Wylie |
རྒྱ་གར་སྐད་དུ། ཀཱ་ར་ཤཱ་རི་རཾ་ཛྭ་ལ་ཙི་ཏི་ཀ[xxx]་ཀ་ཏནྟྲ་ནཱ་མ། བོད་སྐད་དུ། སྐུ་གདུང་འབར་བ་ཚ་ཚ་དང་མཆོད་རྟེན་གྱི་རྒྱུད་ཅེས་བྱ་བ། བཅོམ་ལྡན་འདས་གསང་བའི་བདག་པོ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། རི་མ་ལ་ཡ་གནས་ལྕགས་ཡོད་པའི་རྩེ་མོ་སེང་གེའི་ཟ་འགྲམ་ལྟ་བུའི་གནས་ན། བཅོམ་ལྡན་འདས་གསང་བའི་བདག་པོ་རྡོ་རྗེ་འཛིན་ཆེན་པོ་ལ། ལང་ཀའི་བདག་པོ་བློ་གྲོས་ཐབས་ལྡན་དང། ཀླུའི་རྒྱལ་པོ་གཙུག་ན་རིན་ཆེན་བློ་གྲོས་རྒྱ་མཚོ་དང། ཚངས་པ་གཙུག་ཕུད་འཛིན་བློ་གྲོས་མཐའ་ཡས་དང། གནོད་སྦྱིན་སྐར་མདའ་གདོང་བློ་གྲོས་དད་སེལ་དང། ལི་ཙ་བྱི་དྲི་མ་མེད་པར་གྲགས་པ་བློ་གྲོས་རབ་ཞི་དང། ཆོས་ཀྱི་རྒྱལ་པོ་ཆེན་པོའི་ཕོ་བྲང་ན་ཐམས་ཅད་ཐེག་པ་ཆེན་པོའི་དོན་ལ་ཐབས་ཅིག་ཏུ་བཞུགས་སོ། ། དེ་ནས་དགེ་སློང་ཆེན་པོ་ལི་ཙ་བྱི་དྲི་མ་མེད་པར་གྲགས་པ་རང་གི་གདན་ལས་བཞེངས་ནས། བཅོམ་ལྡན་འདས་གསང་བ་མཆོག་གི་བདག་པོ་རྡོ་རྗེ་འཛིན་ཆེན་པོ་ལ་འདི་སྐད་ཅེས་གསོལ་བ་འདེབ་སོ། ། སེམས་ཅན་སངས་རྒྱས་ལམ་འདོད་ན།། དགེ་བའི་ལས་ལས་ཁྱད་འཕགས་དང།། བདེ་གཤེགས་ཞབས་ཏོག་བྱ་བའི་ཕྱིར།། མཆོད་རྟེན་བཞེང་ན་ཇི་ལྟར་བྱ།། རྙིང་ནས་གསར་པར་བཞེང་ན་ཅི།། བདག་གིས་སྤྲུལ་པའི་སྟོན་པ་ལ། ། ཐོས་བཞིན་ཁྱོད་ཀྱིས་ཁྱད་པར་དུ།། གསང་སྔགས་ལམ་གྱི་མཆོད་རྟེན་གསུངས།། ཞེས་ཞུས་སོ།། དེ་ནས་གདུལ་དཀའ་འདུལ་བའི་དེད་དཔོན་ཆེན་པོ་གསང་བའི་བདག་པོས་འདི་སྐད་ཅེས་གསུངས་སོ། ། ཐེག་པ་ཐུན་མོང་མཆོད་རྟེན་དང། ཁྱད་པར་རྒྱུད་ལུང་མན་ངག་ལུགས།། ཐུན་མོང་བྱུང་ཚུལ་མན་ངག་ལས། ཁྱད་པར་གསང་བའི་ལུགས་རྣམས་ནི།། གཟུགས་སྐུ་གཉིས་ཀྱི་མན་ངག་རྣམས། ཁྱེད་ལ་བཤད་ཀྱིས་རབ་ཏུ་ཉོན། ། ཅེས་གསུངས་སོ།། ཚ་ཚ་དང་མཆོད་རྟེན་གྱི་རྒྱུད་སྐུ་གདུང་འབར་བ་ལས། གླེང་གཞི་དང་གླེང་བསླང་བའི་ལེའུ་སྟེ་དང་པོའོ།།།། དེ་ནས་བཅོམ་ལྡན་འདས་གསང་བའི་བདག་པོས་ཐེག་པ་ཐུན་མོང་གི་མཆོད་རྟེན་གྱི་བྱུང་ཚུལ་འདི་དག་གསུངས་སོ། ། མཆོད་རྟེན་ལོ་རྒྱུས་ལྔ་ཡོད་དེ།། དེ་ཡང་གང་དང་གང་ཞེ་ན།། མཆོད་རྟེན་བླ་ན་མེད་པའི་རྒྱུ།། ཡིད་ཀྱི་མཆོད་རྟེན་ཞེས་བྱ་དང།། རང་བཞིན་གྱིས་གྲུབ་མཆོད་རྟེན་དང། ། སྤྲུལ་པར་བྱུང་བའི་མཆོད་རྟེན་དང།། གཟུགས་བརྙན་རྩིགས་པའི་མཆོད་རྟེན་ནོ།། བླ་མེད་མཆོད་རྟེན་ཞེས་བྱ་བ།། སངས་རྒྱས་རྡོ་རྗེ་སེམས་དཔའ་ཡི།། སྐུ་གསུང་འཛམ་གླིང་ཕྲག་བརྒྱ་ལས། ། གླིང་བཞིར་ཆགས་པས་མཆོད་རྟེན་སྣང།། ཤར་དུ་བྱམས་པ་བརྩེགས་པ་ལ།། ལྷོ་ཕྱོག་སྙིང་རྗེ་རིན་ཆེན་བརྩེགས།། ནུབ་ཏུ་དགའ་བ་པདྨ་བརྩེགས།། བྱང་དུ་བཏང་སྙོམས་དོན་ཡོད་གྲུབ།། འདི་དུས་ཤཱཀྱ་ཐུབ་པ་ནི། ། སྲིད་རྩེར་བྱང་སེམས་བཅུ་དྲུག་དང།། དགྲ་བཅོམ་བསྐོར་ནས་བཞུགས་པའོ།། ཡིད་ཀྱི་མཆོད་རྟེན་ཞེས་བྱ་ནི།། ནམ་མཁའི་དབྱིངས་སམ་རྒྱ་མཚོའི་གླིང།། མཁས་པས་དཀྱིལ་འཁོར་མཆོད་རྟེན་ནི། ། བྱང་ཆུབ་སེམས་ཀྱི་ཡིད་ཀྱིས་བྲི།། ཕྱག་གིས་རྒྱས་གདབ་གྲངས་བཟུང་ཞིང།། ངག་གིས་སྔགས་བརྗོད་བྱིན་གྱིས་བརླབས།། ཡིད་ཀྱིས་རིན་ཆེན་མཆོད་རྟེན་བསམ།། སྣང་ཞིང་སྟོང་ལ་སྟོང་ཞིང་གསལ།། རང་བཞིན་གྲུབ་པའི་མཆོད་རྟེན་ནི། ། སྲིད་པས་གྲུབ་དང་སྤྲུལ་པས་གྲུབ།། སྲིད་པས་གྲུབ་པས་རི་རབ་ཉིད།། དེ་ཡང་ཇི་ལྟར་གྲུབ་ཅེ་ན།། ཆོས་རྣམས་སྟོང་པའི་རང་བཞིན་ལས།། ཨཀྵོ་བྷྱའི་བྱིན་རླབས་དང། ། ནམ་མཁས་གསལ་བའི་གོ་ཡང་འབྱེད།། དམྱལ་བའི་འཇིག་རྟེན་གནས་སར་ཆགས།། དོན་ཡོད་གྲུབ་པའི་བྱིན་རླབས་ལས།། དེ་ལས་རླུང་གི་དཀྱིལ་འཁོར་ཆགས།། རླུང་ལྷ་བ་དན་ཐོགས་རྣམས་གནས། ། རིན་ཆེན་འབྱུང་ལྡན་བྱིན་རླབས་ལས།། དེ་སྟེང་མེ་ཡི་དཀྱིལ་འཁོར་ཆགས།། མེ་ལྷའི་ཚོགས་རྣམས་དེ་ན་གནས།། སྣང་བ་མཐའ་ཡས་བྱིན་རླབས་ལས།། ཆུ་ཡི་དཀྱིལ་འཁོར་རྒྱ་མཚོར་གྱུར།། ཀླུ་ཡི་གནས་ཀྱང་དེ་ན་ཡོད། ། རྣམ་པར་སྣང་མཛད་བྱིན་རླབས་ལས།། ས་གཞི་ཆེན་པོ་ཆགས་པ་ལ།། གླིང་བཞི་རི་རབ་གྲུབ་པ་ན།། གླིང་བཞི་གླིང་ཕྲན་མི་ཡི་གནས།། རི་རབ་རྒྱལ་ཆེན་རིགས་བཞི་སོགས།། གནོད་སྦྱིན་གཟའ་སྐར་ལྷ་ཆེན་གནས། ། རྩེ་ལ་འཐབ་བྲལ་མན་ཆད་ནས།། གཟུགས་ཁམས་གནས་རིས་བཅུ་བདུན་དང།། གཟུགས་མེད་མིང་བཞི་ཕུང་པོར་གནས།། ཉན་ཐོས་རྣམས་ཀྱང་དེ་ན་བཞུགས།། བཀྲི་བའི་དོན་དུ་མཛད་པའི་གནས། ། སྤྲུལ་པས་གྲུབ་པའི་མཆོད་རྟེན་ནི།། ཤཱཀྱ་ཐུབ་པ་ལྷུམས་ཞུགས་དུས།། ཨུ་དུམ་ཝ་ར་སྦུ་གུར་གྱུར།། འཛམ་གླིང་སྤྲུལ་པའི་མཆོད་རྟེན་གཅིག། ཤཱཀ་ཐུབ་བྱང་ཆུབ་ཤིང་དྲུང་བལྟམས།། ཨུ་དུམ་ཝ་ར་ཁ་ཡང་འབུས། ། ཡིད་བཞིན་ལྷུན་གྲུབ་མཆོད་རྟེན་བྱུང།། ཤཱཀྱ་ཐུབ་པ་རབ་བྱུང་མཛད།། ཨུ་དུམ་ཝ་ར་ལྡུམ་བུར་གྱུར།། ནུབ་ཏུ་དཔེ་མེད་བསམ་འདས་བྱུང།། ཆུ་འགྲམ་བྱང་ཆུབ་དཀའ་ཐུབ་མཛད།། ཨུ་དུམ་ཝ་ར་སྡོང་པོར་འདྲིལ། ། ནུབ་ཏུ་རྨད་གྲགས་ཆོས་དབྱིངས་མཛད།། རྩཝ་མཆོག་གྲོང་ཁྱེར་གཤེགས་པའི་ཚེ།། སྡོང་པོ་ལས་ནི་ཡལ་ག་གྱེས།། བྱང་ཕྱོགས་ཡོན་ཏན་རིན་ཆེན་བརྩེགས།། ལང་ཀ་པུ་རིར་གཤེགས་པའི་ཚེ།། ཡལ་ག་ལས་ནི་ལོ་མར་གྱུར། ཁམས་གསུམ་བདེ་རྒྱས་སྒྲོན་མ་བྱུང།། བདུད་བཏུལ་ཐོ་རངས་སངས་རྒྱས་དུས།། ལོ་མ་ལས་ནི་མེ་ཏོག་ཤར།། ཤར་དུ་བྱམས་ལྡན་བསོད་ནམས་གཏེར།། མྱ་ངན་འདའ་བའི་ཚུལ་བསྟན་པ། ། མཐར་ལེགས་གཡུང་དྲུང་རྫོགས་པ་ཤར།། རང་བཞིན་མཆོད་རྟེན་ཡེ་ཤེས་སྐུ།། ཐུགས་རྗེའི་བྱིན་རླབས་རྨད་པོ་ཆེ།། མཚན་མའི་སྡུག་བསྔལ་ཡོངས་བསལ་ཞིང།། སེམས་ཅན་ཀུན་ལ་བྱམས་ཐུགས་ལྡན། ། སྤྲུལ་པར་འབྱུང་བའི་མཆོད་རྟེན་ནི།། བྱང་ཕྱོགས་རྣ་ཐོས་སྲས་ཀྱི་སྤྱན།། གཡས་མཐོང་སྲེག་ལ་གཡོན་མཐོང་འཇིག། མིག་མི་བཟང་གིས་གར་བལྟས་སར།། མི་ནད་ཕྱུགས་ནད་མུ་གེ་འབེབས།། རྒྱལ་པོས་བཅོམ་ལྡན་འདས་ལ་ཞུས། ། བདག་གིས་མ་བསྒྲུབས་གནོད་པའི་མིག། ཇི་ལྟར་ཐབས་ཀྱིས་བསྒྱུར་དུ་གསོལ།། བཅོམ་ལྡན་འདས་ཀྱིས་རྣམ་ཐོས་བུའི།། ཕྱག་ཏུ་རིང་བསྲེལ་མཆོད་རྟེན་བྱིན།། མིག་ངན་སྨིན་མཚམས་ཤཱ་རི་རཱམ། ། མཆོད་འབུལ་བྱས་པས་ཤིན་ཏུ་གེ། སྤྲུལ་པའི་མཆོད་རྟེན་ཏིང་འཛིན་སྐུ།། བྱམས་ཤིང་སྙོམས་པའི་ཀུན་གྱི་མགོན།། ཐུགས་རྗེ་ཆེན་པོས་བསྐྱོད་དུ་མེད།། ནུབ་བྱང་རྒྱལ་པོའི་མིག་ནད་སེལ། ། གཟུགས་ཆེན་མཆོད་རྟེན་བརྩིགས་པ་ནི།། རྒྱལ་པོ་དྷརྨ་ཨ་ཤོ་ཀས།། རི་གསུམ་རྩེ་གདོང་ལུང་གསུམ་མདོ།། རི་ལུང་མང་པོ་འདུས་པའི་རྒྱུན།། ཕོ་བྲང་བཏབ་པས་བསྟུན་ནད་ཟིན།། རྨི་ལམ་འབྱུང་ཞིང་མཆོད་རྟེན་བཞེངས། ། ནད་ལས་ཐར་ཏེ་རྒྱལ་སྲིད་འཛིན།། ཐ་ཆུང་སྲས་གྲོངས་ཕུང་པོ་བསྲེགས།། ཚ་ཚྭ་བཏབ་ཅིང་མཆོད་རྟེན་བཞེངས།། དགྲ་བཅོམ་འབྲས་བུ་ཐོབ་པར་གྱུར།། སྲས་འབྲིང་ནད་ཀྱིས་ཟིན་དེ་འདས། ། བདུན་ཚིགས་བདུན་གྱིས་རིགས་དྲུག་དྲངས།། ཐལ་བ་ཚ་ཚ་བཏབ་ནས་ནི།། བླ་ན་མེད་པའི་བྱང་ཆུབ་ཐོབ།། ལི་ཙ་བི་ཡིས་མི་ཤེས་སམ།། དེ་ནས་ལི་ཙ་བི་དགྱེས་ནས།། ད་ལྟར་ཤར་གྱི་ཕྱག་རྡོར་ཁྱོད། ། དུས་དེར་བཞུགས་པ་ངས་མ་མཐོང།། བག་ཆགས་སོལ་ལ་གསང་བར་ཤོད།། ཅེས་གསུངས་སོ།། སྐུ་གདུང་འབར་བ་མཆོད་རྟེན་གྱི་རྒྱུད་ལས། མཆོད་རྟེན་བྱུང་ཚུལ་ལོ་རྒྱུས་ཀྱི་ལེའུ་སྟེ་གཉིས་པའོ། །།། དེ་ནས་གསང་བའི་བདག་པོས་དམ་པའི་རིགས་ཅན་རྣམ་པ་ལྔ་ལ་ཐུན་མོང་མཆོད་རྟེན་གྱི་མན་ངག་འདི་དག་གསུངས་སོ།། མཆོད་རྟེན་བྱ་བའི་ས་བཙལ་བ།། སྣུམ་ཞིང་འབོལ་ལ་མཉེས་པའི་སར། ། ཡུངས་ཀར་དག་ལ་སྔགས་འདི་ཡིས།། ལན་བདུན་བརྗོད་ལ་མཚམས་བཅད་དོ།། ཨོཾ་ཨ་མྲྀ་ཏ་ཧ་ན་ཧ་ན་ཧཱུཾ་ཕཊ། སེང་ལྡིང་ལྕགས་ཕུར་སོར་བརྒྱད་ལ།། རྡོ་རྗེ་ཕུར་པར་བསམས་ནས་ནི།། ལན་བདུན་སྔགས་བརྗོད་དབུས་དང་ནི། ། གྲ་བཞིར་བཏབ་ལ་གཞག་པར་བྱ།། ཨོཾ་བཛྲ་ཀཱི་ལ་ཡ་ས་རྦ་དུཥྟཱཾ་ཧཱུཾ་ཕཊ། དེ་ནས་ཐིག་སྐུད་རིན་ཆེན་ལ།། རྡོ་རྗེ་སྐུད་པར་རབ་བསམ་ནས།། རྒྱ་ཁྱོན་ཅིར་ན་ཐིག་གིས་བསྐོར།། སྔགས་འདི་ལན་ནི་གསུམ་བརྗོད་པས། ། ས་གཞི་རིན་ཆེན་གྱུར་པར་བསམ།། ཨོཾ་བཛྲ་སཱུ་ཏྲ་ཧཱུཾ་ཕཊ། ཨོཾ་བཛྲ་ཁ་ན་ཁ་ན་ཧཱུཾ་ཕཊ། དེས་ནི་རྡོ་རྗེས་བསམ་པ་ཡི།། ལག་ཆས་ས་ནི་རྐོ་བའི་སྔགས།། ཚར་ནས་གནས་གཙང་ཕྱིན་ནས་ནི། ། བདུད་རྩི་འཁྱིལ་པའི་ཕྱག་རྒྱ་ནི།། རྡོ་རྗེ་རྩེ་གསུམ་མནན་ནས་ནི།། ལན་བདུན་སྔགས་བཟླས་ཐོ་བས་བརྡུང།། ཨོཾ་བཛྲ་མུངྒ་ར་ཨ་ཀོ་ཊ་ཡ་ཨ་ཀོ་ཊ་ཡ་ཧཱུཾ་ཕཊ། ཙནྡན་གུར་གུམ་དྲི་ཆབ་ཆུས།། འཇིམ་པ་སྦྲུས་བྱས་ལན་བདུན་བརྗོད། ། ཨོཾ་ཨ་མྲྀ་ཏེ་ཧཱུཾ་ཕཊ། ཨ་དཀར་བདུད་རྩིའི་ཆུ་རུ་དམིགས།། ཆུ་དེ་གཏོར་ལ་འཇིམ་པ་བརྫི།། སྔགས་འདི་ལན་བདུན་གཏོར་བར་བྱ།། ཨོཾ་ཤུདྡྷེ་བི་ཤོ་དྷ་ནཱ་ཡ་སྭཱ་ཧཱ། དེ་ནས་འཇིམ་པ་བརྫི་བའི་དུས། དེ་ཉིད་རྡོ་རྗེ་རིན་ཆེན་བསམ།། ཨོཾ་བཛྲ་པྲ་མར་ཏ་ན་ཡེ་ཧཱུཾ་ཕཊསྭཱ་ཧཱ། དེ་ནས་འཇིམ་པའི་གོང་བུ་ལ།། སྔགས་འདི་གསུམ་བརྗོད་བྱིན་བརླབས་པས།། འོད་ལྔས་དོན་མཛད་འཕྲོས་འདུས་ནས།། རིན་ཆེན་ལྔར་ནི་གྱུར་པར་བསམ། ། ཨོཾ་ན་མཿས་མན་བུདྡྷཱ་ནཱན། ཨ་པྲ་ཏི་ཧ་ཏ་ཤཱ་ས་ནཱ་ནཱན། ཨོཾ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ། དེ་ནས་འཇིམ་པ་བྱིན་རླབས་ཀྱི།། སྔགས་འདི་ཉི་ཤུ་རྩ་གཅིག་བཟླས།། མཆོད་རྟེན་གཅིག་བྱས་ཙམ་གྱིས་ནི། ། བྱེ་བ་བྱས་པར་འགྱུར་བའོ།། ཨོཾ་ན་མོ་བྷ་ག་ཝཱ་ཏེ་བེ་རོ་ཙ་ན་པྲ་བྷ་རཱ་ཛཱ་ཡ། ཨར་ཧ་ཏེ་སཾ་མྱག་སཾ་བུདྡྷཱ་ཡ། ཨོཾ་སཱུཀྵྨེ་ས་མེ་ས་མ་ཡེ། ས་མ་ཏེ་ས་མ་རོ་སེ། ཨ་ན་པ་ར་ནེ་ཏ་ར་མ་པེ་ཡ་ཤོ། མ་ཧཱ་ཏེ་ཛོ་རཱ་ཛ་ཀུ་ལེ་ནི་རྦཱ་ནི། སརྦ་ཏ་ཐཱ་ག་ཏོ་ཧྲྀ་ད་ཡ། ཨ་དྷིཥྛཱ་ན་ཨ་དྷིཥྛཱི་ཏེ་སྭཱ་ཧཱ། རིགས་ལྔ་སོ་སོའི་སྔགས་གཞུག་གམ།། ཡི་དམ་སྔགས་སམ་གང་བྱེད་སྔགས།། བྲིས་ཏེ་ཚ་ཚའི་ནང་དུ་གཞུག། གྲོ་གར་གུར་གུམ་དག་གིས་བྲི། ། ཨོཾ་དྷ་ར་དྷ་ར་ཡ་དྷ་ར་ཡ་བཛྲ་དྷྲིག། ཨོཾ་ཤ་ཤྭ་ཏ་པ་རེ་ཤ་ཤྭ་ཏོ་ཨེ་ཧྱེ་ནི་ཛི་ན་ཛིག། ཨོཾ་བཛྲ་སཱུརྱ་ཏ་ཏྲ་མོ། བམ་དྷ་མ་ན་མ་ས་མ་ཡ་ཏྭ་མ་ཨ་ཧཾ་རཏྣ་དྷྲྀག། ཨོཾ་བཛྲ་དྷརྨ་ས་མ་ཡ་ཧཱུཾ་ལུ་ཧཱུཾ་ལུ་ཨ་རོ་ལྀཀ། ཨོཾ་ཕུ་ཕུ་ཧི་ཧི་དྷ་ར་དྷ་ར་པྲ་ཛྙཱ་དྷྲྀག། ཡང་ན་སྔགས་ཐུང་འདི་བྲིས་ཏེ། ཚ་ཚྭ་ཆུང་ངུའི་ནང་དུ་གཟུག། ཨོཾ་ཏྲི་ཡ་དྷཱི་ཀཱ་ནཱི། སརྦ་ཏ་ཐཱ་ག་ཏཱ་ནཱན། ཏདྱ་ཐཱ། ཨོཾ་སཱུཀྵྨེ་སཱུཀྵྨེ། ཤཱནྟེ་ཤཱནྟེ། དཱནྟེ་དཱནྟེ། ནི་ར་ཀུ་ལེ། ཡ་ཤོ་ཡ་ཤོ། ཏེ་ཛོ་བ་ཏི། སརྦ་བུདྡྷ། ཨ་དྷིཥྛི་ཏེ་སྭཱ་ཧཱ། དེ་ནས་འབི་འབི་གཞུག་པའི་སྔགས།། གསུམ་བརྗོད་ཐབས་དང་ཤེས་རབ་འབྲེལ་པ་ཡི།། ཆོས་དབྱིངས་ཉིད་དུ་གྲུབ་པར་བསམ།། དེ་ཡི་སྔགས་ནི་འདི་ཡིན་ནོ།། ཨོཾ་ཨ་མྲྀ་ཏཱ་ཡུ་ཤེ་སྭཱ་ཧཱ། དེ་ནས་འབི་འབི་བྱ་བའི་སྔགས།། མ་ཟིན་བར་དུ་བརྗོད་པར་བྱ།། ཨོཾ་ཏྲཻ་ཡཏྟེ་སརྦ་ཏ་ཐཱ་ག་ཏོ་ཧྲྀ་ད་ཧ་ཡ། གརྦྷེ་ཛྭ་ལ། དྷརྨ་དྷཱ་ཏུ་གརྦྷེ་སང་ཧ་ར་ན། ཨཱ་ཡུ་ན་སཾ་ཤོ་དྷ་ཡ་པཱ་བམ། སརྦ་ཏ་ཐཱ་ག་ཏ་ས་མནྟོ་བི་མ་ལ་བི་ཤུདྡྷེ་སྭཱ་ཧཱ། མར་དང་ཉུང་རྩི་འབུལ་བའི་སྔགས།། ཉོན་མོངས་རྡུལ་བྲལ་བྱང་ཆུབ་བསམ།། ཨོཾ་ཨ་ར་ཛེ་བི་ར་ཛེ་སྭཱ་ཧཱ། རྐོལ་ཕོར་ནང་དུ་གཞུག་པའི་སྔགས།། ཐབས་དང་ཤེས་རབ་འབྲེལ་པ་ཆོས་དབྱིངས་བཞུགས། ། ཨོཾ་དྷཱ་ཏུ་གརྦྷེ་སྭཱ་ཧཱ། རྐོལ་ཕོར་ས་ལ་བརྡབ་པའི་སྔགས།། མཆོད་རྟེན་གྲུབ་པས་འགྲོ་དོན་བསམ།། ཨོཾ་དྷ་ར་མ་ར་ཏེ་བཛྲ་མུད་ག་ར་ཨ་ཀོ་ཊ་ཡ་ཧཱུཾ། དེ་ནས་མཆོད་རྟེན་དབྱུང་བའི་སྔགས།། ཤེལ་སྒོང་དག་པ་ལྟ་བུར་བསམ། ། ཨོཾ་བཛྲ་དྷ་རོད་པྲ་བ་ཡ་སྭཱ་ཧཱ། རྒྱུ་ཡི་ཆོས་རྣམས་རྫོགས་པ་ལ།། གཟུགས་ཀྱི་སྐུ་ནི་རྣམ་པ་གཉིས།། འབྲས་བུའི་ཆོས་རྣམས་རྫོགས་པ་ལས།། ཆོས་ཀྱི་སྐུ་རུ་བྱིན་གྱིས་བརླབས།། ཨོཾ་སརྦ་ཏ་ཐཱ་ག་ཏ་ནིརྨ་ཀཱ་ཡ་ས་མ་ཡ་སྟྭཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་སཾ་བྷོ་ག་ཀཱ་ཡ་ས་མ་ཡ་སྟྭཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་དྷརྨ་ཀཱ་ཡ་མ་ཧཱ་སུ་ཁ་བཛྲ་སུ་ཏ་ས་མ་ཡ་སྟྭཾ། དེ་ནས་སྲོག་ཤིང་གཟུག་པས་ནི།། མི་ནུབ་བརྟན་པར་གྱུར་པར་བསམ། ། ཨོཾ་བཛྭ་ཨཱ་ཡུ་ཤེ་སྭཱ་ཧཱ། འཁོར་ལོ་བཅུ་གསུམ་གཟུག་པས་ནི།། ས་ནི་བཅུ་གསུམ་གྱུར་པའོ།། ཨོཾ་བྲ་མརྡྷ་ནཱ་ཡ་སྭཱ་ཧཱ། དར་གྱི་ཅོད་པན་བཏགས་པ་ཡིས།། ཐབས་དང་ཤེས་རབ་ལྡན་པར་བྱ།། ཨོཾ་པ་ཏ་ཀ་ལམ་པ་སྭཱ་ཧཱ། བ་དན་སྣ་ཚོགས་འཕྱར་བ་ཡིས།། སེམས་ཅན་ཆོས་ཀྱི་སྙན་པ་སྒྲོགས།། ཨོཾ་པ་ཏ་ཀ་སྭཱ་ཧཱ། ཆུ་སྲིན་རྒྱལ་མཚན་བཙུགས་པ་ཡིས།། བདུད་བཞི་ལས་རྒྱལ་འཁོར་བ་འཛིན།། ཨོཾ་ཀུམ་བྷི་ར་རཱ་ཛ་སྭཱ་ཧཱ། གདུགས་ཀྱི་སེམས་ཅན་མ་ལུས་ཀུན།། བླ་ན་མེད་པའི་སྐྱབས་དང་ལྡན།། ཨོཾ་པྲ་ཧ་མ་ཏ་ནཱ་ཡ་སྭཱ་ཧཱ།། མེ་ཏོག་ཕྲེང་བ་བཅིངས་པ་ཡིས།། སེམས་ཅན་མི་བརྗེད་གཟུངས་རྣམས་འཛིན།། ཨོཾ་རཏྣ་མཱ་ལེ་ཏྲཾ་ཧཱུཾ། མཚན་དང་དཔེ་བྱད་རབ་ལྡན་པས།། བལྟ་བས་མི་ངོམས་ལྡན་པའི་སྔགས།། ན་མ་སྟྲཻ་ཡ་ཏེ་དྷ་ནུ་ག་ཏེ། པྲ་ཏི་ཏ་ཤྲུ་ས་གེ་ཏ་བེ་ཏ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱ་ཀ་སཾ་བུདྡྷཱ་ཡ། ཏདྱ་ཐཱ་པུཥྠི་སྭཱ་ཧཱ། གདན་རྣམས་མ་ལུས་དབུལ་བའི་སྔགས། ། རིན་ཆེན་ཉི་ཟླ་སེམས་ཅན་པད།། ཨོཾ་སུནྡྷ་རི་ཛ་ཡ་སྭཱ་ཧཱ། གཞལ་ཡས་ཁང་དུ་གཤེགས་པའི་སྔགས།། ཨོཾ་ད་ར་ད་ར་ཀུ་ཏ་ཀ་ར་ཛ་ཡེ་སྭཱ་ཧཱ། རིན་ཆེན་གཞལ་ཡས་ཆོས་ཀྱི་ཕོ་བྲང་དུ།། ཉི་ཟླ་རིན་ཆེན་གདན་ལ་བཞུགས་སུ་གསོལ། ། ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། དེ་ལ་དབང་རྣམས་མ་ལུས་པ།། རྫོགས་པར་བསྐུར་ཏེ་གནས་པར་བྱའོ།། ཨོཾ་བཛྲ་དྷཱ་ཏུ་ཤྭ་རི་ཨ་དྷིཥྛཱི་ཏེ་ཨ་བྷི་ཥིཉྩ་མཱམ། སྐུ་དང་གསུང་ཐུགས་ཡོན་ཏན་ལས། ། ཕྲིན་ལས་རྡོ་རྗེ་ཉིད་གྱུར་བསམ།། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཀྐ་ཙིཏྟ་མ་ཧཱ་ས་མ་ཡ་སྟྭཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་གུ་ན་ཀརྨ་མ་ཧཱ་ས་མ་ཡ་སྟྭཾ། དེ་ནས་མཆོད་པ་སྣ་ཚོགས་རྣམས།། མཉེས་པར་མ་ལུས་དབུལ་བར་བྱ། ། ཨོཾ་བཛྲ་ཨ་མྲྀ་ཏེ་ཨརྒྷམ་པྲ་ཏཱིཙྪ་སྭཱ་ཧཱ། ཨོཾ་བཛྲ་དྷཱུ་པེ་སྭཱ་ཧཱ། ཨོཾ་བཛྲ་པུཥྤེ་སྭཱ་ཧཱ། ཨོཾ་བཛྲ་ཨཱལོ་ཀེ་སྭཱ་ཧཱ། ཨོཾ་བཛྲ་གནྡྷེ་སྭཱ་ཧཱ། ཨོཾ་བ་ལིནྟ་ཏེ་ཛོ་བ་ལིན་ཏ་སྭཱ་ཧཱ། ཞེས་གསུངས་སོ།། སྐུ་གདུང་འབར་བ་མཆོད་རྟེན་གྱི་རྒྱུད་ལས། ། མཆོད་རྟེན་གདབ་ཐབས་མན་ངག་གི་ལེའུ་སྟེ་གསུམ་པའོ།།།། དེ་ནས་བཅོམ་ལྡན་འདས་གསང་བའི་བདག་པོས་ཐུན་མོང་གི་མཆོད་རྟེན་ལས་ཀྱི་རིམ་པ་འདི་དག་གསུངས་སོ། ། ཆོས་དབྱིངས་མངོན་གྱུར་ཡེ་ཤེས་སྐུ་བརྙེས་ཤིང།། སྐུ་གསུང་ཐུགས་ཀྱིས་འགྲོ་བའི་དོན་མཛད་པ།། ཐུགས་རྗེའི་ཅི་འདུལ་ཡིད་བཞིན་རེ་སྐོང་བའི།། ཕྱོགས་བཅུའི་སངས་རྒྱས་མ་ལུས་གཤེགས་སུ་གསོལ། ། ཉོན་མོངས་དུག་སེལ་ཡོན་ཏན་འབྱུང་བའི་གནས།། གསུང་རབ་བཅུ་གཉིས་འཕགས་ལམ་རྒྱལ་བའི་བཀའ།། བཅོམ་ལྡན་ཤེས་རབ་ཕ་རོལ་ཕྱིན་ལ་སོགས།། རྣམ་དག་དབྱིངས་ཀྱི་དམ་ཆོས་གཤེགས་སུ་གསོལ། ། ཆོས་སྐུ་གཟུགས་བརྙན་བྱང་ཆུབ་སེམས་ཀྱི་ངང།། གླིང་བཞི་འདུལ་མཛད་མཆོད་རྟེན་ཆེན་པོ་བརྒྱད།། བསོད་ནམས་ཞིང་དང་འགྲོ་བ་འདྲེན་པའི་གཙོ།། སྐུ་གདུང་རིང་བསྲེལ་མ་ལུས་གཤེགས་སུ་གསོལ། ། ས་བཅུ་རྒྱལ་སྲས་ཆེ་ལ་མངའ་བརྙེས་ཤིང།། བྱམས་དང་སྙིང་རྗེས་བརྩོན་འགྲུས་གོ་བགོས་ནས།། ཤེས་རབ་ཐབས་ཀྱིས་འགྲོ་བའི་དོན་མཛད་པ།། བྱང་ཆུབ་སེམས་དཔའ་མ་ལུས་གཤེགས་སུ་གསོལ། ། བདེན་བཞིའི་དོན་རྟོགས་ལོག་ལྟའི་སྐྱོན་སྤངས་ཤིང།། ཚུལ་ཁྲིམས་དྲི་མེད་དུག་ལྔའི་སྐྱོན་བསལ་ནས།། འཕགས་ལམ་དོན་བརྩོན་ཡོན་ཏན་རྒྱན་མངའ་བ།། དགྲ་བཅོམ་རང་རྒྱལ་མ་ལུས་གཤེགས་སུ་གསོལ། ། བྱང་ཆུབ་སེམས་ལྡན་བདེ་བར་གཤེགས་པའི་འཁོར། ཁམས་གསུམ་ས་དྲུག་གནས་ལ་མངའ་མཛད་པ།། བཅོམ་ལྡན་འདས་ཀྱི་བསྟན་པ་སྲུང་མཛད་པ།། སྲིད་གསུམ་སྲུང་མའི་ཚོགས་གྱུར་གཤེགས་སུ་གསོལ། ། ཞེས་སྤྱིར་སྤྱན་དྲང་བར་གསུངས་སོ།། ཆོས་དབྱིངས་རྣམ་དག་བཟང་མོའི་དཀྱིལ་འཁོར་འདིར།། ཉོན་མོངས་མ་གོས་ནམ་མཁའི་རང་བཞིན་ལ།། རྟོགས་པའི་ཏིང་འཛིན་ཆགས་པའི་སྐུར་བསྟན་ནས། ། ཆོས་སྐུ་ཟབ་མོའི་མཆོད་རྟེན་གཤེགས་སུ་གསོལ།། བྱམས་པ་ཆེན་པོ་དཔག་ཚད་མེད་པའི་ཆོས།། གདུག་པའི་ཚོགས་རྣམས་ཐམས་ཅད་འདུལ་སླད་དུ།། མེ་ལོང་ལྟ་བུ་ཆོས་ཀྱི་དོན་རྟོགས་ནས།། རྡོ་རྗེ་བརྩེགས་པའི་མཆོད་རྟེན་གཤེགས་སུ་གསོལ། ། དགའ་རབ་དོན་ཕྱིར་འཁྲུལ་པ་ཀུན་སྤངས་ཤིང།། འཇིགས་མེད་རིན་ཆེན་བང་རིམ་བརྩེགས་པ་ལ།། སྤྲུལ་པའི་ཡོན་ཏན་ཚོགས་ཀྱི་ཕྲེང་བས་བརྒྱན།། རིན་ཆེན་བརྩེགས་པའི་མཆོད་རྟེན་གཤེགས་སུ་གསོལ། ། ཉོན་མོངས་སྐྱོན་བྲལ་པདྨའི་གདན་སྟེང་ན།། དགའ་བ་བརྩེགས་པའི་བང་རིམ་བདུད་བཞི་འཇོམས།། བུམ་པ་ཆོས་དབྱིངས་སྤྲོས་པ་མེད་པའི་དབྱིངས།། པདྨ་བརྩེགས་པའི་མཆོད་རྟེན་གཤེགས་སུ་གསོལ། ། ཉོན་མོངས་འཁོར་བའི་སྡུག་བསྔལ་ལས་ཀྱིས་སྦྱངས།། རྣམ་པར་རྟོག་པའི་མཚན་མ་ཀུན་བཅོམ་ནས།། བསོད་ནམས་དགེ་ཚུལ་བསགས་པའི་མཆོད་རྟེན་བརྩེགས། ། བྱང་ཆུབ་རྫོགས་པའི་མཆོད་རྟེན་གཤེགས་སུ་གསོལ།། ཤཱཀྱ་ཐུབ་པ་སྤྲུལ་པའི་སངས་རྒྱས་ཀྱིས།། སྐུ་ཡི་འོད་ཟེར་སྤྲུལ་པས་སྒྲིབ་པ་སྦྱོང།། ཡོན་ཏན་ཚོགས་ཀྱི་ཆ་ལས་སྐུར་བརྟེན་པ།། འོད་འབྱུང་སྤྲུལ་པའི་མཆོད་རྟེན་གཤེགས་སུ་གསོལ། ། བྱང་ཆུབ་ཚོགས་ཀྱིས་རབ་ཏུ་བརྒྱན་པའི་སྐུ།། འཛམ་གླིང་ཀུན་ནས་བསོད་ནམས་སྤྲིན་ཚོགས་འདུ།། བཀྲ་ཤིས་དགེ་བ་བསོད་ནམས་ཚོགས་བསགས་ཤིང།། མི་མཐུན་སྒྲིབ་པའི་བག་ཆགས་བསལ་བའི་ཕྱིར། ། བཀྲ་ཤིས་བརྩེགས་པའི་མཆོད་རྟེན་གཤེགས་སུ་གསོལ།། དགེ་ཚུལ་བསོད་ནམས་མཆོད་རྟེན་གཤེགས་སུ་གསོལ།། ཡོན་ཏན་ཚོགས་ཀྱི་མཆོད་རྟེན་གཤེགས་སུ་གསོལ།། ཉོན་མོངས་མུན་སེལ་མར་མེ་གཤེགས་སུ་གསོལ། ། ཞེས་སོ་སོའི་སྤྱན་དྲང་བར་གསུངས་སོ།། དེ་ནས་བཞུགས་སུ་གསོལ་བ་གསུངས།། འཇའ་ཚོན་སྤེལ་ལེགས་བཀོད་འདྲ་བའི།། དགེ་བཅུ་དག་པའི་པདྨའི་གདན་སྟེང་དུ། ། རིམ་བཞིན་འཚམས་པར་བཞུགས་སུ་གསོལ།། ཆོས་དབྱིངས་ཕོ་བྲང་རིན་ཆེན་གཞལ་ཡས་འདིར།། འཇའ་ཚོན་སྤེལ་འདྲའི་གདན་བཟང་བཏིང་ལགས་ཀྱི།། བླ་མེད་ཡིད་དང་རང་བཞིན་མཆོད་རྟེན་དང།། སྤྲུལ་པའི་གཟུགས་ཅན་མ་ལུས་མཆོད་རྟེན་ཀུན།། དོག་ཅིང་ཚོར་བ་མི་མངའ་བར།། སྐུ་གསུང་རྡོ་རྗེ་ལྟ་བུར་བྱིན་བརླབས་ནས།། འགྲོ་བ་སེམས་ཅན་རྣམས་ལ་སྨན་སླད་དུ།། བརྟན་པར་བཞུགས་ནས་ཐུགས་རྗེས་དགོངས་སུ་གསོལ། ། དེ་ནས་ཕྱག་འཚལ་རིམ་པ་གསུངས།། ཆོས་སྐུ་མཁའ་ལ་ཡེ་ཤེས་དཀར་བཀྲམ་ཞིང།། ཐུགས་རྗེའི་ཕྲིན་ལས་གཟུགས་སྐུའི་ཆར་འབེབས་པ།། འཁོར་བའི་མུན་སེལ་བདུད་བཞི་འཇོམས་མཛད་པ། ། དུས་གསུམ་བདེ་གཤེགས་རྣམས་ལ་ཕྱག་འཚལ་ལོ།། དམིགས་མེད་ཆགས་བྲལ་བདུད་རྩི་འདུས་མ་བྱས།། རྒྱུ་འབྲས་བསྟན་དང་ལམ་དང་གཉེན་པོའི་ཆོས།། སྡུག་བསྔལ་ཟད་མཛད་སྲིད་པའི་མུན་སེལ་བ། ། དམ་ཆོས་བདུད་རྩི་རྣམས་ལ་ཕྱག་འཚལ་ལོ།། བཅོམ་ལྡན་ཤཱཀྱ་སེང་གེའི་བྱིན་རླབས་ལས།། སྲིད་རྩེ་རིན་ཆེན་སྣ་ལྔའི་གཞལ་ཡས་ན།། རིགས་བཞིའི་ཕྱག་རྒྱ་མཆོད་རྟེན་བཞིར་སྣང་བ།། འགྲོ་དོན་རྫོགས་པར་མཛད་ལ་ཕྱག་འཚལ་ལོ། ། ཇི་ལྟར་ཨུ་དུམ་ཝཱ་རའི་མེ་ཏོག་ལྟར།། བདེ་གཤེགས་མཛད་པ་མཐར་ཕྱིན་གྲུབ་པའི་རྟགས།། འཁོར་བ་ཟད་མཛད་ཐར་ལམ་འདྲེན་པའི་གཙོ།། བླ་མེད་མཆོད་རྟེན་བརྒྱད་ལ་ཕྱག་འཚལ་ལོ། ། རྣམ་དག་དབྱིངས་ཀྱི་བྱིན་བརླབས་རྒྱལ་བའི་གདུང།། མ་རིག་མུན་སེལ་ངེས་པར་ལེགས་པའི་གཞི།། སྤྲུལ་པའི་མཆོད་རྟེན་སྲིད་པས་བཀུར་བའི་གནས།། རིང་བསྲེལ་འཇིག་རྟེན་རྒྱན་ལ་ཕྱག་འཚལ་ལོ། ། ཐབས་མཁས་ཐུགས་རྗེས་འགྲོ་བའི་དོན་མཛད་ཅིང།། བདེན་གཉིས་དོན་རྟོགས་ས་བཅུ་མཆོག་བརྙེས་ཤིང།། གཞན་དོན་རྣམ་པར་གྲོལ་བའི་སྐུ་མངའ་བ།། བྱང་ཆུབ་སེམས་དཔའ་རྣམ་ལ་ཕྱག་འཚལ་ལོ། ། ཉོན་མོངས་དུག་སྤངས་ཚུལ་ཁྲིམས་རྒྱན་མངའ་ཞིང།། སློབ་དང་མི་སློབ་འཕགས་ལམ་དོན་བསྒོམས་ཏེ།། རིག་པ་གསུམ་གྱི་མཚན་མའི་དགྲ་བཅོམ་པ།། ཉན་ཐོས་རང་རྒྱལ་རྣམས་ལ་ཕྱག་འཚལ་ལོ།། སྲིད་པ་གསུམ་གྱི་བདག་པོའི་གཟུགས་འཛིན་ཅིང། ། ལྷ་ཀླུ་གནོད་སྦྱིན་བདག་པོར་ཞལ་འཆེས་པའི།། རྣམ་བཞི་འཁོར་དུ་གཏོགས་ལ་ཕྱག་འཚལ་ལོ།། ཤར་ཕྱོགས་མངོན་དགའི་སངས་རྒྱས་ཞིང་ཁམས་ན།། རྡོ་རྗེ་རི་བོ་ལྷུན་པོའི་མཆོད་རྟེན་བཞུགས། ། འོད་ཟེར་འབར་བ་ཉི་མ་སྟོང་གི་གཟི།། སངས་རྒྱས་རྡོ་རྗེའི་འཁོར་ལ་ཕྱག་འཚལ་ལོ།། ལྷོ་ཕྱོགས་དཔལ་ལྡན་ཡིད་བཞིན་ཞིང་ཁམས་ན།། རིན་ཆེན་རི་བོ་ལྷུན་པོའི་མཆོད་རྟེན་བཞུགས། ། འོད་ཟེར་འབར་བ་ཉི་མ་སྟོང་གི་གཟི།། སངས་རྒྱས་རིན་ཆེན་འཁོར་ལ་ཕྱག་འཚལ་ལོ།། ནུབ་ཕྱོགས་བདེ་ལྡན་དགའ་བའི་ཞིང་ཁམས་ན།། པདྨ་རི་བོ་ལྷུན་པོའི་མཆོད་རྟེན་བཞུགས།། འོད་ཟེར་འབར་བ་ཉི་མ་སྟོང་གི་གཟི། ། སངས་རྒྱས་པདྨའི་འཁོར་ལ་ཕྱག་འཚལ་ལོ།། བྱང་ཕྱོགས་རྣམ་པར་དག་པའི་ཞིང་ཁམས་ན།། ལས་ཀྱི་རི་བོ་ལྷུན་པོའི་མཆོད་རྟེན་བཞུགས།། འོད་ཟེར་འབར་བ་ཉི་མ་སྟོང་གི་གཟི།། སངས་རྒྱས་དོན་གྲུབ་འཁོར་ལ་ཕྱག་འཚལ་ལོ། ། སྔར་འདས་རྒྱལ་བའི་རིང་སྲེལ་ཡུམ་གྱི་དབྱིངས།། འགྲོ་དོན་ལྷུན་གྲུབ་བསོད་ནམས་དབྱིངས་ཀྱི་གཙོ།། མཚན་མ་མེད་ལས་མཚན་མའི་སྐུར་ཡང་གསལ། ། སངས་རྒྱས་རབ་བདུན་ད་ལྟར་བསྟན་པའི་སྐུར།། འཁོར་ལོ་བདུན་ཏེ་ཕྱག་རྒྱའི་མཚན་མར་གསལ།། ལོག་པར་དད་སེལ་གསེར་ཐུབ་འཁོར་བ་འཇིགས།། ཐམས་ཅད་སྐྱོབས་དང་འོད་སྲུངས་མར་མེ་མཛད། ། ཤཱཀྱ་ཐུབ་པ་ལ་སོགས་སངས་རྒྱས་སྐུ།། འགྲོ་དོན་ལྷུན་གྲུབ་མཛད་ལ་ཕྱག་འཚལ་ལོ།། རྩིང་པོའི་བློ་ཡིས་མཆོད་རྟེན་འཛིན་པ་ཡང།། ངེས་པར་མཁྱེན་པའི་ཁྱད་པར་ཀ་ཎི་ཀ། འཇིག་རྟེན་ཡེ་ཤེས་མུན་སེལ་ཟླ་ལྟར་གསལ། ། འདི་ལྟའི་རྨད་མཆོག་དམ་པ་ཆོས་ཀྱི་དབྱིངས།། དེ་ཕྱིར་བླ་ན་མེད་པའི་མཆོད་རྟེན་ལ།། ལུས་རབ་བཏུད་དེ་སྲི་ཞུས་བདག་ཕྱག་འཚལ།། དང་བའི་ཡིད་ཀྱིས་དམིགས་ཏེ་མཆོད་པ་འབུལ།། འདི་དག་ཐུགས་རྗེས་དགོངས་ཏེ་ཤེས་སུ་གསོལ། ། འགྲོ་དོན་ཡོན་བདག་སེམས་ཅན་མ་ལུས་རྣམས།། མཐོ་རིས་བགྲོད་ནས་སངས་རྒྱས་འགྲུབ་པར་ཤོག། དེ་ནས་མཆོད་པ་འབུལ་བ་གསུངས།། ཡེ་ཤེས་ཚོགས་རྫོགས་སྐུ་གསུམ་ལྷུན་གྱིས་གྲུབ། ། བཞི་བཅོམ་དྲུག་ལྡན་མི་གནས་མྱ་ངན་འདས།། ཐུགས་རྗེ་སྤྲུལ་པས་འཁོར་བའི་འདམ་སྐེམས་པའི།། ཕྱོགས་བཅུའི་སངས་རྒྱས་རྣམས་ལ་མཆོད་པ་འབུལ།། ཡེ་ཤེས་ཉི་མས་མ་རིག་མུན་སེལ་བའི། ། དྲི་མེད་བདུད་རྩིས་འཁོར་བའི་ནད་རྣམས་འཇོམས།། དོན་དམ་དམིགས་མེད་བདེ་བར་གཤེགས་པའི་གནས།། འཕགས་པའི་ལམ་གྱུར་ཆོས་ལ་མཆོད་པ་འབུལ།། བྱམས་དང་སྙིང་རྗེ་དགའ་དང་བཏང་སྙོམས་ཚུལ། ། བདེ་གཤེགས་རྡོར་རིན་པདྨོ་ལས་ཀྱི་རྟགས།། རིན་ཆེན་བཞི་ལས་མངོན་དུ་གྱུར་པའི་སྐུ།། རིགས་བཞི་མཆོད་རྟེན་རྣམས་ལ་མཆོད་པ་འབུལ།། ལྷོ་ཕྱོགས་འཛམ་གླིང་རིན་ཆེན་དཀྱིལ་འཁོར་འདིར། ། ཡེ་ཤེས་དཔག་ཡས་ཐུགས་རྗེས་འབྲེལ་བའི་སྐུ།། རང་བྱུང་སྤྲུལ་པའི་མཆོད་རྟེན་ཆེན་པོ་དང།། ཡིད་བཞིན་ལྷུན་གྱིས་གྲུབ་ལ་མཆོད་པ་འབུལ།། ནུབ་ཕྱོགས་བདེ་ལྡན་པདྨོའི་དཀྱིལ་འཁོར་ན།། ཐབས་ཀྱི་བྱེ་བྲག་རིང་བསྲེལ་སྐུར་བསྟན་པ། ། དཔེ་རྣམས་བསམ་ལས་འདས་པའི་མཆོད་རྟེན་དང།། རྨད་གྲགས་ཆོས་ཀྱི་དབྱིངས་ལ་མཆོད་པ་འབུལ།། བྱང་ཕྱོགས་དཔག་ཡས་ཡིད་བཞིན་དཀྱིལ་འཁོར་ན།། ཐམས་ཅད་དགའ་བྱེད་དཔལ་ཞིང་ཆོས་ཀྱི་གདུང། ། ཡོན་ཏན་རིན་ཆེན་བརྩེགས་པའི་མཆོད་རྟེན་དང། ཁམས་གསུམ་བདེ་རྒྱས་སྒྲོན་ལ་མཆོད་པ་འབུལ།། ཤར་གྱི་ལུས་འཕགས་ཡེ་ཤེས་དཀྱིལ་འཁོར་ན།། བྱམས་པས་འཁོར་བ་འདྲེན་མཛད་རིང་བསྲེལ་སྐུ། ། བྱམས་ལྡན་བསོད་ནམས་གཏེར་གྱི་མཆོད་རྟེན་དང།། མཐར་ལེགས་གཡུང་དྲུང་རྫོགས་ལ་མཆོད་པ་འབུལ། ཁྲི་འཕང་དང་པོར་དྲན་པ་ཉེར་གཞག་བཞི།། ལུས་དྲན་སེམས་དྲན་ཆོས་དྲན་རྗེས་སུ་དྲན། ། སྤྱི་དང་རང་གི་མཚན་ཉིད་མངོན་རྟོགས་པའི།། རིག་པ་ཤེས་རབ་མཁྱེན་ལ་མཆོད་པ་འབུལ།། བང་རིམ་གཉིས་པར་ཡང་དག་སྤོང་བ་བཞི།། སྡིག་རྣམས་མི་བསྐྱེད་དགེ་བའི་ཆོས་སྤེལ་ཞིང། ། དགེ་བའི་ཆོས་བསྐྱེད་ཆོས་དོན་རྫོགས་མཛད་པ།། རྟོག་པའི་བག་ཆགས་བྲལ་ལ་མཆོད་པ་འབུལ།། བང་རིམ་གསུམ་པར་རྫུ་འཕྲུལ་རྐང་པ་བཞི།། འདུན་དང་སེམས་དང་དཔྱོད་དང་བརྩོན་འགྲུས་རྣམས། ། སྤོང་བའི་འདུ་བྱེད་ལྡན་པའི་རྫུ་འཕྲུལ་གྱིས།། ཐོགས་མེད་འགྲོ་དོན་མཛད་ལ་མཆོད་པ་འབུལ།། བང་རིམ་བཞི་པར་སྣང་བ་དབང་པོ་ལྔ།། དད་བརྩོན་དྲན་དང་ཏིང་འཛིན་དབང་པོ་དང།། ཤེས་རབ་དབང་པོས་ཆོས་ལ་དབང་བསྒྱུར་ནས། ། འདོད་དགུ་དགེ་རྩ་སྤྱོད་ལ་མཆོད་པ་འབུལ།། འགྱུར་མེད་བུམ་རྟེན་འདེགས་པའི་སྟོབས་ལྔ་སྟེ།། དད་དང་བརྩོན་འགྲུས་དྲན་དང་ཏིང་འཛིན་སྟོབས།། ཤེས་རབ་སྟོབས་ཀྱིས་ཉོན་མོངས་ཟིལ་གྱིས་གནོན། ། མཐུ་དབང་མངོན་དུ་གྱུར་ལ་མཆོད་པ་འབུལ།། བུམ་པར་མངོན་འཕགས་བྱང་ཆུབ་ཡན་ལག་བདུན།། དྲན་དང་ཚོར་བྱེད་བརྩོན་འགྲུས་དགའ་བ་དང།། ཤིན་ཏུ་སྦྱངས་དང་ཏིང་འཛིན་བཏང་སྙོམས་ཀྱིས། ། འགྲུབ་འགྱུར་ཐོགས་པ་མེད་ལ་མཆོད་པ་འབུལ། ཁ་ཁྱེར་འཕགས་པའི་ལམ་གྱི་ཡན་ལག་བརྒྱད།། ལྟ་དང་རྟོགས་དང་ངག་དང་ལས་ཀྱི་མཐའ།། འཚོ་དང་རྩོལ་དང་དྲན་དང་ཏིང་འཛིན་གྱིས། ། འཕགས་ལམ་གནས་རབ་འཇུག་ལ་མཆོད་པ་འབུལ།། སྲོག་ཤིང་མཁྱེན་པ་བཅུ་ཡི་བདག་ཉིད་དེ།། ཐབས་དང་ཤེས་རབ་རིག་པའི་རྩལ་མཆོག་གིས།། དམ་ཆོས་བདུད་རྩི་འཛིན་ལ་སྲོག་ཏུ་གྱུར།། ཤེས་རབ་དོན་ཀུན་རིག་ལ་མཆོད་པ་འབུལ། ། འཁོར་ལོ་བཅུ་གསུམ་སྟོབས་བཅུ་ཉེར་གཞག་གསལ།། ཤེས་རབ་སྤྱན་ལྡན་ཐམས་ཅད་མངོན་གཟིགས་པའི།། ཤེས་བྱའི་བག་ཆགས་སྦྱོང་ལ་ཐོགས་པ་མེད།། ཡེ་ཤེས་ཕུན་སུམ་ཚོགས་ལ་མཆོད་པ་འབུལ། ། ཆར་ཁེབས་སྐྱབས་ཆེན་ཐུགས་རྗེའི་བདག་ཉིད་དེ།། འདུལ་བའི་དུས་དང་སེམས་ཅན་རྒྱུད་མཁྱེན་རྣམས།། འཇིག་རྟེན་རྣམས་ལ་ཕན་འདོགས་རབ་བརྩོན་པའི།། ཕྱི་མཐར་ཡུན་རིང་བཞུགས་ལ་མཆོད་པ་འབུལ། ། དད་བརྩོན་ཤུགས་ཀྱིས་ལུས་ངག་སེམས་བཏུད་དེ།། བརྩོན་འགྲུས་དྲག་པོས་རིན་ཆེན་སྣ་ལྔ་དང།། འབྱུང་བ་ལྔ་ལས་གྲུབ་པའི་མཆོད་རྟེན་སོགས།། སྐུ་གདུང་རིང་བསྲེལ་རྣམས་ལ་མཆོད་པ་འབུལ། ། སྐུ་གསུང་ཐུགས་ལས་སྤྲུལ་པའི་རྒྱལ་བའི་སྲས།། ཐུགས་རྗེའི་ཤུགས་ཀྱིས་ཕྱི་མཐའ་གཞན་དོན་མཛད།། སྐྱེ་འགག་མེད་པའི་དོན་གྱི་བློ་སྦྱངས་ལ།། བྱང་ཆུབ་སེམས་དཔའ་རྣམས་ལ་མཆོད་པ་འབུལ། ། རྣམ་གྲོལ་ཐར་ལམ་མཆོག་ཏུ་རབ་བརྩོན་པ།། ཟུང་བཞི་ཡ་བརྒྱད་རིག་པའི་སྐྱེས་བུའི་ཚོགས།། རྟེན་ཅིང་འབྲེལ་པ་རིག་པའི་སངས་རྒྱས་པས།། འཕགས་པའི་དགེ་འདུན་རྣམས་ལ་མཆོད་པ་འབུལ།། དགེ་བ་བཅུ་བསྐྱེད་སྐལ་ལྡན་སངས་རྒྱས་ཞིང། ། ཚངས་པའི་སྐལ་གྱིས་ངན་སོང་མཐར་སྤངས་ཏེ།། རྫུ་འཕྲུལ་ཤུགས་ཀྱིས་འགྲོ་བའི་དོན་མཛད་པ།། འཇིག་རྟེན་སྲུང་མའི་ཚོགས་ལ་མཆོད་པ་འབུལ།། རྡོ་རིངས་ཐེམ་སྐས་ཆུ་སྲིན་རྒྱལ་མཚན་དང། ། གདུགས་དང་བ་དན་དར་གྱི་ཅོད་པན་དང།། པདྨ་ཉི་ཟླ་སིལ་སྙན་ལྷ་ཡི་རྫས།། ཚངས་པའི་དབྱངས་ལྡན་དམིགས་པ་དག་པས་མཆོད།། ཏིང་འཛིན་སྔགས་དང་ཕྱག་རྒྱའི་མཐུ་གྱུར་པའོ། ། ཡོན་ཆབ་བདུག་སྤོས་མེ་ཏོག་མར་མེ་དང།། བཤོས་གསང་དྲི་ཆབ་ལ་སོགས་སྦྱར་བ་དག། མཆོད་ཡོན་རྣམ་ལྔའི་ཚོགས་ཀྱི་མཆོད་པ་འབུལ།། དངོས་སུ་འབྱོར་དང་ཡིད་ཀྱིས་རྣམ་སྤྲུལ་པའི། ། འཇིག་རྟེན་འདས་དང་འཇིག་རྟེན་གྲུབ་པའི་རྫས།། ཀུན་བཟང་རྣམ་དག་མཆོད་པའི་སྤྲིན་ཕུང་གིས།། ནམ་མཁའ་གང་བར་དམིགས་ཏེ་མཆོད་པ་འབུལ།། འཇིག་རྟེན་འཁོར་བའི་གནས་ནས་དྲང་བ་དང། ། འགྲོ་དོན་མཛད་པའི་ཐུགས་དམ་བསྐང་སླད་དུ།། ཡེ་ཤེས་ཉི་མས་མཚན་མའི་སྐྱོན་སྤངས་ནས།། བྱམས་པའི་ཐུགས་རྗེས་མཆོད་པ་བཞེས་སུ་གསོལ།། རྒྱལ་བ་འཁོར་བཅས་རིང་བསྲེལ་མཆོད་འོས་རྣམས། ། སྤྱན་དྲངས་ཕྱག་འཚལ་མཆོད་ཅིང་བཀུར་བའི་མཐུས།། སྔོན་བསགས་ལམ་གྱི་སྒྲིབ་པ་ཀུན་སྦྱངས་ནས།། འགྲོ་དྲུག་ཚོགས་རྣམས་མངོན་པར་སངས་རྒྱས་ཤིག། དེ་ནས་ཨརྒྷའི་གསོལ་མཆོད་བཤད། ། མཆོད་རྟེན་སྐུ་ཡི་ཆ་ལུགས་ནི།། འོག་གི་རྨང་བཏིང་ཡེ་ཤེས་བཞི།། གྱེན་དུ་ཁྲི་འཕང་རྣམ་ཐར་གསུམ།། ཆགས་མེད་པདྨའི་གདན་སྟེང་ན།། བུམ་པ་བཟང་པོ་ཆོས་ཀྱི་རྗེ།། གསེར་གྱི་བྲེ་ཕུལ་འོད་ཟེར་འཕྲོ། ། སྲོག་ཤིང་དྲང་སྲོང་བླ་ན་མེད།། འཁོར་ལོ་བཞི་དང་ཡེ་ཤེས་བརྒྱད།། འབར་བ་མེ་དཔུང་རྡོ་རྗེས་བསྐོར།། བཀྲ་ཤིས་དཔལ་ཚོགས་གཞལ་ཡས་འདིར།། བླ་མེད་མཆོད་པའི་གདན་བཤམས་ཤིང།། ཆུ་བོ་གངྒཱའི་རྒྱུན་བཞིན་དུ། ། ཨརྒྷའི་རྒྱུན་ཡང་མི་འཆད་དེ།། བཀྲ་ཤིས་མཆོད་པ་འདི་འབུལ་ན།། ཐུགས་རྗེས་དགོངས་ནས་བཞེས་སུ་གསོལ།། མཆོད་རྟེན་གསུང་གི་ཆ་ལུགས་ནི།། མན་ངག་ཚིག་གི་སྙིང་པོ་བརྗོད། ། བཟླས་བརྗོད་གསུང་རབ་བཅུ་གཉིས་བརྗོད།། དོན་དམ་སྒྲ་སྐད་ཀུན་ལ་མཁས།། རྒྱལ་བ་རྒྱ་མཚོ་འཁོར་དང་བཅས།། གསུང་གི་མཆོད་རྟེན་ཐམས་ཅད་ལ།། བཀྲ་ཤིས་དཔལ་ཚོགས་གཞལ་ཡས་འདིར། ། བླ་མེད་མཆོད་པའི་རྒྱན་བཤམས་ནས།། ཆུ་བོ་གངྒཱའི་རྒྱུན་བཞིན་དུ།། ཨརྒྷའི་རྒྱུན་ཡང་མི་འཆད་དེ།། བཀྲ་ཤིས་མཆོད་པ་འདི་འབུལ་ན།། ཐུགས་རྗེས་དགོངས་ནས་བཞེས་སུ་གསོལ།། མཆོད་རྟེན་ཐུགས་ཀྱི་ཆ་ལུགས་ནི། ། དཔེ་མེད་བསམ་འདས་ནམ་མཁའ་ཆེ།། ཏིང་འཛིན་ཉིད་ལས་ཅིར་ཡང་གསལ།། ཡེ་ཤེས་ཉིད་ཡིན་ཅིར་ཡང་རྟོགས།། ཤེས་རབ་ཉིད་དཔལ་མཁྱེན་རབ་གསལ།། ཐམས་ཅད་མཁྱེན་པས་ལྷུན་གྱིས་གྲུབ། ། དོན་དམ་སེམས་རྟོག་ཡིད་ལས་འདས།། བཀྲ་ཤིས་དཔལ་ཚོགས་གཞལ་ཡས་འདིར།། བླ་མེད་མཆོད་པའི་རྒྱན་བཤམས་ནས།། ཆུ་བོ་གངྒཱའི་རྒྱུན་བཞིན་དུ།། ཨརྒྷའི་རྒྱུན་ཡང་མི་འཆད་དེ། ། བཀྲ་ཤིས་མཆོད་པ་འདི་འབུལ་ན།། ཐུགས་རྗེས་དགོངས་ལ་བཞེས་སུ་གསོལ།། བླ་མེད་མཆོད་རྟེན་ཆ་ལུགས་ནི།། རིན་ཆེན་འབར་བའི་སྲིད་རྩེ་ནི།། ཙིནྟ་མ་ཎི་ཡེ་ཤེས་བཞི།། བཀྲ་ཤིས་དཔལ་ཚོགས་གཞལ་ཡས་འདིར། ། བླ་མེད་མཆོད་པའི་རྒྱན་བཤམས་ཤིང།། ཆུ་བོ་གངྒཱའི་རྒྱུན་བཞིན་དུ།། ཨརྒྷའི་རྒྱུན་ཡང་མི་འཆད་དེ།། བཀྲ་ཤིས་མཆོད་པ་འདི་འབུལ་ན།། ཐུགས་རྗེས་དགོངས་ཏེ་བཞེས་སུ་གསོལ། ། ཡིད་ཀྱི་མཆོད་རྟེན་ཆ་ལུགས་ནི།། ནམ་མཁའི་དབྱིངས་དང་རྒྱ་མཚོའི་འཇིང།། བྱང་ཆུབ་སེམས་ཀྱི་མཆོད་རྟེན་བྲིས།། སྣང་ཞིང་སྟོང་ལ་སྟོང་ཞིང་གསལ།། ཡིད་ཀྱི་མཆོད་རྟེན་ཐམས་ཅད་ལ།། བཀྲ་ཤིས་དཔལ་ཚོགས་གཞལ་ཡས་ན། ། བླ་མེད་མཆོད་པའི་རྒྱན་བཤམས་ཤིང།། ཆུ་བོ་གངྒཱའི་རྒྱུན་བཞིན་དུ།། ཨརྒྷའི་རྒྱུན་ཡང་མི་འཆད་དེ།། བཀྲ་ཤིས་མཆོད་པ་འདི་འབུལ་ན།། ཐུགས་རྗེས་དགོངས་ནས་བཞེས་སུ་གསོལ། ། རང་བཞིན་མཆོད་རྟེན་ཆ་ལུགས་ནི།། ཐུགས་རྗེའི་བྱིན་རླབས་རྨད་པོ་ཆེ།། མཚན་མའི་སྡུག་བསྔལ་རབ་བསལ་ནས།། སེམས་ཅན་ཀུན་ལ་བྱམས་ཐུགས་ལྡན།། བཀྲ་ཤིས་དཔལ་ཚོགས་གཞལ་ཡས་འདིར། ། བླ་མེད་མཆོད་པའི་རྒྱན་བཤམས་ནས།། ཆུ་བོ་གངྒཱའི་རྒྱུད་བཞིན་དུ།། ཨརྒྷའི་རྒྱུན་ཡང་མི་འཆད་དེ།། བཀྲ་ཤིས་མཆོད་པ་འདི་འབུལ་ན།། ཐུགས་རྗེས་དགོངས་ནས་བཞེས་སུ་གསོལ།། སྤྲུལ་པའི་མཆོད་རྟེན་ཏིང་འཛིན་སྐུ། ། བྱམས་ཤིང་སྙེམས་པས་ཀུན་གྱི་མགོན།། ཐུགས་རྗེ་ཆེན་པོས་སྐྱོ་དུབ་མེད།། ནུབ་བྱང་རྒྱལ་པོའི་མིག་ནས་སེལ།། སྤྲུལ་པའི་མཆོད་རྟེན་ཐམས་ཅད་ལ།། བཀྲ་ཤིས་དཔལ་ཚོགས་གཞལ་ཡས་འདིར། ། བླ་མེད་མཆོད་པའི་རྒྱན་བཤམས་ཤིང།། ཆུ་བོ་གངྒཱའི་རྒྱུན་བཞིན་དུ།། ཨརྒྷའི་རྒྱུན་ཡང་མི་འཆད་དེ།། བཀྲ་ཤིས་མཆོད་པ་འདི་འབུལ་ན།། ཐུགས་རྗེས་དགོངས་ནས་བཞེངས་སུ་གསོལ།། གཟུགས་འཛིན་མཆོད་རྟེན་ཤེས་རབ་སྐུ། ། བདུད་ཀྱི་འཁོར་དང་གཤིན་རྗེའི་འཁོར།། སྲིན་པོའི་ཚོགས་དང་ལྷ་མ་ཡིན།། གནོད་སྦྱིན་མ་ལུས་ཐམས་ཅད་ཀྱི།། གཟི་བྱིན་མཐུ་སྟོབས་འཕྲོག་མཛད་པའི།། གནོད་སྦྱིན་སྲིན་པོའི་རྒྱུ་སྲང་གཅོད། ། གཟུགས་ཆེན་མཆོད་རྟེན་ཐམས་ཅད་ལ།། བཀྲ་ཤིས་དཔལ་ཚོགས་གཞལ་ཡས་འདིར།། བླ་མེད་མཆོད་པའི་རྒྱན་བཤམས་ཤིང།། ཆུ་བོ་གངྒཱའི་རྒྱུན་བཞིན་དུ།། ཨརྒྷའི་རྒྱུན་ཡང་མི་འཆད་དེ།། བཀྲ་ཤིས་མཆོད་པ་འདི་འབུལ་ན། ། ཐུགས་རྗེས་དགོངས་ནས་བཞེས་སུ་གསོལ།། དེ་ནས་མཆོད་རྟེན་བསྟོད་པ་གསུངས།། བླ་མེད་མཆོད་རྟེན་བསྟོད་པ་ནི།། ཚོགས་ཆེན་རྫོགས་པ་ཆོས་ཀྱི་སྐུ།། བླ་མེད་བྱང་ཆུབ་ཐུགས་རྗེའི་གནས། ཁམས་གསུམ་འགྲོ་རྣམས་དོན་གྱི་ཕྱིར།། ཡེ་ཤེས་གཟུགས་སྤྲུལ་མཆོད་རྟེན་འདི།། གཞི་རྨང་དགེ་བཅུ་པདྨ་དག་པས་འཇམ།། དྲན་པ་ཉེར་གཞག་རྨང་གི་ཁྲི་འཕང་བརྟན།། སྡིག་པ་སྤངས་པའི་བང་རིམ་གཉིས་པ་ལས། ། རྫུ་འཕྲུལ་རྐང་པ་བང་རིམ་གསུམ་པ་སྟེ།། རྣམ་གྲོལ་དབང་པོ་བང་རིམ་བཞི་པ་བཟང།། ཐུགས་རྗེའི་ཚད་མེད་ཆོས་ཀྱི་ཆར་ཁེབས་ལྡིང།། བདེན་བཞིའི་བསྟན་པ་འཇིག་རྟེན་སྐྱོང་བཞིས་བཙུགས། ། སྟོབས་ལྔའི་བུམ་པའི་དབྱིངས་སྡུག་ཀུན་ཏུ་ཟླུམ།། བྱང་ཆུབ་ཡན་ལག་པདྨ་ཤིན་ཏུ་མཛེས།། ཏིང་འཛིན་བསླབས་པས་གང་ཚེ་བྲཻ་ལེགས་པ།། འཕགས་ལམ་བྲེ་ལེགས་གྲུ་བཞི་རིམ་པས་སྡུག། ཤེས་བཅུ་སྲོག་ཤིང་གཞུང་ཚུགས་མེད་པར་དྲང།། སྟོབས་བཅུའི་འཕང་ལོ་གཤིབ་པས་སྒྲིབ་པ་སྤངས།། བླ་མེད་བརྙེས་པའི་གདུགས་མཆོག་མཁའ་ལ་འཕགས།། ཡང་དག་རྫོགས་པའི་བྱང་ཆུབ་ཅོད་པན་ལྡེམ། ། མ་འདྲེས་ཉེར་གཞག་གདུགས་ཀྱིས་རྣམ་པར་མཐོ།། དབྱངས་རབ་ཡན་ལག་གསུང་སྙན་དྲིལ་བུ་འཁྲོལ།། ཆོས་འཁོར་བསྐོར་བའི་གསར་བྱེའུ་བ་དན་འཕུར།། མི་འཇིགས་བག་སྐྱོང་རྡོ་རིངས་སེང་གེ་བརྗིད། ། ཐབས་ལྡན་སྤྲུལ་པས་སྐྱེ་བོ་འདུལ་བར་མཛད།། རྫོགས་པ་ཆེན་པོའི་ཚུལ་དུ་ལྷམ་མེ་བ།། བྱང་ཆུབ་སྙིང་པོའི་རྟེན་ལ་ཕྱག་འཚལ་བསྟོད།། ཡིད་ཀྱི་མཆོད་རྟེན་བསྟོད་པ་ནི།། འཁོར་ལྡོག་མེད་པའི་གནས་དང་སྤྱོད་ཡུལ་ནི། ། ནམ་མཁའ་ས་གཞི་ལ་ནི་གཞི་བླངས་ཏེ།། ཡེ་ཤེས་བཞི་ཡི་ཁྲི་འཕང་བཞི་ནི་བརྩིགས།། མཚན་མེད་བུམ་རྟེན་ལ་ནི་གཞི་བླངས་ཏེ།། ཆོས་དབྱིངས་མཁའ་ལས་འཕགས་པའི་བུམ་པ་བགྱིས། ། དཔག་ཏུ་མེད་པའི་སྲོག་ཤིང་ལེགས་བཙུགས་ནས།། ཕ་རོལ་ཕྱིན་བཅུའི་འཁོར་ལོ་ལེགས་བཏགས་ནས།། མཐའ་གཉིས་བུམ་པའི་གདུགས་ནི་ཡས་འབུབས་ལ།། མཉམ་ཉིད་དར་དཔྱངས་ཀྱིས་ནི་རབ་བརྒྱན་ཏེ། ། མཐའ་དང་དབུས་མེད་མི་དམིགས་མི་རྟོག་པ།། མ་བཅོས་ལྷུན་གྲུབ་གནས་པའི་ཆོས་ཀྱི་སྐུ།། སྐྱོན་བྲལ་ཡང་དག་ཉིད་ལ་ཕྱག་འཚལ་བསྟོད།། རང་བཞིན་མཆོད་རྟེན་ལ་བསྟོད་པ་ནི། ཡིད་བཞིན་ལྷུན་གྲུབ་བཀྲ་ཤིས་གཞལ་ཡས་ཁང། ། ཆགས་མེད་ཡེ་ནས་དག་པ་ཆོས་ཀྱི་དབྱིངས།། སྲིད་གསུམ་མི་འཁོར་མཆོད་རྟེན་ཀ་ནི་ཀ། གཞི་ཡི་རྨང་བཏིང་ཡ་མཚན་རྡོ་རྗེ་བྲག། གྱེན་དུ་ཁྲི་འཕང་ཁྱད་པར་དཀོན་མཆོག་གསུམ། ། ཧ་འདབ་དམར་སྨུག་འཁྱིལ་ཅིང་ལྡེམ་པ་ལ།། ཤེལ་གྱི་བུམ་པ་དྲི་མེད་རྣམ་པར་དག། གསེར་གྱི་བྲེ་ཕུལ་ཡངས་པས་ཆོས་ཀྱི་དབྱིངས།། སྲོག་ཤིང་མ་སྐྱེས་སེམས་ཀྱི་ངོ་བོ་ཉིད།། མ་འཁོར་མ་བྱུང་ཆོས་ཀྱི་དབྱིངས་དང་འདྲ། ། རྨ་བྱ་ཆེན་མོ་ཡིད་འོང་གཟུགས་སྒྲ་སྒྲོགས།། སྟོང་ཞིང་གསལ་བའི་མེ་ལོང་འོད་པོ་ཆེ།། སྐུ་གསུམ་དབྱེར་མེད་བྱམས་སྙོམས་ཀུན་གྱི་མགོན།། མི་གཡོ་མཉམ་ཉིད་ཆོས་མཆོག་དཔེ་ལས་འཕགས། ། སྐུ་གསུང་ཐུགས་ཀྱི་ཆོས་ཚུལ་རབ་ཀྱི་དབྱིངས།། རིན་ཆེན་སངས་རྒྱས་སྐུ་མཆོག་མངོན་བསྟན་ནས།། ཐུགས་རྗེས་སྤྲུལ་པས་འོད་ཟེར་སྤྱི་གཙུག་རྫོགས།། ལས་དང་ཉོན་མོངས་སྡུག་བསྔལ་ཞི་མཛད་པ། ཁམས་གསུམ་མི་ལྡོག་གཡུང་དྲུང་བྱང་ཆུབ་མཁར།། དགྲ་བཅོམ་བ་གམ་བཞི་པོ་སྤྱི་རྫོགས་ཡངས།། ཡེ་ཤེས་གློ་སྐར་ཐབས་ཀྱི་མདའ་འཕངས་པས།། འཆི་བདག་གཤིན་རྗེ་མ་རིག་སེམས་ཅན་གཅོད། ། བསམ་གཏན་སྐྱོགས་སྒོ་ཡངས་པས་སྲིད་པའི་འཁོར་རྣམས་འཇོམས།། ལྕོག་དམར་དཔེ་མེད་སྲིད་གསུམ་རྩེ་ལས་ཡང་དག་འཕགས།། མདའ་ཡབ་རྟག་པར་རྡོ་རྗེ་མེ་ལྟར་འབར།། དབྱར་ཞིང་ས་བརླན་དྲོད་གཤེར་ཟིལ་མི་འགོ། དགུན་ཞིང་སྤྲིན་ཕུང་རླུང་འཚུབས་རྡུལ་མི་འགོ། གཉན་ཏེ་ཀླུ་རྒྱལ་ཆེན་པོ་སྦྲུལ་མི་འཁྲི།། གཟར་ཏེ་ཧ་ལུ་མནྠ་སྤྲེའུ་མི་འཛེག། ཡེ་ཤེས་མཆོད་རྟེན་ཆོས་དབྱིངས་རྣམ་དག་སྐུ།། དེ་བཞིན་ཉིད་ཀྱི་སྐུ་ལ་ཕྱག་འཚལ་བསྟོད། ། སྤྲུལ་པའི་མཆོད་རྟེན་ལ་བསྟོད་པ། བླ་མེད་ཡེ་ཤེས་སྲིད་གསུམ་མུན་སེལ་བ།། ཀུན་ལ་སྒྲིབ་པ་མི་མངའ་ཐུགས་རྗེ་དཔལ་ལྡན་པ།། སྐྱེ་དགུ་རྣམས་ལ་སྨན་སླད་རྒྱལ་བའི་རིང་བསྲེལ་སྣོད། ། ཆོས་སྐུར་བྱིན་གྱིས་བརླབས་ནས་མཆོད་རྟེན་ཚུལ་བསྟན་པ།། རྣམ་པར་འགྲོ་བའི་རིགས་ལྡན་ས་གཞི་ལྟ་བུ་ལ།། བྱང་ཆུབ་སེམས་མཆོག་རྡོ་རྗེ་གདན་བསྒྲུབས་ཏེ།། ཆོས་ལ་དྲན་པ་ཉེར་གཞག་བང་རིམ་ནི། ། སྡུག་བསྔལ་ཚོགས་ལས་ཡིད་བྱུང་ལམ་གྱི་ཐོག་མར་བཤད།། བང་རིམ་གཉིས་པ་ཉོན་མོངས་ཡང་དག་སྤོང་བ་བཞི།། མི་དགེ་ཆོས་རྣམས་རབ་སྡོམ་རྣལ་འབྱོར་རྟེན་ཡང་བྱེད།། བང་རིམ་གསུམ་པ་ཏིང་འཛིན་རྫུ་འཕྲུལ་རྐང་པ་སྟེ། ། སེམས་ཀྱི་ཐ་བ་འདུལ་ཞིང་བཟོད་པའི་མཆོག་ཏུ་གྱུར།། བང་རིམ་བཞི་པ་བསམ་གཏན་དབང་པོ་ལྔ་རྣམས་ནི།། མཐོང་བའི་ལམ་གྱི་གནས་ཡིན་དེ་ཉིད་སྟོབས་ཐོབ་པ།། བུམ་རྟེན་ཁྱད་པར་ཚུལ་གྲུབ་འཇིག་རྟེན་ཆེས་མཆོག་སྟེ། ། ཐར་པའི་རྒྱུ་མཚན་དམ་པ་དེ་ལས་ལྷག་པ་མེད།། བུམ་པ་བྱང་ཆུབ་ཡན་ལག་དབྱིབས་སྡུག་སྙིང་པོའི་དོན།། ཤིན་ཏུ་སྤྲས་པ་མེད་ཕྱིར་ཀུན་ནས་ཟླུམ་པོ་གནས།། དེ་ལ་བརྟེན་པའི་འཕགས་པའི་ཡན་ལག་ལམ་རྣམས་ནི། ། བྲེ་ལེགས་ཟུར་ཕྱིན་ལྟ་བུར་ཡོན་ཏན་རྫོགས་པར་སྣང།། སྲོག་ཤིང་དཔག་བསམ་ཡེ་ཤེས་སྨོན་ལམ་ཆེན་པོ་ཡིན།། ཤིན་ཏུ་བརྟེན་པར་གནས་པ་རྨད་བྱུང་ཆོས་ཀྱི་སྐུ། ། འཁོར་ལོ་རིམ་པར་བརྩེགས་ལེགས་ཤེས་བཅུའི་རིམ་གསུམ་སྟེ།། མ་འདྲེས་བཅོ་བརྒྱད་ཆོས་ཀྱང་དེ་འདྲའི་ཚུལ་དུ་སྣང།། རྣམ་ཐར་བརྒྱད་ཀྱིས་ཟུར་བསམ་རིན་ཆེན་མགུར་ཆུ་བཟང།། ཕན་འདོགས་སྐྱོན་མ་མཆིས་པས་ཉོན་མོངས་མེད་པའི་ཚུལ། ། རྣམ་གྲོལ་ཤེས་རབ་ཡེ་ཤེས་འོད་ལྡན་གཟུགས་ཀུན་ཟིལ་གནོན་པ།། བླ་མེད་ཡོན་ཏན་རྒྱན་གཅིག་ཆོས་སྐུ་བཟང་ལ་འོས།། སྟེང་གི་རིན་ཆེན་གདུགས་མཛེས་རྣམ་ཀུན་མཁྱེན་པའི་མཆོག། བསྙེལ་བ་མེད་པའི་རྒྱུས་བཟུང་ཐུགས་རྗེ་ཁྱད་པར་བྱུང།། དེ་ཕྱིར་ཡང་དག་རིམ་བཞིན་དམ་ཆོས་སྒྲ་སྒྲོགས་པ།། མི་ཤེས་གཉིད་ལས་སད་མཛད་ཡན་ལག་བཅུ་གཉིས་ལྡན། ། ནོར་བུའི་ཕྲེང་བ་སྤེལ་ལེགས་ཕ་རོལ་ཕྱིན་བཅུ་སྟེ།། འཇིག་རྟེན་འདས་པའི་དཔལ་དང་བཀྲ་ཤིས་ཀུན་མངའི་ཞིང།། ས་སྟེང་གདུགས་ཀྱིས་སྐྱབས་ལྟར་ཚད་མེད་བཞིས་ཁྱབ་པ།། རྒྱལ་བ་མི་རྣམས་ལ་ཡང་དགོངས་པ་མཉམ་པར་འགྱུར། ། ཡིད་བཞིན་ནོར་བུའི་འོད་འབར་མངོན་པར་མཁྱེན་པ་དྲུག། འཁོར་བའི་མངའ་ལ་རྟག་གསལ་ཀུན་ཏུ་སྣང་མཛད་པ།། མི་འགྱུར་ཁ་ལོ་སྒྱུར་མཆོག་ཚོགས་ཆེན་ཡོངས་རྫོགས་ཕྱིར། ། དམ་ཆོས་རྒྱལ་པོར་མངའ་གསོལ་གསེར་གྱི་ཅོད་པན་འཕུར།། བྱང་ཆུབ་སེམས་ཀྱི་ཟླ་ཚེས་དཀར་པོའི་ཆོས་རྒྱུ་དང།། ཡེ་ཤེས་ཆེན་པོའི་མེ་ལོང་དུས་གསུམ་སྒྲིབ་མེད་དག། རྒྱུ་འབྲས་བཟང་པོར་འབྲེལ་པས་བསྟན་པ་ཡོངས་ཀྱི་དབུས་གནས་པ། ། འགྲོ་བའི་སྐྱོན་རྣམས་སེལ་ལ་ཕྱག་འཚལ་བསྟོད།། རྒྱལ་ཆེན་ཕྱོགས་བཞིར་བཀོད་པ་སྙེམས་པ་མི་མངའི་ཚུལ།། བསྲུང་མེད་སྟོབས་བཅུའི་རྩལ་ཡངས་བརྗིད་པ་སེང་གེ་སྟེ། ། རྒྱལ་བས་བདུད་ཀྱི་ཚོགས་བཏུལ་མཁྱེན་ལྡན་པའི།། ཡེ་ཤེས་ལྷུན་གྱིས་གྲུབ་ལ་ཕྱག་འཚལ་བསྟོད།། ཐེག་གསུམ་ཐར་པའི་སྐས་བཙུགས་རྣམ་ཐར་སྒོ་ལྡན་པ།། སོ་སོའི་དབང་པོ་རིམ་བཞིན་བསྒྲལ་ནས་ཀྱང། ། བྱང་ཆུབ་ཆེན་པོའི་གདུང་རྒྱུད་འཕེལ་མཛད་པ།། སྤྱན་མངའ་རྣམ་པར་སྦྱངས་ལ་ཕྱག་འཚལ་བསྟོད།། རང་བཞིན་བཟོད་མཐར་རྣམ་དག་དེ་བཞིན་ཉིད།། སྤྲོས་པའི་དྲི་མས་མ་གོས་དཀར་བའི་ཚུལ་གཅིག་ཀྱང། ། རིན་ཆེན་རྣམ་པར་སྤྲས་པའི་མཚན་མཆོག་རྫོགས་པའི་སྐུ།། འགྲོ་དོན་ལྷག་པར་མཛད་ལ་ཕྱག་འཚལ་བསྟོད།། བདེ་གཤེགས་སྐུ་གདུང་དབྱིབས་བཅས་ཆོས་སྐུ་རྣམ་པར་དག། གང་གིས་མཐོང་ཐོས་དྲན་གུས་མཆོད་ཅིང་རེག་པས་ཀྱང། ། མཐོ་རིས་ངེས་དཔལ་ཐར་མཆོག་བདེ་ཐོབ་པས།། ཡོན་ཏན་རྨད་བྱུང་ཚོགས་མངའ་ཁྱོད་ལ་ཕྱག་འཚལ་བསྟོད།། བསམ་གྱིས་མི་ཁྱབ་གནས་ཏེ་བརྗོད་པར་མི་ནུས་བཞིན། ། དད་པས་འོལ་བྱི་ཆ་ཤས་གུས་པར་བསྟོད་པ་ལ།། དོན་མེད་སྐུ་རྨོངས་འཕང་སྨད་ནོངས་པར་གྱུར་ཏོ་འཚལ།། བདེ་གཤེགས་མངོན་སུམ་སྤྱན་ལ་ནོངས་སྐུར་ཤིན་ཏུ་བཤད།། ཡོན་ཏན་རྒྱ་མཚོ་མངའ་ལས་གལ་ཏེ་ཐིགས་ཙམ་ཞིག། དོན་དང་ཚིག་གི་སྒོ་ནས་ཚུལ་འདྲ་བརྗོད་ཞེ་ན།། དགེ་བ་བཟང་པོ་དེ་ནི་བདག་གི་གཏེར་ཆེན་དེ།། སྐྱེ་དགུ་མགྲོན་དུ་གཉེན་ཕྱིར་བྱང་ཆུབ་མཆོག་ཏུ་བསྔོ།། ཞེས་ནི་ཕྱི་རབས་འབྱུང་རྣམས་ལུང་བསྟན་ཏོ། ། དེ་འདྲའི་ཚུལ་དུ་ཤེས་རབ་ཀྱིས་གུས་པས་བསྟོད་དོ།། གཟུགས་ཆེན་མཆོད་རྟེན་ལ་བསྟོད་པ།། བཅོམ་ལྡན་ཤཱཀྱ་སེང་གེའི་རིང་བསྲེལ་སྣོད།། སྲིད་གསུམ་མཆོད་གནས་བླ་མེད་ཡུལ་གྱི་རྒྱན་བཞུགས་པ། འོད་བཟང་འཚེར་བས་ཤེལ་གྱི་དཀར་པོ་བཞིན་དུ་སྦ།། གཟི་ཆེན་ལྷམ་མེ་ལྷན་ནེ་ལྷག་གེ་ཕྱོགས་བཅུ་གར་ཡང་གསལ།། བཀྲ་ཤིས་བྱིན་ཆགས་རྒྱང་རིངས་སུ་མཐོང་ཡང།། སྡིག་སྦྱངས་དཔལ་བསྐྱེད་ཡིད་འོང་སྤྲོ་ཀུན་བདེ་བ་ཐོབ། ། མཐུ་ཆེན་གཉན་པོས་ཡུལ་ལྗཽངས་སྟོང་ཁམས་བྱིན་ཆགས་ཤིང།། ལྷ་མི་འཇིག་རྟེན་གསུམ་གྱི་མགོན་སྐྱབས་རྟེན་གྱི་མཆོག། ཡེ་ཤེས་ཚོགས་ཆེན་རྒྱས་པས་བདེ་གཤེགས་ཆོས་ཀྱི་སྐུ། ། རྣམ་རྟོག་མཐའ་དང་བྲལ་བས་ཡོན་ཏན་ཀུན་གྱི་གཞི།། དྲན་པ་ཉེ་བར་གཞག་པ་རྨང་གི་ཁྲི་འཕང་དང་པོ་བརྟན།། བརྩོན་འགྲུས་གང་དག་སྤྲོས་པའི་ཁྲི་འཕང་གཉིས་པ་ལེགས།། ཏིང་འཛིན་རྫུ་འཕྲུལ་རྐང་པའི་ཁྲི་འཕང་གསུམ་པ་དགེ། རྣམ་གྲོལ་དབང་པོ་ལྔ་ཡི་ཁྲི་འཕང་བཞི་པ་བརྗིད།། བུམ་རྟེན་སྟོབས་ལྔ་བུམ་པ་བྱང་ཆུབ་ཡན་ལག་བདུན།། བྲེ་ལེགས་གྲུ་བཞི་འཕགས་པའི་ལམ་གྱི་ཡན་ལག་བརྒྱད། ། སྲོག་ཤིང་སྟོབས་བཅུ་གདུགས་ཀྱི་འཕྲེང་བ་བཅུ།། གདུགས་ཕྲེང་གསུམ་པོ་མ་འདྲེས་དྲན་པ་ཉེ་བར་གཞག་པ་ལ།། སྙིང་རྗེ་ཆེན་པོས་འཕགས་པའི་ཆོས་ཀྱི་ཆར་ཁེབས་ལྡིང།། བླ་མེད་གོ་འཕང་བརྙེས་པའི་གདུགས་ཀྱི་གནས་འཕང་མཐོ། ། འཇིག་རྟེན་མུན་སེལ་དག་པའི་ཡེ་ཤེས་ཟླ་བ་གསལ།། དབྱངས་སྙན་ཚངས་པའི་གསུང་གི་དྲིལ་བུ་སྒྲ་སྙན་འཁྲོལ།། ཡང་དག་རྫཽགས་པའི་བྱང་ཆུབ་དར་གྱི་ཅོད་པན་འཕུར།། བདེན་བཞི་བཤད་པའི་འཇིག་རྟེན་སྐྱོང་ཞིང་བཙུན། ། རྣམ་དག་ཚུལ་ཁྲིམས་ཕུང་པོ་མེ་ཏོག་འཕྲེང་བ་བཟང།། སྐྱོན་བྲལ་བསྲུང་བ་མེད་གཞི་ཆོས་ཀྱི་ཐེམ་སྐས་མཛེས།། ཆོས་ཀྱི་འཁོར་ལོ་བསྐོར་བའི་བ་དན་དཀར་པོ་སྦ། ། བདུད་བཞི་རྒྱལ་མཚན་སྙེལ་བའི་རྟགས་སུ་ཆུ་སྲིན་རྒྱལ་མཚན་གྲགས།། མི་འཇིགས་བཞི་ཡི་རྡོ་རིངས་སེང་གེས་བརྗིད།། འདི་འདྲའི་དམ་ཆོས་ངོ་མཚར་རྨད་དུ་བྱུང།། ཐབས་མཁས་ཐུགས་རྗེའི་དབང་གིས་མཆོད་རྟེན་ཚུལ་དུ་སྤྲུལ། ། ནམ་མཁའི་དབྱིངས་ནས་འཇའ་ཚོན་གསལ་བ་ཇི་བཞིན་དུ།། ཡོན་ཏན་བློ་ཡི་ཁྱད་པར་ཁ་དོག་དབྱིབས་སུ་སྒྱུར།། དཔལ་ལྡན་རིན་ཆེན་འབྱུང་གནས་ཡ་མཚན་ཆེན་པོ་ལ།། དུས་གསུམ་རྒྱལ་བ་རྣམས་ཀྱི་མཆོད་རྟེན་སྐུར་བྱུང་ཚུལ། ། དཔལ་འབྱུང་ཀ་ནི་ཀ་དང་ཏིང་འཛིན་ཚུལ་གཅིག་ལ།། བསོད་ནམས་གཟི་བརྗིད་ཆེན་པོས་ཡུལ་ཁམས་བྱིན་བརླབས་ཤིང།། སངས་རྒྱས་སྤྲུལ་པ་ཆེན་པོའི་མཆོད་རྟེན་རྣམས། ། ཕྲིན་ལས་རྫོགས་པར་མཛད་ལ་ཕྱག་འཚལ་བསྟོད།། དེ་ནས་སྐུ་ཁྲུས་གསོལ་བ་ནི།། རྣམ་དག་སྐྱོན་བྲལ་བྱང་ཆུབ་སེམས་ཀྱི་དབྱིངས།། རྣམ་དག་སྐྱོན་བྲལ་ཡོན་ཏན་ཚོགས་ཀྱི་གཏེར།། བཀྲ་ཤིས་བསྟོད་ཅིང་ཕྱག་འཚལ་བསྟོད་པའི་གནས། ། བདུད་བཞིའི་དཔུང་རྣམས་རབ་ཏུ་ཚར་གཅོད་ཕྱིར།། ཆོས་དབྱིངས་དག་པའི་སྐུ་ལ་སྐུ་ཁྲུས་གསོལ།། ཉོན་མོངས་འཁྲུལ་པའི་རྟོག་པ་དག་གྱུར་ཅིག། ཇི་ལྟར་མེ་ལོང་ངོས་ལ་གཟུགས་བརྙན་སྣང་འགྱུར་ཡང། ། ཆོས་ཀྱི་སྐུ་ལས་རྡུལ་ཙམ་གཡོས་པ་མེད།། རིན་ཆེན་སྣ་ལྔས་བསྒྲུབས་པའི་མཆོད་རྟེན་དང།། སའམ་ཆུའམ་འོན་ཏེ་བར་སྣང་ལ།། སེམས་ཅན་དོན་དུ་རིན་ཆེན་སྐུར་བསྟན་པ། ། མཆོད་པ་དམིགས་པར་བཅས་ཏེ་སྐུ་ཁྲུས་གསོལ། ཁམས་གསུམ་གནས་པའི་བག་ཆགས་དག་གྱུར་ཅིག། དད་རྨང་གཞི་བཙུགས་རྣམ་དག་དབུ་མ་འཇམས།། དྲན་པ་ཉེར་གཞག་རྨང་གི་ཁྲི་འཕང་མཐོ། ། ཐེག་པ་རྣམས་ཀྱི་བང་རིམ་བརྩེགས་པ་ལ།། ཆོས་དབྱིངས་སྤྲོས་མེད་བུམ་པ་ཟླུམ་པོ་སྟེ།། སྨོན་ལམ་ཆེན་པོའི་ཏིང་འཛིན་སྲོག་ཤིང་བཙུགས།། དགེ་བའི་ལོངས་སྤྱོད་ནམ་མཁའ་གདུགས་ཀྱིས་བཀང།། བྱང་ཆུབ་སེམས་དཔའ་ཟླ་ཚེས་རྣམ་པར་དག། མདོ་སྡེ་བཅུ་གཉིས་འཁོར་ལོའི་ཕྲེང་བས་བརྒྱན།། སྣང་དབྱིངས་ཆོས་ཀྱི་སྐུ་ལ་སྐུ་ཁྲུས་གསོལ།། ཤར་ཕྱོགས་བྱམས་པའི་འཁོར་ལོ་སྐུ་ཁྲུས་གསོལ།། ཞེ་སྡང་གདུག་པའི་སྐྱོན་རྣམས་ཀུན་བསལ་ནས། ། རྟག་ཏུ་བྱམས་པའི་ཏིང་འཛིན་ཐོབ་པར་ཤོག། ལྷོ་ཕྱོགས་རིན་ཆེན་ཆོས་སྐུ་བརྩེགས་པ་ལས།། ང་རྒྱལ་གདུག་པའི་ཚོགས་ཀུན་བསལ་བའི་ཕྱིར།། བྱང་ཆུབ་མཆོག་གི་ཆུ་བོས་སྐུ་ཁྲུས་གསོལ། ཁམས་གསུམ་འཁོར་བའི་ང་རྒྱལ་སྐྱོན་བྲལ་ནས།། རྟག་ཏུ་འདོད་པའི་ཡོན་ཏན་ཚོགས་དང་ལྡན་གྱུར་ཤོག། ནུབ་ཕྱོགས་རྣམ་དག་པདྨ་བྱང་ཆུབ་ཆོས་ཀྱི་དབྱིངས།། འདོད་ཆགས་སྐྱོན་བྲལ་པདྨའི་ཁྲི་བརྩེགས་ན། ཁམས་གསུམ་གནས་པའི་བག་ཆགས་བྱང་བར་བྱ།། ཆོས་ཀྱི་སྐུ་ལ་ཡེ་ཤེས་སྐུ་ཁྲུས་གསོལ།། སེམས་ཅན་རྣམས་ཀྱི་འདོད་ཆགས་བྱང་གྱུར་ཅིག། བྱང་ཕྱོགས་རྣམ་དག་ལས་ཀྱི་ཞིང་ཁམས་ནས། ། འདོད་ཆགས་སྲེད་སྤངས་ཡོན་ཏན་རྫོགས་པར་སྟོན། རིན་ཆེན་ཨིནྡྲ་ལྟ་བུའི་མཆོད་རྟེན་ལ།། ལས་ཀྱི་སྒྲིབ་པ་སྦྱང་ཕྱིར་སྐུ་ཁྲུས་གསོལ།། སེམས་ཅན་རྣམས་ཀྱི་འདོད་པ་འགྲུབ་གྱུར་ཅིག། དེ་ནས་མཆོད་རྟེན་དབང་སྐུར་བ། ། རྟོག་པ་ཡེ་ཤེས་དབང་མཆོག་གིས།། དབང་མཆོག་དམ་པ་བསྐུར་བ་ནི།། སྲོག་ཤིང་ཚུགས་པ་ཤེས་པ་བཅུ་ཡི་དབང།། འཁོར་ལོ་ཕ་རོལ་ཕྱིན་པ་བཅུ་ཡི་དབང།། ཆར་ཁེབས་ཐུགས་རྗེ་ཆེན་པོའི་དབང། ། གདུགས་ནི་མཐའ་གཉིས་སྐྱོབ་པའི་དབང།། རྒྱལ་མཚན་བདུད་བཞི་ལས་རྒྱལ་དབང།། བ་དན་ཁམས་གསུམ་མ་ཆགས་དབང།། མེ་ཏོག་ཕྲེང་བ་ཚུལ་ཁྲིམས་དག་པའི་དབང།། ཅོད་པན་ཁམས་གསུམ་དབང་དུ་སྡུད་པའི་དབང། ། རིན་ཆེན་སྣ་བརྒྱད་རྒྱུད་ལས་བྱས་པའི་དབང།། སེམས་ཅན་མ་ལུས་རེ་འདོད་སྐོང་བའི་དབང།། སྐུ་མདོག་མུ་ཏིག་དཀར་པོ་དྲི་མེད་ལྟར།། གདུགས་མཆོག་ཤ་རི་རམ་གྱི་དབང་བསྐུར་རོ། ། གཟུགས་སུ་སྣང་བ་རྣམ་པར་སྣང་མཛད་སོགས།། ཕྱག་རྒྱ་ཆེན་པོའི་ཚོགས་ཀྱིས་དབང་བསྐུར་རོ།། ཡེ་ཤེས་ལྔ་ཡི་འོད་ཟེར་འཕྲོ།། ཡེ་ཤེས་ལྔ་ཡི་དབང་བསྐུར་རོ།། ཐམས་ཅད་དུ་ཡང་སྐྱེ་བ་མེད།། ཆོས་ཉིད་ཀུན་བཟང་དབང་བསྐུར་རོ། ། ཞེས་གསུངས་སོ།། སྐུ་གདུང་འབར་བ་མཆོད་རྟེན་གྱི་རྒྱུད་ལས། ཐུན་མོང་ལས་ཀྱི་རིམ་པ་བསྟན་པའི་ལེའུ་སྟེ་བཞི་པའོ།།།། དེ་ནས་བཅོམ་ལྡན་འདས་གསང་བའི་བདག་པོས་ཁྱད་པར་དུ་གདབ་པ་འདི་གསུངས་སོ། ། ལྷ་ཉིད་སྒོམ་དང་རྒྱུ་བྱིན་བརླབ།། གདབ་ཅིང་རབ་གནས་བྱ་བའོ།། དེ་ནས་བདག་ཉིད་བྱིན་བརླབ་པ།། བདག་ཉིད་ཕ་མ་ལྟ་བུའི་སེམས། ཁམས་གསུམ་གནས་པའི་སེམས་ཅན་རྣམས། ། བུ་ཡི་འདུ་ཤེས་ཉེར་གཞག་ནས།། བསོད་ནམས་ཚོགས་དང་ཡེ་ཤེས་ཚོགས།། ཚོགས་ཆེན་ཟུང་ལ་ལམ་སྦྱང་ཕྱིར།། དངོས་རྣམས་རང་བཞིན་མི་རྟོགས་པས།། བདག་ཀྱང་སྟོང་པ་ཉིད་དུ་གནས། ། དེ་བས་བདག་ཉིད་ལས་ཀྱི་ལྷ།། རིགས་ལྔ་ཞི་ཁྲོ་གང་མོས་སུ།། བསྐྱེད་ལ་ཐུགས་ཀ་ཡེ་ཤེས་སེམས།། དབང་བསྐུར་སྐུ་གསུང་ཐུགས་བྱིན་བརླབ།། སྤྱན་དྲང་གཞུག་ཅིང་བརྟན་པར་བྱ།། དེ་ནི་བདག་ཉིད་བསྒོམ་པར་གསུངས། ། ཨོཾ་ཨཱཿཧཱུཾ་སྭཱ་ཧཱ། དེ་ལྟར་གསལ་བའི་རྣལ་འབྱོར་ལས།། འབྱུང་ལྔའི་རྒྱུ་རྣམས་བྱིན་གྱིས་བརླབས།། ཕྱག་རྒྱ་ཁོང་སྟོང་རབ་སྦྱར་ནས།། ཨ་ཡིས་འབྱུང་བ་རྣམ་པ་ལྔ།། སྟོང་ཉིད་ངང་ལས་ཅིར་ཡང་སྣང། ། ཡེ་ཤེས་སྒྱུ་མ་གང་འདོད་གྱུར།། ནམ་མཁའ་དག་ལ་འདེབས་འདོད་ན།། ཕྱག་རྒྱ་ཐལ་མོ་ཁོང་སྟོང་སྦྱར།། གང་ཞིག་ས་ལ་འདེབས་པ་ནི།། ཕྱག་རྒྱ་སྤྱན་གྱིས་འདུལ་བྱེད་བྱ།། ཆུ་ལ་འདེབས་ན་མཱ་མ་ཀཱིའི། ། རྡོ་རྗེ་བསྡམས་ནས་མཐེའུ་ཆུང་བསྒྲེང།། མེ་ལ་འདེབས་པར་འདོད་པ་ན།། ཕྱག་རྒྱ་ཐལ་མོ་ཁོང་སྟོང་ལས།། སོར་མོ་མེ་དཔུང་ཚུལ་དུ་བྱ།། རླུང་ལ་འདེབས་པར་འདོད་པ་ན།། ཕྱག་རྒྱ་ཐལ་མོ་གཡབ་པར་བྱ། ། འབྱུང་ལྔའི་བྱིན་གྱིས་བརླབ་པའི་སྔགས།། ཡུམ་ཆེན་རྣམ་པ་ལྔ་ཡི་སྔགས།། ཨོཾ་བི་ར་ཛ་བཛྲ་སྭ་ཧཱ། དབྱིངས་ཕྱུག་མས་ནམ་མཁའ་བྱིན་གྱིས་བརླབ་པའོ།། ཨོཾ་བཛྲ་དྷཱ་རི་ཛ་ཨ་ཏ་ཀ་ར་སྭཱ་ཧཱ། སངས་རྒྱས་སྤྱན་གྱིས་ས་བྱིན་གྱིས་བརླབ་པའོ། ། ཨོཾ་རྨ་རི་ན་ནི་བཛྲ་དྷཱ་ར་སྭཱ་ཧཱ། མཱ་མ་ཀཱིས་ཆུ་བྱིན་གྱིས་བརླབ་པའོ།། ཨོཾ་བཛྲགྣི་གར་ཤ་སྭཱ་ཧཱ། གོས་དཀར་མོས་མེ་བྱིན་གྱིས་བརླབ་པའོ།། ཨོཾ་བཛྲ་ཨ་ན་ལི་ཨ་ནོ་ལ་པྲ་ཙ་ལ་མོ་ཧཱུཾ་ལི་ཏྱ་ད་དར་སྭཱ་ཧཱ། དམ་ཚིག་སྒྲོལ་མས་རླུང་བྱིན་གྱིས་བརླབ་པར་བྱ་བའི་སྔགས་སོ།། འབྱུང་བ་རྣམ་པ་ལྔ་པོ་ཡང།། ཡེ་ཤེས་རྡོ་རྗེའི་རང་བཞིན་ལས།། ཅིར་ཡང་སྣང་དུ་རུང་བར་བརླབ།། བདག་ཉིད་ལྷ་ཡི་ཐུགས་ཀ་ནས། ། རཾ་ཡཾ་ཁཾ་གི་ཡི་གེ་ལས།། བརྐོས་པོར་སྦྱངས་ནས་གཞལ་ཡས་ཁང།། ཉི་ཟླ་གདན་དང་བཅས་པར་བསམ།། གདབ་ལུགས་རྣམ་པ་ལྔར་ཤེས་ཏེ།། ཡི་དམ་ཕྲིན་ལས་རྟེན་འབྲེལ་དང།། ལྷ་རྣམས་བསྒྲུབས་ཤིང་ཚེ་འདས་སྦྱང། ། ཕྱི་ནང་འབྱུང་བ་རྣམ་ལྔ་ལ།། གཡོན་པས་ཕྲེང་བའི་གྲངས་བཟུང་ཞིང།། གཡས་པས་བརྐོས་པོར་བཏབ་པ་ཡིས།། གཞལ་ཡས་ལྷ་དང་བཅས་པར་བསྒོམ།། ཧཱུཾ་བཛྲ་དྷྲྀག་མུཾ་དྷཱ་ཏཱ+ེ་ཤྭ་རཱི། ། ཨོཾ་ཛི་ན་ཛྀག། ལམ་དྭེ་ཤ་ར་ཏེ། སྭ་རཏྣ་དྷྲྀག། མཾ་མོ་ཧ་ར་ཏི། ཨཾ་ཨ་རོ་ལིག་པྱཾ་རཱ་ག་ར་ཏི། ཧ་པྲཛྙཱ་དྷྲྀག། ཏཾ་བཛྲ་ར་ཏེ། ནམ་མཁའ་མི་བསྐྱོད་ཡབ་ཡུམ་ཉིད།། ས་ནི་རྣམ་པར་སྣང་མཛད་ལ།། ཆུ་ནི་རིན་འབྱུང་ཡབ་དང་ཡུམ། ། མེ་ནི་སྣང་བ་མཐའ་ཡས་ཏེ།། རླུང་ནི་དོན་གྲུབ་ཡབ་ཡུམ་ལ།། འབྱུང་ལྔ་རིགས་ལྔ་སངས་རྒྱས་པའོ།། གང་ཞིག་ཕྲིན་ལས་སྒྲུབ་འདོད་ན།། ཞི་བ་རྣམ་པར་སྣང་མཛད་ལ།། རྒྱས་པ་རིན་ཆེན་འབྱུང་ལྡན་དེ། ། དབང་ལ་སྣང་བ་མཐའ་ཡས་ལ།། དྲག་པོ་དོན་ཡོད་གྲུབ་པའོ།། ཡང་ན་བདེ་གཤེགས་ཧེ་རུ་ཀ། རིན་ཆེན་ཁྲག་འཐུང་པདྨ་ལས།། གཏི་མུག་ཅན་ནི་ཞི་བ་ལ།། ང་རྒྱལ་ཆེ་ལ་རྒྱས་པ་དེ། ། འདོད་ཆགས་དབང་དུ་འདུས་པ་དང།། ཕྲག་དོག་ཞེ་སྡང་དྲག་པོར་སྣང།། ཆུ་རླུང་རྒྱུ་བ་ཞི་བ་ལས།། ས་རླུང་རྒྱུ་དུས་རྒྱས་པ་གྲུབ།། མེ་ཡི་རླུང་གིས་དབང་དུ་འགྱུར།། རླུང་གི་རླུང་ལ་དྲག་པོར་སྣང།། སྲོག་འཛིན་ལས་རྣམས་ཀུན་ལ་བསྔགས། ། ཨོཾ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཨོཾ་པུཥྟིཾ་ཀུ་རུ་སྭཱ་ཧཱ། ཨོཾ་བ་ཤང་ཀུ་རུ་སྭཱ་ཧཱ། ཨོཾ་མཱ་ར་ཡ་ཕཊ། འོད་དཀར་བཀུག་ནས་གདུག་པ་ཞི།། སེར་པོས་ཚེ་དང་བསོད་ནམས་འཕེལ།། དམར་པོས་འགྲོ་བ་བཟང་མོ་དབང། ། ནག་པོས་དགྲ་བགེགས་གསོད་པར་བྱེད།། ཡེ་ཤེས་ལྷ་རྣམས་བསྒྲུབ་པ་ནི།། སྙིང་པོ་བྲིས་ལ་ཚ་ཚྭར་གཞུག། བསྐྱེད་བསྟིམ་མཆོད་བསྟོད་བཟླས་པར་བྱ།། མཆོག་གི་དངོས་གྲུབ་སྟེར་བར་འགྱུར། ། འཇིག་རྟེན་ལྷ་རྣམས་སྒྲུབ་འདོད་ན།། གང་བསྒྲུབ་སྲོག་སྔགས་ཚ་ཚར་བཞུགས།། བསྐྱེད་ལ་སྤྱན་དྲང་མཆོད་པ་འབུལ།། ལྷ་ལྔ་ངེས་པར་འགྲུབ་འགྱུར་ལ།། ཐུན་མོང་དངོས་གྲུབ་སྟེར་བ་དང།། སྲོག་སེར་གཏད་སོགས་འགྲུབ་པའོ། ། སེར་བ་བཅད་དམ་ངག་མནན་ནམ།། ཕས་ཀྱི་རྦོད་གཏོང་བཟློག་པ་སོགས།། ལས་རྣམས་མ་ལུས་འགྲུབ་པ་ཡིན།། ཐམས་ཅད་ཀུན་གྱི་གཞིར་འགྱུར་རོ།། གང་ཞིག་ཚེ་ལས་འདས་པ་ལ། ། རུས་པ་གོས་སམ་དྲི་མ་ལ།། གུར་གུམ་ལ་སོགས་ཆུས་བཀྲུས་ནས།། མཆོད་རྟེན་ནང་ན་ཡི་དམ་ལྷ།། མདུན་ན་སྒྲིབ་པ་སྦྱོང་བ་གནས།། ཨོཾ་ད་ཧ་ད་ཧ་སརྦ་ན་ར་ཀ་ག་ཏེ་ཧེ་ཏུ་ཧཱུཾ་ཕཊ། ཨོཾ་པ་ཙ་པ་ཙ་སརྦ་པྲེ་ཏ་ག་ཏེ་ཧེ་ཏུ་ཧཱུཾ་ཕཊ། ཨོཾ་མ་ཐ་མ་ཐ་སརྦ་ཏིར་ཡ་ཀ་ག་ཏེ་ཧེ་ཏུ་ཧཱུཾ་ཕཊ། དེ་ནས་སྐུ་གདུང་བྱིན་བརླབས་ལ།། མེ་ལོང་ངོས་ལ་ཙནྡན་གྱིས།། སྔགས་ནི་ཚར་ཡང་བདུན་བྲིས་ལ།། རེ་རེ་ལ་ནི་བརྒྱ་རྩ་བརྒྱད།། བཟླས་ནས་བུམ་པའི་ནང་དུ་བླུགས། ། དེ་བཞིན་བུམ་པ་ཁེངས་པའི་ཆུ།། དཀར་རྩི་སྦྱར་ནས་མཆོད་རྟེན་བྱུག། ཡང་ན་འདག་པའི་གསེབ་ཏུ་བཏང།། ཡེ་དྷརྨཱ་ཧེ་ཏུ་པྲ་བྷ་བཱ་ཧེ་ཏུནྟེ་ཥཱན་ཏ་ཐཱ་ག་ཏོ་ཧྱ་བ་དཏ། ཏེ་ཥཱཉྩ་ཡོ་ནི་རོ་དྷ་ཨེ་བཾ་བཱ་དཱི་མ་ཧཱ་ཤྲ་མ་ཎཿ་རྒྱུ་འབྲས་ཆོས་རྣམས་རྫོགས་པ་རུ། ། སྔགས་འདིས་བྱིན་གྱིས་བརླབ་པར་བྱ།། ཨོཾ་བཛྲ་ཀུ་ཤ་མྲྀ་ཏི་ཨུད་པ་ཏ་ས་མྱེག་ཨ་རིད་ཏི། ཨི་ཏྲ་པ་ཡ་མ་བོ་དྷི་ཨང་གར་དྱ་ཨཱརྱ་བ་ཏི་ཨུ་རྣམ་ག་པ་རི་སུར་ན་རུ་ཕྱི་ཏི་ཀུ་རུ་སྭཱ་ཧཱ། འབྲས་བུའི་ཆོས་རྣམས་རྫོགས་བྱའི་ཕྱིར།། མཉམ་པའི་ཕྱག་རྒྱས་འོད་འཕྲོས་ལས།། ཆོས་རྣམས་རྫོགས་པར་བྱིན་གྱིས་བརླབས། སྐུ་དང་ཡེ་ཤེས་གཉིས་སུ་གསལ།། ཨོཾ་བཛྲ་ཛྙཱ་ན་པཉྩ་ཀཱ་ཡ། གྷུ་ཡ་གར་བྷ་མ་ཏྲ་ཤུ་ཏྲི་ནི། ཀུ་རུ་ཛྙཱ་སརྦ་བ་ག། ཨ་མོ་ཀ་ལ་ཡ་སྭཱ་ཧཱ། ཞེས་གསུངས་སོ།། སྐུ་གདུང་འབར་བ་མཆོད་རྟེན་གྱི་རྒྱུད་ལས། གསང་བ་ཆེན་པོ་ལས་ཀྱི་རིམ་པ་སྣ་ཚོགས་པ་གྲུབ་པར་བསྟན་པའི་ལེའུ་སྟེ་ལྔ་པའོ། །།། དེ་ནས་བཅོམ་ལྡན་འདས་དཔལ་གསང་བའི་བདག་པོ་ཆེན་པོས་ལུས་ཀྱི་མཆོད་རྟེན་འདི་གསུངས་སོ།། ཧེ་རུ་ཀ་ཡི་གནས་བཅུ་ནས།། གདུག་པ་ཐབས་ཀྱིས་བསྒྲལ་བའི་ཕྱིར། ། དུར་ཁྲོད་ཆེན་པོའི་གནས་བརྒྱད་དུ།། རང་བྱུང་མཆོད་རྟེན་ཆེན་པོ་ནི།། ཤར་ཕྱོགས་རྒྱ་གར་ཡུལ་ན་ནི།། མ་ག་དྷ་ཡི་ལྗོངས་དག་ན།། དུར་ཁྲོད་ཆེན་པོ་བསིལ་བའི་ཚལ། ལུམ་བའི་ཚལ་དུ་སྐུ་བལྟམས་ནས། ། བ་སུ་ཀི་དང་སྒྲོགས་པ་དང།། ཤིར་ཤའི་ཤིང་དང་ལྷ་དབང་དང།། ཡིད་བཞིན་ལྷུན་གྲུབ་བདེ་བྱེད་བསྟན།། དུས་གསུམ་སངས་རྒྱས་རབ་བདུན་བྱུང།། མཁས་ཤིང་སྙིང་སྟོབས་ཆེ་བའི་གནས།། གཏུམ་དྲག་ཨིནྡྲ་བོ་དྷིའི་གནས། ། འབྱུང་པོ་རག་ཤ་སེང་མདོག་བཞུགས།། ཤར་ལྷོ་མཚམས་ནི་བལ་པོའི་ཡུལ།། ཏ་ན་ཡ་མ་ཁ་བྱང་ཀྲི།། ལྷུན་གྲུབ་དུར་ཁྲཽད་བྱིན་ཟ་དང།། ཤི་བུ་ཀ་རན་ཙ་ཏ་འབིམ་པ་དང།། མཆོད་རྟེན་ཁ་ཤོར་བྱ་ཁི་ཁ། ། སྟོན་པ་དཀའ་ཐུབ་མཛད་པ་དེ།། བལ་རྗེ་ན་ལེ་འབེ་བ་ཡོད།། དེ་ན་ཟས་ཀྱི་ལོངས་སྤྱོད་ཆེ།། བཀྲ་ཤིས་མཆོད་རྟེན་ཧུ་ལུ་ཀ། འབྱུང་པོ་གུ་གུ་ཏ་ནགས་གནས།། ལྷོ་ཕྱོགས་སིང་ཧའི་ཡུལ་དག་ན། ། དུར་ཁྲོད་ཆེན་པོ་སྐུ་ལ་རྫོགས།། ཙུ་ཏའི་ཤིང་ན་གཤིན་རྗེ་དང།། ཀེང་རུས་ཅན་ཏེ་སིནྡྷུའི་མཚོ།། སྟོན་པ་རབ་ཏུ་བྱུང་བའི་གནས།། མཐོང་ཐོས་རྫུ་འཕྲུལ་མང་པོ་ལྡན།། པདྨ་དྲག་པོ་གཡོ་བ་དང།། མཆོད་རྟེན་རི་བོ་ཏ་ལ་ཉིད། ། འབྱུང་པོ་སེར་སྐྱ་རལ་པ་ཅན།། ལྷོ་ནུབ་མཚམས་ཀྱི་ཐོ་གར་ཡུལ།། དུར་ཁྲོད་ཆེན་པོ་གསང་ཆེན་ན།། རིགས་ལྡན་དང་ནི་གཏུམ་པ་དང།། ཤང་ནི་རལ་ཏྭ་སྲིན་པོ་དང།། སྟོན་པས་བདུད་རྣམས་བཏུལ་བའི་གནས། ། མཐུ་དབང་རབ་ཏུ་ཆེ་བའི་ཡུལ།། ཕྱག་ན་རྡོ་རྗེས་དབང་བསྐུར་ཞིང།། རྒྱལ་པོ་ཀུ་ཀུ་རཱ་ཛའི་གནས།། མུན་པ་དྲག་པོ་དྲག་ཀྱང་ཡུལ།། མཆོད་རྟེན་མགོ་མངས་བསོད་ནམས་གཏེར།། འབྱུང་པོ་ནག་པོ་དབང་ལྡན་བཞུགས། ། ནུབ་ཀྱི་ཕྱོགས་ན་ཟ་ཧོར་ཡུལ།། དུར་ཁྲོད་ཁུ་བྱུག་ཀོང་དགུ་ན།། ཤིང་བུ་ཀང་ཀོལ་ཀླུ་དབང་གནས།། ཀར་ཀོ་ཏ་དང་གཡོ་བསྟན་དང།། རྒྱ་མཚོ་རྦ་ཀློང་ཅན་དག་ན།། རྒྱལ་པོ་ཚངས་པ་བྱིན་གྱི་དབང། ། རྡོ་རྗེ་འབར་བ་མྱ་ངན་འདས།། མཆོད་རྟེན་བདེ་བྱེད་གཞོན་ནུ་བཞུགས།། རིན་ཆེན་སྣ་བརྒྱད་ཡོད་པའི་གནས།། འབྱུང་པོ་རྡོ་རྗེ་སྣ་ཡོན་ཡོད།། ནུབ་བྱང་མཚམས་སུ་ཁ་ཆེའི་ཡུལ།། དུར་ཁྲོད་ཆེན་པོ་ཧེ་ཆེན་རོལ། ། ཀླུ་བདག་དུང་སྐྱོང་སྤྲིན་དབང་ཕྱུག། བར་ཀ་པར་ཏའི་ནགས་ཚལ་ན།། སྟོན་པ་ཁབ་ཏུ་བཞེངས་པའི་གནས།། རྒྱལ་པོ་མ་སྐྱེས་དགྲ་ཡི་ཡུལ།། འདོད་པའི་ཡོན་ཏན་ཕུན་སུམ་ཚོགས། ། ཀི་ཀི་ཀི་ལ་སྒྲ་ཡང་སྒྲོགས།། མཆོད་རྟེན་ཐར་ལེགས་ཆེན་པོ་ཡིན།། འབྱུང་ཆེན་གཅེར་བུ་རལ་པ་ཅན།། བྱང་གི་ཕྱོགས་ན་ཨུ་རྒྱན་ཡུལ།། དུར་ཁྲོད་པདྨ་བརྩེགས་པ་ན།། ཨ་ཤྭད་ཤིང་ལ་གནོད་སྦྱིན་དང། ། འཇོག་པོ་དང་ནི་ཆེར་སྒྲོགས་དང།། སྟོན་པས་ཆོས་ཀྱི་འཁོར་ལོ་བསྐོར།། ཨུ་རྒྱན་ཐོར་ཅོག་ཅན་གྱི་ཡུལ།། བྱིང་ཆུའི་རྒྱ་མཚོ་ཆེན་པོ་ནི།། ཨུ་རྒྱན་རྒྱལ་པོ་ཨུ་པ་རཱ།། ཚང་ཚིང་ན་ནི་ཆོས་ཀྱི་གཏེར།། གཟི་ཡི་མཆོད་རྟེན་ཆོས་འཁོར་ཅན། ། འབྱུང་པོའི་ཙ་ན་དབུས་ན་ཡོད།། བྱང་ཤར་མཚམས་ན་ལི་ཡི་ཡུལ།། དུར་ཁྲོད་འཇིག་རྟེན་མངོན་རྫོགས་ན།། དཔལ་ལྡན་པདྨ་ཆེན་པོ་དང།། མི་བཟད་དྲག་པོ་གང་བ་དང།། མཆོད་རྟེན་གཽ་ཏེ་ཤན་ཞེས་བྱ། ། སྟོན་པས་ཆོ་འཕྲུལ་བསྟན་པའི་གནས།། ཆུ་བྱིན་མེ་འབར་འཕྲུལ་སྣང་མང།། ལི་རྗེ་བཙན་པོའི་རྒྱལ་ཁམས་ཡིན།། དེ་ལྟར་དུར་ཁྲོད་ཆེན་པོ་བརྒྱད།། མཆོད་རྟེན་ཆེན་པོ་བརྒྱད་རྣམས་བཞུགས། སངས་རྒྱས་སྐུ་ཡི་རྟེན་ཡིན་ཏེ།། རིགས་ལྔའི་སངས་རྒྱས་སྐུ་གདུང་དང།། སྤྲུལ་པ་སྐུ་ཡི་སྐུ་གདུང་དང།། ཉན་ཐོས་རང་རྒྱལ་བྱང་ཆུབ་སེམས།། མྱ་ངན་འདས་པའི་སྐུ་གདུང་སྣོད།། མཆོད་རྟེན་བུམ་པར་གནས་པ་ཡིན། ། སྐུ་གདུང་རྣམས་ཀྱི་རྒྱུ་བཤད་ན།། དེ་རྒྱུའི་སྙིང་པོ་བྱང་ཆུབ་སེམས།། རྐྱེན་ནི་སྔགས་དང་ཕྱག་རྒྱ་དང།། ཏིང་འཛིན་བཟང་མོས་འགྲུབ་པ་དེ།། མདོར་ན་བསྐྱེད་དང་རྫོགས་པར་སྣང།། སྟོང་ཉིད་རབ་ཏུ་འབྱོངས་ལས་བྱུང། ། འབྲས་བུ་རྒྱུ་དང་འབྲེལ་བ་ནི།། བྱང་ཆུབ་སེམས་རྟོག་རིང་བསྲེལ་བྱུང།། གཟུགས་སྐུ་འབྱོངས་ན་ཡི་དམ་སྐུ།། ཡེ་ཤེས་རྟོགས་ན་འཇའ་ཚོན་འོད།། བླ་མ་མཉེས་ན་ཡི་གེའི་འབྲུ། ། མཁའ་འགྲོ་འདུས་ན་སྒྲ་ཡང་སྒྲོགས།། སྐུ་རྣམས་འབྱོངས་ན་སྐུ་གདུང་ཉིད།། གསུང་རྣམས་འཐེབས་ན་ཡི་གེ་སྔགས།། ཐུགས་ཉིད་འབྱོངས་ན་རིང་བསྲེལ་ཤར།། མཚན་རྟགས་མཐར་ཕྱིན་ཚོགས་རྫོགས་ནས། ། དུང་གི་གཟུགས་སུ་སྣང་བ་ཡིན།། མདོ་བཟླས་ངག་ལ་འཐེབས་པ་ནི།། མེ་ཏོག་གཟུགས་ཀྱང་འབྱུང་བ་ཡིན།། མདོར་ན་དགེ་བའི་ལས་བརྩོན་ན།། དགེ་རྟགས་ཅི་ཡང་སྣང་བ་ཡིན།། སྐུ་གསུམ་འགྲུབ་པའི་རྒྱུ་ཡིན་པས། ། མ་འོངས་ཆོས་ལ་བསྒོམ་བསྒྲུབ་རྣམས།། བརྩོན་པས་བྱས་ནས་འབད་པས་འགྲུབ།། རང་ལུས་མཆོད་རྟེན་ཆེན་པོར་ཤར།། ལྟོ་བ་རྨང་གཞི་ལེགས་པ་ལ།། ཡན་ལག་བཞི་པོ་བང་རིམ་ཉིད།། མགོ་ནི་བུམ་པར་གནས་པ་ཡིན། ། ཕུང་པོ་ལྔ་དང་འབྱུང་བ་ལྔ།། དབང་པོ་རྣམ་ཤེས་མཆོད་རྟེན་ལྷ།། ལུས་ཀྱི་ཚུལ་དུ་སངས་རྒྱས་པའོ།། རྫོགས་པ་ཨ་ནུ་ཡོ་ག་ཡི།། སྲོག་ཤིང་གསུམ་གྱི་མཆོད་རྟེན་ལ།། མེ་རླུང་གཉིས་ཀྱི་རྨང་གཞི་བཏིང། ། འཁོར་ལོ་བཞི་ཡི་བང་རིམ་ལ།། དབུ་ཡི་གཙུག་ཏོར་བུམ་པར་ཤར། ཁམས་ཀྱི་བདུད་རྩི་ལྷ་ཡི་བུ།། དྲི་ཆེན་རྣམ་སྣང་བྱང་ཆུབ་སེམས།། མི་བསྐྱོད་ཤ་ཆེན་རིན་ཆེན་འབྱུང།། པདྨ་རཀྟ་སྣང་མཐའ་ཡས། ། དྲི་ཆུ་ལས་ཏེ་འབྱུང་བཞི་ཡུམ།། སྔགས་ཀྱི་ཡི་གེ་ངག་ཏུ་གནས།། འོད་ཀྱིས་འགྲོ་བའི་སྒྲིབ་པ་སྦྱངས།། སྙིང་པོ་རླུང་ནི་ཐུགས་སུ་གནས།། འགྲོ་བ་མ་ལུས་གནས་འདིར་གནས།། འགྲོ་བ་མ་ལུས་གནས་འདིར་འདུས། ། ཨོཾ་ཨཱཿཧཱུཾ། འཇུག་དང་ལྡན་དང་གནས་པ་ཡིས།། སྐུ་གསུམ་མི་ཟད་རྒྱན་འཁོར་འགྲུབ།། ཨོཾ་ཨཱཿཧཱུཾ་སྭཱ་ཧཱ། ལྔ་ཡི་བདག་ཉིད་བཅུ་མིང་ཅན།། འདི་ནི་རྣམ་ཤེས་གཞོལ་བའི་ལྷ།། རིགས་ལྔ་འཁོར་བཅས་སངས་རྒྱས་པའོ། ། ཨ་ནརྀ་སུ་ཏྲི་པྲེ་དུ། འདོད་པའི་ཁམས་ན་གནས་པ་རྣམས།། ཡི་གེ་དྲུག་གིས་རབ་ཏུ་སྦྱངས།། ཨོཾ་གཟུགས་ཁམས་བསམ་གཏན་གནས་པ་ཀུན།། སྔགས་ཀྱི་མཆོད་རྟེན་ཉིད་དུ་ངེས། ། གཟུགས་མེད་སངས་རྒྱས་ཨ་རུ་སངས་རྒྱས་པ། ཁམས་གསུམ་ཡེ་ནས་མཆོད་རྟེན་སྦྱངས།། ཞེས་གསུངས་སོ།། སྐུ་གདུང་འབར་བ་མཆོད་རྟེན་གྱི་རྒྱུད་ལས། རང་ལུས་མཆོད་རྟེན་དུ་བསྟན་པའི་ལེའུ་སྟེ་དྲུག་པའོ། །།། དེ་ནས་བཅོམ་ལྡན་འདས་ཀྱིས་མན་ངག་རྫོགས་པའི་མཆོད་རྟེན་འདི་གསུངས་སོ།། ཀུན་གཞིའི་རྣམ་ཤེས་མཆོད་རྟེན་ལ།། ཉོན་མོངས་ཡིད་ཀྱི་བང་རིམ་བཅས།། ཡིད་ཀྱི་རྣམ་ཤེས་བུས་པ་ལ། ། སྒོ་ལྔའི་རྣམ་ཤེས་འཁོར་ལོར་གསལ།། ཀུན་གཞི་རྣམ་དག་ཆོས་ཀྱི་སྐུ།། རང་བྱུང་ཡེ་ཤེས་རྫོགས་པའི་ཡིད།། ཉོན་མོངས་རྣམ་ལྔ་ཡེ་ཤེས་འཁོར།། སྒོ་ལྔ་སྣང་བ་རོལ་པར་བཤད།། འཁོར་བ་ཉིད་ནི་མྱ་ངན་འདས། ། སྣང་སྲིད་གཞི་བཞེངས་ཆོས་ཀྱི་སྐུ།། བྱས་པ་མེད་པར་ངང་གིས་གྲོལ།། རང་བྱུང་ཡེ་ཤེས་མཆོད་རྟེན་དུ།། འཁོར་འདས་མ་ལུས་རྫོགས་པར་གནས།། མ་བྱས་ལྷུན་གྱིས་གྲུབ་པའོ།། སྐུ་གདུང་འབར་བ་མཆོད་རྟེན་གྱི་རྒྱུད་ལས། མན་ངག་རྫོགས་པའི་མཆོད་རྟེན་གྱི་ལེའུ་སྟེ་བདུན་པའོ།།།། དེ་ནས་གསང་བའི་བདག་པོ་ལ་དགེ་སློང་ལི་ཙ་བྱི་དྲི་མ་མེད་པར་གྲགས་པས་ཞུས་པ། བཅོམ་ལྡན་འདས་མ་འོངས་པའི་སེམས་ཅན་སྐལ་བ་དམན་པ་རྣམས་ཀྱི་དོན་དུ། མཆོད་རྟེན་གྱི་སྨོན་ལམ་རྒྱ་ཆེན་པོ་ཡོན་གྱི་བདག་པོ་རྣམས་ཀྱིས་གོ་བར་གསུང་དུ་གསོལ། ཞེས་ཞུས་སོ།། དེ་ནས་བཅོམ་ལྡན་འདས་ཀྱིས་རྩོད་དུས་ཀྱི་བླཽ་དམན་པ་རྣམས་ཀྱིས་གོ་བར་བྱ་བ་འདི་གསུངས་སོ། ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་སྣང་མཛད་དང། བཅོམ་ལྡན་འདས་མི་འཁྲུགས་པ་དང། བཅོམ་ལྡན་འདས་རིན་ཆེན་འབྱུང་ལྡན་དང། བཅོམ་ལྡན་འདས་སྣང་བ་མཐའ་ཡས་དང། བཅོམ་ལྡན་འདས་དོན་ཡོད་གྲུབ་པ་དང། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལ་སོགས་ཏེ། སྟོན་པ་ཆོས་ཀྱི་རྒྱལ་པོ་ཆེན་པོ་སྐུ་གསུམ་དང་ཡེ་ཤེས་བཞི་མངའ་བ། སྟོབས་དང་མ་འདྲེས་པས་བརྒྱན་པ་ཐམས་ཅད་ལ། མིང་འདི་ཞེས་བགྱི་བ་ལུས་ངག་ཡིད་དང་བས་གུས་པར་ཕྱག་འཚལ་ལོ།། དོན་དམ་པའི་ཆོས་གསུང་རབ་མདོ་སྡེ་བཅུ་གཉིས་དང། སྡེ་སྣོད་གསུམ་གྱིས་བསྡུས་པ་རྒྱུ་དང་འབྲས་བུར་བཅས་པ་ཐམས་ཅད་ལ་གུས་པར་ཕྱག་འཚལ་ལོ།། བྱང་ཆུབ་སེམས་དཔའི་དགེ་འདུན་འཕགས་པ་བྱམས་པ་དང། འཇམ་དཔལ་དང། སྤྱན་རས་གཟིགས་ཀྱི་དབང་ཕྱུག་དང། ཕྱག་ན་རྡོ་རྗེ་དང། སའི་སྙིང་པོ་དང། ནམ་མཁའི་སྙིང་པོ་དང། སྒྲིབ་པ་རྣམ་པར་སེལ་བ་དང། ཀུན་ཏུ་བཟང་པོ་ལ་སོགས་ཏེ་ས་བཅུ་རིམ་པར་བཞུགས་པ་ཐམས་ཅད་ལ་ཕྱག་འཚལ་ལོ། ། འཕགས་པ་ཉན་ཐོས་ཀྱི་དགེ་འདུན། འཕགས་པ་ཤཱ་རིའི་བུ་དང། འཕགས་པ་མོའུ་འགལ་གྱི་བུ་དང། འཕགས་པ་རབ་འབྱོར་དང་འོད་སྲུངས་ལ་སོགས་ཏེ། སྐྱེས་བུ་ཟུང་བཞི་དང། གང་ཟག་ཡ་བརྒྱད་ཀྱིས་བསྡུས་པ་ཐམས་ཅད་ལ་གུས་པར་ཕྱག་འཚལ་ལོ། ། མཆོད་རྟེན་དང་སྐུ་གདུང་དང་རིང་བསྲེལ་ལ་སོགས་པ། དེ་བཞིན་གཤེགས་པ་མྱ་ངན་ལས་འདས་པའི་སླད་དུ། སེམས་ཅན་རྣམས་ཀྱིས་བསོད་ནམས་ཐོབ་པར་བགྱི་བའི་སླད་དུ། ཐུགས་རྗེ་ཆེན་པོས་ཁྱབ་པའི་བྱིན་གྱིས་བརླབས་ཏེ། བཞུགས་པ་ཐམས་ཅད་ལ་ཡང་གུས་པར་ཕྱག་འཚལ་ལོ།། དཔལ་ཚངས་པ་དང། བརྒྱ་བྱིན་དང། རྒྱལ་པོ་ཆེན་པོ་བཞི་དང། ཕྱོགས་སྐྱོང་བཅུ་ལ་སོགས་པ་ལ་ཡང་གུས་པར་ཕྱག་འཚལ་ལོ། ། དམ་པའི་ཆོས་བསྲུང་ཞིང་ལྷ་དང་མིའི་སྲིད་པར་སྦྱོར་བའི་སྲུང་མ་དམ་ཚིག་ཅན་ཐམས་ཅད་ལ་གུས་པར་ཕྱག་འཚལ་ལོ།། འཕགས་པ་ཐམས་ཅད་མིང་འདི་ཧེས་བགྱི་བ་ལ་དགོངས་སུ་གསོལ། མཆོད་རྟེན་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གཟུགས་བརྙན་རྒྱུ་དང་འབྲས་བུར་བསྟན་ཏེ། རྒྱུའི་ཆོས་བང་རིམ་དང་པོ་དྲན་པ་ཉེ་བར་གཞག་པ་བཞི་དང། བང་རིམ་གཉིས་པ་ཡང་དག་པར་སྤོང་བ་བཞི་དང། བང་རིམ་གསུམ་པ་རྫུ་འཕྲུལ་གྱི་རྐང་པ་བཞི་དང། བང་རིམ་བཞི་པ་དབང་པོ་ལྔ་དང། བུམ་རྟེན་གྱིས་སྟོབས་ལྔ་དང། བུམ་པ་བྱང་ཆུབ་ཀྱི་ཡན་ལག་བདུན་དང། ཁ་ཁྱེར་གྱིས་འཕགས་པའི་ལམ་ཡན་ལག་བརྒྱད་དང། འབྲས་བུའི་ཆོས་ཀྱི་འཁོར་ལོ་བཅུ་གསུམ་གྱིས། དེ་བཞིན་གཤེགས་པའི་སྟོབས་བཅུ་མ་འདྲེས་པའི་དྲན་པ་ཉེ་བར་གཞག་པ་བཞི་དང། ཆར་ཁེབས་ཀྱིས་ཐུགས་རྗེ་བསྟན་པ་དང་སྲོག་ཤིང་གི་ཤེས་པ་བཅུ་བསྟན་ཏེ། དེ་བཞིན་གཤེགས་པ་ཆོས་ཀྱི་སྐུའི་གཟུགས་ཅན་དེ་ལྟ་བུ་བགྱི་བའི་རྒྱུ་ནི། ད་ལྟར་གྱི་ས་དང་འཇིམ་པ་འདི་དག་གསེར་དང་དངུལ་དང་ཤེལ་ལ་སོགས་པ། རིན་པོ་ཆེ་སྣ་ཚོགས་སུ་དམིགས་ཏེ་དེ་དག་ལས་གྲུབ་པའི་མཆོད་རྟེན་འཕང་དུ་དཔག་ཚད་ཙམ་ལ་རྒྱ་དཔག་ཚད་ཕྱེད་ཙམ་གྱི་ནང་ན། སྐུ་ཡི་གཟུགས་བརྙན་ཚ་ཚྭ་བཏབ་པ་རྣམས། དཔལ་རྣམ་པར་སྣང་མཛད་ལ་སོགས་པ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཤ་སྟག་བཞུགས་པའི་ཞལ་ནས། གསང་སྔགས་དང། རིག་སྔགས་དང། གཟུངས་སྔགས་ཀྱི་འོད་ཟེར་བྱུང་སྟེ། སེམས་ཅན་རྣམས་ཀྱི་སྒྲིབ་པ་སྦྱོང་ཞིང་དོན་མཛད་པ་དེ་ལྟ་བུས། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ལག་མཐིལ་ལྟར་མཉམ་པ་ཐམས་ཅད་དུ་གང་བར་མོས་ཤིང་དེ་བཞིན་དུ་གྱུར་ཅིག། དེ་ལྟར་བཞུགས་པའི་འཕགས་པ་ཐམས་ཅད་ལ་མིང་འདི་ཞེས་བགྱི་བ་དང་བདག་ཅག་ལ་སོགས་པས། ལུས་རྡུལ་སྙེད་དུ་གྱུར་པའི་ལུས་དང་ངག་དང་ཡིད་རབ་ཏུ་དང་བར་གུས་པའི་ཕྱགས་འཚལ་ལོ།། དཔལ་ཀུན་ཏུ་བཟང་པོའི་མཆོད་པའི་སྤྲིན་ཕུང་རྒྱས་པ་ཐམས་ཅད་ཀྱིས་མཆོད་དོ། ། སྐུ་དང་གསུང་དང་ཐུགས་དང་ཕྲིན་ལས་ཀྱི་ཡོན་ཏན་ཁྱད་པར་ཅན་མངའ་བ་རྣམས་ལ།། སེམས་དང་བས་དམིགས་ཏེ་ཆགས་པ་མེད་པའི་དབྱངས་སྙན་པས་བསྟོད་དོ།། འཕགས་པ་ཐམས་ཅད་མིང་འདི་ཞེས་བགྱི་བ་དང། བདག་ཅག་ལ་སོགས་པ་ལ་དགོངས་སུ་གསོལ། མིང་འདི་ཞེས་བགྱི་བ་དང་བདག་ཅག་ལ་སོགས་པས། ཆོས་ཀྱི་སྐུ་དང་གཟུགས་ཀྱི་སྐུ་མཐོང་ཞིང་ཐོབ་པར་བགྱི་བ་ལ། སྡིག་པ་མི་དགེ་བའི་ཆོས་ཅི་མཆིས་སོ་འཚལ་འཐོལ་ཞིང་བཤགས་སོ། ། འཕགས་པ་རྣམས་ཀྱི་སྐུ་དེ་དག་མཉེས་པ་དང། སྐུ་དེ་དག་ཐོབ་པར་གྱུར་པའི་སོ་སོ་སྐྱེ་བོ་ཡན་ཆད་ཀྱི་དགེ་བའི་རྩ་བ་ཐམས་ཅད་ལ་རྗེས་སུ་ཡི་རང་ངོ།། ཐུགས་རྗེའི་དབང་གི་སྤྲུལ་པའི་སྐུ་འབྱུང་བ་ཐམས་ཅད་ཆོས་ཀྱི་འཁོར་ལོ་བསྐོར་བར་གསོལ་ལོ། ། གང་གིས་ཆོས་ཀྱི་འཁོར་ལོ་བསྐོར་ནས་སེམས་ཅན་གྱི་དོན་མཛད་ནས། འདུལ་བའི་ཆེད་དུ་ཐབས་ཀྱིས་མྱ་ངན་ལས་འདས་པར་སྟོན་པར་བཞེད་པ་དེ་དག་ཐམས་ཅད་མྱ་ངན་ལས་མི་འདའ་བར་གསོལ་བ་བཏབ་བོ། ། ཇི་ལྟར་འཕགས་པ་རྣམས་ཀྱིས་སེམས་ཅན་གྱི་དོན་དུ་བྱང་ཆུབ་ཏུ་ཐུགས་བསྐྱེད་ཅིང།། དེ་དགེ་བའི་རྩ་བ་བླ་ན་མེད་པའི་བསྔོས་པ་དེ་ལྟར། མིང་འདི་ཞེས་བགྱི་བ་དང་བདག་ཅག་ལ་སོགས་པས་ཀྱང། བྱང་ཆུབ་ཏུ་སེམས་བསྐྱེད་ཅིང། དགེ་བའི་བླ་ན་མེད་པར་བསྔོའོ།། སྐུ་གདུང་འབར་བ་མཆོད་རྟེན་གྱི་རྒྱུད་ལས། སྨོན་ལམ་དགེ་བ་བསྔོ་བའི་ལེའུ་སྟེ་བརྒྱད་པའོ། །།། དེ་ནས་གསང་བའི་བདག་པོས་རྙིང་པ་སྤོ་བ་འདི་གསུངས་སོ།། སྐུ་གདུང་རྙིང་པ་སྤོ་བ་ནི།། སྦྱོར་བ་དངོས་གཞི་རྗེས་ཡིན་ནོ།། དེ་ལ་སྦྱོར་བའི་བསམ་པ་ནི།། བགྲེས་ཤིང་གནས་ནས་འོ་བརྒྱལ་བས། ། དེ་བརྟེན་གཞན་ལ་སྡིག་སོད་པས།། མོས་པས་བཟང་པོར་བཞེད་པར་བྱ།། དངོས་གཞི་འདི་ལྟར་བྱ་བ་སྟེ།། རྙིང་པ་གཤེགས་ལ་གསར་བ་བཞེངས།། གཤེགས་པའི་ཆོ་ག་རབ་གནས་གསོ། ། མཆོད་ཅིང་མངའ་གསོལ་གཤེགས་པར་ཞུ།། སྡིག་སྒྲིབ་ཉམས་བཤགས་གཤེགས་སུ་གསོལ།། རྟེན་འབྲེལ་སྙིང་པོས་འཇིག་པར་བྱ།། ས་རྡོ་དཀོར་ཡིན་མ་ཡར་བར།། བཞེངས་པའི་གནས་སུ་མ་ལུས་བསྐྱལ། ། དེ་ནས་གསར་པ་བཞེངས་པ་ནི།། དུས་རིངས་མ་ལོན་སྔར་ཚད་ལྷག། སྡིག་བསགས་སྤངས་ཏེ་དགེ་ལ་གནས།། བཞེངས་ནས་རབ་གནས་ལྡན་པར་བྱ།། རྗེས་ལ་བཀུར་སྟི་ཕུ་དུད་སོགས། ། མཆོད་རྟེན་མཆོད་པ་རྒྱས་པར་བྱའོ།། ཞེས་གསུངས་པས། དམན་པའི་ལུས་ཀྱི་སེམས་དཔའ་རྣམས།། གསང་བའི་བདག་པོ་ལ་བསྟོད་པ། ཀྱེ་གསང་བའི་བདག་པོ་ཁྱོད།། བླ་མེད་རང་བཞིན་ཡིད་གཟུགས་སྤྲུལ། ། སྔགས་དང་མཆོད་རྟེན་ཀུན་ཚང་བའི།། མཆོད་རྟེན་འབར་བའི་རྒྱུད་གསུངས་པས།། མཐའ་ཡས་སེམས་ཅན་ཚོགས་རྣམས་རྫོགས།། སངས་རྒྱས་ཉིད་དུ་འདི་འགྱུར་རོ།། ཞེས་བསྟོད་དོ།། དེ་ནས་སྟོན་པས་གསུངས་པས། དམ་པའི་རིགས་ཅན་དྲ་མ་རྣམས།། སྐུ་གདུང་འབར་བའི་རྒྱུད་འདི་ནི།། སྔོ་དམན་རྣམས་ཀྱིས་གོ་བར་བྱ་བའི་ཕྱིར། ཁྱེད་ལ་མན་ངག་གཉིས་སུ་གཏད།། ཅེས་གསུངས་པ་ལ་རྗེས་སུ་ཡི་རང་ངོ།། སྐུ་གདུང་འབར་བའི་རྒྱུད་ལས། རྟེན་སྤོ་བ་དང་རྗེས་སུ་ཡི་རང་བའི་ལེའུ་སྟེ་དགུ་པའོ།།།། སྐུ་གདུང་འབར་བ་མཆོད་རྟེན་གྱི་རྒྱུད་རྫོགས་སོ།།།། ཀློང་གསལ་འབར་མ་ཉི་མའི་གསང་རྒྱུད་ཀྱི་དབུ་བཞུགས།
CLOSE WINDOW