Wylie |
རྟེན་སྤོ་བ་དང་རྗེས་སུ་ཡི་རང་བའི་ལེའུ་སྟེ་དགུ་པའོ།།།། སྐུ་གདུང་འབར་བ་མཆོད་རྟེན་གྱི་རྒྱུད་རྫོགས་སོ།།།། ཀློང་གསལ་འབར་མ་ཉི་མའི་གསང་རྒྱུད་ཀྱི་དབུ་བཞུགས། ཨོ་རྒྱན་དྷཱ་ཀིའི་སྐད་དུ། མ་ཧོ་བྷ་དྲ་ཤུ་ནྱ་ཏཱ་ཏི་ལ་ཀ་གྷུ་ཡ་ཏནྟྲ་ནཱ་མ། བསྒྱུར་ཏེ་བོད་ཀྱི་སྐད་དུ། ཀུན་ཏུ་བཟང་པོ་སྟོང་གསལ་ཐིག་ལེ་སྙིང་པོ་གསང་བའི་རྒྱུད་ཅེས་བྱ་བ། [་xxx་]ཡང་གསང་དག་པ་ཀློང་གསལ་སྐད་དུ་ན།། ཧ་ཨ་ཨོཾ་ཧཱུཾ་ཀི་ལ་ས་མི་ཁྱེ། དོན་རྒྱུད་རང་གསལ་ཤར་བའི་སྐད་དུ་ན།། སྟོང་གསལ་མདངས་ལྔ་མ་སྐྱེས་མི་འགག་པ།། ངོ་བོ་རང་རིག་ཡེ་ཤེས་ཆེན་པོ་ཉིད། ། རྟོག་ཚོགས་རང་གྲོལ་མཁའ་ལ་ཉི་ཤར་དང།། ཀུན་ཏུ་བཟང་མོ་ཡངས་པའི་ཀློང་ལ་ཕྱག་འཚལ་ལོ།། རྒྱ་གར་སཾ་སྐྲྀ་ཏ་ཡི་སྐད་དུ་ན། བྷ་དྲ་ཕ་ལ་དྷརྨ་ཨ་བྷི་སཱུརྱ་གྷུ་ཡ་ཏནྟྲ། དགོངས་ཏེ་རྣམ་གྲོལ་བོད་ཀྱི་སྐད་དུ་ན། ཀུན་ཏུ་བཟང་མོ་ཀློང་གསལ་འབར་མ་ཉི་མའི་གསང་རྒྱུད། རང་བྱུང་རང་གསལ་ངང་ལ་ཕྱག་འཚལ་ལོ།། འདི་སྐད་ཀློང་ནས་ཤར་བའི་དུས་གཅིག་ན། ཁྱད་པར་ཕུན་སུམ་ཚོགས་པ་དག་པའི་གནས། ། ཆོས་དབྱིངས་སྤྲོས་བྲལ་ཕོ་བྲང་དུ།། སྟོན་པ་ཁྱད་འཕགས་ཕུན་སུམ་ཚོགས་པ་ནི།། ཅིར་ཡང་མ་གྲུབ་ཡེ་ཤེས་རང་གསལ་ཡུམ།། འཁོར་ནི་ཁྱད་འཕགས་ཕུན་སུམ་ཚོགས་པ་སྟེ།། སྐུ་དང་ཡེ་ཤེས་སྟོང་གསལ་མ་འགགས་པ། ། དུས་ནི་ཁྱད་འཕགས་ཕུན་སུམ་ཚོགས་པ་སྟེ། རྟག་པ་རྒྱུན་གྱི་ཐོག་མཐའ་མེད་པའོ།། བསྟན་པ་ཁྱད་འཕགས་ཕུན་སུམ་ཚོགས་པ་ནི།། བདེ་བ་ཆེན་པོ་ལྷུན་གྱིས་གྲུབ་པའོ།། ཐོག་མཐའ་བྲལ་བ་དེ་ཉིད་དུས་ཀྱི་ཚེ། ། ཀུན་ཏུ་བཟང་མོ་རིགས་བཞིའི་མཁའ་འགྲོ་དང།། དབྱིངས་དང་ཡེ་ཤེས་གདངས་ལས་གྲུབ་པ་ཡི།། དྷཱ་ཀི་གྲངས་ལས་འདས་པའི་འཁོར་ཚོགས་དང།། སྤྲུལ་པ་ཡང་སྤྲུལ་ཕོ་ཉ་མགྱོགས་མའི་ཚོགས། ། འདས་དང་མ་འདས་འོད་ལུས་འཕྲུལ་མོ་ཆེ།། དྷཱ་ཀི་ཕྲངས་ལས་འདས་པ་ཐམས་ཅད་དང།། མཉམ་ཉིད་རོལ་པ་ཆེན་པོའི་ངང་ཉིད་དུ།། དགོངས་པ་བཞི་ལྡན་ཚུལ་དུ་རབ་བཞུགས་སོ།། དེ་ནས་སྟོང་པའི་ངང་ལས་གསལ་བའི་དབྱངས་དང་བཅས། ། དགུ་འགྱུར་ཁུག་པའི་གདངས་སུ་རང་ཤར་བ།། ཚིག་བརྗོད་རིམ་པའི་གསང་རྒྱུད་འདི་ཉིད་ནི།། འཁོར་ཚོགས་རང་རང་དགོངས་པ་ཚིག་ཏུ་གསལ།། ཀུན་ཏུ་བཟང་མོ་ཀློང་གསལ་ཉི་མའི་རྒྱུད། ། སུམ་བརྒྱ་དྲུག་ཅུ་བྱེ་བ་ཕྲག་བརྒྱའི་སྐད།། ཚངས་དབྱངས་ང་རོའི་སྐད་ཀྱྀ་ཡོངས་གྲགས་སོ།། དེ་ནས་འཁོར་རྣམས་རྗེས་སུ་ཡི་རང་སྟེ།། ཀུན་ཏུ་བཟང་མོ་གསང་བའི་རང་སྒྲ་ལས། ། མངོན་པར་དད་སྟེ་རབ་ཏུ་དད་པར་བསྟོད།། ས་མ་ཡ། རྒྱ་རྒྱ་རྒྱ། མན་ཏྲ་གྷུ་ཡ། ཐུན་མོངས་མ་ཡིན་པའི་བརྗོད་གཞི་ལས། གླེང་གཞིའི་ལེའུ་སྟེ་དང་པོའོ།།། དེ་ནས་ཆོས་དབྱིངས་གསལ་བ་ཡི། ། ཡུམ་མཆོག་ཀུན་ཏུ་བཟང་མོ་ལ།། སྟོན་པ་ཀུན་ཏུ་བཟང་པོ་དང།། རིགས་བཞིའི་ཌཱ་ཀིས་འདི་སྐད་གསོལ།། ཀྱེ་མ་ཀྱེ་ཀློང་ཀྱེ་མ་ཧོ།། འདི་ལྟ་བུ་ཡི་གསང་རྒྱུད་ལས།། དགོངས་པ་དཔག་པར་མི་ནུས་པས། རིམ་པ་བཞིན་དུ་གསལ་དུ་གསོལ།། མ་གྲུབ་ཐོག་མའི་ཀ་དག་ནས།། ཀུན་ཁྱབ་ཡེ་ཤེས་གནས་པ་ལས།། འཁྲུལ་མེད་འཁྲུལ་དང་གནས་པའི་ཚུལ།། ལམ་དང་འཆར་སྒོ་ཡུལ་གང་གསལ།། ཉམས་ལེན་གོང་འཕེལ་གྲོལ་བའི་རྟགས། ། རྐྱེན་གྱིས་བར་ཆད་ཇི་ལྟ་བུ། ཆོས་དབྱིངས་བཟང་མོས་བཤད་དུ་གསོལ།། དེ་སྐད་ཅེས་ནི་ཞུས་པའི་ལན།། ཀུན་བཟང་ཡུམ་གྱི་གདམས་ངག་ལ།། ཀྱེ་ཧོ་འདུས་པའི་འཁོར་ཚོགས་ཉོན། ། མ་གྲུབ་ཐོག་མའི་ཀ་དག་ནས།། དངོས་པོ་གཤིས་ཀྱི་འདུག་ཚུལ་ནི།། ངོ་བོ་སྟོང་པ་རང་བཞིན་གསལ།། ཐུགས་རྗེ་ཀུན་ལ་སྣང་ནུས་པ།། བྱས་པ་མེད་པར་རང་གསལ་བ། དེ་ཉིད་ནས་ནི་རང་བཞིན་གནས། ། སྟོང་པའི་ངོས་ནས་རྟག་མཐའ་བྲལ།། གསལ་བའི་ངོས་ནས་ཆད་མཐའ་བྲལ།། གསལ་སྟོང་ངང་ནས་འཛིན་ཆ་བྲལ།། ཐོག་མའི་ཀ་དག་གསལ་སྟོང་ཁྱབ།། སུས་ཀྱང་བྱས་པ་མེད་པ་ཉིད།། དེ་ནི་ཐོག་མའི་སྤྱི་གཞིའོ། ། ཞེས་རང་ཤར་བའོ།། ཨ་ཧོཿའདུས་པའི་འཁོར་ཚོགས་ཉོན།། གཞི་གཉིས་ལ་ནི་རྣམ་པ་གཉིས།། ཤེས་བྱའི་གཞི་དང་གནས་ལུགས་གཞི།། ཤེས་བྱ་འདོད་གཞུང་བསམ་ལས་འདས།། གནས་ལུགས་གཞི་ལ་གསུམ་དུ་སྟོན། ། ཐོག་མའི་གནས་པ་སྤྱི་གཞི་དང།། དེ་བས་མ་རིག་འཁྲུལ་གཞི་དང།། དེ་ཉིད་རྟོག་པའི་གྲོལ་གཞིའོ།། ཐོག་མ་ལ་ཡང་གཉིས་སུ་སྟོན།། ཡེ་ཐོག་དང་པོའི་གནས་ལུགས་དང།། རང་གི་རིག་པའི་གནས་ལུགས་གཉིས། ། ཡེ་ཐོག་གནས་ལུགས་གོང་དང་མཐུན།། སྟོང་དང་གསལ་བ་ཁྱབ་པ་གསུམ།། དབྱེར་མེད་ཉག་གཅིག་རང་བྱུང་ངོ།། ཀུན་ཁྱབ་ཡེ་ཤེས་འདི་ལྟར་གནས།། སྟོང་གསལ་ཡེ་ཤེས་ཆེན་པོ་ནི། ། ཡེ་ནས་རྣམ་པ་གསུམ་དུ་གནས།། ངོ་བོ་ཀ་དག་ཡེ་ཤེས་ནི།། མ་རིག་རྟོག་པ་ཀུན་དང་བྲལ།། རང་བཞིན་ལྷུན་གྲུབ་ཡེ་ཤེས་ནི།། སྟོང་གསལ་རང་མདངས་ཉིད་དུ་གནས།། ཐུགས་རྗེས་ཀུན་ཁྱབ་ཡེ་ཤེས་ནི། ། འགག་མེད་སྣང་སྟོང་ཉིད་དུ་གནས།། ཆོས་སྐུའི་ཡེ་ཤེས་ཀ་དག་བསམ་བརྗོད་བྲལ།། ལོངས་སྐུའི་ཡེ་ཤེས་འོད་ལྔ་མ་འདྲེས་གསལ།། སྤྲུལ་སྐུའི་ཡེ་ཤེས་སྣ་ཚོགས་ཟེར་དུ་ཤར།། ལྟ་བའི་ཡེ་ཤེས་དཔྱད་པའི་ཡུལ་དང་བྲལ། ། སྒོམ་པའི་ཡེ་ཤེས་དམིགས་མེད་ཟང་ཐལ་ལོ།། སྤྱོད་པའི་ཡེ་ཤེས་འཆར་སྒོ་མ་འགགས་པ།། མ་འགགས་ཡེ་ཤེས་ཆེན་པོ་ཉིད།། རང་གསལ་ཕྱོགས་རིས་འཛིན་དང་བྲལ།། རང་བྱུང་ཡེ་ཤེས་རང་ལས་བྱུང། ། དེ་ཤེས་ཡེ་ཤེས་ཙམ་དུ་བརྗོད།། ཡེ་ཤེས་གསུམ་པོ་དེ་དག་ལས།། བཏགས་པ་མིང་གིས་བསྒྲིབས་པ་སྟེ།། ཆོས་དབྱིངས་ཡེ་ཤེས་ངོ་བོས་སྟོང།། མེ་ལོང་ཡེ་ཤེས་རང་བཞིན་གསལ།། མཉམ་ཉིད་ཡེ་ཤེས་དབྱེ་བསལ་བྲལ། ། སོར་རྟོགས་ཡེ་ཤེས་མ་འདྲེས་གསལ།། བྱ་གྲུབ་ཡེ་ཤེས་བྱས་པ་མེད།། ཀུན་ཁྱབ་ཡེ་ཤེས་གནས་ལུགས་དང།། ཡེ་ཐོག་གཞིའི་གནས་ལུགས་གསལ་བར་བསྟན་པའི་ལེའུ་སྟེ་གཉིས་པའོ། །[xxx]།། ཀྱེ་ཧོ་འདུསཔ་འི་འཁོར་ཚོགས་ཉོན།། ཡེ་ཤེས་དེ་ལྟར་གནས་པ་ལ།། འཁྲུལ་མེད་འཁྲུལ་དང་གནས་པའི་ཚུལ།། ལེགས་པར་བཤད་ཀྱིས་གུས་པས་ཉོན།། ཐོག་མ་ཉིད་ནི་འདི་ལྟ་སྟེ།། ཡེ་མེད་སྟོང་པ་ནམ་མཁའ་ལ། ། ཆོས་སྐུ་ཞེས་ནི་མིང་དུ་བཏགས།། དེ་ཡི་རང་བཞིན་གསལ་མདངས་ལ།། ལོངས་སྐུ་ཞེས་ནི་མིང་དུ་བཏགས།། འོད་གསལ་འཁྲུལ་པའི་རང་གཟུགས་ལས།། སྤྲུལ་སྐུ་ཞེས་ནི་མིང་དུ་བཏགས། ། སྟོང་གསལ་མདངས་ལྔ་ལྡན་པ་ལས།། ལྷུན་གྲུབ་ཞེས་ནི་མིང་དུ་བཏགས།། སྟོང་པ་དེ་ལ་ངོ་བོ་ཟེར།། གསལ་བ་དེ་ལ་རང་བཞིན་ཟེར།། འོད་སྣང་དེ་ལ་ཐུགས་རྗེ་ཟེར།། མིང་ཡང་འཁྲུལ་པའི་གཞི་མར་བཤད། ། ཡེ་ཤེས་རང་བཞིན་གནས་པ་ལ།། གྲངས་དང་རིས་སུ་བཅད་པ་ལ། ཁ་དོག་རྣམ་དབྱེ་བྱཻ་བ་ཀུན།། ཐ་སྙད་ཚིག་ཕྱིར་འབྲངས་པའོ།། འཁྲུལ་པ་ཡིན་པས་དོན་ལ་སྒྲིབ།། ཡེ་ཤེས་ཉིད་གསལ་རིག་པ་འཁྲུལ། ། མ་རིག་སངས་ནས་ཡེ་ཤེས་ཉིད།། འཁྲུལ་པ་དག་པ་ཀ་དག་ཡིན།། ཀ་དག་ཟང་ཐལ་འགག་མེད་ལ།། ཆོས་སྐུའི་རིག་པ་མིང་དུ་བཏགས།། གསལ་མདངས་ལྷུན་གྲུབ་ཀུན་ཁྱབ་ལས།། ལོངས་སྐུའི་རིག་པ་མིང་དུ་བཏགས། ། མ་འགགས་རང་བྱུང་ཤར་བ་ལ།། སྤྲུལ་སྐུའི་རིག་པར་མཚན་དུ་གསོལ།། ཆོས་སྐུའི་རིག་པ་སྟོང་པ་ཡིན།། ལོངས་སྐུའི་རིག་པ་གསལ་བ་ཡིན།། སྤྲུལ་སྐུའི་རིག་པ་ཁྱབ་གསལ་ལོ།། སྟོང་པའི་རིག་པ་གསལ་བ་ཡིན། ། གསལ་བའི་རིག་པ་འོད་སྐུ་ཡིན།། འོད་སྐུའི་རིག་པ་སྣང་སྟོང་ཡིན།། གཞི་ཡི་རིག་པ་ཀ་དག་ཡིན།། ལམ་གྱི་རིག་པ་ལྷུན་གྲུབ་ཡིན།། ལྷུན་གྲུབ་རིག་པ་སྐུ་དང་ཡེ་ཤེས་ཡིན།། སྐུ་དང་ཡེ་ཤེས་རིག་པ་ལུག་རྒྱུད་ཡིན། ། རིག་པ་ཡེ་ཤེས་གཉིས་སུ་མེད།། གཉིས་འཛིན་འཁྲུལ་པ་འདི་ཉིད་དོ།། སྲིད་པའི་རྩ་བ་བདག་འཛིན་ཡིན།། དང་པོ་མ་རིག་དྲུག་ལས་བྱུང།། རྒྱུ་དང་རྐྱེན་གཉིས་ཚོགས་པའོ། ། རྒྱུ་ཡི་རྐྱེན་ལས་རྣམ་པ་གསུམ།། བདག་རྟོག་གཞན་རྟོག་དེར་འཛིན་གསུམ།། རྐྱེན་ལ་དེ་བཞིན་རྣམ་པ་གསུམ།། བདག་རྐྱེན་གཞན་རྐྱེན་དམིགས་པའི་རྐྱེན།། རྩ་བ་མ་རིག་མུན་པས་བསྒྲིབས།། ནམ་མཁའི་ངོ་བོ་སྟོང་གསལ་དང། ། ཉི་མའི་ངོ་བོ་སྒྲིབ་བྲལ་གཉིས།། མ་རིག་ཐིབས་པའི་མུན་པས་བསྒྲིབས།། དེ་ལ་སྟོང་གསལ་རང་མདངས་ལས།། འོད་ཁྱིམ་ཚུལ་དུ་གནས་པ་དེ།། དེ་ལས་འཛིན་བྱེད་ཤེས་པ་ནི།། རྟ་རྔ་ཙམ་གཅིག་འགྱུས་པ་སྟེ། ། བྱུང་ནི་འོད་ཁྱིམ་རང་ལས་བྱུང།། སྟོང་གྲོགས་ཡེ་ཤེས་རླུང་རིག་བྱས།། དོན་ལ་རིག་པའི་རྩལ་ཡིན་ནོ།། ཡེ་ཤེས་གསལ་བའི་ཡུལ་དྲུག་ལས།། གཉིས་འཛིན་སེམས་དེ་བྱུང་བའོ།། འོད་ཁྱིམ་ཁ་དོག་ལྔ་ལྡན་དེ། ། དངོས་པོ་ཅན་དུ་འདུག་སྙམ་ནས།། བདག་ནི་ཕ་གི་ཡིན་ནམ་སྙམ།། ཕ་གི་བདག་ལས་བྱུང་ངམ་ཅི།། རྟོགས་བྱེད་སྲིད་པ་གསུམ་དུ་འགྱུས།། དེ་ཡང་འཁྲུལ་པའི་གཞི་མར་བཤད།། ངོ་བོ་རང་བཞིན་ཐུགས་རྗེ་གསུམ། ། སྟོང་གསལ་འགག་པ་མེད་པ་ལས།། དངོས་པོ་མཚན་མ་ཅན་དུ་བཟུང།། རང་རིག་ཡེ་ཤེས་ཟང་ཐལ་ལ།། བདག་དང་གཞན་དུ་འཛིན་པའི་སེམས།། མ་རིག་པ་ཡི་རྒྱུ་ཡི་རྐྱེན།། རྒྱུ་ལས་ཨ་འཐས་དམིགས་པའི་རྐྱེན། ། ཡུལ་སྣང་དག་ལས་ཨ་འཐས་པས།། ཡེ་ཤེས་མ་རིག་ཡུལ་ལས་བཟུང།། དེར་འཛིན་རླུང་སེམས་འདུས་པ་ལས།། འབྱུང་བ་ལྔ་ཡི་སྦུབས་སུ་ཚུད།། ཡེ་ཤེས་རང་རྩལ་འབྱུང་བ་ལྔ། ཁ་དོག་རིམ་པ་ལྔ་རུ་ཤར། ། གོང་གི་རྟོག་བྱེད་གསུམ་པོ་ལས།། ཕྲ་རབ་རྡུལ་གྱི་ཆ་ཙམ་དུ།། རྟོག་དཔྱོད་རྣམ་པ་མང་དུ་ཤར།། འོད་ཁྱིམ་ཁ་དོག་ལྔ་པ་ལ།། མིང་རིས་དངོས་པོ་ཅན་དུ་བཟུང།། འོད་ལྗང་བྱ་གྲུབ་ཡེ་ཤེས་ལས། ། དེར་འཛིན་ཞུགས་པས་རླུང་གི་གཞི།། བྱི་བའི་ཁ་རླངས་ཙམ་དུ་བྱུང།། འོད་དཀར་མེ་ལོང་ཡེ་ཤེས་ལས།། དེར་འཛིན་ཞུགས་པས་ཆ་ཡི་གཞི།། དཀར་པོ་སྲན་འབྲུ་ཙམ་གཅིག་ཆགས།། འོད་ཟེར་མཉམ་ཉིད་ཡེ་ཤེས་ལས། ། དེར་འཛིན་ཞུགས་པས་ས་ཡི་གཞི།། སེར་པོ་ར་རིལ་ཙམ་གཅིག་གྲུབ།། འོད་དམར་སོར་རྟོགས་ཡེ་ཤེས་ལས།། འཛིན་པ་ཞུགས་པས་མེ་ཡི་གཞི།། དམར་པོ་མཐེབ་མོ་ཙམ་གཅིག་བྱུང།། མཐིང་ག་ཆོས་དབྱིངས་ཡེ་ཤེས་ནི། ། གདོད་མ་ཉིད་ནས་ཡེ་ཤེས་དང།། མཉམ་དུ་གནས་ཏེ་འཕོ་འགྱུར་མེད།། འབྱུང་ལྔའི་གཞི་མ་དཔེ་ལྔ་ལས།། རང་འོད་ཡེ་ཤེས་ལྔ་རུ་གསལ།། ཡཾ་རཾ་ཁཾ་གསུམ་ཨེ་རུ་ཤར།། འབྱུང་བ་ལྔ་པོ་དེ་དག་ནི། ། གཅིག་གིས་གཅིག་བསྐྱེད་བྱས་པ་ལས།། མི་མཇེད་འཇིག་རྟེན་ཁམས་སུ་ཆགས།། དེ་ཡང་རྒྱུ་རྐྱེན་མ་རིག་ཉིད།། ཡེ་ཤེས་རང་མདངས་འོད་ལྔ་ལས།། དེར་འཛིན་ཞུགས་པས་འབྱུང་བཞི་གྲུབ།། དེ་ཡང་འཁྲུལ་པའི་གཞི་མར་བཤད། ། ལྔ་ལ་རླུང་ཆགས་རྒྱ་གྲམ་ཚུལ།། རླུང་ལ་ཆུ་ཆགས་རྒྱ་མཚོར་འཁྱིལ།། ཆུ་ལས་ས་ཆགས་ང་ལའི་ཚུལ།། མེ་ནི་རླུང་གི་རྩལ་ཡིན་པས།། འབྱུང་བ་གསུམ་ལས་མཉམ་པར་ཁྱབ། ། རླུང་ཡང་ཀུན་གྱི་གྲོགས་ཡིན་ནོ།། [xxx་]ཀུན་ཏུ་བཟང་མོ་ཀློང་གསལ་ཉི་མའི་གསང་རྒྱུད་ལས་མ་རིག་འཁྲུལ་པ་གཏན་ལ་དབབ་པ། ལྷུན་གྲུབ་ཀྱི་སྦུབས་སུ་འཛིན་བྱེད་ཀྱི་ཤེས་པ་བསྟན་ནས། ཕྱི་སྣོད་ཀྱི་འབླིག་རྟེན་འཁྲུལ་ལུགས་བསྟན་པའི་ལེའུ་སྟེ་གསུམ་པའོ། །[་xxx་]ཀྱེ་ཧོ་འདུས་པའི་འཁོར་ཚོགས་ཉོན།། ཕྱི་ཡི་སྣོད་ལ་བརྟེན་ནས་ཀྱང།། ནང་བཅུད་སེམས་ཅན་འདི་ལྟར་བྱུང། ། འབྱུང་བཞི་འདུས་པའི་རང་བཞིན་གྱིས།། འོག་གི་འབྱུང་བ་རླུང་འགུལ་བས།། རྒྱ་གྲམ་རླུང་གི་ལྟེ་བ་ལ།། ཡེ་ཤེས་རང་རྩལ་དྲོད་བྱུང་བས།། སྟེང་གི་ཆུ་འདི་ས་ལ་ཕོག། ཆུ་ལ་རླངས་པ་མདུང་གང་བྱུང། ། དེས་ནི་ས་ཡི་ད་ལ་ཆགས། ཁ་གཏིང་མེད་པར་བུན་ནེ་བ།། དེ་ལས་འབྱུང་བཞི་མདོངས་འོད་འབར།། ཡེ་ཤེས་རང་འོད་ཤར་བ་དང།། འོད་རྣམས་འདྲེས་པའི་འོད་སྐོར་ནི།། རྦ་ཕུབ་ཙམ་པ་གསུམ་དུ་བྱུང། ། གཅིག་ནི་སྣང་ལ་རང་བཞིན་མེད།། དེ་ལས་འོད་གསལ་ལྷ་གནས་ཆགས།། ལྷ་ཡི་འོད་ཟེར་ཚུལ་དུ་ནི།། གཟུགས་མེད་སྐྱེ་མཆེད་མུ་བཞི་བྱུང།། དེ་ཡི་རིག་རྩལ་ཆོ་འཕྲུལ་ལ།། གཟུགས་ཁམས་གནས་རིགས་བཅུ་བདུན་བྱུང། ། གནས་རིགས་དེ་རྣམས་ཐམས་ཅད་དུ།། ཡེ་ཤེས་སྣང་བ་གནས་གྱུར་ཀྱང།། མ་རིག་བདག་འཛིན་དབང་གིས་ན།། རིགས་དྲུག་སེམས་ཅན་དཔག་མེད་བྱུང།། མ་རིག་འཁྲུལ་འཁོར་འདི་ལ་ཟད་མེད་འཕེལ་བ་མེད། ། དེ་ལ་དུག་ལྔ་དུག་གསུམ་བྱུང།། དེ་ལས་ཉོན་མོངས་སྟོང་ཕྲག་བརྒྱད་ཅུ་བྱུང།། རྩ་བ་འཛིན་བྱེད་ཤེས་པ་བུན་པ་གཅིག། དེ་ལས་དེ་སྐྱེས་འཁྲུལ་པའོ།། [xxx་]། ཀུན་ཏུ་བཟང་མོ་ཀློང་གསལ་ཉི་མའི་གསང་རྒྱུད་ལས། ནང་གི་བཅུད་ཀྱི་སེམས་ཅན་འཁྲུལ་ལུགས་བསྟན་པའི་ལེའུ་སྟེ་བཞི་པའོ།།།།། ཀྱེ་ཧོ་འདུས་པའི་འཁོར་ཚོགས་ཉོན།། འདི་ལྟར་སྟེང་དུ་འོད་སྐོར་གཉིས་ལ་ནི། ། ཉི་མ་དང་ནི་ཟླ་བ་བྱུང།། དེ་ཡང་ནམ་མཁའི་བཅུད་ཡིན་པས།། འོད་ཚོགས་ཚུལ་དུ་དབྱིངས་ལ་ཤར།། དེ་ཡང་ཡེ་ཤེས་རྩལ་ཡིན་ཕྱིར།། ཀུན་ལ་གསལ་བར་ནུས་པའོ།། རླུང་མདངས་ཡིན་པས་འགྲོ་བར་ནུས། ། མེ་མདངས་ཡིན་པས་དྲོད་དང་ལྡན།། ཉི་མ་མེ་ཡི་དྭངས་མ་ཡིན།། ཟླ་བ་ཆུ་ཡི་དྭངས་མ་ཡིན།། དེ་ཡི་རྩལ་ལས་གཟའ་སྐར་ཤར།། འབྱུང་གཞི་གཅིག་གྲོགས་གཅིག་ཡིན་ནོ།། འབྱུང་བཞི་རྒྱས་དུས་ཉི་མ་རིང། ། འབྱུང་བཞི་སྙོམས་དུས་ཉིན་མཚན་མཉམ།། འབྱུང་བཞི་འཁྲུགས་དུས་ཉི་མ་ཐུང།། དྲོད་མདངས་ཐམས་ཅད་ཉི་མའོ།། འབྱུང་བཞི་བྱེར་དུས་ཉི་མ་འཆི། ཁ་ཆར་བུ་ཡུག་ཐམས་ཅད་ཀུན།། དྲོད་བྱུང་འབྱུང་བའི་རྩལ་ཡིན་ནོ། ། དབྱར་ནི་འབྱུང་བ་རྒྱས་པའི་དུས།། མདངས་ལས་རྩི་ཤིང་མྱུ་གུ་དང།། མེ་ཏོག་ལོ་འབྲས་ཐམས་ཅད་སྨིན།། སྟོན་ནི་འབྱུང་བ་སྙོམས་པའི་དུས།། འབྲས་བུ་ཐམས་ཅད་བཅུད་དུ་སྨིན། ། དགུན་ནི་འབྱུང་བ་འཁྲུགས་པ་སྟེ།། རྩི་བཅུད་ཐམས་ཅད་ཉམས་པའོ།། དཔྱིད་ལ་འབྱུང་བ་བྱེར་བ་སྟེ།། མདངས་སྟོབས་ཐམས་ཅད་ཉམས་པའོ།། དེར་ཡང་མ་རིག་རྒྱུ་ལས་བྱུང།།[xxx་]་ཀུན་ཏུ་བཟང་མོ་ཀློང་གསལ་ཉི་མའི་གསང་རྒྱུད་ལས། ཉི་ཟླ་འབྱུང་བཞི་འཕེལ་འགྲིབ་བསྟན་པའི་ལེའུ་སྟེ་ལྔ་པའོ།།།།[་xxx་]ཀྱེ་ཧོ་འདུས་པའི་འཁོར་ཚོགས་ཀུན།། མ་ཡེངས་དགོངས་པས་ལེགས་པར་ཉོན། ། འཁྲུལ་ལུགས་རྣམ་པ་མང་བཤད་ཀྱང།། ཡེ་ཤེས་ལྔ་ཡི་རྩལ་ཉིད་ཡིན།། རྩལ་གྱིས་ཡེ་ཤེས་ངོ་མ་ཤེས།། དངོས་པོ་འཛིན་པ་ཅན་དུ་འཁྲུལ།། ཡེ་ཤེས་ལྔ་ལས་འབྱུང་བ་ལྔ།། འབྱུང་བ་ལྔ་ལས་སྐྱེ་གནས་བཞི། ། རིགས་དང་སེམས་ཅན་དཔག་མེད་འབྱུང། ཁམས་གསུམ་འཁོར་བའི་ཁང་པ་རུ།། རྒྱུད་དྲུག་སེམས་ཅན་རེ་མོས་འཁོར།། ཡིད་དང་གཟུགས་ཀྱི་འདམ་ལས་ཆགས།། རང་ངོ་མ་ཤེས་རང་རྒྱུད་འཁྲུལ། ། འཁྲུལ་པ་ལུས་ཀྱི་གྲུབ་ཚུལ་ནི།། ཡང་དག་པ་ནི་ངས་བཤད་དོ།། ལྔ་འདུས་མཚན་མ་སྦྱོར་བ་ལས།། ཉོན་མོངས་ལྔ་དང་ཡིད་དྲུག་དང།། ཡེ་ཤེས་ལྔ་ཡི་བདག་ཉིད་དོ།། ཆོས་ཉིད་གསལ་མདངས་འོད་ཁྱིམ་ལས། ། འོད་ཟེར་ཚུལ་དུ་ཡེ་ཤེས་ལ། འགག་པ་མེད་པ་ཤར་བ་དེ།། ཆོས་ཉིད་གཞི་མདངས་ཡིན་པས་ངོ་མ་ཤེས།། དེར་འཛིན་དྲི་མ་མ་རིག་པས།། འཛིན་བྱེད་ཤེས་པ་བྲེང་པ་གཅིག། བདག་དང་གཞན་དུ་བཟུང་བ་དེ། ། བདག་དང་ཉོན་མོངས་ལྔ་དང་ཡིད་དྲུག་དང།། བསྡོངས་ནས་ཤེས་པ་བྲེང་བ་གཅིག། ཕོ་མོ་སྦྱོར་བ་བྱེད་པ་ལ།། བདེ་བ་གཉིས་སྙོམས་འདྲེས་པའི་དུས།། ཡེ་ཤེས་རང་རྩལ་མ་རིག་པ།། གཉིས་འཛིན་སེམས་དེ་མངལ་དུ་འཐུམས། ། ཕ་མ་གཉིས་ཀྱི་ཐིག་ལེ་དང།། རྒྱུ་རྐྱེན་འདི་དག་རབ་ཏུ་འདྲེས།། མཚལ་དང་ཞོ་ཡི་ཚུལ་ལྟར་རོ།། འབྱུང་བ་བཞི་ཡི་ལུས་སུ་འོང།། ཞག་ནི་བདུན་ཚན་བརྒྱད་དག་ཏུ།། མེར་མེར་ནུར་ནུར་གོར་གོར་དང། ། ལྟར་ལྟར་མཁྲང་གྱུར་ཁྱབ་འཇུག་དང།། རུས་སྦལ་སྦལ་པ་ལྟ་བུ་དེ།། རིམ་པ་བཞིན་དུ་ལུས་རྒྱས་སོ།། ཞག་ནི་བདུན་ཚན་དང་པོ་ལ།། འབྱུང་བ་ཆུ་ཡིས་རབ་བསྡུས་ཏེ།། མེར་མེར་པོ་ཡི་ཐིག་ལེ་ནི། ། ཡུངས་འབྲུ་བརྒྱ་ཡི་ཆ་ཙམ་ཆགས།། འབྱུང་བཞི་རླུང་སེམས་འདུས་པ་ཡིས།། ལུས་པོ་ཆགས་པའི་རྟེན་སེམས་ཡིན།། ཞག་ནི་བདུན་ཕྲག་གཉིས་པ་ལ།། འབྱུང་བ་ས་ཡི་ས་རབ་བརྟེན་ཏེ།། ཡུང་འབྲུ་བཅུ་ཡི་ཆ་ཙམ་ཆགས། ། ཞག་ནི་བདུན་ཕྲག་གསུམ་པ་ལ།། འབྱུང་བ་མེ་ཡིས་རབ་སྨིན་ཏེ།། ཡུངས་འབྲུ་བརྒྱད་ཆ་ཙམ་དུ་ཆགས།། ཞག་ནི་བདུན་ཕྲག་བཞི་པ་ལ།། འབྱུང་བ་རླུང་གིས་རབ་གཏོར་ཏེ།། ཐིག་ལེ་དཀར་པོ་དངུལ་ཆུ་བཞིན། ། ཡུངས་འབྲུ་ཕྱེད་པ་གཅིག་ཏུ་ཆགས།། ཞག་ནི་བདུན་ཕྲག་ལྔ་པ་ལ།། འབྱུང་བ་ཆུ་ཡིས་རབ་བསྡུས་ཏེ།། ཡུངས་འབྲུ་གཅིག་གི་ཚད་དུ་ཆགས།། ཞག་ནི་བདུན་ཕྲག་དྲུག་པ་ལ།། མེ་རླུང་གཉིས་ཀྱིས་རབ་སྨིན་ཏེ། ། ཡུངས་འབྲུ་གཉིས་ཀྱི་ཆ་ཙམ་ཆགས།། ཞག་ནི་བདུན་ཕྲག་བདུན་པ་ལ།། འབྱུང་བཞི་འདུས་ནས་མེར་མེར་པོ།། ཡུངས་འབྲུ་གསུམ་གྱི་ཆ་ཙམ་ཆགས།། མིག་གཉིས་རབ་ཏུ་འཕྲ་བར་འགྱུར། ། ཞག་ནི་བདུན་ཕྲག་བརྒྱད་པ་ལ།། འབྱུང་བཞི་རབ་ཏུ་འཁྲུགས་པ་ཡི།། ཆུས་བཤིགས་སས་མནན་མེས་བསྡུས་བསྲེགས།། རླུང་གིས་གཏོར་ཞིང་མེད་པར་བྱས།། དེ་ནས་ཆུ་ཡིས་རབ་བསྡུས་ཏེ།། ནུར་ནུར་སྲན་མ་བཅུ་ཆ་ཆགས། ། ཤར་གྱི་རྩ་ནི་རི་བོང་རྡུལ།། སྟོང་དུ་བཏང་བའི་ཆ་ཙམ་ཆགས།། ཞག་ནི་བདུན་ཕྲག་དགུ་པ་ལ།། འབྱུང་བ་ས་ཡིས་སྲ་བར་བྱས།། སྲན་མ་དགུ་ཡི་ཆ་ཙམ་དང།། ལྷོ་ཡི་རྩ་ནི་གོང་ལྟར་ཆགས། ། ཞག་ནི་བདུན་ཕྲག་བཅུ་པ་ལ།། མེ་ཡིས་དྲོད་བསྐྱེད་བརྟན་པར་བྱས།། སྲན་མ། བདུན་ཆ་ཙམ་པ་དང།། ནུབ་ཀྱི་རྩ་ཡང་གོང་ལྟར་ཆགས།། ཞག་ནི་བདུན་ཕྲག་བཅུ་གཅིག་ལ།། འབྱུང་བ་རླུང་གིས་རབ་གཏོར་ནས། ། སྲན་མ་ལྔ་ཆ་ཙམ་གཅིག་ཆགས།། བྱང་གི་རྩ་ཡང་གོང་ལྟར་བསྐྱེད།། ཞག་ནི་བདུན་ཕྲག་བཅུ་གཉིས་ལ།། ལུས་ནི་སྲན་མ་རྡོག་པོ་ཙམ།། ནུར་ནུར་པོ་དང་ས་ཐག་ལྟར། ཁྱད་པར་མིག་གཉིས་གསལ་བར་ཆགས། ། ཞག་ནི་བདུན་ཕྲག་བཅུ་གསུམ་ལ།། འབྱུང་བཞི་འཁྲུགས་ཏེ་སླར་བཤིག་གོ། ཞག་ནི་བདུན་ཕྲག་བཅུ་བཞི་ལ།། རབ་ཏུ་འདུས་ཏེ་མཐེ་བོང་ཙམ།། རྩ་ཡང་ཤིན་ཏུ་རགས་པ་བསྐྱེད།། ཞག་ནི་བདུན་ཕྲག་བཅོ་ལྔ་ལ། ། རླུང་གིས་ཕྱེ་ཞིང་ཆུ་ཡིས་བསྡུས།། ས་ཡིས་བཟུང་ཞིང་མེ་ཡིས་སྨིན།། ལྟེ་བ་སྤྲུལ་པའི་འཁོར་ལོ་ལ།། རྩ་འདབ་དྲུག་ཅུ་རྩ་བཞི་ཆགས།། རླུང་སེམས་འདུས་པའི་སྤྱན་གཉིས་ཆགས།། ཞག་ནི་བདུན་ཕྲག་བཅུ་དྲུག་ལ། ། སྙིང་ག་ཆོས་ཀྱི་འཁོར་ལོ་སྟེ།། རྩ་འདབ་སུམ་བཅུ་རྩ་གཉིས་ཆགས།། ཞག་ནི་བདུན་ཕྲག་བཅུ་བདུན་ལ།། མགྲིན་པ་ལོངས་སྤྱོད་འཁོར་ལོར་ཆགས།། རྩ་འདབ་བཅུ་དྲུག་སྤྱན་གཉིས་ཆག། ཞག་ནི་བདུན་ཕྲག་བཅོ་བརྒྱད་ལ། ། སྤྱི་བོ་བདེ་ཆེན་འཁོར་ལོར་ནི།། རྩ་འདབ་སུམ་བརྒྱ་དྲུག་ཅུ་དང།། རླུང་སེམས་འདུས་པའི་སྤྱན་གཉིས་ཆགས།། ཞག་ནི་བདུན་ཕྲག་བཅུ་དགུ་ལ།། རླུང་གིས་བསྐྱེད་ནས་སོ་སོར་ཆེ། ། ཆུ་ཡིས་བསྡུས་ཤིང་ས་ཡིས་བཟུང།། མེ་ཡིས་སྨིན་ཅིང་མཁྲང་བར་བྱས།། དབུས་སུ་རྩ་གསུམ་ཀ་བ་དང།། འཁོར་ལོ་བཞི་ལ་དྲིལ་ཏེ་ཆགས།། ཞག་ནི་བདུན་ཕྲག་ཉི་ཤུ་ལ།། འབྱུང་བཞིའི་ལས་ཀྱིས་མཁྲང་གྱུར་ཞིག་ཁྱབ་འཇུག་ཉ་ལྟར་གྱུར་པའོ། ། ཞག་ནི་བདུན་ཕྲག་ཉེར་གཅིག་ལ།། སས་བཟུང་མེས་སྨིན་དབང་པོ་དོད།། ཞག་ནི་བདུན་ཕྲག་ཉེར་གཉིས་ལ།། ཆུས་བསྐྱེད་པས་སུ་ལུས་གྲུབ་སྟེ།། རུས་སྦལ་ལྟ་བུར་ཁྱུད་གང་གྱུར། ། ཞག་ནི་བདུན་ཕྲག་ཉེར་གསུམ་ལ།། མེ་ཡིས་སྨིན་ཅིང་ཡན་ལག་སྐྱེ།། ཞག་ནི་བདུན་ཚད་ཉེར་བཞི་ལ།། རླུང་གིས་བསྐྱེད་ནས་དབུ་མར་ཚུད།། དེ་དུས་ལུས་ཀྱི་འབྱུང་བ་སྙམས།། ཡེ་ཤེས་དག་ཀྱང་བསྐྱེད་པའོ། ། ཞག་ནི་བདུན་ཕྲག་ཉེར་ལྔ་ལ།། ཆུ་ཡིས་སྨིན་ཅིང་ས་ཡིས་ཐེན།། ཤ་དང་ཁྲག་ཀྱང་གྲུབ་པའོ།། ལུས་ནི་སྦལ་པ་ལྟ་བུ་སྟེ། མཐོ་གང་ཚད་དུ་བསྐྱེད་པའོ།། ཞག་ནི་བདུན་ཕྲག་ཉེར་དྲུག་ལ།། མེ་ཡིས་མིག་དང་ཤེས་པ་གསལ། ། རླུང་གིས་ཡན་ལག་དོན་སྙིང་ཐམས་ཅད་དང།། རྣམ་ཤེས་ཕུང་པོ་ཁམས་དང་སྐྱེ་མཆེད་གསལ།། ཞག་ནི་བདུན་ཕྲག་ཉེར་བདུན་ལ།། ཟས་ཀྱི་དྭངས་མ་བཅུད་དྲིལ་བས།། ལྤགས་པ་བ་སྤུ་སྐྲ་རྣམས་བསྐྱེད། ། ཉོན་མོངས་རླུང་གིས་འཕྲིག་འགུལ་བྱེད།། ཕལ་ཆེར་ཟླ་གསུམ་ཉེར་གཅིག་ན།། འཕྲིག་འགུལ་བྱེད་པར་བཤད་པའོ།། ས་དང་ཆུ་དང་མེ་དང་གསུམ།། རླུང་གིས་ཕྱེ་ཤིང་ལུས་སྨིན་ནོ།། དེ་ནས་བདུན་ཚན་དགུ་ལ་ནི། ། རླུང་གིས་ཕུལ་ནས་ཕྱིར་འབྱོན་ཏེ།། གཞུག་ནས་ཐོན་ཏེ་སྤྲུལ་པའི་སྐུ།། ཐོག་མར་རིག་རྩལ་ཡེ་ཤེས་ལྔ།། མ་རིག་འཁྲུལ་པས་བྱུང་བ་སྟེ།། འབྱུང་བ་ལྔ་ལས་བྱུང་བའོ།། དེས་ན་ལུས་འདི་སྤྲུལ་སྐུ་དངོས། ། ཡེ་ཤེས་ཆེན་པོའི་འབྱུང་གནས་ཉིད།། ལུས་ཅན་ཀུན་ལ་བཟང་ངན་མེད།། བདེ་གཤེགས་ངོ་བོ་འགྲོ་ཀུན་ལ།། ཏིལ་ལ་མར་གྱིས་ཁྱབ་བཞིན་གནས།། མ་རིག་གྲོལ་ཚེ་འབྱུང་བའི་ལུས།། ལྷག་མེད་ཡེ་ཤེས་ངང་དུ་ཟློག། ལུས་འདི་སྐུ་གསུམ་ཉིད་ཡིན་ནོ།། རྩ་ཁམས་ཐམས་ཅད་ལྷ་ཡི་སྐུ།། ལྟེ་བ་དག་ནས་རིམ་བཞིན་ཉིད།། གཟུང་འཛིན་སྲིད་པའི་སྦྱོར་མཚམས་སུ།། ལྟེ་བ་གྲུ་གསུམ་རྩ་རུ་ཆགས།། རླུང་སེམས་ཐིག་ལེ་རྣམ་པར་འཕྲོ། ། མིག་གི་རྣམ་པ་ལྟ་བུ་རུ།། མེར་ནུར་གོར་དང་རུས་སྦལ་ལྟར།། ལྟེ་བ་དག་ནས་འབྱུང་བཞི་བསྐྱེད།། རིམ་གཉིས་བསྐྱེད་ནས་སྤྲུལ་སྐུའི་ཚུལ།། ཟླ་དགུ་ངོ་བཅུ་ཞག་གི་གྲངས།། ཉིས་བརྒྱ་བདུན་ཅུ་དག་ལ་འབྱོན། ། བདུན་ཚན་སུམ་ཅུ་རྩ་དགུ་ལ།། ལུས་རྫོགས་རླུང་གིས་ཕུལ་བའོ།[་xxx་]། ཀུན་ཏུ་བཟང་མོ་ཀློང་གསལ་ཉི་མའི་གསང་རྒྱུད་ལས། འཁྲུལ་པ་ལུས་ཀྱི་གྲུབ་ཚུལ་བསྟན་པའི་ལེའུ་སྟེ་དྲུག་པའོ། །།།[xxx་]ཀྱེ་ཧོ་འདུས་པའི་འཁོར་ཚོགས་ཀུན།། ལེགས་པར་བཤད་ཀྱི་ཡིད་ལ་ཟུང་ཞིག་ཉོན།། གནས་ལུགས་སྤྱི་ཡི་གཞི་མ་ལས།། རྣམ་པ་གཉིས་སུ་ངས་བཤད་དོ།། ཐོག་མའི་སྤྱི་གཞི་གོང་དུ་བསྟན། ། རང་རིག་གནས་ལུགས་འདི་ལྟར་རོ།། རིག་པ་ཡེ་ཤེས་ཁྱབ་གདལ་ཆེ།། འཁོར་འདས་ཀུན་གྱི་སྲོག་ཡིན་ནོ། ཁྱད་པར་ལུས་དང་སེམས་ལ་ཁྱབ།། རིག་པ་ཉིད་ནི་འདི་ལྟར་རོ།། ངོ་བོ་རང་བཞིན་ཐུགས་རྗེ་གསུམ་དང་ལྡན། ། སེམས་ཅན་ཀུན་ལ་ཁྱབ་པར་གནས།། ལུས་ཅན་ཐམས་ཅད་རིག་པའི་རྩལ།། མངལ་ཞུགས་བྱང་ཆུབ་ལྔ་ལྡན་ཏེ།། ཟླ་བ་དགུ་ནི་ཐིག་ལེ་སྟེ།། ཟླ་བ་བཅུ་ནི་ས་བཅུའི་ཚུལ།། སྐྱེ་གནས་རང་བཞིན་སྤྲུལ་པའི་སྐུ། ། ལྷུན་གྲུབ་སྐུ་གསུམ་བདག་ཉིད་དོ།། རང་བྱུང་ཡེ་ཤེས་འབྱུང་བའི་མདངས།། ཡེ་ཤེས་རང་ལུས་ཡེ་ཤེས་ལ།། ད་ལྟ་འཁྲུལ་ཀྱང་ཡེ་ཤེས་རྩལ།། རང་ངོ་ཤེས་ན་ཡེ་ཤེས་ཉིད།། སེམས་ཅན་རང་རྒྱུད་རྟོག་ཚོགས་ནི། ། བཞི་བཅུ་རྩ་གཉིས་སངས་རྒྱས་ཏེ།། ཕུང་པོ་འབྱུང་བ་ཡབ་ཡུམ་ལྔ།། གདུག་ལྔ་སེར་སྣ་ཐུབ་པ་དྲུག། ཚོགས་བརྒྱད་སེམས་དཔའ་ཡབ་ཡུམ་བརྒྱད།། སྒོ་བཞི་སྒོ་བ་ཡབ་ཡུམ་བཞི། ། གཡས་གཡོན་ཉི་མ་ཟླ་བ་གཉིས།། རང་བྱུང་རིག་པའི་རང་རྩལ་ལས།། སྐུ་ལྔ་དང་ནི་ཡེ་ཤེས་ལྔ།། རིག་པ་འོད་ལྔ་རླུང་གི་ལྔ།། ཤེས་རབ་ལྔ་ལ་སོགས་པ་གནས།། རིག་པ་ཡེ་ཤེས་སྐུ་ལྔ་སྟེ།། རང་གི་རིག་རྩལ་སྐུ་ལྔར་ཤར། ། རྣམ་སྣང་མི་བསྐྱོད་རིན་ཆེན་འབྱུང།། སྣང་བ་མཐའ་ཡས་དོན་ཡོད་གྲུབ།། རིག་པ་ཡེ་ཤེས་རྟེན་ལྡན་ཉིད།། རིག་པའི་ཡོན་ཏན་འོད་ལྔར་ཤར།། རིག་པའི་རྩལ་ལས་ཡེ་ཤེས་གསུམ།། ངོ་བོ་སྟོང་པའི་ཡེ་ཤེས་དང། ། རང་བཞིན་གསལ་བའི་ཡེ་ཤེས་དང།། ཐུགས་རྗེ་ཀུན་ཁྱབ་ཡེ་ཤེས་སོ།། རིག་པ་སྐུ་གསུམ་འོད་གསུམ་ལྡན།། དམིགས་སུ་མེད་པ་ཆོས་སྐུའི་འོད།། མ་འགགས་གསལ་བ་ལོངས་སྐུའི་འོད། ། སྣང་བ་སྣ་ཚོགས་སྤྲུལ་སྐུའི་འོད།། སྐུ་དང་ཡེ་ཤེས་འོད་གསུམ་ནི།། དབྱེར་མེད་སུམ་བརྩེགས་ཚུལ་དུ་གནས། ཁམས་གསུམ་སེམས་ཅན་ཐམས་ཅད་ནི།། ཡེ་ཤེས་རིག་པའི་གནས་ཡིན་ནོ།། ལུས་ཅན་ཀུན་ལ་ཁྱབ་པར་གནས། ། ལུས་ནི་རྣམ་པ་ལྔ་རུ་བསྟན།། རང་བཞིན་ལྷུན་གྲུབ་འོད་ཀྱི་ལུས།། ཐོག་མེད་ཀུན་ཁྱབ་ཡིད་ཀྱི་ལུས།། དྭངས་སྙིགས་འབྱེད་པ་མི་ཡི་ལུས།། དམིགས་པའི་རྟེན་བྱེད་སེམས་དཔའི་ལུས།། སྣ་ཚོགས་འགྱུར་བ་སྤྲུལ་པའི་ལུས། ། ལུས་ནི་ཡེ་ཤེས་སྙིང་པོ་ཅན།། རང་བྱུང་ལྷུན་གྲུབ་རྩལ་ཡིན་ནོ།། ཀུན་ཏུ་བཟང་མོ་ཀློང་གསལ་ཉི་མའི་གསང་རྒྱུད་ལས། གནས་ལུག་གཞི་ལས་རང་གི་རིག་པ་གནས་པའི་ལེའུ་སྟེ་བདུན་པའོ། །།། ཀྱེ་ཧོ་འདུས་པའི་འཁོར་ཚོགས་ཉོན།། ཕྱི་རོལ་ཡུལ་སྣང་ཐམས་ཅད་ཀུན།། སེམས་ལ་འདི་ལྟར་ཚང་བའོ།། རིག་པའི་རང་རྩལ་རྒྱས་པ་ལས།། སེམས་ཞེས་མིང་དུ་བཏགས་པའོ། ། སེམས་ཅན་ཀུན་རིག་དྲི་མ་མེད།། ཕུང་པོ་འབྱུང་བ་ཡབ་ཡུམ་ལྔ།། རྩ་ཁམས་སྐྱེ་མཆེད་སེམས་དཔའི་ཚོགས།། སྲིད་པ་གསུམ་དང་ལུས་སེམས་སོ།། སེམས་ནི་དྲན་སེམས་རིག་པའི་རྩལ།། སྣང་ཤེས་དག་ཏུ་གྱུར་ཚད་ཀུན། ། རིག་པ་ཉིད་ལས་ལོགས་ན་མེད། ཁྱད་པར་རིག་པའི་ཡེ་ཤེས་ཉིད།། ལུས་ཅན་ཀུན་ལ་ཁྱབ་པ་སྟེ། ཁྱད་པར་འདི་ལྟར་ཉིད་དུ་གནས།། སྙིང་དང་རྩ་དང་དུང་ཁང་དང།། མིག་དང་བཞི་ཡི་གཞལ་མེད་དུ། ། ཡེ་ཤེས་ཆེན་པོ་དེ་ན་གནས།། སེམས་ཅན་ཀུན་གྱི་ལུས་ཀྱི་ནང།། ཙིཏྟ་དུང་ཁང་རྩ་ནང་སྒོ།། དེ་ནི་རིག་པའི་གནས་ཡིན་ནོ།། སེམས་ཀྱང་རིག་པའི་རང་རྩལ་ཡིན།། ངོ་བོ་སེམས་ནི་ཝལ་པོ་རྗེས་མེད་ཡིན། ། རང་བཞིན་སེམས་ནི་གསལ་རིག་སྟོང་པ་ཡིན།། ཐུགས་རྗེའི་སེམས་ནི་ཕྲ་རགས་ཐོགས་པ་མེད།། སེམས་ནི་རྟོག་བྱེད་གསལ་ལ་ངོ་བོ་སྟོང།། རིག་པ་ཉིད་དང་གཉིས་སུ་མེད།། རིན་ཆེན་ལུས་ཀྱི་ནང་དག་ན། ། ཡོངས་ལ་ཁྱབ་པའི་སེམས་གཅིག་པོ།། ངོ་བོ་སྟོང་གསལ་སྐུ་རུ་གནས།། རང་བཞིན་སྟོང་གསལ་ཐིག་ལེའི་འོད།། ཐུགས་རྗེ་སྣང་སྟོང་སྒྲོན་མ་འབར།། རང་རིག་ངོ་བོ་སྐུར་གནས་ཏེ།། གསལ་ལ་རང་བཞིན་མ་གྲུབ་པས། ། སྙིང་ནང་ཞི་བ་ཡབ་ཡུམ་ཚུལ།། དུང་ཁང་ཁྲོ་བོའི་ཚུལ་དུ་གྱི་གནས།། ལུས་ལ་གནས་པའི་རིག་པ་ཡང།། ཕྱི་ལྟར་ཁྲོ་བོའི་རང་བཞིན་ལ།། ནང་ལྟར་ཌཱ་ཀི་ཡབ་ཡུམ་མོ།། གསང་བ་ལྟར་ན་ཡི་གེ་ལྔ། ། ཡང་གསང་ཐིག་ལེ་ཉག་གཅིག་གོ། ཐམས་ཅད་རང་བྱུང་ཀ་དག་ཉིད།། རིག་པ་སྐུ་ཡི་རང་མདངས་ནི།། ཙིཏྟའི་ནང་ན་ཐིག་ལེ་དང།། འོད་ཟེར་ལྟ་བུར་གནས་པའོ།། རིག་པ་ཡེ་ཤེས་ཐིག་ལེའི་སྐུ།། སྟོང་གསལ་རང་མདངས་ཉིད་དུ་གནས། ། རིག་པ་སྐུ་ཡི་རང་མདངས་ཉིད།། རྩ་ཡི་ནང་དུ་ཉི་ཟེར་བཞིན།། དབང་པོའི་སྒོ་ལ་ངཻས་ཐོན་ཏེ།། ཐིག་ལེའི་སྒྲོན་མ་ནམ་མཁའི་དབྱིངས་སུ་གསལ།། རིག་པའི་སྐུ་ནི་བུམ་སྐུ་བཞིན། ། ཡེ་ཤེས་བུམ་པའི་མར་མེ་འདྲ།། ཐིག་ལེ་མེ་ལོང་དངོས་ལྟར་གསལ། རྩ་ཡི་གཙོ་བོ་གསུམ་ལ་ནི།། ཡན་ལག་གྲངས་ལས་འདས་པ་གྱེས།། སོ་སོའི་དབང་པོའི་སྒོར་སྟོན་བྱེད།། དེ་ཡིས་ཆོས་སུ་སྟོན་པར་བྱེད། ཁྱད་པར་སྙིང་ནས་འབྲེལ་བ་ཡི།། དར་སྐུད་བ་མན་ར་འདྲའི་ཁ།། དབང་པོ་མིག་ལ་ཟུག་པ་སྟེ།། དེ་ནི་ཆོས་ཉིད་གསལ་བའི་ལམ།། ཡིད་དཔྱོད་ཚིག་ཕྱིར་མ་ལུས་པ།། མངོན་སུམ་འཆར་བའི་སྒོ་ནི་མིག། གཞན་ལ་དེ་ལྟར་མ་ཡིན་ནོ།། དེ་ཡང་ཕྱི་ནང་གསང་བ་གསུམ།། དབང་པོ་ཕྱི་ཡུལ་གནས་དང་གསུམ།། རྐྱེན་བྲལ་གསུམ་ལ་འཆར་བར་འགྱུར།། ལུས་ངག་ཡིད་གསུམ་གནད་གཟིར་ཅིང།། མངོན་སུམ་གནད་དེ་བལྟ་བའི་ཐབས། ། བླ་མས་དེ་ལྟར་ངོ་སྤྲད་པས།། རྒྱང་ཞགས་ལ་ནི་སྒྲོན་མ་ཤར།། ཡུལ་སྣང་རང་མདངས་ཉིད་དུ་གསལ།། དེ་ཉིད་ཤེས་རབ་སྒྲོན་མ་ཡིན།། ཉམས་ཀྱི་སྣང་བ་གོང་འཕེལ་ལོ།། ཡུལ་དུ་སྒྲོན་མ་དག་པ་ནི། ། ལམ་སྣང་རིག་པ་ལུ་གུ་རྒྱུད།། ལམ་སྣང་ལྷུན་གྲུབ་རིག་མདངས་ལྔ།། ལམ་སྣང་ཐུགས་རྗེས་དབང་པོ་གསལ།། དེ་ལྟར་དབང་པོ་མངོན་སུམ་དུ།། གང་གིས་གོམས་པ་སངས་རྒྱའོ།། ཀུན་ཏུ་བཟང་མོ་ཀློང་གསལ་འབར་མ་ཉི་མའི་གསང་རྒྱུད་ལས། ཕྱི་རོལ་ཡུལ་སེམས་ལ་ཚང་བ་དང། རིག་པ་ཡེ་ཤེས་གནས་ལུགས་དང། ལམ་དང་འཆར་སྒོ་ཡུལ་གང་གསལ་ལེགས་པར་གཏན་ལ་ཕབ་པ་སྟེ་ལེའུ་བརྒྱད་པའོ། །།།[xxx་]། ཀྱེ་ཧོ་འདུས་པའི་འཁོར་ཚོགས་ཉོན།། རང་ལུས་རྒྱལ་བའི་དཀྱིལ་འཁོར་ལ།། ཡེ་ནས་རྣམ་དག་ཡེ་ཤེས་གནས།། དེ་ལ་ངོ་བོ་འདི་ལྟར་སྤྲོད།། ཐོས་མའི་ཀ་དག་ཡེ་ཤེས་ལྔ། ། དེ་ལ་དབྱེར་མེད་སྐུ་ལྔ་སྟེ།། དེ་གསལ་འོད་ལྔ་དེ་ཡུལ་ལྔ།། ཡེ་ཤེས་མཁའ་འགྲོ་ཤེས་རབ་ལྔ།། ཀུན་ཀྱང་ཡེ་ཤེས་རྩལ་ཡིན་ནོ།། དེ་ལྟར་ལུས་དང་སེམས་ལ་གནས།། རང་རིག་དྲི་མ་མེད་པ་འདི། ། མེ་ལོང་ཡེ་ཤེས་ཟང་ཐལ་ཡིན།། རང་རིག་དབྱེ་བསལ་བྲལ་བ་འདི།། མཉམ་པ་ཉིད་ཀྱི་ཡེ་ཤེས་འདི།། རང་རིག་གསལ་སྟོང་འགག་མེད་འདི།། སོ་སོར་རྟོགས་པའི་ཡེ་ཤེས་ཡིན།། རང་རིག་སྒྲུབ་རྩོལ་བྲལ་བ་འདི། ། བྱ་བ་གྲུབ་པའི་ཡེ་ཤེས་ཡིན།། རང་རིག་གྲུབ་པ་མེད་པ་འདི།། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཡིན།། ལམ་ལྔ་དག་ཀྱང་རང་ལ་ཚང།། རང་རིག་དྲི་མེད་གསལ་བ་འདི།། མེ་ལོང་ཡེ་ཤེས་ལམ་ཉིད་དོ།། སྟོང་པ་ཕྱོགས་ཆ་བྲལ་བ་འདི། ། མཉམ་ཉིད་ཡེ་ཤེས་ལམ་དུ་འདོད།། རང་རིག་གསལ་སྟོང་སོ་སོར་ཤར།། སོ་སོར་རྟོགས་པའི་ཡེ་ཤེས་ལམ།། རང་རིག་ཤར་གྲོལ་སྣང་ཚུལ་འདི།། བྱ་བ་གྲུབ་པའི་ཡེ་ཤེས་ལམ།། ཡེ་ནས་རང་རིག་བསྒོམ་བྲལ་འདི། ། ཆོས་དབྱིངས་ཡེ་ཤེས་ལམ་ཡིན་ནོ།། འདི་ལྟར་རང་རིག་ཡེ་ཤེས་འདི།། ཕྱི་ལྟར་འབྱུང་བ་ལྔ་རུ་སྣང།། ནང་ལྟར་ཕུང་པོ་ལྔ་ཡིན་ནོ།། གསང་བ་ལྟར་ན་དངས་མ་ལྔ།། ཡང་གསང་ལྟར་ན་ཡིག་འབྲུ་ལྔ། ། བླ་མེད་ལྟར་ན་མཁའ་འགྲོ་ལྔ།། རིགས་རྩལ་ཡེ་ཤེས་སེམས་ཉིད་དོ།། རྟེན་པ་ཕྱི་ཡི་ལུས་ལ་བརྟེན། ཁྲག་ནི་ཡུམ་ཆེན་མཱ་མ་ཀཱི།། དྲོད་ནི་ཡུམ་ཆེན་གོས་དཀར་མོ།། ས་ནི་སངས་རྒྱས་སྤྱན་མ་སྟེ། ། དབུགས་ནི་དམ་ཚིག་སྒྲོན་མ་སྟེ།། སེམས་ནི་ནམ་མཁའི་དབྱིངས་ཕྱུག་མ།། གཟུགས་ཕུང་རྡོ་རྗེ་སེམས་དཔའ་ཡིན།། ཚོར་བའི་ཕུང་པོ་རིན་ཆེན་འབྱུང།། འདུ་ཤེས་ཕུང་པོ་སྣང་མཐའ་ཡས།། འདུ་བྱེད་ཕུང་པོ་དོན་ཡོད་གྲུབ། ། རྣམ་ཤེས་ཕུང་པོ་རྣམ་སྣང་མཛད།། ཐུབ་པ་དྲུག་ཀྱང་རིག་རྩལ་དང།། ང་རྒྱལ་ལྷ་ཡི་ཐུབ་པ་ཡིན།། ཕྲག་དོག་ལྷ་མིན་ཐུབ་པ་ཡིན།། འདོད་ཆགས་མི་ཡི་ཐུབ་པ་ཡིན།། གཏི་མུག་བྱོལ་སོང་ཐུབ་པ་ཡིན། ། སེར་སྣ་ཡི་དྭགས་ཐུབ་པ་ཡིན།། ཞེ་སྡང་དམྱལ་བའི་ཐུབ་པ་ཡིན།། སྐྱེ་མཆེད་བཅུ་དྲུག་སེམས་དཔའ་སེམས་མའི་ཚོགས།། ཆུ་ཡི་སྒོ་ནི་ལྕགས་ཀྱུ་ཡབ་ཡུམ་ཡིན།། ས་ཡི་སྒོ་ནི་ཞགས་པ་ཡབ་ཡུམ་ཡིན།། མེ་ཡི་སྒོ་ནི་ལྕགས་སྒྲོག་ཡབ་ཡུམ་ཡིན། ། རླུང་གི་སྒོ་ནི་དྲིལ་བུ་ཡབ་ཡུམ་ཡིན།། ཕ་ཡི་སྒོ་ནི་ཐིག་ལེ་ཟླ་བ་ཡིན།། མ་ཡི་ཐིག་ལེ་ཉི་མ་ཡིན།། རིག་པ་ཡེ་ཤེས་སྐུ་ལྔ་སྟེ།། རིག་པ་ཅིར་ཡང་སྣང་བས་རྣམ་སྣང་ཡིན།། རིམ་པ་འགྱུར་བ་མེད་པ་མི་བསྐྱོད་སྐུ། ། རིག་པ་ཐོག་མཐའ་མེད་པས་སྣང་མཐའི་སྐུ།། རིག་པ་དགོས་འདོད་འབྱུང་བས་རིན་འབྱུང་སྐུ།། རིག་པ་ལྷུན་གྲུབ་ཡིན་པས་དོན་གྲུབ་སྐུ།། རིག་པ་རང་ཉིད་ཡིན་པར་རྟོགས་པས་བདེ་གཤེགས་རིགས། ། རང་རིག་འགྱུར་བ་མེད་པས་རྡོ་རྗེའི་རིགས།། རིག་པ་ཡོན་ཏན་འབྱུང་བ་རིན་ཆེན་རིགས།། རིག་པ་སྐྱོན་དང་བྲལ་བ་པདྨའི་རིགས།། རིག་རྩལ་མ་འགགས་ལས་ཀྱི་རིགས།། རིག་པ་ཡེ་ཤེས་འོད་ལྔ་ཤར། ། རིག་པ་དྲི་མེད་རང་འོད་དཀར།། རིག་པ་ཀུན་འབྱུང་རང་འོད་ཟེར།། རིག་པ་རྩལ་རྫོགས་རང་འོད་དམར།། རིག་པ་རང་གྲོལ་རང་འོད་ལྗང།། རིག་པ་ཀུན་ཁྱབ་རང་འོད་མཐིང། ། ཡང་ནི་རིག་པ་ཤེས་རབ་ཡེ་ཤེས་ལྔ།། འཁོར་འདས་གཉིས་སུ་ཕྱེ་བས་ན།། འབྱེད་པའི་ཤེས་རབ་རིག་པ་ཡིན།། ཐམས་ཅད་རིག་པ་རང་ཡིན་པས།། བསྡུས་པའི་ཤེས་རབ་རིག་པ་ཡིན།། རིག་པའི་རྩལ་ལས་ཐམས་ཅད་ཤར། ། བསྐྱོད་པའི་ཤེས་རབ་རིག་པ་ཡིན།། རིག་པས་འཁོར་འདས་སྲོག་གཅོད་པ།། སྒྲོལ་བའི་ཤེས་རབ་རིག་པ་ཡིན།། ཐམས་ཅད་རིག་པ་ཉིད་ཡིན་པས།། རང་བྱུང་ཤེས་རབ་རིག་པ་ཡིན།། རླུང་ལྔ་དག་ཀྱང་རིག་པ་སྟེ། ། རིག་པ་ཡེ་ཤེས་རང་དྲོད་ལྡན།། མེ་དང་མཉམ་པའི་རླུང་ཡང་ཟེར།། རིག་པས་འཁོར་འདས་སྲོག་འཛིན་པས།། སྲོག་འཛིན་རླུང་ཡང་རིག་པའོ།། རིག་པ་འཁོར་འདས་ས་མཚམས་འབྱེད། ། འབྱེད་པའི་རླུང་ཡང་རིག་པ་ཡིན།། རིག་པ་འཁོར་འདས་ཡོངས་ལ་ཁྱབ།། ཀུན་ལ་ཁྱབ་བྱེད་རླུང་ཞེས་ཟེར།། རིག་པ་འཁོར་འདས་མྱང་འདས་སྒྲོལ།། སྙིང་རྗེ་མེད་པའི་རླུང་ཞེས་ཟེར།། རིག་པ་ཡེ་ཤེས་མཁའ་འགྲོ་མ། ། རིག་པ་མི་འགྱུར་རང་བྱུང་སྐུ།། རྡོ་རྗེ་མཁའ་འགྲོ་རིག་པ་ཉིད།། རིག་པ་ཟང་ཐལ་སྣ་ཚོགས་འཆར།། རིན་ཆེན་མཁའ་འགྲོ་རིག་པ་ཉིད།། རིག་པ་སྐྱོན་བྲལ་རིག་མདངས་ལྔ།། པདྨ་མཁའ་འགྲོ་རིག་པ་ཡིན། ། རིག་པ་ཐོག་མེད་ཀུན་ལ་ཁྱབ།། ལས་ཀྱི་མཁའ་འགྲོ་རིག་པ་ཡིན།། རིག་པ་རང་བྱུང་སྐྱེ་གནས་བྲལ།། སངས་རྒྱས་མཁའ་འགྲོ་རིག་པ་ཡིན།། བདག་མེད་ཆོས་ཀྱི་སྐུ་གསལ་སྟོང།། རིག་པ་ཡིག་འབྲུ་རིག་ལྔར་གསལ། ། ཕྱི་དང་ནང་དང་གསང་བའོ།། ཕྱི་ལྟར་ཨོཾ་ཧཱུཾ་ཏྲཾ་ཧྲཱི་ཨ།། ནང་ལྟར་ཧ་རི་ནི་ས་ཧཱུཾ།། གསང་བ་ཨོཾ་དང་ཨཱཿདང་ཧཱུཾ།། རིག་པ་སྐུ་གསུམ་ཉིད་ཡིན་ཏེ།། སྟོང་པ་འགག་མེད་ཆོས་ཀྱི་སྐུ།། གསལ་སྟོང་འཛིན་མེད་ལོངས་སྐུ་སྟེ། ། རིག་རྩལ་འགག་མེད་སྤྲུལ་པའི་སྐུ།། སྟོང་གསལ་འགག་མེད་རིག་པའོ།། རིག་པ་འགྱུར་བ་མེད་པའི་གཞི།། རིག་པ་འགག་པ་མེད་པའི་ལམ།། རིག་པ་རང་རིག་སྟོང་པ་སྟེ།། འབྲས་བུ་ཞེས་སུ་བཏགས་པའོ། ། རིག་པ་ལྟ་སྤྱོད་སྒོམ་གསུམ་སྟེ།། དམིགས་སུ་མེད་པར་ལྟ་བ་སྟེ།། རང་བབ་གནས་པ་སྒོམ་ཞེས་སོ།། ངང་ལ་བཞག་པ་སྤྱོད་པའོ།། རིག་པ་ཡེ་ཤེས་ཉག་གཅིག་སྐུ།། མ་རིག་ཕུགས་དེད་ཡེ་ཤེས་དང། ། དུག་གསུམ་ངོས་བཟུང་སྐུ་གསུམ་དང།། དུག་ལྔ་ཕུགས་དེད་ཡེ་ཤེས་ལྔ།། ཡེ་ནས་རང་ལ་ཚང་བ་སྟེ།། གཞན་ནས་བཙལ་བས་ག་ལ་རྙེད།། ཡེ་ཤེས་རླུང་དེ་ཀུན་ལ་ཁྱབ།། འགྱུ་བ་དལ་རྟེན་ཡེ་ཤེས་རླུང། ། རང་བབ་ངང་གནས་རླུང་དུ་འདུས།། རྩ་དང་རླུང་དང་ཐིག་ལེ་དང།། སྐུ་དང་ཡེ་ཤེས་འདུ་བྲལ་མེད།། ཡེ་ནས་ཡེ་ཤེས་རྩལ་ཉིད་དོ།། ཡེ་ཤེས་རྩལ་གྱིས་ལུས་གྲུབ་པས།། རྩ་གྲུབ་དེ་ལ་ཐིག་ལེས་ཁྱབ།། རྒྱུ་ཡི་ཐིག་ལེ་ཡི་གེར་གནས། ། དེ་ལ་སྐུ་དང་ཡེ་ཤེས་ཀྱི།། ཐིག་ལེ་དག་ནི་གནས་པའོ།། ཀུན་རྫོབ་རྒྱུ་ཡི་ཐིག་ལེ་ནི།། འབྱུང་བ་ལྔ་ཡི་དངས་མ་ཡིན།། འཁོར་འདས་ཀུན་གྱི་སྲོག་འདུའོ།། ཐིག་ལེ་ཉིད་ཀྱང་ཡེ་ཤེས་སོ། ། ཡེ་ཤེས་ཉིད་ཀྱང་ལྷུན་གྲུབ་བོ།། ལྷུན་གྲུབ་ཉིད་ཀྱང་གསལ་སྟོང་ངོ།། གསལ་སྟོང་ཉིད་ཀྱང་རང་རིག་གོ། ཐམས་ཅད་རིག་པའི་རང་རྩལ་ཡིན།། རང་རིག་རྩལ་སྣང་ཤར་བ་ལ།། སེམས་ཞེས་མིང་དུ་བཏགས་པའོ། ། སེམས་ཞེས་མིང་དུ་བཏགས་པས་ནི།། འདི་ཡིན་མེད་པས་གསལ་སྟོང་སྟེ།། རྟོག་བྱེད་གསལ་ཡང་མཁན་པོ་སྟོང།། རྩལ་སྣང་རླུང་གི་རྟ་ལ་ཞོན།། རླུང་ཡང་རིག་པའི་རང་རྩལ་ཡིན།། རིན་ཆེན་ཟུར་བརྒྱད་སྙིང་གི་དཀྱིལ། ། ཀུན་ཁྱབ་ཡེ་ཤེས་ངོ་བོ་ནི།། ས་བོན་ཡི་གེའི་ཚུལ་དུ་གནས།། དེ་ཉིད་ངོ་བོ་ཤེས་པས་ཆོག། གཞི་ཡང་ཡེ་ཤེས་རང་ལས་བྱུང།། ཡེ་ཤེས་མ་རིག་འཁྲུལ་པ་ལས།། འབྱུང་བའི་མདངས་དང་ཡེ་ཤེས་འདྲེས། ། དེ་འཛིན་རྐྱཻན་གྱིས་ཤ་ལུས་གྲུབ།། ཡེ་ཤེས་ཙིཏྟ་སྙིང་ནང་དུ།། ཐིག་ལེ་དག་དང་མཉམ་དུ་གནས།། རྩ་སྒོར་གསལ་ཙམ་མ་ཡིན་པ།། ནང་གསལ་ཤ་ཁྲག་རྒྱ་ཡིས་འཐུམས།། དེ་ལྟར་ཡེ་ཤེས་གཏིང་གསལ་དེ། ། རྐྱེན་གྱིས་ཉམས་སུ་སུས་བླངས་པ།། ལྷག་མེད་དག་ཏུ་མྱ་ངན་འདས།། ཡེ་ཤེས་ཉིད་ལ་ཡེ་ཤེས་ཐིམ།། ལྷུན་གྲུབ་ཉིད་ཀྱང་སྦུབས་སུ་ནུབ།། ཀུན་ཏུ་བཟང་མོ་ཀློང་གསལ་འབར་མ་ཉི་མའི་གསང་རྒྱུད་ལས། རང་ལ་གནས་པའི་ཡེ་ཤེས་ངོ་སྤྲད་པའི་ལེའུ་སྟེ་དགུ་པའོ།།[་xxx་]། ཨ་ཧོ་འདུས་པའི་འཁོར་ཚོགས་ཀུན།། མ་ཡེངས་དགོངས་པས་ལེགས་པར་ཉོན།། མ་གྲུབ་ཐོག་མའི་འོག་དག་ཏུ། ། ཀུན་ཁྱབ་ཡེ་ཤེས་གནས་པ་ལ།། འཁྲུལ་མེད་འཁྲུལ་དང་གནས་པའི་ཚུལ།། ལམ་དང་འཆར་སྒོ་ཡུལ་གང་གསལ།། ལེགས་པར་དགོངས་ནས་རིམ་བཞིན་བསྟན།། ང་ནི་འདི་ལྟར་བཤད་པར་བྱ། ། ཉམས་ལེན་གོང་འཕེལ་གྲོལ་བའི་རྟགས།། རྐྱེན་གྱི་བར་ཆད་ཇི་ལྟ་བུ།། དྲིས་པའི་ལེན་དུ་ངས་བཤད་དོ།། ཐོག་མའི་ཀ་དག་སྟོང་གསལ་ལས།། འོད་ཁྱྀམ་ཁ་དོག་ལྔ་ལྡན་ལས།། གསལ་འཚེར་ལྷུན་སྡུག་འོད་ཟེར་འཕྲོ། ། དེ་ཡང་ཡེ་ཤེས་རྩལ་ཉིད་དོ།། རང་བྱུང་ཡེ་ཤེས་རང་ལས་བྱུང།། དེ་ཤེས་ཡེ་ཤེས་རྩལ་དུ་བརྗོད།། ཡེ་ཤེས་ལྔ་ལས་འབྱུང་བར་འཁྲུལ།། འབྱུང་བཞིའི་དྭངས་མ་སེམས་ཅན་གྲུབ།། སེམས་ཅན་སངས་རྒྱས་གཉིས་མེད་ཀྱང། ། མ་རིག་རྟོག་པའི་རྒྱ་ཡི་འཐུམས།། རྟོག་པའི་དྲི་མ་བསལ་དཀའ་བས།། རིམ་བཞིན་ཉམས་སུ་ལེན་པ་གཅེས།། སེམས་ལ་ཡེ་ཤེས་གནས་གྱུར་ཀྱང།། མ་སྦྱངས་བར་དུ་གསལ་མི་འགྱུར། ། ཏིལ་འབྲུ་འམ་ནི་ཡུངས་འབྲུ་ལ།། མར་ནི་ཡེ་ནས་ཁྱབ་གྱུར་ཀྱང།། མ་བཙིར་བར་དུ་མར་མི་འབྱུང།། འོ་མ་མར་གྱི་རང་བཞིན་ཏེ།། མ་བསྲུབས་པ་ལ་མར་མི་འབྱུང།། ས་གཞི་ས་བོན་ལྡན་གྱུར་ཀྱང།། སོ་ནམ་རིམ་བཞིན་མ་བྱས་ན། ། འབྲས་བུ་སྨིན་པར་ག་ལ་འགྱུར།། དེ་བཞིན་ཆོས་རྣམས་ཐམས་ཅད་ཀུན།། སེམས་ཅན་ཀུན་གྱི་རྒྱུད་ལ་གནས།། ཡེ་ནས་སངས་རྒྱས་རྒྱུ་ཡིན་ཀྱང།། བསྒོམ་བྱ་སྒོམ་བྱེད་ཐབས་ཀྱིས་བསྒོམ། ། རིམ་བཞིན་ཉམས་སུ་མ་བླངས་ན།། འབྲས་བུ་ཀ་དག་ག་ལ་ཐོབ།། ཡེ་ཤེས་རང་ངོར་གནས་གྱུར་ཀྱང།། འཁྲུལ་འཁོར་རིམ་པར་མ་གཅུན་ན།། ཡུལ་སྣང་བཞི་ལ་འཆར་མི་ནུས།། དེ་ལྟར་ཤར་བའི་ཡེ་ཤེས་དེ། ། ངོ་བོ་རིག་ཐོག་དོན་འཕྲོད་ན།། གང་ཤར་སྦྲུལ་མདུད་བཞིན་དུ་གྲོལ།། ཤར་གྲོལ་དུས་མཉམ་འཛིན་པ་བྲལ།། རིག་པ་རྟོག་ཚེ་འཛིན་པ་གྲོལ།། ཀུན་འབྱུང་སྲིད་རྩ་རྟོགས་པས་གྲོལ།། ཤེས་པ་ཀློད་པས་གནད་རྣམས་གྲོལ། ། གནས་ལུགས་བཅུན་པས་རང་ངོ་ཤེས།། ཀྱེ་མ་ཀྱེ་མ་རིག་མཆོག་རྣམས།། ཀུན་ཏུ་བཟང་མོ་ཀློང་གསལ་གྱི།། གསང་བ་ཡང་གསང་བླ་མེད་ཀྱི།། དགོངས་པ་མཐའ་རུ་ཕྱིན་པའི་ཕྱིར། ། སངས་རྒྱས་གནད་རྣམས་གཅིག་ཏུ་དྲིལ།། ཟབ་མོ་དགོངས་པའི་ཡང་བཅུད་འདི།། ཉམས་སུ་འདི་ལྟར་རང་བཞིན་ལོངས།། བླ་མ་མཚན་ཉིད་ལྡན་པ་ནི།། བློ་ཚེ་ཁོག་ཡངས་རང་རྒྱུད་དུལ།། བརྩེ་བའི་སེམས་ལྡན་རང་སྣང་དག། གནས་ལུགས་རྟོགས་པ་ཁོང་དུ་ཆུད།། ཤེས་རབ་རྒྱུད་སྨིན་དབང་པོ་དངས།། ཡོ་བྱད་རྫས་འཛོམ་སྣང་བ་འགྱུར།། དེ་ལྟ་བུ་ཡི་བླ་མ་ཡིས།། མཚན་ཉིད་ལྡན་པའི་སློབ་མ་ལ།། དབང་ཁྲིད་དམ་པ་རིམ་བཞིན་དབོག། མཚན་ཉིད་ལྡན་པའི་སློབ་མ་ནི།། ལེགས་པ་འདི་ལྟར་བརྟག་པར་བྱ།། གསང་སྔགས་སྙིང་པོའི་དོན་འདི་སྟོན་པ་ལ།། སྣོད་ཀྱི་དམ་པ་བསྟན་པ་མཆོག་ཏུ་གཅེས།། སྣོད་ཀྱི་མཚན་ཉིད་འདི་ལྟ་སྟེ། ། དམ་ཚིག་གཙང་ལྡན་དག་སྣང་ཆེ།། དུག་ལྔའི་ཤུགས་ཆུང་བློ་ཁོག་ཡངས།། དད་ལྡན་སྙིང་རྗེ་གཏོང་ཕོད་ཆེ།། རྒྱུད་དལ་སྡིག་འཛེམ་དབང་པོ་རྣོ།། གསང་ཐུབ་ཉམས་ལེན་བརྟུལ་ཞུགས་ཆེ།། སྐྱོ་ཤས་སྡུག་སྲན་སྙིང་རུས་ལྡན། ། རང་རྒྱུད་དུལ་ཞིང་སྙིང་རྗེར་ལྡན།། དེ་ལྟ་བུ་ཡི་སློབ་གྲོགས་མཆེད།། གསང་ཇགས་སྙིང་པོའི་སྣོད་དུ་རུང།། འགྲོ་བ་འདྲེན་པའི་གྲུ་ཆེན་མཆོག། སྣོད་དང་མི་ལྡན་སློབ་མ་ནི།། ཤེས་ཆུང་ཁ་སོང་སྟོང་སྐད་ཆེ། ཁ་མཁས་ལག་དམ་གཡོ་ཟོག་ཆེ།། ཇ་མའི་གསུང་གཅོག་དྲིན་དུ་རྩོད།། ཡོན་ཏན་མི་མཐོང་སྐྱོན་རྣམས་འདོགས།། ཇ་མ་དམན་ནས་རང་ལ་བསྟོད།། དོན་དམ་ཚིག་དང་ཉམས་ལེན་འཆལ།། སློབ་མ་མ་བརྟགས་སློབ་དཔོན་དགྲ། ། ཉམས་སུ་མི་ལེན་གང་ཟག་ལ།། རྫོགས་པ་ཆེན་པོ་འདི་དག་ནི།། དོན་དམ་གདམས་པ་བསྟན་མི་བྱ།། སྣོད་ངན་རྣམས་སུ་ཇུག་པ་ལ།། སྣོད་ཆག་བཅུད་འབོ་དམྱལ་བར་ལྟུང།། སྣོད་ངན་རྣམས་ལ་དོན་འདི་སྦོས། ། ས་མ་ཡ། རྒྱ་རྒྱ་རྒྱ། ཀུན་ཏུ་བཟང་མོ་ཀློང་གསལ་ཉི་མའི་གསང་རྒྱུད་ལས། གདམས་པ་ཉམས་སུ་བླངས་པ་གལ་ཆེ་བས། ཇ་མ་མཚན་ཉིད་དང་ལྡན་པ་ཡིས། སློབ་མ་སྣོད་དང་ལྡན་མི་ལྡན་བརྟག་པའི་ལེའུ་སྟེ་བཅུ་པའོ། །། [xxx་]། ཀྱེ་ཧོ་འདུས་པའི་འཁོར་ཚོགས་ཉོན།། སྣོད་བཅུད་ལྡན་པའི་དཔོན་སློབ་རྣམས།། གདམས་པ་ཉམས་སུ་ལེན་པ་ལ།། གནས་ཀྱི་ཁྱད་པར་གལ་ཆེ་བས། ། ལེགས་པར་མཚན་ཉིད་བརྟག་པ་གཅེས།། བཀྲ་ཤིས་བྱིན་ཆགས་ཡོན་ཏན་འབྱུང་བའི་ས།། གྲུབ་ཐོབ་གོང་མ་རྣམས་ཀྱི་ཞབས་ཀྱིས་བཅགས་པ་ཡི།། གངས་ཁྲོད་རི་རྩེ་དུར་ཁྲོད་དམ།། ཤིན་ཏུ་དབེན་ལ་དྭངས་ཤིང་མཐོ་བའི་སར། ། སྐལ་ལྡན་སྐྱེས་བུས་ཉམས་སུ་ལེན་པའི་གནས།། ཡོ་བྱད་འཛོམ་ཞིང་མི་རྒོད་གཙེ་བ་མེད།། དེ་ལྟ་བུ་ཡི་གནས་ཉིད་བསྟེན་པར་བྱ།། ཀུན་ཏུ་བཟང་མོ་ཀློང་གསལ་འབར་བ་ཉི་མའི་གསང་རྒྱུདུ་ལས། ། གནས་བརྟག་པའི་ལེའུ་སྟེ་བཅུ་གཅིག་པའོ།།།། ཨོཾ་ཨཱཿཧཱུཏ?། རྒྱ་རྒྱ་རྒྱ། ཀྱེ་ཧོ་འདུས་པའི་འཁོར་ཚོགས་ཉོན།། གསང་སྔགས་སྙིང་པོ་ཉམས་སུ་ལེན་པ་ལ།། དུས་ཀྱི་མཚན་ཉིད་རིམ་པ་བསྟན་པར་བྱ། ། བདག་གཞན་གནས་རྐྱེན་འཛོམ་པ་དང།། དུས་ཚོད་ཚེས་གྲངས་ཡར་ངོ་ལ།། ཚེས་བརྒྱད་བཅོ་ལྔ་སྟོང་གི་དུས། ཁྱད་པར་ཐོད་རྒལ་དབང་ཁྲིད་ངོ་སྤྲོད་ནི།། དབྱར་མ་སྟོན་དང་དགུན་ཆུང་དཔྱིད་ཀྱི་དུས། ། ཟེར་གཉིས་དུས་ནི་མཆོག་ཏུ་བཤད་པ་ཡིན།། དེ་སྒོ་ཡུལ་བདག་གཞན་རྐྱེན་བྲལ་བའི་དུས།། གསང་བ་ཡང་གསང་ཉམས་སུ་ལེན་པའི་དུས།། ཡང་གསང་དོན་འདི་ཉམས་སུ་ལེན་པ་ལ།། གསང་ཇགས་དབང་ལ་མ་བརྟེན་འགྲུབ་པར་ག་ལ་འགྱུར། ། དཔེར་ན་གཉེན་པ་ལག་སྐྱ་མེད་པ་ལྟར།། གྲུ་ཡིས་ཕ་རོལ་བགྲོད་པར་ག་ལ་འགྱུར།། སྤྲོས་བཅས་ཕྱི་ཡི་བུམ་དབང་དང།། སྤྲོས་མེད་ནང་གི་གསང་དབང་དང།། རབ་ཏུ་སྤྲོས་མེད་ཤེས་རབ་ཡེ་ཤེས་དབང། ། ཤིན་ཏུ་སྤྲོས་མེད་ཚིག་དབང་རིན་པོ་ཆེ།། སྣོད་ལྡན་བུ་ལ་བསྐུར་ཕྱིར་རིམ་པར་བསྟན།། དབང་དང་དུས་ཀྱི་ལེའུ་སྟེ་བཅུ་གཉིས་པའོ།།།།[xxx་]། ཀྱེ་ཧོ་འདུས་པའི་འཁོར་ཚོགས་ཉོན། ། གསང་བ་ཡང་གསང་སྙིང་པོའི་བཅུད་ཉིད་སྟེ།། ནོར་འཁྲུལ་མེད་པ་ཉམས་སུ་ལེན་པ་ལ།། ཡོ་བྱད་ཕུན་སུམ་ཚོགས་པ་ཤིན་ཏུ་གཅེས།། སྔ་མ་མཚན་ཉིད་ལྡན་ཞིང་རྒྱུ་དྲུག་ཚང། ། སློབ་གྲོགས་སྣོད་ལྡན་རྒྱུད་དྲུག་ལྡན་པ་ལ།། གནས་དུས་ཡུལ་རྐྱེན་བྲལ་བ་དང།། མེ་ཏོག་དབང་ཡོན་གཏོར་ཚོགས་དང།། ཉམས་ལེན་དུས་སུ་ཁམས་ཀྱི་རྟེན་གསོང་གྞལ།། དབང་རྫས་རོལ་མོ་སྒྲ་སྙན་ཡིད་འོང་བཅས། ། དེ་ལྟར་ཡོ་བྱད་ཐམས་ཅད་ཚོགས་གྱུར་ན།། བསམ་གཏན་འཕེལ་ཞིང་བརྟན་པ་མྱུར་དུ་ཐོབ།། མཚན་ལྡན་རྫས་བྲལ་རྐྱེན་དབང་ཉིད་དུ་གྱུར།། ཅེས་སོ།། ཡོ་བྱད་ཀྱི་རྫས་བསྟན་པའི་ལེའུ་སྟེ་བཅུ་གསུམ་པའོ། །།།[xxx་]། ཀྱེ་ཧོ་འདུས་པའི་འཁོར་ཚོགས་ཉོན།། གསང་སྔགས་ཕྱི་ནང་བར་གསུམ་དང།། ཡང་གསང་ཐིག་ལེ་ཉག་གཅིག་ཏུ།། ཐམས་ཅད་དྲིལ་ནས་སྙིང་པོའི་བཅུད།། ཉམས་སུ་འདི་ལྟར་ལེན་པར་བྱ། ། ཡོན་ཏན་འབྱུང་བའི་གནས་ཉིད་དུ།། ནང་ཚངས་ཅན་གྱི་སྟན་ལ་ནི།། མཉམ་བཞག་སྐྱིལ་མོ་ཀྲུང་དུ་བྱ།། ལུས་ངག་ཡིད་གསུམ་སྔོན་འགྲོ་ནི།། མི་རྟག་སྙིང་རྗེ་བྱམས་སེམས་སྒོམ། ། སྟོང་ཉིད་སྙིང་རྗེའི་ངང་ཅན་དེས།། སེམས་ཅན་ཀུན་ལ་བརྩེ་བར་བྱ།། ཡང་ཡང་སེམས་སྦྱང་མི་རྟག་བསྒོམ།། དེ་ཡང་ཇོན་དུ་འགྲོ་བ་གཅེས།། ཉམས་ལེན་ཉིད་ཀྱི་རྩ་བ་ནི།། གདམས་པ་སྦྱོར་དངོས་མཇུག་གསུམ་མོ། ། སྦྱོར་བ་གོང་དུ་བསྟན་ནས་ཀྱང།། དངོས་གཞི་འདི་ལྟར་བཤད་པར་བྱ།། ལུས་ནི་མ་རིག་རྒྱུས་བསྐྱེད་ཕྱིར།། རིགས་དྲུག་ས་བོན་ཉིད་དུ་གནས།། སྤྱི་བོ་མགྲིན་པ་སྙིང་ག་དང།། ལྟེ་བ་གསང་གནས་རྐང་མཐིལ་དྲུག། ཨ་ཏྲི་ནརྀ་སུ་པྲེ་དུ་དྲུག་གནས་སོ། ཁ་དོག་དཀར་མཐིང་ལྗང་གུ་དང།། སེར་པོ་དམར་ནག་དུད་ཁ་དུག། ས་བོན་དྲུག་པོ་མ་དག་པས།། རྒྱུན་དུ་རིགས་དྲུག་འཁོར་བ་འཁྱམས།། ས་བོན་དེ་དྲུག་སྦྱང་སླད་དུ། ། རིག་པ་སྐུ་གསུམ་དངོས་ཡིན་ཕྱིར།། སྐུ་གསུམ་ཡི་གེ་གསུམ་དུ་གནས།། ཡི་གེ་རྩལ་སྦྱང་རུ་ཤན་དབྱེ།། དབྱེ་བ་དངོས་ནི་འདི་ལྟར་རོ།། བདག་ཉིད་ཐ་མལ་པ་ཡི་ལུས།། གནས་དྲུག་ཡིག་དྲུག་གསལ་བར་བསྒོམ། ། བདག་ཉིད་སྤྱི་གཙུག་ཨོཾ་དཀར་བསྒོམ།། མགྲིན་པར་ཨཱཿདམར་སྙིང་གར་ཧཱུ[¿]་མཐིང་བསྒོམ།། ཡི་གེ་གསུམ་ལ་ཡེ་ཤེས་མེ།། དཀར་དམར་མཐིང་ག་གསུམ་འབར་བས།། རིགས་དྲུག་ས་བོན་དྲུག་པོ་དང། ། ལུས་ངག་ཡིད་གསུམ་སྡིག་སྒྲིབ་དང།། མ་རིག་པ་ཡི་བག་ཆགས་རྣམས།། གཞོབ་ཏུ་ཐུལ་དུ་བསྲེག་པར་བསྒོམ།། ཨོཾ་ཨཱཿཧཱུཾ་གསུམ་བདུན་འབུམ་བཟླས།། དེ་ལྟར་སུ་ཡིས་བྱས་པའི་མི།། ལུས་ངག་ཡིད་གསུམ་རུ་ཤན་ཕྱེད། ། རིགས་དྲུག་འཁོར་བའི་སྐྱེ་སྒོ་ཆོད།། ཐུན་མོང་མཆོག་ལ་སྦྱོར་བར་ནུས།། ས་མ་ཡ། ཀློང་གསལ་འབར་མ་ཉི་མའི་གསང་རྒྱུད་ལས། ཨོཾ་ཨཱཿཧཱུཏ?་རྩལ་སྦྱང་བའི་ལེའུ་སྟེ་བཅུ་བཞི་པའོ། །།། ཨ་ཧོ་འདུས་པའི་འཁོར་ཚོགས་ཉོན།། དངོས་གཞི་ཟག་མེད་ཡེ་ཤེས་འདི།། རྒྱུད་ལ་བརྟེན་ཅིང་ལྟ་འདོད་ན།། ཉན་ཐོས་ཞི་བའི་ལྟ་སྟངས་ཀྱིས།། ལུས་ངག་ཡིད་གསུམ་རྣལ་དུ་དབབ། ། ལུས་ནི་རྣམ་སྣང་ཆོས་བདུན་རྟེན།། ཕྱག་རྒྱ་མཉམ་བཞག་སྐྱིལ་ཀྲུང་བཅས།། གཞུང་བསྲང་མགྲིན་དགུག་མཇིང་པ་དགྱེ།། བསྒུལ་བསྐྱོད་མི་བྱ་ལྷན་ནེར་གནས།། ངག་ནི་སྨྲ་བ་རྒྱུན་བཅད་ནས།། སྒྲ་སྐད་གང་ཡང་མི་བྱའོ། ། སེམས་ནི་དྲན་གསལ་མི་སྤྲོ་ཞིང།། མིག་གཉིས་སྣ་ཡི་རྩེ་ལ་གཏད།། སྣ་ཡང་སེམས་ཀྱི་རྩེ་ལ་གཏད།། གཅིག་ཏུ་དྲིལ་ལ་མཉམ་པར་གཞག། དེ་ལྟར་ཉན་ཐོས་ཞི་བ་ཡི།། ལྟ་སྟངས་ཉིད་ཀྱིས་ལུས་ངག་ཡིད། ། རྣལ་དུ་ཕབ་སྟེ་བསྒོམ་པའི་ཐབས།། ཡང་དག་པ་ནི་དེ་ལྟར་རོ།། [xxx་]ཡང་གཅིག་འདུས་པའི་འཁོར་ཚོགས་ཉོན། ཁྲོ་བོ་ཉིད་ཀྱི་ལྟ་སྟངས་ཀྱིས།། ལུས་ངག་ཡིད་གསུམ་རྣལ་དབབ་ཅིང། ། རྣམ་པ་གསུམ་དུ་ཤེས་པར་བྱ།། སུས་ཀྱང་གཡོ་འགུལ་མེད་པར་འགྱིང།། རི་བོ་ལྟ་བུར་བརྟན་པར་བྱ།། ནམ་མཁའ་ལྟ་བུར་ཁྱབ་པར་བྱ།། རྒྱ་མཚོ་ལྟ་བུར་གང་བར་བྱ།། ངག་ནི་ཁྲོ་བོའི་གད་རྒྱངས་ཚུལ། ། ཧ་ཧ་ཧི་ཧི་ཧཱུཾ་དང་བཅས།། ཕཊ་དང་བཅས་པ་བརྗོད་པར་བྱ།། སེམས་ནི་མིག་གི་ནང་དུ་གཏད།། མིག་གཉིས་བར་སྣང་དབྱིངས་སུ་བགྲད།། མི་འགུལ་བར་ནི་མདུང་ཚུགས་གཏད།། རྣམ་རྟོག་ཐམས་ཅད་ཟིལ་གྱིས་གནོན། ། གསལ་སྟོང་ཆེན་པོའི་ཉམས་སྣང་འཆར།། ཐུན་མོང་མཆོག་ལ་སྦྱོར་པར་འགྱུར།། ས་མ་ཡ། རྒྱ་རྒྱ་རྒྱ།། ཨ་ཧོ་འདུས་པའི་འཁོར་ཚོགས་ཉོན།། ཉན་ཐོས་ཉིད་ཀྱི་ལྟ་སྟངས་ཀྱིས། ། ལུས་ངག་ཡིད་གསུམ་རྣལ་དབབ་ཅིང། ཁྲེགས་ཆོད་ཉིད་ཀྱི་དངོས་གཞིའོ།། ལུས་ནི་མི་འགུལ་དལ་བར་བྱ།། ངག་ནི་མི་སྨྲ་རང་སར་བཞག། སེམས་ནི་མི་སྤྲོ་རང་སར་ཀློད།། མིག་གཉིས་ཟིམ་བུ་སེམས་ལ་གཏད། ཁ་ནི་ཡུད་ཙམ་གདངས་པ་ལ།། སོ་ཡི་བར་དུ་ནས་ཐར་ཙམ།། སྒོ་གསུམ་རླུང་གིས་དལ་བ་ལ།། ཡིད་ཙམ་ཕྱིར་ལ་འདུར་བའོ།། དེ་ལྟར་ཡུན་དུ་ཡང་ཡང་སྦྱངས།། དེ་ནས་རྟོག་པ་རྩད་གཅོད་པ། ། རྣམ་རྟོག་བླ་ཕྱི་དབུས་གསུམ་ནི།། གཟུགས་དང་ཁ་དོག་ཇི་ལྟར་འདུག། དང་པོ་བྱུང་ས་གང་ནས་བྱུང།། བར་དུ་གནས་ས་གང་ན་གནས།། ཐ་མར་འགྲོ་ས་གང་དུ་འགྲོ།། སྐྱོན་དང་ཡོན་ཏན་ཅི་འདྲ་འདུག། ལེགས་པར་བརྟག་ཅིང་ཡང་ཡང་བསྒོམ།། དེ་ལྟར་བསྒོམ་པས་རྣམ་རྟོག་ཀུན།། ཐམས་ཅད་ལུས་དང་སེམས་ལས་བྱུང་ས་རུ།། ལེགས་པར་ཐག་བཅད་སེམས་སུ་དྲིལ།། ལུས་འདི་མ་རིག་རྒྱུས་བསྐྱེད་པས། ། སེམས་ཀྱི་གནས་ས་རྩལ་དུ་འདོད།། སེམས་མེད་ལུས་འདི་ཅི་འདྲ་བརྟག། བེམས་པོ་འདྲ་བར་ཐག་ཀྱང་བཅད།། སེམས་སྟོང་ཐོག་མཐའ་སེམས་དང་སྦྱར།། ལུས་མེད་སེམས་འདི་ཅི་འདྲ་བརྟག། རླུང་དང་ནམ་མཁའ་ངོས་ཡང་བཟུང། ། སེམས་སུ་ཐག་བཅད་ཚར་རྗེས་སུ།། རྣམ་རྟོག་ཐམས་ཅད་སེམས་ལ་སྦྱར།། སེམས་དང་རྣམ་རྟོག་གཅིག་ཏུ་དྲིལ།། དེ་ནས་སེམས་ཀྱི་བྱུང་ས་དང།། གནས་ས་འགྲོ་ས་འགྲོ་མཁན་དང། ། གཟུགས་དང་ཁ་དོག་དངོས་པོ་དང།། སྐྱོན་དང་ཡོན་ཏན་ཅི་འདུག་བརྟག། ཡང་ཡང་དམིགས་པ་གཏད་ཅིང་བསྒོམ།། སེམས་ལ་བྱུང་ས་མ་རྙེད་ན།། སེམས་ཉིད་སྟོང་པར་ཐག་ཀྱང་བཅད།། སྟོང་པ་ངོས་བཟུང་བྲལ་བ་དེ། ། ཆོས་ཀྱི་སྐུ་རུ་ངོ་ཡང་སྤྲད།། རྒྱུན་དུ་དེ་ལ་གནས་པར་བྱ།། དེ་ནས་སེམས་ལ་གནས་པ་ནི།། ཡོད་དམ་བྱས་ན་དངོས་པོ་སྟོང།། མེད་དམ་བྱས་ན་རྟོག་བྱེད་གསལ།། སྟོང་གསལ་ངོས་བཟུང་བྲལ་བ་དེ། ། ལོངས་སྤྱོད་རྫོགས་པའི་སྐུ་རུ་ནི།། སྟོང་གསལ་འགག་མེད་ངོ་ཡང་སྤྲད།། རྒྱུན་ཏུ་དེ་ཉིད་ངང་གནས་བྱ།། དེ་ནས་སེམས་ཀྱི་འགྲོ་ས་ནི།། མེད་དོ་བྱས་ན་ཡོད་པ་སེམས།། དགེ་བཅུ་སྤྱད་པས་ཐར་པ་ཐོབ།། མི་དགེ་སྤྱད་པས་ངན་སོང་ལྷུང། ། དེ་ལྟར་ལེགས་ཉེས་ལས་རྣམས་ཀུན།། སེམས་ཀྱིས་བྱས་པ་གང་དུ་འགྲུབ།། དེ་ནས་སྤྲུལ་པའི་སྐུ་དང་འདྲ།། ད་ལྟའི་ཤེས་པ་སྐད་ཅིག་ལ།། སེམས་དང་དྲན་བསམ་དཔག་མེད་འཆར། ། སེམས་ཀྱིས་སེམས་ལ་ཕར་བལྟས་པས།། ཐོགས་མེད་དངོས་པོར་མ་གྲུབ་པས།། འགྱུ་བ་དྭངས་སངས་བསེར་བུ་འདྲ།། དེ་བཞིན་སེམས་ཀྱི་མིང་དང་གཟུགས། ཁ་དོག་སྐྱེས་མཆེད་བཅས་པ་ནི། ། འགྲོ་བྱ་འགྲོ་བྱེད་མཁན་པོ་མེད།། དེས་ན་སེམས་ཉིད་སྐྱེ་འགག་མེད།། སྤྲུལ་པའི་སྐུ་དང་ངོ་ཡང་སྤྲད།། དེ་ལྟར་སྐུ་གསུམ་སེམས་ལ་འཆར།། སེམས་ལ་ངོས་གཟུང་མེད་པ་དེ།། ངོ་བོ་སྟོང་པ་ཆོས་ཀྱི་སྐུ། ། སེམས་ཀྱི་རྟོག་བྱེད་གསལ་བས་ན།། རང་བཞིན་གསལ་བ་ལོངས་སྤྱོད་རྫོགས།། སེམས་ཀྱི་རྩལ་སྣང་ཐོགས་མེད་འགྱུ།། ཐུགས་རྗེ་ཀུན་ཁྱབ་སྤྲུལ་པའི་སྐུ།། སྐུ་གསུམ་རང་བཞིན་བྱང་ཆུབ་སེམས་ཉིད་ཡིན། ། གསལ་སྟོང་འགག་མེད་ངང་དུ་ནི།། བཅོས་བསླད་མེད་པར་ལྷན་ནེ་བ།། གཡོ་འགུལ་མེད་པ་ཝ་ལེ་བ།། བོ་ཟག་མེད་པ་མེ་རེ་བ།། གསལ་སྟོང་མེད་པར་འཁྱིལ་ལེ་བ།། ལྷན་ནེ་ཁྱབ་བེ་མེ་རེ་བ།། ས་ལེ་སིང་ངེ་ཧྲིག་གེ་བ། ། ཐ་ལེ་ཁྱུག་གེ་ཁྲོལ་ལེ་བ།། འབོལ་ལེ་ཤིག་གེ་ངང་ལ་གནས།། དེ་ལྟར་བྱས་པ་མེད་པ་དེ།། རང་བྱུང་རང་ཤར་རང་གྲོལ་ཉིད།། རྣམ་རྟོག་སེམས་སུ་ངོ་སྤྲད་པས།། སེམས་ཀྱི་ངོ་བོ་སྟོང་པར་རྟོགས། ། སྟོང་པ་གསལ་བ་ངོ་སྤྲད་ནས།། སྟོང་གསལ་གཉིས་མེད་དོན་ཀྱང་རྟོགས།། གཉིས་མེད་རང་གྲོལ་ངོ་སྤྲོད་པས།། ཐམས་ཅད་འཛིན་པ་མེད་པར་རྟོགས།། དུག་ལྔ་ཉིད་ཀྱང་རང་སར་གྲོལ།། ཚོགས་དྲུག་ཉིད་ཀྱང་རང་སར་གྲོལ། ། ཕྱི་ནང་ཀུན་རྟོག་ཡེ་སྟོང་གྲོལ།། རང་གྲོལ་ཡིན་པས་གཉེན་པོ་མེད།། ཡེ་གྲོལ་ཡིན་པས་དཔྱད་གཞི་མེད།། གཅེར་གྲོལ་ཡིན་པས་མཐོང་སར་ཡལ།། ཡང་གྲོལ་ཡིན་པས་འབད་རྩོལ་ཟད། ། རང་ངོ་ཤེས་པས་རང་སར་གྲོལ།། སྣ་ཚོགས་རིག་པའི་རྩལ་ཡིན་ཕྱིར།། རིག་པ་ཉིད་ཀྱང་རང་སར་གྲོལ།། སྟོང་པ་ཐིག་ལེ་ཉག་གཅིག་ཡིན།། ཉག་གཅིག་འཁོར་འདས་ཀུན་གྱི་གཞི།། གཞི་ཡང་གསལ་སྟོང་ངང་དུ་གྲོལ། ། གསལ་སྟོང་ཆོས་རྣམས་ཀུན་གྱི་གཞི།། གཞི་ཡང་ཕྱོགས་རིས་འཛིན་པ་བྲལ།། ངང་ཉིད་འདི་ལ་རྒྱུན་དུ་གནས།། ཞེས་སོ།། ཀློང་གསལ་འབར་མ་ཉི་མའི་གསང་རྒྱུད་ལས། གཞི་ཁྲེགས་ཆོས་ཀྱི་ལེའུ་སྟེ་བཅོ་ལྔ་པའོ། །།།། ཨ་ཧོ་འདུས་པའི་འཁོར་ཚོགས་ཉོན།། གོང་ལྟར་ཇཽན་འགྲོའི་རིམ་པ་ནས།། གཟིགས་སྟངས་གསུམ་གྱིས་རྣལ་དབབ་ནས།། དངོས་གཞི་ཁྲེགས་ཆོད་ཉིད་ལ་ནི། ། གནས་ས་རྟེན་ས་གྲོལ་ས་གསུམ།། ལུས་ངག་ཡིད་གསུམ་གདེང་ཐོབ་ནས།། ཐོད་རྒལ་ཉིད་དུ་འཇུག་པ་སྟེ།། ཕྱི་ནང་བྱ་བ་ཀུན་བཏང་ལ།། འདི་ལྟར་རིམ་བཞིན་བསླབ་པར་བྱ།། ལུས་ནི་སྐུ་གསུམ་ལུས་ཡིན་པས། ། འཁྲུལ་འཁོར་གསུམ་དང་འབྲལ་མི་བྱ།། དང་པོ་ཆོས་སྐུའི་འཁྲུལ་འཁོར་ནི།། སེང་གེ་ཁྱི་ཚུག་འདུག་པ་ལྟར།། ཡན་ལག་མཐིལ་བཞི་ས་ལ་བཙུགས།། སྒལ་པ་བསྲང་ལ་དཔུང་གཉིས་བརྒྱང། ། མསྔིང་པའི་ལྗིད་ནི་རྒྱབ་ཏུ་བོར།། མིག་གཉིས་སྨིན་ཕྲག་མཁའ་ལ་གཏད།། འགྱུར་ལྡོག་མེད་པར་ཧ་རེ་བགྲད།། ལུས་ངག་ཡིད་གསུམ་གཅིག་ཏུ་དྲིལ།། དེ་ལྟར་བྱས་པའི་ཡོན་ཏན་ནི།། འཁྲུལ་སྣང་འཇིགས་པ་ཀུན་བྲལ་ནས། ། དབྱིངས་རིག་འདུ་འབྲལ་མེད་པའི་ཉམས།། མངོན་སུམ་རང་ཐོག་ཕེབས་པར་འགྱུར།། ས་མ་ཡ། རྒྱ་རྒྱ་རྒྱ།།།། གཞུང་བྱ[་xxx་]། ད་ནི་ལོངས་སྐུའི་འཁྲུལ་འཁོར་ནི། ། གླང་ཆེན་ཉལ་བ་ལྟ་བུ་སྟེ།། གཞོགས་གཡས་ས་ལ་ཟིལ་ཕབ་སྟེ།། པུས་མོ་གཉིས་པ་བྲང་ལ་སྦྱར།། ལག་མཐིལ་གཉིས་པོ་འགྲམ་ལ་སྦྱར།། གྲུ་མོ་གཉིས་པོ་ས་ལ་བཙུགས།། རྐང་སོར་ཐམས་ཅད་ཕྱིར་ལ་ཕུལ། ། མིག་གཉིས་ཆེ་ཆུང་འགྱུར་ལྡོག་མེད།། གཡས་དང་གཡོན་དུ་གཟིགས་ཤིང་བལྟ།། སེམས་ནི་སྨིན་ཕྲག་མཁའ་ལ་གཏད།། ལུས་ངག་ཡིད་གསུམ་གཅིག་ཏུ་དྲིལ།། དེ་ལྟར་བྱས་པའི་ཡོན་ཏན་ནི།། གནས་ལུགས་གཏན་ལ་ཕེབས་ནས་སུ། ། ཆོས་ཉིད་རྣམས་ལ་ལོངས་སྤྱོད་རྫོགས།། རིགས་མདངས་ལུག་རྒྱུད་མཐོང་བར་འགྱུར།། ད་ནི་སྤྲུལ་སྐུའི་འཁྲུལ་འཁོར་ནི།། དྲང་སྲོང་ཙོག་པུ་ལྟ་བུ་སྟེ།། མགྲིན་དགུག་གཞུང་བསྲང་ཙོག་པུར་གཏད། ། པུས་གཉིས་བྲང་སྦྱར་ཕྱག་རྒྱ་གདབ།། མིག་གཉིས་ཟིམ་བུས་སཱུརྱ་བལྟ།། ཤར་གྱི་རྒྱ་སྐར་བཞིན་དུ་གསལ།། གཡས་དང་གཡོན་དུ་ཁྲིད་པ་གཅེས།། དེ་ལྟར་བྱས་པའི་ཡོན་ཏན་ནི། ། སྣ་ཚོགས་རྣམ་པར་རང་སྤྲུལ་ཏེ།། སྐུ་དང་ཐིག་ལེའི་ཞིང་ཁམས་ནི།། དབང་པོའི་ཡུལ་དུ་གསལ་བར་འགྱུར།། ས་མ་ཡ།། དེ་ལྟར་ལུས་ཀྱི་འཁྲུལ་འཁོར་བཞུགས་སྟངས་གསུམ།། ངག་ནི་ལྐུགས་པ་ལྟ་བུ་སྟེ། ། སེམས་ནི་སྨིན་ཕྲག་དབྱིངས་ལ་གཏད།། མིག་ནི་ལྟ་སྟངས་གསུམ་དང་ལྡན།། རླུང་ནི་ཤིན་ཏུ་དལ་བ་ལས།། ཕྱི་ལ་ཟུར་ཙམ་འདུ་བར་བྱ།། སོ་ཡི་བར་དུ་ནས་