Wylie |
བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ།། རྒྱུད་གསུམ་ངེས་པར་བཤད་པ། དེ་ནས་དེའི་ཚེ་དེའི་དུས་ན་ཆོས་ཉིད་ཀྱི་མཁའ་དབྱིངས་ཉིད་ཀྱི་ཀློང། སེམས་ཉིད་ཀྱི་གནས་དེར་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ཉིད་ཆོས་ཐམས་ཅད་སྐྱེ་བ་མེད་པའི་ངང་ལ་དགོངས་ནས། ཆོས་ཉིད་མཉམ་པ་ཉིད་ཀྱི་ངང་ལ་ཅིའང་མི་གསུང་བར་བཞུགས་སོ། ། དེའི་ཚེ་སེམས་དཔའ་རྡོ་རྗེ་ཉིད་ཀྱང་ཆོས་ཐམས་ཅད་སྐྱེ་བ་མེད་པ་ལ་དགོངས་ནས་ཅང་མི་གསུང་བར་བཞུགས་སོ།། དེ་ནས་རིགས་ལྔའི་འཁོར་ལ་སོགས་པ་ཕྱོགས་བཅུ་ནས་ལྷགས་ཤིང་འདུས་པ་རྣམས་ཀྱིས། སེམས་དཔའ་རྡོ་རྗེ་ལ་འདི་སྐད་ཅེས་བསྐུལ་ལོ།། ཡང་དག་པར་བསྐུལ་ལོ།། ངེས་པར་བསྐུལ་ལོ།། ཨེ་མ་ཧོ་སེམས་དཔའ་རྡོ་རྗེ་ཆེ།། བདག་ཅག་རྣམས་ལ་ཕན་གདགས་ཕྱིར། ། སྔར་གསུངས་རྩ་བའི་རྒྱུད་ཉིད་ལ།། གོང་འོག་འཁྲུགས་སུ་བསྟན་པ་སྟེ།། ཤེས་བྱ་སྒྲོ་འདོགས་ཇི་ལྟར་གཅད།། ཕྱི་རྒྱུད་གཉིས་སུ་གསུངས་པ་ལ། ། ཤེས་བྱའི་སྒྲོ་འདོགས་རིམ་པ་གང།། ཤེས་བྱའི་སྒྲོ་འདོགས་ཐམས་ཅད་ཀུན།། ཞུ་བའི་དུས་ལ་རབ་ཏུ་བབ།། ངེས་པར་ཞུ་བའི་དུས་ལ་བབ།། ཅེས་རྣམ་པར་བསྐུལ་ལོ། ། དེ་ནས་སེམས་དཔའ་རྡོ་རྗེ་དེས།། དགའ་བའི་མདངས་ནི་རབ་ཏུ་ཕྱུང།། རང་གི་སྟན་ལས་རབ་ལངས་ནས།། སྟོན་བའི་མདུན་དུ་རབ་ཞུས་པ།། ཨེ་མ་བྱང་སེམས་ཀུན་ཏུ་བཟང། ། ཁྱོད་ཀྱི་མདུན་དུ་བདག་འཁོད་པ།། བདག་ལ་འཚལ་བའི་དོན་ཅིག་མཆིས།། བདག་འཚལ་ཁྱོད་ཀྱིས་བཤད་དུ་གསོལ།། ཞེས་ཞུས་པས། སྟོན་པ་བྱང་སེམས་ཀུན་བཟང་ཉིད། ། ཆོས་ཉིད་ངང་ལ་ཅང་མི་གསུང།། དེ་ནས་སེམས་དཔའ་རྡོ་རྗེ་ཡིས།། ནན་ཏན་ཉིད་དུ་རབ་ཞུས་པ།། ཀྱེ། སྟོན་པའི་སྟོན་པ་བྱང་སེམས་ཀུན་ཏུ་བཟང།། རྒྱུད་གསུམ་ངེས་པ་སྔར་དུ་གསུངས་པ་ལ།། ཤེས་བྱ་འཁྲུགས་བའི་མཐའ་ནི་ཇི་ལྟར་གཅད། ། ཕྱི་རྒྱུད་གཉིས་སུ་རང་བཞིན་བཅུར་བསྟན་པ།། ཤེས་བྱ་གོ་རིམ་དགོངས་པ་ཇི་ལྟར་ལགས།། ཤེས་བྱ་སྒྲོ་འདོགས་མཐའ་ནི་ཇི་ལྟར་གཅད།། ངེས་པར་བདག་ཅག་འཁོར་ལ་བསྟན་དུ་གསོལ། ། དེ་ནས་སྟོན་པ་ཀུན་བཟང་གིས།། ངེས་པ་ཉིད་དུ་རབ་གསུངས་པ།། ཀྱེ་མ་སེམས་དཔའ་ཆེན་པོ་ལེགས་པར་ཉོན་ཅིག། ཤིན་ཏུ་ལེགས་པར་ཉོན་ཅིག་དང། ངས་དེ་དག་ཡོངས་སུ་བཤད་པར་བྱའོ། ། ཞེས་གསུང་བར་ཞལ་གྱིས་བཞེས་སོ།། བྱང་ཆུབ་ཀྱི་སེམས་ཤེས་བྱ་མཐའ་གཅོད་ཀྱི་རྒྱུད་ལས། གླེང་གཞི་གླེང་སླང་གི་ལེའུ་སྟེ་དང་པོའོ།།།། དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་ཏུ་བཟང་པོས།། རྩ་རྒྱུད་འཁྲུགས་བའི་དགོངས་པ་འདི་གསུངས་སོ། ། ཀྱེ་སེམས་དཔའ་རྡོ་རྗེ་ཆེན་པོ་རབ་ཏུ་ཉོན་ཅིག། རྒྱུད་དེ་དཀྲུགས་པའི་དགོངས་པ་འདི་ལྟར་ཡིན།། ར་གཅོད་གཟུ་ལུམས་ཅན་གྱི་གང་ཟག་ལ།། རྒྱུད་དཀྲུགས་ལུང་བཅུས་མན་ངག་གབ་ནས་བསྟན། ། རྫོགས་ཆེན་སྐལ་ལྡན་རང་བཞིན་ལྷུན་གྲུབ་ལ།། བསྣོལ་མཚམས་འཕེན་སྡུད་དོན་གྱི་ཁྲིགས་སུ་བསྟན།། དང་པོ་ཆོས་ཉིད་མཐོང་བར་བྱ་བའི་ཕྱིར།། སྔོན་དུ་ཕྱུང་བའི་མདོ་ལུང་བཅུ་བསྟན་པ། ། དང་པོ་རྒྱུད་འདི་འབྱུང་བའི་རྒྱུ་བསྟན་ཕྱིར།། གླེང་གཞི་སྔོན་དུ་ཕྱུང་བ་དང་པོར་བསྟན།། དེ་ཉིད་གསལ་བ་རྒྱས་པ་བསྟན་བྱའི་ཕྱིར།། ཕུན་སུམ་ཚོགས་པ་བཀོད་པ་བཅུ་པར་བསྟན། ། དེ་ལས་ཆོས་ཉིད་མངོན་དུ་ཕྱུང་བའི་ཕྱིར།། ཆོས་ཉིད་མངོན་དུ་ཕྱུང་བ་གཉིས་པར་བསྟན།། ཆོས་ཀྱི་ཉིད་རྩ་བ་ཀུན་བྱེད་སེམས་འདུས་པས།། སེམས་ཉིད་ཁོ་ན་འདུས་པ་བཅུ་གཅིག་པ།། དེ་ཉིད་ཆོས་ཀུན་གཞི་མ་ཡིན་པའི་ཕྱིར། ། ཐམས་ཅད་འབྱུང་ཁུངས་གསུམ་པ་དག་ཏུ་བསྟན།། དེ་ཀུན་ཀུན་བྱེད་ཉིད་ལས་བྱུང་བའི་ཕྱིར།། ཀུན་བྱེད་ལས་བྱུང་ཉི་ཤུ་པ་ཡིས་བསྟན།། དེ་གཉིས་ཕུན་སུམ་ཚོགས་པ་གསུམ་བྱུང་བས། ། སྐུ་གསུམ་ཕུན་ཚོགས་བཅོ་ལྔ་པ་ཡིས་བསྟན།། དེ་ཉིད་སེམས་ཉིད་སྟོན་པར་འདུས་པ་ནི།། རང་སེམས་སྟོན་པ་རྩ་ལྔ་པ་ཡིས་བསྟན།། རང་སེམས་སྟོན་པ་གཉིས་མེད་བཤད་པའི་ཕྱིར།། གཏན་ཚིགས་བཤད་པ་ཉེར་གཅིག་པ་ཡིས་བསྟན། ། དེ་ཡི་རྩ་བ་སེམས་སུ་གཅིག་རིག་པས།། རྩ་བ་སེམས་སུ་གཅིག་པ་དྲུག་པ་བསྟན།། ཆོས་ཉིད་མངོན་ཕྱུང་སྣང་བ་རང་སར་གྲོལ།། བཅུ་དྲུག་པ་ཡིས་མངོན་ཕྱུང་དགོངས་པ་བསྟན། ། མ་ནོར་ངེས་པའི་མདོ་ལུང་བཅུ་བསྟན་པ།། ཆོས་ཉིད་དེ་ཉིད་ཀུན་བྱེད་ངེས་རྟོགས་ཕྱིར།། མཚན་བཤད་ངེས་བར་བསྟན་པ་བཞི་པས་བསྟན།། དེ་ཉིད་རྒྱུད་དང་མངོས་སུམ་ཐབས་རྟོགས་པས།། ལུང་གཉིས་ངེས་པར་བསྟན་པ་སོ་གསུམ་པ། ། ལུང་དེ་ངེས་པར་རྟོགས་པར་བྱ་བའི་ཕྱིར།། སེམས་ཉིད་ངེས་པར་བཤད་པ་བཅུ་གསུམ་པ།། བཤད་པའི་དེ་ཉིད་ཡིད་ཆེས་བྱ་བའི་ཕྱིར།། ལུང་ཁུངས་ངེས་པར་བསྟན་པ་བཅུ་གཉིས་པ། ། དེ་ཡི་དོན་ཉིད་གཏན་ལ་ངེས་འབེབས་པ།། དོན་འགྲེལ་ངེས་པར་བསྟན་པ་ལྔ་པ་བསྟན།། དོན་འགྲེལ་གཏན་ཕབ་ངེས་པའི་གདེང་རྙེད་པས།། ཚིག་གཞི་ངེས་པར་བསྟན་པ་སོ་གཉིས་པ།། ངེས་རྙེད་སྐུ་གསུང་ཐུགས་སུ་འདུས་པའི་ཕྱིར། ། སྐུ་གསུང་ཐུགས་སུ་འདུས་པ་སོ་དྲུག་པ།། སྐུ་གསུམ་དགོངས་པ་གཅིག་ཏུ་བརྡལ་བའི་ཕྱིར།། དགོངས་པ་འདུས་པ་ངེས་པར་བསྟན་པ་སོ་བཞི་པ།། དགོངས་འདུས་དོན་ལ་མ་བཙལ་རང་གཞག་ཕྱིར། ། དགོངས་པ་ངེས་པར་བཞག་པ་ཉེར་དགུ་པ།། ངེས་པར་བཞག་པའི་དོན་ལས་མི་འདའ་བས།། སྐུ་གསུམ་ངེས་འཆང་ངེས་བསྟན་བཅུ་བདུན་པ།། ངེས་པར་བསྟན་པས་ཡིད་ཆེས་དགོངས་པ་དག། ལྔ་བཅུ་རྩ་ལྔ་པ་ཡིས་བསྟན་པ་ཡིན།། རྒྱུ་འབྲ་ས་ལོག་པའི་ཞེན་པ་བཟློག་པའི་ཕྱིར།། རྒྱུ་འབྲས་འདས་བའི་མདོ་ལུང་བཅུ་བསྟན་པ།། ངེས་པར་རང་བྱུང་རིག་པར་ཀུན་གཅིག་པས།། ངོ་བོ་གཅིག་པ་རྒྱུ་འབྲས་འདས་པ་ཞེ་གཅིག་པ། ། ངོ་བོ་གཅིག་པ་རང་བྱུང་རྫོགས་པ་རྟོགས་དཀའ་བས།། སྐལ་མེད་མི་རྟོགས་གསང་བ་བཅུ་བཞི་པ།། མ་རྟོགས་དེ་ཉིད་ལྟ་སྤྱོད་གོལ་སྒྲིབ་པས།། ལྟ་སྤྱོད་གོལ་སྒྲིབ་བསྟན་པ་སོ་བརྒྱད་པ།། དེ་ཉིད་སེམས་ཉིད་ལ་འདས་རྒྱུ་འབྲས་འདས། ། གོལ་སྒྲིབ་སྐྱོན་སེལ་དགུ་པ་དག་གིས་བསྟན།། གོལ་སྒྲིབ་སྐྱོན་མེད་རྫོགས་ཆེན་ངེས་རྟོགས་ཕྱིར།། རྒྱུ་འབྲས་འདས་པའི་རྫོགས་ཆེན་སོ་ལྔ་པ།། རྒྱུ་འབྲས་འདས་རྟོགས་མ་བཙལ་ལྷུན་གྲུབ་པས། ། མ་བཙལ་ལྷུན་གྲུབ་བསྟན་པ་ལྔ་བཅུ་པ།། བཙལ་མེད་བཙལ་བས་གྲུབ་པར་མི་འགྱུར་བས།། བཙལ་བས་མི་འགྲུབ་བསྟན་པ་བཅོ་བརྒྱད་པ།། བཙལ་མེད་ཆོས་ཉིད་ཡོངས་ལ་བཀོད་པའི་ཕྱིར། ། ཆོས་ཉིད་ཡོངས་ལ་བཀོད་པ་བརྒྱད་པས་བསྟན།། ཆོས་ཉིད་བྱང་ཆུབ་སེམས་སུ་བསྟན་པའི་ཕྱིར།། སེམས་ཀྱི་རང་བཞིན་བསྟན་པ་བཞི་བཅུ་པ།། སེམས་ཉིད་མ་བཙལ་ལྷུན་གྲུབ་རྒྱུ་འབྲས་འདས། ། མ་གཡོས་འདོད་མེད་བསྟན་པ་ང་གཉིས་པ།། རྒྱུ་འབྲས་འདས་པ་རྩོལ་སྒྲུབ་བྱ་མི་དགོས།། བདུན་པ་ཉིད་དུ་དགོས་པ་བསྟན་པ་ཡིན།། བྱར་མེད་རྫོགས་པའི་མདོ་ལུང་བཅུ་བསྟན་པ།། སེམས་ཀྱི་རང་བཞིན་མི་གནས་ཡུལ་མེད་པས། ། བྱར་མེད་རྫོགས་པས་བསྟན་པ་ཉེར་གཉིས་པ།། དེ་ཉིད་མ་འདྲེས་ཡོངས་རྫོགས་ཀུན་ཁྱབ་པས།། མི་ནུབ་རྒྱལ་མཚན་རྫོགས་པ་སུམ་ཅུ་པ།། དེ་ཉིད་ཡེ་ཤེས་ཕྱག་རྒྱ་འགྱུར་མེད་པས། ། བྱར་མེད་རྫོགས་པའི་ཕྱག་རྒྱ་རྩ་བཞི་པ།། དེ་ཉིད་བཙལ་བས་འབྲས་བུ་མི་རྙེད་པས།། བྱར་མེད་བཙལ་བས་མི་རྙེད་ཉེར་བརྒྱད་པ།། བཙལ་མེད་བྱང་ཆུབ་སེམས་སུ་རྣམ་དག་པས།། བྱར་མེད་རྣམ་དག་དབྱིངས་རྫོགས་ཉེར་བདུན་པ། ། རྣམ་དག་དབྱིངས་ལས་རྩོལ་བས་ནད་མེད་པས།། བྱར་མེད་རྡོ་རྗེ་ཚིག་དྲུག་སོ་གཅིག་པ།། རྩོལ་མེད་ཇི་བཞིན་མཁའ་ལྟར་གནས་པའི་ཕྱིར།། བྱར་མེད་མཁའ་ཡི་དགོས་པ་རྩ་གསུམ་པ། ། ནམ་མཁའི་དགོངས་པ་སྒོམ་པ་ཀུན་ལས་འདས།། བྱར་མེད་རྫོགས་པས་སྒོམ་མེད་རྩ་དྲུག་ལ།། སྒོམ་མེད་སྒོམ་པས་ཐོབ་པར་མི་འགྱུར་བས།། བྱར་མེད་སྐལ་མེད་དོན་མེད་ཞེ་བཞི་པ།། རྫོགས་ཆེན་སྐལ་ལྡན་འབྲས་བུར་རང་གནས་པ། ། བྱར་མེད་བསྒྲགས་པས་རྫོགས་པ་ང་དྲུག་པ།། མ་བྱས་རང་བཞིན་རྫོགས་པར་བསྟན་པའི་ཕྱིར།། ཞེ་གསུམ་པ་ཡིས་བྱར་མེད་དགོངས་པ་བསྟན།། གཏན་ལ་ཕབ་པའི་མདོ་ལུང་བཅུ་བསྟན་པ། ། ཆོས་ཀུན་གཞི་མ་གཏན་ལ་དབབ་པའི་ཕྱིར།། གཞི་མ་ཀུན་བྱེད་གཏན་ཕབ་ཞེ་བརྒྱད་པ།། དེ་ཉིད་དུས་གསུམ་རྒྱལ་བའི་སྙིང་པོ་བས།། རྒྱལ་བའི་སྙིང་པོ་གཏན་དབབ་སོ་བདུན་པ།། རྒྱལ་བའི་སྙིང་པོ་བསམ་བརྗོད་ཡུལ་ལས་འདས། ། ལྟ་བ་སྒོམ་མེད་གཏན་དབབ་ཞེ་ལྔ་པ།། བལྟར་མེད་སྒོམ་བྲལ་ཉིད་ནི་མ་སྤངས་པས།། སྒོམ་དུ་མེད་པར་བསྟན་པ་སོ་བདུན་པ།། སྒོམ་མེད་བདེ་ཆེན་དབྱིངས་ལས་མི་འདའ་བས། ། དམ་ཚིག་བསྲུང་མེད་གཏན་དབབ་ཞེ་དྲུག་པ།། མི་འདའ་ཆོས་ཉིད་མ་བཙལ་ལྷུན་གྲུབ་པས།། འཕྲིན་ལས་བཙལ་མེད་གཏན་དབབ་ཞེ་བདུན་པ།། བཙལ་མེད་ཉིད་ལ་ཅིག་ཅར་འཇུག་པས་ན།། ས་ལ་སྦྱང་མེད་གཏན་དབབ་ཞེ་དགུ་པ། ། མ་སྦྱངས་འོད་གསལ་ཡེ་ཤེས་ལམ་རྫོགས་པས།། ལམ་ལ་བགྲོད་མེད་གཏན་དབབ་ང་གཅིག་པ།། དེ་ཕྱིར་རྒྱུ་རྐྱེན་མ་སྐྱེས་རང་བྱུང་བས།། རང་བྱུང་ཡེ་ཤེས་གཏན་དབབ་ལྔ་བཅུ་པ། ། ཡེ་ཤེས་མ་བཙལ་ལྷུན་གྲུབ་རང་གནས་པས།། རང་བཞིན་མ་གཡོས་གཏན་དབབ་ང་གསུམ་པ།། གཏན་ལ་འབེབས་ན་མ་བཅོས་བཅོས་མེད་པས།། ཞེ་གཉིས་པས་ནི་གཏན་དབབ་དགོངས་པ་བསྟན། ། ལྔ་བཅུ་རྩ་ལྔའི་དགོངས་པ་མདོར་བསྡུས་ཕྱིར།། ལྔ་བཅུ་བཞི་པས་རྩ་རྒྱུད་བཞི་བསྡུས་བསྟན།། རྩ་རྒྱུད་འཁོར་ལ་གཏད་ཅིང་གདམས་པའི་ཕྱིར།། ལྔ་བཅུ་བདུན་པས་གཏད་ཅིང་གདམས་པ་བསྟན།། ཅེས་གསུངས་སོ། ། བྱང་ཆུབ་ཀྱི་སེམས་ཤེས་བྱ་མཐའ་གཅོད་ཀྱི་རྒྱུད་ལས།། རྩ་རྒྱུད་དཀྲུགས་པའི་དགོངས་པ་བསྟན་པའི་ལེའུ་སྟེ་གཉིས་པའོ།།།། དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོས་རང་བཞིན་བཅུའི་རིམ་པ་འདི་གསུངས་སོ། ། ཐོས་པའི་རྒྱུད་ནི་བསམས་པས་རྟོགས་བྱའི་ཕྱིར།། རྟོགས་འབྱུང་གླེང་གཞི་བསྟན་པ་ང་བརྒྱད་པ།། དང་པོ་ལྟ་སྒོམ་རླབས་ཆོས་ཕྱིར།། ལྟ་སྒོམ་མེད་བར་བསྟན་པ་དགུ། བསྒོམ་མེད་དོན་ལ་བསྲུང་མཚམས་རྩིས་གདབ་བྲལ། ། དེས་ན་དམ་ཚིག་བསྲུང་མེད་དྲུག་ཅུ་པ།། བསྲུང་བྱ་མེད་པས་འཕྲིན་ལས་བྱ་བཙལ་བྲལ།། དེ་ནས་འཕྲིན་ལས་བཙལ་མེད་རེ་གཅིག་པ།། འཕྲིན་ལས་བཙལ་མེད་ཆོས་ཉིད་གཟུང་འཛིན་བྲལ། ། དེས་ན་དཀྱིལ་འཁོར་བསྐྱེད་དེ་རེ་གཉིས་པ།། དཀྱིལ་འཁོར་རྩོལ་བྲལ་ལུང་ཆེན་ཐོག་འབེབས་པས།། དེས་ན་སྐུ་དབང་རྩོལ་བྲལ་རེ་གསུམ་པ།། བསྐུར་དབང་རྩོལ་བྲལ་རྗེས་ཀྱང་ལམ་བྲལ་བས། ། དེས་ན་ལམ་ལ་བགྲོད་མེད་རེ་བཞི་པ།། ལམ་བགྲོད་མེད་པས་ས་ལམ་སྦྱང་དུ་མེད།། དེས་ན་ལམ་ལ་སྦྱང་དུ་མེད་པ་རེ་ལྔ་པ།། ས་སྦྱང་མེས་པས་གཉིས་མེད་བླང་དོར་བྲལ།། དེས་ན་གཉིས་མེད་སྤྱོད་པ་རེ་དྲུག་པ། ། བླང་དོར་གཉིས་མེད་ཡེ་ཤེས་སྒྲིབ་པ་མེད།། དེས་ན་ཡེ་ཤེས་སྒྲིབ་མེད་རེ་བདུན་པ།། ཡེ་ཤེས་བཙལ་མེད་ལྷུན་གྲུབ་རང་གནས་པས།། དེས་ན་ལྷུན་གྲུབ་བཙལ་མེད་རེ་བརྒྱད་པ།། དེ་ལྟར་རྟོགས་པར་བྱ་བ་བསྒྲུབས་པའི་ཕྱིར། ། རྟོག་པ་རབ་ཏུ་བསྒྲགས་པ་རེ་དགུ་པ།། དེ་ལྟར་རྟོགས་པའི་ངང་ལས་མ་ཡེངས་པས།། ངང་བསྒོམ་རྟོག་པའི་གླེང་གཞི་བདུན་ཅུ་པ།། བལྟ་མེད་ངང་ལ་བསྒོམ་མེད་ངང་གནས་པས།། དེས་ན་བསྒོམ་མེད་ངང་གནས་དོན་གཅིག་པ། ། བསྒོམ་མེད་ངང་ལ་དམ་ཚིག་བསྲུང་མེད་པས།། དམ་ཚིག་བསྲུང་མེད་ངང་གནས་དོན་གཉིས་པ།། བསྲུང་མེད་དེ་ལ་འཕྲིན་ལས་བཙལ་མེད་པས།། འཕྲིན་ལས་བཙལ་མེད་ངང་གནས་དོན་གསུམ་པ། ། འཕྲིན་ལས་བཙལ་མེད་དཀྱིལ་འཁོར་བསྐྱེད་མི་དགོས།། དཀྱིལ་འཁོར་བསྐྱེད་མེད་ངང་གནས་དོན་བཞི་པ།། དཀྱིལ་འཁོར་རྩོལ་བྲལ་དབང་ལ་བསྐུར་མི་དགོས།། དབང་ལ་བསྐུར་མེད་ངང་གནས་དོན་ལྔ་པ། ། བསྐུར་དབང་རྩོལ་བྲལ་རྗེས་ཀྱང་ལམ་བགྲོད་མེད།། ལམ་ལ་བགྲོད་མེད་ངང་གནས་དོན་བཞི་པ།། ལམ་བགྲོད་མེད་པས་ས་ལ་སྦྱང་དུ་མེད།། ས་ལ་སྦྱང་མེད་ངང་གནས་དོན་བདུན་པ། ། ས་སྦྱང་མེད་པས་སྤྱོད་པ་བླང་དོར་མེད།། བླང་དོར་གཉིས་མེད་ངང་གནས་དོན་བརྒྱད་པ།། བླང་དོར་གཉིས་མེད་ཡེ་ཤེས་སྒྲིབ་མེད་པས།། ཡེ་ཤེས་སྒྲིབ་མེད་ངང་གནས་དོན་དགུ་པ།། ཡེ་ཤེས་བཙལ་མེད་ལྷུན་གྲུབ་རང་གནས་པས། ། ལྷུན་གྲུབ་བཙལ་མེད་ངང་གནས་བརྒྱད་ཅུ་པའོ།། རྒྱུད་ཀྱི་སྐབས་སྦྱར་དོན་འཁྲིགས་བསྟན་པའི་ཕྱིར།། དེ་ཡི་ལྡེ་མིག་བརྒྱད་ཅུ་གཅིག་པས་བསྟན།། ངོ་མཚར་སྐྱེས་ནས་བསྟོད་པ་བསྟན་པའི་ཕྱིར། ། དོན་གྱི་བསྟོད་པ་བརྒྱད་ཅུ་གཉིས་པས་བསྟན།། དེ་ལ་སྣོད་བཅུད་བྱེ་བྲག་བསྟན་པའི་ཕྱིར།། གདམས་ངག་སྣོད་ལ་གཞག་པ་གྱ་གསུམ་པ།། མཚན་གྱི་ཆེ་བ་བསྟན་ཅིང་གཏད་པའི་ཕྱིར། ། འཁོར་ལ་རྒྱུད་གཏད་བརྒྱད་ཅུ་བཞི་པས་བསྟན།། སེམས་དཔའ་རྡོ་རྗེ་ཆེན་པོ་ཁྱོད་ཉོན་ཅིག། དེ་དག་དང་ནི་དེ་ལྟར་ཤེས་པར་གྱིས།། ཐོས་པས་སྒྲོ་འདོགས་ཆོད་བས་ཤེས་བྱ་གཞི།། བསམས་པས་ངེས་ཤེས་སྐྱེས་པས་ཤེས་བྱ་ལམ། ། སྒོམ་པ་རང་གནས་རང་སར་གྲོལ་བས་འབྲས།། ཡེ་ནས་ལྷུན་གྲུབ་རྣལ་འབྱོར་བཞི་ཏུ་གནས།། དེ་ཉིད་གསལ་བྱས་རྣལ་འབྱོར་རྐྱེན་དུ་སྣང།། ཁྱད་པར་སྔོན་གྲོལ་རྣལ་འབྱོར་འབྲས་བུ་ཉིད། ། མ་འདྲེས་ཡོངས་སུ་རྫོགས་པ་གཉིས་མེད་ཀྱིས།། ཐམས་ཅད་མ་ལུས་རབ་ཏུ་གྲོལ་བར་བྱེད།། གཞན་ཡང་སེམས་དཔའ་ཆེན་པོ་རབ་ཉོན་ཅིག། ཡོན་ཏན་བཅུ་དང་ལྡན་པའི་དམ་པ་ལ།། སྣོད་སྐྱོན་བཞི་རྣམས་སྤང་བའི་སྣོད་ལྡན་གྱིས། ། རྒྱུད་དོན་བསླབ་པའི་མཐའ་བཅུར་ཤེས་པར་གྱིས།། ཞེས་གསུངས་སོ།། བྱང་ཆུབ་ཀྱི་སེམས་ཤེས་བྱ་མཐའ་གཅོད་པ་ལས།། རང་བཞིན་བཅུའི་རིམ་པ་བསྟན་པའི་ལེའུ་སྟེ་གསུམ་པའོ། །།། དེ་ནས་ཡང་སེམས་དཔའ་རྡོ་རྗེས་རབ་ཏུ་ཞུས་པ། ཀྱེ། སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་ལགས།། དམ་པ་སྣོད་ཀྱི་བྱེ་བྲག་ཇི་ལྟར་ལགས།། རྒྱུད་དོན་བརླབས་པའི་མཐའ་བཅུ་ཇི་ལྟར་བསྡུ།། བྱང་ཆུབ་སེམས་དཔའ་ཀུན་བཟང་ཁྱོད་ཀྱིས་རབ་ཏུ་ཤོད། ། དེ་ནས་བྱང་ཆུབ་སེམས་དཔའ་ཀུན་བཟང་གིས།། འདུས་པའི་ཚོགས་རྣམས་ཀུན་ལ་བཀའ་སྩལ་པ།། ཞུས་པའི་དོན་རྣམས་ལེགས་བར་བཤད་ཀྱིས་ཉོན། ། དངོས་གྲུབ་ཀུན་གྱི་བདག་པོ་དམ་པ་ནི།། དབང་རྫོགས་ནུས་ཐོབ་ཐེག་ཆེན་དོན་ལ་མཁས།། ངེས་པའི་དོན་རྟོགས་ཐུགས་རྗེ་ཆེ་བ་དང།། འགྲོ་བའི་དོན་བརྩོན་དོན་མཁས་ཚུལ་ཤིས་དང།། རྫས་ལ་སྲེད་ཆུང་ཡང་དག་དོན་ལ་དགའ། ། དེ་དག་བཅུད་དང་ལྡན་པ་བླ་མ་ཡིན།། སྣོད་ལྡན་སྐྱོན་བཞི་རབ་ཏུ་སྤངས་པ་ནི།། བཅུད་ལེན་ཡངས་དང་བརྟན་དང་དག་པ་དང།། ཁ་བུབ་གཞོགས་རལ་ཞབས་རྡོལ་དུག་ཅན་སྤངས། ། སྣོད་ཆེན་བཞིར་ལྡན་སློབ་མའི་གང་ཟག་དེས།། སྔོན་ལ་ངེས་ལེའི་གདམས་ངག་ཞུ་བའི་ཚེ།། གསང་སྟེ་དབེན་པའི་གནས་སུ་མཆོད་སོགས་དགྲམ།། དེ་ཡིས་དེ་ལ་རྒྱལ་བའི་འདུ་ཤེས་བསྐྱེད། ། ཡིད་འཐད་ཅེས་པ་ཕུལ་ཏེ་གུས་ཕྱག་འཚལ།། རྫོགས་ཆེན་དཀྱིལ་འཁོར་ཆེན་པོར་འཇུག་པ་དང།། ལྟ་སྒོམ་སྤྱོད་པ་བསླབ་པའི་མཐའ་བཅུ་རྣམས།། ཐབས་ཆེན་གཅིག་གིས་ཐམས་ཅད་འགྲུབ་པར་ཞུ།། དེ་ཡིས་དེ་ལ་རྒྱལ་བའི་སྲས་དགོངས་ནས། ། ལྗགས་ཀྱི་སྦུབས་ནས་རྒྱུད་པའི་གདམས་པ་འདི།། རྒྱུད་ལུང་མན་ངག་ངེས་དོན་འབྲེལ་པར་བསྟན།། ཞེས་གསུངས་སོ།། བྱང་ཆུབ་ཀྱི་སེམས་ཤེས་བྱ་མཐའ་གཅོད་པ་ལས། ། གདམས་པ་ཞུས་བའི་རིམ་པ་བསྟན་པའི་ལེའུ་སྟེ་བཞི་བའོ།།།། དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་ཏུ་བཟང་པོས།། དང་པོ་དབང་གི་རིམ་པ་ངེས་པར་གསུངས་པ།། ཡེ་ནས་ལྷུན་རྫོགས་ཀུན་ཁྱབ་དཀྱིལ་འཁོར་དུ། ། ཐོབ་མེད་དབང་བསྐུར་ཕྱིར་མི་དབྱེ་བ་ནི།། ཡེ་ནས་དཀར་པོ་མ་མཐོང་དམུས་ལོང་ལ།། དཀར་པོ་ཇི་སྙེད་བརྗོད་ཀྱང་ཤེས་མི་རུང།། ལྷུན་རྫོགས་དཀྱིལ་འཁོར་མ་མཐོང་བུ་དེ་ལ།། ཡེ་ཤེས་མ་བསྐྱེད་བརྗོད་པས་ཤེས་མི་རུང། ། མིག་ཕྱེད་དཀར་པོ་བརྗོད་པས་ཤེས་པ་ལྟར།། དེ་ལ་རྒྱལ་བའི་ཡེ་ཤེས་སྤྱན་དབྱེ་བ།། ཤེས་རབ་ཡེ་ཤེས་སྤྱན་ཆེན་མི་རྟོག་པ།། ཡེ་ནས་དེ་བཞིན་མ་མཐོང་ཕྱོགས་སུ་འདྲེ།། ཤེས་མཚན་བཞིན་ཏེ་འདྲེས་དང་དེ་ལས་མེད། ། འདྲེས་པ་སལ་ལེ་མི་རྟོག་མཉམ་པར་ཞོག། མཐའ་དབུས་ཀུན་ཁྱབ་ལྷུན་རྫོགས་དཀྱིལ་འཁོར་དེར།། རྣམ་ཐར་བཞི་དང་ཡེ་ཤེས་ལྔ་སོགས་འདུས།། ཀུན་གཞི་མ་བཅོས་དེ་ལ་མི་གཡོ་གསལ། ། དུས་གསུམ་རྒྱལ་བ་རྣམས་ཀྱི་ཆོས་སྐུ་ཡིན།། དེ་ཤེས་རྒྱལ་བ་རྣམས་ཀྱི་ཡེ་ཤེས་ཡིན།། དེ་རུ་ཐམས་ཅད་གཅིག་ཤེས་བཅུག་པ་ཡིས།། བྱང་ཆུབ་སེམས་དེས་ཆོས་སྐུར་དབང་བསྐུར་བས།། དེ་དོན་ཤེས་པའི་རིག་པ་རང་དབང་བསྐུར། ། བུམ་དབང་གསང་དབང་ཡེ་ཤེས་སྐྱེ་བ་དང།། ཀུན་གྱི་མན་ངག་དེ་ཉིད་དབང་བཞི་རྫོགས།། རྣམ་རྟོག་སྡུག་བསྔལ་རང་གྲོལ་དབུགས་དབྱུང་སྟེ།། ཀུན་གྱི་རྒྱལ་པོ་ཆོས་སྐུར་ལུང་བསྟན་ཏོ། ། འདི་ལ་སྒྲིབ་པ་ཀུན་མེད་རང་སར་དག། ཚོགས་ཀུན་ལྡན་པས་མ་བསགས་ས་ནོན་དག། ས་རྣམས་མི་བགྲོད་ས་རྣམས་ཟིལ་གྱིས་ནོན།། རྒྱུ་དང་འབྲས་མེད་ལྷུན་གྲུབ་འབྲས་བུ་མཆོག། འོག་མ་གཞུག་ཕྱིར་བསྟན་གྱིས་རྫོགས་ཆེན་ལ། ། དབང་རིམ་ཐོབ་དང་མ་ཐོབ་ཐ་སྙད་མེད།། མེད་དང་ཕྱལ་པ་གཅིག་པུ་ལྷུན་གྱིས་གྲུབ།། ལྟ་བ་གཟའ་གཏད་བྲལ་བས་བལྟ་རུ་མེད།། སྤྱོད་པ་བླང་དོར་བྲལ་བས་སྤྱད་དུ་མེད། ། དམ་ཚིག་གཉིས་འཛིན་བྲལ་བས་བསྲུང་དུ་མེད།། ཏིང་འཛིན་དམིགས་མེད་ཧད་དེ་ཕྱལ་ལེབ།། ཐེག་དགུར་ཕྱེ་ལ་ཐིག་ལ་གཅིག་ཏུ་བསྡུ།། རིག་པའི་རྒྱལ་པོ་རང་དབང་ལྷུན་གྱིས་གྲུབ།། གཅིག་ཤེས་ཀུན་མཁས་མཁས་པ་ལྷུན་གྱིས་གྲུབ། ། བརྗོད་མེད་བརྗོད་བྲལ་ཐོས་པ་ལྷུན་གྱིས་གྲུབ།། བྱར་མེད་བྱ་བྲལ་མན་ངག་ལྷུན་གྱིས་གྲུབ།། མི་ལེན་མི་བསྲུང་འཛིན་མེད་དམ་ཚིག་མཆོག། མ་འདས་མི་འཇིག་འདས་ན་གཞུང་རྣམས་འཇིག། ཅེས་གསུངས་སོ།། བྱང་ཆུབ་ཀྱི་སེམས་ཤེས་བྱ་མཐའ་གཅོད་ལས།། དབང་དང་དམ་ཚིག་བསྟན་པའི་ལེའུ་སྟེ་ལྔ་པའོ།།།། དེ་ནས་བྱང་ཆུབ་ཀྱི་སེམས་སྟོན་པ་ཀུན་ཏུ་བཟང་པོས། ། ལྟ་སྒོམ་སྤྱོད་པའི་རིམ་པ་འདི་གསུངས་སོ།། སེམས་དཔའ་རྡོ་རྗེ་ཆེན་པོ་ལེགས་པར་ཉོན།། འཁོར་བའི་ཉེར་ལེན་རྣམ་རྟོག་མ་རིག་ཡིན།། མྱ་ངན་འདས་པ་དབྱིངས་དང་ཡེ་ཤེས་ཉིད།། དོན་དུ་མི་གཉིས་ཀུན་མཁྱེན་ཐུགས་ཆུད་པ། ། དེ་ལས་བྱུང་བའི་སྣང་བ་རང་དག་འདོད།། མ་རིག་ཐ་མལ་ཆགས་སྡང་སྤྱད་པས་འཁོར།། མཉམ་པའི་དོན་རིག་བླང་དོར་མེད་པས་བྲལ།། འཁོར་བ་དོར་བའི་ཐབས་ནི་དེ་ཐོབ་པས།། དེ་ཡི་བཀའ་དང་བླ་མའི་ཞལ་ལས་བྱུང། ། འཁོར་བ་མྱང་ངན་འདས་དང་དགེ་སྡིག་ཀུན།། ཐམས་ཅད་རྨི་ལམ་སྒྱུ་འདྲ་རང་བཞིན་མེད།། སྨིག་སྒྱུ་སྒྲ་ཡིས་སྨིག་སྒྱུ་ཙམ་ཡང་མེད།། ཐམས་ཅད་འཁྲུལ་འདོད་དེ་མིན་ཡང་དག་ཡིན། ། འཁྲུལ་གཞི་མེད་པར་འཁྲུལ་པ་འབྱོར་མི་སྲིད།། མདོར་ན་ཡང་དག་མེད་པས་དེ་མི་འབྱུང།། དེ་ཕྱིར་མེད་ལས་མེད་འབྱུང་ངོ་མཚར་ཆེ།། དེ་ཉིད་མེད་ལས་ཐོབ་མེད་གནས་པ་མེད།། དེ་ཉིད་ཡིན་པས་དོར་མེད་ཀུན་དང་ལྡན། ། གང་ལ་མི་རྟོག་བལྟར་མེད་ལྟ་བའི་མཆོག། ལྟ་བ་དེ་ལྟར་ཤེས་ན་ཐམས་ཅད་ཆུད་མི་ཟ།། ཐམས་ཅད་བདག་ཉིད་གསལ་བ་མི་རྟོག་པ།། དེ་ཉིད་ཟིན་པས་རྩོལ་བའི་ནད་སྤངས་ཏེ།། དེ་ལ་མ་བཙལ་གཞག་ན་སྒོམ་པའི་མཆོག། དེ་ནི་ཀུན་གཞི་མ་བཅོས་འགྱུར་མེད་གསལ།། གླང་ཆེན་འདམ་བྱིང་རྟ་རྒོད་རྒྱུག་འདྲ་ན།། གཞན་ལྟར་དེ་རྗེས་མི་གཅད་པ་ལ་གཞག། གླང་ཆེན་ཆེ་ན་སྒོ་དབྱེ་ཕུར་ལ་གཞག། རྟ་རྒོད་ཆེར་རྒྱུག་སྒོ་དགག་ཕུར་ལ་བརྟོད། ། དེ་ཡི་ངང་ལ་ཐུན་མཚམས་གནས་པ་དང།། གོམས་ཤིང་སྒོ་དབྱེ་ཕུར་བ་གཏང་བར་བྱ།། དེ་ཡི་ངང་ལ་ཐུན་མཚམས་མི་གནས་ན།། གླང་ཆེན་རྟ་ཡིས་རྐྱེན་ནས་བཅོལ་ཅིང་གནས། ། དབྱེ་དགག་རྐྱེན་དང་ཕུར་རྣམས་བཅོས་པའི་ཚེ།། ཐིག་ལེ་བྱང་ཆུབ་སེམས་ལས་ཉམས་མི་བྱ།། ཆེད་དུ་མི་སྤང་ངང་ལ་གཞག་པས་བྲལ།། སྤངས་དང་ཉེས་མེད་བྱང་ཆུབ་སེམས་ཀྱི་ངང།། བཅོས་ཅིང་སྤང་ཟླ་ངེས་ལྟ་འཛིན་ཕུར་ཅན། ། རྐྱེན་དུ་གོམས་པར་གར་བརྒྱུགས་སྐྱོན་མེད་པར།། རྫོགས་ཆེན་རྟོགས་ཅིང་གོམས་པའི་རྣལ་འབྱོར་པས།། གང་ལྟར་སྤྱད་ཀྱང་མི་ཉམས་ཐིག་ལེའི་ངང།། རྫོགས་ཆེན་གོམས་ཤིང་རྟོགས་པའི་སྒོམ་པ་ཡིན། ། ཆོས་རྣམས་ཇི་སྙེད་བརྗོད་པ་ཐམས་ཅད་ཀུན།། ཀུན་གཞི་བརྡལ་བ་ཆེན་པོའི་ངང།། ཆོས་ཀུན་མ་བཅོས་བྱང་ཆུབ་སེམས་གྱུར་པས།། ཅི་སྤྱད་མ་བཅོས་བྱང་ཆུབ་སེམས་སུ་གཅིག། ཀུན་གཞི་མ་བཅོས་ངང་ལ་དེ་སྤྱོད་པས། ། ཆོས་རྣམས་ཀུན་ལ་མ་སྤྱད་གང་ཡང་མེད།། གང་ལ་མི་གནས་མི་རྟོག་མི་སྤྱོད་པ།། སྤྱོད་མེད་ཨ་ཏི་ཡོ་གའི་སྤྱོད་པ་ཡིན།། ཞེས་གསུངས་སོ།། བྱང་ཆུབ་ཀྱི་སེམས་ཤེས་བྱ་མཐའ་གཅོད་ལས། ལྟ་སྒོམ་སྤྱོད་པ་གསུམ་བསྟན་པའི་ལེའུ་སྟེ་དྲུག་པའོ།།།། དེ་ནས་བྱང་ཆུབ་ཀྱི་སེམས་སྟོན་པ་ཀུན་ཏུ་བཟང་པོས། མཁས་ཤིང་རྒྱུད་དགྲོལ་སྒོར་བསྡུ་བའི་འདི་གསུངས་སོ།། སེམས་དཔའ་རྡོ་རྗེ་ཆེན་པོ་ལེགས་པར་ཉོན་ཅིག། ཆོས་རྣམས་ཐམས་ཅད་མཚན་ཉིད་ཇི་ལྟར་བསྟན།། ཆོས་རྣམས་ཀུན་རྫོབ་དོན་དམ་མཚན་ཉིད་དེ།། ཀུན་རྫོབ་མཚན་མའི་ཆོས་ལ་རྣམ་པ་གསུམ།། འཁོར་བའི་ཆོས་དང་མྱ་ངན་འདས་པའི་ཆོས། ། མྱ་ངན་འདས་པ་ཆེན་པོའི་ཆོས་དང་གསུམ།། མྱ་ངན་འདས་པའི་ཆོས་ལ་བཞི།། གཉིས་པོ་གེགས་ཏེ་གཉིས་པོ་ཆོས་དང་ལྡན།། འདས་ཆེན་འཁོར་བ་གཉིས་པོ་རེ་རེ་འགེགས།། དོན་དམ་ཆོས་དེ་ཀུན་དང་བྲལ། ། ཤེས་བྱ་ཐབས་ཀྱི་མཚན་ཉིད་འདི་ལྟར་བསྟན།། རང་ངོ་ཤེས་བྱའི་མཆོག་ཤེས་ཤེས་རབ་སྟེ།། ཀུན་ཆ་རྫུན་པར་འདྲེན་པ་ཐབས་ཞེས་བྱ།། དེ་རེ་ལའང་ཐབས་དང་ཤེས་རབ་གཉིས།། ལྟ་བ་རང་རེའི་ཤེས་བྱ་ཆོག་ཤེས་པ། ། དེ་ནི་ཤེས་རབ་ཀྱི་ཤེས་རབ་ཡིན།། སྤྱོད་པས་དེ་དོན་ཉམས་ལེན་ཤེས་རབ་ཐབས།། ལྟ་བས་ཐེག་པ་རང་རེའི་དོན་ཤེས་པ།། དེ་ནི་ཐབས་ཀྱི་ཤེས་རབ་ཡིན་པར་བཤད།། དེ་བཞིན་རྗེས་སུ་སྤྱོད་པ་ཐབས་ཀྱིས་ཐབས། ། དེ་ཕྱིར་ཐེག་བའི་འཇུག་སྒོ་ཐམས་ཅད་ཀུན།། ཐབས་དང་ཤེས་རབ་ལྟ་སྤྱོད་འབྲེལ་ནས་འགྲུབ།། ཐེག་པ་སོ་སོའི་དྲི་མ་འདི་ལྟར་བཀྲུ།། དཀར་ནག་བརྗེས་ཏེ་ནག་པོ་དོར་བར་བྱེད། ། ནག་པོ་མི་སྤང་ནག་པོ་དབང་དུ་བྱེད།། དཀར་ནག་ཀུན་ཡོང་འབྲས་བུ་འཕྲལ་ལ་སྦྱོར།། རྙོག་ཆུ་མ་དགུལ་ཁད་ཀྱིས་འདག་པ་འདྲ།། དེ་རྣམས་མི་འབྲལ་དྲི་མ་ཁད་ཀྱིས་དག། དེ་རྣམས་རྣམ་དག་མི་སྤང་ཐབས་ཀྱིས་ཅིག་ཅར་བྲལ། ། ནོར་བུ་ཆུ་དངས་རྙོག་ཆུར་བཅུག་དང་འདྲ།། ཐེག་པ་ཆེན་པོའི་ཚོགས་རྣམས་འདི་ལྟར་བསག། ཇི་སྙེད་ཆོས་ཀུན་བསོད་ནམས་ཡེ་ཤེས་གཉིས།། ཤེས་རབ་ཡེ་ཤེས་མཆོག་རྟོགས་ཡེ་ཤེས་ཉིད། ། བསོད་ནམས་ཚོགས་གསོག་ཐེག་པ་གསུམ།། དེ་ཉིད་དུ་མ་བསགས་པས་ཚོགས་ཞེས་བྱ།། འབྲས་ལ་ཚོགས་གསོག་གསང་སྔགས་ཐེག་པ་བཞི།། བསོད་ནམས་ཚོགས་དང་ཡེ་ཤེས་འབྲེལ་པར་འདོད། ། འབྲས་གནས་ཡེ་ཤེས་གཅིག་སོགས་ཐེག་པ་གཅིག། ཚོགས་ཀུན་མི་སོག་ཡེ་རྫོགས་ཚོགས་ཀྱི་མཆོག། ཐེག་པ་སོ་སོའི་ས་རྣམས་འདི་ལྟར་ནོན།། མོས་སྤྱོད་ས་སྦྱར་དང་པོའི་ས་དང་སྦྱོར།། བཅུ་བའི་ཐ་མ་རྡོ་རྗེ་ལྟ་བུའི་ས། ། ཐམས་ཅད་དག་པར་བྱེད་པའི་དེས་མཐར་ཕྱིན།། གང་ལ་མི་སྦྱོར་ཐ་སྙད་ས་དང་བྲལ།། རྒྱལ་བའི་ཆོ་འཕྲུལ་ཐུགས་རྗེ་འདི་ལྟར་འབྱུང།། ཚོགས་མཆོག་ཙམ་ན་ཟག་མེད་ས་བོན་བྲལ།། འབད་མེད་འབྱུང་བ་ཆུ་ཡི་དཀྱིལ་འཁོར་འདྲ། ཆོས་སྐུ་དྲི་མེད་མེ་ལོང་ལྟ་བུ་ལས།། གདུལ་བྱ་སྣང་ལ་སྣང་ཚུལ་བྱད་བཞིན་འཆར།། སྣང་མེད་ས་བོན་བྲལ་བའི་བྱིན་རླབས་ལས།། སྣང་བ་ཀུན་འབྱུང་ཡིད་བཞིན་ནོར་བུ་འདྲ། ། ཐེག་བའི་བྱེ་བྲག་སོ་སོར་གང་གསུངས་པ།། ལྟ་སྤྱོད་འདི་ལྟ་བུ་ཡི་སྒོ་ནས་བཏགས།། ཐབས་དང་ཤེས་རབ་འབྲེལ་བཏགས་ཐེག་པ་གསུམ།། ཐབས་ཆེན་དག་ལ་བཏགས་པ་ཐེག་པ་བཞི།། ཤེས་རབ་གཅིག་པོས་བཏགས་པའི་ཐེག་པ་གཅིག། ཐབས་དང་ཤེས་རབ་འབྲེལ་པས་དེས་ཆོག་ཐེག། ཐེག་མཆོག་དམ་པ་འདི་ནི་ཤེས་གྱུར་ན།། རྩོལ་བྱས་ཐེག་པ་གཞན་ལ་རག་མ་ལུས།། ངེས་དོན་གཅིག་བུ་འདི་དོན་ཤེས་གྱུར་ན། ། ཐོས་པ་མང་བོའི་མཆོག་དགྲོལ་བའི་མཆོག། དེས་ན་ཐོས་པས་སྒྲོ་འདོགས་ཆོད་པར་བྱས།། འདི་དོན་མི་བརྩོན་ཐོས་པ་མི་སོགས་པ།། མ་རིག་རྣམ་རྟོག་བྲལ་བའི་བདུད་མི་གྲོལ།། འདི་དོན་མི་རྫོགས་ལས་ལམ་མི་འཛེམ་པ། ། འདི་དོན་མི་འགྲུབ་ཕྱི་མར་ངན་སོང་ལྷུང།། རྫོགས་ཆེན་ཇི་ཙམ་ཅིག་གིས་རྫོགས་བསྟན་པ།། འདིར་ཞུགས་སྒོ་ཀུན་ཞུགས་རྫོགས་འགྱུར་བ་དེ།། ཀུན་གཞི་མཉམ་པའི་ངང་ལ་གནས་ཙ་ན། ། འཁོར་འདས་ཀུན་དང་གཉིས་མེད་དེ་ལ་རྫོགས།། འཕགས་པའི་བདེན་བཞི་ཉན་ཐོས་ལམ་ལ་རྫོགས།། རྟེན་འབྲེལ་དོན་ཡང་རང་རྒྱལ་ལམ་ལ་རྫོགས།། བྱང་ཆུབ་སེམས་དཔའི་སེམས་བསྐྱེད་དེ་ལ་རྫོགས། ། ཕ་རོལ་ཕྱིན་བཅུ་ལམ་ལྔ་དེ་ལ་རྫོགས།། གཅིག་ལ་གནས་པའི་བགྲོད་པ་ས་རྣམས་རྫོགས།། དཀྱིལ་འཁོར་ཀུན་ཞུགས་རིག་པའི་དབང་ཆེན་རྫོགས།། ལྷ་ཡི་དཀྱིལ་འཁོར་སྤྱན་དྲངས་བསྟིམ་པ་དེ་ལ་རྫོགས། ། འཕགས་པ་མཉེས་བྱེད་མཆོད་པ་ལ་སོགས་རྫོགས།། ཁྲིམས་དང་སྡོམ་པ་དམ་ཚིག་དེ་ལ་རྫོགས།། ཉེས་པ་བཤགས་པའི་འགྱོད་ཚངས་དེ་ལ་རྫོགས།། ལེགས་པར་སྨིན་པའི་སྨོན་ལམ་དེ་ལ་རྫོགས། ། ཉན་ཐོས་རང་རྒྱལ་བྱང་སེམས་འབྲས་བུ་རྫོགས།། རྒྱལ་བའི་སྐུ་ལྔ་ཐོབ་དཀའ་དེ་ལ་རྫོགས།། ཐམས་ཅད་མཁྱེན་པའི་ཡེ་ཤེས་དེ་ལ་རྫོགས།། འབྲས་བུ་སྤྱོད་ཕྱིར་རྒྱུ་ཡོད་མེད་ཀྱང་རུང།། དེ་ཕྱིར་ཆོས་ཀུན་རྫོགས་པས་རྫོགས་ཆེན་ཡིན། ། འོག་མ་གཞུག་པར་བྱ་ཕྱིར་རྫོགས་ཆེན་གཅེས།། རྫོགས་དང་མ་རྫོགས་ཐ་སྙད་ཙམ་ཡང་མེད།། ཅེས་གསུངས་སོ།། བྱང་ཆུབ་ཀྱི་སེམས་ཤེས་བྱ་མཐའ་གཅོད་ལས།། མཁས་ཤིང་རྒྱུད་དགྲོལ་བ་དང་སྒོ་བསྡུས་བའི་ལེའུ་སྟེ་བདུན་པའོ། །།། དེ་ནས་བྱང་སེམས་ཀུན་བཟང་གིས།། དོན་མན་ངག་གིས་བསྒྲུབ་ཅིང་མདོ་དོན་བསྡུས་པ་འདི་གསུངས་སོ།། ཀྱེ་སེམས་དཔའ་རྡོ་རྗེ་ལེགས་པར་ཉོན་ཅིག། ཆོས་ཉིད་གོམས་ཤིང་རྟོགས་པའི་རྟགས་བསྟན་པ།། ཞེན་པ་ཆུང་ཞིང་གང་ལའང་འཛིན་པ་མེད།། མ་ནོར་དོན་གྱི་ཀུན་གཞི་འགྱུར་མེད་གསལ།། རྟགས་ཆེན་དེ་ཡོད་རྟགས་གཞན་ཁར་མ་ལུས།། མངོན་ཤེས་རྫུ་འཕྲུལ་སྟོབས་དང་ལུང་སྟོན་པ། ། འབྱུང་སྟེ་དེ་ལ་ངེས་མེད་གཞན་གྱི་བྱ།། མཉམ་བའི་ཚུལ་གྱིས་གོལ་སྒྲིབ་འདི་ལྟར་སྤང།། གར་ཡང་མི་འགྲོ་འདུག་པ་མི་བཞིན་དུ།། མི་ལྟ་མི་སྒོམ་མི་སྤྱོད་མི་སྲུང་བས། ། ཨ་ཏི་སྤྲོས་མེད་ངང་ལ་གནས་ཙ་ན།། འོག་མིན་ལྟ་སོགས་གནས་ལུགས་གོལ་མི་འགྱུར།། མཉམ་པའི་ཚུལ་གྱིས་བདུད་རྣམས་འདི་ལྟར་འདུལ།། ཁྱིམ་བདག་དཔའ་བོས་བསྲུངས་བའི་བུད་མེད་ལྟར། ། མཉམ་པའི་གཏེར་ལ་ཡིད་ཆེས་མ་བྲལ་ན།། བདུད་བཞི་བར་ཆད་སྤྲུལ་པ་ཇི་སྙེད་པ།། ཀླན་ཀ་མི་ཚོལ་བཙལ་ཡང་ཐུགས་པ་མེད།། ཅི་ཕྱིར་རྫོགས་ཆེན་སྤོང་ལེན་མེད་བསྟན་པ།། ཐམས་ཅད་དག་པར་གནས་བའི་སྤོང་ལེན་མེད། ། རྫོགས་ཆེན་མ་སྤངས་བྲལ་བའི་ཐབས་བསྟན་པ།། ཐིག་ལེ་གཅིག་ལ་རྫོགས་པས་སྒྲུབས་པ་མེད།། བཙལ་ན་འཁྲུལ་ཅིང་མ་བཙལ་གཞག་ན་དོན།། མི་སྒྲུབ་མི་སྤོང་ཐབས་ཀྱིས་རྫོགས་ཤིང་བྲལ། ། རང་བཞིན་མེད་ཤེས་འབྲས་བུ་འབྱིན་མི་ནུས།། མི་རྩོལ་ཐབས་ཀྱིས་ཟིན་པས་ངང་གིས་བྲལ།། ཨ་ཏི་མི་སྒྲུབ་རྫོགས་པའི་ཐབས་བསྟན་པ།། རང་བཞིན་མེད་པར་ཤེས་པས་མི་འགྲུབ་ཅིང།། ཐབས་ཀྱིས་གཅིག་ལ་གནས་པས་འགྲུབ་པར་འགྱུར། ། དཔེར་ན་རྔ་མའི་སྙིང་པོ་གཟུང་དང་འདྲ།། དེ་ཕྱིར་རྫོགས་ཆེན་བྱ་བཙལ་མེད་པ་ཉིད།། པ་ན་སེ་ཡི་འབྲས་བུ་སྨིན་པ་ལས།། སྨན་བར་བྱ་ཕྱིར་རྩོལ་བ་མི་བྱེད་ལྟར། ། མན་ངག་དེ་ལྟར་ཤེས་ན་དོན་ཀུན་འགྲུབ།། བསྟབས་པའི་མཐའ་བཅུ་ཐིག་ལེ་ཉག་གཅིག་སྟེ།། ཐིག་ནི་ཆོས་ཀུན་གཙོ་སྟེ་དེ་བཞིན་ཉིད།། དེ་ཉིད་མ་ནོར་ངེས་པས་ལེ་ཞེས་བརྗོད།། ཐིག་ལེ་འབྲས་བུའི་སྒྲ་ཡིས་ཐམས་ཅད་སྡུད། ། འདུས་པའི་དོན་རྣམས་གཅིག་པའི་ཐིག་ལེ་ཉིད།། ཐིག་ལེ་གཅིག་ཙམ་མི་འཛིན་གྲུབ་པའི་མཐའ།། སེམས་དཔའ་རྡོ་རྗེ་ད་ཡང་ཏུ་ཉོན།། བསླབ་པའི་མཐའ་བཅུ་བྱང་ཆུབ་སེམས་ཉིད་དེ། ། བྱང་ཆུབ་སེམས་ལས་བསླབ་པའི་མཐའ་བཅུར་ཤར།། དེ་ཡང་སེམས་ལ་ལྡོག་ཚུལ་བཞི་རུ་བསྟན།། བྱང་སེམས་གནས་ལུགས་ཡེ་གྲུབ་ཆེན་པོའི་ཀློང།། དེ་ལ་གྲུབ་ཏུ་མེད་པས་ནམ་མཁའ་འདྲ།། བྱ་བཙལ་བྲལ་བས་གཞན་ལ་རག་མ་ལུས། ། ཤར་ལུགས་ཉི་ཟླའི་འོད་ལྟར་དགག་ཏུ་མེད།། ཡེ་ཤེས་མཐོང་གསལ་ཐེག་པའི་ཤན་ཕྱེ་ནས།། གོལ་ས་ཤུགས་ལ་ཆོད་བས་གཡང་ས་དབྱིངས་སུ་ཆོད།། ཡིན་ལུགས་དམིགས་མེད་ཆོས་ཉིད་ཀློང་བརྡལ་ནས། ། གོ་བཟློག་དངོས་ཡིན་ལྟ་བ་ལ་བཟླ་སྟེ།། ཡེ་ཡིན་ཆིག་སྟོང་ལྟ་བའི་ཡུལ་ལས་འདས།། བྱང་ཆུབ་སེམས་ཀྱི་གྲོལ་ལུགས་རྒྱུན་ཆད་མེད།། རྒྱུན་ཆད་མེད་པས་དུས་གསུམ་མཉམ་ཉིད་ཀློང། ། ཐམས་ཅད་ཡེ་སངས་རྒྱས་པས་སྐྱེ་ཤི་བརླག། སེམས་དང་རྡོ་རྗེ་ད་ཡང་རབ་ཏུ་ཉོན།། བྱང་ཆུབ་སེམས་ཀྱི་གནས་ལུགས་གཉིས་སུ་མེད།། ལྟ་བ་ཕྱོགས་ཆེན་ཀློང་ཆེན་ཡིན་པར་བཤད།། བྱང་ཆུབ་སེམས་ཀྱི་ཤར་ལུགས་ཅིར་ཡང་ཤར། ། སྤྱོད་པ་ངེས་མེད་ཀློང་ཆེན་ཡིན་བར་བཤད།། བྱང་ཆུབ་སེམས་ཀྱི་ཡིན་ལུགས་ཅིར་ཡང་ཡིན།། སྒོམ་པ་ཀློང་ཆེན་དམིགས་མེད་ཡིན་བར་བཤད།། བྱང་ཆུབ་སེམས་ཀྱི་གྲོལ་ལུགས་ཉིད་དུ་གྲོལ། ། འབྲས་བུ་མཉམ་ཉིད་ཀློང་ཆེན་ཡིན་པར་བཤད།། དེས་ན་སེམས་ཉིད་ཀུན་གྱི་བདག་ཉིད་དོ།། ཞེས་གསུངས་སོ།། བྱང་ཆུབ་ཀྱི་སེམས་ཤེས་བྱ་མཐའ་གཅོད་ལས།། མན་ངག་བསྟན་པའི་མདོ་དོན་བསྡུས་བའི་ལེའུ་སྟེ་བརྒྱད་པའོ། །།། དེ་ནས་རྡོ་རྗེ་སེམས་དཔའ་ཡིས།། ཀུན་ཏུ་བཀའ་ལ་ཡང་ཞུས་པ།། སྟོན་པའི་སྟོན་པ་ཀུན་ཏུ་བཟང།། འཁོར་འདས་ཐམས་ཅད་ཐིག་ལེ་གཅིག། ཐིག་ལེ་ཉིད་དུ་གྲོལ་ལགས་སམ། ། ཀུན་བཟང་སྟོན་པས་བཀའ་སྩལ་བ།། སེམས་དཔའ་རྡོ་རྗེ་རབ་ཏུ་ཉོན།། ཐིག་ལེ་ཉག་གཅིག་དེ་ཉིད་ཀྱིས།། འགྲོ་བ་ཀུན་ལ་རང་བཞིན་གནས།། གནས་ཀྱང་དེ་ཉིད་དོན་མ་རྟོགས།། གནས་དང་མ་ཤེས་བར་དོ་ལ། ། ཐིག་ལེ་ངོ་ཡི་སྤྲད་པ་ནི།། དྭ་ཕྲུག་མ་དང་ཕྲད་པ་འདྲ།། དེ་ཉིད་ངང་ལ་ཏིང་ངེ་འཛིན།། གནས་དང་མི་གསལ་བར་དོ་ལ།། མི་གསལ་གསལ་བར་བྱེད་པ་ནི།། སྒེག་མོ་མེ་ལོང་ལྟ་བ་བཞིན།། གནས་དང་རྗེས་ཀྱི་ཤེས་པ་ནི། ། རྗེས་དང་རྨི་ལམ་བར་དོ་ལ།། བག་ཆགས་དག་གིས་མཚམས་སྦྱར་བ།། ཆུ་ཡི་རྒྱུན་བཞིན་རྒྱུན་དུ་གནས།། གལ་ཏེ་ཕུང་པོ་འདོར་བ་ན།། སྐྱེ་ཤི་གཉིས་ཀྱི་བར་དོ་ལ།། ཉམས་མྱོང་དག་གིས་འཕྲོ་འཐུད་བས། ། རྐོང་ཆད་པ་ལ་ཝ་འཛུགས་འདྲ།། དེ་ནས་སྲིད་པ་བར་མ་དོ།། སྟོབས་ཀྱི་རྟ་ཞོན་བདེ་ལ་གནས།། རིག་པའི་རྒྱལ་པོ་རང་ས་ཟིན།། ཡང་རབ་དོན་དུ་དེ་ལྟ་མིན།། སེམས་དཔའ་རྡོ་རྗེ་ད་ཡང་ཉོན། ། དེ་དོན་གསལ་བར་བསྟན་པར་ནི།། རང་བཞིན་གནས་པའི་བར་དོ་ལ།། གཏན་ཚིགས་ཆེན་པོ་རྣམ་བཞི་ཡི།། ཕྱི་ནང་ཀུན་གྱི་སྒྲོག་འདོགས་ཆོད།། གནས་ལུགས་དགོངས་པ་གཏན་ལ་དབབ།། ཏིང་ངེ་འཛིན་གྱི་བར་དོ་རུ། ། གནས་ལུགས་འོད་གསལ་ངང་ལ་གཞག། རང་རིག་རྒྱལ་པོ་འོད་གསལ་འདི།། སྒོམས་པས་རྙེད་པ་མ་ཡིན་ཏེ།། མ་སྒོམས་པས་ཀྱང་རྙེད་མི་འགྱུར།། བསྒོམ་དང་མི་སྒོམ་ཚིག་ལས་འདས།། བསྒོམ་དུ་རྡུལ་ཙམ་མེད་པ་ལ། ། ཡོངས་སུ་སྐད་ཅིག་མེད་བསམས་ན།། རང་རིག་རྒྱལ་པོ་འོད་གསལ་འདི།། གཉིད་ལོག་རྨི་ལམ་བར་དོ་ལ།། གོམས་པའི་ངང་ལ་གཉིད་ལོག་སྟེ།། ཕྱི་ཡི་སྒོ་ལྔ་མི་གསལ་ཡང།། ནང་གི་རིག་པ་རང་གསལ་ཏེ། ། བུམ་པའི་ནང་གི་མར་མེ་བཞིན།། ངོ་བོའི་དོན་ལས་གཡོས་བ་མེད།། འོད་གསལ་དོན་དུ་བཞུགས་ཞེས་བྱ།། གལ་ཏེ་སྣ་ཚོགས་རྨི་ན་ཡང།། རྐྱེན་རྟོག་ངན་པས་བར་མི་གཅད།། གདམས་ངག་དྲན་པས་རིག་པ་གསལ། ། རྨི་ལམ་སྒྱུ་ལུས་ཞེས་ཀྱང་བྱ།། དེ་ལས་མ་གཡོས་བརྟན་པ་ཐོབ།། དེས་ན་སྐྱེ་ཤི་བར་མ་དོར།། གཉེན་པོ་མེད་པས་འཇིག་པ་མེད།། འགྱུར་མེད་སྐྱེ་ཤི་བྲལ་བའོ།། དེ་ནས་སྲིད་པ་བར་མ་དོར། ། གོང་མའི་དོན་ལས་མ་གཡོས་པས།། དཔེར་ན་མེ་བདུན་ཆུ་གཅིག་གིས།། སྣང་བ་འདི་རྣམས་བཤིག་གྱུར་ཀྱང།། ནམ་མཁའ་གཡོས་པ་མེད་བཞིན་དུ།། འབྱུང་བ་ལས་གྲུབ་ལུས་བཤིག་ཀྱང། ། རིག་པའི་རྒྱལ་པོ་སེམས་ཉིད་ལ།། དེ་ལ་གཡོས་པ་ཅི་ཡང་མེད།། དཔེར་ན་ནམ་མཁའ་ཉི་ཟླ་ཤར་བ་བཞིན།། རང་རིག་རང་ཤར་མངོན་དུ་གྱུར།། ཞེས་གསུངས་སོ།། བྱང་ཆུབ་ཀྱི་སེམས་ཤེས་བྱ་མཐའ་གཅོད་ལས། ། བར་དོ་ལྔ་བསྟན་བའི་ལེའུ་སྟེ་དགུ་པའོ།།།། དེ་ནས་སེམས་དཔའ་རྡོ་རྗེས་ཡང་ཞུས་པ།། ཀྱེ། སྟོན་པའི་སྟོན་པ་བྱང་སེམས་ཀུན་ཏུ་བཟང།། གཏན་ཚིགས་བཞི་ཡི་བྱེ་བྲག་ཇི་ལྟར་ལགས།། དེ་ནས་བྱང་སེམས་ཀུན་བཟང་གིས། ། དེ་ཉིད་ལེགས་ལྡན་སེམས་དཔའ་རྡོ་རྗེ་ཉོན།། གཏན་ཚིགས་དོན་ལ་རྣམ་པ་བཞི།། རང་བཞིན་སྐྱེ་མེད་གཏན་ཚིགས་ཀྱིས།། ཆོས་ཀུན་སྐྱེ་བ་མེད་པར་བསྟན།། རོལ་པ་འགག་མེད་གཏན་ཚིགས་ཀྱིས། ། ཆོས་ཀུན་འགག་པ་མེད་པར་བསྟན།། མཚན་ཉིད་གཉིས་མེད་གཏན་ཚིགས་ཀྱིས།། ཆོས་ཀུན་གཉིས་སུ་མེད་པར་བསྟན།། ངོ་བོ་རང་གྲོལ་གཏན་ཚིགས་ཀྱིས།། བྱ་བཙལ་མེད་པར་རང་སར་གྲོལ། ། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། དེ་ཡང་བྱེ་བྲག་བཞི་རུ་བསྟན།། ཕྱི་ནང་སྒྲོ་འདོགས་བཅད་པ་ན།། གཏན་ཚིགས་དག་ནི་བཞི་པོ་ལ།། གཞན་སེལ་དོན་གཉེར་གཉིས་གཉིས་བསྟན།། རང་གི་དོན་ལ་འཇལ་བ་ན། ། སེམས་ཉིད་དོན་ལ་འཇལ་ཚུལ་བཞི།། སེམས་ཉིད་གནད་དུ་ཕབ་པའོ།། ཚིག་རེ་དོན་རེ་མཚོན་ཙ་ན།། རེ་རེའི་ཕྱོགས་ལས་འཐས་པ་ཡིས།། གཏན་ཚིགས་བཞི་པོ་གཅིག་གིས་ངང།། གཏན་ཚིགས་བཞི་པོ་གཅིག་གིས་ངང། ། དོན་ནི་མཐའ་དག་མཚོན་ཙ་ན།། ཐུན་མོང་མ་ཡིན་གཏན་ཚིགས་བཞི།། གཅིག་ལ་བཞི་རྫོགས་དག་ཏུ་བསྟན།། དེས་ན་བྱེ་བྲག་རྣམ་བཞིར་བསྟན།། རྡོ་རྗེ་སེམས་དཔའ་ད་ཡང་ཉོན།། དེ་ལ་མ་འདྲེས་ཡོངས་རྫོགས་ནི། ། དེ་ཡང་དེ་བཞིན་བྱེ་བྲག་བཞི།། མ་འདྲེས་པ་ཡི་ལྟ་བ་ནི།། འཁོར་བ་དང་ནི་འདས་པའི་ཆོས།། མ་འདྲེས་ཡོངས་སུ་རྫོགས་པའི་མདངས།། རྫོགས་པ་ཆེན་པོའི་མན་ངག་ནི།། ཆུ་ཡི་གཉེར་མ་ལྟ་བུར་བཤད། ། ཡོངས་སུ་རྫོགས་པའི་ལྟ་བ་ནི།། ཇི་ལྟར་སྣང་བའི་ཆོས་རྣམས་ཀུན།། ཡེ་ནས་སྐྱེ་མེད་སྟོང་པའི་ངང།། རྫོགས་པ་ཆེན་པོའི་མན་ངག་ནི།། ཉི་ཤར་རྒྱལ་པོ་ལྟ་བུར་བཤད།། མ་འདྲེས་ཡོངས་སུ་རྫོགས་པ་ཡི། ། དབྱེར་མེད་པ་ཡི་ལྟ་བ་ནི།། སྣང་བ་དང་ནི་སྟོང་པའི་ཆོས།། ཡེ་ནས་དབྱེར་མེད་རང་གྲོལ་ཉིད།། རྫོགས་པ་ཆེན་པོའི་མན་ངག་ནི།། ཆུ་ཟླ་གསེར་གླིང་ལྟ་བུར་བཤད།། མ་འདྲེས་ཡོངས་སུ་རྫོགས་པ་ཡིས། ། ཐམས་ཅད་རབ་ཏུ་གྲོལ་བར་བྱེད།། རྒྱན་གྱི་ཆོ་འཕྲུལ་རྣམ་བཀོད་པ།། ཀུན་ཏུ་བཟང་པོའི་རོལ་བའོ།། རང་བཞིན་ཀུན་ཏུ་བཟང་མོའི་ངང།། དངོས་མེད་བྱང་ཆུབ་སེམས་ཀྱི་དབྱིངས།། ཟུང་འཇུག་སེམས་ཀྱི་མཚན་ཉིད་དོ། ། ཐམས་ཅད་རང་གྲོལ་ཡེ་ཤེས་ཆེ།། རྒྱུ་རྐྱེན་འབྲས་བུར་མི་བྱེད་པས།། བདག་ཉིད་ཆེན་པོའི་སངས་རྒྱས་སྐུ།། ཞེས་གསུངས་སོ།། བྱང་ཆུབ་ཀྱི་སེམས་ཤེས་བྱ་མཐའ་གཅོད་ལས། ། གཏན་ཚིགས་བཞི་བསྟན་པའི་ལེའུ་སྟེ་བཅུ་པའོ།།།། དེ་ནས་སེམས་དཔའ་རྡོ་རྗེ་ཆེན་པོ་ལ་བཀའ་སྩལ་པ། དེ་ཡང་སེམས་དཔའ་རྡོ་རྗེ་རབ་ཏུ་ཉོན།། ཤེས་བྱ་ཕྱོགས་སུ་མཐས་པར་འཛིན་པ་ལ།། ཤེས་བྱ་བཟློག་ཐུབ་གོ་བཟློག་ནི། ། དོན་བསྐོར་བཅུ་ཡིས་གཏན་ལ་ཕབ་སྟེ་བསྟན། ཁ་དང་བཅུ་ཡི་ཞེན་སྐྱོ་བཟློག་ཕ་དང།། གཞི་འཛིན་དྲུག་གིས་གཞི་ཉིད་གཟུང་བ་དང།། སྡེ་སྐོར་བསྐོར་གྱི་ལྟ་བ་གཏན་ལ་དབབ། ། བཞི་ཚོ་བཞི་ཡིས་ལྟ་བ་ཐག་གཅད་ལ།། དགོས་པ་ལྔ་ཡིས་གཟེར་ཆེན་གདབ་པ་དང། གནད་ཀ་དྲུག་གི་ཐེ་ཚོམ་སྤྲོས་པ་གཅད།། རྟོགས་པའི་གདེང་དྲུག་གདམས་གསུམ་ལ་བཟླ་བ།། ངོ་སྤྲོད་གསུམ་ལས་ངེས་ཚུལ་བདུན་བརྒྱས་གདབ། ། གཞན་མོས་བསྐྱེད་པའི་ཆོས་བཞིན་རྒྱན་ཡང་གདགས།། བརྗོད་བྱ་བཞི་ལ་ཚིག་གི་ཀློང་དུ་བསྐྱལ།། སྤྱི་དོན་དང་པོ་ཁ་བསྟན་བཅུ་བསྟན་པ།། སློབ་པ་ལོབས་པ་བཞི་དག་སློབ་མ་དག། བློ་དངོས་གཉིས་འདོད་རྟོགས་པས་ཆོག་པར་བཤད།། ཨ་ཏི་ཟབ་དང་གང་ཟག་དུ་མ་ཡིན།། དཀར་པོ་མཇུག་རིངས་ནག་པོ་མཇུག་མཐུང་དང།། ཞེ་འདོད་བཅས་དང་ཐམས་ཅད་ཆོས་ཉིད་འདོད།། བཞི་འཛིན་དུ་ནི་གཞི་འཛིན་རིགས་པ་དང། ། མ་ཁེགས་ཡེ་ཤེས་མི་སློད་ཆོས་ཉིད་དང།། འགྱུར་མེད་རང་སོ་རྐྱེན་གྱི་དབང་མི་འགྱུར།། རྟོགས་ན་ཡེ་ཤེས་རང་གྲོལ་ཆེན་པོ་ཡིན།། སྤྱི་དོན་གསུམ་པ་སྡེ་སྐོར་བདུན་བསྟན་པ། ། རང་གཞན་བཞི་ཞེས་ངོ་བོ་ལྷུན་གྱིས་གྲུབ།། དམ་བཅས་ངེས་མེད་གཏན་ཚིགས་གོ་བཟློག་གཅེས།། དུས་གསུམ་མཚན་ཉིད་གནས་ཀྱི་གདམས་ངག་དང།། རྒྱུ་ཟད་རྐྱེན་ཟད་གདམས་ངག་ཚིག་གཅིག་གཅེས། ། སྤྱི་དོན་བཞི་པ་བཞི་ཚོ་བཞི་བསྟན་པ།། ཆིངས་བཞི་ཚུལ་བཞི་ཆོས་བཞི་རོ་སྙོམས་བཞི།། ཁམས་གསུམ་རང་གྲོལ་རང་གྲོལ་ཆེན་པོའི་ཆིངས། སངས་རྒྱས་མེད་པས་དགེ་ལ་མི་ལྟོས་ཆིངས།། སྐད་རིགས་དུ་མ་གཞི་ཉིད་མི་འགྱུར་ཆིངས། ། ཁམས་གསུམ་སྲོག་བཅད་བག་ཆགས་མི་སྒྲིབས་ཆིངས།། སྣང་ཚུལ་ཐ་དད་ཡིན་ཚུལ་ངེས་པ་མེད།། གྲོལ་ཚུལ་སོ་སོའི་གནས་ཚུལ་དབྱིངས་གཅིག་པོ།། གནས་པ་བཞི་ཆེ་འབྱུང་བ་རྒྱུ་ཆེའོ། ། ཁྱབ་པ་ཐུགས་རྗེ་གྲོལ་བ་དགོངས་པ་ཆེ།། བཞི་ཚོ་ཐ་མ་རོ་སྙོམས་བཞི་བསྟན་པ།། སེམས་ཉིད་སངས་རྒྱས་ཉིད་བས་མཆོད་པ་མེད།། སྤངས་ཐོབ་གཉིས་མེད་ས་ལམ་བགྲོད་པ་མེད།། སེམས་ལས་སྐུ་མེད་སྙིང་པོ་བསྒྲངས་ས་མེད། ། གཉིས་འཛིན་དེ་རྣམས་གཉིས་མེད་རོ་སྙོམས་གཅེས།། སྤྱི་དོན་ལྔ་པ་དགོས་པའི་གཟེར་ལྔ་ནི།། རང་བྱུང་ཆེན་པོ་ལྟ་བའི་གཟེར་ཆེན་ལ།། འགྱུར་བ་མེད་པའི་དགོས་པ་དེ་ལ་ཡོད།། ཚོགས་དྲུག་ལྷུག་པ་གདམས་ངག་གཟེར་ཆེན་ལ། ། བསྒོམ་མི་དགོས་པའི་དགོས་པ་དེ་ལ་ཡོད།། སྣང་སྲིད་བཞི་བཞེས་རང་གྲོལ་གཟེར་ཆེན་ལ།། བསྒྲུབ་མི་དགོས་པའི་དགོས་པ་དེ་ལ་ཡོད།། འགྱུ་བ་ཆོད་པ་གནད་ཀྱི་གཟེར་ཆེན་ལ། ། རང་ས་ཟིན་པའི་དགོས་པ་དེ་ལ་ཡོད།། བརྩིས་གདབ་བྲལ་བ་དམ་ཚིག་གཟེར་ཆེན་ལ།། བསྲུང་མཚམས་མེད་པའི་དགོས་པ་དེ་ལ་ཡོད།། སྤྱི་དོན་དྲུག་པ་གནད་དཀའ་དྲུག་བསྟན་པ། ། ཡར་ལ་སངས་མི་རྒྱ་བའི་གནད་དཀའ་དང།། བར་དུ་སྣང་ལ་མི་ལྟོས་མར་མི་སྐྱེ།། རིག་པ་གཅིག་ལ་ཡེ་ཤེས་དུ་མ་འཕྲོ།། སངས་རྒྱས་མི་མང་སེམས་ཅན་ཉུང་མི་འགྲོ།། སྤྱི་དོན་བདུན་པ་སྡེ་བདུན་གདམས་ངག་གསུམ། ། འཕགས་པ་ཐུགས་རྗེ་མི་རེ་ཟླ་མི་དགོས།། བག་ཆགས་དབང་དུ་མི་འགྱུར་རིག་མི་བཅུད།། འགྲོ་དྲུག་གཡང་ས་ཆོད་པས་བདུད་བཞི་ཆོམས།། དེས་ནི་གསང་བའི་དགྲ་གསུམ་ཆོད་པའོ།། མཐུ་ཁོངས་དང་ནི་ཁྱིམ་ཁོངས་སྡིག་ཁོངས་གསུམ། ། ཐམས་ཅད་སེམས་ཉིད་རང་གྲོལ་སངས་རྒྱས་སོ།། བརྒྱད་པ་ངོ་སྤྲོད་གསུམ་ལས་སངས་ཚུལ་བདུན།། དང་པོ་ལྟ་བ་སྟོང་པ་འབྱུང་བ་ཆོས་ཉིད་དང།། རིག་པ་རང་གྲོལ་ཉིད་དུ་ངོ་སྤྲད་དོ། ། སྟོང་པ་གསལ་སངས་འབྱུང་བ་ཆོས་ཉིད་སངས།། རིག་པ་རང་གྲོལ་ཉིད་དུ་སངས་པ་དང།། རང་བཞིན་བཞི་སངས་བག་ཆགས་རྒྱུ་སངས་དང།། འགྱུ་བ་དང་སངས་རྣམ་རྟོག་ངོ་བོ་སངས།། དགུ་པ་གཞན་མོས་བསྐྱེད་པའི་ཆོས་བཞི་ནི། ། ཆོས་ཉིད་བསམ་དུ་མེད་ལ་ལོངས་སྤྱོད་དང།། འདུས་བྱས་དགེ་བའི་རྩ་བ་རྒྱུན་མི་གཅོད།། སྐྱེ་ཤི་གཉིས་སུ་མེད་པའི་དོན་རྟོགས་དང།། སེམས་ཅན་སྦོམ་ཕྲ་ཀུན་ལ་སྲོག་མི་གཅོད། ། བཟང་ངན་གཉིས་སུ་མེད་པའི་དོན་རྟོགས་དང།། བླ་མ་དཀོན་མཆོག་གསུམ་ལ་སྲི་ཞུ་བསྐྱེད།། བདག་གཞན་གཉིས་སུ་མེད་པའི་དོན་རྟོགས་ཀྱང།། སེམས་ཅན་ཀུན་ལ་གཡོ་སྒྱུ་ཟོལ་ཁྲམ་སྤོངས།། སྤྱི་དོན་བཅུ་པ་བརྗོད་བྱ་དུ་མ་རྣམས། ། བརྗོད་བྱ་མང་དང་ཚིག་གཅིག་ཀློང་དུ་བསྐྱལ།། སྐྱེ་མེད་ངང་ལ་ལྷུན་གྱིས་གྲུབ་པའི་དབྱངས།། བྱར་མེད་ཀློང་ལ་འཛིན་མེད་རིག་པ་ཉིད།། ཕྱོགས་མེད་ཤར་ཏེ་སྤྱོད་ཡུལ་རིག་པ་ཉིད། ། ལྟ་བ་ཐོད་རྒལ་ལྷུན་གྲུབ་ཆེན་པོའོ།། སེམས་དཔའ་རྡོ་རྗེ་ཆེན་པོ་དེ་ཡང་ཉོན།། གཟའ་གཏད་མེད་པའི་ལྟ་བ་ལ།། དེ་ཉིད་དུ་ཡང་ལྟ་བ་མེད།། སྣང་བ་མེད་པའི་ཆོས་ཉིད་ལ།། མ་བཙལ་བཞག་ན་བསྒོམ་པ་ཡིན། ། ངོ་བོ་ཉིད་ནི་དམིགས་སུ་མེད།། ཇི་སྲིད་ཅིར་སྣང་སྤྱོད་པ་ཀུན།། བདག་ཉིད་ཆེན་པོའི་མཛད་སྤྱོད་པས།། དེ་ལ་སྤྱོད་དང་མི་སྤྱོད་མེད།། ད་ཡང་སེམས་དཔའ་རྡོ་རྗེ་ཉོན།། འགྲོ་དོན་མ་ལུས་རྒྱུན་དུ་རྫོགས། ། མ་སྦྱངས་སྒྲིབ་པ་ཀ་ནས་དག། མ་བསགས་ཚགས་ཆེན་ཡེ་ནས་རྫོགས།། མ་བསྒྲལ་ཁམས་གསུམ་གནས་སུ་སྟོབས།། མ་ཕུལ་མཆོད་པ་གནས་སུ་ཐིམ།། མ་བླངས་དངོས་གྲུབ་རང་ལ་ཤར།། མ་བསྐུར་རིག་པ་རང་དབང་ཐོབ། ། མ་བལྟས་ལྟ་བ་ཀུན་ཏུ་གསལ།། མ་བསྒོམས་ཏིང་འཛིན་ཡེངས་པ་མེད།། མ་འགགས་སྤྱོད་པ་ཤུགས་ལ་ཤར།། མ་བཅོམ་རྟོག་པའི་རྒྱུ་འགྲུལ་བྲལ།། མ་སྦྱངས་དུས་གསུམ་འདུ་འབྲལ་མེད། ། མ་བསྲུངས་དམ་ཚིག་ཉམས་པ་མེད།། མ་བསྒྲུབས་འབྲས་བུ་བདག་ཉིད་ཆེ།། མ་གཟུང་ཐུགས་རྗེ་ཀུན་ལ་སྙོམས།། དེས་ནས་བྱ་ཟིན་བྱ་མི་དགོས།། དེ་ལྟར་སུས་རྟོགས་བྱས་མི་འགལ།། ཞེས་གསུངས་སོ། ། བྱང་ཆུབ་ཀྱི་སེམས་ཤེས་བྱ་མཐའ་གཅོད་ལས།། ཤེས་བྱ་གོ་བཟློག་པ་དང་ལ་བཟླ་བའི་ལེའུ་སྟེ་བཅུ་གཅིག་པའོ།།།། དེ་ནས་སེམས་དཔའ་རྡོ་རྗེས་ཡང་ཞུས་པ། ཀྱེ། སྟོན་པ་བྱང་སེམས་ཀུན་ཏུ་བཟང། ། རྫོགས་ཆེན་བྱ་བྲལ་ཀློང་ཆེན་ལ།། བདུད་བཞིའི་འཇིགས་པ་ཇི་ལྟར་ལགས།། བདུད་བཞི་རྟོགས་ན་ཇི་ལྟར་ལགས།། ཀུན་བཟང་སྟོན་པས་བཀའ་སྩལ་པ།། སེམས་དཔའ་རྡོ་རྗེ་རབ་ཏུ་ཉོན།། བདུད་ཀྱི་རྩ་བ་ཉོན་མོངས་བདུད། ། དེ་ལ་ཕུང་པོའི་བདུད་དུ་བྱུང།། དེ་ལས་ལྷ་བདུད་གཟུང་དང་འཛིན།། དེ་ལས་སྐྱེ་ཤི་འཆི་བདག་བདུད།། བདུད་རྣམས་རང་སེམས་ཤེས་ན།། བདུད་ཀྱི་ཉམས་ལེན་སེམས་ལ་ཕན།། དེ་ཡང་སེམས་དཔའ་རྡོ་རྗེ་ཉོན། ། གཏི་མུག་མུན་པ་མེད་པས་ན།། ཆོས་སྐུ་མཁའ་ཁྱབ་དོན་མི་རྙེད།། དེ་བས་གཏི་མུག་ཆོས་སྐུ་ཉིད།། ཞེ་སྡང་ངོ་བོ་མེད་པ་ལ།། ཆོས་སྐུའི་མཁྱེན་ཚད་སུ་ཡིས་རྟོགས།། འདོད་ཆགས་ཆུ་བོ་མེད་པས་ན། ། ཐུགས་རྗེ་འགག་མེད་རྒྱུན་ཆད་མེད།། ང་རྒྱལ་བྲག་ཆེན་མེད་པས་ན།། སངས་རྒྱས་ཆེ་བ་སུ་ཡིས་མཚོན།། ཕྲག་དོགས་རླུང་ཆེན་མེད་པ་ན།། ཐུགས་རྗེ་མཁྱེན་པའི་ཡེ་ཤེས་དང།། ལྷག་མཐོང་ཡེ་ཤེས་འཆར་བ་མེད། རྗེ་སེམས་དཔའ་ནམ་མཁའ་མཐའ་དང་མཉམ་པའི་རྒྱུད་ལེའུ་ཉེར་བདུན་ཡན་ཆད་སྡེ་དགེ་དང་འདྲ། ཉེར་བརྒྱད་མན་ཆད་སྡེ་དགེའི་རྒྱུད་འབུམ་དུ་མི་བཞུགས་པ་མཚམས་བྲག་རྒྱུད་འབུམ་ནས་ཁ་བསྐངས་བ། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་བཞིན་གཅིག་དང་དུ་མ་ལས་འདས་པའི་བདག་ཉིད། སྙིང་པོ་རང་བྱུང་རིག་པའི་སྐུ། དཔལ་རྡོ་རྗེ་སེམས་དཔའ་དེ་ཁོ་ན་ཉིད་ལ་དགོངས་ཏེ་ཅི་ཡང་མི་གསུང་བར་བཞུགས་སོ། ། དེ་ནས་དེའི་ཚེ་འཁོར་མང་པོ་དེ་ལྟར་གྱུར་པ་མཐོང་ཞིང་རིག་ནས། སེམས་དཔའ་རྡོ་རྗེ་ལ་འདི་སྐད་ཅེས་གསོལ་བ་བཏབ་བོ། ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི།། གསང་བའི་འཁོར་ལོ་གཏེར་གྱི་བདག། རང་བྱུང་རིག་པ་མཆོག་གི་སྐུ།། རྨད་བྱུང་རོལ་པའི་བདག་པོ་ཁྱོད།། རྒྱལ་བའི་ཐུགས་དང་དབྱེར་མེད་ཕྱིར། ། གང་དུའང་རིག་པར་དཀའ་བ་ཡི།། གསང་བའི་དོན་ནི་གསོལ་བ་འདེབས།། ཨེ་མཧོ་ཤིན་ཏུ་རྟོགས་པར་དཀའ།། ཨེ་མཧོ་རྙོག་པ་བྲལ་བའི་དོན།། ཨེ་མཧོ་ཀུན་གྱི་ཡུམ་ཡིན་པ། ། ཨེ་མཧོ་དྲི་མེད་རྒྱུད་འདི་གསུངས།། རྡོ་རྗེ་ཞེས་པ་ཇི་ལྟ་བུ།། སེམས་དཔའ་ཞེས་པ་གང་གི་དོན།། ནམ་མཁའ་ཞེས་པ་ཇི་ལྟར་བརྗོད།། དེ་ཡི་མཐའ་མཉམ་ཇི་ལྟ་བུ། ། རྒྱུད་ཅེས་ཇི་ལྟར་བརྗོད་པར་བྱ།། བདག་ཅག་རྣམས་ལ་བཤད་དུ་གསོལ།། ཞེས་ཞུས་སོ།། དེ་ནས་སེམས་དཔའ་རྡོ་རྗེས། རོལ་བ་རང་སྣང་གི་འཁོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། ། རྡོ་རྗེ་ཞེས་སུ་བསྟན་པ་ནི།། རང་བཞིན་རྟོག་དང་མཐར་ཕྱིན་པའི།། ཐུགས་ཀྱི་རིག་པ་བསྟན་པ་ཉིད།། རང་བྱུང་རིག་པའི་སྙིང་པོ་ཉིད།། ཐམས་ཅད་འདུས་པའི་རྡོ་རྗེ་སྟེ།། མི་ཕྱེད་རྐྱེན་དང་བྲལ་བའི་ཕྱིར། ། རང་བྱུང་རྡོ་རྗེ་སྙིང་པོར་གནས།། འདི་ནི་གནས་པ་གསུམ་ཡིན་ཏེ།། རྐྱེན་དང་བྲལ་བས་མི་སྣང་ངོ།། ལྷུན་གྲུབ་རང་བྱུང་མི་ཕྱེད་པ།། བསྟན་པ་ཐུགས་ཀྱི་རྡོ་རྗེ་སྟེ།། དགུ་རུམ་སྦས་པ་ཐུགས་ཀྱི་གཏེར། ། མ་ལུས་རྡོ་རྗེ་བྱིན་རླབས་པས།། ཡེ་ཤེས་སྣང་བ་ཕྱོགས་རིས་མེད།། མཐའ་བྲལ་ནམ་མཁའི་སྙིང་པོ་ལྟར།། གསལ་བ་དྲི་མའི་རྙོག་པ་མེད།། སྐྱེས་བུའི་ཐུགས་ཀྱི་དཀྱིལ་འཁོར་ཉིད།། རྒྱལ་བ་ཀུན་གྱི་ཐུགས་ཉིད་ནི། ། ཐོག་མ་ཐ་མ་མེད་པ་ཡི།། རང་བྱུང་འདུ་འབྲལ་མེད་པ་ཉིད།། ཕྱོགས་བཅུ་མཐའ་དབུས་བྲལ་བ་ཡི།། ནམ་མཁའ་ཡངས་པའི་དཀྱིལ་འཁོར་ལྟར།། གནང་བཀག་མེད་པའི་རང་བཞིན་ཉིད། ། མཐར་ཕྱིན་ཡེ་ཤེས་རྡོ་རྗེ་ཉིད།། མ་བཅོས་པ་དང་རྟོག་པ་དང།། ཕྱོགས་བྲལ་མཉམ་པའི་སྙིང་པོ་སྟེ།། སངས་རྒྱས་དང་ནི་སེམས་ཅན་དང།། ཕྱི་ནང་སྣོད་བཅུད་མ་ལུས་པ།། རང་བྱུང་སྙིང་པོར་གཅིག་པ་ཡི། ། རང་བྱུང་ཡེ་ཤེས་མ་བཅོས་པའི།། འགྲོ་བའི་རྒྱུད་ལ་གནས་པ་སྟེ།། གནས་པ་དོན་གྱི་གཞི་ཞེས་བསྟན།། ལྷུན་གྲུབ་གསུམ་དུ་གནས་པ་ཉིད།། ཀུན་དང་འབྲེལ་བའི་ཐབས་ཆེན་པོ།། རྣ་བརྒྱུད་དགོངས་པས་བྱིན་རླབས་ནས། ། ཐུགས་ཀྱི་དཀྱིལ་འཁོར་མངོན་བསྟན་ནས།། ཤེས་བྱའི་ཆོས་རྣམས་ཐམས་ཅད་ཀུན།། མ་བཅོས་ཤེས་བྱ་ཉིད་དུ་གསལ།། གང་དུ་ཕྱོགས་རིས་མེད་པ་ཡི།། རང་བྱུང་རིག་པའི་སྙིང་པོ་ཉིད།། རང་བཞིན་མཚན་ཉིད་རོལ་པ་སྟེ། ། ཕྱོགས་མེད་ནམ་མཁའི་རང་བཞིན་ལྟར།། ཀུན་འདུས་མེ་ལོང་གསལ་བར་བསྟན།། རིག་པའི་དོང་རྩེ་གསལ་བ་ཉིད།། ཕྱོགས་མེད་ཉི་མའི་སྙིང་པོ་ལྟར།། རང་བྱུང་རྫོགས་པའི་མ་བཅོས་པ། ། གནས་ཉིད་རྟོགས་ཏེ་མཐར་ཕྱིན་པའོ།། འདི་ཉིད་ནམ་མཁའ་གསུམ་ཉིད་དེ།། སྣང་སྲིད་དང་ནི་ཀུན་བརྟགས་དང།། མ་བཅོས་པ་ཞེས་བསྟན་པ་ཉིད།། སྣང་བ་དང་ནི་སྲིད་པ་དང།། ཇི་སྙེད་མ་ལུས་ཐམས་ཅད་ནི། ། རང་བྱུང་རིག་པ་མཁར་སྣང་སྟེ།། རྒྱུ་རྐྱེན་འདས་པའི་རང་བྱུང་ཉིད།། ཁྱབ་ཅིང་མཚོན་པའི་ཡུལ་ལས་འདས།། རང་རང་ཞེན་པས་གང་བརྟགས་པའི།། བློ་དང་རྒྱུ་རྐྱེན་ལས་བྱུང་བ།། བསམ་དང་རྒྱུ་བའི་སྦྱོར་བ་ཅན། ། རང་གི་བློ་ཡིས་སྤྱད་བརྟགས་པ།། འདི་དག་ཀུན་བརྟགས་ནམ་མཁར་བཤད།། རང་བཞིན་ཁྱབ་པའི་ཡུལ་ལས་འདས།། རང་བྱུང་རྟོགས་པས་ཚད་དང་བྲལ།། གང་དང་གང་གིས་མ་བཅོས་པ། ། རྒྱུ་བའི་ཡུལ་དང་བྲལ་བ་སྟེ།། དྲན་རིག་ནམ་མཁའ་བལྟ་བྱ་སྟེ།། མ་བཅོས་གསལ་བའི་དབང་པོ་ལ།། རིག་པའི་དོང་ཚེ་རྟོགས་པར་གནས།། མཁའ་ལྟར་དྲི་མེད་མ་བཅོས་པ།། རྟོགས་པས་མི་གཟུང་ཡིད་དུ་ཁྱེར། ། དུས་གསུམ་མ་བཅོས་གཉུག་མའི་དོན།། ཤེས་ནས་མ་བཅོས་སྙིང་པོའི་དོན།། རིག་པ་ཚད་བྲལ་འོད་དུ་འབར།། མ་བཅོས་རིག་པ་སྙིང་པོའི་སེམས།། སྒོ་གསུམ་བཅོས་པའི་བར་མ་ལུས།། རང་བཞིན་རྟོགས་པ་ཡེ་ཤེས་ཉིད། ། མཐའ་དབུས་ཕྱོགས་རིས་མེད་པའི་དོན།། མ་ལུས་དོན་གྱི་སྙིང་པོ་འདི།། སངས་རྒྱས་སེམས་ཅན་གཉིས་མེད་པའི།། གདོད་ནས་སྙིང་པོར་འཁྱིལ་བའི་དབྱིངས།། བྱ་བསམ་བརྟག་པའི་ཡུལ་ལས་འདས། ། མཐའ་བྲལ་དབུ་མ་ཆེན་པོ་ལ།། དགག་དང་བསྒྲུབ་པའི་ཆོས་མེད་པས།། མ་ལུས་སྙིང་པོར་གསལ་རྟོགས་པས།། དོན་ལམ་རིན་ཆེན་དཔེ་བཞི་ལྟར།། ཕྱོགས་རིས་མེད་ཅིང་རྒྱ་མཉམ་པས།། ནམ་མཁའི་མཐའ་དང་མཉམ་པའོ། ། གདོད་ནས་མཐའ་བྲལ་ཆེན་པོ་ལ།། དགོངས་པའི་ལུང་གིས་མཚམས་སྦྱར་ནས།། མཐའ་བྲལ་ནམ་མཁའི་དཀྱིལ་འཁོར་ལྟར།། མཐའ་དབུས་མེད་པའི་དེ་བཞིན་ཉིད།། རང་བྱུང་ཡེ་ཤེས་ཐོག་མཐའ་མེད། ། རེ་དོགས་སྤངས་པས་རྒྱུ་བ་ཟད།། མ་ལུས་མ་འགགས་ཡེ་ཤེས་ནི།། ཕྱོགས་རིས་མེད་པར་ཤར་བའོ།། འདི་ལ་མཐའ་དབུས་མེད་པ་དང།། ཕྱོགས་རིས་མེད་པར་བསམ་འདས་པས།། ནམ་མཁའི་མཐའ་དང་མཉམ་པ་སྟེ། ། བསམ་མེད་ནམ་མཁའི་ཀློང་ཆེན་པོ།། རྒྱུད་ཅེས་བྱ་བ་རྒྱུན་དུ་གྲགས།། མ་བྲལ་སྙིང་པོ་བདེ་བའི་ཀློང།། རང་བཞིན་ཡེ་ཤེས་མཉམ་ཉིད་ལ།། བར་ཆད་མེད་པའི་རྣལ་འབྱོར་དེ། ། སྐུ་གསུང་དགོངས་པ་མཐའ་བྲལ་ཉིད།། ནམ་མཁའ་ལྟ་བུར་རྟག་ཏུ་གནས།། འདི་ལ་ཐམས་ཅད་ལྷུན་གྲུབ་པས།། སྣང་སྲིད་རྫོགས་པ་ཆེན་པོའི་རྒྱུད།། དེ་ལ་རྒྱུད་ཀྱི་སྙིང་པོའོ།། ཞེས་གསུངས་སོ།། ནམ་མཁའི་མཐའ་དང་མཉམ་པའི་རྒྱུད་ཆེན་པོ་ལས། ། རྒྱུད་ཀྱི་མཚན་པའི་ལེའུ་སྟེ་ཉི་ཤུ་བརྒྱད་པའོ།།།། དེ་ནས་ཡང་རང་སྣང་རོལ་བའི་འཁོར་ཚོགས་ཀྱིས།། སེམས་དཔའ་རྡོ་རྗེ་ལ་འདི་སྐད་ཅེས་གསོལ་ཏོ། ། ཀྱེ་མའོ་སེམས་དཔའ་རྡོ་རྗེ་ཁྱོད།། སངས་རྒྱས་ཀུན་གྱི་རང་བཞིན་ཏེ།། སྐུ་གསུང་ཐུགས་ནི་བསམ་མི་ཁྱབ།། མགོན་པོ་ཁྱོད་ལ་གསོལ་བ་ནི།། སྒྲོ་སྐུར་མེད་པར་ཇི་ལྟར་ལགས།། བཤད་པ་ཉིད་ཀྱང་ཇི་ལྟ་བུ། ། དུས་ནི་ཇི་ལྟར་གཅིག་པ་ལགས།། འོག་མིན་གནས་ཀྱང་ཇི་ལྟ་བུ།། རང་བཞིན་དང་ནི་ལྟ་བ་དང།། མངོན་དུ་གྱུར་པ་ཇི་ལྟ་བུ།། གླེང་གཞི་ཞེས་པ་ཇི་ལྟར་ལགས།། རྒྱལ་བ་སོ་སོར་སྣང་བ་དེ།། ཐ་དད་པ་ནི་མ་ཡིན་ནམ། ། ཐུན་མོང་རྒྱུད་དང་ཁྱད་པར་ཅི།། རང་བྱུང་སྙིང་པོ་ལྷུན་གྲུབ་ལ།། སྒྲོ་དང་སྐུར་པ་ཀུན་བྲལ་བ།། མ་བཅོས་རིན་ཆེན་འཁོར་ལོའི་ཐུགས།། འོད་གསལ་སྙིང་པོ་འགྱུར་བ་མེད།། སྒྲོ་འདོགས་སྐུར་འདེབས་མཚན་མའི་ལམ། ། གསང་བའི་ཐབས་ཀྱིས་བཅད་ནས་ནི།། གཞི་གཞག་རང་ལུགས་མ་བཅོས་པར།། སྙིང་པོ་རིག་པ་མངོན་དུ་བསྟན།། ཇི་ལྟར་ཆུ་ལ་ཆུ་གཞག་ལྟར།། བདེ་བར་གནས་པས་ཕ་རོལ་ཕྱིན།། སྙིང་པོ་གཅིག་ཏུ་ཀུན་རྫོགས་པས། ། སྒྲོ་འདོགས་སྐུར་འདེབས་གདོད་ནས་མེད།། གང་གིས་གང་ལ་གང་དུས་སུ།། གང་བཤད་པ་ཉིད་དེ་བཞིན་ཏེ།། མ་ལུས་པ་ཡི་དེ་བཞིན་ཉིད།། སྙིང་པོ་རང་བྱུང་རྫོགས་པའི་བདག། མ་ལུས་འཆང་བདག་སྙིང་པོ་སྟེ། ། ལྷུན་རྫོགས་རྒྱལ་བ་ཀུན་གྱི་ངང།། སྣ་ཚོགས་རང་སྣང་རིག་པའི་འཁོར།། རོལ་པ་འབུམ་ཕྲག་མཐའ་ལས་འདས།། རང་བྱུང་རིག་པ་ཀུན་འཆར་ལ།། ཐ་དད་སྟོན་འཁོར་ཁྱད་པར་མེད། ། བསམ་གྱིས་མི་ཁྱབ་པ་ཡི་དུས།། སྔ་ཕྱི་མེད་པའི་དུས་གཅིག་སྟེ།། དུས་གཅིག་རྟོགས་པས་དུས་ཀུན་རྟོགས།། དུས་དང་རྟོག་པ་གཅིག་ཏུ་བསྟན།། རང་བྱུང་འོད་གསལ་འཁོར་ལོའི་ཐུགས།། སྒྲོ་སྐུར་དག་པའི་བདེ་ཆེན་པོ། ། མཁའ་ལྟར་བསམ་པའི་ཡུལ་ལས་འདས།། རྒྱུ་འབྲས་ལྷུན་རྫོགས་སྙིང་པོ་ལ།། བསྟན་པ་མ་ལུས་ཀུན་འདུས་པས།། དུས་གཅིག་དགོངས་པ་མཁའ་ལྟར་བཤད། སྟོན་པ་གནས་འཁོར་དུས་བསྟན་པ། ། རང་བྱུང་རོལ་པ་མཆོག་ཉིད་ལས།། རོ་དང་རྣམ་པ་ཇི་བཞིན་པས།། ཁྱད་པར་མེད་དེ་སྙིང་པོར་རྫོགས།། ཇི་སྙེད་པ་ཡི་ཆོས་རྣམས་ཀུན།། རིན་ཆེན་འོད་ལ་ཀུན་རྫོགས་པས།། གདོད་ནས་སྐྱེ་འགག་གནས་པ་མེད། ། སྙིང་པོ་རྫོགས་པ་གཅིག་སྟེ་གནས།། གདོད་ནས་གཅིག་པའི་རང་བཞིན་ལ།། དུས་གསུམ་གཅིག་པར་མངོན་བསྟན་པས།། ཕྱོགས་བཅུ་མཐའ་དབུས་ཆོས་ཐམས་ཅད།། དུས་གཅིག་ཕྱོགས་རིས་མེད་པར་རྟོགས། ། གང་དུ་ཞེན་པས་བརྟག་པ་ཡི།། བགྲངས་དང་བསྒོམ་དང་བརྟག་པ་དག། རང་རང་བརྟགས་པས་སྣང་བ་སྟེ།། དེ་དག་དུས་གཅིག་སྦྱོར་ཟད་དེ།། རེ་དོགས་ཆད་པའི་སྙིང་པོ་ཉིད།། མ་བགྲོད་རྟོགས་པས་ཕྱིན་པའི་གནས། ། རིག་པའི་གནས་སུ་རྟོགས་པས་ཕྱིན།། མ་ལུས་རིག་པའི་འོག་མིན་གནས།། སངས་རྒྱས་ཀུན་གྱི་ཕོ་བྲང་ཉིད།། ཐིག་ལེ་སྟེང་འོག་ཕྱོགས་ཆ་མེད།། འོག་མིན་གནས་ཞེས་བརྗོད་པ་ཡིན། ། རང་བྱུང་སྙིང་པོ་ཀུན་གྱི་རྒྱུ།། རྒྱུ་ལྔ་འབྲས་བུ་གསུམ་ལ་སོགས།། ཕྱོགས་བཅུ་ནམ་མཁའི་མཐར་ཐུག་པ།། འདི་ལ་འདུས་པའི་འཁོར་དུ་བཤད།། མ་ལུས་སྙིང་པོར་དག་པ་ལ།། དངོས་དང་བློ་ཡི་ཁྱད་པར་གྱིས། ། རང་རང་ཕྱོགས་ཀྱིས་གང་བལྟས་པ།། འདི་ལ་འདས་པས་འཁོར་དུ་བཤད།། ཇི་ལྟར་གནས་པའི་དོན་དེ་ཉིད།། རྟོགས་ནས་འབྲས་བུ་ལྷུན་གྲུབ་པ།། ཇི་སྙེད་སངས་རྒྱས་ཐམས་ཅད་ཀྱང།། འདི་ལས་འབྱུང་བས་སྟོན་པའོ། ། དོན་དང་ཚིག་གི་གླེང་གཞི་ནི།། ཇི་སྙེད་སངས་རྒྱས་ཐམས་ཅད་དང།། བཀའ་རྒྱུད་མ་ལུས་ཐམས་ཅད་ཀྱི།། གླེང་བརྗོད་ཀུན་གྱི་གཞི་ཡིན་པས།། མ་བཅོས་དོན་གྱི་གླེང་གཞི་ཡིན།། བཀའ་རྒྱུད་བརྗོད་བྱ་ཐམས་ཅད་ཀྱི། ། འབྱུང་བའི་རྒྱུ་དང་གཞི་ཉིད་ནི།། ཕུན་སུམ་ཚོགས་པའི་བདག་ཉིད་དེ།། གླེང་བརྗོད་འབྱུང་ཕྱིར་གླེང་གཞི་ཉིད།། རང་བྱུང་སྙིང་པོ་འོད་གསལ་བ།། རིན་ཆེན་བསམ་པ་ལྷུན་གྲུབ་རྫོགས། ། གླེང་བརྗོད་མ་ལུས་ཀུན་འཆར་བས།། གླེང་གཞི་ཀུན་གྱི་ངོ་བོར་བཤད།། སངས་རྒྱས་ཀུན་གྱི་རང་བཞིན་ཏེ།། མ་ལུས་འདུས་པའི་སྙིང་པོ་བས།། ཞིང་ཁམས་མཛད་པ་ཡེ་ཤེས་དག། གདུལ་བྱའི་བསམ་པའི་ཐ་དད་པས། ། རིན་ཆེན་བཞི་དང་ཡོན་ཏན་ལྟར།། སོ་སོའི་ཁྱད་པར་གང་སྣང་བ།། ཐ་དད་སྣང་བ་ཡོད་མ་ཡིན།། མ་བཅོས་སྙིང་པོ་ཉིད་ལ་རྫོགས།། རང་བྱུང་རོལ་པ་རང་སྣང་ལ།། རྒྱུ་འབྲས་ཞེན་པ་མི་གནས་པས། ། རང་སྣང་ཕུན་སུམ་ཚོགས་པར་བཤད།། སྙིང་པོ་འོད་ལྟར་རྫོགས་པ་ཡིན།། རྒྱུ་འབྲས་ཞེན་པའི་ཐ་དད་དག། རང་བཞིན་བསམ་པ་ཕྱིན་ཅི་ལོག། དེ་དག་གང་ལྟར་ཅི་སྣང་བ།། ཁྱད་པར་རིག་པ་རང་སྣང་ཡིན། ། ཞེས་གསུངས་སོ།། ནམ་མཁའི་མཐའ་དང་མཉམ་པའི་རྒྱུད་ཆེན་པོ་ལས་གླེང་གཞི་བཤད་པའི་ལེའུ་སྟེ་ཉི་ཤུ་དགུ་པའོ།།།། དེ་ནས་ཡང་རང་སྣང་རོལ་བའི་འཁོར་ཚོགས་ཀྱིས། སེམས་དཔའ་རྡོ་རྗེ་ལ་འདི་སྐད་ཅེས་གསོལ་ཏོ། ། དུས་གསུམ་རྒྱལ་བ་ཐམས་ཅད་ཀྱི།། སྐུ་གསུང་ཐུགས་ཀྱི་གཏེར་གྱི་དབྱིག། རིག་པའི་བསྟན་པ་རྫོགས་པའི་བདག། མ་བཅོས་རོལ་པར་ཤར་བ་ཉིད།། གཞི་ཉིད་ཅི་ཕྱིར་བཤད་པ་སྟེ། ། འཇུག་པའི་ལམ་ཚུལ་ཇི་ལྟ་བུ།། འབྲས་བུའི་ཚུལ་ནི་ཇི་ལྟར་གནས།། བདག་ཅག་རྣམས་ལ་ལེགས་པར་གསུངས།། ཞེས་ཞུས་སོ།། དེ་ནས་སེམས་དཔའ་རྡོ་རྗེས་འདི་སྐད་ཅེས་བཀའ་སྩལ་ཏོ།། འདུས་པའི་ཚོགས་ཆེན་ད་ཉོན་ཅིག། གནས་དང་རྟོགས་པར་བསྟན་པ་ཉིད།། མ་བཅོས་སེམས་ཀྱི་རང་བཞིན་ནི།། རིག་པ་འོད་གསལ་སྟོང་པ་ཉིད།། སངས་རྒྱས་སེམས་ཅན་གཉིས་མེད་དེ།། མ་རིག་ཡེ་ཤེས་ཐ་དད་མེད། ། རང་བྱུང་རིག་པའི་སྙིང་པོ་ཉིད།། འོད་གསལ་ལྷུན་རྫོགས་རིན་ཆེན་ལ།། རང་སྣང་རོལ་པའི་འོད་འཆར་བ།། ཕྱོགས་མེད་འདོད་པ་ཀུན་གཞི་སྟེ།། མ་བཅོས་གཉུག་མའི་རང་བཞིན་ནི།། རིག་པའི་འོད་གསལ་སྟོང་པ་ཉིད། ། ཕྱོགས་རིས་བྲལ་བའི་སྙིང་པོ་སྟེ།། དབྱེ་ཞིང་ཐ་དད་ཆོས་དང་བྲལ།། མཐའ་བྲལ་ནམ་མཁའ་རང་བཞིན་ལྟར།། རང་བྱུང་རིག་པ་མུ་མཐའ་མེད།། ནམ་མཁའི་མཐའ་དང་མཉམ་སྦྱོར་བ། ། སངས་རྒྱས་སེམས་ཅན་ཀུན་གྱི་གནས།། ནམ་མཁའ་ལྟ་བུར་ཀུན་ལ་ཁྱབ།། མ་ལུས་ཀུན་གྱི་སྙིང་པོ་སྟེ།། གསང་བའི་རང་བཞིན་མཐའ་དབུས་མེད།། རང་བྱུང་དྲི་མེད་སྙིང་པོ་ལྟར།། གཞི་གཞག་རང་ལུགས་གསལ་བའི་འོད། ། ཕྱོགས་ཆ་མེད་པར་གསལ་བར་འཕྲོ།། མ་ལུས་དོན་གྱི་སྙིང་པོ་ལ།། བརྡ་དང་ཐ་སྙད་བྱིན་རླབས་ཀྱིས།། མ་ལུས་རིག་པའི་སྙིང་པོར་བསྟིམ།། དེ་ཉིད་སྟོང་པའི་སྙིང་པོ་སྟེ།། རང་བྱུང་བདེ་བའི་བྱིན་རླབས་ཅན། ། བདེ་བ་ཆེན་པོའི་སྙིང་པོ་འདི།། སྤྱི་གཙུག་གསལ་བའི་ཡོན་ཏན་ལྟར།། མ་བཙལ་ཡོན་ཏན་ལྷུན་རྫོགས་ཀྱང།། ཐབས་དང་རྣ་བརྒྱུད་གཏེར་ཆད་པས།། རང་ལ་རྫོགས་ཀྱང་མཐོང་བ་མེད།། གནས་པ་དོན་གྱི་གཞི་རྫོགས་ཀྱང། ། རིག་པའི་ཚད་མ་མ་སྐྱེས་ཤིང།། རྟོགས་པ་དོན་གྱི་གཞི་མེད་ན།། འཁོར་བའི་ལམ་ལྟར་ཐར་མི་འགྱུར།། རང་བྱུང་གསལ་བའི་སྙིང་པོ་འདི།། མ་ལུས་ཁྱབ་པར་གནས་གྱུར་པ།། རྣ་བརྒྱུད་དགོངས་པས་བྱིན་རླབས་ཤིང། ། རིག་པའི་ཚད་མས་དོན་མཐོང་ན།། ལུང་དང་རིག་པ་ལ་སོགས་པ།། བརྡ་དང་ཐ་སྙད་རྣམས་མི་དགོས།། རང་གི་མཚན་ཉིད་མ་རྟོགས་ན།། སྤྱི་ཡི་མཚན་ཉིད་ལ་ཞེན་པ།། ཉམས་དང་བྲལ་བའི་རྣ་བརྒྱུད་ལྟར། ། རེ་དོགས་ཆད་པར་ག་ལ་འགྱུར།། དྲི་མེད་སྙིང་པོའི་དོན་རྟོགས་ནས།། ལྷུན་གྲུབ་ཕྱོགས་རིས་མེད་པར་གསལ།། མ་བཅོས་རང་གཞག་མཐར་ཕྱིན་པ།། རྟོགས་པ་དོན་གྱི་གཞི་ཞེས་བཤད། ། མ་ལུས་འབྱུང་ཞིང་འདུ་བའི་ཕྱིར།། གཞི་ཉིད་ལེགས་པར་བཤད་པ་ཡིན།། ལམ་གྱི་རང་བཞིན་བསྟན་པ་ནི།། དོན་དང་ཚིག་གིས་ཕྱེ་བ་སྟེ།། བསྟན་བྱ་དོན་གྱི་སྙིང་པོ་ཉིད།། རང་བྱུང་མི་འགྱུར་ཚད་མ་སྟེ། ། ཚད་མ་ཀུན་གྱི་སྙིང་པོ་ཉིད།། ངོ་བོ་ལ་སོགས་བརྒྱད་ཀྱི་དོན།། མ་བཅོས་རང་བྱུང་སྙིང་པོ་ནི།། རང་བཞིན་གཅིག་ཏུ་གནས་པ་སྟེ།། རྣམ་པ་ཅིས་ཀྱང་ངོས་གཟུང་མེད།། མཚན་ཉིད་ཡེ་ཤེས་གསལ་བ་སྟེ།། ངོ་བོ་མི་འགྱུར་དེ་བཞིན་ཉིད། ། སྐྱེ་དང་བལྟོས་པའི་རྒྱུ་མེད་པས།། མ་སྐྱེས་འཇིག་པ་ག་ལ་ཡོད།། རིན་ཆེན་ཡོན་ཏན་ཇི་བཞིན་དུ།། ཡོངས་རྫོགས་གསལ་བྱེད་ཚུལ་གྱིས་གནས།། སྐྱེས་པའི་རྐྱེན་དང་བགྲོད་པ་དང། ། སྨིན་དང་གྲུབ་དང་འཇིག་པ་དང།། རྟགས་དང་ཐ་དད་རྐྱེན་བྲལ་བས།། རྒྱུ་རྐྱེན་རྡོ་རྗེ་ཉིད་ལ་རྫོགས།། རྒྱ་མཚོ་འདུ་བའི་སྙིང་པོ་ལྟར།། བསྡུ་དང་གནས་དང་འབྱུང་བ་དང།། རྫོགས་པའི་དོན་ཉིད་གང་ཡིན་པ། ། དེ་ཉིད་ངེས་པའི་ཚིག་ཏུ་བཤད།། གཞི་དང་ལམ་དང་འབྲས་བུ་དང།། གནས་སྐབས་སོ་སོ་གང་ཡིན་པ།། མཚོན་པ་དཔེ་ཡི་ཚུལ་ཡིན་པས།། གང་ལྟར་སྦྱར་བ་དེ་དག་ཉིད།། རང་བྱུང་སྙིང་པོའི་མཚན་ཉིད་ནི། ། ཅི་ཡང་ཡིན་ནོ་རྣམ་ཀུན་བཅས།། སྤོང་ལེན་དགག་བསྒྲུབ་ལ་སོགས་པའི།། ཕྱོགས་མཚམས་ངེས་པའི་ཆོས་མ་ཡིན།། རང་བྱུང་སྙིང་པོ་ཚད་བྲལ་ཡང།། དག་པའི་ཚད་དང་གསལ་བའི་ཚད།། རོལ་པ་ཕྲ་བ་ཁྱབ་པའི་ཚད། ། ཚད་མེད་པ་ཉིད་ཚད་ཡིན་ནོ།། ཐབས་ཆེན་བྱ་བྲལ་མཁའ་ཁྱབ་སེམས།། ཐབས་དང་གཞི་དང་འབྲས་བུ་སྟེ།། རིག་པ་རྟོགས་པ་ཡེ་ཤེས་ཉིད།། བྱ་བྲལ་རྫོགས་པའི་ལུང་ཡིན་ནོ།། དོན་ལམ་མཚོན་པའི་ཉམས་མྱོང་སྟེ། ། རྙོག་དང་འབྱེད་དང་དྭངས་པ་སྟེ།། དུས་གསུམ་ཉིད་དུ་བསྟན་པ་ཡིན།། ཚོགས་དང་ནམ་མཁའ་རྡོ་རྗེ་དང།། འགྲོ་འདུལ་ཐབས་སུ་བཤད་པ་ཉིད།། འབྱེད་དང་གྲོལ་དང་འབྱིན་པ་ཉིད། ། མོས་དང་རྟོགས་དང་གདེང་དུ་གྱུར།། བརྗོད་དང་རྟོགས་དང་གོམས་པ་ཉིད།། བརྗོད་དང་རིག་པ་ཆོས་ཉིད་སྒྲ།། བརྡ་དང་གྲོལ་དང་གར་གཞག་པ།། དེ་ཉིད་བདེ་བ་ཆེན་པོའི་སེམས།། རང་རིག་རྙོག་པ་བྲལ་བའི་སེམས། ། མཐའ་དབུས་རེ་དོགས་ཞེན་པ་མེད།། གང་ལྟར་གང་ཡང་འགྲོ་འོང་མེད།། མ་བགྲོད་རྟོགས་པས་དུས་གཅིག་ས།། ཕྱོགས་རིས་མེད་པར་རྟོགས་པའི་སེམས།། མ་བཅོས་དོན་ལ་འཇུག་པས་ལམ། ། ཚིག་ལམ་རྐྱེན་གྱིས་མ་མཚོན་ན།། དགུ་རུམ་སྦས་པའི་དོན་མི་གསལ།། བརྡ་དང་དགོངས་པའི་གཏན་ཚིགས་ལ།། རྣ་བརྒྱུད་དོན་དང་འབྲེལ་བའི་ཚིག། མ་ལུས་ངེས་པའི་དོན་དུ་མཚོན།། དེ་དག་ཚིག་ལམ་དོན་ཡིན་ནོ། ། བགྲོད་དང་བསྐྱེད་དང་སྨིན་པའི་ཆོས།། བཙལ་དང་བསྒྲུབས་པའི་འབྲས་བུ་མིན།། སྐྱེ་དང་འཇིག་པའི་འབྲས་བུ་ཡིན།། ཐོབ་བྱ་གཞན་ལྡན་འབྲས་བུ་སྨིན།། རང་བྱུང་ལྷུན་རྫོགས་འབྲས་བུ་ནི།། རང་ཉིད་རོལ་པ་མཐའ་ཡས་ལས། ། ཉིད་ལས་གཞན་པའི་ཐོབ་བྱ་མེད།། རིན་ཆེན་ཡོངས་རྫོགས་ཡོན་ཏན་ལྟར།། རང་སྣང་ཆེ་བ་རྒྱུན་མི་འཆད།། ཅེས་གསུངས་སོ།། ནམ་མཁའི་མཐའ་དང་མཉམ་པའི་རྒྱུད་ཆེན་པོ་ལས། ། རང་བྱུང་ཡེ་ཤེས་རང་ཤར་བཤད་པའི་ལེའུ་སྟེ་སུམ་ཅུ་པའོ།།།། དེ་ནས་ཡང་རིག་པ་རང་སྣང་རོལ་པའི་འཁོར་ཚོགས་ཀྱིས།། སེམས་དཔའ་རྡོ་རྗེ་ལ་འདི་སྐད་ཅེས་གསོལ་ཏོ།། སངས་རྒྱས་ཀུན་གྱི་སྙིང་པོ་ཆེ། ། འཁོར་ལོ་དགོངས་པ་ཀློང་བརྡལ་ཇི་ལྟར་ལགས།། མན་ངག་ཞལ་ཆེམས་ཇི་ལྟར་སྤྲུགས།། སེལ་མེད་ཀློང་དགུ་ཇི་ལྟར་ལགས།། རང་བྱུང་རོལ་པ་རང་ཤར་བ།། མཁའ་ལ་གཟའ་སྐར་ཇི་ལྟར་བཀྲམ། ། མཁའ་ཁྱབ་སེམས་ལུང་སྤྱི་དོན་ལྔ།། དེ་དག་ཇི་ལྟར་བརྗོད་པ་ཡིན།། ཕུན་སུམ་ཚོགས་པ་ཇི་ལྟར་བཤད།། བདག་ཅག་རྣམས་ལ་བཤད་དུ་གསོལ།། ཞེས་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་སེམས་དཔའ་རྡོ་རྗེས་འདི་སྐད་ཅེས་བཀའ་སྩལ་ཏོ། ། འདུས་པའི་ཚོགས་ཆེན་ད་ཉོན་ཅིག། ཇི་ལྟར་སྣང་བའི་ཆོས་རྣམས་དང།། རིག་པ་དྲན་རྟོག་སྣ་ཚོགས་དང།། རྒྱལ་བ་ཀུན་གྱི་དགོངས་པ་ཉིད།། ཐ་དད་མེད་པའི་བྱང་ཆུབ་སེམས། ། མ་ལུས་ཆོས་རྣམས་རང་བཞིན་ནི།། མ་བཅོས་བྱང་ཆུབ་སེམས་ལས་ཤར།། མ་ལུས་ཆོས་ཀུན་སྙིང་པོ་སྟེ།། ཕྱོགས་རིས་མེད་པ་ནམ་མཁའི་ཀློང།། རང་བཞིན་ཀློང་བརྡལ་ཕྱོགས་རིས་མེད། ། མ་བཅོས་དོན་གྱི་སྙིང་པོ་ལ།། ཇི་བཞིན་རིག་པའི་ཚད་མ་ཡིན།། མ་ལུས་ཆུ་དང་ཆུ་བུར་དང།། རྒྱ་མཚོའི་རྦ་རླབས་རི་མོ་ལྟར།། ཇི་ལྟར་སྣང་ཡང་རང་ལ་ཐུག། སྣ་ཚོགས་བྱུང་ཡང་ཉིད་དུ་གྲོལ།། ཕྱོགས་སུ་མེད་པར་གང་རྟོགས་པ། ། རྟོགས་པ་ཀློང་བརྡལ་ཕྱོགས་རིས་མེད།། རྟོགས་པ་བར་ཆད་མེད་པ་ཡིས།། ཕྱོགས་མེད་ནམ་མཁའི་རང་བཞིན་ལ།། ཕྱོགས་ཀྱི་རྟེན་དང་གཡོགས་མེད་ལྟར།། སྣ་ཚོགས་བྱེ་བྲག་ཆ་ཤས་དང། ། དུས་གསུམ་ལྟོས་པ་བྲལ་བའི་ཡིད།། ཆུ་ཀླུང་ལྟ་བུར་གཅིག་ཏུ་གསལ།། མ་ལུས་འདུས་པའི་སྙིང་པོ་བས།། གཅིག་ཉིད་ཀུན་གྱི་རང་བཞིན་པས།། དགོངས་པ་ཀློང་བརྡལ་བཤད་པའོ།། ཐབས་ཆེན་མ་བཅོས་གསང་བའི་དོན། ། གང་ཟག་བློ་ཡི་ཁྱད་པར་ཉིད།། འཕྲུལ་ཚོགས་སྒྲ་ཡིས་གང་བརྟགས་ནས།། བྱ་བ་སྔོན་དུ་བྱ་བ་ཀུན།། རིམ་པ་ཆོ་ག་ཀུན་བྱས་ནས།། མོས་དང་བློ་ཡི་རིམ་པ་བཞིན།། བཅོས་མའི་རྣལ་མའི་འབྱོར་བ་ཉིད། ། རྣ་བརྒྱུད་གསང་བའི་གདམས་པ་བཞིན།། གནས་པ་རྟོག་ནས་བསྟན་ཕྱིར་སྦྱིན།། མ་ཧཱ་དེ་བའི་གདམས་པ་བཞིན།། རིགས་ལས་རྟོགས་བཞིན་དུ་མིན།། ཇི་སྙེད་བརྡ་དོན་དགྲོལ་བ་ཀུན།། འཁོར་བ་རང་སར་གྲོལ་བའི་ཕྱིར། ། གང་དུའང་བསྟན་ཡང་དེ་ཉིད་ཡིན།། མན་ངག་ཞལ་ཆེམས་སྤྲུགས་པ་སྟེ།། ཀློང་དགུ་བསྟན་པ་སྤྱི་ཡི་ལུང།། བསྟན་པ་ཀློང་པ་དགུའི་ངོ་བོ་ནི།། ལྟ་བ་ཕྱོགས་རིས་མེད་པའི་ཀློང།། སྤྱོད་པ་སྣང་བཀག་མེད་པའི་རྒྱན། ། མ་བཀོད་རོལ་པའི་དཀྱིལ་འཁོར་ཉིད།། བཀུར་ཐོབ་མེད་པ་རྫོགས་པའི་ཀློང།། བསྲུང་བྲལ་རིག་པའི་དམ་ཚིག་ཉིད།། བྱ་བཙལ་བྲལ་བའི་འཕྲིན་ལས་ཀློང།། སྦྱང་བགྲོད་མེད་པའི་ས་དང་ལམ། ། སྒྲིབ་པ་མེད་པའི་ཡེ་ཤེས་ལ།། ལྷུན་གྲུབ་འབྲས་བུ་རང་བཞིན་གསལ།། རྫོགས་ཆེན་བསྟན་པ་མ་ལུས་པའི།། བཀའ་རྒྱུད་སྤྱི་ཡི་ལྡེ་མིག་སྟེ།། དེ་ཉིད་བྱང་ཆུབ་སེམས་སུ་འདུས།། ཇི་སྙེད་གང་དང་གང་གསལ་བ། ། དེ་དག་འདི་རུ་རྫོགས་པར་བསྟན།། འདི་ནི་རིན་ཆེན་ཀློང་དགུས་ཏེ།། རྫོགས་ཆེན་བཀའ་བརྒྱུད་ཐམས་ཅད་ཀྱི།། བསྡུས་པའི་དོན་དུ་བསྟན་པ་ཡིན།། གཞན་ཡང་མ་བཅོས་སྙིང་པོ་ཉིད།། མ་ལུས་རྫོགས་པའི་རིན་པོ་ཆེ། ། སྟོང་ཉིད་སྙིང་པོར་ཀུན་འདུས་ལ།། རྣམ་པའི་རང་བཞིན་བསམ་མི་ཁྱབ།། གཞི་དང་ལམ་དང་འབྲས་བུ་དང།། སྐུ་དང་གསུང་ཐུགས་རིན་པོ་ཆེ།། དཀྱིལ་འཁོར་ཐིག་ལེ་ཆེ་བ་རྣམས།། ཇི་སྙེད་རྣམ་གྲངས་སྤྲོས་པ་རྣམས། ། བརྗོད་དང་བསྟན་པའི་རྣམ་གྲངས་ཀུན།། མ་འདྲེས་ཡོངས་རྫོགས་སྙིང་པོ་སྟེ།། སྟོང་ཉིད་མ་བཅོས་སྙིང་པོ་ལས།། རིག་པ་སྣ་ཚོགས་རང་ཤར་བ།། སྟོང་ཉིད་ནམ་མཁའི་ཀློང་ཆེན་ལས། ། མཁའ་ལ་གཟའ་སྐར་བཀྲམ་པ་བཞིན།། རྫོགས་ཆེན་བཀའ་རྒྱུད་མ་ལུས་པ།། བསྟན་པ་ཆད་པའི་ཡན་ལག་ཡིན།། བསྟན་པ་སེམས་ཉིད་རིན་པོ་ཆེ།། མ་ལུས་འབྱུང་བའི་རྒྱུ་ཉིད་ནི།། མ་བཅོས་སེམས་ཉིད་རང་བཞིན་དང། ། རིག་པ་སེམས་ཀྱི་ངོ་བོ་དང།། ཐུགས་རྗེ་བརྡལ་བའི་ངོ་བོ་ཉིད།། མ་བཅོས་སེམས་ཀྱི་རང་བཞིན་ནི།། སྐྱེ་མེད་ཆོས་སྐུའི་མཚན་ཉིད་ནི།། ངོ་བོ་མཚན་ཉིད་ལྷུན་གྲུབ་བ། ། གཉིས་མེད་ལོངས་སྤྱོད་རྫོགས་པའི་སྐུ།། ཐུགས་རྗེ་རྣམ་པ་ལྷུན་གྲུབ་པ།། སྤྲུལ་སྐུ་ཕྱོགས་རིས་མེད་པར་སར།། དེ་ཉིད་རྒྱུ་དང་འབྲེལ་བ་དང།། འབྲས་བུ་རིམ་པ་མ་ཡིན་པར།། དེ་དག་འཆད་པའི་སྟོན་པ་དང། ། རྨད་བྱུང་ཕོ་བྲང་གནས་ཉིད་དང།། རིམ་པར་འདུས་པའི་འཁོར་ཚོགས་དང།། བསྟན་པ་བཤད་པའི་དུས་དང་ནི།། མ་ནོར་སྡུད་པར་འཛིན་པ་དང།། བསྟན་པའི་ཁྱད་པར་འཚམ་པ་བཞིན།། རང་བྱུང་ཕུན་སུམ་ཚོགས་པ་སྟེ། ། རྣམ་པ་བཅོ་བརྒྱད་བསྟན་པ་ཉིད།། རིག་པ་རང་སྣང་རོལ་པ་ཡིན།། དེ་དག་ཕུན་སུམ་ཚོགས་པས་བཤད།། ལུང་གི་སྤྱི་ཉིད་ཡིན་པའི་ཕྱིར།། སྤྱི་དོན་ལྔ་ཡིས་བཤད་པ་ནི།། ལོ་རྒྱུས་དོན་དང་རྩ་བ་དང། ། ཡོ་གའི་དོན་དང་དགོས་ཆེད་དང།། ཚིག་གི་དོན་དང་བསྟན་པའོ།། སྟོན་པ་ཆོས་སྐུའི་རང་བཞིན་ཉིད།། དུས་གསུམ་རྒྱལ་བའི་དགོངས་པའི་རྒྱུད།། ཉིད་ལ་ཉིད་སྣང་དོན་དེ་ཉིད།། བྱིན་གྱིས་བརླབས་ཀྱིས་བཤད་པ་ཡིན། ། དགོངས་པས་བཤད་པའི་དོན་ད་ལ།། ཏིང་འཛིན་རིག་པའི་གདེང་གི་གོ། རང་བཞག་མ་བཅོས་དོན་གྱི་ཚིག། རང་གི་ངོ་བོས་བཤད་པའོ།། དམན་པ་སྐལ་ཞན་གང་ཟག་ལ།། རྣ་བརྒྱུད་གསང་བའི་འཕྲུལ་ཚིག་གིས། ། འགྲེལ་བརྗོད་བརྡ་ཡི་ཚིག་གིས་བསྟན།། བརྗོད་པའི་ཚིག་གིས་བཤད་པ་ཡིན།། ཇི་སྙེད་ཆོས་རྣམས་ཐམས་ཅད་ཀུན།། མ་ལུས་འདུས་པའི་སྙིང་པོ་ཉིད།། གཅིག་ཉིད་ཀུན་གྱི་རང་བཞིན་ཏེ། ། ལྷག་མ་མེད་པར་ཡོངས་སུ་རྫོགས།། རྒྱ་མཚོ་འདུས་པའི་སྙིང་པོ་ལྟར།། ཐེག་པའི་ཁྱད་པར་ཐམས་ཅད་ཀུན།། འདི་ལས་འབྱུང་ཞིང་འདིར་འདུས་པས།། སེམས་ཉིད་རྫོགས་པའི་ཐེག་པ་ཡིན།། མ་བཅོས་སེམས་ཀྱི་རང་བཞིན་ལ། ། བརྡ་དང་ཐ་སྙད་ཀུན་འདས་ཀྱང།། དེ་ཉིད་ངེས་པར་རྟོགས་བྱའི་ཕྱིར།། རྫོགས་ཆེན་བསྟན་པ་བཀོད་པ་ཡིན།། དེ་དག་ཚིག་གི་ལྡེ་མིག་གིས།། རིན་ཆེན་མཛོད་ཀྱི་སྒོ་ཕྱེ་ལ།། མ་ནོར་དོན་དེ་བསྟན་པའི་ཕྱིར། ། ཚིག་གི་དོན་ནི་བཀོད་པ་ཡིན།། མ་ནོར་དོན་གྱི་སྙིང་པོ་ཉིད།། རྣ་བརྒྱུད་འཕྲུལ་གྱི་ལྡེ་མིག་འདི།། མ་ལུས་ཀུན་གྱི་གསང་བ་སྟེ།། དགུ་རུམ་སྦས་པའི་གཏེར་ཡིན་པས།། སྐལ་ངན་ལས་ཀྱི་བསྒྲིབས་པ་ལ། ། མ་ནོར་སེམས་ཀྱི་གཏེར་བསྟན་པས།། སྦྲེལ་མ་གཡང་དུ་འགྲིལ་བ་བཞིན།། ལྷུང་ནས་ཐར་པའི་རིགས་དང་བྲལ།། ཞེས་གསུངས་སོ།། ནམ་མཁའི་མཐའ་དང་མཉམ་པའི་རྒྱུད་ཆེན་པོ་ལས། བཤད་པ་ལྡེ་མིག་གི་ལེའུ་སྟེ་སོ་གཅིག་པའོ།།།། དེ་ནས་ཡང་སེམས་དཔའ་རྡོ་རྗེ་དམ་པ་ལ།། འདུས་པའི་ཚོགས་ཀྱིས་འདི་སྐད་ཅེས་གསོལ་ཏོ།། དུས་གསུམ་རྒྱལ་བ་ཐམས་ཅད་ཀྱིས།། གསང་བའི་འཁོར་ལོ་རིག་པའི་གཏེར། ། མ་ལུས་རང་སྣང་འཁོར་ལོར་སྒྲོགས།། མགོན་པོ་ཁྱོད་ལ་གསོལ་བ་ནི།། ངོ་བོ་ཉིད་ནི་ཇི་ལྟར་ལགས།། དེ་དག་རྐྱེན་དུ་ཇི་ལྟར་འགྱུར།། མཚོན་པའི་ཐབས་སུ་གང་ཞིག་འགྱུར། ། ལམ་གྱི་ངོ་བོ་ཇི་ལྟ་བུ།། དཔེ་ཡིས་མཚོན་པར་ཇི་ལྟར་རུང།། བདག་ཅག་རྣམས་ལ་བཤད་དུ་གསོལ།། ཞེས་གསོལ་ཏོ།། དེ་ནས་སེམས་དཔའ་རྡོ་རྗེས་འདི་སྐད་ཅེས་བཀའ་སྩལ་ཏོ།། འདུས་པའི་ཚོགས་ནི་ད་ཉོན་ཅིག། བྱང་ཆུབ་སེམས་དཔའི་ངོ་བོ་ནི།། མ་ལུས་འདུས་པའི་སྙིང་པོ་སྟེ།། རོ་གཅིག་རྣམ་པ་བརྗོད་ལས་འདས།། མ་འཕྲོས་ཉི་ཟླའི་དཀྱིལ་འཁོར་ལྟར།། སྣ་ཚོགས་རང་གི་དོན་ལ་རྫོགས།། སྒྲོ་འདོགས་སྐུར་འདེབས་གདོད་ནས་སྟོང། ། མ་ལུས་རྡོ་རྗེའི་སྙིང་པོ་སྟེ།། དེ་ཉིད་ལྷུན་གྲུབ་གསུམ་ཡི་ངང།། མ་བཅོས་སྐུ་གསུམ་ལྷུན་གྱིས་གྲུབ།། རིན་ཆེན་འབར་བའི་གླིང་བཞིན་དུ།། མཐོང་དང་མ་མཐོང་འགྱུར་མེད་ལྟར། ། གསང་བའི་རང་བཞིན་འགྱུར་བ་མེད།། བློ་དང་རྒྱུ་རྐྱེན་བྱེད་པ་པོ།། གདོད་ནས་མེད་པས་ལྷུནགྱིས་གྲུབ།། མ་ལུས་རིག་པ་སྙིང་པོའི་གསུང།། ཐམས་ཅད་སྒྲལ་བ་ཉིད་ཀྱི་སྒྲ།། མ་ལུས་ཆོས་ཀུན་རང་བཞིན་ནི། ། རང་བཞིན་གནས་པའི་ངོ་བོར་རྫོགས།། གང་དུ་རྐྱེན་བཤད་པ་ཉིད་ནི།། ཕྱི་དང་ནང་གི་མཐར་ཕྱིན་རྐྱེན།། ཡོན་ཏན་ཀུན་ལྡན་བླ་མ་ཉིད།། གསལ་བར་བྱེད་པའི་རྐྱེན་ཡིན་ཏེ།། དེ་དག་བྲལ་བའི་གང་ཟག་ནི། ། རྣ་བརྒྱུད་བྲལ་བའི་གཏེར་བཞིན་ནོ།། རང་གནས་གཉུག་མའི་རྐྱེན་མེད་ན།། གཏེར་ཁྱིམ་སྟོང་པར་ཞུགས་པར་ལྟར།། ནམ་མཁའི་མཐའ་ཐུག་བར་དུ་ནི།། ཐར་པའི་སྙིང་པོ་དོན་དང་བྲལ།། གང་ལ་གང་གི་ཐབས་བསྟན་པས། ། སྣང་སྲིད་ཞི་ལྟར་སྣང་བ་ཀུན།། གསལ་བའི་མེ་ལོང་ཉིད་འགྱུར་ཏེ།། གང་ལ་བལྟས་ཀྱང་དེ་ཉིད་མཐོང།། ཐབས་དང་ལྡན་པའི་རྣལ་འབྱོར་ལ།། སྣང་སྲིད་སྒྲོན་མར་རང་འཆར་ཏེ།། བརྡ་དང་བྲལ་བའི་རྣལ་འབྱོར་ལ། ། ཡེ་ཤེས་འཆར་ནུབ་མེད་པར་གནས།། རང་རྐྱེན་རང་ལ་གྲོལ་བ་ནི།། ཆུ་ཡི་གཉེར་མ་ལྟ་བུ་སྟེ།། མ་ལུས་སྣང་ཡང་རོ་གཅིག་པས།། དབང་པོའི་ཁྱད་པར་ཇི་བཞིན་དུ།། གསལ་བྱེད་ཐབས་དང་མི་ལྡན་ན། ། འདུ་བ་འཁྲུགས་པའི་སྐྱེས་བུ་ལྟར།། བདག་ཉིད་སྡུག་བསྔལ་ཐར་མི་འགྱུར།། བརྒྱུད་དང་མངོན་སུམ་ཁྱད་པར་གྱིས།། བཅོམ་མའི་རྣལ་མའི་སྒོ་ནས་བསྟན།། འཕེན་པ་དང་པོའི་དུས་ན་རྟོགས། ། འཕེན་པ་གསུམ་ཡང་ཤེས་པར་བྱ།། བྱ་བ་བཏང་བའི་དུ་ཉིད་དང།། རྫོགས་པ་ཐུགས་ཕྲད་པ་ཉིད་དང།། དབང་པོ་ཐུགས་ཕྲད་འབར་བ་དང།། རྨད་བྱུང་སྐུ་གསུམ་ལས་རྫོགས་པ།། མངོན་དུ་གསལ་བའི་ཐབས་ཆེན་ཡིན། ། ཐེག་པའི་ཁྱད་པར་ལས་བྱུང་བའི།། བཅོས་མས་མཚོན་པ་གང་ཡང་རུང།། མ་རྟོགས་བཅོས་པའི་ཐབས་བསྟན་ལ།། རྟོགས་པས་རོལ་པ་རང་སྣང་ཉིད།། ཇི་སྙེད་བཅོས་མའང་གསུམ་ཉིད་དེ། ། རྟོགས་པས་རྟོག་པ་བཅོས་པ་དང།། ཡེ་ཤེས་སྒྱུ་མས་བཅོས་པ་དང།། བདེ་ཆེན་སྒྱུ་མས་བཅོས་པའོ།། ཐབས་སྦྱོར་བཅོས་མའི་སྒོ་དག་ནི།། ལྔ་གཉིས་གསུམ་གྱིས་ཚུལ་བསྟན་པ།། ཕྱི་ནང་གནས་པའི་མར་མེ་ནི། ། བསྟན་ནས་ཁྱབ་པའི་རྣལ་འབྱོར་ཏེ།། ཡུལ་སེམས་བྲལ་བའི་དེ་བཞིན་ཉིད།། རང་ལ་ཉམས་དང་རྗེས་མཐུན་པའི།། དངོས་པོ་གང་ལ་གསལ་སྐྱེ་བ།། དམིགས་པ་སྤོང་བའི་མན་ངག་སྟེ།། རང་བྱུང་སྟོང་པའི་ཀློང་དུ་གྲོལ། ། སྤྱོད་ལམ་གང་ལ་གང་རིག་པ།། ཕྱི་ནང་འདྲེས་པའི་རྣལ་འབྱོར་ཏེ།། མ་བཅོས་སོ་མར་གང་གཞག་པ།། མི་གཡོ་བརྟན་པའི་རྣལ་འབྱོར་གནས།། རང་བྱུང་སྙན་པའི་མ་བརྗོད་སྒྲ།། རང་ལ་མཉན་པས་རང་གིས་ཐོས། ། དུས་གསུམ་རིག་པ་བརྟན་གྱུར་ནས།། ཐ་མ་སྙིང་པོའི་ངང་དུ་གྲོལ།། དང་པོ་ཕྱོགས་རིས་མེད་པ་ལ།། དབང་པོ་བསྒྲིམས་པས་གང་བལྟས་པ།། མ་མཐོང་རྡོ་རྗེ་སྙིང་པོ་ཉིད།། འདུ་འཕྲོ་མེད་པའི་དབྱིངས་ལ་གནས། ། རྣམ་པར་གཡེང་བའི་གང་ཟག་ལ།། རིག་པ་བསྒྲིམས་པའི་མན་ངག་བསྟན།། རྩེ་གཅིག་གོམས་པར་བརྟན་གྱུར་ན།། རང་བྱུང་གློད་པས་གྲོལ་བར་འགྱུར།། ཉམས་ཀྱི་རིག་པ་གར་སྐྱེས་པ། ། མྱོང་དང་སྣང་དང་འདྲེས་པ་དང།། རིག་པ་རྫོགས་པ་མི་གཡོ་བ།། མི་འདའ་ཕྱག་རྒྱའི་མན་ངག་ཡིན།། དང་པོ་སྐྱེས་ནས་ཉམས་སུ་མྱོང།། གོམས་པས་དེ་ཉིད་རྟོགས་ཞེན་ལོག། མ་བཙལ་ལྷུག་པའི་ངང་དུ་གནས། ། བདེ་བ་ཆེན་པོ་བག་ཆད་མེད།། རྒྱུ་བ་ནང་དུ་བཅད་པ་ཡིས།། རྟོགས་སྤྱོད་མེད་པ་ཡེ་ཤེས་ཉིད།། གོམ་པས་ཕྱི་ནང་མེད་པ་ཡི།། རང་བྱུང་བདེ་བ་གསལ་བར་འགྱུར།། དབང་པོ་ཐོག་མེད་མན་ངག་གི། རྟེན་ནམ་བརྟེན་མེད་བཙལ་མེད་པའི། ། དབང་པོ་ཕྱོགས་མེད་གསལ་བར་གནས།། མ་བསམ་བཞག་པས་གྲོལ་བར་འགྱུར།།། བཙལ་བྲལ་ཟིན་དང་མ་ཟིན་པར།། རང་བྱུང་རིག་པ་ཤེས་པ་ནི།། དུས་ཚོད་འཛིན་པའི་མན་ངག་སྟེ། དེ་ཉིད་མ་ཡེངས་གསལ་བར་གནས།། མི་གཡོ་ཆུ་ཡི་རང་བཞིན་ལ།། དབང་པོ་དལ་བར་ཡན་གཞག་པས།། ལྟེང་ཆུ་ལྟ་བུའི་མན་ངག་སྟེ།། མ་བཙལ་རིག་པ་དབྱིངས་ལས་གྲོལ།། ཐིག་ལེ་ཤུམ་ལས་བརྟེན་པ་གཉིས། ། ཕྱི་ནང་རྟེན་དང་བྲལ་བ་ཡིས།། མ་ལུས་ཤེས་ཤིང་བརྡ་ཕྲད་ནས།། འབབ་ཆུའམ་མར་མེ་ཇི་བཞིན་ནོ།། མ་བཅོས་རིག་པ་དོན་གྱི་ལམ།། མ་ལུས་རོ་གཅིག་སྙིང་པོ་ལྟར།། མ་ལུས་ཏིང་འཛིན་འབུམ་ཕྲག་ཡས། ། དྲན་རྟོག་མ་ལུས་གཅིག་ཏུ་འཁྱིལ།། མ་ལུས་བདེ་ཆེན་སྙིང་པོ་བས།། དབང་པོ་ཡན་གཞག་ཡེ་ཤེས་གསལ།། ཐིག་ལེ་ཆེན་པོར་ཀུན་འདུས་པས།། མི་བགྲོད་མི་སྦྱོང་རྟོགས་པས་ཕྱིན། ། རྟོགས་པས་མ་བཅོས་སངས་རྒྱས་ས།། ལམ་གྱི་དཔེ་བདུན་ཡན་ལག་གིས།། དེ་ལྟར་ཕྱོགས་རིས་མེད་པ་དང།། ཏིང་འཛིན་མ་བསྒོམས་གསལ་བ་དང།། དེ་དག་ཡོན་ཏན་ལྷུན་རྫོགས་དང།། དེ་དག་བརྟན་པའི་གདེང་ཉིད་དང། ། རྟོགས་པས་མ་བགྲོད་ཕྱིན་པ་དང།། ཐམས་ཅད་མ་འདྲེས་ཡོངས་རྫོགས་པས།། མཐའ་བྲལ་གཅིག་ཏུ་གནས་པ་སྟེ།། བདུན་གྱི་ལམ་ཉིད་དཔེ་ཉིད་བསྟན་པ་ཡིན།། ཞེས་གསུངས་སོ། ། ནམ་མཁའི་མཐའ་དང་མཉམ་པའི་རྒྱུད་ཆེན་པོ་ལས།། རིན་ཆེན་གཟུང་ཞིང་བརྟེན་པའི་ལེའུ་སྟེ་སོ་གཉིས་པའོ།།།། དེ་ནས་ཡང་སེམས་དཔའ་རྡོ་རྗེ་ལ།། རང་སྣང་རོལ་པའི་ཚོགས་ཀྱིས་འདི་སྐད་ཅེས་གསོལ་ཏོ། ། རང་བྱུང་ཉི་མ་འོད་ཀྱི་བདག། རང་བྱུང་ལྷུན་རྫོགས་རིན་པོ་ཆེ།། ཐབས་མཁས་ཐུགས་རྗེ་བསམ་མི་ཁྱབ།། མགོན་པོ་ཁྱོད་ལ་གསོལ་བ་ནི།། ཐིག་ལེ་ཟླུམ་པོ་ཇི་ལྟར་ལགས།། ཉོན་མོངས་ལམ་ཞེས་ཇི་ལྟར་རིགས། ། མཛོད་དགུ་ཞེས་ནི་ཇི་ལྟར་བགྱི།། བདག་ལ་ལེགས་པར་བསྟན་དུ་གསོལ།། ཞེས་གསོལ་ཏོ།། འདུས་པའི་ཚོགས་ཆེན་ད་ཉོན་ཅིག། ཐིག་ལེ་མ་འཕྲོས་ཟླུམ་པོའི་དོན།། དེ་ཉིད་གསུམ་དུ་བསྟན་པ་སྟེ། ། མ་བཅོས་ཁྱབ་པའི་ཐིག་ལེ་དང།། མཚན་མ་བརྡ་ཡི་ཐིག་ལེ་དང།། རྟོག་པ་དོན་གྱི་ཐིག་ལེ་ཉིད།། སྙིང་པོ་ངང་ལ་ཁྱད་པར་མེད།། གདོད་ནས་སྙིང་པོ་རང་བཞིན་གཅིག། མ་བཅོས་ཐིག་ལེ་རྫོགས་པ་ཉིད། ། རིག་པ་ཁོང་སྟོང་ནང་ན་གནས།། ཇི་སྙེད་ཆོས་རྣམས་མ་ལུས་པ།། དེ་ལས་བྱུང་ཞིང་དེར་འདུས་པས།། ཕྱོགས་རིས་མེད་པར་བརྡལ་བ་ཉིད།། བཟླུམས་དང་ཆ་ཤས་མེད་པ་དང།། ཁོང་སྟོང་པ་དང་ཀུན་བརྡལ་དང། ། འཕྲོ་ཞིང་འདུས་པས་ཐིག་ལེ་སྟེ།། ནམ་མཁའ་རྒྱས་པའི་མཐའ་བཞིན་དུ།། མ་ལུས་ཁྱབ་པ་ཆེན་པོར་གནས།། མ་ལུས་གནས་པའི་སྙིང་པོའི་དོན།། སྒྲོ་སྐུར་འདས་པའི་ཚད་མ་ནི།། སངས་རྒྱས་ཀུན་གྱི་ཐུགས་ཉིད་པས། ། དགུ་རུམ་སྦས་པའི་དོན་དེ་ཉིད།། མཚན་མ་རྡོ་ཡི་ཐིག་ལེ་ཡིས།། ཐམས་ཅད་རང་བྱུང་སྙིང་པོར་མཚོན།། རཏྣ་མཎྜལ་ཟླུམ་པོ་ལ།། དང་པོ་ཁོང་ཆོས་ཉིད་དེ།། རྩ་བ་མེད་པའི་སྙིང་པོར་བསྟན། ། དེ་ལས་འོད་དུ་གང་འཕྲོས་པ།། དཀྱིལ་འཁོར་འདོད་པ་ལྔ་རྣམས་དང།། ཆགས་སྡང་སྣ་ཚོགས་གང་ལྡན་པ།། ཐ་མ་མེད་པའི་ཐོག་མར་ལྡོག། རྩ་བ་དང་བྲལ་རྩེ་མོ་ཉིད།། རང་གི་ངོ་བོ་དེ་བཞིན་ཏེ།། སྙིང་པོའི་དོན་ལས་དབྱེ་བ་མེད། ། སྣང་སྲིད་ཐིག་ལེ་དེར་ཆུད་པས།། ཐིག་ལེ་ཆེན་པོར་རྒྱས་བཏབ་པའོ།། མཚོན་པ་བརྡ་ཡི་ཐིག་ལེ་སྟེ།། རིག་པའི་ཚད་མའང་སྙིང་པོ་འདི།། བསྐལ་པའི་སྲིད་པ་འཁྲུགས་གྱུར་ཀྱང། ། དམན་པར་རིགས་མིན་གང་ཟག་ལ།། རྣ་བརྒྱུད་གསང་བ་བསྟན་བྱས་ན།། བར་མཚམས་མེད་པའི་མགྱོགས་འགྲོ་ལྟར།། ན་རག་རྡོ་རྗེ་གནས་སུ་ལྷུང།། སྐལ་ལྡན་ལས་ཀྱིས་འཕྲད་པ་ལ། ། ཐབས་དང་གསང་བའི་དོན་ཤུགས་ཀྱིས།། གསལ་བའི་འོད་དང་རིན་ཆེན་ལྟར།། སྣང་སྲིད་བདེ་བ་ཆེན་པོར་སྦར།། རེ་དོགས་གཉིས་ཀྱི་ཡུལ་ལས་འདས།། བགྲོད་རྩོལ་རྒྱུ་འབྲས་ལམ་དང་བྲལ།། རྟོགས་པའི་ཐིག་ལེ་ཀུན་ཆུབ་པས། ། སྙིང་པོ་དོན་ལ་གྲུ་ཟུར་བ་དང།། ཕྱོགས་མཚམས་རིགས་བཅད་ཡུལ་ལས་འདས།། ཇི་སྙེད་དྲན་རིག་མྱོང་ཚོར་ཆོས།། རང་བྱུང་རང་གྲོལ་རང་ཞི་བ།། རྒྱ་མཚོ་ཆེན་པོ་ཆུ་བུར་ལྟར།། མ་བཙལ་རང་བྱུང་ཕ་རོལ་ཕྱིན། ། སངས་རྒྱས་སེམས་ཅན་གཉིས་མེད་པས།། འདོད་སེམས་བགྲོད་རྩོལ་མེད་པར་གནས།། འདི་ན་སྙིང་པོའི་ལམ་ཡིན་པས།། བཙལ་བ་མེད་པར་དོན་ཀུན་རྫོགས།། ཀུན་གྱིས་སྤངས་བའི་ཆགས་སྡང་ལྔ། ། བཅིངས་ཤིང་སྡུག་བསྔལ་ངན་འགྲོའི་ལམ།། རེག་པས་སྡུག་བསྔལ་སྐྱེ་བའི་དགུ།། ཐུན་མོང་ཀུན་ལ་གྲགས་པ་ཉིད།། རྣ་བརྒྱུད་བར་ཆད་མེད་པ་ཡི།། རིན་ཆེན་ཐུགས་ཀྱི་བདུད་རྩི་ཡིས།། སྐལ་ལྡན་གང་ལ་དེས་ཕོག་ན། ། རིན་ཆེན་འབར་བའི་གླིང་མཐོང་ལྟར།། ཕྱིན་ཆད་ཉོན་མོངས་གང་བྱུང་བ།། མ་བཅོས་སྙིང་པོའི་ངང་དུ་མཐོང།། མ་ལུས་སྙིང་པོ་སྟོང་ཉིད་ལ།། དང་པོ་དེ་ལས་བྱུང་བ་དང།། དེ་ལྟར་དེ་ལ་གནས་པ་དང། ། ཐ་མ་དེ་ཉིད་རང་གྲོལ་བ།། ཉོན་མོངས་སྙིང་པོ་ལམ་དུ་གསུངས།། གང་དུ་མ་བཅོས་སྙིང་པོའི་དོན།། འདོད་པ་འབྱུང་དག་དོན་རྫོགས་ཤིང།། ཟད་པ་མེད་པས་གཏེར་མཛོད་དེ།། གདུལ་བྱ་གྲངས་ལ་དགའ་བ་ལ། ། ཆེ་བའི་ཡོན་ཏན་དགུར་བསྟན་ཏེ།། ཀློང་དགུས་རྟོགས་པའི་ཡུལ་དུ་བསྟན།། ཆེ་བའི་ཡོན་ཏན་བསམ་ཡས་པས།། མཛོད་ཀྱིས་གྲངས་ལ་མཐར་ཐུག་མེད།། རིག་པའི་སྙིང་པོ་གཅིག་ཏུ་འཁྱིལ། ། ཞེས་གསུངས་སོ།། ནམ་མཁའི་མཐའ་དང་མཉམ་པའི་རྒྱུད་ཆེན་པོ་ལས། མཛོད་དགུ་རིན་ཆེན་གཏེར་བཤད་པའི་ལེའུ་སྟེ་སོ་གསུམ་པའོ།།།། དེ་ནས་ཡང་སེམས་དཔའ་རྡོ་རྗེ་དམ་པ་ལ། རང་སྣང་རིག་པའི་འཁོར་ཚོགས་ཀྱིས་འདི་སྐད་ཅེས་གསོལ་ཏོ། ། རོལ་པའི་འཁོར་ལོ་གསུམ་གྱི་བདག། འདོད་པའི་དོན་འབྱུང་ཕྱོགས་རིས་མེད།། རྨད་བྱུང་སྐུ་གསུང་ཐུགས་ཀྱི་མཆོག། མགོན་པོ་ཁྱོད་ལ་གསོལ་བ་ནི།། རིན་ཆེན་དབྱིག་ནི་ཇི་ལྟར་ལགས། ། གདོད་ནས་སྙིང་པོར་གཅིག་པ་ལ།། བླ་མ་མན་ངག་ཅི་ཞིག་ལ།། དེ་ཡི་བརྟག་པ་དགོས་ཆེད་ཅི།། སྙིང་པོ་རང་བཞིན་དཔེ་བྲལ་ལ།། དཔེ་ཡིས་མཚོན་དུ་ཇི་ལྟར་ལགས།། རེ་དོགས་མེད་པའི་རང་བཞིན་ལ། ། སྐལ་མེད་ལྟུང་བ་ཇི་ལྟར་ལགས།། བདག་ཅག་རྣམས་ལ་བཤད་དུ་གསོལ།། ཞེས་གསོལ་ཏོ།། དེ་ནས་སེམས་དཔའ་རྡོ་རྗེས་འདི་སྐད་ཅེས་གསུངས་སོ།། འདུས་པ་ཆེན་པོ་ད་ཉོན་ཅིག། རང་བྱུང་སེམས་ཉིད་རིན་པོ་ཆེ།། རྒྱུ་རྐྱེན་འདས་པའི་སྙིང་པོ་ལ།། མ་ལུས་ཡོན་ཏན་ལྷུན་གྲུབ་པས།། རང་སེམས་རིན་ཆེན་དབྱིག་ཅིག་བརྗོད།། རིན་ཆེན་གཟི་འཕྲོག་ཁོག་སེང་ལྟར།། སྐལ་དང་མོས་པའི་ཁྱད་པར་གྱིས། ། སྣ་ཚོགས་བར་མེད་ཤུགས་ཀྱིས་འགྲུབ།། རིག་པ་རང་སྣང་ཡོན་ཏན་ནོ།། རིགས་དྲུག་མ་ལུས་ཐམས་ཅད་ལ།། རོ་ཡི་ཚུལ་དུ་ཁྱབ་གནས་ཀྱང།། མ་རྟོགས་རྣམ་པའི་རྗེས་འབྲངས་ལྟར། ། གནས་པ་གསུམ་གྱི་རང་བཞིན་ལ།། སྐལ་མེད་འཕྲུལ་ཚིག་མི་ལྡན་པས།། སྡུག་བསྔལ་འཁོར་བའི་ངོ་བོར་སྨིན།། དེ་ཉིད་སྙིང་པོར་བསྟན་པའི་ཕྱིར།། རྣ་བརྒྱུད་ཡོན་ཏན་ཀུན་ལྡན་པའི།། བླ་མ་སློབ་དཔོན་དམ་པ་བརྟེན། ། དམ་པའི་རང་བཞིན་མི་ལྡན་ཞིང།། བསྐལ་པ་འཁྲུགས་པར་དོན་བྱས་ཀྱང།། ལོང་བས་རིགས་ངན་གྲོལ་བའི་ཕྱིར།། རྒྱལ་སར་གཞག་བཞིན་མི་འགྲུབ་པས།། བླ་མ་དམན་དང་དམ་པ་ཉིད།། མ་ནོར་བརྟག་པ་ཤིན་ཏུ་གཅེས། ། དམ་པ་མ་ཡིན་གང་བརྟེན་པས།། ལྡོངས་པས་ལམ་སྣ་དྲངས་པ་ལྟར།། ལྟུང་ཞིང་ཐར་པའི་རིགས་དང་བྲལ།། རང་བྱུང་སྙིང་པོ་ཐམས་ཅད་དོན།། ཕྱོགས་དང་རིས་ཀྱི་མི་མཚོན་ཡང། ། དམན་པའི་ཚིག་གིས་དྲངས་པའི་ཕྱིར།། མཚོན་པ་དཔེ་ཡི་ཚུལ་གྱིས་བསྟན།། བྱང་ཆུབ་སེམས་ཀྱི་རང་བཞིན་ནི།། ཕྱོགས་རིས་མེད་པར་རང་སྣང་བས།། མ་བཅོས་རྟོགས་པའི་རྣལ་འབྱོར་ལ།། རེ་དོགས་འཇིགས་པ་མི་གནས་ཀྱང། ། མ་རྟོགས་འཁྲུལ་བའི་གང་ཟག་ལ།། ཞེན་པའི་བསྒྲིབས་གཡོགས་རགས་པ་ཡིས།། ཆུ་དང་ནོར་བུ་འཕྲད་པའམ།། འབྲས་དང་ཐག་པས་འཁྲུལ་པ་ལྟར།། མ་གྲུབ་དོན་ལ་ཞེན་པ་ཡིས། ། ལོག་པར་སྤྱོད་པ་ལྟུང་བར་འགྱུར།། ཞེས་གསུངས་སོ།། ནམ་མཁའི་མཐའ་དང་མཉམ་པའི་རྒྱུད་ཆེན་པོ་ལས།། རིག་པ་མཚོན་པའི་དཔེ་དོན་བཤད་པའི་ལེའུ་སྟེ་སུམ་ཅུ་བཞི་པའོ།།།། དེ་ནས་སེམས་དཔའ་རྡོ་རྗེ་ལ། རང་སྣང་རོལ་བའི་འཁོར་ཚོགས་ཀྱིས་འདི་སྐད་ཅེས་གསོལ་ཏོ།། རྒྱལ་བ་ཀུན་གྱི་གཏེར་འཛིན་པས།། གསང་བའི་འཁོར་ལོ་འབར་བའི་སྐུ།། བྱམས་མགོན་ལྷུན་གྲུབ་བྱ་བཙལ་མེད།། མགོན་པོ་ཁྱོད་ལ་གསོལ་བ་ནི། ། བླ་མ་ཉིད་ལ་དམིགས་པ་ཅི།། ཐབས་དེ་གང་གིས་རྟོགས་པར་འགྱུར།། གསོལ་གདབ་གནང་བའི་དུས་ཚོད་ཅི།། མི་ལྡན་སྐྱོན་ཡོན་གང་ལས་འབྱུང།། མགོན་པོས་བདག་ལ་བཤད་དུ་གསོལ། ། ཞེས་གསོལ་ཏོ།། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་བཞིན་གྱི་བྱིན་གྱིས་བརླབས་ཀྱིས། སེམས་དཔའ་རྡོ་རྗེས་འདི་སྐད་ཅེས་བཀའ་སྩལ་ཏོ།། འདུས་པའི་ཚོགས་ཆེན་ད་ཉོན་ཅིག། དུས་གསུམ་རྒྱལ་བ་ཐམས་ཅད་ཀྱི། ། དགོངས་པའི་གཏེར་འཆང་རྡོ་རྗེ་འཛིན།། མ་ལུས་དོན་དུ་གཉེར་གཟིགས་པ།། འདོད་པའི་དོན་ཀུན་རྫོགས་པའི་བདག། ཡོན་ཏན་ཀུན་ལྡན་བླ་མ་ལ།། རྟག་ཏུ་ཡིད་ཀྱིས་དམིགས་པ་དག། ལས་དང་ཉོན་མོངས་ལྟ་བ་དང།། ཤེས་བྱའི་སྒྲིབ་པ་ཇི་སྙེད་པ།། བླ་མ་རིན་ཆེན་གནང་བ་དེས།། གཟིགས་པས་མུན་པ་སེལ་བ་དང།། མགྱོགས་པས་སྣང་བས་རྒྱས་པར་ཁེབས།། བསྐལ་པའི་མཐའ་མ་རབ་སྦྱངས་ཤིང། ། ཕ་མ་བུ་དང་བྲན་དང་སྤུན།། ནོར་བུ་ས་གཞི་གྲུ་ཡི་སེམས།། འབབ་ཆུ་དགེ་སློང་རྒྱ་ཆེའི་དོན།། སྔོན་དུ་བྱ་བ་ཀུན་བྱས་ཤིང།། ལུས་དང་སྲོག་དང་ཆུང་མ་དང།། རིན་ཆེན་བདུན་གྱིས་མཉེས་བྱས་ལ། ། སྙིང་པོ་མན་ངག་འཇུག་པའི་ཚེ།། སྦྱང་བའི་ཆོ་ག་རྒྱ་ཆེར་བྱ།། དང་པོར་སྒོ་བརྒྱད་ལྡན་པའི་ཁྲི།། མཛེས་ཤིང་འཇམ་པའི་སྟེང་བཞུགས་ལ།། མཎྜལ་རིན་ཆེན་བདུན་ལས་བྱས།། རིན་ཆེན་སིལ་མའི་མེ་ཏོག་ཅན། ། དགུ་འམ་བདུན་ནམ་ལྔ་ཕུལ་ནས།། ཚོགས་ཀྱི་རྡོ་རྗེ་མཁའ་འགྲོའི་ཚོགས།། མཉེས་ནས་རིན་ཆེན་སྦུབས་བཅས་ཏེ།། ལུས་སེམས་གུས་པས་མེ་ཏོག་དག། ཕུལ་ཏེ་གསོལ་བ་གདབ་པར་བྱ།། བླ་མ་སངས་རྒྱས་དེ་ཡིས་ཀྱང། ། ཞེན་ཆགས་ཐ་མལ་སེམས་སྤངས་ནས།། སྙིང་རྗེའི་བསམ་པས་གནང་བ་སྦྱིན།། ཕུལ་ཏེ་གསོལ་བ་གདབ་པར་བྱ།། བླ་མ་སངས་རྒྱས་དེ་ཡིས་ཀྱང།། ཞེན་ཆགས་ཐ་མལ་སེམས་སྤངས་ནས། ། སྙིང་རྗེའི་བསམ་པས་གནང་བ་སྦྱིན།། དམ་ཚིག་དབང་བསྐུར་ཆོ་ག་སྤྱད།། དེ་ནས་ཐ་མལ་ཞེན་པ་བཟློག། རང་རང་ཞེན་པ་བསལ་བའི་ཕྱིར།། རྣ་བརྒྱུད་སྦུབས་ཀྱི་བྱིན་གྱིས་བརླབས།། དང་པོར་ཆུ་གཟར་ཐིག་པ་ཡིས། ། འཇིག་རྟེན་རྟག་པའི་ཞེན་པ་བཟློག། ཉམས་མྱོང་གནད་དང་མི་གཙང་བས།། ཞེན་ཆགས་ཅན་གྱི་འདུ་ཤེས་བཟློག། སྙིང་པོ་མེད་པའི་མན་ངག་གིས།། སྣང་བ་བཟློག་པའི་ཆོ་ག་བྱ།། དེ་ལྟར་ལྟ་བའི་ཤེས་རབ་དག། སྟོང་པའི་ཀློང་དུ་དབུགས་ཕྱུང་སྟེ།། བདག་གཞན་འདུ་ཤེས་ཀུན་བྲལ་བའི།། སྤྲོས་པ་ཀུན་བྲལ་བསམ་གཏན་བྱ།། ཐ་མལ་ཞེན་པ་བཅད་པ་ཡི།། རང་སྣང་ཕྱག་རྒྱས་གང་བ་ཡིན།། རང་སེམས་ཆུ་ཡི་ལྦུ་བ་ལྟར། ། ཡེ་ཤེས་ཕྱག་རྒྱས་གདབ་པར་བྱ།། རིན་ཆེན་སྦྱངས་པའི་ཆོ་ག་ལྟར།། གདོད་ནས་རང་སྣང་ཕྱག་རྒྱ་ཉིད།། གླིང་བཞི་རྒྱལ་པོ་དམིགས་སྤྲད་ལྟར།། གཞན་ལས་མ་ཡིན་རང་སྣང་ཉིད།། རིན་ཆེན་འབར་བའི་ཁོང་སེང་དུ། ། པདྨའི་སྙིང་པོ་ཁ་སྦྱོར་བཞི།། ཐིག་ལེ་ཀྵུཾ་དང་བཾ་གྱིས་བརྒྱན།། ཐབས་ཀྱིས་ལམ་གསུམ་རྐྱེན་བཅས་པས།། ཉི་མས་བཅུད་ལ་ཕོག་པ་ལྟར།། ཐིག་ལེ་བཅུད་ཀྱིས་གང་བྱས་པས།། ཐིག་ལེའི་རྟགས་ནི་འབྱུང་བར་འགྱུར། ། རང་བརྒྱུད་ཡེ་ཤེས་སྣང་བར་བསྣུབས།། དེ་ཉིད་བདེ་བ་ཆེན་པོར་སྨིན།། དེ་ཉིད་མཐའ་བྲལ་ཆེན་པོར་བསྟན།། ཕྱི་དང་ནང་དང་སེམས་ཉིད་ཀྱིས།། འཕེན་པ་དང་ནི་སྡུད་པ་དང། ། གནས་དང་བསྟན་དང་སྦྱང་བ་དང།། བརྟག་དང་བགྲང་དང་ནམ་མཁར་འཕང།། རྒྱུ་བ་རླུང་གི་མན་ངག་གིས།། མཆོག་དང་དམན་པ་ལ་སོགས་པའི།། ནུས་པ་བསྟན་པས་ངེས་འགྲུབ་སྟེ།། འབྲེལ་དང་བར་ཆད་བསལ་བ་དང། ། མཐར་ཕྱིན་མཆཽ་ག་རྒྱས་པར་བྱ།། གང་ལ་གང་གིས་འདུལ་བ་ཡི།། གང་དེ་དེ་ཉིད་བསྟན་པའི་ཕྱིར།། གང་དུ་ཤེས་རབ་འདི་འོང་བ།། སངས་རྒྱས་ཀུན་གྱི་གཞལ་ཡས་ཁང། ། ཐབས་ཀྱིས་དགའ་མགུར་བློ་བསྒྱུར་ཏེ།། བསྙེན་པ་ནུས་ལྡན་ཚད་རྫོགས་ནས།། ཨ་ཉིད་རྒྱས་པར་ཟླ་རྒྱས་བཞིན།། དེ་ནས་པ་ཉིད་རྒྱས་པ་ནི།། དེ་ཉིད་ར་ཡི་རྐྱེན་ཡིན་པས།། ཐ་མལ་ཞེན་པ་ས་ཡིས་གསལ། ། ཛ་ཧཱུཾ་བཾ་ཧོའི་སྦྱོར་བ་ཡིས།། འཕེན་དང་སྡུད་པའི་རྟགས་འབྱུང་སྟེ།། སྣང་བ་རིམ་ནས་རིམ་བསྡུས་ཏེ།། འཕེན་པ་ཟད་པའི་སྐབས་ཉིད་དམ།། སྡུད་པ་ཧཱུཾ་གས་མངོན་པར་ཤེས། ཁྱབ་པའི་ཨ་ཡིས་གང་བ་དང། ། མ་ལུས་སྣང་བ་བསྒྱུར་སྣང་ན།། ཁ་དོག་འགྱུར་དང་མི་བསྟན་ནས།། རྟེན་མེད་ཨ་ལ་གནས་པར་བྱ།། མ་ལུས་བདེ་ཆེན་མི་རྟོག་པ།། མི་གནས་སྟོང་པའི་མྱ་ངན་འདས།། དེ་ནས་མ་བཅོས་སྟོབས་ཀྱིས་འཇུག། ཕྱོགས་རིས་མེད་པའི་མངོན་ཤེས་བརྟེན།། རྒྱུ་བ་དྭངས་པའི་ཆོ་ག་བྱ།། ཤེས་པ་ནམ་མཁའི་དབྱིངས་སུ་བསྲེ།། རྙོག་པ་བྲལ་བའི་རྒྱུན་གྱིས་འཇུག། ཐམས་ཅད་མ་བཅོས་སྙིང་པོ་ལ།། འཁོར་དང་མྱ་ངན་འདས་མེད་དོ། ། ཐིག་ལེ་ཆེན་པོའི་རང་བཞིན་ཡང།། ཐབས་དང་བྲལ་བའི་རྒྱལ་པོ་ལྟར།། རྣ་བརྒྱུད་མན་ངག་བྲལ་བའི་མཐུས།། མ་རྟོགས་ཞེན་པས་ལྟུང་བ་དང།། དེ་ཉིད་རྟོགས་པས་ཕ་རོལ་ཕྱིན།། ཅོ་རོང་ཡེ་ཤེས་སྙིང་པོར་མཐོང། ། སྡུག་བསྔལ་བདེ་བ་ཆེན་པོར་གནས།། ཞེས་གསུངས་སོ།། ནམ་མཁའི་མཐའ་དང་མཉམ་པའི་རྒྱུད་ཆེན་པོ་ལས། ཤེས་བྱ་ཐབས་ཀྱིས་གཏན་ལ་ཕབ་པས་ནམ་མཁར་ཐིམ་པའི་ལེའུ་སྟེ་སུམ་ཅུ་ལྔ་པའོ། རྒྱ་གར་སྐད་དུ། སནྟི་མ་ཧཱ་ཛྙཱ་ན་གུ་ཧྱ་ཏནྟྲ། བོད་སྐད་དུ། རྫོགས་པ་ཆེན་པོ་ཡེ་ཤེས་གསང་བའི་རྒྱུད། བཅོམ་ལྡན་འདས་ཀུན་རིག་རྣམ་པར་སྣང་མཛད་ལ་ཕྱག་འཚལ་ལོ། ། འདི་སྐད་བསྟན་པའི་དུས་གཅིག་ན། འོག་མིན་གྱི་གནས་ཆོས་ཉིད་མ་བཅོས་པའི་དབྱིངས། ཀུན་ཏུ་མ་བསྒྲིབས་པའི་གནས་ཆེན་པོ་ན།། བཅོམ་ལྡན་འདས་ཆོས་ཐམས་ཅད་ཀྱི་སྙིང་པོ། ཡེ་ཤེས་གསང་བའི་རྒྱལ་པོ་སྐུ་མི་བསྐྱོད་པའི་ངོ་བོར་བཞུགས་ཏེ། དེའི་ཚེ་སྟོན་པའི་མདུན་ན་དཔལ་རྡོ་རྗེ་སེམས་དཔའ་བཞུགས་སོ།། གཞན་ཡང་འཁོར་འདུས་པ་མང་པོ་དང་དབྱེ་བ་མི་མངའ་བར་ཐབས་ཅིག་གོ། དེ་ནས་རྡོ་རྗེ་སེམས་དཔའ་སྟན་ལས་ལངས་ཏེ། འཁོར་འདུས་པ་ཐམས་ཅད་ལ་ཕན་གདགས་པ་དང། བློ་ཐེ་ཙོམ་གསལ་བའི་དོན་དུ་འདི་སྐད་ཅེས་གསོལ་ཏོ། ། ཀྱེ་གསང་བའི་བདག་པོ་ཆོས་ཐམས་ཅད་ཀྱི་ངོ་བོར་བཞུགས་པས། འཁོར་འདུས་པ་རྣམས་ལ་རྫོགས་པ་ཆེན་པོའི་དོན་མན་ངག་བཞི་འདུས་པ་དེ་བཤད་དུ་གསོལ། དེ་སྐད་ཅེས་གསོལ་པ་དང། བཅོམ་ལྡན་འདས་ཡེ་ཤེས་གསང་བའི་རྒྱལ་པོ་དེས། ཆོས་ཀྱི་དབྱིངས་ལས་བཞེངས་ཏེ།། འདི་སྐད་ཅེས་བཀའ་སྩལ་ཏོ།། ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག། ཨེ་མ་ཧོ། ཨེ་མ་ཧོ། ཨེ་མ་ཧོ། ངོ་མཚར་རྨད་དུ་བྱུང་བའི་ལྟ་བ་ཆེན་པོའི་ཆོས་ཡེ་ནས་སངས་རྒྱས་པའི་དོན་བསྟན་གྱིས། རྡོ་རྗེ་སེམས་དཔའ་ཉོན་ཅིག། འདི་ལྟ་སྟེ། འཁོར་དང་མྱ་ངན་འདས་པའི་ཆོས།། བྱང་ཆུབ་སེམས་ཀྱི་ངོ་བོ་ཡིན།། བྱང་ཆུབ་སེམས་སུ་གསལ་བ་ཡང།། སེམས་ལ་སྐད་ཅིག་གཉིས་མེད་དེ།། ཐམས་ཅད་རང་བྱུང་ཡེ་ཤེས་ཡིན། ། ཡེ་ཤེས་སེམས་ཀྱི་ངོ་བོ་ལས།། གཞན་དུ་གཡོ་བ་ཅི་ཡང་མེད།། མ་རིག་རྟོག་ཚོགས་མིང་མེད་པས།། དེ་ལ་དམིགས་ཤིང་བཏད་དུ་མེད།། ཡེ་ཤེས་རང་ཤར་ལྟ་བའི་མཆོག། དཔེར་ན་མཁའ་ལ་ཉི་ཤར་འདྲ། ། དོན་གྱི་ཆོས་ཉིད་དག་པ་ལ།། རྩོལ་བའི་རང་བཞིན་བྲལ་བས་ན།། རང་རིག་ཡུལ་དང་བྲལ་བས་ན།། དམིགས་པ་མེད་པ་གསལ་བའི་ཕྱིར།། ཆོས་ཀྱི་དབྱིངས་ལས་གཞན་མེད་དོ།། དེ་ལྟ་བུ་ཡི་ཡེ་ཤེས་ལ། ། གོལ་ས་སྒྲིབ་པ་ཡེ་ནས་མེད།། དེ་ཡང་ཇི་ལྟར་མེད་ཅེ་ན།། ཡེ་ཤེས་སྒྲོན་མ་རང་ལ་ཤར་བ་ལ།། མ་རིག་མུན་པས་བསྒྲིབས་པ་ཡེ་ནས་གསལ།། ཡེ་ཤེས་ཆེན་པོས་འཁོར་བ་དབྱིངས་ནས་ཐོན།། རྟོགས་པའི་ལྟ་བས་ཡེ་ནས་ཐག་ཆོད་པས། ། བདག་འཛིན་ཞེན་ཆགས་གནས་སུ་དག་པར་བཅོམ།། བདེ་གཤེགས་དགོངས་པའི་ཕུག་ཀྱང་དེ་རུ་བཏིབ།། མཁའ་གློང་བདེ་བའི་གནས་ཆེན་པོ།། ཐམས་ཅད་བྱང་ཆུབ་སེམས་སུ་གཅིག། ཀུན་ཡིན་དཔེ་ནི་ནམ་མཁའ་འདྲ།། ཕྱི་ནང་སྣོད་བཅུད་ཐམས་ཅད་ཀུན།། བྱང་ཆུབ་སེམས་ཀྱིས་བྱས་པའི་ཕྱིར།། ཆོས་ཀྱི་དབྱིངས་སུ་ཡེ་སངས་རྒྱས།། དེ་ལ་དགག་ཅིང་བསྒྲུབ་ཏུ་མེད།། སེམས་ཉིད་ཅིར་ཡང་སྣང་བ་ལ། ། ཅིར་ཡང་དམིགས་སུ་ཡེ་ནས་མེད།། དེ་ལྟ་བུ་ཡི་ཡེ་ཤེས་ལ།། ཐམས་ཅད་གཉིས་མེད་ཡེ་སངས་རྒྱས།། དེ་ཡང་ཇི་ལྟར་ཡིན་ཞེ་ན།། ཐེག་པ་མཐོ་དམན་ཐམས་ཅད་ཀུན།། ཀུན་འབྱུང་ཡེ་ཤེས་ཤར་བ་ལ། ། བཟང་ངན་ཆེ་ཆུང་གཉིས་སུ་མེད།། རང་བྱུང་ཡེ་ཤེས་ཆོས་ཉིད་ལ།། འཁོར་འདས་གཉིས་སུ་མེད་པར་བསྟན།། ཡུལ་དང་སེམས་ཉིད་གཉིས་སུ་མེད།། ཐམས་ཅད་ཡེ་ནས་སངས་རྒྱས་པས། ། བྱ་བཙལ་མཐའ་ལས་དེ་ལྟར་རྒྱལ།། དེ་ལྟར་ཡེ་ཤེས་ཆེན་པོ་ལ།། ཀུན་འབྱུང་ཡེ་ཤེས་ཉིད་དུ་དག། ལྷུན་གྲུབ་མུ་མཐའ་མེད་པའི་མཆོག། ཀུན་ཡིན་ཅི་ཡང་མ་ཡིན་པའོ།། དེ་ནི་ཀློང་ཡངས་བདེ་བའི་མཆོག་ཁམས་གསུམ་ཐམས་ཅད་དག་པའི་དཔལ། ། སེམས་ཀྱི་ཞིང་ཁམས་འཇམ་ཀླས་པས།། ཐིག་ལེ་ཉག་གཅིག་ལྟ་བའི་མཆོག། ཀུན་ཏུ་བཟང་པོ་ཀུན་བཟང་བས།། ནམ་མཁའི་རང་བཞིན་དག་པའི་ཀློང།། དེ་ལས་གཞན་པའི་ཆོས་མེད་དོ། ། ཞེས་གསུངས་པས། འཁོར་རྣམས་སྐྲགས་དངངས་ཏེ། རྡོ་རྗེ་སེམས་དཔའ་ཉིད་ཀྱང་རྒྱལ་བར་གྱུར་ཏོ།། རྫོགས་པ་ཆེན་པོ་ཡེ་ཤེས་གསང་བའི་རྒྱུད་ལས། ཡེ་ནས་སངས་རྒྱས་པར་བསྟན་པའི་ལེའུ་སྟེ་དང་པོའོ། །།། རྡོ་རྗེ་སེམས་དཔས། ཡེ་ཤེས་གསང་བའི་རྒྱལ་པོ་ལ་འདི་སྐད་ཅེས་གསོལ་ཏོ།། ལྟ་བ་ཡེ་ནས་སངས་རྒྱས་པའི་དོན་དེ་ཐབས་གང་གིས་རྟོགས་བྱ་ཞེས་གསོལ་པ་དང། ཡེ་ཤེས་གསང་བའི་རྒྱལ་པོས་འདི་སྐད་ཅེས་གཀའ་སྩལ་ཏོ། ། ཀྱེ་སེམས་དཔའི་ཚོགས་ཆེན་པཽ་ཉོན་ཅིག། འདི་ལྟ་སྟེ། ཆེ་བའི་ཡེ་ཤེས་གསང་བ་འདི།། ཤེས་རབ་ཐབས་ལ་བརྟེན་པས་གྲུབ།། དེ་ཡང་ཇི་ལྟར་འགྲུབ་ཅེ་ན། ། ཆོས་ཐམས་ཅད་ངང་དང་རང་བཞིན་བདག་ཉིད་གསུམ་དུ་འདུས། མ་བྱུང་མ་སྐྱེས་ཆོས་ཉིད་དེ།། ཐམས་ཅད་ཀུན་ལ་ཁྱབ་པར་གནས།། ཀུན་ལ་ཁྱབ་ཀྱང་དངོས་པོ་མེད།། དེ་ནི་མ་སྐྱེས་ཆོས་ཉིད་ངང།། དེ་ལྟར་རྟོགས་པའི་རིགས་མཆོག་ལ། ། ཀུན་ཀྱང་མ་སྐྱེས་ཆོས་ཀྱི་དབྱིངས།། དེ་ལ་ངང་ཞེས་བྱ་བར་བཤད།། སེམས་ཉིད་སྐྱེ་བ་མེད་པ་ལས།། མ་བཙལ་ཆོ་འཕྲུལ་ཅིར་ཡང་འཆར།། སྣང་བ་གཉིས་ཀྱི་ངོ་བོར་ཤར།། དེ་ཡང་ཇི་ལྟར་ཤར་ཞེ་ན། ། ཡེ་ཤེས་རྟོགས་པའི་ཁྱད་པར་ལས།། སྐུ་དང་ཡེ་ཤེས་མ་བཙལ་ཤར།། མ་རྟོགས་འཁོར་བའི་གནས་སུ་ཤར།། ཀུན་བཟངས་རོལ་པ་ཡིན་པར་ཟད།། མ་སྐྱེས་མ་འགགས་གཉིས་མེད་དེ།། མ་སྐྱེས་པ་ཉིད་རོལ་པའི་ངང། ། སྐྱེ་བའི་ཆོ་འཕྲུལ་རང་བཞིན་ཅན།། དེ་གཉིས་དབྱེར་མེད་མཉམ་པ་ལྟར།། དེ་ཡི་ངང་དུ་ཐམས་ཅད་འདུས།། རང་བཞིན་ཆོས་ཉིད་གཏན་ཚིགས་ཡིན།། འདི་ལ་གཞལ་བྱ་གཞལ་བྱེད་མེད། ། དེ་ལྟར་མེད་རྟོགས་གནས་ཚིགས་ཡིན།། ཅེས་གསུངས་སོ།། རྫོགས་པ་ཆེན་པོ་ཡེ་ཤེས་གསང་བའི་རྒྱུད་ལས། ཡེ་ཤེས་གསང་བའི་དོན་གཏན་ལ་ཕབ་པའི་ལེའུ་སྟེ་གཉིས་པའོ།།།། དེ་ནས་རྡོ་རྗེ་སེམས་དཔས་གསོལ་བ། དེ་ལྟར་རྟོགས་པ་ལ་ཡོན་ཏན་ཅི་མཆིས། བསྟན་དུ་གསོལ། དེ་ནས་ཡེ་ཤེས་གསང་བའི་རྒྱལ་པོས་བཀའ་སྩལ་པ། ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག། བྱང་ཆུབ་སེམས་རྟོགས་ཡོན་ཏན་ཁྱད་པར་འཕགས། ། རྟོགས་པ་རང་ལ་མ་ཤར་སྔོན་རོལ་དུ།། སངས་རྒྱས་ཞེས་བྱ་བའི་མིང་ཡེ་ནས་མེད།། དེ་ནི་སྦྱན་མཆོག་ཤེས་རབ་ཅན།། མ་བཅོས་ཆོས་ཉིད་རྟོགས་པའྀ་རྣལ་འབྱོར་པ།། སྐྱེ་བ་གཞན་དུ་མི་ལེན་པར། ། སངས་རྒྱས་རིགས་ཆེན་འདི་ཡིས་འཛིན་པར་འགྱུར།། སྣང་སྲིད་རང་བྱུང་ཡེ་ཤེས་དེ་ཡིས་རྟོགས་པ་ལ།། ཡེ་ཤེས་ཆེན་པོ་དེ་ལས་འཆར་བར་འགྱུར།། ཕྱི་ནང་ཆོས་ཀྱི་དབྱིངས་སུ་རྟོགས་པ་ལ། ། ཐིག་ལེ་ཆེན་པོ་དེ་ལས་འབྱུང་བར་འགྱུར།། ཆེ་ཆུང་ཡེ་ནས་དབྱེར་མེད་ངང་རྟོགས་པས།། མཉམ་ཉིད་ཆོས་སྐུ་དེ་ཡིས་རྟོགས་པར་བྱེད།། ཡང་དོག་གཉིས་སུ་མེད་པར་རྟོགས་པ་ལ།། ཀུན་ཏུ་བཟང་པོའི་ཀློང་ན་རང་རིག་འཕྱོ། ། བཟང་ངན་གཉིས་སུ་མེད་པར་རྟོགས་པ་ལ།། དགག་བསྒྲུབ་མེད་པའི་བདེ་ཆེན་ཡེ་ཤེས་འགྲུབ།། བྱ་བཙལ་མི་དགོས་རང་བྱུང་རང་ལས་བྱུང།། བདེ་དང་སྡུག་བསྔལ་གཉིས་སུ་མེད་རྟོགས་པས། ། བདེ་བ་ཆེན་པོའི་ལོངས་སྤྱོད་དེ་ལས་འབྱུང།། བྱང་ཆུབ་སེམས་རྟོགས་བསོད་ནམས་ཁྲི་ཕྲག་ཡས།། ནམ་མཁའི་དབྱིངས་སུ་ཤོང་བར་རབ་ཏུ་དཀའ།། ཞེས་གསུངས་སོ།། རྫོགས་པ་ཆེན་པོ་ཡེ་ཤེས་གསང་བའི་རྒྱུད་ལས། ལྟ་བའི་ངོ་བོ་དང་རྟོགས་པའི་ཡོན་ཏན་བསྟན་པའི་ལེའུ་སྟེ་གསུམ་པའོ།།།། དེ་ནས་རྡོ་རྗེ་སེམས་དཔས། ཡེ་ཤེས་གསང་བའི་རྒྱལ་པོ་ལ་འདི་སྐད་ཅེས་གསོལ་ཏོ།། ཀྱེ་བཅོམ་ལྡན་འདས་ཡེ་ཤེས་གསང་བའི་རྒྱལ་པོ། དོན་དེ་ཕྱི་རབས་བདག་གིས་ཉམས་སུ་བླངས་ན་ཇི་ལྟར་བླང་བར་བགྱི། ཞེས་གསོལ་པ་དང། བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏོ།། རྡོ་རྗེ་སེམས་དཔའ་ཉོན་ཅིག། དོན་མན་ངག་ཏུ་བཤད་དོ། ། དོན་ནི་ཉམས་སུ་བླང་འདོད་པས།། དབེན་པ་ཆེན་པོའི་ས་ཕྱོགས་སུ།། ཕྱི་ནང་འབྲེལ་ཐག་བཅད་ནས་ནི།། རང་ལུས་བདེ་བའི་ངོ་བོ་ལ།། ཆོས་བདུན་འབྱུང་བ་ཆ་བསྙམས་ཏེ།། དང་པོ་སེམས་ཉིད་ཐ་མལ་པའི། ། ཤེས་པ་ཙམ་དུ་གཞག་པར་བྱ།། མ་བཅོས་མ་བསྒྱུར་ཆོས་ཉིད་རྣལ་མ་ལ།། དངོས་པོ་མཐོང་ཐོས་མི་སྤངས་དེ་བཞིན་ཉིད་དུ་གཞག། སེམས་ཀྱི་རྟོག་པ་མ་སྐྱེས་ཙམ་དུ་གཟུང།། དྲན་པའི་ཐག་པ་དམ་པོས་བཏགས་ལ་གཞག། དེ་ལ་མི་རྟོག་ཡེ་ཤེས་སྐྱེ་བར་འགྱུར།། དེ་ཡི་སེམས་ནི་སྤྲོས་གྱུར་ན།། འཕྲོ་བ་དེ་ཉིད་ལ་ནི་སེམས་གཏད་དེ།། དྲག་ཏུ་བརྩོན་འགྲུས་བརྩམ་པར་བྱའོ།། དེ་ཡི་སེམས་ནི་མི་འཕྲོ་ན། ། དེ་ལ་མ་ཡེངས་དྲག་ཏུ་བསྒོམ།། ཚད་ནི་རང་གི་ཁམས་དང་སྦྱར།། སྤྱིར་ནི་མི་རིང་ཙམ་དུ་སྒོམ།། མི་བདེ་སེམས་ནི་འཕྲོས་གྱུར་ན།། ཡང་ན་ལངས་ཏེ་བཅག་པར་བྱ།། ཡང་ན་ནམ་མཁའི་དབྱིངས་སུ་འཕངས། ། ཡང་ན་ཆོས་ཀྱི་དབྱིངས་སུ་སྦ།། དེ་ཡི་སེམས་ནི་མི་འཕྲོ་ན།། དང་པོ་མི་རྟོག་ཡེ་ཤེས་བསྐྱེད།། དེ་ཡི་དུས་ན་རྟོག་པ་མེད།། མཚན་མས་ཟིལ་གྱིས་དེ་རུ་མནན།། དེ་ལ་ངོ་བོ་འདི་ལྟར་འབྱུང།། སྣ་ཚོགས་སྣང་ལ་ཞེན་པ་མེད། ། མ་བཅོས་ཆོས་ཉིད་གཡོས་བ་མེད།། ཕྱི་ནང་སྣོད་བཅུད་ཆོས་ཀྱི་དབྱིངས།། དགག་སྒྲུབ་མེད་པའི་ཡེ་ཤེས་གསལ།། གསལ་ཙམ་ཉིད་ན་ཆོས་ཀྱི་སྐུ།། རྣམ་རྟོག་ཕྲ་རགས་ཅི་བྱུང་ཡང། ། དེ་ཉིད་རང་བྱུང་ཉིད་དུ་ལྟ།། འབྱུང་དང་འདུས་དང་དེ་བཞིན་ཉིད།། ནམ་མཁའི་ངང་དུ་སྤྲིན་སངས་འདྲ།། རྣམ་རྟོག་མི་བསྐྱེད་ཡེ་ཤེས་བརྗོད་དུ་མེད།། དེ་ལྟར་རྟོགས་པའི་རྣལ་འབྱོར་པས།། ཕྱི་ཡི་ཡུལ་དང་འབྱུང་བ་སྙོམས། ། ནང་དུ་དབུགས་ཀྱི་འགྲོ་འོང་བྲལ།། མ་བཅོས་རྣལ་མའི་དོན་ལ་ཕེབས།། བདེ་བའི་ཡེ་ཤེས་བརྗོད་པར་དཀའ།། ཕྱི་ནང་ཞེན་ཆགས་རབ་ཏུ་ཆུང།། དུག་ལྔ་བགས་ཀྱིས་བཅད་པ་དང།། འདོད་པ་ལྔ་དང་མཉམ་པ་ཉིད། ། ཅི་ལའང་ཆགས་པ་མེད་པས་ལེན།། ཐམས་ཅད་མཉམ་ཉིད་ཆོས་ཀྱི་དབྱིངས།། བདེ་སྡུག་མེད་པས་ཤིན་ཏུ་བདེ།། གཞན་ཡང་འདི་ལྟ་བུ་རུ་འབྱུང།། བཅོ་བརྒྱད་བདུད་ཀྱི་ཆོ་འཕྲུལ་དང། ། ལུང་སྟོན་བཀུར་སྟི་བྱེད་པ་དང།། སྐོར་བ་བྱེད་ཅིང་སྔགས་པ་བརྗོད།། རྟོག་པ་བཟང་ངན་ཅི་སྐྱེས་ཀྱང།། རང་བཞིན་ཉིད་ཀྱི་རྟགས་སུ་བཤད།། ཅེས་གསུངས་སོ།། རྫོགས་པ་ཆེན་པོ་ཡེ་ཤེས་གསང་བའི་རྒྱུད་ལས། ལས་དང་པོ་ལ་བསྟན་པའི་ལེའུ་སྟེ་བཞི་པའོ།།།། དེ་ནས་བཅོམ་ལྡན་འདས་ཡེ་ཤེས་གསང་བའི་རྒྱལ་པོ་ལ། རྡོ་རྗེ་སེམས་དཔས་འདི་སྐད་ཅེས་གསོལ་ཏོ།། ཡེ་ཤེས་ཆོས་སྐུར་བསྟན་པ་དང།། འགྲོ་དྲུག་གཡང་ས་བཅད་པའི་དོན་བསྟན་དུ་གསོལ། དེ་སྐད་གསོལ་བའི་ཚིག་གསན་ནས།། ཡེ་ཤེས་རྫོགས་པས་བཀའ་སྩལ་པ།། ཉོན་ཅིག་རྡོ་རྗེ་སེམས་དཔའ་གཙོ།། ཆོས་ཀྱི་སྐུ་ཞེས་བྱ་བ་ནི།། དགེ་དང་སྡིག་པའི་བག་ཆགས་དང། ། ཉོན་མོངས་ཕྱིས་འབྱུང་ཤེས་པ་དང།། ཡུལ་གྱི་རྗེས་འབྲངས་ཤེས་པ་རྟོག་པ་ཡིས།། ཆོས་སྐུ་སླད་པས་འཁོར་བ་ཡིན།། དེ་དག་གསུམ་དུ་མ་གྱུར་པའི།། རང་གི་ངོ་བོ་ཆོས་ཀྱི་སྐུ།། འཛིན་པའི་རྟོག་བྲལ་ཡེ་ཤེས་ལྔ། ། དེ་རྟོགས་རྒྱལ་བ་ཀུན་དང་མཉམ།། འགྲོ་ཉལ་འདུག་འདོད་ཆོས་ཀྱི་དབྱིངས།། དེ་ལ་གནས་པས་ཆོས་ཉིད་རྟོགས།། ཞེས་གསུངས་སོ།། འགྲོ་དྲུག་གཡང་ས་གཅད་པ་ནི།། གཉིས་སུ་མེད་དང་རྒྱུ་འཐུན་དང། ། གཉེན་པོ་སྟོབས་ཀྱིས་བཅད་པའོ།། ཡི་དྭགས་བཀྲེས་སྐོམ་སྡུག་བསྔལ་ཡང།། རྡོ་རྗེ་སེམས་དཔའི་ངོ་བོ་ཉིད།། སེམས་ཀྱི་སྤྲུལ་པ་ཤར་བ་ལ།། བཀྲེས་དང་སྐོམ་པས་ཅི་ཞིག་གདུང།། དམྱལ་བའི་ཚ་གྲང་སྡུག་བསྔལ་ཡང། ། ཡེ་ཤེས་གསང་བའི་རྒྱལ་པོ་ཉིད།། དེ་ལ་དམྱལ་བའི་སྡུག་བསྔལ་མེད།། དེས་ན་དམྱལ་བ་ཆོས་ཀྱི་སྐུ།། བྱོལ་སོང་བླུན་རྨོངས་གནས་པ་ཡང།། རང་རིག་ཡེ་ཤེས་སྒྲོན་མ་ཆེ།། དེ་ལ་སྒྲིབ་པ་མི་མངའ་ཡང། ། མ་རིག་པ་ཉིད་ཡེ་ཤེས་གསལ།། མི་བདེ་བ་དང་སྡུག་བསྔལ་བ།། བདེ་དང་སྡུག་བསྔལ་རྒྱུ་འཐུན་པས།། ཡེ་ཤེས་གསང་བ་ང་ཡིས་བཤད།། ལྷ་མིན་འཐབ་རྩོད་སྡུག་བསྔལ་ཡང།། རང་བྱུང་ཡེ་ཤེས་ཆོས་ཀྱི་སྐུ། ། ཞི་བ་ཆེན་པོ་ཡེ་ཤེས་ལ།། ཕྲག་དོག་སྡུག་བསྔལ་ངང་གིས་སྟོང།། ལྷ་ཡི་ལྟུང་བའི་སྡུག་བསྔལ་ཡང།། ལྟུང་ས་ཆོས་སྐུ་ཀུན་བཟང་གནས།། ཀུན་བཟང་ངང་ལ་ལྟུང་ས་མེད།། སྦྱིར་བསྟན་ཉོན་མོངས་ལྔ་ཉིད་ཀྱང། ། ཡེ་ཤེས་རོལ་བར་ཡང་དག་ཤར།། དེ་ལ་ཉོན་མོངས་སྡུག་བསྔལ་མེད།། ཉོན་མོངས་ལྔ་ཉིད་བྱང་ཆུབ་མཆོག། སྡུག་བསྔལ་བདེ་ཆེན་ལོངས་སྤྱོད་ཡིན།། འགྲོ་བ་རིགས་དྲུག་ཡེ་སངས་རྒྱས། ། ཞེས་གསུངས་སོ།། རྫོགས་པ་ཆེན་པོ་ཡེ་ཤེས་གསང་བའི་རྒྱུད་ལས། ཆོས་སྐུ་བསྟན་པ་དང། འགྲོ་དྲུག་གཡང་ས་བཅད་པ་བསྟན་པའི་ལེའུ་སྟེ་ལྔ་པའོ།།།། དེ་ནས་ཡེ་ཤེས་གསང་བའི་རྒྱལ་པོས་འདི་སྐད་ཅེས་གསུངས་སོ། ། ཉོན་ཅིག་སེམས་དཔའ་རྡོ་རྗེ་ཆེ།། རྟོགས་པའི་རླུང་ཆེན་བསྟན་པ་ནི།། རྣམ་རྟོག་མཚན་མ་ཐམས་ཅད་ཀུན།། ཡེ་ཤེས་ཆེན་པོར་རབ་གསལ་བའི།། རྫོགས་པ་ཆེན་པོའི་རྣལ་འབྱོར་པས། ། ཐམས་ཅད་བྱང་ཆུབ་སེམས་སུ་གསལ།། དེ་ལས་གཞན་དུ་གཡེལ་བ་མེད།། རྣམ་རྟོག་མཚན་མ་ཅི་བྱུང་ཡང།། རྟོག་པ་རང་གི་མཚན་ཉིད་ནི།། རང་བྱུང་ཡེ་ཤེས་ཡང་དག་ཤར།། རྣམ་རྟོག་ཡེ་ཤེས་དངོས་ཡིན་པར། ། ཡེ་ཤེས་གསང་བའི་རྒྱལ་པོས་བཤད།། དེ་ལྟར་རྟོགས་པའི་རྣལ་འབྱོར་པས།། དངོས་པོ་སྣ་ཚོགས་ཆོས་ཀྱི་སྐུ།། སྦྱང་དགག་སྒྲུབ་ཏུ་དེ་ལ་མེད།། མེ་ལ་ཤིང་བསྣན་དཔེ་བཞིན་དུ།། རྟོགས་པ་སྣ་ཚོགས་ཡེ་ཤེས་གསལ། ། མཚན་མ་རང་གྲོལ་ཆོས་ཀྱི་སྐུ།། ཡུལ་གྱི་མཚན་མ་ཐམས་ཅད་ཀུན།། རང་བྱུང་ཡེ་ཤེས་རང་སྣང་བ།། རང་གི་མཚན་ཉིད་ཡེ་ཤེས་ཡིན།། དེ་ལྟར་རྟོགས་པའི་དབང་ཕྱུག་དེ།། མཚན་མར་སྣང་ཡང་ཡེ་ཤེས་སྐུ། ། རང་རིག་ཅིར་ཡང་གསལ་བ་ལས།། གཞན་དུ་མི་འགྱུར་ཡེ་ཤེས་དང།། དེས་ན་མཚན་མ་གནས་སུ་དག། དེ་ལ་མཚན་མ་སྤང་དུ་མེད།། ནམ་མཁའི་ངང་དུ་སྤྲིན་འདུས་འདྲ།། རང་བྱུང་ཡེ་ཤེས་རྟོག་པའི་རླུང། ། དེ་ལ་འབྱུང་འཇུག་ངང་གིས་མེད།། འཁོར་དང་མྱ་ངན་འདས་པའི་ཆོས།། རང་བྱུང་ཡེ་ཤེས་ངོ་བོ་ཡིན།། ཐམས་ཅད་རང་བྱུང་ཡེ་ཤེས་གསལ།། དེ་ལས་གཞན་དུ་མི་གཡོ་བས།། ཐམས་ཅད་ཡེ་ཤེས་སྐུ་རུ་སྣང། ། དེ་ལྟར་རྟོགས་པའི་རང་དབང་ཅན།། འབྱུང་དང་འཇུག་པ་དེ་ལ་མེད།། འདི་ལྟར་རྣམ་པ་ཐམས་ཅད་དུ།། ཆོས་ཉིད་ངང་ལ་གནས་པ་ལ།། དང་པོར་བལྟ་བ་དེ་ལ་མེད།། བཙལ་བའི་བསམ་པས་ཆོས་ཀྱིས་དབྱིངས་མི་བསྐྱོད། ། ཡེ་ཤེས་ཀློང་དུ་ཤར་བའི་ཏིང་འཛིན་ལ།། རྩོལ་བ་མེད་པར་ཡང་དག་བཤད།། དཔེར་ན་གསེར་གླིང་ཕྱིན་པ་ལྟར།། ཆོས་རྣམས་སེམས་སུ་གསལ་བ་ལ།། ཀློང་ན་མི་འདུག་གང་ཡང་མེད། ། དངོས་པོར་སྣང་བ་ཐམས་ཅད་ཀུན།། བྱང་ཆུབ་སེམས་སུ་རབ་གསལ་ན།། དྲན་པ་མེད་པར་ཡེ་ཤེས་གསལ།། བྱེད་སྤྱོད་མེད་པར་ཡེ་ཤེས་པས།། ཡེ་ནས་རྫོགས་པས་ཚོགས་ཀྱི་ལུང།། དངོས་པོའི་ཆོས་རྣམས་མ་ལུས་ཀུན། ། བྱང་ཆུབ་སེམས་ཀྱི་ངང་ན་གནས།། དེ་ལས་ཡེ་ཤེས་གཉིས་སུ་མེད།། དེ་ཡི་དབྱིངས་ལ་ཐམས་ཅད་གནས།། ཡུལ་དུ་སྒོམ་པ་ཅི་ཡང་མེད།། དངོས་པོ་རང་གི་སེམས་སྣང་བས། ། སྣང་བའི་ཡུལ་ན་དྲན་པ་མེད།། རྣམ་རྟོག་མ་སྤངས་ཆོས་ཀྱི་སྐུ།། རྟོགས་པའི་ཡེ་ཤེས་རང་སྣང་བས།། དེ་ལ་ཡུལ་ཞེན་གཉིས་མེད་པའོ།། འདུ་ཤེས་སྐྱེས་པས་ཡེ་ཤེས་ངང།། ཡུལ་མེད་སེམས་ཀྱི་ཀློང་ན་འཕྱོ། ། དེ་ལྟར་མ་རྟོགས་འདི་ལ་སྒྲིབ།། ཅེས་གསུངས་སོ།། རྫོགས་པ་ཆེན་པོ་ཡེ་ཤེས་གསང་བའི་རྒྱུད་ལས།། ཏིང་འཛིན་གྱི་རླུང་ཆེན་པོ་རང་ལ་ཤར་བར་བསྟན་པའི་ལེའུ་སྟེ་དྲུག་པའོ།།།། དེ་ནས་ཡེ་ཤེས་གསང་བའི་རྒྱལ་པོས་བྱང་ཆུབ་སེམས་སྒོམ་པའི་ཡོན་ཏན་འདི་དག་བཀའ་སྩལ་ཏོ། ། ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག། བྱང་ཆུབ་སེམས་འདི་སྒོམ་པའི་ཡོན་ཏན་ནི།། སྐུ་གསུམ་བཙལ་བ་མེད་པར་རང་ལས་འབྱུང། ། རྣམ་དག་བྱང་ཆུབ་སེམས་ཀྱི་ངང་ཚུལ་སྒོམ་པའི་ཡོན་ཏན་ནི།། བློ་ལྡན་བྱང་ཆུབ་སེམས་འདི་མངོན་དུ་གྱུར་པས་ན།། སྐུ་གསུམ་མཆོག་ཏུ་གྱུར་བས་ཆོས་ཀྱི་སྐུ་ཞེས་དེ་ལ་བྱ།། ཤེས་བྱེད་དམ་པ་ཤེས་རབ་སྤྱན་གྱི་མཆོག་དང་ལྡན། ། རྡོ་རྗེ་རྩེ་མོ་མི་རྟོག་ཡེ་ཤེས་དེ་ཡིས་ཐོབ།། ཕྱི་ནང་དཀྱིལ་འཁོར་ཀུན་ཏུ་དེ་བཞིན་ཐོབ།། དམ་ཚིག་མ་ལུས་དེ་ཡིས་སྲུང་བར་འགྱུར།། ཚུལ་ཁྲིམས་སྡོམ་པ་མི་རྟོག་ངང་དུ་བསྲུངས། ། འཇིག་རྟེན་གསུམ་གྱི་སྦྱིན་གནས་དམ་པ་དེ་ལ་བསྔགས།། བདུད་ཀྱི་སྡེ་རྣམས་དེ་ལ་ཟིལ་གྱིས་གནོན།། དམ་ཚིག་དེ་ཕྱིར་བྱང་ཆུབ་སེམས་ཀྱི་བསོད་ནམས་དཔག་པར་རབ་ཏུ་དཀའ།། རྟོག་པའི་རླུང་དུ་སྲིད་པ་མི་ཞེས་བྱ་བ་སངས་རྒྱས་ཡིན། ། རྡོ་རྗེ་སེམས་དཔའ་གུད་ན་མེད།། སེམས་ལས་མ་ཡེངས་སྒོམས་པའི་རླུང།། དེ་ལྟར་རྟོགས་པའི་རྣལ་འབྱོར་པས།། སངས་རྒྱས་ཉིད་དུ་རང་གནས་པའོ།། ལུས་འདི་གང་ཟག་མིར་སྣང་ཡང། ། དགོངས་པ་གསང་བ་ང་དང་མཉམ།། ལྷ་ཀླུ་གནོད་སྦྱིན་སྲིན་པོ་ཡང།། བདེན་པའི་བཀའ་ལ་ཡོངས་མི་འདའ།། དེ་ཡིས་མི་འདུལ་གང་ཡང་མེད།། དེ་ལྟ་བུ་ཡི་རྣལ་འབྱོར་པས།། འཁོར་བའི་རྩ་བ་དེ་ཡིས་བཅད། ། ཕྱིན་ཆད་འཁོར་བར་དེ་མི་ལྡོག། དེ་དབང་ཆེན་པོ་དེ་ལ་རྫོགས།། ཞེས་གསུངས་སོ།། རྫོགས་པ་ཆེན་པོ་ཡེ་ཤེས་གསང་བའི་རྒྱུད་ལས། སྒོམ་པའི་ཡོན་ཏན་བསྟན་པའི་ལེའུ་སྟེ་བདུན་པའོ། །།། དེ་ནས་རྡོ་རྗེ་སེམས་དཔའ་ཡིས།། ཡེ་ཤེས་གསང་བའི་རྒྱལ་པོ་ལ།། སྤྱོད་པ་བླང་དོར་མེད་པར་བསྟན་དུ་གསོལ།། ཅེས་གསོལ་པ་དང། འདི་སྐད་དུ་བཀའ་སྩལ་ཏོ།། སེམས་དཔའ་རྡོ་རྗེ་སྙིང་པོ་ཁྱོད་ཉོན་ཅིག། སྤྱོད་པ་བླང་དོར་མེད་པར་ངེས་བཤད་དོ།། ཆོས་ཉིད་བྱང་ཆུབ་སེམས་ཀྱི་རང་བཞིན་འདི།། ཆགས་དང་མ་ཆགས་བདེ་དང་སྡུག་བསྔལ་ཀུན།། གཅིག་སྟེ་དེ་ལ་ཕྱོགས་རིགས་མེད་པར་སྤྱོད།། དེ་བཞིན་གང་སྤྱོད་བདེ་བ་ཆེན་པོའི་ངང། ། བརྟགས་ཤིང་མཚན་མར་སྤྱོད་པ་ཐམས་ཅད་ཀུན།། སྤྱོད་པའི་དུས་ན་བདག་གཞན་མེད་པར་སྤྱོད།། དེ་ལྟ་བུ་ཡི་སྤྱོད་པ་ལ།། ཉེས་པར་སྤྱོད་ཀྱང་དཔལ་དུ་ཆེ།། དགེ་དང་མི་དགེ་ལ་སོགས་ཀུན། ། མ་ཆགས་གཉིས་མེད་ཐབས་ཀྱིས་སྤྱོད།། ད་ལྟར་སྤྱད་ཀྱང་ཡོན་ཏན་སྣང།། འདོད་སྤྱོད་ཡོན་ཏན་ལྔ་པོ་དང།། ཤེས་རབ་ཐབས་ལ་སོགས་པ་ཀུན།། སྤྱད་ཀྱང་སྐྱོན་མེད་རྟོགས་པ་གསལ། ། སྐྱོན་དང་ཡོན་ཏན་བརྟགས་པ་ཀུན།། འཆིང་གྲོལ་ཡོན་ཏན་ཞེས་ཆགས་མེད་པར་སྤྱོད།། དགེ་བའི་ཆོས་དང་མི་དགེ་བཅུ།། དགེ་བ་ལྷག་པར་རྟེན་དུ་མེད།། མི་དགེ་བ་ལ་སྤང་དུ་མེད།། མཉམ་པ་ཉིད་ཀྱི་དོན་རྟོགས་ན། ། ཐམས་ཅད་ཀུན་ལ་ཐོབ་པ་མེད་པར་སྤྱོད།། སྨན་གྱི་རྒྱལ་པོ་མ་ཏི་ཀས།། གང་ལ་རེག་པ་སྨན་དུ་འགྱུར།། རྫོགས་པ་ཆེན་པོའི་དོན་བསྟན་ན།། ཉོན་མོངས་ལྔ་དང་མཚམས་མེད་ལྔ།། སྲོག་གཅོད་མི་བྱིན་ལེན་པ་དང། ། མི་ཚངས་སྤྱོད་དང་ཐམས་ཅད་ཀུན།། ཅི་ལ་སྤྱོད་ཀྱང་ཉེས་མེད་རྫོགས།། ཀུན་ལ་བླང་དོར་མེད་པར་སྤྱོད།། རང་དབང་ཀློང་དུ་གྱུར་བར་སྤྱོད།། གོང་གི་དོན་དེ་མ་རྟོགས་པར།། དོན་མེད་སྒྲ་ཕྱིར་འབྲེངས་ན་ནི། ། ཉོན་མོངས་ལྔ་སོགས་སྤྱོད་པ་ཀུན།། སྤྱན་དངོས་དམྱལ་བའི་གནས་སུ་ལྟུང།། དེས་ན་ཉམས་དང་སྦྱར་ལ་སྤྱད།། ཅེས་གསུངས་སོ།། རྫོགས་པ་ཆེན་པོ་ཡེ་ཤེས་གསང་བའི་རྒྱུད་ལས།། སྤྱོད་པ་བླང་དོར་མེད་པར་བསྟན་པའི་ལེའུ་སྟེ་བརྒྱད་པའོ། །།། དེ་ནས་རྡོ་རྗེ་སེམས་དཔའ་ཡིས།། ཡེ་ཤེས་གསང་བའི་རྒྱལ་པོ་ལ།། བླང་དོར་མེད་པའི་འབྲས་བུ་བསྟན་དུ་གསོལ།། ཡེ་ཤེས་གསང་བས་བཀའ་སྩལ་པ། ། ཉོན་ཅིག་དཔལ་ལྡན་རྡོ་རྗེ་སེམས།། བླང་དོར་མེད་པའི་འབྲས་བུ་ནི།། ངོ་བོ་ཐོབ་ཚུལ་མཛད་སྤྱོད་དོ།། ངོ་བོ་རང་བྱུང་ཆོས་ཀྱི་སྐུ།། རང་བཞིན་སྤྲོས་དང་བྲལ་བ་ལ།། གཡོས་པ་མེད་པའི་ཡེ་ཤེས་ཤར།། གཉིས་སུ་མེད་པའི་ཐབས་ཆེན་པོ། ། ཀུན་དང་ཐུན་མོང་མ་ཡིན་པའི།། ཆོས་སྐུ་འཛིན་པ་མེད་པ་ང་ཡིས་བཤད།། བྱ་བཙལ་མེད་པར་ལྷུན་གྱིས་གྲུབ།། རྒྱུད་ཉིད་མ་བཙལ་འབྲས་བུར་གནས།། ཐམས་ཅད་དབྱེར་མེད་གདོད་ནས་དག། སྒྲུབ་པ་མེད་པར་འབྲས་བུར་ཤར།། རྒྱུ་དང་རྐྱེན་ལས་མི་ལྟོས་པར།། དུས་གསུམ་འདུས་མ་བྱས་པའི་ངང།། མཐའ་དབུས་ཕྱོགས་རིགས་ཀུན་བྲལ་བའི།། ཆོས་ཉིད་མ་སྐྱེས་ཀློང་ཤར་བདལ།། དེ་བཞིན་ཉིད་ཀྱིས་གར་ཁྱབ་པར། ། རང་རིག་ཡེ་ཤེས་ཆེན་པོར་རོལ།། དངོས་མེད་སྤྲོས་བྲལ་བྱང་ཆུབ་སེམས།། ཆོས་ཉིད་མ་བཅོས་དེ་བཞིན་ཉིད།། རིག་པ་དེ་བཞིན་ཉིད་དུ་སོན།། དབྱེར་མེད་གཉིས་སུ་མེད་པ་ནི།། ཆོས་ཀྱི་སྐུ་ཡི་སངས་རྒྱས་སོ། ། དེ་ལ་དུས་གསུམ་འཕོ་འགྱུར་མེད།། སྐྱེ་ཤི་མེད་པའི་གཡུང་དྲུང་སྐུར།། ཡེ་ནས་ཆོས་སྐུར་གནས་པ་ལ།། སངས་རྒྱས་གཞན་ནས་བཙལ་དུ་མེད།། ཕྱོགས་བཅུའི་འཇིག་རྟེན་ཁམས་རྣམས་ཀུན། ། བྱང་ཆུབ་སེམས་ཉིད་རྟོགས་པ་ལ།། འབྲས་བུ་གཞན་ལས་མ་ཚོལ་ཅིག། ཅེས་གསུངས་སོ།། རྫོགས་པ་ཆེན་པོ་ཡེ་ཤེས་གསང་བའི་རྒྱུད་ལས། འབྲས་བུ་ཆོས་སྐུར་བསྟན་པའི་ལེའུ་སྟེ་དགུ་པའོ། །།། དེ་ནས་ཡེ་ཤེས་གསང་བའི་རྒྱལ་པོས་ཐོབ་ཚུལ་འདི་སྐད་གསུངས་སོ།། ཉོན་ཅིག་རྡོ་རྗེ་སེམས་དཔའ་ཆེ།། བག་ཆགས་ངན་པའི་རོ་བསད་ནས།། གྲོང་ཁྱེར་ངན་པ་དགག་པ་དང།། ཉིད་གསུམ་གཅིག་ཏུ་རྟོགས་པ་ཡིས། ། འཁོར་བའི་གནས་ནས་མ་བཙལ་ཐར།། དགེ་དང་སྡིག་པའི་བག་ཆགས་དང།། ཉོན་མོངས་སྡིག་པའི་བག་ཆགས་དང།། གཏི་མུག་མུན་པ་འཐིབས་པོ་ཡིས།། རྣལ་འབྱོར་ཆེན་པོ་ཐབས་མཁས་པས། ། རྟོགས་པ་གསུམ་ལས་གྲོལ་བ་ཡིས།། ཐིག་ལེ་ཆོས་ཉིད་རྟོགས་པ་ཡིན།། བག་ཆགས་ངན་པའི་རོ་ཡང་བསད།། དེས་ཀྱང་ཅིས་ཏེ་འཁོར་བར་འགྱུར།། སྣང་བའི་སེམས་དང་མུན་པའི་སེམས།། གཅིག་ཏུ་འགྱུར་བར་མཁས་པས་བརྟག། དེ་གཉིས་གཅིག་ཏུ་གྱུར་བས་ན།། འདི་དང་ཕྱི་མ་དེ་ཡི་ཚུལ།། རང་དབང་སྒྱུར་པའི་རྣལ་འབྱོར་པས།། གྲོང་ཁྱེར་ངན་པར་དེ་མི་འགྲོ།། དུས་བཞི་མཉམ་པ་ཉིད་དུ་བརྟག། རང་རིག་གསལ་བའི་བྱང་ཆུབ་སེམས། ། ཡུལ་མེད་གསལ་བས་མར་མེ་འདྲ།། མི་གཡོ་མི་འགྱུར་ཆོས་ཀྱི་དབྱིངས།། མཐའ་དབུས་མེད་པས་ནམ་མཁའ་འདྲ།། གསལ་ལ་མི་གཡོ་ནམ་མཁའ་གཉིས་མེད་པས།། གཉིས་སུ་མེད་པའི་ནམ་མཁའ་མཐའ་ལས་འདས། ། ཆོས་ཀྱི་ཆོས་ཉིད་དག་ཏུ་གསུངས།། རང་བྱུང་གསལ་བ་ཆོས་ཀྱི་སྐུ།། དེ་ཡང་ཇི་ལྟར་ཐོབ་ཅེ་ན།། རྟོགས་པའི་དུས་ཉིད་འབྲས་བུ་ཐོབ།། རྒྱུ་འབྲས་འཕེལ་འགྲིབ་མེད་མོད་ཀྱང། ། འདི་དང་བར་མ་ལན་གྲངས་གཞན།། ཐོབ་ཀྱི་སྐལ་བར་ཡོངས་མི་འགྱུར།། འདི་ལ་ཐོབ་པ་ཆོས་ཀྱི་སྐུ།། བར་མ་ཐོབ་པ་ཆོས་ཀྱི་སྐུ།། དེ་ཡང་ཇི་ལྟར་ཐོབ་ཅེ་ན།། རྣལ་འབྱོར་ཆེན་པོའི་དབང་ཕྱུག་དེ།། རྟོག་པའི་དྲ་བ་ལུས་གྲོལ་བ། ། འབྱུང་ལྔ་དང་པོ་རྒྱུས་བསྐྱེད་ནས།། མས་ཡར་རིམ་པས་འགགས་ན་ནི།། རང་བྱུང་གསལ་བའི་ཆོས་སྐུ་དེ།། བར་མ་དོ་ནི་མངོན་དུ་འབྱུང།། ལྔ་པ་རྟོགས་གོམས་མཐུ་ཡོད་པས།། སྐད་ཅིག་མ་ལུས་འགག་པ་མེད། ། རིག་པའི་ཡེ་ཤེས་དབང་སྒྱུར་བས།། ལམ་ལྔ་རིམ་པས་སྦྱང་དུ་མེད།། ས་བཅུ་རིམ་པས་བགྲོད་པ་མེད།། དེ་ཉིད་རྫོགས་པས་སྦྱིར་ཆིབས་པས།། ཐོབ་པར་ཡེ་ཤེས་གསང་བས་གསུངས།། དེ་ལ་རྒྱུ་ཉིད་འབྲས་བུ་ལ། ། ཕྱི་ནང་ཐོབ་པ་དེ་ལ་མེད།། དེ་ལྟར་རྟོགས་པའི་རྣལ་འབྱོར་པ།། འདི་སྒོར་ཞུགས་པ་མཐར་མ་ཕྱིན།། མངོན་དུ་འབྲས་བུ་མི་སྣང་ཡང།། ཕྱི་མར་ལྷ་གནས་གསུམ་དུ་བསྐྱེད།། ཡང་ན་འཁོར་ལོས་སྒྱུར་བའི་ཚུལ། ། ངན་པའི་ལུས་སུ་ཡོངས་མི་སྐྱེ།། ཆོས་ཉིད་གཟུངས་ཀྱི་འབྲེལ་པ་ཡིས།། གཉེན་བཤེས་དམ་པ་དག་དང་འཕྲད།། དེ་ཡིས་ལུང་བསྟན་རང་སེམས་རྟོགས།། སྐྱེ་བ་དེ་ལས་མི་འགྱང་བར། ། རྡོ་རྗེ་སེམས་དཔའ་ཉིད་དུ་འགྱུར།། ཞེས་གསུངས་སོ།། ཡེ་ཤེས་གསང་བའི་རྒྱུད་ལས། འབྲས་བུ་ཐོབ་ཚུལ་བསྟན་པའི་ལེའུ་སྟེ་བཅུ་པའོ།།།། དེ་ནས་ཡེ་ཤེས་གསང་བའི་རྒྱལ་པོ་དེས། རྡོ་རྗེ་སེམས་དཔའ་ལ་མཛད་པ་དམ་པ་འདི་བཀའ་སྩལ་ཏོ།། ཆོས་ཀྱི་སྐུ་ཡི་བྱིན་བརླབས་ལས།། སྐུ་གསུམ་ཁྱད་པར་ཅིར་སྣང་ཡང།། བྱང་ཆུབ་སེམས་ལས་གཞན་མ་ཡིན།། གཉིས་སུ་མེད་པའི་ཆོས་ཉིད་ལོངས་སྤྱོད་ཅིང། ། འདོད་སྤྱོད་གང་ཡང་མ་སྤངས་ཡེ་ཤེས་ལོངས་སྤྱོད་རྒྱན།། ཐམས་ཅད་ཆེ་བའི་རོལ་བ་རང་ལ་ཤར།། ལོངས་སྤྱོད་རྫོགས་པའི་སྐུ་ཞེས་དེ་ལ་བྱ།། ས་བཅུའི་བྱང་ཆུབ་སེམས་དཔའ་རྣམས་ལ་སྣང། ། དེ་ཡང་དེ་ཡི་ཡེ་ཤེས་རོལ་པ་ཡིན།། ཐུགས་རྗེ་ཆེན་པོའི་སྤྲུལ་པས་ཀུན་ཏུ་ཁྱབ།། སེམས་ཅན་རྣམས་ལ་བསྟན་པའི་ཆར་པ་འབེབས།། ཆོས་ཀྱི་བདུད་རྩིས་འགྲོ་བ་བདེ་ལ་བཀོད།། གཉིས་མེད་བྱང་ཆུབ་སེམས་ཀྱི་སྤྲུལ་པ་ཡིས། ། འཇིག་རྟེན་ཡོངས་ལ་མ་ཁྱབ་གཅིག་ཀྱང་མེད།། ཐུགས་རྗེ་སྤྲུལ་པས་གདུལ་བྱ་ཀུན་འདུལ་ཡང།། སྒྱུ་མའི་བྲོ་ལྡན་རློམ་སེམས་ཅི་ཡང་མེད།། དེ་ཡང་ང་ཡི་སྤྲུལ་པར་བཤད་པ་ཡིན།། དོན་དམ་ཐུགས་ཀྱི་སྤྲུལ་བ་རང་ལ་ཤར། ། ཐུགས་རྗེ་ཐུགས་ཀྱི་སྤྲུལ་པའི་སྐུ་ཞེས་གསུང་བས་བཤད།། སྐྱེ་འགྲོ་ཕྱི་ནང་གཟུགས་རྣམས་ཐམས་ཅད་ཀུན།། ཡེ་ཤེས་གསང་བའི་སྐུ་མཆོག་ཉིད་དུ་རྫོགས།། སྒྲ་སྐད་རབ་འབྲིང་ཐ་མ་ཐམས་ཅད་ཀུན། ། ཡེ་ཤེས་གསང་བ་ང་ཡི་གསུང་དུ་བཤད།། སེམས་རྟོགས་ཕྲ་རགས་མ་ལུས་ཇི་སྙེད་པ།། ཡེ་ཤེས་གསང་བ་ང་ཡི་ཐུགས་སུ་དེ་ལས་མེད།། སྐུ་གསུང་ཐུགས་ཀྱི་འཁོར་ལོ་རྒྱུན་དུ་བསྐོར། ། གསང་བའི་མཛད་སྤྱོད་དེ་ལས་མེད།། ཅིར་སྣང་ཡེ་ཤེས་གསང་བ་ལ།། གཞན་ནས་ཐོབ་པ་ཅི་ཡང་མེད།། ཅེས་གསུངས་སོ།། ཡེ་ཤེས་གསང་བའི་རྒྱུད་ལས།། མཐར་ཕྱིན་པ་མཛད་པ་བསྟན་པའི་ལེའུ་སྟེ་བཅུ་གཅིག་པའོ། །།། དེ་ནས་ཡང་དཔལ་རྡོ་རྗེ་སེམས་དཔས། ཡེ་ཤེས་གསང་བའི་རྒྱལ་པོ་ལ་འདི་སྐད་ཅེས་གསོལ་ཏོ།། ཀྱེ་ཡེ་ཤེས་གསང་བའི་རྒྱལ་པོ།། དོན་དེའི་ཐེ་ཙོམ་གྱི་གགས་གསལ་བའི་ཐབས་བསྟན་དུ་གསོལ། ཡེ་ཤེས་གསང་བའི་རྒྱལ་པོས་བཀའ་སྩལ་པ། སེམས་དཔའ་ཆེན་པོ་ཁྱོད་ཉོན་ཅིག། དོན་དེ་ངེས་པར་ངས་བཤད་དོ།། འཁོར་བའི་ཆོས་དང་འདས་པའི་ཆོས།། ཡེ་ནས་གཉིས་སུ་མེད་ཅེས་གསུངས་པས། རྡོ་རྗེ་སེམས་དཔས་གསོལ་བ། འཁོར་འདས་གཉིས་སུ་མ་མཆིས་ན།། གཉིས་སུ་བྱུང་བ་དོན་དང་གོལ།། ཡང་ན་འཁོར་བ་འདས་པར་འགྱུར།། ཡང་ན་འདས་པ་འཁོར་བར་འགྱུར།། དེ་ཡི་སྐྱོན་ནི་གང་གིས་གསལ། ། ཡེ་ཤེས་གསང་བས་བཀའ་སྩལ་པ།། དངོས་པོ་གཉིས་སུ་བསྟན་པ་ནི།། སྟོབས་དང་མ་འདྲེས་ཁྱད་པར་ལས།། སྣང་བ་གཉིས་སུ་བསྟན་པ་ལས།། ཡང་དག་དོན་ལ་གཉིས་སུ་མེད།། གཉིས་མེད་ཡེ་ཤེས་ཅིར་སྣང་ཡང། ། རང་བྱུང་ཡེ་ཤེས་དེ་ལས་གཞན་པའི་ཆོས་མེད་དོ།། རྡོ་རྗེ་སེམས་དཔས་ཡང་གསོལ་པ།། སངས་རྒྱས་ཐུགས་དང་སེམས་ཅན་སེམས།། གཅིག་གམ་ཐ་དད་ཇི་ལྟར་ལགས།། གཅིག་ན་སྐྱོན་གསུམ་འབྱུང་བར་འགྱུར། ། མི་གཅིག་ན་ནི་སྐྱོན་གསུམ་འབྱུང།། ཡེ་ཤེས་གསང་བས་བཀའ་སྩལ་པ།། སངས་རྒྱས་ཐུགས་དང་སེམས་ཅན་སེམས།། ངོ་བོ་ཆོས་ཀྱི་སྐུ་རུ་གཅིག། གཅིག་ལས་ལས་དང་ཐུགས་རྗེ་འབྲེལ། ། དེ་ལ་སྐྱོན་གཉིས་ཡེ་ནས་དག། སྣང་ཚུལ་ཐ་དད་ཅིར་སྣང་ཡང།། དེ་ལྟར་སྣང་བས་སྐྱོན་གསུམ་དག། ཡིན་སྣང་སེམས་ཀྱི་ཁྱད་པར་ལས།། རྟོགས་པ་རྣམས་ལ་ཡེ་ཤེས་སྐུ།། མ་རྟོགས་པ་ལ་འཁོར་བའི་གནས། ། སྣང་བ་གཉིས་སུ་ཡང་དག་བཤད།། རྡོ་རྗེ་སེམས་དཔས་ཡང་གསོལ་བ།། ངོ་བོ་ཆོས་སྐུ་གཅིག་བཞིན་དུ།། སེམས་ཅན་མ་རྟོགས་ཅི་ལས་འབྱུང།། རྒྱུ་རྐྱེན་དག་པས་བྱུང་ལགས་སམ།། ཡེ་ཤེས་གསང་བས་བཀའ་སྩལ་པ། ། འཁོར་བའི་རྒྱུ་ནི་མ་རིག་པ།། རྐྱེན་ནི་ལས་དང་ཉོན་མོངས་ལྔ།། འབྲས་བུ་བཅུ་གཅིག་དག་ཏུ་སྣང།། རྒྱུ་རྐྱེན་དག་ལས་འཁོར་བ་སྣང།། དེས་ནི་མ་རིག་སྐྱོན་དང་བྲལ།། རྡོ་རྗེ་སེམས་དཔས་ཡང་གསོལ་པ། ། འཁོར་བའི་རྒྱུ་ནི་མ་རིག་པ།། མ་རིགས་རྒྱུ་ནི་གང་ལས་བྱུང།། དེ་ཡི་གཏན་ཚིགས་ཇི་ལྟར་ལགས།། ཡེ་ཤེས་གསང་བས་བཀའ་སྩལ་པ།། འཁོར་བའི་རྒྱུ་ནི་མ་རིག་པ།། མ་རིག་རྒྱུ་ནི་བྱང་ཆུབ་སེམས། ། ཡེ་ཤེས་གསང་བ་ང་ཡིས་བཤད།། རྡོ་རྗེ་སེམས་དཔས་ཡང་གསོལ་བ།། བྱང་ཆུབ་སེམས་ཤེས་བྱ་བ་ནི།། དུས་གསུམ་རྒྱལ་བའི་དགོངས་པ་ཡིན།། དེ་ཡིས་མ་རིག་བསྐྱེད་ལགས་ན།། ཐམས་ཅད་མཁྱེན་པའི་སངས་རྒྱས་ཀྱང། ། མ་རིག་མུན་པའི་ནང་ན་གནས།། ཐམས་ཅད་མཁྱེན་པ་ཅི་སྟེ་འགྱུར།། ཡེ་ཤེས་གསང་བས་བཀའ་སྩལ་པ།། ང་ཡི་ཆོས་ཉིད་བྱང་ཆུབ་སེམས།། ཐམས་ཅད་ཀུན་གྱི་བདག་ཉིད་ཡིན།། མ་སྐྱེས་པ་ཉིད་ཅིར་ཡང་སྣང། ། མ་རྟོགས་པ་ལ་མུན་པའི་དབྱིངས།། རྟོགས་པ་རྣམས་ལ་ཐམས་ཅད་མཁྱེན།། གཉིས་སུ་ཆོས་ཉིད་རིགས་པས་འགྲུབ།། རྡོ་རྗེ་སེམས་དཔས་ཡང་གསོལ་པ།། ཆོས་ཉིད་བྱང་ཆུབ་སེམས་འདི་ལ། ། ངེས་དང་མ་ངེས་ཇི་ལྟར་ལགས།། ངེས་ན་སྐྱོན་གཅིག་མ་ངེས་གཉིས།། དེ་ཡི་གཏན་ཚིགས་བསྟན་དུ་གསོལ།། ཡེ་ཤེས་གསང་བས་བཀའ་སྩལ་པ།། ང་ཡི་རང་བྱུང་ཡེ་ཤེས་ལ།། མི་གནས་པ་ནི་ཅི་ཡང་མེད། ། ངོ་བོ་རང་བྱུང་ཡེ་ཤེས་སུ།། དེ་ཡི་ངང་དུ་ཐམས་ཅད་འདུས།། དེས་ན་སྐྱོན་གཉིས་ངོ་བོས་དག། མ་རིག་ཡེ་ཤེས་ཆོ་འཕྲུལ་ནི།། ཅི་ཡང་མེད་ལས་ཅིར་ཡང་སྣང།། དེས་ན་རྟག་པར་གང་ལ་འགྱུར།། རིམ་པར་སྐྱེ་བ་ཡེ་ཤེས་ཡིན། ། དེ་ལ་སྐྱོན་གྱིས་གོས་པ་མེད།། རྡོ་རྗེ་སེམས་དཔས་ཡང་གསོལ་པ།། ཀུན་མཁྱེན་ལྟ་བའི་ངོ་བོ་ཁྱོད།། ལྷུན་གྲུབ་ལགས་སམ་དག་པ་ལགས།། ལྷུན་གྲུབ་ལགས་ན་སྐྱོན་གཅིག་འབྱུང།། དག་པ་ལགས་ན་མཐའ་རུ་འགྱུར། ། དེ་ཡི་གཏན་ཚིགས་ཇི་ལྟར་ལགས།། ཡེ་ཤེས་གསང་བས་བཀའ་སྩལ་པ།། བལྟ་བའི་ངོ་བོ་ལྷུན་གྲུབ་བྱང་ཆུབ་སེམས།། རྟོག་པ་ཐམས་ཅད་བྱང་ཆུབ་སེམས།། དེ་ལ་འཁྲུལ་རྟོག་ངང་གིས་མ་གྲུབ་པས། ། རྒྱལ་བའི་བྱང་ཆུབ་དགོངས་བ་དེ་ལ་འཁྲུལ་རྟོག་མེད།། ཐུགས་ཀྱི་ཆོ་འཕྲུལ་ཐམས་ཅད་ཡེ་ནས་མེད།། དག་པའི་ཕྱོགས་གཅིག་མ་ཡིན་ཅིར་ཡང་སྣང།། ཅིར་སྣང་ཡེ་ཤེས་གསང་བའི་རོལ་བ་ལ། ། ཐམས་ཅད་ལྷུན་གྲུབ་ཡེ་ཤེས་ལ།། དག་པའི་མཐའ་རུ་ལྟང་བ་དེ་ལ་མེད།། ཅེས་གསུངས་པས། རྡོ་རྗེ་སེམས་དཔའ་ལ་སོགས་པའི་འཁོར་རྣམས་ཐམས་ཅད་ཡི་རང་ནས་མངོན་པར་དགའ་འོ།། ཡེ་ཤེས་གསང་བའི་རྒྱུད་ལས། ལྟ་བའི་ཐེ་ཙོམ་བསལ་བའི་ལེའུ་སྟེ་བཅུ་གཉིས་པའོ།།།། དེ་ནས་རྡོ་སེམས་དཔས་གསོལ་པ། རྫོགས་པ་ཆེན་པོ་ཡེ་ཤེས་གསང་བ་ལ།། སྒོམ་པར་གསུང་བ་མི་འགལ་ལམ།། སྒོམ་དུ་མེད་པར་གསུང་བའང་མི་འགལ་ལམ། ། དེ་ཡི་གཏན་ཚིགས་ཇི་ལྟར་ལགས།། ཡེ་ཤེས་གསང་བས་བཀའ་སྩལ་པ།། ཉོན་ཅིག་རྡོ་རྗེ་སེམས་དཔའ་ཆེ།། ང་ཡིས་བྱས་པའི་ཆོས་ཉིད་དེ།། སྒོམ་དུ་ཡོད་མེད་མཐའ་ལས་འདས། ། ཅི་ཡང་མི་སྒོམ་ཅི་ཡང་མེད།། སྒོམ་དུ་ཡོད་མེད་སྒྲོ་སྐུར་གནས་སུ་ལྟུང།། ཆོས་ཉིད་གཏན་ལ་ཕེབས་དུས་སུ།། བསྒོམས་ཀྱང་སྐྱོན་མེད་ཅིར་ཡང་སྣང།། རྟོག་པའི་ཀློང་དུ་གྱུར་པས་ན།། དེ་ལ་སྒོམ་དུ་ཅི་ཡང་མེད། ། སྒོམ་དུ་མེད་པའི་ཆོས་རྣམས་ལ།། ཐ་སྙད་སྒྲ་འདས་ཀློང་ན་འཕྱོ།། རྟོགས་པའི་ཀློང་ཆེན་རང་ཤར་ཏེ།། ཡེ་རླུང་མཉམ་པའི་དགོངས་པས་འགྲུབ།། སྒོམ་པའི་གནས་མེད་དག་ཏུ་རབ་རྟོགས་ན། ། བསྒོམས་ཀྱང་སྐྱོན་ཡོན་དབྱིངས་ཉིད་ནམ་མཁའ་འདྲ།། ཆེད་དུ་བསྒོམས་པས་གཞན་ནས་ཐོབ་པ་མེད།། དེ་ལྟར་རྟོགས་པའི་ངང་ལ་གནས་གྱུར་ཀྱང།། སྐྱེ་བོ་ལྟ་བུའི་ཕྱལ་པ་ནམ་ཡང་མེད།། དེས་ན་སྒོམ་དུ་མེད་པས་སྐྱོན་ལས་གྲོལ། ། ཅེས་གསུངས་པའོ།། ཡེ་ཤེས་གསང་བའི་རྒྱུད་ལས།། སྒོམ་པའི་སྐྱོན་བསལ་བའི་ལེའུ་སྟེ་བཅུ་གསུམ་པའོ།།།། དེ་ནས་རྡོ་རྗེ་སེམས་དཔས་ཡང་གསོལ་བ། སྤྱོད་པ་བླང་དོར་མེད་པའི་གགས་བསལ་བ་འདི་གསུངས་སོ། ། ཀྱེ་ཡེ་ཤེས་གསང་བའི་རྒྱལ་པོ་ལགས།། ཆགས་སྡང་བདེ་སྡུག་གཅིག་བསྟན་པ།། ཆགས་པ་འཁོར་བའི་རྩ་བ་དང།། བདེ་བ་ཐར་པའི་རྩ་བ་གཉིས།། གཅིག་ཏུ་བསྟན་པ་མི་འགལ་ལམ། ། གལ་ཏེ་གཅིག་ན་སྐྱོན་གཉིས་འབྱུང།། ཡེ་ཤེས་གསང་བས་བཀའ་སྩལ་པ།། ཉོན་ཅིག་རྡོ་རྗེ་སེམས་དཔའི་གཙོ།། ཆགས་པ་བདེ་བའི་ཆོས་གཉིས་པོ།། བྱང་ཆུབ་སེམས་སུ་གཅིག་རྟོགས་ན།། ཇི་ལྟར་སྤྱད་ཀྱང་ཡེ་ཤེས་ཡིན། ། དེ་ལ་རྒྱུ་འབྲས་གཉིས་སུ་མེད།། རྡོ་རྗེ་སེམས་དཔས་ཡང་གསོལ་པ།། འདོད་ཡོན་ལྔ་པོ་ཐམས་ཅད་དང།། ཤེས་རབ་ཐབས་ལ་སོགས་སྤྱད་པས།། འོག་མའི་སྤྱོད་པར་མི་འགྱུར་རམ། ། ཡེ་ཤེས་གསང་བས་བཀའ་སྩལ་པ།། འོག་གི་སྤྱོད་པ་དེ་དག་ཀུན།། བྱང་ཆུབ་སེམས་སུ་རབ་རྟོགས་ན།། གང་ལའང་བླང་དོར་མེད་པས་ན།། འོག་མའི་སྤྱོད་པར་དེ་མི་ལྟུང།། རྡོ་རྗེ་སེམས་དཔས་ཡང་གསོལ་པ། ། མཚམས་མེད་ལྔ་ཡིས་སྤྱོད་པ་ཡིས།། སེམས་ཅན་དམྱལ་བར་སྐྱེ་ལགས་ན།། དེ་དག་སྤྱོད་པ་མི་འགལ་ལམ།། ཡེ་ཤེས་གསང་བས་བཀའ་སྩལ་པ།། གོང་གི་སྤྱོད་པ་དེ་དག་ཀུན།། མཚམས་མེད་ལྔ་ཉིད་བྱང་ཆུབ་སེམས། ། བྱང་ཆུབ་སེམས་ལ་ལྟུང་ས་མེད།། ཏ་ལའི་རྩ་བ་བཅད་པ་འདྲ།། རྣམ་སྨིན་མི་སོགས་ཚོགས་ཆེན་རྫོགས།། དེས་ནི་ཀུན་ལ་སྤྱད་པར་བྱ།། ལྷ་ཁང་མཆོད་རྟེན་བཟླས་བརྗོད་དགེ་བ་རྣམས། ། རྟོགས་པའི་ཀློང་དུ་མཉམ་སྙོམས་གཞག་བར་བྱ།། རྡོ་རྗེ་སེམས་དཔས་ཡང་གསོལ་པ།། དེ་ལྟུང་ས་མེད་པར་བསྟན་ན།། ལྟུང་བ་གསུངས་པ་མི་འགལ་ལམ།། ཡེ་ཤེས་གསང་བས་བཀའ་སྩལ་པ།། རང་རིག་རྟོགས་པའི་སྐལ་པ་དང་ལྡན་རྣམས་ལ། ། ངན་སོང་རྣམ་གཉིས་བདེ་བ་ཆེན་པོའི་དབྱིངས།། དེ་ལྟར་རྟོགས་པས་སྤྱད་ཀྱང་ལྟུང་མི་འགྱུར།། རང་རིག་ཡེ་ཤེས་རྟོགས་པ་མ་ཤར་ན།། རྒྱལ་བའི་ཞིང་ཡང་ངན་སོང་གནས་སུ་སྣང། ། དེས་ནི་ཀུན་ལ་ཁྱབ་པར་ཡོང་མ་གསུང།། མཉམ་ཉིད་ཆོས་ཀྱི་སྐུ་ནི་མ་རྟོགས་པས།། དེས་ནི་ཀུན་ལ་མི་སྤྱད་སྡིག་མཛེམ་བསོད་ནམས་ཁྲི་ཕྲག་ཡས།། ཞེས་གསུངས་སོ།། ཡེ་ཤེས་གསང་བའི་རྒྱུད་ལས། སྤྱོད་པའི་གགས་བསལ་བའི་ལེའུ་སྟེ་བཅུ་བཞི་པའོ།།།། རྡོ་རྗེ་སེམས་དཔས་འབྲས་བུའི་དོགས་པ་བསལ་བ་འདི་ཞུས་སོ།། ཀྱི་ཡེ་ཤེས་གསང་བའི་རྒྱལ་པོ།། ཐུན་མོང་མ་ཡིན་ཆོས་སྐུ་དེ།། སྤྲོས་དང་བྲལ་བར་གསུངས་པ་དེ། ། ཐུན་མོང་དག་དང་ཅི་མི་འདྲ།། དེ་ཡི་གཏན་ཚིགས་ཇི་ལྟར་ལགས།། ཡེ་ཤེས་གསང་བས་བཀའ་སྩལ་པ།། ང་ཡི་ངོ་བོ་ཆོས་སྐུ་དེ།། སྤྲོས་པའི་མཐའ་རྣམས་དང་བྲལ་ཏེ།། སྤྲོས་པའི་མཐའ་དང་ཡང་དག་ལྡན། ། གཟུགས་བྲལ་ཆོས་ཀྱི་སྐུ་དེ་ལ།། གཟུགས་རྣམས་ཐམས་ཅད་ཡོངས་སུ་རྫོགས།། ཐུན་མོང་སྦྲོས་དང་བྲལ་བ་དེ་ཉིད་ནི།། སྤྲོས་པའི་མཐའ་རུ་ཅི་སྟེ་འགྲོ།། མེད་ལ་གནས་པའི་རང་བཞིན་ཅན། ། ཡེ་ཤེས་སྒྱུ་མ་ཡང་དག་ཆད།། སྨོན་ལམ་མཐུ་སྟོབས་གདུལ་བྱའི་ལས།། སྐུ་གཉིས་བྱུང་བའི་དོན་གཉིས་རྫོགས།། བྱིན་བརླབས་ཡོན་ཏན་ངོ་བོས་འཕགས།། འདིར་ནི་སྐུ་གསུམ་གཅིག་གི་ངང།། དེ་གཉིས་ཁྱད་པར་ཅིར་མི་འདོད། རྡོ་རྗེ་སེམས་དཔས་ཡང་གསོལ་པ།། འགྲོ་བ་སེམས་ཅན་ཐམས་ཅད་ལ།། ཆོས་ཉིད་ཁྱབ་པས་བདལ་བའི་སྐུ།། དེ་ཉིད་རྟོགས་པ་འབྲས་བུ་ནི།། འབྲས་བུ་ཐོབ་ཚུལ་གསུམ་གསུངས་བ། ། འདི་ཡི་གཞུང་དང་མི་འགལ་ལམ།། དེ་ཡི་གཏན་ཚིགས་ཇི་ལྟར་ལགས།། ཡེ་ཤེས་གསང་བས་བཀའ་སྩལ་བ།། ཀུན་ཁྱབ་ཆོས་ཀྱི་ངོ་བོ་ཉིད།། རྟོག་པའི་དུས་ཉིད་རང་ལ་ཤར།། དེ་ཉིད་ཆོས་སྐུ་ཆེན་པོ་བས། ། ཕྱི་ནས་ཐོབ་པ་དེ་ལ་མེད།། རྒྱུ་དང་འབྲས་བུ་དེ་ལ་མེད།། རྒྱུ་འབྲས་རོ་གཅིག་ཀུན་གྱི་རྗེ།། བར་མ་དོ་ཡི་སངས་རྒྱས་ཀྱང།། དེ་ཉིད་ཡིན་ཏེ་ཁྱད་པར་མེད།། ཡང་དག་རྫོགས་པའི་སངས་རྒྱས་ཀྱི། ། ཆེ་བའི་ཡོན་ཏན་སྟོབས་ལྡན་རྣམས།། རྣམ་རྟོག་འབྱུང་བའི་ལུས་གྲོལ་ནས།། དེ་ནས་མ་བཙལ་འབྱུང་བར་ངེས།། རྡོ་རྗེ་སེམས་དཔས་ཡང་གསོལ་པ།། ཆོས་སྐུ་ཁྱད་པར་མེད་པ་ལ།། ཆེ་བའི་ཡོན་ཏན་ཐམས་ཅད་ཀུན། ། ད་ལྟར་མི་འབྱུང་སྐྱོན་ཅི་ལགས།། དེ་ཡི་གཏན་ཚིགས་བསྟན་དུ་གསོལ།། ཡེ་ཤེས་གསང་བས་བཀའ་སྩལ་པ།། ང་ཡི་ཆོས་ཉིད་འབྲས་བུ་ལ།། རང་བཞིན་ཆོས་སྐུ་གཅིག་ཡིན་ཀྱང།། རྒྱུ་རྐྱེན་ངན་པའི་རང་ལུས་དེས། ། སྒྲིབས་ནས་ཡོན་ཏན་སྟོན་མི་ནུས།། བུམ་བའི་ནང་གི་མར་མེ་འདྲ།། དགོངས་པ་གསང་བ་ང་དང་མཉམ།། རྡོ་རྗེ་སེམས་དཔས་ཡང་གསོལ་པ།། བར་མ་དོ་ཡི་སངས་རྒྱས་ལ།། ཡོན་ཏན་འབྱུང་བར་འདོད་པ་དེ། ། འོག་མའི་ལུགས་སུ་མི་འགྱུར་རམ།། དེ་ཡི་གཏན་ཚིགས་ཇི་ལྟར་ལགས།། ཡེ་ཤེས་གསང་བས་བཀའ་སྩལ་པ།། ང་ཡི་ཆོས་ཉིད་འབྲས་བུ་ལ།། འདི་དང་བར་མ་དོ་གཉིས་ཀྱི། ཁྱད་པར་དབྱེ་བ་དེ་ལ་མེད། ། འདི་དང་ཕྱི་མ་གཉིས་ཀྱི་རུ།། ཐོབ་པ་ཆོས་ཀྱི་སྐུ་ཉིད་ཡིན།། འོག་མ་རྒྱུ་འབྲས་འདོད་པ་དང།། བར་མ་ཐོབ་པའང་རིགས་འཛིན་ས།། དེས་ཀྱང་རིམ་པར་བཀོད་ནས་ཀྱང།། ཐ་མ་འཁོར་ལོ་ས་ལ་བསྒྱུར། ། དེ་ཉིད་ཁྱད་པར་ཅིར་མི་འདོད།། རྡོ་རྗེ་སེམས་དཔས་ཡང་གསོལ་བ།། ཆོས་ཀྱི་སྐུ་ཡི་བྱིན་བརླབས་ལ།། སྐུ་གསུམ་འབྱུང་བར་འདོད་པ་དེ།། འདི་ཡི་གཞུང་དང་མི་འགལ་ལམ།། དེ་ཡི་གཏན་ཚིགས་ཇི་ལྟར་ལགས། ། ཡེ་ཤེས་གསང་བས་བཀའ་སྩལ་པ།། ང་ཡི་ཆོས་སྐུ་ཆེན་པོ་དེ།། རོལ་པའི་ཁྱད་པར་ཅིར་སྣང་ཡང།། གདུལ་བྱ་རྣམས་ལ་སྐུ་གསུམ་ཚུལ།། མ་བཙལ་ཆོས་ཉིད་ཤར་བ་ལ།། ཞེས་པ་འདོད་པ་དེ་ལ་མེད། ། འཁོར་བའི་གནས་སུའང་དེ་ལྟར་ཤར།། ཕྱོགས་མེད་བ་ཡི་ཡེ་ཤེས་ཡིན།། དེ་ལས་མ་གྲུབ་ཅི་ཡང་མེད།། སྣང་བ་ང་ཡི་སྐུ་རུ་ཤར།། གྲགས་པ་ང་ཡི་གསུང་དུ་ཤར།། དྲན་རྟོག་ང་ཡི་ཐུགས་སུ་ཤར།། ང་ཡི་སྐུ་གསུངས་ཐུགས་ཉིད་དུ། ། སངས་མ་རྒྱས་པ་གཅིག་ཀྱང་མེད།། ཅེས་གསུངས་པས། རྡོ་རྗེ་སེམས་དཔའ་ལ་སོགས་པའི་འཁོར་ཐམས་ཅད་མངོན་པར་དགའ་འོ།། ཡེ་ཤེས་གསང་བའི་རྒྱུད་ལས། འབྲས་བུ་ཐེ་ཚོམ་བསལ་བའི་ལེའུ་སྟེ་བཅོ་ལྔ་པའོ། །།། དེ་ནས་རྡོ་རྗེ་སེམས་དཔའ་ལ་སོགས་པའི་འཁོར་འདུས་པ་ཐམས་ཅད་ཀྱིས། བཅོམ་ལྡན་འདས་ཡེ་ཤེས་གསང་བའི་མདུན་དུ་བལྟས་ཏེ། འདི་སྐད་ཅེས་བསྟོད་དོ།། ཡེ་ཤེས་གསང་བའི་སྐུ་ནི་རི་བོ་བརྩེགས་པ་འདྲ། ། ཐམས་ཅད་ཟིལ་གནོན་ཡོན་ཏན་རྒྱས་པའི་སྐུ།། ཐུབ་པ་ཁྱུ་མཆོག་འཇིག་རྟེན་སྒྲོན་མེ་མཛད།། འཇིག་རྟེན་སྒྲོན་མེ་དེ་ལ་ཕྱག་འཚལ་འདུད།། འཇིག་རྟེན་སྒྲ་སྒྲོགས་སྟོན་པའི་གསུང་འབྱིན་པ། ། སྟོན་པ་སྨྲ་བའི་སེང་གེ་ཡེ་ཤེས་སྐུ།། སྨྲ་མཆོག་ཡང་དག་དོན་རྣམས་སྟོན་མཛད་པའི།། ཡང་དག་དོན་སྟོན་དེ་ལ་ཕྱག་འཚལ་འདུད།། ཞི་དང་མ་ཞི་ཐམས་ཅད་ཀུན་ཏུ་ཡང་དག་གསལ། ། དམིགས་མེད་དོན་དམ་རྒྱ་མཚོ་འདྲ་བའི་ཐུགས།། ཐམས་ཅད་མཉམ་པའི་ཐུགས་ལ་ཕྱག་འཚལ་འདུད།། ཡོན་ཏན་ཐམས་ཅད་མ་འདྲེས་ཡོངས་སུ་རྫོགས།། གཏི་མུག་མུན་པ་སེལ་བ་སྒྲོན་མའི་མཆོག། བཀའ་བཟང་རྨད་དུ་བྱུང་བ་ཀུན་གྱི་མཛོད།། སྟོན་པ་ཡེ་ཤེས་ཅན་ལ་ཕྱག་འཚལ་བསྟོད།། ཞི་བའི་གསུངས་སྒྲོགས་སེང་གེ་ལྟ་བུའི་གསུང།། ཕ་རོལ་མུ་སྟེགས་ཐམས་ཅད་འཇོམས་མཛད་ཅིང།། ཡེ་ཤེས་མཚོན་གྱིས་སྲིད་པའི་བཙོན་ར་འཇོམས། ། འགྲོ་བའི་སྡུག་བསྔལ་སེལ་མཛད་དེ་ལ་ཕྱག་འཚལ་བསྟོད།། དེའི་ཚེ་འཁོར་འདུས་པ་ཐམས་ཅད་ཡེ་ཤེས་གསང་བའི་སྐུ་ལ་ཐིམ་པར་གྱུར་ཏོ།། ཡེ་ཤེས་གསང་བའི་རྒྱུད་ཆེན་པོ་ལས། འཁོར་ཐམས་ཅད་མངོན་པར་དགའ་ནས་བསྟོད་པའི་ལེའུ་སྟེ་བཅུ་དྲུག་པའོ།།།། དེ་ནས་བཅོམ་ལྡན་འདས་ཡེ་ཤེས་གསང་བའི་རྒྱལ་པོས། ཀུན་དང་ཐུན་མོང་མ་ཡིན་པའི་ཡེ་ཤེས་གསང་བའི་རྒྱུད་ཆེན་པོ་འདི་མི་ནུབ་ཅི་དར་བར་བྱ་བའི་ཕྱིར། བསྟན་པ་གཏད་པ་འདི་གསུངས་སོ།། ང་ཡིས་གསུངས་པའི་རྒྱུད་རྒྱལ་འདི།། ཆོས་རྣམས་ཀུན་གྱི་མེ་ལོང་ཡིན།། བསྟན་པ་ཐམས་ཅད་འདི་ལས་བྱུང།། དུས་གསུམ་བདེ་གཤེགས་རྣམས་ཀྱི་ཤུལ། ། གོ་འཕང་གཅོད་པའི་ལམ་ཆེན་ཡིན།། མ་རིག་སེལ་བའི་ལམ་ཆེན་ཡིན།། རྒྱུད་ཀྱི་རྒྱལ་པོ་ལུང་གི་བླ།། མན་ངག་ངེས་པའི་རྩ་བ་ཡིན།། རྒྱུད་ཀྱི་རྒྱལ་པོ་གསང་བ་འདི།། རྡོ་རྗེ་སེམས་དཔའ་ཁྱོད་ལ་གཏད། ། སེམས་དཔའ་རྡོ་རྗེ་ཁྱོད་ཀྱིས་ཀྱང།། སྟོན་པ་སྨྲ་བའི་སེང་གེ་གྱིས།། འདུས་བའི་འཁོར་དུ་ལུང་སྟོན་ཅིག། འདུས་པའི་འཁོར་ཚོགས་རྣམས་ཀྱིས་ཀྱང།། ཞེ་སྡང་ཅན་དང་ལོག་སྲེད་ཅན། ། ཐེག་པ་དམན་པ་དག་ལ་ནི། ཁ་མཁས་གཞོག་ངོམས་སེར་སྣས་བཅིངས།། ཉོན་མོངས་རྒྱུད་ལ་རྟེན་བྱེད་དང།། བླ་མ་དག་ལ་མ་གུས་དང།། དཔོན་བས་མཁས་པར་སྨྲ་བ་དང། ཁ་གསང་བཀའ་རྐུན་དམ་ཉམས་དང། ། མཁས་ལ་སྨོད་ཅིང་རང་ཆེ་འབྱིན།། དེ་ལ་གསང་བའི་རྒྱུ་རྒྱལ་འདི།། ནམ་ཡང་བསྟན་པར་མ་གསུངས་སོ།། གལ་ཏེ་གསང་བ་འདི་བསྟན་ན།། དུས་གསུམ་རྒྱལ་བའི་ཐུགས་དཀྲུགས་ཏེ།། ཡེ་ཤེས་གསང་བའི་ཞབས་ནས་དྲངས། ། འཕགས་པ་ཐམས་ཅད་ཐུགས་ཁྲོས་ཏེ།། དེ་ཡི་ལུས་སེམས་སྒྲོལ་བར་ངེས།། མཁའ་འགྲོ་ཆོས་སྐྱོང་བསྲུངས་མའི་ཚོགས།། དེ་ཡི་ལུས་ལ་ཟ་ཚོགས་བཀྲམ།། ཚེ་ཡི་དུས་བྱེད་བྱས་ནས་ནི། ། དེ་མ་ཐག་ཏུ་སྐད་ཅིག་ལ།། རྡོ་རྗེ་དམྱལ་བའི་བསྟན་པ་བྱེད།། དེ་ཡི་སྡིག་པ་ཆར་མི་ཕོད།། དེ་བས་སྣོད་དང་ལྡན་པ་ཡི།། དཔོན་ལ་གུས་དང་དད་པ་ཆེ།། བརྩོན་འགྲུས་དྲག་དང་ཤེས་རབ་རྣོ།། ཐེག་པ་ཆེ་ལ་མོས་པ་དང། ། རྡོ་རྗེ་མཆེད་ལ་གདུང་སེམས་ཆེ།། སྙིང་རྗེ་ཆེན་པོའི་རླན་དང་ལྡན།། ཅི་ཡང་མ་ཆགས་དགའ་བ་ཡིས།། བླ་མ་སྒོ་གསུམ་མཉེས་བྱེད་པའི།། ལས་དང་སྐལ་བར་ལྡན་པ་ཡིས།། རྣལ་འབྱོར་ཆེན་པོ་ཁྱོད་ལ་གཏོད། ། གསང་བའི་རྒྱུད་རྒྱལ་ཆེན་པོ་འདི།། གཅིག་དང་གཉིས་ལས་མ་གཏོགས་པ།། གསུམ་ལ་སྤེལ་ན་དམྱལ་བར་ལྟུང།། གདེང་ལྡན་འགའ་ཡི་གཏེར་དུ་བཅང།། སྣང་དགུ་རྣམས་ཀྱི་སྤྱོད་ཡུལ་མིན། ། ཅེས་གསུངས་སོ།། ཀུན་ཏུ་བཟང་པོ་དགོངས་པའི་ཕུགས་ཡང་དག་པའི་དོན་མན་ངག་ཏུ་གསུངས་པ། རྫོགས་པ་ཆེན་པོ་ཡེ་ཤེས་གསང་བའི་རྒྱུད་ཀྱི་རྒྱལ་པོ་ལས། སྡུད་པ་བྲམ་ཟེ་ལ་མན་ངག་ཁོང་ཐོན་དུ་བསྟན་པའི་ལེའུ་སྟེ་བཅུ་བདུན་པའོ། །།། རྒྱ་གར་དགའ་རབ་རྡོ་རྗེས། བྲམ་ཟེ་བདེ་མཆོག་ལ། བདེ་ལྡན་གྱི་ཡང་ཐོག་ཏུ་རིན་པོ་ཆེ་གསེར་གྱི་གླེགས་བམ་ལ་བཻ་ཌཱུརྻ་ཞུན་མས་བྲིས་པའི་བླ་དཔེ་གནང་སྟེ། གདུང་རབས་ལྔར་བླ་དཔེ་ལས་མི་བཞུགས་སོ།། རྫོགས་པ་ཆེན་པོ་ཡེ་ཤེས་གསང་བའི་རྒྱུད་རྫོགས་སོ།།།། བུ་ལ་གཏད་དོ་ཕ་ཡི་བཙས།། སྣོད་མེད་རྣམས་ལ་ཤོར་ར་རེ།། རྫོགས་པ་ཆེན་པོའི་ཀློང་དགུ་བམ་པོ་འབུམ་སྡེ་ལས་འདི་ལས་ཟབ་པ་མི་བཞུགས་སོ། ། རྡོ་རྗེ་མཁའ་འགྲོས་སྲུངས་ཤིག། ས་མ་ཡ། རྒྱ་གར་གྱི་མཁན་པོ་ཤ་རི་སིང་ཧ་པྲ་བ་ཏ་དང། བོད་ཀྱི་ལོ་ཙ་བ་ཨཱ་ཙརྱ་བཻ་རོ་ཙ་ནས་བསྒྱུར་ཅིང་གཏན་ལ་ཕབ་པའོ། ། །། རྒྱ་གར་སྐད་དུ། བོ་དྷི་ཙི་དྷ་མ་ཧཱ་སན་དྷི་ཛྙ་ན་གུ་ཧྱ་ཤི་ཏན་ཏྲ་པྲ་ཀ་ས་ཀོ་དྷི་ས་མ་དྷ་ནཱ་མ། བོད་སྐད་དུ། བྱང་ཆུབ་ཀྱི་སེམས་རྫོགས་པ་ཆེན་པོ་ཡེ་ཤེས་གསང་བ་བཤད་པའི་རྒྱུད་གསལ་བ་མཐའ་དང་མཉམ་པ་ཞེས་བྱ་བ།
CLOSE WINDOW