Wylie |
རྒྱ་གར་སྐད་དུ། བཛྲ་ས་ཏྭ་མ་ཧཱ་ཨ་ཀ་ཤ་པུ་ཥྟི་ན་མ། ཡོ་གི་ནི་ཏནྟྲ། བོད་སྐད་དུ། རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ་རྒྱས་པ་ཞེས་བྱ་བ་རྣལ་འབྱོར་པའི་རྒྱུད། བཅོམ་ལྡན་འདས་དཔལ་རྡོ་རྗེ་འཛིན་པ་ལ་ཕྱག་འཚལ་ལོ། ། འདི་སྐད་བཤད་པའི་དུས་ནི། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་ཉིད། སྐུ་གསུང་ཐུགས་ཀྱི་རང་བཞིན། བདེ་བའི་མཆོག། བཙུན་མོ་དམ་པ་བདེ་བ་མཆོག་གི་པདྨ་ལ་དམ་པར་བཞུགས་སོ། ། དེའི་བྱིན་གྱི་རླབས་ལས་བྱུང་བའི་ལོངས་སྤྱོད་པར་མཛད་པའི་ལོངས་སྤྱོད་ཆེན་པོ། བཙུན་མོ་དམ་པའི་པདྨོ་གཞལ་ཡས་ཁང་བརྩེགས་པ། དབྱིབས་དང་ཚད་དཔག་ཏུ་མེད་པ་ན།། རྡོ་རྗེ་རྣམ་པར་སྣང་མཛད་དང། རྡོ་རྗེ་མི་བསྐྱོད་པ་དང། རྡོ་རྗེ་དཀོན་མཆོག་དཔལ་དང། རྡོ་རྗེ་ཚེ་མཐའ་ཡས་པ་དང།། རྡོ་རྗེ་གྲུབ་པ་གདོན་མི་ཟ་བ་དང། བཙུན་མོ་དམ་པ་ཡངས་པའི་སྤྱན་དང།། མི་བསྐྱོད་མ་དང། རིན་ཆེན་མ་དང། ཚེ་དཔག་མེད་པ་དང། གྲུབ་པ་གདོན་མི་ཟ་བ་དང། གཞན་ཡང་བྱང་ཆུབ་སེམས་དཔའ་སའི་སྙིང་པོ་དང། ཕྱག་ན་རྡོ་རྗེ་དང། ནམ་མཁའི་སྙིང་པོ་དང། འཇིག་རྟེན་དབང་ཕྱུག་དང། བྱམས་པ་དང། འཇམ་པའི་དབྱངས་དང། སྒྲིབ་པ་རྣམ་པར་སེལ་བ་དང། ཀུན་ཏུ་བཟང་པོ་དང། བཙུན་མོ་དམ་པ་སྒེག་མོ་དང། ཕྲེང་བ་མ་དང། དབྱངས་མ་དང།། གར་བྱེད་མ་དང། བདུག་སྤོས་མ་དང། མེ་ཏོག་མ་དང། མར་མེ་མ་དང། དྲི་ཆབ་མ་དང། དམ་པའི་སྒོ་སྲུང་གཤིན་རྗེ་གཤེད་པོ་དང། རྣམ་པར་རྒྱལ་བ་དང། པདྨ་མཐར་བྱེད་དང། བདུད་རྩི་ཐབ་སྦྱོར་དང། བཙུན་མོ་དམ་པ་གཤིན་རྗེ་གཤེད་མོ་དང། རྣམ་པར་རྒྱལ་མ་དང། པདྨ་མཐར་བྱེད་མ་དང། བདུད་རྩི་ཐབ་སྦྱོར་མ་དང། དེ་དག་ལ་སོགས་པ་འཁོར་རྣམས་དང་གཉིས་སུ་མེད་པར་བཞུགས་སོ།། དེ་ཡང་དཔེར་ན་ཏིལ་འབྲུ་བཞིན་དུ་གང་ནས་ཁྱབ་པར་བཞུགས་པ་སྟེ། དེ་དག་གི་འོད་ཀྱིས་འཇིག་རྟེན་གྱི་ཁམས་སྣང་བར་བྱས། གང་བར་བྱས། ཁྱབ་པར་བྱས་ནས་ལྷན་ནེ་ལྷང་ངེ་བ་ཇི་ལྟ་བ་བཞིན་དུ་གནས་པར་གྱུར་ཏོ།། དེ་ནས་ལོངས་སྤྱོད་པར་མཛད་པའི་ལོངས་སྤྱོད་ཆེན་པོའི་བྱིན་གྱི་རླབས་ལས། ཐུབ་པ་ཆེན་པོ་རྣམས་སྟོང་གསུམ་གྱི་སྟོང་ཆེན་པོ་རྣམས་སུ་བྱུང་བར་གྱུར་ཏེ། དེ་དག་གི་མཐུས་འཇིག་རྟེན་གྱི་ཁམས་ཐམས་ཅད་གཡོས། རབ་ཏུ་གཡོས། ཀུན་ཏུ་གཡོས་སོ།། ཤིག་ཤིག། རབ་ཏུ་ཤིག་ཤིག། ཀུན་ཏུ་ཤིག་ཤིག་གོ། ཆེམ་ཆེམ། རབ་ཏུ་ཆེམ་ཆེམ། འུར་འུར་རབ་ཏུ་འུར་འུར། ཀུན་ཏུ་འུར་འུར་རོ།། དེ་ནས་མཐའ་དང་དབུས་མཉམ་པར་གྱུར་ནས། སེམས་ཅན་རྣམས་འདུལ་བར་མཛད་དོ།། དེ་ཡང་སྨོན་ལམ་གྱི་དབང་གིས་སྐུ་སྣ་ཚོགས་པ་དང། གསུང་སྣ་ཚོགས་པ་དང། ཐུགས་སྣ་ཚོགས་པས་འདུལ་བར་མཛད་དེ། སྐུས་འདུལ་བ་ལ་མིའི་ཆ་བྱད་དུ་བྱུང་ནས། བལྟམས་པ་དང། རབ་ཏུ་བྱུང་བ་དང། དཀའ་ཐུབ་མཛད་པ་དང། ཆོས་ཀྱི་འཁོར་ལོ་བསྐོར་བ་ལ་སོགས་པ་དང། གཞན་ཡང་སེང་གེའི་ཆ་བྱད་དང། གླང་པོ་ཆེའི་ཆ་བྱད་ལ་སོགས་པས་འདུལ་བར་མཛད་དོ།། གསུང་གིས་འདུལ་བ་ནི། ལྷ་ལ་ལྷའི་སྐད་དང། ཀླུ་ལ་ཀླུའི་སྐད་དུ་འདུལ་བར་མཛད་དོ།། ཐུགས་ཀྱིས་འདུལ་བ་ནི། ཏིང་ངེ་འཛིན་གྱི་འོད་ཟེར་དང། རྫུ་འཕྲུལ་གྱི་ཆོ་གས་འདུལ་བར་མཛད་དོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་བཞིན་ནམ་མཁའ་ཆེ་བ་རྒྱས་པའི་རྒྱུད་ལས། གླེང་གཞིའི་ལེའུ་སྟེ་དང་པོའོ།།།། དེ་ནས་བཅོམ་ལྡན་འདས་ལོངས་སྤྱོད་པར་མཛད་པའི་ལོངས་སྤྱོད་ཆེན་པོ་དེ། རྒྱལ་པོ་སྦྱིན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། འཁོར་གྱི་ནང་དུ་ཞལ་འཛུམ་པ་མཛད་དེ་མི་སྣང་བར་གྱུར་ཏོ།། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་ལ་མགྲིན་གཅིག་ཏུ་འདི་སྐད་གསོལ་ཏོ། ། ཨེ་མ་ཧོ་སངས་རྒྱས་ཐམས་ཅད་ཀྱི། སྐུ་གསུང་ཐུགས་ཀྱི་བདག་པོ་མཆོག། ཐབས་མཁས་ཐུགས་རྗེས་གཟུང་སླད་དུ།། སྐུ་ཡི་དབྱིག་ཏུ་བདག་སྦྱོར་ཅིག། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་དེ། ཀུན་ཏུ་བཟང་པོའི་གཟུགས་སུ་བྱུང་ནས། ཞལ་གསུམ་ཕྱག་དྲུག་པར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གཟིགས་པར་གྱུར་ཏོ།། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་ཀུན་ཏུ་བཟང་པོ་ལ། དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ལ་སོགས་པས་ཕྱི་ནང་གསང་བའི་མཆོད་པས་ཡང་དག་པར་མཆོད་དེ། ཕྱག་འཚལ་ནས་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས། བདག་ཅག་རྣམས་གསང་བའི་དཀྱིལ་འཁོར་དུ་དབང་བསྐུར་བར་མཛད་དེ། མཚན་མ་མེད་པའི་ཆོས་ཀྱི་འཁོར་ལོ་བསྐོར་དུ་གསོལ་ཞེས་བརྗོད་པས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་ཡོངས་སུ་མཉེས་པས་ཁྱབ་པར་གྱུར་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། ཨེ་མ་ཧོ་རྒྱུད་འདི་རྟོགས་དཀའ་བས། ། དེ་དག་ཐམས་ཅད་ཞུ་འདོད་པ།། ལེགས་སོ་ལེགས་སོ་བྱང་ཆུབ་ཆེ།། ལེགས་སོ་ལེགས་སོ་གུས་པས་ཉོན།། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་རབ་ཏུ་དགའ་བའི་སྤྱན་རྒྱས་པས་ཡང་ནས་ཡང་དུ་ཕྱག་འཚལ་ནས་འདི་སྐད་ཅེས་གསོལ་ཏོ། ། ཨེ་མ་ཧོ། སངས་རྒྱས་ཀྱི་སངས་རྒྱས།། ཨེ་མ་ཧོ།། སངས་རྒྱས་གསུངས་པ་ལེགས།། ཨེ་མ་ཧོ།། བྱང་ཆུབ་ཆེན་པོའི་མཆོག། བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ། ། ཨེ་མ་ཧོ་སེམས་ཅན་ཐམས་ཅད་ནི།། བྱང་ཆུབ་ཏུ་ནི་སྒྲུབ་པའི་ཐབས།། ཤིན་ཏུ་སྦྱོར་བའི་ཏིང་འཛིན་མཆོག། གཟུ་བོ་ཆེན་པོས་བཤད་དུ་གསོལ།། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས། དེ་བཞིན་གཤེགས་པ་ཐམས་ཅད་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། སེམས་ཅན་བྱང་ཆུབ་བསྒྲུབ་པའི་ཐབས།། ཡང་དག་ཤིན་ཏུ་རྣལ་འབྱོར་འདི།། མྱུར་དུ་བླ་མེད་འདོད་པའི་ཕྱིར། ། ཉོན་ཅིག་ང་ཡིས་བཤད་པར་བྱ།། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས། ཟིལ་གྱིས་གནོད་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། འཁོར་རྣམས་གསང་བའི་དཀྱིལ་འཁོར་དུ་བཅུག་ནས། དབང་བསྐུར་བར་མཛད་དོ།། དེ་ནས་གདོད་ཆོས་འཆད་དོ།། ཀུན་གྱི་རང་བཞིན་དེ་བཞིན་ཉིད།། ཀུན་གྱིས་བསྒྲུབ་པར་བྱ་བ་དེ།། ཐབས་སུ་ཡེ་ཤེས་བསྐྱེད་པ་ལས། ། ཕྱོགས་སུ་བལྟས་པས་མཐོང་བ་མེད།། དེ་བཞིན་ཉིད་ཀྱི་རང་བཞིན་ནི།། སུས་ཀྱང་མཐོང་བར་མི་ནུས་ཏེ།། སངས་རྒྱས་ཀྱིས་ཀྱང་མི་གཟིགས་པས།། རང་བྱུང་ཡེ་ཤེས་གནས་མེད་སྣང།། དེ་ཉིད་ཕྱིར་ན་རང་བཞིན་མེད། ། མེད་པས་མེད་པའི་འབྲས་བུ་འབྱུང།། ཡོད་དང་མེད་པ་གཉིས་མེད་པས།། རྟོག་མེད་དབུ་མ་ཞེས་བྱའོ།། རང་བཞིན་དེ་ཉིད་ཁོ་ན་ལ།། བརྗོད་པའི་རང་བཞིན་ཅི་ཡང་མེད།། དབང་པོའི་ཡུལ་དུ་གང་གྱུར་པ། ། དེ་དག་ཚད་མ་མ་ཡིན་ནོ།། ཆོས་རྣམས་ཀུན་གྱི་ཆོས་ཉིད་ནི།། སྐྱེ་བ་མེད་ཅིང་འགག་པ་མེད།། རྟག་དང་ཆད་པའང་ཡོད་མིན་ཏེ།། ཐ་དད་མ་ཡིན་དོན་གཅིག་མིན།། འོང་བ་མེད་ཅིང་འགྲོ་མེད་པ། ། སྤྲོས་པ་ཉེ་བར་ཞི་བའོ།། དམ་པའི་དོན་ལ་དངོས་མེད་དེ།། མིག་དང་རྣ་བ་སྣ་དང་ལྕེ།། ལུས་དང་ཡིད་ལ་སོགས་པ་ཡི།། དབང་པོ་རྣམས་ཀྱིས་མཐོང་མིན་ཏེ།། མཐོང་བ་བློ་ཡིས་བསླད་པ་ཡིན།། ཡང་དག་མ་རྟོགས་འཁོར་བ་དང། ། མྱ་ངན་འདས་ལ་རློམ་སེམས་བྱེད།། ཡང་དག་རྟོགས་ན་འཁོར་བ་དང།། མྱ་ངན་འདས་ལ་རློམ་སེམས་མེད།། དེ་བཞིན་ཉིད་ལ་གནས་བཅས་ན།། གཡོ་དང་མི་གཡོ་རྣམ་པར་དག། གཟུང་དང་འཛིན་པ་རྣམ་དག་ནས། ། ཕྲ་རྒྱས་འགག་ཅིང་སྐྱེ་བ་མེད།། བརྗོད་མེད་རྣམ་པར་མི་རྟོག་པ།། ཡི་གེ་མེད་པའི་གསུང་མཆོག་སྟེ།། སྒྲ་ཡིག་རྣམ་པར་སྤངས་ནས་ནི།། སེམས་ཀྱི་རྒྱུ་བའང་བཀག་པའོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་བཞིན་ནམ་མཁའ་ཆེ་རྒྱས་པའི་རྒྱུད་ལས། གླེང་བསླང་པའི་ལེའུ་སྟེ་གཉིས་པའོ།།།། རང་བཞིན་གནས་པའི་ངོ་བོ་ལས། ཁྱད་པར་འགའ་ཡང་ཡོད་པ་མིན།། དེ་བཞིན་ཉིད་ནི་ཆགས་མེད་དེ། ། མ་སྐྱེས་མི་གནས་མི་དམིགས་ཤིང།། མི་རྟོག་བདེ་དང་ལྡན་པའོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་བཞིན་ནམ་མཁའ་ཆེ་རྒྱས་པའི་རྒྱུད་ལས། ཆོས་ཉིད་མི་འགྱུར་བ་བསྟན་པའི་ལེའུ་སྟེ་གསུམ་པའོ། །།། དེ་ནས་བཅོམ་ལྡན་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་དགྱེས་པ་ཆེན་པོས། ཉིད་ཀྱི་ཆེ་བ་དབྱུང་བར་བཞེང་ནས། སྐུ་དང་ཡེ་ཤེས་ཀྱི་བདག་ཉིད་འདི་ལྟ་བུ་གསུངས་སོ། ། ཀུན་ལ་ཁྱབ་པའི་རང་བཞིན་ནི།། སངས་རྒྱས་ཀྱིས་ཀྱང་མ་གཟིགས་ཏེ།། མངོན་སུམ་མི་གནས་ཀུན་ཏུ་ཁྱབ།། ཀུན་ཏུ་འོད་དོ་འདུས་མ་བྱས།། རྟག་པ་དེ་ཉིད་རྡོ་རྗེའི་སྐུ།། ཀཱ་ཡ་དག་པའི་རྒྱལ་མཆོག་སྟེ། ། ཆོས་ཉིད་སྐུ་ཞེས་བཤད་པ་ཡིན།། དེ་རྟོགས་གསལ་བར་བྱེད་པ་ནི།། རང་བྱུང་ཡེ་ཤེས་ཆེན་པོ་སྟེ།། ཀུན་གཞི་ལ་སོགས་གྱུར་པ་ནི།། ཐབས་ཀྱི་རིམ་པས་འབྱུང་བ་སྟེ།། པདྨ་སྤྱན་ཏེ་འདུས་བྱས་སོ། ། མི་རྟག་མངོན་བྱང་ཆུབ་པའི་སྐུ།། པ་ཏྲ་བསགས་པའི་སྐུ་མཆོག་སྟེ།། སྟོང་པ་ཉིད་ཀྱི་ཡེ་ཤེས་པས།། སྐད་ཅིག་གཅིག་མངོན་རྫོགས་བྱང་ཆུབ།། གཉིས་སུ་མེད་མེད་པ་ཆོས་ཀྱི་སྐུའོ།། བྱིན་གྱིས་རླབས་ལས་བྱུང་བ་ཡི། ། རང་བཞིན་དཀྱིལ་འཁོར་ཆེན་པོ་ན།། ཀུན་རྫོབ་དོན་དུ་སེམས་བསྐྱེད་ནས།། སྣང་བ་མི་འགོག་པ་ཡི་ཐབས།། སྔགས་དང་ཕྱག་རྒྱས་རབ་བརྟན་པས།། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཤར།། ལོངས་སྤྱོད་སྐུ་དེས་རྟེན་འབྲེལ་མཆོག། ཡི་གེ་འཁོར་ལོ་ཚོགས་ཆེན་ཏེ།། མཚན་དང་དཔེ་བྱད་ལྡན་པར་གནས།། རྒྱུན་གྱིས་རྟག་པ་བསོད་ནམས་སྐུ།། ཡེ་ཤེས་རྣམས་དང་ཡང་དག་ལྡན།། མགོན་པོ་བདག་ཉིད་ཆེན་པོས་ནི།། རྡོ་རྗེ་འཁོར་ལོ་བསྐོར་བ་ན། ། ལྗགས་ཀྱི་དབང་པོ་བཀྲམ་ནས་ནི།། ཆོས་ཀྱི་འཁོར་ལོ་སྐོར་བར་བྱེད།། རིག་པའི་སྐྱེས་བུ་ཆེན་པོ་ལས།། སྨོན་ལམ་ལས་ནི་རྟེན་འབྲེལ་བས།། འཇིག་རྟེན་ཁམས་ནི་ཐམས་ཅད་དུ། ། སྤྲུལ་པའི་སྐུ་ནི་སྣང་བར་བྱེད།། ཡེ་ཤེས་རྣམས་དང་ཡང་དག་ལྡན།། མི་རྟག་དེ་ཉིད་འདུས་བྱས་པས།། བལྟམས་ནས་མྱ་ངན་འདའ་བར་སྟོན།། ལོག་པར་རྟོག་པ་ཐམས་ཅད་ལ།། ཐུགས་རྗེའི་ཞིང་དུ་འབྲེལ་པས་ན། ། སྐུ་གསུང་ཐུགས་ཀྱི་རིམ་པ་ཡིས།། འགྲོ་བའི་རྒྱུད་རྣམས་སྨིན་པར་མཛད།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་བཞིན་ནམ་མཁའ་ཆེ་རྒྱས་པའི་རྒྱུད་ལས། འབྲས་བུའི་བདག་ཉིད་སྐུ་དང་ཡེ་ཤེས་བསྟན་པའི་ལེའུ་སྟེ་བཞི་པའོ། །།། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས། བསྒྲུབ་པར་བྱ་བའི་དོན་གྱི་ཐབས་སྐུ་དང་གསུང་དང་ཐུགས་ཀྱི་དཀྱིལ་འཁོར་འདི་རྣམས་གསུངས་སོ། ། ཆོས་རྣམས་ཀུན་གྱི་དེ་བཞིན་ཉིད།། ཕོ་མོ་མ་ཡིན་མ་ནིང་མིན།། མཚན་མེད་མ་ཡིན་རིགས་རྒྱུད་མིན། ཁ་དོག་མ་ཡིན་དབྱིབས་མ་ཡིན།། སྐུ་གསུང་ཐུགས་ཀྱི་རྒྱུ་ཡིན་ཏེ།། མེད་པ་མ་ཡིན་མེད་པ་ཡི། ། འབྲས་བུ་འབྱུང་བས་སྙིང་པོ་ཡོད།། ཀུན་ལ་ཁྱབ་པའི་དབྱིངས་ཉིད་ལས།། དཀྱིལ་འཁོར་སྣ་ཚོགས་བརྗོད་མི་ལང།། ཆོས་དང་ལོངས་སྤྱོད་རྫོགས་སྐུ་དང།། བསམ་ཡས་སྤྲུལ་སྐུ་སྣ་ཚོགས་པའི།། རྣམ་པར་འཕྲོ་བའང་སྤྲོས་པ་མེད། ། རྣམ་དག་སྐུ་སྟོན་མ་ཡིན་ཏེ།། སྲིད་གསུམ་འགྲོ་བ་ཐམས་ཅད་ལ།། ཇི་ལྟར་འདུལ་བའི་སྐུ་ཡང་སྟོན།། སྟོང་ཉིད་དབྱིངས་ལས་གཡོས་པ་མེད།། ཅེས་བརྗོད་པས། སྐུའི་དཀྱིལ་འཁོར་ཐམས་ཅད་ཡང་མི་སྣང་བར་གྱུར་ཏེ། དེ་ནས་ཡང་གསུང་གི་དཀྱིལ་འཁོར་འདི་དག་གསུངས་སོ།། བརྗོད་དུ་མེད་པའི་བདག་ཉིད་ལས།། འདུལ་བའི་དབང་གི་ཇི་སྙེད་པ།། རྟོག་འདུལ་སྒྲ་སྐད་དེ་སྙེད་འཕྲོ། ། ཐེག་གཅིག་ཐིག་གཉིས་ཐེག་དང་གསུམ།། ཐེག་པ་ལྔ་དང་བསམ་མི་ཁྱབ།། ཐེག་པ་མཐའ་དག་ངས་བསྟན་ཏེ།། དབུས་མཐའ་རྣམ་པར་བཀག་པའོ།། གསུང་གཅིག་དཀྱིལ་འཁོར་ཡང་དག་ནི། ། བསམ་གྱིས་མི་ཁྱབ་ཀུན་ཏུ་འཕྲོ།། ཐམས་ཅད་གསུང་གི་དཀྱིལ་འཁོར་མཆོག། བརྒྱད་ཁྲི་བཞི་སྟོང་མཐའ་ཡས་པ།། གསང་བའི་དབྱིངས་སུ་ཐིམ་མཛད་དོ།། ཞེས་བརྗོད་པས། གསུང་གི་དཀྱིལ་འཁོར་དེ་དག་ཐམས་ཅད། ཆོས་ཀྱི་དབྱིངས་སུ་ཐིམ་ནས་མི་གསལ་བར་གྱུར་ཏོ།། དེ་ནས་ཐུགས་ཀྱི་དཀྱིལ་འཁོར་ཆེན་པོ་འདི་གསུངས་སོ།། དེ་བཞིན་ཉིད་ཀྱི་ཕྱག་རྒྱ་ལས།། ཕྱག་རྒྱ་ཆེན་པོ་རྣམ་འཕྲོས་ཏེ།། དེ་བཞིན་རིགས་དང་རྡོ་རྗེའི་རིགས། ། རིན་ཆེན་རིགས་ལ་སོགས་པ་ཡི།། ཕྱག་རྒྱ་ཆེན་པོ་འོད་དུ་འབར།། ཨུ་དུམ་བཱ་རའི་མེ་ཏོག་བཞིན།། བརྒྱ་ལམ་ན་ནི་རེ་འགའ་འོ།། སྒྱུ་མའི་དཀྱིལ་འཁོར་ཐམས་ཅད་ཀྱང།། རང་སྣང་བ་ཡི་རིག་པ་སྟེ། ། གཞན་ན་ཡོད་པ་མ་ཡིན་ནོ།། ཞེས་བརྗོད་པས། ཐུགས་ཀྱི་དཀྱིལ་འཁོར་ཐམས་ཅད་མི་དམིགས་པར་གྱུར་ཏོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་བཞིན་ནམ་མཁའ་ཆེ་རྒྱས་པ་ཞེས་བྱ་བའི་རྒྱུད་ལས། སྐུ་དང། གསུང་དང། ཐུགས་ཀྱི་དཀྱིལ་འཁོར་མི་རྟོག་པར་བསྟན་པའི་ལེའུ་སྟེ་ལྔ་པའོ།།།། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་བཙུན་མོའི་ཚོགས་དང་བཅས་པས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་ལ་ལན་གསུམ་དུ་བསྐོར་བ་བྱས་ཏེ། ཕྱག་བཙལ་ནས། འདུན་པས་མགྲིན་གཅིག་ཏུ། འདི་སྐད་ཅེས་གསོལ་ཏོ།། སྐུ་གསུང་ཐུགས་ཀྱི་བདག་པོ་མཆོག། མ་འོངས་རྣམས་ཀྱི་དོན་སླད་དུ། ། ཐབས་ཀྱི་མཆོག་ཏུ་གང་གྱུར་པ།། གཟུ་བོ་ཆེན་པོས་བཤད་དུ་གསོལ།། དེ་ནས་བཅོམ་ལྡན་འདས་དགྱེས་པ་ཆེན་