ཐར་ཙམ། ཁ་ཡང་ཅུང་ཙམ་གདངས་པར་བྱ། ། རྐྱེན་བྲལ་ནམ་མཁའ་དྭངས་པ་ལ།། ཟིམ་བུ་ཚག་གིས་བལྟ་བར་བྱ།། ནུབ་མོ་ཙནྡྲ་བལྟ་བར་བྱ།། སྐབས་སུ་བར་སྣང་རྐྱེན་བྲལ་བལྟ།། འཁྲུལ་པ་ཐམས་ཅད་ཞིང་ཁམས་སུ།། བཀྲག་དང་གཟི་མདངས་ལྡན་པར་འཆར། ། ཕྱི་ནང་དབྱིངས་རིག་སྒྲོན་མ་རྣམས།། དབང་པོས་མངོན་དུ་མཐོང་བར་འགྱུར།། རིག་པ་རང་མདངས་གནས་ལུགས་ནི།། རྐྱེན་བྲལ་གསུམ་ལ་གསལ་བར་འགྱུར།། ཕྱི་ནང་དབྱིངས་རིག་དཀྱིལ་འཁོར་ནི། ། རང་རིག་ལུག་རྒྱུད་འདི་བཞིན་གསལ།། ཡེ་ཤེས་ལྔ་ལྡན་འོད་ཀྱི་ལུས།། སྐུ་དང་ཐིག་ལེ་ཐིག་ཕྲན་གསལ།། སྟོང་མངས་འགག་མེད་ལུ་གུ་རྒྱུད།། གསལ་ཏེ་སྣང་རིག་སྟོང་པ་ཉིད།། དབྱེར་མེད་གསལ་ལ་མ་འདྲེས་སྣང། ། དེ་ལྟར་ཤར་བའི་གསལ་མདངས་དེ།། མ་ཡེངས་རྒྱུན་དུ་བརྟན་པར་བྱ།། ལུས་ནི་རི་བོ་ལྟ་བུར་བྱ།། ངག་ནི་ལྐུགས་པ་ལྟ་བུ་སྟེ།། སེམས་ཉིད་དབྱིང་ལ་གཏད་པའོ།། རིག་གནས་ལུག་རྒྱུད་བཙོན་དུ་གཟུང། ། སྔོན་གནད་དལ་བ་ཉིད་དུ་སྟོན། ཁྱད་པར་རླུང་གནད་དལ་བ་གཅེས།། དེ་ལྟར་སུ་ཡིས་བྱས་པའི་མི།། ཐོག་མའི་ཀུན་ཏུ་བཟང་མོ་དང།། སྐལ་བ་ཉིད་ནི་མཉམ་པའོ།། ས་མ་ཡ། ། མཇུག་གི་དོན་ལ་འདི་ལྟ་སྟེ།། སྣང་བ་བཞི་ཡི་འཆར་ལུགས་ནི།། ཆོས་ཉིད་མངོན་སུམ་སྣང་བ་དང།། ཉམས་སྣང་གོང་འཕེལ་སྣང་བ་དང།། རིག་པ་ཚད་མེད་ཕེབས་སྣང་བ་དང།། ཆོས་ཉིད་ཟད་པའི་སྣང་བ་བཞི། ། སྣང་བ་བཞི་ཡི་འཆར་ཚུལ་མ་ཤེས་ན།། ས་ཟིན་མེད་པའི་སྐྱོན་ཉིད་འབྱུང།། སྣང་བ་བཞི་རུ་ཤེས་པར་བྱ།། ཆོས་ཉིད་མངོན་གསུམ་སྣང་བ་ནི།། ཡིད་དཔྱོད་ཚིག་ཕྱིར་མ་འབྲངས་པར།། སྐྱོན་བྲལ་ནམ་མཁའ་ལྟ་བུ་ཡི། ། གཟིགས་སྟངས་བཅུ་བཞི་ངོ་སྤྲད་པས།། དབང་པོའི་སྒོ་ལ་སྒྲོན་མ་འདི།། འཇའ་འམ་རྨ་བྱའི་མདོངས་ལྟ་བུ།། ཐིག་ལེ་ལུག་རྒྱུད་འབྲེལ་པ་ལས།། འགུལ་འཕྲིག་རྒྱུ་བའི་རྣམ་པ་རྒྱུ།། ཡེ་ཤེས་ལྔ་ལྡན་འོད་ཀྱི་སྐུ། ། སྟོང་གསལ་མདངས་དང་ལྡན་པར་མངོན།། དེ་ལྟར་གསལ་བའི་དབྱིངས་རིག་ནི།། ཉི་མའི་འོད་ཀྱི་ཚུལ་དུ་གནས།། དེ་ཡང་ངོ་བོ་ཀ་དག་ལ།། རང་བཞིན་ལྷུན་གྲུབ་ཉིད་དུ་སྟེ།། ཐུགས་རྗེ་ཀུན་ལ་ཁྱབ་པ་ཉིད། ། ཙིཏྟ་དག་ནས་རྩ་ལ་ཤར།། ངོ་བོ་མངོན་སུམ་སྒོ་ལ་གསལ།། ཆོས་ཉིད་མངོན་སུམ་ཞེས་སུ་བརྗོད།། ཡིད་དཔྱོད་རྣམས་དང་བྲལ་བའོ།། དེ་ལྟར་མཐོང་བའི་ཡོན་ཏན་ནི།། རིག་པ་མངོན་སུམ་མཐོང་བ་ནི། ། བདེན་པ་མཐོང་བའི་གནད་ཀྱིས་སུ། ཁམས་གསུམ་ཟློག་པ་མ་ཡིན་ནོ།། མངོན་སུམ་རིག་པ་མ་མཐོང་ན།། ཆོས་ཉིད་ཡིད་དཔྱོད་མུན་ལས་མཐའ་འཁོར་ནས།། འཁོར་བ་ཉིད་དུ་རྣམ་པར་རྒྱུ།། གཉིས་པ་ཉམས་སྣང་གོང་འཕེལ་ནི། ། ཤེས་ཉམས་སྣང་ཉམས་གཉིས་ཡིན་ཏེ།། ཤེས་ཉམས་བློ་ཡི་འཛིན་ཆ་སྟེ།། གཏད་ས་མེད་དེ་མི་རྟོག་གོ། བློ་ནི་ཀུན་རྫོབ་འཁྲུལ་པར་བཤད།། བློ་ཅན་མྱ་ངན་འདའ་དོན་དུ།། འདི་ནི་སྣང་ཉམས་སྟོང་པར་བྱ། ། སྣང་ཉམས་རིག་པ་མངོན་སུམ་སྟེ།། ངོ་བོ་རྗེན་པར་རིམ་བཞིན་འཆར།། འཁྲུལ་འཁོར་དྲང་སྲོང་ཙོག་པུ་ལྟར།། གཟིགས་ལྟངས་ཟིམ་བུས་སཱུརྱ་ཡི།། གཡས་དང་གཡོན་དུ་ཁྲིད་ཅིང་བལྟ། ། དབྱིངས་རིག་གསལ་དང་མི་གསལ་འཆར།། དེ་ཡང་ཉམས་སུ་བླངས་པའི་མིས།། ཐིག་ལེ་སྨིན་མཚམས་བྲལ་བ་སྟེ།། ཐིག་ལེ་སྲན་མ་ཙམ་པ་ལས།། ཡེ་ཤེས་ལྔ་ལྡན་འོད་ཟེར་འབར།། དུམ་བུར་སྣང་དང་གྱེས་འགྲེང་དང། ། རྩིབ་ཤར་དང་ནི་མདུང་རྩེ་དང།། ཟ་འོག་གུར་ཁྱིམ་རེ་ལྡེ་དང།། མིག་ཚགས་ལྟ་བུའི་འོད་སྐོར་དང།། རྣམ་པ་སྣ་ཚོགས་ཉིད་དུ་འཆར།། དེ་ཡང་ཉམས་སུ་བླངས་པ་ཡིས།། འོད་ལྔ་མདུན་རྒྱབ་ཁྱབ་པ་དང། ། ཐིག་ལེ་མེ་ལོང་ཙམ་དུ་འཆར།། རིག་པ་འདབ་ཆགས་འཕུར་བ་ཙམ།། དེ་ཡང་ཉམས་སུ་བླངས་པ་ཡིས།། དབྱིངས་ཀྱི་སྣང་བ་དེ་དག་ནི།། རིན་པོ་ཆེ་ཡི་དྲ་བ་དང།། འོད་ཀྱི་དྲ་བ་ཕྱེད་མ་དང། ། མིག་མངས་རིས་དང་མཚོན་ཆ་དང།། ཉི་ཟླ་པདྨ་མཁར་ཐབས་རིས།། རིན་ཆེན་འབར་བ་ཕྱེད་པ་དང།། མེ་ཕྱེ་ཉ་མིག་ཕུ་བསྐོར་དང།། རྨ་བྱའི་མདོངས་དང་སྣ་ཚོགས་སྐུ།། རིམ་པ་བཞིན་དུ་འཆར་བར་འགྱུར། ། འོད་སྣང་རང་གི་གནས་ཡུལ་དང། ཁྱབ་ཅིང་བེམ་སྣང་མི་མཐོང་ངོ།། ཐིག་ལེ་ཁམ་ཕོར་ཙམ་དུ་འགྱུར།། རིག་པ་རི་དྭགས་རྒྱུག་པ་ཙམ།། དེ་ཡང་ཉམས་སུ་བླངས་པ་ཡིས།། འོད་ཕུང་ཡུལ་ཁམས་གང་བར་འཆར། ། ཐིག་ལེ་བསེ་ཕུབ་ཙམ་དུ་འགྲོ།། རིག་པ་བུང་བ་བཅུད་ལྡིང་ཙམ།། དེ་ཡང་ཉམས་སུ་བླངས་པ་ཡིས།། འོད་ཕུང་སྟོང་གསུམ་གང་བ་ཙམ།། དབྱིངས་རིག་ཉིན་མཚན་མེད་པ་དང།། ཐིག་ལེའི་ནང་དུ་སྐུ་ཡང་རེ། ། ཕྱེད་སྐུ་དང་ནི་སྐུ་ཕྲན་དང།། ལྔ་ལྡན་ཚོམ་བུ་རིས་སུ་འཆར།། རིག་པ་འགུལ་འཕྲིག་མེད་པར་སྡོད།། རིག་པ་སྣང་བའི་ཡུལ་ལ་གསལ།། དེ་ལྟར་ཤར་བའི་དུས་ཚོད་དེར།། བར་དོའི་སྣང་བ་ཚེ་འདིར་རྫོགས། ། ཕྱི་མར་བར་དོ་མེད་པ་རུ།། མངོན་པར་རྫོགས་པར་སངས་རྒྱའོ།། གསུམ་པ་རིག་པ་ཚད་ཕེབས་ནི།། གོང་གི་ཐིག་ལེ་རེ་རེའི་ནང།། རིགས་ལྔ་ཡབ་ཡུམ་ལྔ་ལྔར་འཆར།། དེ་དག་གྲངས་ལས་འདས་པ་སྟེ། ། འགྱུར་བ་མེད་དོ་ཚད་ལ་ཕེབས།། དེ་ལྟར་ཤར་བའི་དུས་ཚོད་དུ།། ཉམས་སུ་ལེན་ཀྱང་མི་དགོས་ཏེ།། ལོངས་སྐུའི་སྣང་བ་རང་ཆས་སོ།། རིག་པ་ཚད་ཕེབས་སྣང་བ་ཡིན།། ལོངས་སྐུའི་མཚན་དཔེ་གསལ་བ་དེས། ཁ་དོག་མ་ངེས་འསྔའ་ལྟར་གསལ།། རིགས་ལྔ་ཡབ་དང་ཡུམ་དུ་བཅས།། དེ་ནས་ལྔ་ལྔ་ཟུང་དུ་བཅས།། རབ་ཏུ་གསལ་བ་ཐིག་ལེ་འབྲེལ།། ཡབ་ཡུམ་སྐུ་ཡི་སྣང་བ་ཅན།། འཁྲུལ་སྣང་ཟད་ནས་ཞིང་ཁམས་རྒྱས། ། འབྱུང་ལྔ་རང་སར་དག་ནས་སུ།། རྡོས་བཅས་ལུས་ཀྱང་འོད་སྐུར་གྲོལ།། བཞི་པ་ཆོས་ཉིད་ཟད་པ་ཡིས།། སྣང་བ་ཞེས་ནི་འདི་ལྟར་རོ།། གོང་གི་ཉམས་སྣང་དེ་དག་གི། འཕེལ་བ་ཉིད་ནི་ཟད་པ་སྟེ། ། ཉམས་ཟད་གསལ་སྟོང་ངང་ལ་ཟད།། ལུས་ཟད་དབང་པོའི་ཡུལ་ཡང་ཟད།། རྟོག་ཚོགས་གཉིས་འཛིན་འཁྲུལ་པ་ཟད།། བརྗོད་པའི་ཚིག་ཀྱང་ཟད་པའོ།། ཉམས་རྟགས་ཐམས་ཅད་རྫོགས་པ་སྟེ།། དེ་ཡི་འཛིན་པ་རང་སར་གྲོལ། ། ཆོས་ཉིད་ཟད་པའི་སྣང་བ་ནི།། ཐ་སྙད་མིང་གི་བླ་དགས་སོ།། དོན་ལ་ཐོག་མའི་གཞི་དག་ཏུ།། ངོ་བོ་རང་སར་ཟློག་པའོ།། རང་གི་ལུས་ཀྱང་མེད་པ་རུ།། ཆོས་སྐུ་ཉིད་དུ་མངོན་སངས་རྒྱས།། ཐམས་ཅད་བརྗོད་གཞི་བྲལ་བ་སྟེ། ། སྟོང་གསལ་ཉིད་དུ་རང་ལོག་གོ། དེ་ལྟར་ཟད་སར་མ་འཁྱོལ་ན།། འཁོར་བ་ཉིད་དུ་འཁྱམས་པའོ།། ཀུན་ཏུ་བཟང་མོ་ཀློང་གསལ་ཉི་མའི་གསང་རྒྱུད་ལས། དངོས་གཞི་ཟག་པ་མེད་པའི་ཡེ་ཤེས་དེ། ། རྒྱུད་ལ་རྟེན་ཅིང་ཉམས་སུ་ལེན་པ་སྟེ།། ལམ་ཐོད་རྒལ་དུ་འབླུག་པའི་ལེའུ་སྟེ་བཅུ་དྲུག་པའོ།།།། ཟབ་རྒྱ། གཉན་རྒྱ། གཏེར་རྒྱ། སྦས་རྒྱ།། ཀྱེ་ཧོ་འདུས་པའི་འཁོར་ཚོགས་ཉོན། ། གོང་གི་ཁྲེགས་ཆོད་ཐོད་རྒལ་གྱི།། མཐའ་རྟེན་རྒྱབ་བརྟེན་འདི་ཡིན་ཏེ།། མན་ངག་བཞིན་དུ་ཤེས་པར་བྱ།། མི་འགུལ་གསུམ་ལ་གཞི་བྱས་ལ།། རླུང་སེམས་གནད་དུ་ཕེབས་པར་འགྱུར། ། ལུས་ནི་འཁྲུལ་འཁོར་བཞུགས་སྟངས་གསུམ།། མིག་གི་གཟིགས་སྟངས་གསུམ་དང་ལྡན།། སེམས་ནི་མངོན་སུམ་དབྱིངས་ལ་གཏད།། ལུས་མི་འགུལ་བས་རྩ་མི་འགུལ།། རྩ་མི་འགུལ་བས་མིག་མི་འགུལ། ། མིག་མི་འགུལ་བས་རླུང་མི་འགུལ།། རླུང་མི་འགུལ་བས་སེམས་མི་འགྱུ།། སེམས་མི་འགུལ་བས་རྣམ་རྟོག་ཆད།། རྣམ་རྟོག་ཆད་པས་དབྱིངས་རིག་དང།། དེ་ལྟར་གསུམ་པོ་མི་འགུལ་གསུམ་དུ་བསྟན། ། ཀྱེ་ཧོ་འདུས་པའི་འཁོར་ཚོགས་ཉོན།། དེ་ནས་སྡོད་པ་ཚད་བཟུང་བ།། མི་འགུལ་གསུམ་ལ་གཞི་བཅས་ཤིང།། དབྱིངས་རིག་གཉིས་ལ་ཡུན་དུ་གནས།། རིག་པ་གར་གཏད་འདུག་པ་དང།། ལུས་ཀྱང་འགུལ་བ་མེད་པར་སྡོད། ། རླུང་སེམས་གཉིས་ལ་མི་འགྱུར་སྡོད།། དེ་ལྟར་སྡོད་པ་གསུམ་བྱུང་ནས།། ཚད་ནི་རྨི་ལམ་དག་གིས་བཟུང།། རྟག་ནི་ལུས་ངག་ཡིད་ལ་འབྱུང།། རབ་ནི་རྨི་ལམ་དབྱིངས་སུ་ཐིམ།། འབྲིང་ནི་རྨི་ལམ་འོད་གསལ་དུ། ། རྨི་ལམ་རྨི་ལམ་ངང་དུ་ཤེས།། ཐ་མ་རྨི་ལམ་བཟང་རྟོག་འཆར།། དེ་ལྟར་ཚད་ནི་རྨི་ལམ་ཉིད་ཀྱིས་གཟུང།། རྟགས་ཚད་ལུས་ངག་ཡིད་ལ་འཆར།། སྣང་བ་བཞི་པོ་རེ་རེ་ལ།། རྟགས་ནི་གསུམ་གསུམ་ཉིད་དུ་འཆར། ། དེ་ལ་དང་པོ་ཆོས་ཉིད་མངོན་སུམ་གྱི།། རྟགས་ནི་རྣམ་པ་གསུམ་འཆར་ཏེ།། ལུས་ནི་བྱ་བྱེད་མེད་པ་རུ།། རུས་སྦལ་འཁར་གཞོང་བཅུག་པ་འདྲ།། ངག་ནི་སྨྲ་སྙིང་མི་འདོད་དེ།། ལྐུགས་པ་ལྟ་བུ་གྱུར་པའོ། ། སེམས་ནི་འདབ་ཆགས་སྙི་ཟིན་འདྲ།། རྣམ་རྟོག་འཕྲོ་ཡང་གར་གཏད་འདུག། དེ་ནི་ཆོས་ཉིད་མངོན་སུམ་རྟགས་གསུམ་ཡིན།།། ད་ནི་ཉམས་སྣང་གོང་འཕེལ་གྱི།། སྣང་བ་ཐོབ་པའི་རྟགས་གསུམ་ནི། ། ལུས་ལ་གཅེས་ལོང་མེད་པ་སྟེ།། སྐྱེས་བུ་ནད་ཀྱིས་གདུངས་པ་ལྟ་བུར་འཆར།། ངག་ནི་སྨྱོན་པ་ལྟ་བུ་སྟེ།། གཏམ་ལ་དོན་ཏིག་མེད་པར་འཆར།། སེམས་ནི་འཁོར་བར་མི་ལྟུང་ཐག་ཆོད་དེ།། སྐྱེས་བུ་དུག་གིས་ཐེབས་པ་ལྟ་བུར་འགྱུར། ། རིག་པ་ཚད་ཕེབས་རྟགས་གསུམ་ནི།། ལུས་ནི་འབྱུང་བ་ལྔ་པོ་ལ།། ཐོགས་པ་མེད་པ་ཟང་ཐལ་འགྲོ།། གླང་ཆེན་འདམ་དུ་བྱིང་བ་འདྲ།། ངག་ནི་ཇི་ལྟར་སྨྲས་པ་བཞིན། ། གཞན་རྣམས་ཉན་ཅིང་ནུས་པ་འབྱུང།། དཔེ་ནི་གྲུལ་བུམ་བུ་ཚ་འདྲ།། སེམས་ནི་འཁོར་བར་མི་ལྟུང་བར།། དོན་ཐག་ཆོད་པས་ཉག་གཅིག་རྟོགས།། སྐྱེས་བུ་འབྲུམ་ནད་བྱང་བ་འདྲ།། ཆོས་ཉིད་ཟད་པའི་སྣང་བ་ནི། ། གདེང་ཚད་གྲོལ་བའི་རྟགས་སུ་ནི།། ལུས་ནི་དུར་ཁྲཽད་མི་རོ་འདྲ།། ཉམ་ང་མེད་པར་རང་གྲོལ་ལོ།། ངག་ནི་བྲག་ཆ་ལྟ་བུ་སྟེ།། གཏམ་གྱི་ཟུང་ཟད་གཞན་ལེན་སྨྲ།། སེམས་ནི་ན་བུན་ལྟ་བུ་སྟེ། ། སྐད་ཅིག་མི་འདུག་རང་ཡལ་ལོ།། བག་ཆགས་ཕུང་པོ་རང་ཡལ་ལོ།།། ད་ནི་ཐོབ་པ་གསུམ་གྱི་གཟེར་གདབ་པ་ནི།། སྐྱེ་འཇུག་རླུང་སེམས་དབང་ཐོབ་སྟེ།། ཟག་བཅས་ཕུང་པོ་མེད་པ་རུ། ། ཡང་དག་མངོན་པར་སངས་རྒྱས་སོ།། དང་པོ་སྐྱེ་པ་དབང་ཐོབ་པས།། རྡོས་བཅས་ལུས་འདི་མེད་པའི་དུས།། སེམས་ཅན་གཞན་གྱི་དོན་འདོད་ན།། རང་གི་ལག་པའི་སོར་མོ་ལ།། ཤེས་པ་བཀུག་ནས་བལྟས་པ་ཡིས། ། སྣང་བ་འཛིན་པ་རང་ལོག་སྟེ།། བེམས་པོས་འབྱུང་བའི་སྒྲ་ཐོས་ཤིང།། མིའམ་སེམས་ཅན་གང་རུང་ལ།། རིག་པ་བཅུག་པས་དེ་ཉིད་དང།། དབྱེར་མེད་ཡིད་དེ་གཅིག་ཏུ་འདྲེས།། གཞན་དོན་གང་བསམ་འགྲུབ་པའོ། ། འདི་ལྟར་རང་དབང་ཐོབ་དུས་སུ།། བེམས་པོ་ཀུན་ལ་རིག་པ་བཅུག། གང་བཅུག་དེ་ཡང་འགུལ་བ་དང།། སྒྲ་སྐད་སྣ་ཚོགས་འབྱིན་པར་ནུས།། མཚམས་མེད་ལྔ་སྤྱད་གཅིག་ལ་ཡང།། རིག་པ་བཅུག་པས་དེ་ཉིད་ཀྱང། ། རང་བྱུང་ཡེ་ཤེས་གནས་པས་ན།། ལས་ལ་བཟང་ངན་མེད་པ་རུ།། འབྱུང་བཞི་དག་ནས་མངོན་སངས་རྒྱས།། གཞན་དོན་དཔག་མེད་འབྱུང་བར་འགྱུར།།། ད་ནི་གཞི་ཡི་ཀློང་དུ་ནི། ། འཇུག་པ་དག་ལ་དབང་ཐོབ་པ།། རང་གི་ལག་པའི་སོར་མོ་ལ།། རིག་པ་གཏན་ནས་རང་ལུགས་གཞག། དེ་ཉིད་ཟག་བཅས་མི་སྣང་བར།། ལྷུན་གྲུབ་སྦུབས་སུ་རང་ནུབ་བོ།།། ད་ནི་རླུང་སེམས་གཉིས་ལ་དབང་ཐོབ་པས། ། རླུང་སེམས་ལས་སུ་རུང་བས་ན།། རླུང་སེམས་ཡོན་ཏན་ཐམས་ཅད་འབྱུང།། སེམས་ཅན་གང་དག་ཚེ་འཕོས་པ།། དེ་དག་རྣམས་ལ་རིག་པ་བཅུག། རིག་པ་གང་ལ་གཏད་པ་རྣམས། ། སྔོན་གྱི་མཚམས་མེད་ལྔ་སྤྱད་ཀྱང།། ལས་ལ་བཟང་ངན་མེད་པ་རུ།། རང་དང་མཉམ་པོར་སངས་རྒྱའོ།། མངོན་པར་ཤེས་པ་ཐོགས་མེད་ཅིང།། རི་རབ་རྣམས་ལ་ཟང་ཐལ་རྒྱུ།། འབྱུང་བཞིའི་གནོད་པས་ཚུགས་མི་འགྱུར། ། དེ་ནི་ཐོབ་པ་གསུམ་གྱི་གཟེར་གསུམ་ཡིན།། ས་མ་ཡ། གཏེར་རྒྱ། སྦས་རྒྱ། ཟབ་རྒྱ།། དེ་ལྟར་ཉམས་སུ་སྔངས་པ་ཡིས།། རྟགས་དང་ཚད་དང་གདེང་བཞི་ཉིད།། ཇི་ལྟར་རྟགས་ཚད་བསམ་འདས་ཀྱང། ། མི་འགྱུར་གདེང་ཆེན་བཞི་རུ་འདུས།། མི་རྟོག་ཡེ་ཤེས་ཚད་བཟུང་བ།། ཡར་མར་གདེང་ཆེན་བཞི་རུ་འདུས།། དང་པོ་ཡར་གྱི་གདེང་གཉིས་ནི།། དཀོན་མཆོག་གསུམ་གྱི་ཡོན་ཏན་བསམ་མི་ཁྱབ། ། དཔག་མེད་ཐོབ་ཀྱང་དགའ་བྲོད་མི་སྐྱེད་དོ།། ཡར་གྱི་སངས་རྒྱས་ཐམས་ཅད་ལ།། རེ་བ་མེད་དེ་རང་རིག་གདེང།། མར་གྱི་འགྲོ་བ་རིགས་དྲུག་གི། སྡུག་བསྔལ་མཐོང་ཡང་འཇིགས་པ་མེད།། རིག་པ་འཁྲུལ་པ་མེད་པའི་གདེང། ། མར་གྱི་ངན་སོང་གསུམ་པོ་ལ།། ལྷུང་གི་དོགས་པ་མེད་པ་སྟེ།། མཁན་པོ་མ་གྲུབ་རང་བྱུང་སྟེ།། རྒྱ་རྒྱ་རྒྱ།། གདེང་ཆེན་བཞི་ཡི་མཐར་ཐུག་ནི།། ཡང་དག་རྫོགས་པའི་སངས་རྒྱས་དང། ། མངོན་པར་རྫོགས་པའི་སངས་རྒྱས་གཉིས།། ཡང་དག་རྫོགས་པའི་སངས་རྒྱས་ནི།། ཕུང་པོ་ལྷག་མ་མེད་པར་རྒྱས།། མངོན་པར་རྫོགས་པའི་སངས་རྒྱས་ནི།། འོད་དང་སྐུ་དང་སྒྲ་དང་གདུང། ། ས་གཡོས་ལ་སོགས་འཆི་རྟགས་འབྱུང།། མངོན་པར་སྟོན་ཏེ་སངས་རྒྱའོ།། ཀུན་ཏུ་བཟང་མོ་ཀློང་གསལ་འབར་མའི་རྒྱུད་ལས། ཐོད་རྒལ་ཉིད་ཀྱི་རྒྱབ་སྐྱོར་མཐའ་བསྟན་པའི་ལེའུ་སྟེ་བཅུ་བདུན་པའོ། །།། ས་མ་ཡ། གཏེར་རྒྱ། སྦས་རྒྱ།། ཀྱེ་ཧོ་འདུས་པའི་འཁོར་ཚོགས་ཉོན།། གོང་ལྟར་ཉམས་སུ་བླངས་པ་ཡིས།། ཡོན་ཏན་འབྲས་བུ་འདི་ལྟར་ཐོབ།། རྒྱས་སུ་མེད་པའི་སངས་རྒྱས་དང། ། འདའ་རུ་མེད་པའི་མྱ་ངན་འདས།། ཡང་དག་སངས་རྒྱས་མངོན་སངས་རྒྱས།། མངོན་སངས་རྒྱས་པ་དེར་སངས་རྒྱས།། སྤྲུལ་པ་པོ་རྣམས་ཡང་སངས་རྒྱས།། རིག་རྩལ་ཡེ་ཤེས་ངང་ལ་ཐིམ།། འོད་ལྔ་སྟོང་གསལ་ངང་ལ་ཐིམ། ། སྟོང་གསལ་མ་འགགས་རང་རང་རྫོགས།། ཡོན་ཏན་འབྲས་བུའི་ཐོབ་ཚུལ་ལོ།། ཀུན་ཏུ་བཟང་མོ་ཀློང་གསལ་འབར་མ་ཉི་མའི་གསང་རྒྱུད་ལས།། ཡོན་ཏན་དང་འབྲས་བུ་ཐོབ་ཚུལ་བསྟན་པའི་ལེའུ་སྟེ་བཅོ་བརྒྱད་པའོ། །།། ས་མ་ཡ། རྒྱ་རྒྱ་རྒྱ།། ཀྱེ་ཧོ་འདུས་པའི་འཁོར་ཚོགས་ཉོན།། གང་ཞིག་རྣལ་འབྱོར་དད་ལྡན་ནི།། གལ་ཏེ་རྐྱེན་གྱིས་བར་ཆད་ནས།། ཚེ་འདི་འདུ་བྱེད་བྱུང་གྱུར་ན། ། གསང་སྔགས་རྒྱུད་འདི་ཐོབ་པའམ།། བྲིས་སམ་འཆང་ངམ་མངོན་སུམ་བརྟེན།། ཡེ་ཤེས་རང་བཞིན་ཡིན་པ་རུ།། རིག་དང་མངོན་སུམ་སྣང་བ་མཐོང།། འཇའ་འོད་ཟེར་གསུམ་རང་སྨྲས་ཏེ།། མ་རིག་རིག་ན་རིག་པ་ཡིན། ། རིག་པ་ཡེ་ཤེས་ལོགས་ན་མེད།། མངོན་སུམ་མཐོང་ན་ལྟ་བ་ཡིན།། དེ་ལ་གནས་ན་སྒོམ་པ་ཡིན།། དེ་ལྟར་སྤྱོད་ན་སྤྱོད་པ་ཡིན།། ངང་ལས་མ་གཡོས་འབྲས་བུ་ཡིན།། དེ་ལྟར་མངོན་སུམ་སུས་ཤེས་པ། ། འོད་ལྔའི་སྣང་བ་བར་དོ་འཆར།། དེ་ཉིད་ངོ་ཤེས་ཟུང་དུ་འབྲེལ།། རིག་པ་རྡོ་རྗེ་ལུ་གུ་རྒྱུད།། མཐོང་བ་ཙམ་གྱིས་ཤེས་པ་དང།། ཤེས་པ་ཙམ་གྱིས་གྲོལ་བར་འགྱུར།། སུ་ཡིས་མཐོང་ཀྱང་ངན་སོང་དུ།། རྡོགས་པས་ཕུལ་ཡང་འགྲོ་མི་སྲིད། ། བར་དོའི་འཇིགས་པ་གང་ཤར་བ།། སྔར་འདྲིས་མི་དང་འཕྲད་པ་བཞིན།། རང་སྣང་ངོ་བོ་ཤེས་པས་བར་དོར་གྲོལ།། དེས་ན་འདི་ཉིད་མཐོང་བས་ཆོག། ཨ་ཏི་ཀློང་གསལ་སྙིང་ཏིག་འདི། ། ཐེག་པ་བརྒྱད་ཀྱིས་དོ་ཟླ་མིན།། ཅེས་སྟོང་གསལ་མ་འགགས་པའི་ཀློང་ནས་ཤར་ཏེ། སྟོན་པ་ཀུན་ཏུ་བཟང་མོ་དང། དབྱིངས་དང་ཡེ་ཤེས་ལས་གྲུབ་པའི་མཁའ་འགྲོ་སྡེ་ལྔ་ལ་སོགས་པ་རྣམས་སུ་ཡི་རངས་ཏེ། ཆོས་ཉིད་ཀུན་ཏུ་བཟང་མོ་ལ་མངོན་པར་བསྟོད་པའི་ལེའུ་སྟེ་བཅུ་དགུ་པའོ།།།། ས་མ་ཡ། གཏད་རྒྱ། སྦས་རྒྱ། ཟབ་རྒྱ།། འདི་ལྟར་ཤར་བའི་གསང་རྒྱུད་ལས།། མོན་ཡུལ་སྤ་གྲོའི་ལུང་གསུམ་དུ། ཁྱད་པར་སྟག་ཚང་སེང་ཕུག་ཏུ།། ཨོ་རྒྱན་པདྨའི་གསུངས་བཞིན་ལྷག་ཆད་མེད་པ་རུ།། མཚོ་རྒྱལ་བདག་གིས་ཡི་གེར་བྲིས་པ་རྫོགས།།།། ས་མ་ཡ།། རྒྱ་རྒྱ་རྒྱ།།། བདག་འདྲ་པདྨ་འབྱུང་གནས་ངས། ། ཕྱི་རབས་དོན་དུ་ཤོག་བུའི་ལོགས་ལ་བཏབ།། སྐལ་ལྡན་ལས་ཅན་སྙིང་གི་བུ་དང་འཕྲད་པར་ཤོག། ཀློང་གསལ་ཉི་མའི་གསང་རྒྱུད་མ་རྒྱུད་ལ།། རྒྱུད་ཀྱི་དཔེ་ཚར་གསུམ་དུ་ཕྱེ་ནས་ཀྱང།། མ་རྒྱུད་ལེའུ་བརྒྱ་དང་སུམ་ཅུ་ཡོད། ། ལས་རྒྱུད་ལེའུ་བཅུ་གསུམ་དེ་ཕྱི་རྒྱུད།། དོན་རྒྱུད་ལེའུ་བཅོ་བརྒྱད་འདི་ཉིད་ལས།། འདི་ནི་སྙིང་པོའི་གསང་བ་དོན་རྒྱུད་ཡིན།། འདི་ནི་གསང་གཏེར་གསུམ་དུ་སྦས་ཏེ་བཞག། པདྨ་བདག་གི་ཐུགས་བཅུད་དམ་པ་འདི། ། འདི་འདྲའི་རྒྱུད་མཆོག་རྒྱ་བོད་གཉིས་ན་དཀོན།། འཕང་ཚད་མིག་ལ་གཅེས་ཚད་སྙིང་དང་འདྲ།། མ་རྒྱུད་ལུས་འདྲ་ལས་རྒྱུད་སྙིང་འདྲ་ཞིང།། འདི་ནི་ཡང་གཅེས་སྲོག་གི་དྭངས་མ་འདྲ། ། འདི་ལས་ཡང་ཟབ་བདག་འདྲ་པདྨས་ཀྱང།། རྒྱ་ནས་བོད་དུ་བསྒྱུར་བ་ཡོད་རེ་སྐན།། འདི་ནི་ཆིག་བརྒྱུད་མ་གཏོགས་སྤེལ་མི་རུང།། མན་ངག་ནོར་ཕྱིར་འཚོང་བ་མ་ཡིན་ཀྱང།། གསེར་སྲང་རེ་ཡི་མཎྜལ་མེད་པ་རུ། ། འདི་ཉིད་བྱིན་ན་གསང་གཏམ་ཉམས་པ་ཡིན།། པདྨ་འབྱུང་གནས་རྔ་ཡབ་གླིང་འགྲོ་ཡང།། ཐུགས་བཅུད་སྙིང་པོའི་རྒྱུད་དོན་འདི་འདྲ་བཞག། ཨེ་མ་སྐུ་དྲིན་སེམས་མཛོད་རྗེས་འསྔུག་རྣམས།། རྒྱུད་དོན་འདི་ལ་དུམ་བུ་རིམ་གསུམ་ཕྱེ། ། ངཻས་དོན་སྙིང་གི་གསང་རྒྱུད་འདི་ཁོ་ན།། མ་འོངས་དུས་སུ་རྒྱུད་གསུམ་དུས་འཛོམ་ཡང།། ཕྱོགས་སྡེབ་མ་བྱེད་རང་རྒྱུད་སོ་སོར་ཞོག། འདི་ཉིད་བཀའ་ལུང་བུ་ལ་བསྟོད་པའི་དུས། ། ཚོགས་སྐོངས་བརྒྱ་རྩ་སྔོན་དུ་མ་སོང་ནས།། མཁའ་འགྲོའི་བཀའ་ཆད་རང་སྲོག་ངེས་པར་ཆོད།། བཀའ་བཞིན་སྒྲུབ་མཛོད་ང་ཡི་རྗེས་འཇུག་རྣམས།། མ་འོངས་རྩུབ་འགྱུར་དུས་ཀྱི་ཐ་མ་ལ།། རཏྣའི་མིང་ཅན་ལས་ཅན་སྐྱེས་བུ་གཅིག། ངེས་པར་འབྱུང་གི་དེ་དང་འདི་འཕྲད་ཤོག། ས་མ་ཡ། ཁ་ཐམ། གྷུ་ཡ། རྒྱ་རྒྱ་རྒྱ།[་xxx་]སྤྲང་པོ་རཏྣ་གླིང་པ་ངས།། གུང་ཐང་མཁར་ནས་བརྟོན་པ་ཡིན།། ཐེམ་ཡིག་མེད་པའི་གསང་རྒྱུད་ཡིན། ། ཆིག་བརྒྱུད་མ་གཏོགས་སྤེལ་བ་མིན། ཁ་ཐཾ།།།།། སཾ་སྐྲྀ་ཏ་ལྷའི་སྐད་དུ། སརྦ་བྷ་དྲ་ས་མནྟ། བོད་སྐད་དུ། ཀུན་ཏུ་བཟང་མོ་ཀློང་གསལ་འབར་མ་ཉི་མའི་རྒྱུད། ཧ་ཤང་སྐད་དུ།
CLOSE WINDOW