་རྩི་ནམ་མཁར་ཐིམ་པའི་ལེའུ་སྟེང་གསུམ་པའོ།།།། དེ་ནས་ཡང་སེམས་དཔའ་རྡོ་རྗེ་དམ་པ་ལ། འདུས་པ་ཆེན་པོའི་ཚོགས་ཀྱིས་འདི་སྐད་ཅེས་གསོལ་ཏོ། ། དུས་གསུམ་རྒྱལ་བ་ཐམས་ཅད་ཀྱི།། རིག་པ་གསུང་གི་འཁོར་ལོ་བདག། བརྒྱུད་པ་གསུམ་གྱི་གསང་བ་འཆང།། མགོན་པོ་ཁྱོད་ལ་གསོལ་བ་ནི།། མ་ལུས་སེམས་སུ་རང་གནས་ཀྱང། ། རང་རྐྱེན་ལོག་པའི་སྟོབས་ཀྱིས་དཀྲུགས།། མ་བཅོས་རྫོགས་པའི་དོན་མ་མཐོང།། མ་ལུས་སེམས་ཉིད་སྐྱེ་མེད་དུ།། ཁྱེད་ཀྱིས་བྱིན་གྱིས་བརླབ་པར་མཛོད།། ཅེས་གསོལ་ཏོ།། དེ་ནས་གསང་བའི་བདག་པོ་ཕྱག་ན་རྡོ་རྗེས་འདི་སྐད་ཅེས་བཀའ་བསྩལ་ཏོ། ། རང་བྱུང་ཡེ་ཤེས་ཀུན་གྱི་བདག། སངས་རྒྱས་ཀུན་གྱི་སྙིང་པོ་སྟེ།། མ་ལུས་འགྲོ་བ་ཐམས་ཅད་ལ།། གནས་པ་གསུམ་གྱིས་གནས་གྱུར་ཀྱང།། རྒྱལ་པོའི་ཕྲུ་དགུ་འཁྱམས་པ་ལྟར། ། རང་གི་མཚན་ཉིད་མ་རྟོགས་སོ།། མ་ལུས་སེམས་ཀྱི་རང་བཞིན་ཏེ།། རྒྱུ་བ་བྲལ་བ་མངོན་སུམ་ཉིད།། ཟག་པ་མེད་པའི་དྭངས་མ་སྟེ།། མ་ལུས་སྙིང་པོར་གཅིག་པ་ཡིན།། གང་དུ་ལོག་སྟོབས་དྲག་པོ་ཡིས། ། མེད་ལས་དངོས་པོར་རགས་པར་སྣང།། གང་དུ་མཐོང་བའི་སྟོབས་ལོག་པས།། རང་བྱུང་སྙིང་པོའི་འོད་ལ་བསྒྲིབས།། ཐབས་དང་བྲལ་བའི་རྣལ་འབྱོར་པས།། ཇི་ལྟར་བལྟས་ཀྱང་དོན་མི་མཐོང། ། འཕྲུལ་ཚིག་བརྡ་ཡིས་གཏན་ལ་དབབ།། གསང་བའི་དོན་གྱི་རྟོགས་པས་བལྟ།། མ་བཅོས་ཡན་པར་བཞག་པས་བསྒོམ།། རེ་དོགས་མེད་པའི་ཚུལ་གྱིས་སྤྱད།། སྟོང་ཉིད་ནམ་མཁའི་རྡོ་རྗེ་ལ།། རིག་པས་མ་བཅོས་བལྟས་པའི་ཚེ། ། མ་ལུས་ནམ་མཁའ་ཆེན་པོ་ཉིད།། དེ་ཉིད་དངོས་པོར་སྣང་བ་མཐོང།། མ་བཅོས་སྣང་བའི་རང་བཞིན་ལ།། རྩེ་གཅིག་དྲན་པས་བལྟས་པའི་ཚེ།། གང་བལྟས་སྟོང་ཉིད་རང་བཞིན་ཏེ།། དེ་དག་ཇི་བཞིན་ཡིན་པར་མཐོང། ། སྣང་སྲིད་ཇི་སྙེད་མ་ལུས་པ།། སེམས་ཉིད་ཐིག་ལེའི་རང་བཞིན་ལ།། རྟོགས་པར་འདོད་པའིརྣལ་འབྱོར་པས།། དངོས་པོ་རང་སྣང་མ་རྟོགས་པར།། སྒྲ་དང་ཚད་མ་གཏན་ཚིགས་དང། ། བཅོས་མའི་ཐབས་ནི་སྣ་ཚོགས་པས།། བཙལ་བས་དངོས་པོའི་དོན་མི་རྙེད།། དངོས་འཛིན་ཕྱོགས་ཀྱི་འདུ་ཤེས་ཀྱི།། ཕྱོགས་བྲལ་ནམ་མཁའི་རང་བཞིན་ལ།། མཐའ་དབུས་མེད་པར་བཙལ་བསྒྲུབས་ཀྱང། ། སྣང་སྲིད་ནམ་མཁའི་མཐའ་ཚོལ་འདྲ།། གང་ཞིག་མ་བཅོས་རྟོགས་འདོད་པས།། མ་ལུས་ཇི་སྙེད་སྣང་བ་ཀུན།། རྣལ་འབྱོར་གཅིག་གིས་རིག་པ་སྟེ།། འདྲེས་པ་ཕྱེ་ལ་ངོ་བོར་བསྟན།། སྣང་འགྱུར་པ་ཡི་གནས་སྐབས་ཀྱིས། ། སྣང་བ་སེམས་སུ་ཐེ་ཚོམས་མེད།། ཐ་མལ་སྣང་བ་བསྟན་རེག་ཅན།། སྤྱོད་པ་དང་ནི་རེ་དོགས་དང།། ཤེས་པ་འདུལ་བས་ཉམས་མྱོང་ཡིན།། གང་དུ་རྡོ་རྗེ་བླ་མ་ཡིས།། རྣ་བརྒྱུད་ཚིག་གསུམ་མན་ངག་གིས། ། ཚིག་དང་བྲལ་བ་མངོན་དུ་བསྟན།། སྲོག་གི་ཐིག་ལེ་རྒྱུ་བ་ཡིས།། རྒྱུ་བ་མེད་པའི་དོན་དུ་བསྟན།། སྣང་སྲིད་མཚན་མའི་དངོས་པོ་ཡིས།། མཚན་མེད་རིག་པ་མངོན་དུ་བསྟན།། དེ་ལྟར་རིག་པའི་ཉམས་མྱོང་ཡང། ། དུས་གསུམ་ཉིད་ཀྱིས་ཤེས་པ་ཡིན།། རྣ་བརྒྱུད་ལུང་གི་བདུད་རྩི་ཡིས།། མ་ལུས་སེམས་སུ་མངོན་རྟོགས་ཏེ།། དེ་ཉིད་དངོས་པོ་ཡོད་མིན་པ།། རྒྱུ་བ་ཆད་པའི་དུས་ཀྱིས་གསལ།། རྣ་བས་མཉན་པས་རིག་པ་ཐོས། ། དེ་དང་དེ་དེར་བཅས་པ་ཉིད།། མ་སྐྱེས་སྟོང་པའི་ཀློང་དུ་མཐོང།། དུས་གསུམ་གཅིག་ལ་ཀུན་རྫོགས་པས།། སྔ་ཕྱི་མེད་པའི་ངོ་བོ་སྟེ།། རིག་པ་མངོན་སུམ་ཉམས་ཀྱིས་གསལ།། དེ་ཉིད་དུས་གསུམ་ངོ་བོར་གནས། ། རེ་དོགས་བཅད་པའི་རྣལ་འབྱོར་ལ།། མ་བསྒོམས་སེམས་ལ་ཡེངས་པ་མེད།། འཕྲ་མེད་རྟོགས་པའི་རྣལ་འབྱོར་ལ།། དུས་གསུམ་གཅིག་ཏུ་བརྟག་པའམ།། འཕེན་པ་དང་པོས་མཚམས་སྦྱར་ཏེ། ། ཆུ་བོ་ལྟ་བུར་མ་ཡེངས་བསྒོམ།། མི་བརྟན་ཡལ་བའི་གང་ཟག་གིས།། མཐོང་ནས་རིག་པའི་ཉམས་མྱོང་ལ།། རི་གཟར་དྲག་པོའི་འབབ་ཆུ་ལྟར།། རྩེ་གཅིག་གནས་པའི་མན་ངག་གིས།། ཇི་སྙེད་ཉམས་མྱོང་ངོ་བོར་སྡུད། ། རིགས་ངན་ལོག་པའི་སློབ་དཔོན་ནི།། རྒྱལ་བའི་བཀའ་བརྒྱུད་མི་ཤེས་ཤིང།། རྣ་བརྒྱུད་བདུད་རྩི་བྲལ་བ་དང།། སྤྱི་བླུགས་དབང་དོན་མ་ཐོབ་པར།། ང་རྒྱལ་དྲེགས་པའི་འདུ་ཤེས་ཀྱིས།། རྫོགས་ཆེན་དོན་ལ་གང་སྤྱོད་པ། ། དམུས་ལོང་ལམ་སྣ་འདྲེན་པ་ལྟར།། བསྐལ་པ་ནམ་མཁའ་ཟད་པའི་བར།། བདག་ཉིད་བདེར་ཡང་མི་ནུས་ན།། གཞན་དག་གྲོལ་པར་ཇི་ལྟར་འགྱུར།། དེ་བས་ལོག་པའི་བླ་མ་ནི།། ཕྲད་པས་ལོག་པའི་ལམ་སྟོན་ཅིང། ། འགྲོགས་པས་འཁོར་བའི་མཚན་མ་འཕེལ།། དབང་དང་མན་ངག་བྱིན་པའི་མཐུས།། སྡུག་བསྔལ་བརྐམ་ཆགས་དྲག་པོ་སྐྱེ།། དྲན་པས་ཡིད་སྐྱོའི་འདུ་ཤེས་འབྱུང།། འདི་ལྟ་བུ་ཡི་སློབ་དཔོན་ནི། ། རྨི་ལམ་དུ་ཡང་མི་བསམ་ན།། ལོངས་སྤྱོད་དབུལ་ཞིང་བཀུར་བ་དང།། མངོན་དུ་ཕྲད་པ་སྨོས་ཅི་དགོས།། ཞེས་གསུངས་སོ།། ནམ་མཁའི་མཐའ་དང་མཉམ་པའི་རྒྱུད་ཆེན་པོ་ལས།། རྣ་བརྒྱུད་ཚིག་གསུམ་གྱི་ལེའུ་སྟེ་ང་བཞི་པའོ། །།། དེ་ནས་ཡང་སེམས་དཔའ་རྡོ་རྗེ་དམ་པ་ལ་འདུས་པ་ཆེན་པོའི་ཚོགས་ཀྱིས་འདི་སྐད་ཅེས་གསོལ་ཏོ།། དུས་གསུམ་རྒྱལ་བ་ཐམས་ཅད་ཀྱི།། རྡོ་རྗེ་རིག་པ་སྙིང་པོའི་ངང། ། བསྒྲུབ་ཅིང་འབད་རྩོལ་བྲལ་བ་ཉིད།། སངས་རྒྱས་ཀུན་གྱི་སྙིང་པོ་ཆེ།། མ་ལུས་ཀུན་འདུས་རིག་པའི་གཏེར།། མགོན་པོ་ཁྱོད་ལ་གསོལ་བ་ནི།། རྡོ་རྗེའི་དོན་ནི་ཇི་ལྟར་ལགས།། སྙིང་པོ་ཞེས་པའི་དོན་ཅི་ཞིག། གཏན་ལ་དབབ་ཚུལ་ཇི་ལྟ་བུ།། ཕེབས་ན་གནས་ཚུལ་དོན་ཅི་ཞིག། མ་འོངས་སྐལ་ལྡན་དོན་གྱི་ཕྱིར།། བདག་ཅག་རྣམས་ལ་ལེགས་པར་གསུངས།། ཞེས་གསོལ་ཏོ།། དེ་ནས་གསང་བའི་བདག་པོ་ཕྱག་ན་རྡོ་རྗེས་འདི་སྐད་ཅེས་བཀའ་སྩལ་ཏོ། ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི།། དགོངས་པའི་རིག་པ་སྐྱེ་བ་མེད།། གདོད་ནས་རང་བྱུང་སྙིང་པོ་སྟེ།། མི་ཕྱེད་རྡོ་རྗེ་ཞེས་སུ་བཤད།། མ་བཅོས་རང་བྱུང་ཡེ་ཤེས་ནི། ། མཚོན་པ་རྡོ་རྗེ་གསུམ་ལས་བྱུང།། ཆོས་ཉིད་མ་བཅོས་རྡོ་རྗེ་ནི།། གྲུབ་ནས་འཇིག་པའི་དུས་མེད་དོ།། སྐྱེ་མེད་རིགས་ལྡན་རྡོ་རྗེ་ནི།། རྡོ་རྗེས་རྒྱས་ཐེབས་བླ་ཡིས།། སྣང་སྲིད་རིག་པ་རྡོ་རྗེ་རུ།། མཚོན་པ་རྡོ་རྗེས་གཏན་ལ་ཕབ། ། རང་བྱུང་རིག་པའི་རྡོ་རྗེ་ནི།། རྒྱུ་རྐྱེན་བྲལ་བས་སྐྱེ་བ་མེད།། གཉེན་པོ་བྲལ་བས་འཇིག་པ་མེད།། བསམ་བྲལ་རིག་པ་ཅིར་མི་དགོངས།། གཉིས་མེད་ཡེ་ཤེས་རྡོ་རྗེ་ནི།། སྟོང་ཉིད་ནམ་མཁའི་དོན་རྟོགས་པས། ། སྣང་སྲིད་བདེ་ཆེན་རྡོ་རྗེ་ཉིད།། མ་བཅོས་རོ་གཅིག་ཁྱད་པར་མེད།། རྡོ་རྗེ་རང་བྱུང་སྙིང་པོ་ཅན།། མ་ལུས་ཀུན་འདུས་གཉིས་སུ་མེད།། བདེ་ཆེན་ཀློང་གི་འོད་བརྡལ་བས།། ཕྱོགས་རིས་མེད་པར་ཁྱབ་པར་གནས། ། རང་བྱུང་རྫོགས་པའི་སྙིང་པོ་ན།། མ་ལུས་འདུས་པའི་སྙིང་པོ་སྟེ།། ཐིག་ལེ་ཕྱོགས་མེད་ནམ་མཁའི་ཀློང།། ཕྱོགས་མེད་བདེ་བ་ཆེན་པོར་གནས།། མི་ཕྱེད་པ་དང་འཇོམས་པ་དང།། གཉེན་པོ་མེད་དང་མི་འཇིག་དང། ། རྟག་པ་ཆེན་པོ་ཉིད་ཀྱི་ཕྱིར།། རྡོ་རྗེ་ཞེས་ནི་བརྗོད་པ་ཡིན།། མ་ལུས་ཆོས་རྣམས་ཐམས་ཅད་ཀུན།། འདུ་ཞིང་འབྱུང་བའི་སྙིང་པོ་སྟེ།། དངོས་རྣམས་ཀུན་གྱི་དེ་ཉིད་དོན།། མ་ལུས་འབྱུང་བའི་སྙིང་པོ་ཡིན། ། མ་ལུས་འདུས་པའི་ངོ་བོ་ནི།། རིག་པ་སྐྱེ་མེད་སྙིང་པོ་སྟེ།། རེ་དོགས་གསལ་བའི་ཡུལ་འདས་པ།། སངས་རྒྱས་སེམས་ཅན་མཉམ་དུ་གནས།། མ་བཅོས་རིག་པ་ཡེ་ཤེས་ནི།། སྒྲོ་སྐུར་འདས་པའི་སྙིང་པོ་སྟེ། ། མ་ལུས་ཀུན་འདུས་སྙིང་པོ་ཅན།། ཐ་དད་གཞན་པའི་རྣམ་པ་མེད།། མ་ལུས་རང་བྱུང་སྙིང་པོ་ཉིད།། དམན་པ་རྣམས་ཀྱི་ཡུལ་མིན་པས།། དུས་གསུམ་སངས་རྒྱས་མ་ལུས་ལ།། རེ་དོགས་བཅད་པའི་བསྟན་པ་ཉིད། ། དགོངས་པས་ཕྱོགས་རིས་མེད་པར་བསྟན།། སྐད་ཅིག་ཙམ་གྱིས་རྫོགས་སངས་རྒྱས།། རེ་དོགས་བཅད་པས་ལྷུན་གྱིས་གྲུབ།། རིག་པ་ལོངས་སྤྱོད་རྫོགས་པ་དེས།། ས་བཅུའི་དབང་ཕྱུག་རྣལ་འབྱོར་ལ། ། དགོངས་པ་ཆོས་ཉིད་བདེ་ཆེན་བཤད།། ཏིང་འཛིན་རིག་པའི་གདེང་གིས་གོ། མ་བགྲོད་སངས་རྒྱས་ས་ལ་གནས།། དུས་གཅིག་སངས་རྒྱས་ས་ལ་བཞག། སྟོན་པ་སྤྲུལ་པའི་སྐུ་ཡིས་ནི།། མངོན་དུ་བསྟན་པའི་སྐལ་མེད་ལ། ། བརྗོད་པའི་ཚིག་གི་ལྡེ་མིག་གིས།། མ་བཅོས་དོན་ལ་བརྒྱུད་དེ་བསྟན།། རང་བྱུང་བྱང་ཆུབ་སྙིང་པོའི་ལུས།། ཕྱོགས་མེད་ཉི་མའི་སྙིང་པོ་ལྟར།། གསལ་ནས་བར་ཆད་མེད་པའི་ལ།། མངོན་དུ་སྐུ་གསུམ་བསྟན་པ་ལྟར། ། མ་འོངས་སྐལ་ལྡན་རྣལ་འབྱོར་ལ།། བརྒྱུད་པ་གསུམ་གྱིས་ཤེས་པར་བྱ།། སྐལ་ལྡན་དབང་པོའི་ཁྱད་པར་གྱིས།། དགོངས་པས་བྱིན་གྱིས་བརླབས་པ་དང།། མ་རིག་མཉམ་ཉིད་སེམས་ལ་སྣང། ། རྣ་བརྒྱུད་གསང་བའི་འཕུལ་ཚིག་གིས།། རྣ་ལམ་མ་བཅོས་དོན་ལ་སྦྱར།། མ་ནོར་དམ་པའི་རིགས་ཅན་ལ།། མ་བཅོས་དགོངས་པ་གཏན་ལ་ཕབ།། གསང་དོན་ཐབས་ཀྱིས་ངེས་རྟོགས་ནས། ། རིག་པ་ཉམས་ཀྱི་གོམས་ཚད་ཀྱིས།། མ་ལུས་དྲན་རིག་ཉམས་སུ་འབར།། མ་བཅོས་བཏང་བཟུང་མེད་པའི་སེམས།། རིན་ཆེན་གླིང་ལ་བགྲོད་པའམ།། རྒྱ་མཚོའི་སྙིང་པོར་གནས་པ་ལྟར།། སྣ་ཚོགས་ཞེན་པ་རང་ལོག་ནས། ། རིག་པའི་ཉམས་ནི་གཅིག་ཏུ་གསལ།། ཞེས་གསུངས་སོ།། ནམ་མཁའི་མཐའ་དང་མཉམ་པའི་རྒྱུད་ཆེན་པོ་ལས།། རྡོ་རྗེ་སྙིང་པོ་གཏན་ལ་ཕབ་པའི་ལེའུ་སྟེ་ལྔ་བཅུ་ང་ལྔ་པའོ།།།། དེ་ནས་ཡང་སེམས་དཔའ་རྡོ་རྗེ་དམ་པ་ལ། ། འདུས་པའི་ཚོགས་ཀྱིས་འདི་སྐད་ཅེས་གསོལ་ཏོ།། དུས་གསུམ་རྒྱལ་བ་ཐམས་ཅད་ཀྱིས།། ཡེ་ཤེས་རང་བཞིན་ཁྱོད་ཡིན་པས།། སངས་རྒྱས་ཀུན་གྱིས་མཛད་པར་ཤར།། རྒྱུད་ཀུན་འདུས་པའི་རྩ་བ་ཞེས། ། རྒྱལ་བ་རྣམས་ཀྱི་གསུངས་པའི་དོན།། མགོན་པོས་བདག་ཅག་རྣམས་ལ་གསུངས།། ཞེས་གསོལ་ཏོ།། དེ་ནས་སེམས་དཔའ་རྡོ་རྗེ་དམ་པས་འདི་སྐད་ཅེས་བཀའ་སྩལ་ཏོ།། ཨེ་མཧོ་སངས་རྒྱས་ཐམས་ཅད་ཀྱིས། ། རང་བྱུང་ཐིག་ལེ་མཚོན་པའི་ཐབས།། བཀའ་རྒྱུད་མ་ལུས་ཐམས་ཅད་ཀྱི།། དམ་པའི་སྙིང་པོ་དྲི་མ་མེད།། ཨེ་མཧོ་ཡེ་ཤེས་མཆོག་གི་དོན།། ཨེ་མཧོ་ཤིན་ཏུ་རྟོགས་པར་དཀའ།། ཨེ་མཧོ་རྒྱལ་བ་ཀུན་གྱི་ལམ། ། ཨེ་མཧོ་མཆོག་ཏུ་མྱ་ངན་འདས།། འདི་ནི་སངས་རྒྱས་ཐམས་ཅད་ཀྱི།། ཡེ་ཤེས་སྙིང་པོ་དྲི་མ་མེད།། རྡོ་རྗེ་ནམ་མཁའི་དཀྱིལ་ལྟ་བུ།། དམ་པ་རྣམས་ཀྱིས་དགོངས་པ་ཉིད།། རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ། ། དུས་གསུམ་འགྱུར་མེད་རང་གི་དབྱིངས།། རང་བྱུང་ཕྱོགས་རིས་ཡུལ་མེད་པས།། མི་སྐྱེ་མི་འགག་ཅིར་མི་དགོངས།། ཕྱི་ནང་སྤྱོད་ཡུལ་ཐམས་ཅད་ཀུན།། རང་ཐིག་ལེའི་དར་དུ་བསྡུ།། དེ་ཉིད་ཕྱོགས་མེད་རང་སྣང་བས། ། སངས་རྒྱས་སེམས་ཅན་རེ་དོགས་མེད།། སྣ་ཚོགས་སྐུ་གསུང་ཐུགས་སུ་བསྡུས།། དེ་ཉིད་རིག་པ་སྐྱེ་མེད་དེ།། རང་བྱུང་སྙིང་པོ་ཀློང་ཐོབ་པས།། ཕྱོགས་འཛིན་རྣམ་རྟོག་ཟིལ་གྱིས་མནན། ། ཇི་སྙེད་ཕུང་པོ་ལྔ་བདག་ཉིད།། དེ་ཉིད་གཟུང་འཛིན་བདག་ཉིད་དེ།། དག་དང་མ་དག་གཅིག་ཏུ་འདྲེས།། བསྒོམ་དུ་མེད་པའི་ཐིག་ལེར་གསལ།། མི་དམིགས་ཡུལ་མེད་ཐིག་ལེ་ཉིད།། སྒྲོ་སྐུར་འདས་པའི་དོན་རྟོགས་ནས། ། ཡོད་མེད་རེ་དོགས་ཆད་པའི་ལམ།། ཕྱོགས་མེད་རང་བྱུང་ཀུན་ལ་འཇུག། མ་རྟོགས་འཁོར་བའི་རྩ་བ་ནི།། རང་སེམས་ཙིཏྟའི་དཀྱིལ་འཁོར་ལྔ།། པདྨ་སྐྱོན་བྲལ་ཡོན་ཏན་ལྟར།། མ་ལུས་རྨད་བྱུང་སངས་རྒྱས་ས། ། འཁོར་འདས་མ་ལུས་ཀུན་གྱི་རྩ།། རང་སེམས་མ་བཅོས་སྙིང་པོ་སྟེ།། བརྟགས་པས་ནམ་མཁའ་ལས་འདས་པ།། མཚོན་ཅིང་བརྟག་པའི་ཡུལ་ལས་འདས།། རྩ་བ་མེད་པའི་རིག་པ་ཉིད།། ཆོས་རྣམས་ཀུན་གྱི་རྩེ་མོ་སྟེ། ། ཐབས་ཀྱིས་རྟོགས་ན་བྱུང་རྒྱལ་ཉིད།། མ་ལུས་རེ་དོགས་བཅད་པ་ཡིན།། མ་ལུས་བདག་ཉིད་ཡིན་རྟོགས་ནས།། བདག་ཉིད་རྟོགས་པས་ཕ་རོལ་ཕྱིན།། བདེ་བས་བདེ་རྟོགས་བདེ་ཆེན་རྟོགས། ། དམ་ཚིག་བདེ་རྟོགས་བདེ་བའི་མཆོག། སྲོག་ནི་ནམ་མཁའི་རྡོ་རྗེ་སྟེ།། འཁོར་ལོ་བསྐོར་བ་མ་ལུས་གཅོད།། ཕྱི་ནང་སྣོད་བཅུད་ཐམས་ཅད་ཀུན།། མཉམ་པ་ཆེན་པོའི་ངང་དུ་བསྐོར།། མ་ལུས་ཆོས་རྣམས་ཐམས་ཅད་ཀྱི། ། ངོ་བོ་སེམས་སུ་གཅིག་པས་ན།། གསང་བའི་ཐབས་ཆེན་གཅིག་བསྟན་པས།། མ་ལུས་ཀུན་རྟོགས་རྒྱལ་པོའོ།། མ་བཅོས་རིག་པའི་ཐིག་ལེ་ལ།། བདེ་བ་ཆེན་པོའི་ཐིག་ལེ་བརྟག། བཅོས་པ་མེད་པའི་ཐིག་ལེ་བདེ། ། ཇི་སྙེད་སྔ་ཕྱི་ཆོས་རྣམས་ནི།། ཡུལ་དང་ཤེས་པ་གཉིས་འདུས་ཏེ།། དེ་ཉིད་མ་བཅོས་ཐིག་ལེར་འདུས།། དེ་ཉིད་རྟོགས་པས་རོ་གཅིག་གོ། མ་ལུས་བདག་ཉིད་ཀུན་རྫོགས་པས།། དག་དང་མ་དག་ཚིག་མཐའ་འདས། ། བདག་ཉིད་ཆུ་ལྟར་གཞན་མེད་པས།། མ་བཅོས་རྣལ་དུ་གནས་པ་ཉིད།། ཇི་སྙེད་ཐ་སྙད་མ་ལུས་པའི།། རིག་པ་ཀུན་ཀྱང་ཐ་སྙད་སྤྱད།། རེ་དོགས་འཇིགས་པ་ཀུན་བྲལ་བ།། མ་ལུས་ཀུན་གྱི་རྟོགས་བྱ་ཉིད། ། མ་བཅོས་རིག་པའི་དོན་ཉིད་ནི།། རྣ་བརྒྱུད་འཕྲུལ་གྱིས་རིམ་པར་བསྟན།། རྡོ་རྗེ་གསེར་གྱི་ཞེན་བ་ཀྲོལ་ནས།། ཐ་མ་མ་བཅོས་ངོ་བོར་བསྟན།། ཁམས་གསུམ་ཡིད་བཞིན་ནོར་བུ་སྟེ།། སྟོང་ལ་ཡོན་ཏན་ཀུན་འབྱུང་བ། ། ནམ་མཁའི་ནོར་བུས་དབང་བསྐུར་ནས།། རྒྱལ་བ་ཀུན་གྱི་དབང་པོ་ཡིན།། མ་ལུས་རྫོགས་པའི་ཐིག་ལེ་སྟེ།། སྙིང་པོའི་དམ་ལས་མ་འདས་ན།། དམངས་ཀྱི་ཆད་པས་མི་འཇིགས་ལྟར། ། མཚན་མའི་སྐྱོན་གྱིས་མི་འཇིགས་སོ།། མ་ལུས་ཀུན་བྱེད་བྱང་ཆུབ་སེམས།། རྒྱ་མཚོ་ཉི་ལྟར་འཇིགས་མེད་པས།། རེ་དོགས་སྤངས་པའི་སྤྱོད་པ་ཉིད།། འཆི་མེད་བདུད་རྩི་རྒྱལ་པོ་སྟེ།། འདི་ནི་རྒྱལ་བ་ཐམས་ཅད་ཀྱི། ། རྒྱུད་དོ་ཅོག་གི་རྩ་བ་སྟེ།། རྡོ་རྗེ་འདུས་པའི་སྙིང་པོ་ཡིན།། ཞེས་གསུངས་སོ།། ནམ་མཁའི་མཐའ་དང་མཉམ་པའི་རྒྱུད་ཆེན་པོ་ལས།། རྒྱལ་བ་ཀུན་གྱི་དགོངས་པའི་རྩ་བ་འདུས་པའི་ལུང་གི་ལེའུ་སྟེ་ང་དྲུག་པའོ། །།། དེ་ནས་དེ་བཞིན་གཤེགས་པ་གསང་བའི་བདག་པོ་ཆེན་པོ་དེ་དགོངས་པ་རྣལ་དུ་བཞག་པའི་དོན་འདི་གསུངས་སོ།། སྐལ་ལྡན་རིག་པའི་རྒྱལ་སྲས་ཀྱིས།། མ་ལུས་བྱ་བ་ཀུན་བྱས་ནས།། དམ་པའི་བླ་མ་བརྟེན་བྱས་ཏེ། ། རྣ་བརྒྱུད་བདུད་རྩི་འཐུངས་པ་ཡིས།། འཁོར་བའི་རེ་དོགས་ཀུན་བཅད་ནས།། ཕྱི་ནང་འཇུག་པའི་ཡུལ་མེད་པས།། མ་བཅོས་བྱང་ཆུབ་སེམས་ཀྱི་ཀློང།། སྙིང་པོ་ཤར་མེད་ནུབ་པ་མེད།། ཐོག་མ་ཐ་མ་མེད་པའི་སེམས། ། མ་ལུས་ཐིག་ལེའི་ཀློང་བརྡལ་བས།། བཅོས་པ་མེད་ཀྱི་ཅི་བདེར་ཞོག། ཕྱོགས་བཅུའི་རྒྱལ་བ་ཐམས་ཅད་ཀྱི།། སྙིང་པོ་རང་བྱུང་དོན་རྟོགས་ནས།། དགོངས་པ་རྣལ་དུ་བཞག་པ་ཡིས། ། །། རྒྱ་གར་སྐད་དུ། བོ་དྷི་ཙི་དྷ་མ་ཧཱ་སན་དྷི་ཛྙ་ན་གུ་ཧྱ་ཤི་ཏན་ཏྲ་པྲ་ཀ་ས་ཀོ་དྷི་ས་མ་དྷ་ནཱ་མ། བོད་སྐད་དུ། བྱང་ཆུབ་ཀྱི་སེམས་རྫོགས་པ་ཆེན་པོ་ཡེ་ཤེས་གསང་བ་བཤད་པའི་རྒྱུད་གསལ་བ་མཐའ་དང་མཉམ་པ་ཞེས་བྱ་བ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ།། འདི་སྐད་བཤད་པའི་དུས་ན། སྟོན་པ་བསྟན་པ་གནས་འཁོར་དུས།། ངོ་མཚར་ཆེན་པོ་ཨ་ལ་ལ།། སྟོན་པ་ཀུན་རིག་རྒྱལ་པོ་ཡིས།། འོག་མིན་རིག་པའི་གཞལ་ཡས་སུ། ། བསྟན་པ་ཨ་ཏི་ཡོ་ག་འདི།། གནས་ལུགས་སྟོང་པ་ཀུན་འབྱུང་འཁོར།། འཛིན་པ་སྡུག་བསྔལ་འཁོར་བའི་འཁོར།། ཡེ་ཤེས་རྣམ་དག་གྲོལ་བའི་འཁོར།། གནས་ལུགས་འཁོར་ལུགས་གྲོལ་ལུགས་གསུམ། ། དུས་གསུམ་རྟོགས་པའི་དུས་གཅིག་ན།། ཡིད་དང་ཆོས་ནི་ཀུན་ཏུ་བཟང།། འབྱུང་བ་ལྔ་ནི་ལྷ་མོར་ཤར།། ཕུང་པོ་ལྔ་ནི་རྫོགས་སངས་རྒྱས།། རྣམ་ཤེས་ཚོགས་བརྒྱད་སེམས་དཔར་གྲོལ།། ཡུལ་བརྒྱད་སེམས་མར་རྟོགས་པས་སུ། ། ཀུན་རྫོབ་ཡེ་ཤེས་སྒྱུ་མ་ལ།། འཇིག་རྟེན་བརྟན་གཡོ་ལ་སོགས་པ།། སྣང་བ་ཉིད་ན་ངོ་བོས་སྟོང།། སྟོང་དང་མི་སྟོང་མཐའ་མ་རེག། དེ་ཀུན་ཆོས་སྐུ་ཆེན་པོ་ཡིན།། རྣལ་འབྱོར་རྣམ་པ་བཞི་དག་དང། ། དུས་གསུམ་སངས་རྒྱས་ཐམས་ཅད་ཡང།། ང་ཡི་རང་བཞིན་རྟོགས་པ་ལ།། ང་འབྱེད་པ་མི་མངའ་བའི་ཐུགས་རྗེ་ཐབས་ཅིག་ཏུ་བཞུགས་སོ།། དེའི་ཚེ་དེའི་དུས་ན་ལྷའི་དབང་པོ་བརྒྱ་བྱིན་གྱིས་ཤིན་ཏུ་གདུང་བའི་ཐུགས་རྗེ་ཆེན་པོས་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ལ་འདི་སྐད་ཅེས་བསྐུལ་ཏོ། ། ཨེ་མ་ཧོ། གསུང་གི་མངའ་བདག་ཐམས་ཅད་ཀྱིས།། རྩོལ་བའི་ཐེག་པ་མཐར་སྟོན་ནས། ། རྩོལ་བྲལ་ཐེག་པ་མི་གསུང་བ།། ཐུགས་རྗེ་ཆེན་པོ་ཡལ་ལམ་ཅི།། སྐལ་ལྡན་གདུལ་བྱ་མཆིས་པ་ལ།། བྱ་བྲལ་བདུད་རྩི་ལྟ་བུ་ཡི།། སྐྱེ་མེད་ཡེ་ཤེས་གསང་བའི་རྒྱུད།། ནམ་མཁའ་ལྟ་བུ་བཤད་དུ་གསོལ། ། ཞེས་ཞུས་པ་དང།། དེ་ནས་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་དགོངས་པ་འདུས་ནས་མགྲིན་གཅིག་ཏུ།། རྡོ་རྗེ་སེམས་དཔའ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། ། ཐུགས་རྗེའི་རང་བཞིན་ཁྱོད་ཡིན་པས།། སངས་རྒྱས་ཀུན་གྱི་མཛད་པར་ཤར།། མཛད་པའི་འཕྲིན་ལས་ཁྱོད་ཀྱིས་མཛོད།། གསུང་གི་མངའ་བདག་ཐམས་ཅད་ཀྱི།། ཡེ་ཤེས་རང་བཞིན་ཁྱོད་ཡིན་པས།། ཐམས་ཅད་བྱང་ཆུབ་སེམས་སུ་གསལ། ། ཡེ་ཤེས་གསང་བ་ཁྱོད་ཀྱིས་ཤོད།། བདེ་གཤེགས་མ་ལུས་ཐམས་ཅད་ཀྱི།། སྐུ་ཡི་ངོ་བོ་དང་ལྡན་པས།། རྨད་བྱུང་རོལ་བའི་སྐུ་རུ་ཤར།། སྐུ་ཡི་སྤྲུལ་པ་ཁྱོད་ཀྱིས་ཁྱེ།། དུས་གསུམ་མངའ་བདག་ཐམས་ཅད་ཀྱི། ། ཡོན་ཏན་འདུས་པ་ཁྱོད་ཡིན་པས།། རྨད་བྱུང་རོལ་བའི་བྱིན་བརླབས་ཤར།། ཡོན་ཏན་ཐམས་ཅད་ཁྱོད་ལས་བྱུང།། སྐྱེ་མེད་ནམ་མཁའ་ལྟ་བུའི་ཐུགས།། ཚིག་གཅིག་དོན་ཀུན་རྫོགས་པའི་བདག། རིག་ཆེན་འཕྲུལ་གྱི་སྙིང་པོའི་སྒོ།། སྐལ་ལྡན་རྣམས་ལ་བསྟན་དུ་གསོལ།། ཞེས་གསུངས་པ་དང།། སྐྱེ་མེད་རྡོ་རྗེ་སེམས་དཔའ་དེ་རང་བཞིན་འདུས་མ་བྱས་པའི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལས་བཞེངས་ཏེ། ཨེ་མ་ངོ་མཚར་རྨད་བྱུང་གཙུག། རིན་ཆེན་འཕྲུལ་གྱི་ཐབས་ལྡན་པས།། གང་འདོད་འཐུན་པའི་སྒོ་དེ་ནས།། རྩོལ་མེད་དབྱིག་དང་ཕྲད་པར་བགྱི།། བྱང་ཆུབ་སེམས་ཀྱི་དངོས་པོ་ལ།། བརྗོད་པའི་ཐ་སྙད་ཀུན་བྲལ་ཡང། ། མ་རྟོགས་བློ་ལ་ཚིག་སྒོ་ནས།། གསུང་གི་སྒྲོན་མ་གསལ་བར་བགྱི།། ཞེས་གསུངས་སོ།། དེ་ནས་སངས་རྒྱས་རྡོ་རྗེ་སེམས་དཔའ་དེས། རིན་ཆེན་ཐུགས་ཀྱི་དཔལ་བེའུ་ནས། ཕྱག་ན་རྡོ་རྗེ་ཐུགས་ཁ་ནས་ཕྱུང་སྟེ། ཡེ་ཤེས་རང་འབར་བའི་རྡོ་རྗེ་འཁོར་བ་གཅོད་པ་དེ་ལག་ཏུ་གཏད་ནས་འདི་སྐད་ཅེས་གསུངས་སོ།། གཉིས་མེད་ཡེ་ཤེས་གསང་བའི་དོན།། བྱར་མེད་མི་རྩོལ་ཡེ་ཤེས་ཆེ།། དབུ་མ་ཆེན་པོའི་དྲང་པོའི་ལམ། ། འདུས་པའི་ཚོགས་ལ་བསྟན་པར་བགྱི།། ཞེས་གསུངས་སོ།། དེ་ནས་ཕྱག་ན་རྡོ་རྗེ་སེམས་དཔའ་ལ་འདི་སྐད་ཅེས་ཞུས་སོ།། ཆོས་རྣམས་ཀུན་གྱི་མཐར་ཐུག་པ།། རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ། ། ནམ་མཁའ་རྟོག་པ་སྐྱེ་མེད་ཅིང།། རྟོག་པ་དེ་ཉིད་ནམ་མཁའ་འདྲ།། མི་གང་ནམ་མཁའ་བསྔོ་བ་ལ།། རང་དོན་ཆེན་པོ་ནམ་མཁས་འབྱུང།། ཐུགས་རྗེ་ནམ་མཁའ་ཀུན་ལ་ཁྱབ།། ངེས་དོན་ཆོས་ཀྱི་རྒྱལ་པོ་འདི། ། ཚིག་གི་སྤྱོད་ཡུལ་མ་ཡིན་པས།། བདག་གིས་སྒྲོལ་བར་ཤིན་ཏུ་དཀའ།། མ་རྟོགས་པ་ལ་ཚིགས་སྒོ་ནས།། མཚོན་ནས་རྟོགས་པར་བྱ་བའི་ཕྱིར།། གདུལ་བྱ་སྐལ་ལྡན་ཡོད་པ་ལ།། ཅི་རིགས་པར་ནི་རྣམ་པར་སྒྲོལ། ། ཞེས་གསུངས་པ་དང།། དེའི་ཚེ་ལྷ་དེ་བ་བཟང་སྐྱོང་གི་བུ་ལྷའི་བུ་ཀུན་དགའ་སྙིང་པོ་ཞེས་བྱ་བ། ཁྱེའུ་སྣང་བ་བསམ་གྱིས་མི་ཁྱབ་པ་ཞེས་ཀྱང་བྱ།། ལྷ་བུ་སེམས་ལྷག་ཅན་ཞེས་བྱ་བ་དེས། གསང་བའི་རྡོ་རྗེ་ལ་ཞུས་པ། ཨེ་མ་ཧོ། སྟོབས་པོ་ཆེ་ལ་དྲག་ཤུལ་ཆེ།། རིག་སྔགས་གསང་སྔགས་དགེ་བ་པོ།། གདུལ་དཀའ་མ་ལུས་འདུལ་མཛད་པ།། སེམས་དཔའ་རྡོ་རྗེ་ཕྱག་འཚལ་བསྟོད།། ཡེ་ཤེས་ཞེས་ནི་གང་ལ་བགྱི། ། གསང་བ་ཞེས་ནི་ཇི་ལྟར་གསང།། རྒྱུད་ཅེས་བགྱི་བར་བཤད་དུ་གསོལ།། ཞེས་ཞུས་པ་དང།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། གདོད་ནས་མ་སྐྱེ་སྙིང་པོ་ཨ།། རང་བྱུང་ཡེ་ཤེས་རང་གི་སེམས། ། ཡེ་ཤེས་ཆེན་པོ་གང་འདོད་པ།། རང་གི་སེམས་ལ་བཙལ་བར་གྱིས།། འདི་ནི་ཀུན་ལ་བདལ་ཁྱབ་ཀྱང།། རང་གསང་ཐབས་ཀྱི་མཆོད་པས་ན།། ཡེ་ཤེས་གསང་བ་སྦས་པ་ནི།། གསང་བ་ཞེས་ནི་དེ་ལ་བྱ། ། རྒྱུད་ཅེས་བྱ་བ་བཞི་རུ་བཤད།། གཞི་ཡི་རྒྱུད་དང་ལམ་གྱི་རྒྱུད།། འབྲས་བུའི་རྒྱུད་དང་འདུས་པའི་རྒྱུད།། འདི་རུ་མ་འདུས་གང་ཡང་མེད།། གཞི་ནི་ཉི་མའི་སྙིང་པོ་ལ།། ལམ་ནི་ནམ་མཁའ་ལྟ་བུར་བདེ། ། འབྲས་བུ་ཡིད་བཞིན་ནོར་བུ་ལ།། འདུས་པ་རྒྱ་མཚོ་ལྟ་བུའོ།། ཞེས་བཀའ་སྩལ་ཏོ།། དེ་ནས་གསང་བའི་བདག་པོ་དེས།། སུམ་ཅུ་རྩ་གསུམ་ལྷ་གནས་སུ།། ཨ་མོ་ལི་ཀ་ཁྲི་སྟེངས་དེར།། གསེར་གྱི་མཆོད་རྟེན་བང་རིམ་བཞི། ། སྲོག་ཞིང་རྡོ་རྗེ་རྩེ་དགུའི་སྟེང།། ནང་བར་འོད་ཀྱི་ཞགས་པ་ཡིས།། སེམས་དག་ཅན་དེ་སྤྱན་དྲངས་ཏེ།། འཁོར་ལོ་འབར་བའི་སྟེང་དུ་གཞག། གསེར་གྱི་འཁོར་ལོ་རྩིབས་སྟོང་པ།། རིན་ཆེན་འབར་བའི་གདུགས་ཕུབ་སྟེ། ། གསང་སྔགས་བདག་པོར་བྱིན་གྱི་བརླབས།། རྒྱལ་ཐབས་སྦྱི་བླུགས་དབང་བསྐུར་ཏེ།། འདའ་བ་མེད་པའི་གདམས་ངག་ཕོག། རྣ་བརྒྱུད་རྡོ་རྗེ་ཟམ་པ་བསྟན།། དུས་མཐའི་སྐད་ཅིག་དེ་ཉིད་ལ། ། ཀློང་དགུ་བམ་པོ་ཉི་ཁྲི་དེས།། རིན་ཆེན་འབར་བའི་ཆེད་དུ་གསུངས།། ལྷ་ཡི་དབང་པོའི་དྲིན་གྱི་སུ།། ལྷ་གནས་གསུམ་དུ་འདི་ལྟར་གྲགས།། ཀུན་བཟང་ཐུགས་ཀྱི་བྱིན་བརླབས་ཀྱིས།། རྒྱལ་བ་དགོངས་པ་བརྒྱུད་པ་ནི། ། བྱིན་གྱིས་བརླབས་ཀྱིས་བཤད་པ་དེ།། འོག་མིན་ལྷ་ཡི་གནས་སུ་གསུངས།། ཞལ་གྱི་པདྨ་འཛུམ་པ་ལས།། རིགས་འཛིན་རིགས་པས་བརྒྱུད་པ་ནི།། རང་གི་ངོ་བོ་བཤད་པ་དེ།། དགའ་ལྡན་ལྷ་ཡི་གནས་སུ་གསུངས། ། ལྗགས་ཀྱི་འོད་ཟེར་ཕྱོགས་བཅུར་འཕྲོས།། གང་ཟག་སྙན་ཁུང་བརྒྱུད་པ་ནི།། སྡེབ་སྦྱོར་ཚིག་གི་བཤད་པ་དེ།། སུམ་ཅུ་རྩ་གསུམ་གནས་སུ་གསུངས།། དེ་ནས་འཛམ་གླིང་ཇི་ལྟར་བབས།། ཡང་སྤྲུལ་རྒྱལ་སྲས་ཐུགས་ཀྱི་བུ། ། ཨུ་རྒྱན་ཐོར་ཅོག་ཅན་གྱི་བུ།། རྩེ་དྲུག་རིན་ཆེན་རྒང་དེ་རུ།། རྒྱལ་པོ་དྷར་མ་ཨ་ཤོ་ཡི།། བུ་མོ་བདེ་གཤེགས་བྱང་ཆུབ་མས།། དྷ་ན་ཀོ་ཤ་ལི་ཕུག་ཏུ།། བྲག་ཕུག་གསེར་གྱི་ཡུ་བ་ཅན། ། ད་ཧེ་ནའི་འདུ་ཁང་དུ།། ཇོ་མོ་དང་གཡོག་མོར་བཅས་ནས་ཕྱིན།། ཚེ་གཅིག་སངས་རྒྱས་བསྒྲུབས་པ་དང།། ཕ་མེད་སྲས་གཅིག་སྐུ་བལྟམས་ཏེ།། སྐྱེས་མ་ཐག་ཏུ་ཆོས་ཤེས་ཏེ།། སྤྲུལ་པའི་སྐུ་རུ་ཨེ་མ་ཧོ། ། དཔོན་གཡོག་ཐམས་ཅད་དགའ་བ་ཡིས།། དགའ་རབ་རྡོ་རྗེར་མཚན་གསོལ་ལོ།། འཛམ་གླིང་འཇིང་དང་རྒྱལ་འཐེབ་བྱ།། རྒྱལ་སྲས་གསང་བའི་སྣོད་ལྡན་ལ།། རྣ་བརྒྱུད་ལུང་གིས་གཏེར་ཆེན་བཀྲོལ།། བརྡ་དོན་སྤྲོད་པའི་གདམས་ངག་བཏབ། ། རྒྱལ་ཐབས་སྤྱི་བླུགས་དབང་བསྐུར་ཏེ།། སྣོད་ལྡན་སངས་རྒྱས་ས་ལ་བཀོད།། ཅེས་གསུངས་སོ།། གསལ་བ་མཐའ་དང་མཉམ་པ་ལས། གླེང་གཞིའི་ལེའུ་སྟེ་དང་པོའོ། །།། དེ་ནས་སེམས་དག་ལྷ་ཡི་བུས།། བཅོམ་ལྡན་འདས་ལ་འདི་སྐད་གསོལ།། ཨེ་མ་གསང་བདག་རྡོ་རྗེ་འཛིན།། ཀུན་གཞི་ཉི་མའི་སྙིང་པོ་ལ།། འཁྲུལ་པའི་དྲི་མ་ཡོད་དམ་མེད།། ནམ་མཁའ་ལྟ་བུའི་ལམ་དེ་ལ། ། ཟག་བཅས་བདེ་བ་འཆར་མི་འཆར།། འབྲས་བུ་རིན་ཆེན་ལྟ་བུ་ལ།། ཐུགས་རྗེ་འབྱུང་ངམ་མི་འབྱུང་ལགས།། འདུས་པ་རྒྱ་མཚོ་ལྟ་བུ་ལ།། རྙོག་མ་བདོག་གམ་མི་བདོག་ལགས།། ཞེས་ཞུས་པ་དང། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། དུས་གསུམ་གསལ་འགྲིབ་མི་མངའ་ཡང།། ཆུ་བུར་དང་ནི་ཞིག་གི་མིག། རྐྱེན་གཉིས་གསལ་འགྲིབ་གཉིས་སུ་འབྱུང།། བསམ་དུ་མེད་པའི་ཆོས་ཉིད་དུ།། བསམ་དུ་མེད་པའི་བློ་གཞག་པས། ། སྒྱུ་མའི་བདེ་བ་འབྱུང་བར་འདོད།། མཁའ་བསལ་ནམ་མཁའ་ལྟ་བུའོ།། དཔེར་ན་རིན་ཆེན་མན་ཤེལ་ལ། ཁ་དོག་ཕྱོགས་རིས་མེད་མོད་ཀྱང།། འོག་གདན་དཀར་དམར་རྐྱེན་གྱིས་སུ། ། ཐུགས་རྗེ་སྤྲུལ་པར་འཆར་བའོ།། རྒྱ་མཚོ་ཆུ་བོ་འཕྲོ་འདུ་བཞིན།། རྦ་རླབས་མེད་པའི་མཉམ་ཉིད་མཚོ།། རྙོག་མ་མེད་པའི་བདུད་རྩི་ཆུ། ཁམས་གསུམ་འཁོར་བའི་དྲི་མ་ཁྲུས།། ཞེས་བཀའ་སྩལ་ཏོ།། གསལ་བ་མཐའ་དང་མཉམ་པ་ལས། རྒྱུད་བཞི་མདོར་བསྟན་པའི་ལེའུ་སྟེ་གཉིས་པའོ།།།། དེ་ནས་སེམས་དག་ལྷའི་བུས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་ཞུས་སོ།། འདུས་པ་རྩ་བའི་རྒྱུད་དེ་རུ།། ཀུན་གཞི་རྩད་ནས་བཅད་པ་དང། ། ཤེས་བྱའི་འབྲས་ཐག་ཆོད་པ་ཡིས།། རིག་པ་རང་སར་གྲོལ་བ་དེ།། སྟོན་པས་བདག་ལ་བཤད་དུ་གསོལ།། སེམས་དག་ཅན་གྱིས་ཞུས་པ་དང།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། ནམ་མཁའ་ལྟ་བུའི་རྒྱུད་དེ་རུ། ། གདོད་ནས་མ་སྐྱེས་སྙིང་པོ་ཨ།། གཞི་ལ་སྐྱེ་བ་མེད་པར་བཤད།། འགྲོ་བ་ཀུན་ལ་རང་བཞིན་གནས།། དེ་ཉིད་ཀུན་ལ་ཁྱབ་པར་བཤད།། མ་རིག་ལས་དང་རླུང་གིས་འཁོར།། དེ་མ་རྟོགས་པས་མཁོར་བར་བཤད། ། རྟོགས་ན་རྫོགས་སངས་རྒྱས་སུ་ངེས།། དེ་རྟོགས་སངས་རྒྱས་ཡིན་པར་བཤད།། འདི་དེས་ཀུན་གཞི་རྩ་བཅད་དེ།། འདི་ནི་ཤེས་བྱ་དྲས་ཐག་གཅད། ཁྱུང་ཆེན་ནམ་འཕངས་གཅོད་པ་བཞིན། ། ལྟ་བས་ཕྱི་རྒྱ་རླབས་ཀྱིས་བཅད།། རིག་པ་ལས་སུ་རུང་བ་ཡིས།། ཏིང་ངེ་འཛིན་ལ་འབྱུང་འཇུག་མེད།། ཐམས་ཅད་དེ་བཞིན་ཉིད་ཤེས་པས།། གཉིས་མེད་རྫོང་ནས་ཡངས་བའི་རྒྱ།། བརྡལ་ཁྱབ་ཆེན་པོའི་ས་ནོན་པས། ། ཀུན་ཏུ་བཟང་པོ་བདེ་ཆེན་ས།། ཐ་མར་རིག་པ་གྲོལ་བ་ནི།། ལྷ་ཡི་བུ་ཁྱོད་འདི་ལྟ་སྟེ།། སྣང་བ་སེམས་སུ་གྲོལ་བ་ནི།། ཐམས་ཅད་རང་རིག་བྱང་ཆུབ་སེམས།། སེམས་དེ་སྟོང་པར་གྲོལ་བ་ནི། ། ནམ་མཁའ་བཞིན་དུ་སྤྲོས་དང་བྲལ།། སྟོང་པ་གཉིས་མེད་གྲོལ་པ་ནི།། སྣ་ཚོགས་རང་བཞིན་མི་གཉིས་ཆེ།། དེ་ལ་མཚོན་དུ་མེད་པ་ནི།། ཐིག་ལེར་རྫོགས་པས་མཚོན་དུ་མེད།། རྒྱུད་ཀུན་གཅིག་གིས་གཅིག་བཤད་པ། ། གོང་འོག་སྡེབས་ཏེ་འདི་ལྟར་བཤད།། སྐྱེ་མེད་ལྟ་བ་སྟོང་པ་གསུམ།། དུས་གསུམ་གཅིག་སྟེ་ཁྱད་པར་མེད།། རང་བཞིན་རྣམ་པར་དག་པའི་ཕྱིར།། ཀུན་ཁྱབ་སྒོམ་པ་གཉིས་མེད་གསུམ།། དུས་གསུམ་གཅིག་སྟེ་ཁྱད་པར་མེད། ། མཚན་ཉིད་གཉིས་སུ་མེད་པའི་ཕྱིར།། འཁྲུལ་སྤྱོད་བྱང་ཆུབ་སེམས་དང་གསུམ།། དུས་གསུམ་གཅིག་སྟེ་ཁྱད་པར་མེད།། རོལ་བ་འགག་པ་མེད་པའི་ཕྱིར།། བློ་རྟོག་འབྲས་བུ་ཐིག་ལེ་གསུམ། ། དུས་གསུམ་གཅིག་སྟེ་ཁྱད་པར་མེད།། བློ་རྟོག་ཆོས་ཉིད་གྲོལ་བའི་ཕྱིར།། དེ་ལྟར་གཏན་ཚིགས་བཞི་པོ་ལ།། གཏན་ཚིགས་རེ་ལ་གཏན་ཚིགས་གསུམ།། ངང་དང་རང་བཞིན་བདག་ཉིད་དེས།། གཏན་ཚིགས་གསུམ་གྱིས་གཏན་ལ་དབབ། ། མ་བྱས་མ་བཅོས་ལྷུན་གྱི་གྲུབ།། ཅེས་བཀའ་སྩལ་ཏོ།། གསལ་བ་མཐའ་དང་མཉམ་པ་ལས།། བདུད་རྩི་ཨུ0f35ཚིག་གསུམ་གྱི་ལེའུ་སྟེ་གསུམ་པའོ།།།། དེ་ནས་སེམས་དག་ལྷ་ཡི་བུས། ། བཅོམ་ལྡན་འདས་ལ་འདི་སྐད་གསོལ།། མཉམ་ཉིད་རྒྱ་མཚོ་ལྟ་བུ་རུ།། ལེ་ཙེ་བཅུ་གསུམ་རྡོ་རྗེ་རྩེ།། ཟབ་མོ་བཅུ་གསུམ་རྨད་དུ་བྱུང།། ལྔ་ཚོམས་ལྔ་ལ་བསྡུས་རྒྱས་ལྔ།། འགྲོ་དྲུག་འཁོར་བའི་གཡང་ས་བཅད། ། བཞི་སྐོར་བཞི་ལ་གཏན་ཚིགས་བཞི།། བདུད་རྩི་ལྟ་བུ་བཞི་དང་སྦྱར།། ཞེས་པ་དང། བདུད་རྩི་དྲི་མེད་བརྒྱད་ལྡན་མཚོ།། མཁའ་ལ་ཉི་ཤར་འོད་ཟེར་ལྔ།། དབུས་ན་ནམ་མཁའ་གཞི་ཡི་མཐོངས།། གཏིང་ན་རིན་ཆེན་བཅུ་གསུམ་གཏེར། ། དེ་ཚིགས་བདག་ལ་བཤད་དུ་གསོལ།། ཞེས་ཞུས་པ་དང།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། དཔེར་ན་སུམ་ཅུ་རྩ་གསུམ་མ།། རྡོ་རྗེ་གདན་གྱི་ས་རིས་བཞིན།། མཉམ་པའི་ས་ལ་གྲུ་བཞིར་བྲི། ། ཐིག་བཞི་བཏབ་པས་ལེ་ཙེ་དགུ།། བློ་བུར་བཞི་ཡིས་འབྱེད་པ་ཡི།། ལེ་ཙེ་བཅུ་གསུམ་གྲི་བར་བྱ།། ཕྱོགས་བཞིར་རྡོ་རྗེ་རྩེ་གསུམ་པ།། འགྱུར་བ་མེད་པའི་བརྡ་ཡིན་ནོ།། ཟབ་མོ་བཅུ་གསུམ་རྨད་བྱུང་བ། ། རྡེའུ་བཅུ་གསུམ་དགོད་པར་བྱ།། དབུས་སུ་རྡེའུ་མཐིང་ཁ་དང།། ཕྱོགས་བཞིར་དམར་པོ་དགོད་པར་བྱ།། མཚམས་བཞིར་ལྗང་ཁུ་དགོད་པའོ།། བློ་འབུར་བཞི་ལ་སྔོན་པོ་ལས།། དབུས་ལ་ཕྱོགས་བཞིས་བསྐོར་བ་ནི། ། ཀུན་གཞི་རིས་མེད་ལྔ་ཚོམས་སོ།། ཤར་ལ་ཕྱོགས་བཞིས་བསྐོར་བ་ནི།། ལྟ་བ་རྫོང་གི་ལྔ་ཚོམས་སོ།། ལྷོ་ལ་ཕྱོགས་བཞིས་བསྐོར་བ་ནི།། སྒོམ་པ་འཕྲང་གི་ལྔ་ཚོམས་སོ།། ནུབ་ལ་ཕྱོགས་བཞིས་བསྐོར་བ་ནི། ། སྤྱོད་པ་ཀླང་གི་ལྔ་ཚོམས་སོ།། བྱང་ལ་ཕྱོགས་བཞིས་བསྐོར་བ་ནི།། འབྲས་བུ་གདེང་གི་ལྔ་ཚོམས་སོ།། བསྡུས་པ་ཁུ་བྱུག་ཚིག་དྲུག་ལ།། རྒྱས་པ་སྒོམ་པའི་དོན་དྲུག་སྟེ།། རྣམ་རྒྱལ་བརྩལ་ཆེན་བརྩལ་ཐབས་དྲུག། ཡོགས་རྒྱས་ཁུང་ཆེན་ཆེ་བ་དྲུག། ཤིན་ཏུ་རྫོགས་པར་རྒྱས་པར་ནི།། ནམ་མཁའི་ཆེ་ཡིས་ཐིག་ལེ་དྲུག། དྲུག་ཚན་ལྔ་ཡིས་བཤད་པ་ཡིས།། འགྲོ་དྲུག་འཁོར་བའི་གཡང་ས་ཅད། ། དབུས་ལ་ཕྱོགས་བཞིས་བསྐོར་བ་ནི།། ཀུན་གཞི་རྩ་ནས་གཅད་པའི་ཕྱིར།། གཞི་ཡི་ཆོས་བཞིར་བཤད་པར་བྱ།། དབུས་ལ་མཚམས་བཞིས་བསྐོར་བ་ནི།། ཤེས་བྱའི་དྲས་ཐག་གཅད་པའི་ཕྱིར།། ལམ་གྱི་ཆོས་བཞིན་བཤད་པར་བྱ། ། དབུས་ལ་འབུར་བཞིས་བསྐོར་བ་ནི།། རིག་པ་རང་སར་གྲོལ་བའི་ཕྱིར།། འབྲས་བུའི་ཆོས་བཞིར་བཤད་པར་བྱ།། རང་བཞིན་རོལ་པ་མཚན་ཉིད་དང།། བློ་གྲོལ་དེ་ལྟར་གཏན་ཚིགས་བཞིས། ། གོ་རིམས་སྦྱར་ཏེ་བཤད་པར་བྱ།། དཔེར་ན་རྒྱ་མཚོ་ལྟ་བུ་ཡི།། འདུས་པ་ལེའུ་བརྒྱད་ལྡན་པས།། མཁའ་ལ་ཉི་ཤར་འོད་ཟེར་ལྔ།། བསྡུས་རྒྱས་ལྔ་རུ་བཤད་པར་བྱ།། དབུས་ན་ནམ་མཁའི་བཞི་ཡི་མཐོངས། ། བདུད་རྩི་ལྟ་བུ་བཞི་དང་སྦྱོར།། གཏིང་ན་ཟབ་མོ་བཅུ་གསུམ་གཏེར།། རྨད་བྱུང་བདེ་འཇམ་ནམ་མཁའ་ཉིད།། རྗེ་བརྩན་རྩེ་མོ་ཀུན་འདུས་ལ།། སྲོག་དང་མྱུ་གུ་རིན་པོ་ཆེ།། སྤྱི་བཅིངས་འཕྲ་བཀོད་སེམས་ཀྱི་ཏིག་ཁམས་གསུམ་སྒྲོན་མ་སེམས་ཀྱི་གཏེར། ། ཤིན་ཏུ་རྒྱས་པར་བཤད་པ་ནི།། རྒྱུད་ཀུན་རང་རང་ནང་དུ་བཤད།། འདིར་ནི་བསྡུས་ཏེ་བཤད་པ་ལ།། ཡེ་ཤེས་གསང་བ་བཤད་པའི་རྒྱུད།། དེ་ཕྱིར་དོན་འབྲེལ་གསལ་བྱེད་པས། ། རྒྱུད་ཀྱི་ཕྱི་མ་ཡིན་པར་བཤད།། ཅེས་གསུངས་སོ།། གསལ་བ་མཐའ་དང་མཉམ་པ་ལས། བསྡུས་ཏེ་བཤད་པའི་ལེའུ་སྟེ་བཞི་པའོ།།།། དེ་ནས་སེམས་ལྷག་ལྷ་ཡི་བུས།། གསང་བའི་བདག་པོ་བཅོམ་ལྡན་འདས། ། གསང་སྔགས་གཙོ་ལ་འདི་སྐད་ཞུས།། དེ་གང་གསང་བ་བཤད་དུ་གསོལ།། ཞེས་ཞུས་པ་དང། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། སྟོན་པ་གསུམ་དང་རིམ་པ་བརྒྱད།། ཕྱིན་ཅི་ལོག་གསུམ་འགྲོ་དྲུག་ལ། ། ཡེ་ཤེས་གསང་བ་ཉིད་དུ་བསྟན།། ཞེས་གསུངས་པ་དང།། ཡང་ནི་ལྷ་ཡི་བུ་ཡིས་ཞུས།། བསྟན་པ་གསུམ་པོ་གང་ལ་བགྱི།། རིམ་པ་བརྒྱད་ལ་ཇི་ལྟར་གསང།། ཕྱིན་ཅི་ལོག་གསུམ་ཅི་རུ་འགྱུར། ། འགྲོ་དྲུག་འཁོར་བ་ཇི་ལྟར་ལགས།། ཞེས་ཞུས་པ་དང།། སྨྲས་པ། མདོ་སྡེ་ཡན་ལག་བཅུ་གཉིས་དང།། འདུལ་བའི་ལུང་ནི་སྡེ་བཞི་ལ།། མངོན་པ་གོང་འོག་སྟོན་པ་ཡིས།། ཇི་ཙམ་པ་ཡི་ཚིག་བརྗོད་ཀྱང། ། བྱ་མེད་རྩོལ་བྲལ་མ་བསྟན་པས།། ཡེ་ཤེས་གསང་བ་སྦས་ཏེ་གབ།། ཆོས་སྐུ་གདོད་ནས་དག་པ་ལ།། བཏགས་པའི་གཟུང་འཛིན་ངང་གིས་མེད།། དེས་ན་ཆོས་ཉིད་གསང་བ་ཡིན།། ལོངས་སྤྱོད་རིགས་པ་དག་པ་ལ། ། ཕྱི་ནང་མེད་པར་སེམས་ཉིད་གསང།། དེས་ན་ཡེ་ཤེས་གསང་བའོ།། སྤྲུལ་པ་སྣ་ཚོགས་ཅིར་ཡང་སྟོན།། དཔེར་ན་དུག་སྤྲུལ་རྩེས་པ་འདྲ།། མ་བཅོས་ལྷུན་གྲུབ་ཆེན་པོ་ལ།། ངེས་པ་མེད་པས་གསང་བར་བཤད། ། ཡང་སྨྲས་པ། ཉན་ཐོས་མདོ་སྡེ་བྱེ་བྲག་གཉིས།། གཟུགས་ཡེ་ཤེས་གསང་བ་ལ།། གཟུགས་སུ་ཕྲ་རབ་རྡུལ་དུ་མཐོང།། སེམས་ལ་རྡུལ་མེད་ཕྱིན་ཅི་ལོག། རྡུལ་ལ་རྩོད་པ་ཨེ་མ་འཁྲུལ།། དེ་ཕྱིར་ཡེ་ཤེས་གསང་བ་ཡིན། ། དེ་བཞིན་ཆ་འཐུན་རང་རྒྱལ་ནི།། ཆོས་ནི་རྣམ་པ་བཅོ་ལྔ་ལ།། གཞན་ལ་བདག་མེད་ཅིག་མ་རྟོགས།། རྟེན་འབྲེལ་ཆོས་ལ་ངེས་བརྟགས་པས།། རྒྱུ་མེད་ཆོས་ཀྱི་དོན་མ་མཐོང།། བསེ་རུའི་ས་ལ་ཡེ་ཤེས་གསང། ། ཐེག་ཆེན་བདེ་བ་གཉིས་སུ་འདོད།། ཀུན་རྫོབ་སྒྱུ་མའི་དཔེ་བཞིན་ཏེ།། དོན་དམ་གཏན་ཚིགས་རིགས་པས་ཚོལ།། ལམ་ལྔ་ས་བཅུ་རིམ་གྱིས་བགྲོད།། དེ་ཡང་བསྟི་གནས་དྲང་བའི་དོན། ། བགྲོད་མེད་བགྲོད་པས་ཡེ་ཤེས་གསང།། ཡང་སྨྲས་པ། བྱ་རྒྱུད་ཀྱི་ཀྲི་ཡ་ནི།། མཐོ་འཇམ་དམའ་རྩུབ་རིགས་གསུམ་འདོད།། དག་པ་གསུམ་གྱི་སྒོར་ཞུགས་ནས།། དམ་ཚིག་ཡེ་ཤེས་རྗེ་འབངས་ལྟ།། ཏོགས་པས་རྡོ་རྗེ་འཛིན་པའི་ས། ། ངེས་པ་ཐོབ་ཀྱང་བཅོས་པས་གསང།། གཉིས་ཀ་རྒྱུད་ཀྱི་ཨུ་པ་ལ།། ལྟ་སྤྱོད་གོང་འོག་རྗེས་སུ་འབྲེང།། ངེས་པ་མེད་པས་ཁྱེ་བེར་འདྲ།། ཡེ་ཤེས་དམ་ཚིག་དཔོན་གཡོག་ཚུལ།། མཚན་མའི་དངོས་པོ་ཆུ་ཟླ་ལྟར། ། རིགས་བཞི་ཞེན་པས་ཡེ་ཤེས་གསང།། རྣལ་འབྱོར་རྒྱུད་ཀྱི་ཡོ་ག་ནི།། མངོན་བྱང་ལྔ་ཡི་སྒོར་ཞུགས་ནས།། དོན་དམ་སྐྱེ་འགག་མེད་པ་ལ།། བྱིན་གྱིས་བརླབས་ནས་ལྷ་རུ་ལྟ།། བདག་དང་ལྷ་ནི་གྲོགས་པོའི་ཚུལ། ། སྟུག་པོ་བཀོད་པའི་ས་འདོད་པས།། མ་བཅོས་རྣལ་མའི་ས་མ་རྟོགས།། དེས་ན་ཡེ་ཤེས་གསང་བ་ཡིན།། ཡང་སྨྲས་པ། བསྐྱེད་པ་མ་ཧཱ་ཡོ་ག་ནི།། ཏིང་འཛིན་གསུམ་པོ་གཙོར་བྱས་ནས། ། ཐབས་དང་ཤེས་རབ་སྒོར་ཞུགས་ཏེ།། ཤེས་རབ་གཟུངས་མ་མཛེས་ལྡན་ལ།། ཐབས་ཆེན་ཡེ་ཤེས་མངོན་སུམ་དུ།། བདེ་བ་ཟག་མེད་གཟུང་བ་ཡིན།། པདྨ་སྤྱན་གྱི་ས་སྐྱེ་བོ།། དེ་ཡང་རྣམ་པའི་སྐྱོན་ཡིན་པས། ། དེ་ལ་བརྟེན་པར་མི་བྱ་གསང།། རྫོགས་པ་ཨ་ནུ་ཡོ་ག་ཡང།། གྲངས་མདོག་མ་ངེས་སྐུ་གསུངས་ཐུགས།། དཔེར་ན་ཆུ་ལ་ཉ་ལྡང་ཚུལ།། མ་བསྐྱེད་རྫོགས་པའི་ཚུལ་དུ་སྒོམ།། དབྱིངས་དང་ཡེ་ཤེས་དབྱེར་མེད་བལྟ། ། ཡི་གེ་འཁོར་ལོ་ཚོགས་ཆེན་བལྟ།། རང་འདོད་འབྲས་བུ་ཐོབ་མོད་ཀྱང།། མཐར་ཐུག་འབྲས་བུ་དེས་མི་ནུས།། དེས་ན་ཨེ་མ་ཡེ་ཤེས་གསང།། བརྩལ་བའི་བསམ་པས་དབྱིངས་མི་བསྐྱོད། ། དེས་ན་དེ་སྒྲིབ་སྐྱོན་ཅན་ཡིན།། དེ་བས་དེ་ལུང་དེ་ཉིད་ལ།། དེ་ནས་དེ་ཉིད་གྲུབ་པ་མེད།། བྱ་བྲལ་རྫོགས་པ་ཆེན་པོ་ལ།། རིམ་བརྒྱད་བགྲོད་པས་རྩོལ་བྲལ་སླད།། དེས་ན་ཡེ་ཤེས་གསང་བའོ། ། ཞེས་གསུངས་སོ།། གསང་བ་མཐའ་དང་མཉམ་པ་ལས། གང་ལ་གསང་བའི་ལེའུ་སྟེ་ལྔ་པའོ།།།། དེ་ནས་སེམས་དག་ལྷ་ཡི་བུས།། བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ལ།། ཞེན་དྲུག་འཁོར་བར་འཁྱམས་པ་ཡི། ། མ་རིག་འཁྲུལ་པ་ཇི་ལྟར་ལགས།། ཞེས་ཞུས་པ་དང། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། བྱང་ཆུབ་སེམས་ཀྱི་རང་བཞིན་ནི།། གདོད་ནས་མ་སྐྱེས་འོད་གསལ་དེ།། འཁོར་འདས་མ་ལུས་ཀུན་ལ་ཁྱབ། ། ཆོས་རྣམས་ཀུན་གྱི་ངོ་བོར་ཤར།། སངས་རྒྱས་སྐུ་དང་ཡེ་ཤེས་ཐུགས།། སེམས་ཅན་ལུས་ངག་ཡིད་ལ་ཁྱབ།། ཐམས་ཅད་དབྱེར་མེད་བྱང་ཆུབ་སེམས།། དེ་ལྟར་དག་པའི་དོན་རིག་ན།། དཔེར་ན་ཀུན་བཟངས་སེང་ཕྲུག་བཞིན། ། ཤེས་རབ་ཅན་གྱིས་རྟོགས་འགྱུར་ཏེ།། མ་རྟོགས་མུན་པའི་མཚོ་ལ་སྤྱོད།། རྟོགས་ན་སྐུ་གསུང་ཐུགས་ཡིན་ཏེ།། རང་བྱུང་ལྔ་རུ་སྣང་བ་ལས།། རང་བྱུང་ཉིད་དུ་མ་རིག་པས།། ཞེན་པ་ལྔ་རུ་ཕྱིན་ཅི་ལོག། འབྲས་བུ་ཁམས་གསུམ་སེམས་ཅན་བྱུང།། འཁོར་བ་ཐོག་མཐའ་མེད་པ་ནས།། རྒྱུ་རྐྱེན་རྟོག་པའི་རྐྱེན་བཞིས་འཁྲུལ།། ལྷན་ཅིག་སྐྱེས་པའི་མ་རིག་པས།། ཀུན་ནས་སློང་བའི་ས་བོན་བྱས།། ལས་དང་ཉོན་མོངས་རྐྱེན་བྱས་ནས། ། ཀུན་རྟགས་མ་རིགས་པ་ཡིས་འཁྲུལ།། གྲིབ་མ་གཟུགས་ཀྱི་དབེ་བཞིན་དུ།། སྐྱོད་བྱེད་ལས་ཀྱི་ལུང་གི་རླུབས།། ཞེས་སྡང་དམྱལ་བའི་ཚ་གྲང་འཁོར།། ཉོན་མོངས་ཞེས་སྡང་རྣམ་སྨིན་གྱིས། ། དམྱལ་བའི་གནས་སུ་སྐྱེས་སྲིད་ན།། ཞེས་སྡང་ཡེ་ཤེས་ཉིད་དུ་ཤེས།། ཞེ་སྡང་མ་སྤངས་གནས་སུ་དག། དེ་ལྟར་མ་ཤེས་ཡེ་ཤེས་གསང།། སེར་སྣ་བཀྲེས་སྐོམ་ཡི་དྭགས་འཁོར།། སེར་སྣ་ལས་ཀྱི་རྣམ་སྨིན་གྱིས། ། ཡི་དྭགས་གནས་སུ་སྐྱེས་སྲིད་ན།། སེར་སྣ་ཡེ་ཤེས་ཉིད་དུ་ཤེས།། སེར་སྣ་མ་སྤངས་གནས་སུ་དག། དེ་དོན་མ་རིག་ཡེ་ཤེས་གསང།། གཏི་མུག་གླེན་ལྐུག་བྱོལ་སོང་འཁོར།། གཏི་མུག་ལས་ཀྱི་རྣམ་སྨིན་གྱིས། ། དུད་འགྲོའི་གནས་སུ་སྐྱེ་སྲིད་ན།། གཏི་མུག་ཡེ་ཤེས་ཉིད་དུ་ཤེས།། གཏི་མུག་མ་སྤངས་གནས་སུ་དག། དེ་ཉིད་མ་རིག་ཡེ་ཤེས་གསང།། ཕྲག་དོག་འགྱུར་བ་མི་རུ་འཁོར།། ཕྲག་དོག་ལས་ཀྱི་རྣམ་སྨིན་གྱིས། ། མི་ཡི་གནས་སུ་སྐྱེས་སྲིད་ན།། ཕྲག་དོག་ཡེ་ཤེས་ཉིད་དུ་ཤེས།། ཕྲག་དོག་མ་སྤངས་གནས་སུ་དག། དེ་དོན་མ་སྤངས་ཡེ་ཤེས་གསང།། ང་རྒྱལ་འཐབ་རྩོད་ལྷ་མིན་འཁོར།། ང་རྒྱལ་ལས་ཀྱི་རྣམ་སྨིན་གྱིས། ། ལྷ་མིན་གནས་སུ་སྐྱེས་སྲིད་ན།། ང་རྒྱལ་ཡེ་ཤེས་ཆེན་པོར་ཤེས།། ང་རྒྱལ་མ་སྤངས་གནས་སུ་དག། དེ་ཉིད་མ་རིག་ཡེ་ཤེས་གསང།། འདོད་ཆགས་ལྟུང་བ་ལྷ་རུ་འཁོར།། འདོད་ཆགས་ལས་ཀྱི་རྣམ་སྨིན་གྱིས། ། ལྟུང་བའི་སྡུག་བསྔལ་མྱོང་ཙ་ན།། ལྟུང་བ་ཡེ་ཤེས་ཆེན་པོར་ཤར།། འདོད་ཆགས་མ་སྤངས་གནས་སུ་དག། དེ་ཉིད་མ་རྟོག་ཡེ་ཤེས་གསང།། འཁོར་བ་ཤིང་རྟའི་འཕང་ལོ་འདྲ།། ལྷ་མི་གཙང་མའི་ལུས་ཐོབ་ཀྱང། ། མ་རྟོགས་བར་དུ་འཁོར་བར་འཁྱམ།། ཐོག་མཐའ་མེད་ཀྱང་རྟོགས་ན་ཡོད།། ཅེས་གསུངས་སོ།། གསང་བ་མཐའ་དང་མཉམ་པ་ལས། ཞེན་དྲུག་ལ་གསང་བའི་ལེའུ་སྟེ་དྲུག་པའོ། །།། དེ་ནས་སེམས་དག་ལྷའི་བུས།། གསང་བའི་བདག་པོ་ལ་འདྀ་ལྟར་ཞུས།། ལོག་པ་གསུམ་ལ་གསང་བའི་དོན།། སྟོན་པས་འཚམས་པར་བཤད་དུ་གསོལ།། བཅོམ་ལྡན་གསང་བས་བཀའ་སྩལ་པ། ། རྟག་པ་ཆད་པ་རྒྱང་འཕེན་གསུམ།། ལམ་ལོག་ཕྱལ་བ་ལོག་པའི་ལམ།། འཇིག་རྟེན་འདི་ཡི་བཙན་ཕྱུག་ལས།། ཕྱི་མ་ཕྱལ་བར་འཇོག་པའི་ཕྱིར།། མུ་སྟེགས་ལྟ་ལོག་བསམ་མི་ཁྱབ།། དབྱེ་ན་སུམ་བརྒྱ་དྲུག་ཅུ་སྟེ། ། དེ་ཡང་བསྡུ་ན་དྲུག་ཅུ་གཉིས།། ཤིན་ཏུ་བསྡུས་པས་རྟག་ཆད་གཉིས།། ཤར་བྱུང་ལོག་པ་དག་དང་གསུམ།། ང་མེད་ང་དང་བདག་ཏུ་བཟུང།། དེ་ཕྱིར་མུ་སྟེགས་འཁྲུལ་པའི་ལམ།། དེས་ན་ཡེ་ཤེས་གསང་བ་ཡིན། ། ཚངས་པ་དབང་ཕྱུག་ཁྱབ་འཇུག་གསུམ།། མུ་སྟེགས་ལྟ་ངན་ལྷ་ཡིན་ཏེ།། དེ་ལ་སྲོག་གི་མཆོད་པ་དབུལ།། མེ་ལ་རྟེན་དང་དབྱུག་གུ་གསུམ།། ཕྱ་འམ་དབང་ཕྱུག་མཆོད་ལེགས་ན།། མཐོ་རིས་སུ་ཡང་དེ་ཡིས་གཏོང། ། ཕྱ་འམ་དབང་ཕྱུག་མཆོད་ཉེས་ན།། ངན་སོང་དུ་ཡང་དེ་ཡིས་སྒྱུར།། དེས་ན་རིག་བྱེད་བཞི་ཡིས་སུ།། ལམ་ལོག་ཐར་པ་ཐོབ་པར་འདོད།། དེས་ན་ཡེ་ཤེས་གསང་བ་ཡིན།། བདག་ཅེས་བྱང་བའི་རྟག་པ་དེས། ། མཐེ་བོང་ཉུང་འབྲུ་ཚུལ་ཏུ་འདོད།། རང་བཞིན་རྟག་པར་འདོད་པ་ནི།། སྲན་ཟླུམ་ཚེར་མ་རྣོ་སོགས་པ།། འདི་ལ་བྱེད་པ་སུ་ཞིག་ཡོད།། རང་བཞིན་རྒྱུ་དེ་རྟག་པར་འདོད།། རྟག་པར་ལྟ་བ་ཐམས་ཅད་ལ། ། རིམ་དང་ཅིག་ཅར་གནོད་པའི་ཕྱིར།། དེས་ན་ཡེ་ཤེས་གསང་བ་ཡིན།། མུར་ཐུག་ཆད་པར་བལྟ་བ་ནི།། འབྱུང་བ་འདུས་བའི་སྣང་བ་ལས།། རང་སར་ཟད་ནས་ཅང་མེད་འདོད།། མ་ཤི་ཚེ་ལ་སྐྱིད་པར་སྤྱོད། ། ཤི་ན་འུ་ཡི་སྦྱོད་ཡུལ་མིན།། ལུས་ཀྱང་ཐལ་བ་བཞིན་སོང་ན།། སླར་འཚོ་བ་དག་ག་ལ་སྲིད།། དཔེར་ན་སྤྱང་ཀུའི་རྗེས་དང་མཚུངས།། དེས་ན་ལོག་པའི་ལམ་ཡིན་པས།། དེ་ལ་རྟེན་པར་མི་བྱའོ།། ཆད་པ་གཉིས་འཛིན་ཤེས་པར་འདོད། ། རྟེན་ཅིང་འབྲེལ་པར་འབྱུང་བའི་ཕྱིར།། དངོས་མེད་རྟག་པ་རིག་པའི་རྒྱུན།། རླུང་ལ་རྟེན་གྱིན་རྒྱུན་མི་འཆད།། དེས་ན་ཡེ་ཤེས་གསང་བ་ཡིན།། ཨེ་མ་སེམས་ཅན་སྙིང་རེ་རྗེ། ། བདག་ཏུ་འཛིན་པས་གཞི་ལ་ལྟ།། ཡེ་ཤེས་ཕྱི་ནང་མེད་པ་ལ།། ཕྱོགས་རིས་བྱེ་བས་ཕྱོགས་ཆར་ལྟུང།། བདག་མེད་བདག་ཏུ་ལྟས་པས་འཁྲུལ།། བདག་འཛིན་མེད་པའི་ཡེ་ཤེས་ནི།། ཕྱི་ནང་ཟང་ཐལ་ཆེན་པོ་ལ། ། ཕྱོགས་སུ་ལྟས་པས་གྲུབ་པ་མེད།། དེས་ན་ཡེ་ཤེས་གསང་བ་ཡིན།། རྟག་ན་ཡེ་ཤེས་ཆེན་པོར་རྟག། ཆད་ན་འཁོར་བ་རྩད་ནས་ཆད།། བྱིང་ན་ཆོས་ཀྱི་དབྱིངས་སུ་བྱིང།། རྒོད་ན་ཡེ་ཤེས་རོལ་པར་རྒོད། ། ཅེས་བཀའ་སྩལ་ཏོ།། གསལ་བ་མཐའ་དང་མཉམ་པ་ལས། ལོག་པ་གསུམ་ལ་གསང་བའི་ལེའུ་སྟེ་བདུན་པའོ།།།། དེ་ནས་སེམས་ལྷག་ལྷ་ཡི་བུས།། གསང་བའི་བདག་ལ་འདི་སྐད་གསོལ།། ཡེ་ཤེས་གསང་བ་ཐུགས་ཀྱི་མཛོད། ། ཀུན་ལ་གསང་བ་ཇི་ལྟར་རྟོགས།། ཞེས་ཞུས་པ་དང། གསང་བའི་བདག་པོས་བཀའ་སྩལ་པ།། ཡེ་ཤེས་གསང་བའི་རང་བཞིན་ལ།། སྒྲ་དང་ཐ་སྙད་ཀུན་འདས་ཀྱང།། སྣོད་ལྡན་རྟོགས་པར་འདོད་པ་ཡིས། ། གཏན་ཚིགས་ཚད་མ་གསུམ་གྱིས་ནི།། དེ་རྒྱུད་རྟོགས་པའི་རོལ་པར་བཤད།། བྱ་བྲལ་ལུང་དང་རིག་པའི་ཉམས།། བླ་མ་དམ་པའི་གདམས་ངག་གསུམ།། ཡེ་ཤེས་གསང་བ་རྟོགས་པའི་མཆོག། མཁའ་གསལ་བྱང་ཆུབ་སེམས་ཀྱི་ལུང།། སྣང་སྲིད་སེམས་སུ་གཏན་ལ་འབེབས།། ཡེ་ཤེས་གསང་བའི་ངོ་བོ་སྟོན།། བདག་ཉིད་གསང་བའི་དཀྱིལ་འཁོར་འཆར།། ལུང་གསུམ་སྣང་བས་སྟོན་པའི་བཀའ། ། ཡིན་པས་ང་ཡི་བཀའ་དང་འཐུན།། ཐམས་ཅད་སེམས་སུ་འདུས་པས་ན།། སེམས་མ་ཡིན་པའི་ཆོས་མི་སྣང།། ཇི་ལྟར་སྣང་བའི་ཆོས་རྣམས་ནི།། སེམས་ལ་སྣང་ཕྱིར་སེམས་ཡིན་ཏེ།། ཐམས་ཅད་རང་རིག་བྱང་ཆུབ་སེམས། ། དེ་ནི་ལུང་གི་ཚད་མའོ།། དེ་ཕྱིར་སེམས་ལུང་ཆེན་པོ་ཡིན།། ཐམས་ཅད་སེམས་སུ་གཏན་ལ་དབབ།། དེས་ན་ཐམས་ཅད་སེམས་ཡིན་ཏེ།། འཛིན་བའི་ཤེས་པ་ཡོད་པའི་ཕྱིར།། ཚོར་བ་ཉམས་སུ་མྱོང་བའོ། ། རིག་པས་ཉམས་སུ་མྱོང་ཙམ་ན།། ཡིད་ཆེས་རིག་པའི་གཏན་ཚིགས་སོ།། རྣམ་གསུམ་ལུང་གི་ངོ་བོ་ནི།། སེམས་ཉིད་རིག་པའི་ཆོས་ཡིན་ནོ།། ངོ་གཅིག་སྣང་ཚུལ་ཐ་དད་ཡང།། ཐ་དད་མཐོང་བ་བརྟགས་པ་སྟེ། ། བག་ཆགས་ལོགས་པས་སྐྱུགས་ཙམ་ན།། སེམས་ཀྱང་ལོག་པར་སྣང་བ་སྟེ།། དུང་ལ་སེར་པོར་མཐོང་བཞིན་དུ།། དུང་ལ་སེར་པོར་མ་གྲུབ་པར།། མི་གསེར་རྐྱེན་གྱིས་ལོག་པར་སྣང།། དུང་ལ་སེར་པོ་ཡོད་ན་ཏ། ། མ་འཁྲུལ་ཤེས་པས་མཐོང་བར་ཐལ།། དེ་བཞིན་ཞེནརྟོག་འཁྲུལ་བ་ཡིས།། བརྟགས་པ་སྣ་ཚོགས་དག་ཏུ་མཐོང།། དཔེར་ན་ཕུག་རོན་སྐེ་ལྟ་བུ།། དང་པོ་མཚན་མའི་རང་རིག་སྟེ།། གཉིས་པ་མེད་པའི་རང་རིག་ཡིན། ། གསུམ་པ་གཉིས་ཀ་མེད་པ་དེ།། མཚན་གཞི་མེད་པའི་མཚན་གཉིས་ནི།། མི་སྲིད་མེ་མེད་ཚ་བ་བཞིན།། ཤེས་པ་སྐྱེ་ལུགས་གསུམ་ཡིན་ཏེ།། རྟོག་པ་དང་པོ་ཆོས་པ་ཡིས།། གཉིས་པ་རང་བཞིན་དབྱིངས་སུ་ཐིམ། ། མཐོང་བ་སྣ་ཚོགས་རིག་པའི་ཉམས།། བླ་མའི་ཞལ་ལས་ཤེས་པར་བྱ།། དེ་ཕྱིར་ཡེ་ཤེས་གསང་བ་ཡིན།། གསང་སྔགས་སྐྱོན་ཡོད་མ་ཡིན་ཏེ།། བློ་ངན་ཤེས་རབ་ཆུང་བ་ལ། ། ཐུགས་རྗེ་ཆེན་པོ་ཐབས་ཀྱིས་གསང།། ཞེས་གསུངས་སོ།། གསལ་བ་མཐའ་དང་མཉམ་པ་ལས། ཚད་མ་གསུམ་གྱི་ལེའུ་སྟེ་བརྒྱད་པའོ།།།། དེ་ནས་སེམས་ལྷག་ལྷ་ཡི་བུས།། རྡོ་རྗེ་ཟམ་པར་དབང་བསྐུར་ཞུས། ། གསང་བའི་བདག་པོར་བཀའ་སྩལ་པ།། གནས་དང་དཀྱིལ་འཁོར་དཔོན་དང་གཡོག། འཇུག་ཚུལ་དུས་དང་ཡོན་བདུན་བཤད།། གཞི་ཡི་གནས་དང་རྟེན་པའི་གནས།། ཐམས་ཅད་རང་རིག་སེམས་ཉིད་དེ། ། རྒྱུ་རྐྱེན་བྲལ་བའི་དངོས་བཞི་ནི།། སངས་རྒྱས་སེམས་ཅན་ཐམས་ཅད་ཀྱི།། བཞུགས་གནས་རྨད་བྱུང་ཁྱད་པར་ཅན།། རྟེན་གནས་རི་བོ་དེ་ཤན་ནམ།། ཟ་མ་ཏོག་གི་རྒྱལ་མཚན་ནམ།། རྒྱ་ཕུག་རྡོ་རྗེ་གདན་སྟེངས་སམ། ། ཝཱ་རཱ་ཎཱ་སིའི་བསིལ་ཁང་ངམ།། གྲུ་འཛིན་ཀོ་ཤ་ལི་ཕྲག་གོ། དཀྱིལ་འཁོར་རང་བྱུང་ཡེ་ཤེས་ཏེ།། མ་བཅོས་དངོས་གཞིའི་དཀྱིལ་འཁོར་ཉིད།། ཐམས་ཅད་རང་རིག་ཡེ་ཤེས་གསལ།། མཁའ་ལྟར་ཁྱབ་པའི་བདེ་ཆེན་ནོ། ། ཙིཏྟ་རིན་ཆེན་དཀྱིལ་འཁོར་ནི།། འོག་མིན་རིག་པའི་གཞལ་ཡས་ཁང།། ཟག་པ་ཟད་པའི་མཚན་ཉིད་དེ།། དངས་མ་གསུམ་གྱི་རྩེ་མོར་སྒོམ།། བརྡ་དོན་སྤྲོད་པའི་སློབ་དཔོན་ནི།། རང་རྒྱུད་མ་བཅོས་དག་པ་ལ། ། དོན་དང་འདྲེས་པའི་སྒྲ་ཚིག་གིས།། ཡེ་ཤེས་རིག་པའི་ངོ་བོ་སྟོན།། མ་ནོར་ངེས་པའི་སློབ་དཔོན་ནི།། རང་སེམས་བླ་མ་ཀུན་གྱི་བདག། ཐམས་ཅད་རང་རིག་རྒྱལ་པོ་ལ།། གདོད་ནས་སྐྱེ་མེད་བྱ་བཙལ་བྲལ། ། སློབ་མ་རང་རིག་སེམས་ལ་སློབ།། རྟོགས་ལྡན་བློ་ཡི་ཁྱད་པར་གྱིས།། ཏིང་འཛིན་ཤེས་རབ་རྩལ་དུ་རྫོགས།། གསང་སྔགས་མཛོད་ཀྱི་གཏེར་འཛིན་ནོ།། སྣོད་ལྡན་སློབ་བུ་དད་པ་བརྟན།། རིགས་བརྒྱུད་དག་པས་བླ་མ་ཁུར། ། མན་ངག་གཏེར་འཆད་གདམས་ངག་སྦྱིན།། མང་ཡང་གསུམ་ལས་འདའ་མི་བྱ།། ཡེ་ཤེས་གསང་བ་ཐུགས་ཀྱི་བཅུད།། བཀའ་ཡི་བཅུད་བསྡུས་ཨ་ཏི་ནི།། སྣོད་ལྡན་རྒྱལ་འཐེབ་ཅིག་ལ་གཞག། དབང་དང་སྣོད་བརྟག་ཆོ་ག་དང།། གསོལ་བ་བཏབ་ནས་གནང་བ་སྦྱིན།། སྔཽན་དུ་འགྲོ་བའི་རིམ་པའོ།། དང་པོ་དངོས་གཞིའི་དཀྱིལ་འཁོར་བསྟན།། ཀུན་རྫོབ་དཀྱིལ་འཁོར་ལུས་ལ་འབོག། སྤྲུལ་ཚིག་གདམས་ངག་རྣ་བར་གཞུག། སེམས་ལུང་འབོགས་པའི་གདམས་ངག་བསྟན།། རྒྱས་རྟགས་གདབ་པའི་ཆོ་ག་བྱ།། ལུས་ལ་བདེ་མཆོག་བདེ་བའི་དབང།། ཡོན་ཏན་ལྡན་པའི་བུ་མོ་དེ།། ཐབས་ཀྱིས་བསྙེན་པ་གསུམ་རྫོགས་ནས། ། བདེ་ཆེན་རྫོགས་པ་ཕྱག་རྒྱའི་རྒྱུ།། རིན་ཆེན་གཏེར་གྱི་གདམས་ངག་སྦྱིན།། ཐབས་ཀྱི་གར་སྟབས་བསྐྱོད་པ་ཡིས།། གཉིས་མེད་སྦྱོར་བ་འཕུལ་པ་ཡིན།། དགའ་བར་གྱུར་པས་དམ་ཚིག་དེ།། མཐོང་བར་གྱུར་པས་དངོས་གྲུབ་པོ། ། རོལ་པའི་ཆོ་འཕྲུལ་ལ་བརྟེན་ནས།། རྣལ་མའི་དོན་ནི་རྟོགས་པར་བཤད།། ངག་ལ་རང་གྲོལ་རླུང་གི་དབང།། བེམ་པོའི་རླུང་དང་རིག་པའི་དབང།། དང་པོ་གྱེན་རྒྱུ་ཐུར་རྒྱུ་དང། ། སྲོག་འཛིན་ཁྱབ་བྱེད་མེ་དང་མཉམ།། འབྱུང་བ་རླུང་ལྔ་རིམ་གྱིས་གཟུང།། རིག་པའི་རླུང་ནི་གཉིས་ཡིན་ཏེ།། ལས་ཀྱི་རླུང་གིས་ཐུར་དུ་ལྟུང།། ཡེ་ཤེས་རླུང་གིས་གྱེན་ལ་འདྲེན།། རླུང་གི་འཕེན་པས་ཐམས་ཅད་བྱེད། ། བེམས་པོའི་རླུང་ལ་བརྟེན་ནས་སུ།། རིག་པའི་རླུང་ནི་ཟིན་གྱུར་ན།། རྟོགས་པའི་རླུང་ཆེན་དོན་རྟོགས་དེ།། ཡེ་ཤེས་རླུང་ནི་ཟིན་པ་ཡིས།། ཡེ་ཤེས་གསང་བའི་དོན་དང་ཕྲད།། རོལ་པར་རིག་པ་རྩལ་གྱི་རླུང། ། རྣལ་མའི་དོན་དང་ཕྲད་པར་བཤད།། སེམས་ལ་ཡེ་ཤེས་སྤྱི་བླུགས་དབང།། རྟོགས་མེད་མཐོང་བའི་ལམ་དང་ཕྲད།། སྒོམ་མེད་དོན་གྱི་གཟེར་ཆེན་གདབ།། བགྲོད་མེད་རྟོག་པའི་འཇིང་དང་བྲལ། ། རྣ་བརྒྱུད་ལུང་གི་གཏེར་ཆེན་སྒྲོལ།། རེ་དོགས་མེད་པའི་བཙུན་ས་ཐོབ།། འདི་དེ་རྡོ་རྗེ་ལམ་མཆོག་སྟེ།། སྐལ་ལྡན་འབད་པ་མེད་པར་གྲོལ།། རྒྱལ་ཐབས་ཀྱི་སེམས་རིན་ཆེན་དབང།། སྤྱི་བླུགས་ཚངས་པའི་དབང་ཞེས་བྱ། ། རྒྱུད་དང་ལུང་དང་མན་ངག་གསུམ།། གཅིག་ལ་གཅིག་རྟེན་གཅིག་གི་ངང།། རྩལ་དང་ཆོ་འཕྲུལ་རང་སྣང་གསུམ།། རོལ་པས་ཡེ་ཤེས་གསུང་བར་མཚོན།། དང་པོ་བཅུ་བཞི་ཞག་གི་དུས།། ནུས་པའི་ཚོགས་བསོག་བར་ཆོད་བསྲུང། ། མཐར་ཕྱིན་ཐུན་མཚམས་བཅུ་ཕྲག་བདུན།། བར་དོ་འབྱོངས་ཤིང་མཐར་ཕྱིན་འགྱུར།། དེ་ནས་སྲོག་འཛིན་བླ་མ་ལ།། ལུས་དང་བཅས་པའི་ལོངས་སྤྱོད་དབུལ།། བརྡ་ཙམ་དབང་གིས་མཚོན་ནས་སུ། ། གནས་ལུགས་རྟོགས་པར་ཐེ་ཚོམ་མེད།། ཅེས་གསུངས་སོ།། གསལ་བ་མཐའ་དང་མཉམ་པ་ལས། དབང་གི་ལེའུ་སྟེ་དགུ་པའོ།།།། དེ་ནས་སེམས་དག་ལྷ་ཡི་བུས།། བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ལ། ། ཤེས་སྐྱོབ་དོན་དང་ལྡན་པ་ཡིས།། སྔགས་གསུམ་བདག་གིས་འདི་སྐད་ཞུས།། འདུས་པའི་འཁོར་ཚོགས་མང་པོ་ལ།། དམ་ཚིག་གསང་སྔགས་སྲོག་ཡིན་པས།། གསང་བའི་དམ་ཚིག་བཤད་དུ་གསོལ། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། ལྷུན་གྲུབ་ཡེ་ཤེས་གསང་བ་ལ།། རྩོལ་བས་བཅོས་པའི་དམ་ཚིག་མེད།། དམ་ཚིག་དམ་ཚིག་ཅེས་བྱ་བ།། གུད་ན་ཡོད་པ་མ་ཡིན་ཏེ།། རང་སེམས་དག་ན་དམ་ཚིག་ཡིན། ། དག་པའི་ཀློང་ན་བསྲུང་མཚམས་མེད།། རྟོགས་པས་ལྟ་བའི་ཡུལ་ལས་འདས།། གསལ་བ་བསམ་གཏན་སྤྲོས་དང་བྲལ།། ཡུལ་ལས་འདས་པས་སྤྱད་དུ་མེད།། ལྷུན་གྱིས་གནས་པས་སྒྲུབ་ཏུ་མེད།། མ་ཡེངས་དྲན་པས་རང་སར་གྲོལ། ། སྔགས་དང་ཕྱག་རྒྱ་རྣམ་པར་དག། སྟོང་ཉིད་ངང་ལ་མཆོག་བཤད་མེད།། འཁོར་འདས་ཁྱབ་གདབ་ཆེན་པོ་ལ།། འཕྲིན་ལས་རྣམ་བཞི་གདོད་ནས་རྫོགས།། རྫོགས་པ་ཆེན་པོ་དམ་ཚིག་ནི། ། རྩོལ་བའི་ནད་ཀྱིས་བསྲུང་དུ་མེད།། ཡེ་བསྲུང་གདེང་གི་མཆོད་པ་ལ།། བསྲུང་བྱ་སྲུང་བྱེད་གནང་བཀག་མེད།། རེ་ཞིག་བརྡ་ཙམ་རོལ་པ་ལ།། རིག་པ་གསལ་བའི་དམ་ཚིག་ནི།། རྟོག་ལྡན་འཁོར་བ་སྒྲོལ་བའི་གྲུ། ། རྡོ་རྗེ་ཉིད་མ་ལྟ་བུར་གསལ།། དེས་ན་གསལ་བ་མཐའ་དང་མཉམ།། མེད་པ་ཕྱལ་བ་གཅིག་པུ་དང།། ལྷུན་གྱིས་གྲུབ་པའི་དམ་ཚིག་གོ། རང་རིག་ཡེ་ཤེས་གསང་བ་ལ།། གཟུང་འཛིན་མཚན་མའི་ཆོས་མེད་པས། ། བརྗོད་དུ་མེད་པའི་སེམས་ཉིད་ཀྱིས།། བསྲུང་དུ་མེད་པའི་ངང་དུ་བསྡམ།། བསྡམ་བྱ་སྡོམ་བྱེད་བྲལ་བས་བདེ།། གཉིས་མེད་རིག་པའི་དམ་ཚིག་ལ།། འདའ་མེད་སྲོག་གི་གནས་གྱུར་ན། ། མ་བཅོས་རྒྱལ་བའི་དམ་ཚིག་ཡིན།། ནམ་མཁའ་ལྟ་བུར་ཁྱབ་པ་ལ།། མཐའ་དང་དབུས་མེད་མ་བཅོས་པས།། འདི་ཡིན་འདི་མན་ཕྱོགས་དང་བྲལ།། ཕྱོགས་བྲལ་སྐྱེས་བུ་ཆེན་པོ་དེས།། ཕྱོགས་གཅིག་སྤང་ཞིང་སྒྲུབ་ཏུ་མེད། ། གཏད་མེད་འཛིན་བྲལ་ཆེན་པོ་ལ།། ཕྱོགས་མཚམས་ངེས་པའི་ཆོས་མ་ཡིན།། སངས་རྒྱས་སེམས་ཅད་ཐམས་ཅད་ལ།། མ་བཅོས་སེམས་ཀྱི་རིག་པ་གཅིག། རྒྱུ་ཡིས་མ་བསྐྱེད་ཡེ་ནས་གྲུབ།། རྐྱེན་གྱིས་མ་སྦྱངས་གདོད་ནས་དག། རང་བཞིན་རིག་པ་འོད་གསལ་ལ།། མ་ལུས་དགོངས་པ་ཐམས་ཅད་འདུས།། དུས་གསུམ་བདེ་གཤེགས་ཐམས་ཅད་ལ།། རང་བཞིན་དགོངས་པ་གཅིག་ལས་མེད།། རང་སྣང་མི་འགྱུར་ཆོས་ཉིད་ལ། ། རང་གཞག་རིག་པ་མི་འདའ་ན།། སེམས་ཉིད་གཅིག་པུའི་དམ་ཚིག་གོ། དུས་གསུམ་སངས་རྒྱས་ཐམས་ཅད་ལ།། དམ་ཚིག་འདི་ལས་ཡོང་མི་འདའ།། དེ་ལ་དམ་ཚིག་ཕྱི་དང་ནང།། རང་བཞིན་ཕུང་པོ་ཁམས་བཞིན་གནས། ། དུས་གསུམ་འདི་དང་མི་འབྲལ་ན།། དམ་ཚིག་མིང་དུ་བཏགས་པ་མེད།། རང་བྱུང་འོད་གསལ་རྣམ་པར་དག། ལུས་དག་རྩོལ་བའི་ནད་མེད་པས།། ཏིང་འཛིན་རིག་པ་རྩལ་གྱི་དབང། ། མཚོན་པའི་ཐ་སྙད་བྲལ་བའོ།། རེ་ཞིག་ཀུན་བཟང་རོལ་པ་རུ།། གྱི་ནར་ལྷུན་གྲུབ་དམ་ཚིག་ལ།། ཡེ་ཤེས་གསང་བ་བྱ་བཙལ་བྲལ།། འབད་རྩོལ་དམ་ཚིག་ཞི་ནས་དག། སེལ་མེད་རིན་ཆེན་གླིང་བཞིན་དུ། ། རྣམ་དག་ཡེ་ཤེས་རང་བྱུང་ལ།། སྐྱོན་གྱི་དྲི་མ་གདོད་ནས་དག། གཞི་རྩ་མེད་པའི་སེམས་ཉིད་དུ།། བརྟགས་པའི་འཛིན་རྟོག་རྣམ་པར་དག། ལྷུན་གྲུབ་འོད་གསལ་བརྡལ་པ་ལ།། རྣམ་རྟོག་བཏགས་པའི་སེམས་གྲུབ་ན། ། མུ་སྟེགས་སངས་རྒྱས་ཅི་ལ་རྩོད། སངས་རྒྱས་སེམས་ཅན་ཅི་ལ་བཏགས།། རྟོག་པ་མངོན་སུམ་གྲུབ་པ་ཡི།། གཅིག་པུར་འཛིན་པའི་ལོག་རྟོག་ལ།། འཁྲུལ་པའི་ཐ་རམ་ཤིན་ཏུ་དམ།། རིན་ཆེན་འཕྲུལ་གྱི་ལྡེ་མིག་གིས། ། ཐ་མལ་ཞེན་པ་ཇི་ལྟར་བཟློག། མེད་དེ་མེད་པའི་སྙིང་པོ་ཅན།། ཆད་པ་མཐའ་མེད་མ་ཡིན་ནོ།། ཡོད་དེ་རྫས་སུ་གྲུབ་པ་མེད།། ཕྱལ་བ་བཏང་སྙོམས་རྙོག་པ་མེད།། རིལ་པོར་འཛིན་པའི་གཅིག་ཏུ་མེད། ། ཐིག་ལེ་ཆེན་པོ་སྤྲོས་དང་བྲལ།། མུ་སྟེགས་ལྷུན་གྲུབ་མ་ཡིན་ཏེ།། ལྷུན་གྲུབ་འདོད་པ་ཀུན་དང་བྲལ།། རྒྱ་ཆད་ཕྱོགས་ལྷུང་མེད་པས་བདེ།། ཞེས་གསུངས་སོ།། གསལ་བ་མཐའ་དང་མཉམ་པ་ལས། དམ་ཚིག་གི་ལེའུ་སྟེ་བཅུ་པའོ།།།། དེ་ནས་སེམས་དག་ལྷ་ཡི་བུས།། གསང་བའི་བདག་པོ་བཅོམ་ལྡན་འདས།། བཅོམ་ལྡན་ཐུགས་ཀྱི་བང་མཛོད་ནས།། ཡེ་ཤེས་གསང་བ་རྟོགས་པའི་ཕྱིར།། ཡེ་ཤེས་མཛོད་ཆེན་བཤད་དུ་གསོལ། ། ཞེས་ཞུས་པ་དང།། གསང་བའི་བདག་པོ་བཅོམ་ལྡན་འདས།། རྡོ་རྗེ་འཆང་གིས་བཀའ་སྩལ་པ།། གདོད་ནས་མ་སྐྱེས་སྙིང་པོ་ཨ།། སྒྲོ་སྐུར་ལྟ་བ་ཀུན་དང་བྲལ།། ཐམས་ཅད་གཅིག་གི་རང་བཞིན་ལ། ། སྤངས་འགེགས་བྱིས་པས་སླད་པ་མེད།། དབྱེར་མེད་ཡེ་ཤེས་ལྔ་ལྡན་ལ།། སྦྱོང་བགྲོད་གཉིས་ལྟ་རང་སར་གྲོལ།། སྐྱེ་འགག་གཉིས་སུ་མེད་པ་ལ།། བསྒྱུར་དང་སྤྱོད་ལྔ་རྣམ་པར་དག། རྣམ་དག་ལམ་ཆེན་ཀུན་གྲོལ་ཕྱིར།། མི་སྐྱེ་མི་འགག་ཅིར་མི་དགོངས།། གོ་བའི་ཡུལ་ན་བདེ་བ་ཆེ།། འདི་ནི་རྣམ་དག་འཇིག་རྟེན་ཡིན།། དེས་ན་ལུང་ལྡན་བླ་མ་ཡིས།། རྒྱལ་སྲས་སློབ་མ་སྐལ་ལྡན་ལ།། སྤྱི་བླུགས་དབང་ལ་གནས་བྱས་ཏེ། ། རྣ་བརྒྱུད་གདམས་ངག་ནོད་པར་བྱ།། བགྲོད་མེད་ལམ་ལ་གནས་བྱས་ན།། སྦྱངས་མེད་ས་ཡི་ཡོན་ཏན་འཕེལ།། པྲ་ཁྲིད་སེམས་ཀྱི་དོན་བསྟན་པས།། སེམས་ཉིད་རིན་ཆེན་སྙིང་པོ་ལ། ། སྐུར་བའི་ཆ་གཉིས་མི་རྟོག་སྟེ།། བརྡ་དོན་སྤྲོད་པའི་གདམས་ངག་སྤྱིན།། སྤྲད་པ་གསུམ་གྱི་གདམས་ངག་གིས།། དམར་ཁྲིད་ངོ་སྤྲད་བསྟན་པ་དང།། སྒོམ་ཁྲིད་ཐུན་གྱིས་ཐུན་དུ་དྲང།། བྱང་ས་གནས་ས་ཐིམ་ས་གསུམ། ། བར་དོའི་གདམས་ངག་ཤེས་པར་བྱ།། གནད་ཀྱི་གདམས་ངག་མ་ཤེས་ན། ཁ་ལྟ་མང་པོས་དོན་མི་རྟོགས།། སྒྲ་དང་ཚད་མ་གང་གིས་ཀྱང།། རིག་པའི་ཡེ་ཤེས་རྙེད་མི་འགྱུར།། རྟོགས་པའི་ལྟ་བ་རིག་པའི་གཏེར། ། མཚན་མ་མ་སྤངས་རང་སར་གྲོལ།། འཁོར་བ་མ་བཀག་གནས་སུ་དག། འཁྲུལ་པ་མ་བསལ་རྩ་ནས་ཆོད།། དུག་ལྔ་མ་བསྒྱུར་ཆོས་ཉིད་ཀློང།། རྩོལ་སྒྲུབ་མེད་བར་ཡེ་སངས་རྒྱས།། ཡིན་པའི་དོན་ལ་ཡིན་པར་ཤེས། ། ལྟ་བ་འདི་ལ་གང་གནས་པ།། སངས་མ་རྒྱས་པ་གཅིག་ཀྱང་མེད།། ཤར་ཚད་རང་ཤར་ཆེན་པོ་ལ།། ཕྱོགས་སུ་མ་ལྷུང་འོད་གསལ་ཆེ།། འཆིང་གྲོལ་མེད་པས་ལྟ་བ་ཡིན།། ཞེས་གསུངས་སོ། ། གསལ་བ་མཐའ་དང་མཉམ་པ་ལས། ཡེ་ཤེས་མཛོད་ཀྱི་ལེའུ་སྟེ་བཅུ་གཅིག་པའོ།།།། དེ་ནས་སེམས་ལྷག་ལྷ་ཡི་བུས།། གསང་བའི་བདག་པོ་རྡོ་རྗེ་ཅན།། བཅོམ་ལྡན་འདས་ལ་འདི་སྐད་གསོལ།། ཡེ་ཤེས་གསང་བ་ཐུགས་ཀྱི་བཅུད། ། ཏིང་འཛིན་སྒོམ་པའི་བསམ་གཏན་ཞུ།། ཞེས་གསོལ་པ་དང། གསང་བའི་མངའ་བདག་བཅོམ་ལྡན་འདས།། གསང་བའི་བདག་པོས་བཀའ་སྩལ་པ།། དང་པོ་རང་སེམས་རྒྱུན་ལ་ལྟ། ། གཉིས་པ་བླ་མའི་གདམས་ངག་སྦྱིན།། གསུམ་པ་བརྡ་དོན་ངོ་བོ་སྤྲད།། དེ་ནས་ལུང་ལྡན་རྒྱལ་པོ་ལ།། རྒྱལ་འཐེབ་བློ་དང་ལྡན་པ་ཡིས། ཁྲིད་གསུམ་སེམས་ཀྱི་དོན་བསྟན་པ། ། སེམས་ཉིད་ཡེ་ཤེས་གསང་བ་ལ།། བསྐུར་དང་མ་བསྐུར་གཉིས་མེད་ཀྱང།། བརྡ་དོན་སྤྱོད་པའི་གདམས་ངག་ཞུས།། མི་རྟོག་ཡེ་ཤེས་བཞི་ཆ་གཅིག། སེམས་ཅན་ཀུན་གྱི་རྒྱུད་ལ་གནས།། གསུམ་ཙམ་འཁོར་བའི་རང་བཞིན་ཡིན། ། དུས་ཚོད་བླ་མའི་ཞལ་ལས་ཤེས།། ལྷ་ཡི་བུ་ཁྱོད་འདི་ལྟར་སྟེ།། དེ་ཕྱིར་བརྡ་དོན་སྤྲད་པར་བྱ།། དང་པོ་ཞི་གནས་དུས་སུ་ནི།། གནས་པ་ཡི་ནི་ཏིང་ངེ་འཛིན།། གཉིས་པ་ལྷག་མཐོང་དུས་སུ་ནི། ། མི་གཡོ་བ་ཡི་ཏིང་ངེ་འཛིན།། གསུམ་པ་མཉམ་གཞག་དུས་སུ་ནི།། མཉམ་པ་ཉིད་ཀྱི་ཏིང་ངེ་འཛིན།། བཞི་པ་རྗེས་ཐོབ་དུས་སུ་ནི།། ཡེ་ཤེས་ཆེན་པོ་ལྷུན་གྱིས་གྲུབ།། དེ་ཡང་ཞི་གནས་སྒོམ་པ་ལ།། དྲན་པ་ཤེས་བཞིན་རྩི་ཡིས་གཟུང། ། དཔེར་ན་གླང་ཆེན་ལྕགས་ཀྱུ་བཞིན།། མ་ཡེངས་དྲན་པས་རང་སར་གྲོལ།། དེ་ལྟར་ལྷག་མཐོང་སྒོམ་པ་ལ།། ཤེས་བྱ་ཆོས་ཉིད་བུམ་པར་གཞུག། གསེར་བུམ་ཏིལ་གྱི་སྒྲོན་མེ་བཞིན།། འགྱུར་མེད་རིག་པ་ནང་ན་གསལ། ། དེ་བཞིན་མཉམ་པར་འཇོག་པ་ལ།། དབང་པོ་མི་དགག་རང་སར་གཞག། གསེར་གླིང་བརྡ་བའི་ཀློང་ཆེན་བཞིན།། གང་ལྟས་མཉམ་ཉིད་བརྡལ་བའི་ཀློང།། ཐ་མ་རྗེས་ཐོབ་དུས་སུ་ནི། ། ཐམས་ཅད་རང་གྲོལ་ཆེན་པོར་ཤར།། དུག་སྤྲུལ་འབར་བའི་མདུད་པ་བཞིན།། རྩོལ་སྒྲུབ་མེད་པར་རང་སར་གྲོལ།། དེ་ལྟར་དུས་བཞིན་བསྒོམས་པ་ཡིས།། རྣལ་འབྱོར་ནམ་མཁའི་བྱ་ལམ་ལ།། མ་གོམས་ངལ་དུབ་ཐུན་ཆེས་པས། ། བྱིང་རྨུགས་རབ་ཏུ་འཐིབས་པ་དང།། ལྕི་ཞིང་འཐམས་ལ་དོན་མི་གསལ།། སྒྲོ་ལྔ་ཡུལ་ལ་འཕྲོ་བ་དང།། ཡིད་འཁྲུལ་དྲན་རྟོགས་བག་ཆགས་ལྡང།། རྣམ་རྟོག་ཀུན་བུར་འཛག་པ་རྣམས།། བྱིང་རྒོད་སྐྱོན་དུ་གཏང་མི་བྱ། ། བྱིང་ན་གསང་ལ་འཐོར་ན་བསྡུ།། བྱིང་བའི་སྐྱོན་རྣམས་བཅོས་པ་ནི།། ས་མཐོ་སེར་བུ་བསིལ་བའི་སར། ཁྲུས་བྱས་ལུས་བཅག་རྒྱང་མིག་བལྟ།། གླུ་བླང་གར་བྱ་རྒྱང་མིག་བལྟ།། འཐམས་ན་བཤིག་གིན་རིག་པ་དབྱེར། ། རྒོད་པ་རྣམས་ཀྱི་བསྡུ་བ་ཡང།། གཏད་དང་གཟུང་དང་རང་སར་གྲོལ།། རང་བྱུང་རང་ཞི་ནམ་མཁའི་དཔེ།། ལྟ་བ་དྲན་པས་བཅོས་པའོ།། དེ་ལྟར་ཟླ་དྲུག་སྒོམ་པ་དང།། གཡོ་དང་གོམས་དང་ཐོབས་དང་བརྟན། ། གསལ་བ་ནམ་མཁའ་ལྟ་བུ་འབྱུང།། ནམ་མཁའ་དངས་པའི་ཟླ་བ་བཞིན།། ཀུན་ཏུ་སྙོམས་ལ་རྟོག་སྒྲིབ་མེད། ཁ་སྐོམ་ཟས་དང་བྲལ་བྱས་ཀྱང།། མདངས་དང་དབང་པོ་གཏིང་ན་གསལ། ། བཟོད་ཐོབ་ཆོས་བརྒྱད་སྤོང་ལེན་མེད།། འདོད་ཡོན་ལྔ་ལས་རྣམ་པར་གྲོལ།། ཉོན་མོངས་ཞེན་འཛིན་རྟོག་པ་ཟད།། ལུས་ཡང་ཤིང་བལ་དབུགས་མི་ཚོར།། གྲུབ་པའི་དྲོད་དང་རྟགས་རྣམས་མ་བཅོས་པ་འཆར། ། མངོན་ཤེས་ལ་སོགས་མཚན་མ་ཐོབ།། མཁའ་འགྲོའི་ལུང་བསྟན་ལ་སོགས་འབྱུང།། དེ་དག་དགའ་བྲོད་མི་བྱ་ཞིང།། མེད་ཀྱང་ཇི་མི་སྙམ་པའི་ཉམས།། རྟོག་པའི་མཚན་མ་ཅི་སྐྱེས་ཀྱང། ། དེ་ཉིད་ཆོས་ཉིད་ཡིན་ཤེས་ན།། དུག་ལ་སྨན་དུ་ཤེས་པ་བཞིན།། ཆོས་ཉིད་གཞན་ནས་བཙལ་ཅི་དགོས།། རྣམ་རྟོག་གཉེན་པོར་མི་རྟོག་སྒོམ།། དེ་ཀ་རྟོག་པ་ཆེན་པོ་ཡིན།། བཟང་རྟོག་ངན་རྟོག་ལས་གྲོལ་བས། ། རྫོགས་ཆེན་རྟོགས་པའི་རྣལ་འབྱོར་བདེ།། ཞེས་གསུངས་སོ།། གསལ་བ་མཐའ་དང་མཉམ་པ་ལས། ཡེ་ཤེས་གསལ་བའི་ལེའུ་སྟེ་བཅུ་གཉིས་པའོ།།།། དེ་ནས་ཀུན་དགའ་སྙིང་པོས་ཞུས།། ཡེ་ཤེས་འབར་བ་སྤྱོད་པའི་གློང། ། སྟོན་པ་ཐུགས་ཀྱི་དཔལ་བེའུ་ནས།། གསང་བའི་བདག་པོས་བཤད་དུ་གསོལ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། ཉོན་ཅིག་སེམས་ལྷག་ལྷ་ཡི་བུ།། ཡེ་ཤེས་གསང་བ་ཐུགས་ཀྱི་མཛོད། ། འབྱེད་པར་བྱེད་པའི་ལྡེ་མིག་ནི།། ཡེ་ཤེས་འབར་བའི་སྤྱོད་པ་ཡིན།། སེམས་ཉིད་དོན་གྱི་ཡེ་ཤེས་ལ།། སྤྱད་པར་བྱ་བའི་གནས་དང་བྲལ།། བྱ་བྲལ་ངང་ལས་རྣམ་པར་རོལ།། མི་བརྩལ་མ་སྤྱོད་ཞེས་དེ་བྱ། ། ལུས་ངག་ཡིད་གསུམ་སྤྱོད་པ་ནི།། ལུས་ཀྱི་ཕྱག་རྒྱ་རྩོལ་བ་མེད།། ཐ་མལ་ཆེན་པོ་དེ་བཞིན་ཉིད།། བག་ཡངས་སྤྱོད་པ་ལྷུག་པར་བདེ།། འགྲོ་འཆག་ཉལ་དང་འདུག་པ་རྣམས།། ཅི་སྤྱོད་དོན་ལས་མ་གཡོས་ཤིང། ། དོན་དམ་བདེ་བའི་རྩིས་ཟིན་ན།། སྤྱོད་པ་ཞེས་ནི་དེ་ལ་བྱ།། ངག་གི་སྙིང་པོ་བཟླས་བརྗོད་མེད།། མ་བཅོས་གསུང་གི་སྤྱོད་པ་ལ།། དཔེར་ན་བིང་ཀའི་སྐད་བཞིན་དུ།། འགག་མེད་གྲག་སྟོང་སྐྱེ་མེད་གསུང། ། གང་ལྟར་བྱས་ཀྱང་བདེ་བར་སྤྱོད།། འཆིང་གྲོལ་མེད་བའི་སྤྱོད་པའོ།། སེམས་ནི་འཕྲོ་འདུའི་ལས་མི་བྱེད།། རང་གསལ་ཀློང་ལ་ཡེ་གནས་པས།། དྲན་བསམ་རྒྱུ་བ་གང་ཡང་མེད།། སྤྲོས་མེད་ནམ་མཁའི་ལྟ་བུར་བདེ། ། རང་གསལ་ཡེ་ཤེས་ཆེན་པོར་ཤར།། སྐྱེ་མེད་བློ་ལས་འདས་པར་སྤྱོད།། བློ་འདས་དགོངས་པ་ཁོང་ཆུད་ན།། ནམ་མཁའ་རྡོ་རྗེའི་སྤྱོད་པའོ།། ཕྱི་ནང་གསང་བ་ཁོ་ན་ཉིད།། ཕྱི་རྟོག་ནང་དུ་བསྡུ་བ་དང། ། ནང་རྟོག་གསང་བར་བསྟིམ་པ་དང།། གསང་རྟོག་ཁོ་ན་ཉིད་དུ་གྲོལ།། གྲོལ་ནས་གྲོལ་བའི་ལམ་ཡང་སྟོན།། སྙིང་པོ་ཀློང་ནས་གྲོལ་བ་ལ།། མངོན་སུམ་རྗེས་དཔག་ལོག་པར་སྤྱོད།། རྟོག་གེའི་སྤྱོད་ཡུལ་མ་ཡིན་ནོ། ། སེང་གེ་གླང་ཆེན་འཐབ་པ་དེ།། ཝ་སྤྲེ་དག་གིས་སྐྱོ་མ་བཅུག། སྒམ་གཉིས་ཨེ་ལ་འཐུན་ཙམ་ན།། ཕྲ་མ་མཁན་དེ་སྐྱར་ལ་འབྱུང།། ཞེས་གསུངས་སོ།། གསལ་བ་མཐའ་དང་མཉམ་པ་ལས། ཡེ་ཤེས་འབར་བའི་ལེའུ་སྟེ་བཅུ་གསུམ་པའོ། །།། དེ་ནས་ལྷའི་བུ་དེས། གསང་བའི་བདག་ལ་འདི་སྐད་གསོལ།། སངས་རྒྱས་ཀུན་གྱི་མཐར་ཐུག་པ།། ཡེ་ཤེས་ས་ཅིག་བཤད་དུ་གསོལ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ། གདོད་ནས་མ་སྐྱེས་དོན་གྱི་ས།། ཐོབ་སྒྲུབ་ཀུན་གྱི་ཡུལ་ལས་འདས།། རེ་དོགས་བློ་ལས་རྣམ་པར་གྲོལ།། གོ་བའི་ཡུལ་ན་བགྲོད་དུ་མེད།། མ་བཅོས་ཡེ་ཤེས་བླ་མའི་ས།། སྦྱངས་པ་མ་ཡིན་ཡེ་ནས་གྲུབ། ། རང་བྱུང་རྣམ་དག་ཀུན་ཏུ་བཟང།། དབྱེར་མེད་བདེ་བ་ཆེན་པོའི་སྐུ།། སྐུ་དང་མདོ་སྡེ་བླ་མེད་ས།། ཉན་ཐོས་དགྲ་བཅོམ་པ་ཡི་ས།། རང་རྒྱལ་ཡིད་ཞིན་བདེ་བའི་ས།། ཀུན་ཏུ་འོད་དང་རྡོ་རྗེ་འཛིན།། སྟུག་པོ་བཀོད་པ་པདྨ་ཅན། ། ཚོགས་ཆེན་ཡི་གེ་འཁོར་ལོ་དང།། ཀུན་བཟངས་དབྱེ་བ་མེད་པའི་ས།། ས་རྣམས་སེམས་ལ་བགྲང་བ་ཡང།། ཡེ་ཤེས་གསང་བ་ཅིག་ལ་སྨྲས།། རྫོགས་པ་ཆེན་པོ་ས་གཅིག་པ།། གང་གིས་དེ་རྟོགས་དེ་ཡི་ས། ། རྟོགས་པས་ཡོན་ཏན་དྲུག་ཏུ་ཤར།། བཀྲ་གསལ་གཟུགས་ཀྱི་དཀྱིལ་འཁོར་ལ།། འོད་གསལ་རང་བྱུང་ངོ་མཚར་ཆེ།། བརྗོད་བྲལ་སྒྲ་ཡི་དཀྱིལ་འཁོར་ལ།། གྲག་སྟོང་རིག་པའི་འོད་གསལ་ཤར། ། རང་བཞིན་སྣ་ཚོགས་དྲི་དག་ལ།། ཡེ་ཤེས་གསལ་བའི་རང་བྱུང་སེམས།། མུ་ཁ་རོ་ཡི་དཀྱིལ་འཁོར་ལ།། བདུད་རྩི་ཐིགས་པ་ལྕེ་ལ་ཞོག། གསལ་བའི་རེག་བྱའི་བདེ་བ་ལ།། གངས་རི་རྩེ་ནས་བསྙིལ་བར་བྱ། ། ཀུན་འདུས་ཆོས་ཀྱི་དཀྱིལ་འཁོར་ལ།། རྒྱལ་པོ་བཙོན་དུ་གཟུང་བར་བྱ།། དེ་ལྟར་ཚོགས་དྲུག་གྲོལ་བ་ཡིས།། ཤིང་རྟའི་གཟེར་མགོ་གཅད་པར་བྱ།། ཞེས་བཀའ་སྩལ་ཏོ།། གསལ་བ་མཐའ་དང་མཉམ་པ་ལས། ཡེ་ཤེས་ས་གཅིག་གི་ལེའུ་སྟེ་བཅུ་བཞི་པའོ།།།། དེ་ནས་སྤྲུལ་པ་ལྷ་ཡི་བུས།། གསང་བདག་རྡོ་རྗེ་འཛིན་པ་ལ།། མཐར་ཕྱིན་སྐུ་གསུམ་བཤད་དུ་གསོལ།། ཞེས་ཞུས་པ་དང། གསང་བའི་བདག་པོས་བཀའ་སྩལ་པ། ། སྣང་བ་མ་བཅོས་ཆོས་ཀྱི་སྐུ།། རིག་པ་མ་སྦྱངས་ལོངས་སྤྱོད་རྫོགས།། ཐུགས་རྗེ་སྤྲུལ་བའི་སྐུ་རུ་ཤར།། ཆོས་སྐུས་ནམ་མཁའི་ཁམས་ཀུན་ཁྱབ།། ཞིང་ཁམས་སྣང་སྲིད་ཐམས་ཅད་དང།། དུས་གསུམ་སངས་རྒྱས་ཐམས་ཅད་དང། ཁམས་གསུམ་སེམས་ཅན་ཐམས་ཅད་ཀུན།། ཆོས་སྐུ་མ་བཅོས་འཁོར་དུ་འདུས།། ཆོས་སྐུ་དངོས་མེད་ཡེ་ཤེས་ཉིད།། བློ་ལས་གྲོལ་ཏེ་བསམ་དུ་མེད།། བརྗོད་པའི་ཐ་སྙད་ཀུན་དང་བྲལ། ། མི་འགྱུར་རྡོ་རྗེ་ནམ་མཁའ་འདྲ།། ལོངས་སྤྱོད་རང་རིག་ཡེ་ཤེས་ཏེ།། གཟུགས་ཀྱི་སྐུ་རུ་ཤར་བ་ནི།། མཚན་དང་དཔེ་བྱད་སྦྲས་པ་ལ།། སྣང་ལ་རང་བཞིན་མེད་པའི་ལུས།། མེ་ལོང་ནང་གི་གཟུགས་བརྙན་བཞིན། ། ཡེ་ཤེས་སྒྱུ་མར་སྣང་བའོ།། ལོངས་སྤྱོད་རྫོགས་པའི་ཞིང་ཁམས་ནི།། འདོད་པའི་ལོངས་སྤྱོད་ཐམས་ཅད་ལ།། སྤྱོད་ཀྱང་མ་ཆགས་ལོངས་སྤྱོད་ཡིན།། དེ་བཞིན་མེ་ཏོག་རྒྱན་པའོ།། འཁོར་ནི་བྱང་ཆུབ་སེམས་དཔའི་འཁོར། ། ཚིགས་དང་ཡི་གེར་མི་བརྗོད་ཀྱང།། བརྡ་ཡིས་ཆོས་རྣམས་འཇལ་བར་སྟོན།། ཏིང་འཛིན་རིག་པའི་གདེང་གིས་གོ། ཐུགས་རྗེས་ཡེ་ཤེས་སྤྲུལ་པའི་སྐུ།། གདུལ་བྱ་གང་དང་གང་འདུལ་ལ། ། དེ་དང་དེ་ཡི་སྐུ་སྤྲུལ་པ།། ཐུབ་དྲུག་ངོ་བོ་ཤཱཀྱ་ཐུབ།། ཞིང་ཁམས་སྟོང་གསུམ་མི་མཇེད་ལ།། གདུལ་བྱ་འགྲོ་བ་དྲུག་འདུལ་ཏེ།། འཁོར་ནི་རང་སྣང་རྣམ་བཞི་ལ།། བསྟན་པ་སྡེ་སྣོད་གསུམ་དུ་འཆད། ། ཅེས་གསུངས་སོ།། གསལ་བ་མཐའ་དང་མཉམ་པ་ལས། སྐུ་གསུམ་བསྟན་པའི་ལེའུ་སྟེ་བཅོ་ལྔ་པའོ།།།། དེ་ནས་སེམས་ལྷག་ལྷ་ཡི་བུས།། གསང་བདག་ཆེ་ལ་འདི་སྐད་གསོལ།། བཅོམ་ལྡན་ཐུགས་ཀྱི་དཀྱིལ་འཁོར་ནས། ། ཡེ་ཤེས་རོལ་པ་བཤད་དུ་གསོལ།། གསང་བའི་བདག་པོས་བཀའ་སྩལ་པ།། ཡེ་ཤེས་གསང་བ་སྙིང་པོའི་དོན།། ཀུན་འདས་ཡེ་ཤེས་དག་པའི་འོད།། ཐུགས་རྗེ་ཡེ་ཤེས་ཕྱོགས་མེད་ཤར། ། ཡེ་ཤེས་མེ་ལོང་གཡའ་དག་ལ།། མ་བཅོས་གཟུགས་བརྙན་རང་ཤར་བས།། གསལ་འགྲིབ་མེད་པར་ཟང་ཐལ་ནི།། མེ་ལོང་ལྟ་བུའི་ཡེ་ཤེས་སོ།། སྣང་སྲིད་བྱང་ཆུབ་སེམས་སུ་གསལ།། རང་སར་མཉམ་པས་ཕྱོགས་བཅུར་བརྡལ། ། འགྲོ་འོང་མེད་པས་དབྱིངས་སུ་ཐིམ།། མཉམ་པ་ཉིད་ཀྱི་ཡེ་ཤེས་སོ།། རང་གསལ་རིག་པའི་ཡེ་ཤེས་ཐུགས།། མ་འདྲེས་ཡོངས་རྫོགས་ཀུན་ཏུ་བཟང།། སོ་སོར་མི་རྟོག་ཡེ་ཤེས་ཉིད།། མ་འདྲེས་གསལ་བའི་ཡེ་ཤེས་སོ། ། མི་འདའ་ཕྱག་རྒྱ་ཆེན་པོ་ལ།། རང་བྱུང་མཛད་པ་ཅིར་ཡང་འཆར།། གདུལ་བྱའི་བྱ་བ་ཀུན་སྒྲུབ་པས།། བྱ་བ་སྒྲུབ་པའི་ཡེ་ཤེས་སོ།། མ་བཅོས་དབྱིངས་ཀྱི་ཆོས་ཉིད་ནི།། འཛིན་རྟོག་རིག་པའི་ཆོས་མེད་པས། ། སེམས་ཀྱི་དཀྱིལ་འཁོར་འོད་གསལ་ཏེ།། སྟོང་པ་ཉིད་ཀྱི་ཡེ་ཤེས་སོ།། རང་གསལ་ཤེས་པ་མ་བཅོས་པས།། དོན་དེ་ཤེས་པས་ཡེ་ཤེས་ཡིན།། ཆོས་ཉིད་ཀར་དག་འོད་གསལ་སེམས། ། དོན་དེ་རྟོག་ན་ཡེ་ཤེས་ཡིན།། མ་འགགས་རང་རིག་འགྱུར་མེད་སེམས།། རང་བྱུང་ཡེ་ཤེས་ལྷུན་གྱིས་གྲུབ།། དེ་དོན་རྟོགས་པའི་རྣལ་འབྱོར་བ།། ཡེ་ཤེས་ཆེན་པོའི་ཀློང་ན་འཕྱོ།། ཐིག་ལེ་དྲུག་འདུས་ཉག་གཅིག་ལ། ། ཆེ་བ་ལྔ་དང་འདོད་ནས་ལྡན།། འདི་དོན་ཤེས་ན་ཡེ་ཤེས་ཡིན།། རྟོགས་པའི་ཀློང་ཆེན་རབ་འབྱམ་ནི།། ཀློང་ཆེན་དགུ་ཡི་ཀློང་ན་འཕྱོ།། འདི་རུ་མ་འདུས་གང་ཡང་མེད།། ཀུན་བྱེད་ཀུན་བཟང་བརྩོན་པའི་སྐུ། ། སྐབས་སྦྱོར་ཡི་གེ་ཚུལ་ཅིག་ཀློང།། འོད་གསལ་མེ་ལོང་རྒྱ་མཚོ་ཀློང།། ཀློང་དགུ་འདས་པའི་རྒྱ་མཚོ་ཡིས།། མ་རྟོགས་པ་ལ་ཚིག་སྒོ་ནས།། ཡེ་ཤེས་གསང་བར་བཤད་པ་ཡིན།། ཞེས་བཀའ་སྩལ་ཏོ། ། གསལ་བ་མཐའ་དང་མཉམ་པ་ལས། ཡེ་ཤེས་ཀྱི་ལེའུ་སྟེ་བཅུ་དྲུག་པའོ།།།། དེ་ནས་སེམས་དག་ལྟ་ཡི་བུས།། གསང་བའི་བདག་པོ་བཅོམ་ལྡན་ལ།། ལུང་བསྟན་རྡོ་རྗེར་བཤད་དུ་གསོལ།། གསང་བའི་བདག་པོས་བཀའ་སྩལ་པ། ། ཉོན་ཅིག་ཀུན་དགའ་སྙིང་པོ་ཁྱོད།། ལེགས་པར་ཉོན་ལ་ཡིད་ལ་ཟུང།། ཡེ་ཤེས་གསང་བ་དམ་པ་འདི།། འདས་པའི་དུས་ན་སྔོན་བྱུང་བ།། སངས་རྒྱས་མངོན་རྫོགས་རྒྱལ་པ་ཡིས། ། ཐུགས་ཀྱི་རྒྱལ་སྲས་བདུན་ལ་གཏད།། དེ་དག་རིག་པར་མཐར་ཕྱིན་ནས།། དེ་བཞིན་རྩོལ་བྲལ་ཆོས་ལ་བཀོད།། རྡོ་རྗེ་འཛིན་པའི་སྡེ་དཔོན་གྱིས།། སེམས་ཉིད་རིག་པའི་ཐེག་པ་རྟོགས།། ལྷ་གནས་གསུམ་དུ་གྲགས་འགྱུར་ནས། ། ཡང་སྤྲུལ་རྒྱལ་སྲས་ཁྱོད་ཀྱིས་སུ།། འཛམ་གླིང་དབུས་སུ་རྒྱས་པར་གྱིས།། རྒྱལ་འཐེབ་གསང་བའི་སྣོད་ལྡན་ལ།། རྣ་བརྒྱུད་རིག་པ་གསང་བའི་རྒྱུད།། ཐུགས་རྗེས་སྤྲུལ་པའི་སྒོ་ནས་སྟོན། ། གསང་འཛིན་རིག་པའི་སྣོད་ལྡན་རྣམས།། མ་བཅོས་གསང་བའི་དོན་གོ་ནས།། རྣམ་གྲོལ་འབྲས་བུ་ཐོབ་པར་འགྱུར།། མཉམ་པའི་དོན་ལ་མཉམ་གཞག་ན།། དེ་མ་ཐག་ཏུ་རིག་པ་འཆར།། གསང་བའི་སྣོད་ལྡན་རིགས་འཛིན་བཞིན། ། དུས་ཚིགས་ཕྱིར་མར་འབྱུང་བར་འགྱུར།། བསྟན་པ་བཅུད་ཀྱི་མཛོད་འཛིན་ཅིང།། རིགས་འཛིན་ས་ལ་གནས་པའོ།། རྫོགས་ཆེན་ཨ་ཏིའི་བསྟན་པ་འདི།། བསྣུབས་ཀྱང་ནུབ་པར་མི་འགྱུར་ཏེ། ། དོན་ལ་འགྱུར་བ་མེད་པའི་ཕྱིར།། ནམ་མཁའ་བཞིན་དུ་འཇིགས་འདྲལ་མེད།། གདོད་ནས་ཆོས་ཉིད་སྤྲོས་དང་བྲལ།། གཞན་གྱི་ནུབ་པར་མི་འགྱུར་ཏེ།། རྣ་བརྒྱུད་འཕྲུལ་ཚིག་མི་ལྡན་པར།། སྒྲ་བཞིན་སྤྱད་ནས་སྨུ་བ་དང། ། ལྟ་སྤྱོད་ལོག་པའི་ང་རྒྱལ་ཅན།། མ་བཅོས་རང་སྣང་རོལ་པ་དང།། རྣམ་རྟོག་ཞེན་པའི་བཏགས་པ་དག། བྱེ་བྲག་མ་བྱེད་རྨོངས་པའི་བློས།། བབ་ཅོལ་བསྲེས་ནས་ལོག་པར་སྨྲ།། རྒྱ་མཚོར་ལྷུན་གྱི་ཕ་བོང་བཞིན། ། རྡོ་རྗེའི་ཁབ་ཏུ་ཧ་ར་ཧན།། དེས་ན་ཐོས་བསམ་སྒོམ་གསུམ་གྱིས།། གཏན་ལ་ཕོབ་ལ་ཉམས་སུ་ལོང།། ཞེས་བཀའ་སྩལ་ཏོ།། གསལ་བ་མཐའ་དང་མཉམ་པ་ལས། ལུང་བསྟན་རྡོ་རྗེའི་ལེའུ་སྟེ་བཅུ་བདུན་པའོ། །།། དེ་ནས་སེམས་ལྷག་ལྷ་ཡི་བུས།། བརྡ་དང་མཚན་གྱི་བཤད་པ་དེ།། བཅོམ་ལྡན་འདས་ལ་ཡང་ཞུས་པ།། གསང་བའི་བདག་པོས་ཡང་དག་བཤད།། ཨ་ནི་སྐྱེ་བ་མེད་པ་ལ། ། ཏི་ནི་འགག་པ་མེད་པའི་བརྡ།། ཡོ་ག་རྫོགས་ཆེན་ཆོས་ཀྱི་རྩི།། ཤིན་ཏུ་རྣལ་འབྱོར་ལྷ་ཡི་ལྷ།། ལྷ་ཡི་བུ་ཁྱོད་འདི་ལྟ་སྟེ།། དགྲ་གཉེན་མེད་པར་གོམས་གྱུར་ན།། འདི་དང་བར་མ་དོ་ལ་གྲོལ།། གྲོལ་ནས་གྲོལ་བའི་ལམ་ཡང་སྟོན། ། སྤྲད་པ་གསུམ་གྱི་གདམ་ངག་གིས།། རྡོ་རྗེ་སེམས་དཔའི་ཁང་པ་བསྟན།། ཐིག་ལེ་ཁོང་དུ་གདམས་པ་ནི།། ཟག་མེད་ཡེ་ཤེས་བདེ་བར་བསྟན།། སྐུ་གསུང་ཐུགས་ཕྲད་ཉམས་མྱོང་གིས།། ནམ་མཁའ་རྒྱ་མཚོ་ནོར་བུ་བསྟན། ། དམིགས་པ་སྤོ་བའི་བསམ་གཏན་གྱིས།། ཤེས་པ་དྲིམས་པའི་བརྡ་རུ་བསྟན།། ཚོར་བ་རྗེས་མེད་སྒོམ་པ་ནི།། ཕྱོགས་མེད་ལོག་པའི་བརྡ་ཡིས་བསྟན།། དུས་ཚོད་བཞི་ཆའི་རིག་པ་ནི། ། ཤེས་པ་བློག་པའི་བརྡ་ཡིས་བསྟན།། བཏང་སྙོམས་ཆེན་པོའི་གདམས་ངག་ནི།། མཁའ་འགྲོ་རྒྱུད་ཀྱི་བརྡ་ཡིས་བསྟན།། གཡོ་མེད་བུམ་ཆུའི་གདམས་ངག་ནི།། ཐིག་ལེ་དབུས་གནས་ལག་བརྡས་བསྟན།། དྲན་པ་རྒྱུན་ཆགས་གདམས་ངག་ནི། ། དགུ་བསྡམས་པ་ཡིས་གདམས་པས་བསྟན།། གཏི་མུག་ལམ་ཁྱེར་གདམས་ངག་ནི།། དྲན་པ་མེ་ལོང་བརྡ་ཡིས་བསྟན།། ཚོགས་དྲུག་རང་སར་གྲོལ་བ་ནི།། སྣ་ཚོགས་ཅི་རུང་བརྡ་ཡིས་བསྟན། ། དུག་ལྔ་རང་སར་གྲོལ་བ་ནི།། དངུལ་དཀར་མེ་ལོང་བརྡ་ཡིས་བསྟན།། སྟེང་སྒོ་དག་ལ་བརྟེན་པ་ནི།། རླུང་དང་འཁོར་ལོ་བརྡ་ཡིས་བསྟན།། འོག་སྒོ་དག་ལ་བརྟེན་པ་ནི།། བོ་ལ་ཀ་ཀོ་ལ་ཡིས་བསྟན། ། དཀྱིལ་འཁོར་དྲུག་གི་གདམས་ངག་ནི།། སྤྱོད་ཡུལ་དྲུག་གི་བརྡ་ཡིས་བསྟན།། སྐྱེ་ས་པ་སྐྱེ་མེད་གདམས་ངག་ནི།། ཕྱག་རྒྱ་བསྒྲེང་བའི་བརྡ་ཡིས་བསྟན།། གག་མེད་རོལ་བའི་གདམས་ངག་ནི།། རྡོ་རྗེ་གདན་གྱི་བརྡ་ཡིས་བསྟན། ། གཉིས་སུ་མེད་པའི་གདམས་ངག་ནི།། ཡི་གེ་ཨ་ཡི་བརྡ་ཡིས་བསྟན།། བརྡ་སྤྲད་བརྡ་ནི་བུང་བ་དང།། བརྡ་བྲལ་ཀློང་དུ་གཞག་པར་བྱ། ཀུན་དགའ་སྙིང་པོ་འདི་ལྟར་ཏེ།། མཚན་དོན་མིང་དེ་བརྒྱད་དུ་གཟུངས། ། མ་བཅོས་ལྷུན་གྲུབ་ཟམ་མོའི་ཕྱིར།། མ་བཅོས་ཡེ་ཤེས་གསང་བའི་རྒྱུད།། ཉོན་མོངས་ཞེན་པའི་འཕྲེང་ཐག་གཅོད།། དེ་ཕྱིར་ཡེ་ཤེས་རྫོགས་པའི་རྒྱུད།། ཀུན་ཏུ་བཟང་པོ་རིག་པའི་ཐུགས། ། ཡེ་ཤེས་འོད་ཀྱི་རྒྱུད་ཅེས་བྱ།། ཀུན་འདུས་མཉམ་པ་ཆེན་པོ་ཡིས།། རྒྱ་མཚོ་ལྟར་མཉམ་རྙོག་མེད་རྒྱུད།། ཆོས་རྣམས་གསལ་བའི་ཡེ་ཤེས་སྒྲོན།། ཉི་ཟླ་ལྟ་བུར་དྲི་མེད་རྒྱུད།། འདི་ལ་མཐའ་དབུས་མེད་པས་ན། ། ནམ་མཁའ་མཐའ་དང་མཉམ་པའི་རྒྱུད།། བདེ་ཆེན་མཛེས་པའི་རྒྱན་བྱེད་པས།། སྐྱེ་མེད་རིན་ཆེན་ལྟ་བུའི་རྒྱུད།། གསང་བ་ཀུན་འདུས་རིག་པའི་གཏེར།། གསལ་བའི་རྒྱུད་འདི་ཕྱི་མར་བཤད།། ཨེ་མ་ཡེ་ཤེས་བསང་བ་འདི། ། ཐེག་པ་ཀུན་གྱི་ཡང་རྩེ་དང།། དགོངས་པ་ཀུན་གྱི་ཞེ་ཕུགས་ཡིན།། ལུང་རྣམས་ཀུན་གྱི་རྒྱལ་པོ་ལ།། གསུང་རབ་ཀུན་གྱི་ངེས་དོན་ནོ།། རྒྱུད་ཀུན་མ་ལུས་དོན་འབྲེལ་ཏེ།། བསྟན་པ་ཡོངས་ཀྱི་སྙིང་པོ་ཡིན། ། ཆོས་རྣམས་ཀུན་གྱི་མཐར་ཐུག་གོ། གུ་ལང་ལུང་གི་གསེར་གཟོ་རུ།། སེང་གེ་འོ་མ་བླུགས་པ་བཞིན།། བཀའ་ཡི་བཅུད་བསྡུས་གསང་བ་འདི།། སྣོད་ལྡན་ངང་ཚུལ་བཟང་ལ་གཏད།། ལྷ་ཡི་བུ་ཡི་སེམས་ལ་ཞོག། ཐུགས་རྗེས་འོད་ཟེར་ཕྱོགས་བཅུར་སྤྲོས།། སྣོད་མིན་དམ་ཚིག་མི་ལྡན་པ།། གྲིབ་བཞིན་འཁོར་ཡང་གསང་བར་བྱ།། ཆུ་སྲིན་པིར་གྱི་གྲེ་བ་བཞིན།། ཡེ་ཤེས་གསང་བ་བསྟན་མི་བྱ།། ཡེ་ཤེས་གསང་བ་ཟབ་མོའི་རྒྱུད། ། གསང་བར་བཀྲོལ་བའི་དོན་འབྲེལ་འདི།། དེ་བ་བཟང་སྐྱོང་བུ་ལ་གཏད།། གནས་ནི་བྲག་དང་ཆུ་ལ་གཞག། ཅེས་གསུངས་སོ།། གསལ་བ་མཐའ་དང་མཉམ་པ་ལས། བརྡ་དང་མཚན་གྱི་སྒོ་ནས་བསྟན་པ་སྟེ་བཅོ་བརྒྱད་པའོ། །།། གསང་བ་གསལ་བ་མཐའ་དང་མཉམ་པའི་རྒྱུད་ཅེས་བྱ་བ། བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་གསུངས་པ་རྫོགས་སོ།།།།
CLOSE WINDOW