པོས་ཞལ་འཛུམ་པ་མཛད་དེ། ཤིན་ཏུ་སྦྱོར་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ལ་གསང་བ་དམ་པ་འདི་ལྟ་བུ་གསུངས་སོ།། གང་ཞིག་བསྒྲུབ་པར་འདོད་པ་ནི།། ཐོས་བསམ་བསྒོམ་ལ་རབ་གནས་ཤིང།། ཤེས་རབ་ཅན་དུ་གང་གྱུར་པ།། སྙིང་རྗེའི་མཐུ་ལས་བྱུང་བ་ལ། ། བྱང་ཆུབ་སེམས་དང་ཡང་དག་ལྡན།། གཏོང་དང་ཚུལ་ཁྲིམས་ལ་སོགས་པ།། སྤྱོད་པ་རྒྱ་མཚོའི་གཞིར་གྱུར་ཏེ།། དབང་སྐུར་ཆོ་ག་ཕུན་སུམ་ལྡན།། རྣལ་འབྱོར་རྒྱུད་ནི་ཐམས་ཅད་ལས།། ཐབས་ཀྱི་རིམ་པར་གང་གྱུར་པ། ། རིན་ཆེན་རིགས་སུ་གང་ལྡན་པས།། བླ་མའི་ཁ་ནས་རྟོགས་པར་བྱ།། ཡང་དག་བསྒྲུབ་པར་འདོད་པ་ལ།། ཇི་སྐད་གསུངས་པའི་ཡོན་ཏན་ལྡན།། མང་དུ་ཐོས་ཤིང་ཤེས་རབ་ལྡན།། འཁོར་གྱི་འཇིགས་བྲལ་སྐྱོ་བ་མེད། ། སེང་གེ་ཐུགས་རྗེ་རབ་ལྡན་པས།། དམ་པའི་དོན་ཉིད་མ་ནོར་བསླབ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི།། ཐེག་པའི་མཆོག་སྟེ་བླ་ན་མེད།། མཆོག་ཏུ་གྱུར་པ་བསྒྲུབ་པར་བྱ། ། ཡང་དག་མཐོང་བས་རྟོགས་འགྱུར་ན།། རང་བཞིན་མེད་པར་ཅིར་ཡང་སྣང།། རང་བཞིན་མེད་པའི་དོན་དེ་ནི།། བླུན་པོ་རྟོག་གེའི་སྤྱོད་ཡུལ་མིན།། རང་བཞིན་རང་བཞིན་མ་མཐོང་ན།། སྒྲིབ་པ་ཀུན་ལས་ངེས་གྲོལ་ཏེ། ། ཏིང་ངེ་འཛིན་གྱི་བདེ་བ་ལས།། རང་བྱུང་ཀུན་ངམ་ལྷུན་གྱིས་གྲུབ།། དངོས་པོའི་དབང་གིས་འདི་ཞེས་ནི།། རྡོ་རྗེ་སེམས་པས་མ་གསུངས་ཏེ།། སེམས་ཅན་བསམ་པའི་དབང་གིས་ན།། གསང་བ་རྣམ་པ་དུ་མ་གསུངས། ། གསང་བ་དབྱིངས་ཀྱི་དབུས་དག་ཏུ།། ཉི་ཟླ་པདྨར་བཅས་པའི་གདན། བསྐྱེད་དང་རྫོགས་པ་གང་ལྡན་པས།། དཀྱིལ་འཁོར་ཐམས་ཅད་བསྒོམ་པར་བྱ།། མཚོན་ཆ་རྣམས་ཀྱིས་དྲངས་ནས་ནི། ། ས་ཆུང་འཁྲིལ་བའི་བདེ་བར་གནས།། རིམ་པ་རིམ་པ་མ་ཡིན་པའི།། རིན་ཆེན་སྟེང་དང་འོག་གི་སྒོ།། རབ་ཏུ་བརྟན་པའི་ཨ་དཀར་ཏེ།། ཏིལ་འབྲུ་ཙམ་དུ་བསྒོམ་པར་བྱ།། ཡང་དུ་ཉུང་དཀར་ཚད་དུ་སྟེ།། མཁས་པས་ཆོ་ག་ཇི་བཞིན་བསྒོམ། ། ཡང་དག་ཉིད་དེ་ཡང་དག་བལྟ།། ཡང་དག་མཐོང་ན་རྣམ་པར་གྲོལ།། ཡང་དག་མ་མཐོང་འཇིག་རྟེན་སེམས།། མི་ཤེས་བླུན་པས་བྱིས་པ་འདྲ།། བྱིས་པ་རྣམས་ལ་བརྗོད་པར་བཤད། ། རྣལ་འབྱོར་པ་ལ་གདམས་ངག་གོ། ཤེས་རབ་ཐབས་ལ་བརྟེན་ནས་ནི།། དཀྱིལ་འཁོར་ཐམས་ཅད་འགྲུབ་པ་ཡིན།། གསང་བ་དག་ལ་འཇུག་པ་ན།། འདོད་པའི་དགའ་བ་མ་ཡིན་ཏེ།། ཏིང་ངེ་འཛིན་ལས་སྐྱེས་པ་ཡི། ། དགའ་བ་དང་ནི་བླང་བར་བྱ།། འདི་ནི་དགའ་བ་ཆེན་པོ་སྟེ།། ཡང་དག་བདེ་བ་ཆེན་པོ་ཡིན།། ཆེ་བའི་ཡེ་ཤེས་རྙེད་དཀའ་བ།། ཤེས་རབ་ཐབས་ལ་བརྟེན་ལས་འགྲུབ།། ཤེས་རབ་ཐབས་ཀྱི་ཕྱག་རྒྱ་ལས། ། བདེ་བའི་རོལ་མོ་རྣམ་འཕྲོ་བས།། འོད་ཟེར་ལྕགས་ཀྱུས་དྲངས་པ་རྣམས།། རིམ་པ་རིམ་པ་མ་ཡིན་པས།། སྙིང་གི་པདྨར་ཡང་དག་གཞུག། ཡང་དག་མུཾ་ནི་དྲི་མེད་དཀར།། ཙ་ན་ཀ་ཡི་འབྲུ་ཙམ་ལ།། འོད་ཟེར་སྤྲོ་བསྡུའི་སྦྱོར་བ་ཡིས། ། དབང་པོ་ལ་སོགས་གཡོ་བ་ཀུན།། དྲི་མེད་ཉིད་དུ་ངེས་སྦྱར་ན།། ཐུགས་ཀྱི་ཡེ་ཤེས་ལྔ་བལྟ་ཞིང།། ཡང་དག་དྲི་མ་མེད་མཐོང་ན།། དེ་བཞིན་ཉིད་པས་དེ་བཞིན་གཤེགས།། དེ་བཞིན་གཤེགས་པ་ཐམས་ཅད་ལ། ། དྲི་མེད་འདི་ལས་གཞན་མི་མངའ།། འདས་དང་ད་ལྟར་བྱུང་བ་ཀུན།། འདི་ཡིས་ལྷུན་གྱིས་གྲུབ་པར་འགྱུར།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི།། སྔགས་ཀྱི་སྙིང་པོ་ཀུན་བསྡུས་པ། ། ཨོཾ་ཧཱུ~ཾ་སྭཱ་ཨཾ་ཧཱ་སྟེ།། གནས་ལྔ་དག་ཏུ་རྣམ་བཀོད་ནས།། འོད་ཟེར་ལྕགས་ཀྱུས་དྲངས་ནས་སུ།། ཡེ་ཤེས་རྣམས་ཀྱིས་གཟུགས་སུ་བསྒྱུར།། དཀྱིལ་འཁོར་ལ་ནི་དཀྱིལ་འཁོར་ཐིམ།། ཐམས་ཅད་རྫོགས་པའི་དཀྱིལ་འཁོར་ལ། ། ཏིང་ངེ་འཛིན་གྱི་མཆོད་པ་འབུལ།། མཉེས་ནས་གྲུབ་པའི་ཚུལ་འཆང་བ།། ཡོན་ཏན་མི་ཟད་གཏེར་གྱུར་ཏེ།། ཚེ་རིང་བདེ་བ་ཕུན་སུམ་ཚོགས།། ལོངས་སྤྱོད་འབྱུང་ཞིང་ངན་སོང་སྦྱོང། ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི།། སྐུ་དང་ཡེ་ཤེས་ཐོབ་པར་འགྱུར།། ཤེས་རབ་གསུམ་ལ་སྦྱངས་པ་ཡིས།། ཡེ་ཤེས་མྱུ་གུ་སྐྱེད་པར་བྱེད།། ས་ཐོབ་འཇིགས་པ་ལྔ་དང་བྲལ།། འཁོར་བ་ལས་ནི་མྱ་ངན་འདས། ། སྒྲིབ་པ་མཐའ་དག་གཅོད་བྱེད་པ།། དྲི་མ་མེད་པའི་ཡེ་ཤེས་ཀྱིས།། ད་ལྟ་ཉིད་དུ་སངས་རྒྱས་འགྱུར།། ཡེ་ནས་གནས་པའི་དེ་བཞིན་ནི།། རྒྱལ་བས་མཛད་པ་མ་ཡིན་ལ།། འགྲོ་བས་བྱས་པ་མ་ཡིན་ཏེ།། ཡེ་ནས་སངས་རྒྱས་ཆེན་པོའོ། ། དེ་བཞིན་ཉིད་དེ་འདུས་མ་བྱས།། རང་བྱུང་ཡིན་ཏེ་ཀུན་ངོ་བོ།། མེད་པ་མ་ཡིན་མེད་པ་ཡོད།། ཡོད་པ་མིན་ཏེ་དངོས་ཡོད་མིན།། བྱ་མེད་བྱ་དང་རྣམ་པར་བྲལ།། ལྷུན་གྲུབ་བདེ་བའི་ངང་དུ་གནས། ། དེ་བཞིན་པ་ཞེས་མི་རྟོག་ཀྱང།། གཞག་ཏུ་མེད་པའི་ངང་ལ་བཞག། དེ་ཡང་རྣལ་འབྱོར་རྒྱུད་རྣམས་དང།། བླ་མའི་ཁ་ནས་ཤེས་པར་བྱ།། བླ་མ་སངས་རྒྱས་ཀུན་དང་མཉམ།། དམ་པ་འདི་ཉིད་གང་བསྒྲུབ་པས། ། བླ་མ་མཉེས་ན་གྲུབ་པའི་མཆོག། ཐོག་མར་བླ་མ་མཉེས་བྱས་ཏེ།། དབང་བསྐུར་བ་ཡང་ཐོབ་བྱས་ཏེ།། སྐུ་གསུང་ཐུགས་ཀྱི་གསང་བ་རྣམས།། ལྡན་པར་བྱས་ཏེ་སྔགས་བསྒྲུབ་པའོ།། ཤིན་ཏུ་དབེན་པའི་རི་དགོན་དང། ། རྣམ་པའི་མཆོག་རྣམས་ལྡན་པ་དང།། རྣམ་པ་སྣ་ཚོགས་ཆུ་ཀླུང་དང།། སྒྲ་ཡི་ཚེར་མ་མེད་པ་ཡི།། ཉམས་དགའི་གནས་སུ་བསམ་གཏན་བྱ།། ཤིན་ཏུ་སྦྱངས་ཤིང་གོམས་འགྱུར་བས།། བདེ་ཆེན་ཉིན་མཚན་དགུ་ཡིས་ནི། ། བྱང་ཆུབ་ཐོབ་པར་གདོན་མི་ཟ།། ཀུན་ཏུ་འོད་ཀྱི་ས་ལ་གནས།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་བཞིན་ནམ་མཁའ་ཆེ་རྒྱས་པ་ཆེན་པོའི་རྒྱུད་ལས། དེ་བཞིན་གཤེགས་པ་ཐམས་ཅད་རང་བཞིན་ཕྲ་མོའི་རྣལ་འབྱོར་བསྟན་པའི་ལེའུ་སྟེ་དྲུག་པའོ། །།། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་དེ་ཡང། ཤིན་ཏུ་སྦྱོར་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། སྒྲུབ་པའི་ཐབས་ཐིག་ལེའི་རྣལ་འབྱོར་དུ་བྱ་བ་འདི་གསུངས་སོ།། རི་རྩེ་ཉམས་ནི་དགའ་བ་དང།། ཤིན་ཏུ་གསང་བའི་བྲག་ཕུག་ཏུ།། བདེ་བའི་སྟན་ལ་འདུག་ནས་སུ།། གསང་བ་དམ་པ་འདི་བསྒོམ་མོ།། གསང་བ་དབྱིངས་ཀྱི་དབུས་དག་ཏུ། ། གཞལ་ཡས་བརྩེགས་པ་བསྒོམས་ནས་ནི།། རང་གི་དཀྱིལ་འཁོར་བསྒོམ་པར་བྱ།། ཡན་ལག་བཞི་དང་རབ་ལྡན་ཞིང།། དཀྱིལ་འཁོར་བཞི་ནི་བསྐྱེད་བྱ་སྟེ།། ཙཀྲ་བཞི་དང་གང་སྦྱོར་བས། ། ཕྱག་རྒྱ་བཞི་པོ་རྣམ་པར་བསྒོམ།། དེ་ཉིད་གསུམ་དང་རབ་ལྡན་ཏེ།། ཤེས་རབ་མ་ཡི་རྗེས་འབྲངས་ནས།། སྦྱོར་བའི་ཆོ་ག་མཁས་པར་བསླབ།། སྦྱོར་བའི་ཆོ་ག་ལས་བྱུང་བའི།། ཡང་དག་དྲི་མེད་དབུས་སུ་བལྟ། ། ཤིན་ཏུ་ཕྲ་བའི་དམ་ཚིག་སྟེ།། མི་གསལ་གསལ་བའི་བདག་ཉིད་ཅན།། དཀྱིལ་འཁོར་ཀུན་གྱི་བདག་ཉིད་ཡིན།། ཡོན་ཏན་ཀུན་གྱི་གཏེར་འགྱུར་ཏེ།། མཆོག་ཏུ་གྱུར་པ་འགྲུབ་པར་བྱེད། ། གསང་བ་དབྱིངས་ཀྱི་དབུས་དག་ཏུ།། བསྐྱེད་པའམ་རྫོགས་པར་གང་འདོད་པས།། རང་གི་དཀྱིལ་འཁོར་རྣམ་བསྒོམས་ཏེ།། ཐུགས་ཀའི་གསུང་གི་ཕྱག་རྒྱ་ལས།། རྡོ་རྗེ་ཁྲོ་བ་མང་འཕྲོས་ཏེ།། ཡེ་ཤེས་འཁོར་ལོ་རབ་བསྐུལ་ནས། ། མཆོད་རྟེན་རྩེ་མོར་གསུང་དུ་གྱུར།། རྡོ་རྗེའི་ལམ་བྱུང་ཡུམ་གྱི་མཁར།། ཆོས་སྐུ་བྱང་ཆུབ་སེམས་སུ་གནས།། དེ་ཉིད་བཟུང་བས་བཟུང་བ་ནི།། རིན་ཆེན་འཛིན་པ་ཞེས་བྱའོ།། གཟུང་བ་རྡོ་རྗེ་འཛིན་པ་སྟེ། ། དེ་ལ་རྟོག་དང་དཔྱོད་པ་དང།། དགའ་དང་དེ་བཞིན་བདེ་བ་དང།། རྩེ་གཅིག་པ་ནི་རྣམ་ལྡན་པའོ།། རིན་ཆེན་རྒྱུན་གྱི་ཤེས་པ་ནི།། མི་རྟོག་པ་ཡི་ཤེས་རབ་སྟེ།། མོས་ལས་བྱུང་བའི་མི་དམིགས་པའོ། ། ཤེས་རབ་དབང་དང་རྣམ་ལྡན་པས།། ཤེས་རབ་གྱུར་པ་ཡེ་ཤེས་སོ།། དོན་དམ་མཐོང་བར་འདོད་པ་ནི།། འདི་མ་མཐོང་བར་དེ་མི་མཐོང།། འདི་ཡིས་ཡེ་ཤེས་བསྐྱེད་པ་སྟེ།། དེ་ཡིས་དོན་དམ་རྣམ་པར་མཐོང། ། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས་དེ་བཞིན་གཤེགས་པ་ཐམས་ཅད་ལ་ཡང་ཐབས་ཟབ་མོ་འདི་ལྟ་བུ་གསུངས་སོ།། ནམ་མཁའི་དབྱིངས་ནས་འབྱུང་བ་ཡི།། རིན་ཆེན་ཁ་དོག་སྣ་ལྔ་པ། ། ཡུངས་ཀར་ཕྲ་མོའི་འབྲུ་ཙམ་སྟེ།། ཕྱི་ནང་གསུམ་གྱི་སྣ་རྩེར་ནི།། རྣལ་འབྱོར་ཅན་གྱིས་རྟག་ཏུ་བསྒོམ།། རང་སྣང་བ་ཡི་ཏིང་འཛིན་ཏེ།། གཟུགས་བརྙན་སྒྱུ་མ་སྒྲ་བརྙན་དང།། སྨིག་རྒྱུ་ལ་སོགས་རྣམ་པ་ཅན། ། སྣང་དང་མི་སྣང་དབྱེར་མེད་དེ།། ཡོད་དང་མེད་པའང་དབྱེར་མེད་པའོ།། སྣང་དུ་འདྲ་ཡང་ཐ་དད་དོ།། དོན་དང་རྟགས་ལ་སོགས་པ་རྣམས།། སྣང་བ་ཐ་དད་གཉིས་སུ་སྣང།། ཡང་དག་ཡང་དག་མ་ཡིན་པས། ། བསམ་པའི་དབང་གིས་དེར་འགྱུར་ཏོ།། དེ་ནི་དེ་བཞིན་གཤེགས་པ་ཡི།། བརྡའ་ཞེས་རྣམ་པར་བསྟན་པ་ཡིན།། གང་ཞིག་རྩེ་གཅིག་མ་གྱུར་པས།། མཐའ་རུ་མ་སྐྱེས་ཏིང་འཛིན་བསྒོམ།། དངོས་པོ་འདི་རྣམས་མ་སྐྱེས་པས། ། ཆོས་དང་ཆོས་ཉིད་མེད་པ་སྟེ།། ནམ་མཁའ་ལྟ་བུར་བདག་མེད་པས།། ཡེ་ནས་སྟོང་པའི་རང་བཞིན་ནོ།། སྟོང་པའི་རང་བཞིན་མཚན་མ་མེད།། དེ་བས་སྨོན་པ་དེས་བྲལ་ལོ།། རྣམ་པར་ཐར་པ་གསུམ་དང་ལྡན། ། ཆགས་མེད་བཞི་ཡི་ལམ་གནས་འཇུག། སྟོང་པ་ཉིད་དུ་རྣམ་རིག་ནས།། རང་བྱུང་ཡེ་ཤེས་ངང་གིས་འཆར།། འབྲས་བུ་ཀུན་ཏུ་འོད་ས་ཐོབ།། ཡོན་ཏན་ནམ་མཁའི་མཐའ་དང་མཉམ། ། ཆེ་བས་ཆེ་བའི་ཟབ་མོ་ལ།། ཡོན་ཏན་ཅིར་ཡང་བསྔག་པ་མེད།། ཡོན་ཏན་ཆེན་པོའི་བསམ་གཏན་ནི།། བསམ་གཏན་ཉིད་པས་བསམ་དུ་མེད།། མ་བསམས་མ་སྦྱངས་ཆོས་ཉིད་ལས།། རང་དོན་ཆེན་པོ་ནམ་མཁའ་འབྱུང། ། ཀུན་ཏུ་འོད་ཀྱི་ས་ཐོབ་ནས།། ཞིང་ཁམས་བརྒྱ་དང་བྲལ་བ་ཡི།། དཀྱིལ་འཁོར་ཐམས་ཅད་འབར་བར་སྣང།། དཀྱིལ་འཁོར་དེ་དག་ཐམས་ཅད་ཀྱང།། རེག་ཅིང་གཟུང་དུ་མེད་པ་ལ། ། འཇའ་ཚོན་ལྟ་བུར་ཀུན་ཏུ་སྣང།། སྣ་ཚོགས་ཡོན་ཏན་བརྗོད་མི་ལང།། མི་ཟད་རྒྱན་གྱི་འཁོར་ལོ་ཡིན།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་བཞིན་ནམ་མཁའ་ཆེ་རྒྱས་པའི་རྒྱུད་ལས། ཐིག་ལེའི་རྣལ་འབྱོར་བསྟན་པའི་ལེའུ་སྟེ་བདུན་པའོ། །།། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས་ཤིན་ཏུ་རྣལ་འབྱོར་འདི་ལྟ་བུ་གསུངས་སོ།། ཡེ་ཤེས་རྣམ་པར་གྲོལ་བའི་ལམ།། ལྷུན་གྱིས་གནས་པའི་བདེ་ཆེན་ཏེ། ། དགེ་དང་སྡིག་ལས་རྣམ་པར་གྲོལ།། སངས་རྒྱས་བྱང་ཆུབ་སྙིང་པོ་འདི།། ལྷག་མ་མེད་པས་ཡོངས་སུ་རྫོགས།། འགྱུར་བ་མི་ཡིན་དྲང་པོར་གནས།། དཔག་ཅིང་མཚོན་དུ་མེད་པའི་ཕྱིར། ། བྱང་ཆུབ་ཉིད་ལ་བྱང་ཆུབ་མེད།། གང་ལ་བསོད་ནམས་སྡིག་མེད་ན།། དེ་ལ་བྱང་ཆུབ་རབ་ཏུ་གསུངས།། ཨེ་མ་ཧོ་ཤིན་ཏུ་ངོ་མཚར་ཆེ།། གཟུགས་མེད་གཟུགས་སྐུ་འབྱུང་བ་རྨད།། འདི་མ་མཐོང་བར་གཞན་མི་མཐོང། ། སྙིང་པོ་འདི་ལ་མ་ལུས་རྫོགས།། དེ་ཕྱིར་རྫོགས་ཆེན་ཞེས་བྱ་སྟེ།། རང་བྱུང་ཡེ་ཤེས་བཙལ་མེད་པས།། གྲོལ་ནས་གྲོལ་པའི་ལམ་ཡང་སྟོན།། ཉོན་མོངས་པ་འདི་བྱང་ཆུབ་ལམ།། ཅིར་ཡང་མི་དམིགས་གཏི་མུག་སྟེ། ། མ་རིག་པ་ཉིད་ཡེ་ཤེས་གསལ།། རིག་པའི་ཡེ་ཤེས་གང་ལྡན་པས།། ཡི་གེ་མེད་པའི་དོན་ལ་བལྟ།། སྣང་མེད་དོན་ལ་དཔག་མི་ལང།། སྣང་མེད་སྙིང་པོ་མཆོག་གི་སྐུ།། འབྲས་བུ་ཀུན་གྱི་ལམ་གྱུར་པ། ། སྟོན་པ་རྡོ་རྗེ་ཀུན་གྱི་ཐུགས།། མཚོན་དུ་མེད་པས་རྒྱལ་བའི་ལམ།། བྱར་མེད་སྒྲོས་སྤངས་ཐིག་ལེ་ལ།། མི་རྟོག་བཏང་སྙོམས་གཞག་པར་གཞག། སྣང་བ་མེད་པའི་ཆོས་ཉིད་ལ།། མ་བཙལ་བཞག་ན་བསྒོམ་པ་ཡིན། ། གཞན་ལ་བསྟན་དུ་མེད་པའི་ཕྱིར།། རང་རིག་རང་བྱུང་རང་ཞིར་བཞག། མི་ཆགས་མི་རྟོག་མི་གནས་པས།། ཏིང་འཛིན་རོ་ལ་ཆགས་མི་བྱ།། དངོས་མེད་མིང་ཡང་མེད་པས་ན།། ཡི་གེས་བསྟན་ཅིག་མཚོན་དུ་མེད། ། སྟོང་ཉིད་བསྒོམ་མེད་ཞི་གནས་ལ།། འདུ་ཤེས་མེད་པས་མཉམ་གཞག་པ།། ཞི་གནས་ལྷག་མཐོང་འབྲེལ་པའོ།། མོས་པས་སྤྱོད་པའི་ས་ལ་གནས།། མི་རྟོག་པ་ཡི་ཤེས་རབ་སྟེ།། བསླབ་པ་གསུམ་དང་རྣམ་ལྡན་པའོ། ། ཟག་པ་མེད་པའི་ཕུང་པོར་ལྡན།། ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ནི།། མཚོན་ཅིང་དཔག་ཏུ་དཀའ་བ་སྟེ།། གསང་བ་དམ་པ་འདི་ལྟ་བུས།། མཉམ་པར་བཞག་སྟེ་བསྒྲུབ་པར་བྱ།། རང་བཞིན་ཉིད་ནི་ནམ་མཁའ་སྟེ། ། ཀུན་གྱི་རྗེས་སུ་སོང་བའོ།། དེ་ནི་རྡོ་རྗེའི་སྐུ་མཆོག་སྟེ།། སེམས་དཔའ་ཉིད་ཀྱང་ནམ་མཁའ་འོ།། ནམ་མཁའ་ནམ་མཁའ་ལས་བྱུང་བ།། ནམ་མཁའི་རྟོག་པ་སྐྱེ་མེད་ཅིང།། ནམ་མཁའ་ལ་ནི་ནམ་མཁའ་བསྒོམ། ། སྤྱི་དང་འཇིག་རྟེན་ནམ་མཁའ་དང།། ནང་དང་ཕྱི་ཡི་ནམ་མཁའ་དང།། ལུས་དང་ཤེས་པའི་ནམ་མཁའ་འོ།། ནམ་མཁའ་ཉིད་ལ་ནམ་མཁའ་བསྒོམ།། འབྲས་བུ་ནམ་མཁའ་ཆེན་པོ་འབྱུང། ། རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ།། ཀུན་བཟང་ཡངས་པ་ཆོས་ཀྱི་དབྱིངས།། རྣམ་དག་ལམ་ཆེན་ཀུན་སྒྲོལ་ཕྱིར།། མི་སྐྱེ་མི་འགག་ཅིར་མི་དགོངས།། དེ་བཞིན་གཤེགས་པ་ཐམས་ཅད་ལ།། དམ་པ་འདི་ལས་གཞན་མི་མངའ། ། འདས་དང་ད་ལྟར་འབྱུང་བ་ཀུན།། འདི་ཉིད་མཉེས་ནས་ལྷུན་གྱིས་གྲུབ།། ཐབས་དང་རྣམ་པར་བྲལ་བ་ནི།། ནན་གྱི་མཁའ་ལ་མདུད་པ་འདོར།། ཞེས་བརྗོད་དོ།། དེ་ནས་ཡང་བཅོམ་ལྡན་འདས་དགྱེས་པ་ཆེན་པོ་དེ། མི་རྟོག་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། ཡང་ཐབས་ཟབ་མོ་འདི་ལྟ་བུ་གསུངས་སོ།། དངོས་པོ་མེད་པར་བསྒོམ་བྱ་བ།། དེ་བཞིན་གཤེགས་པ་ཀུན་གྱི་ཐུགས།། ངོ་བོ་སེམས་ཀྱི་རང་བཞིན་ཏེ། ། དངོས་པོ་གང་ཡང་ཡོད་མ་ཡིན།། སེམས་དང་སེམས་ལས་བྱུང་བ་རྣམས།། ནམ་མཁའ་ཉིད་དེ་རང་བཞིན་མེད།། ཀུན་ལ་ཁྱབ་པས་ཀུན་དུ་འོད།། སེམས་ལ་སེམས་ཀྱིས་ཡོངས་སུ་བསྒོམ། ། བལྟས་པས་མཐོང་བ་མེད་པ་ནི།། དེ་ཉིད་མཐོང་བ་ཆེན་པོ་སྟེ།། ཤེས་བྱེད་དམ་པར་གྱུར་པའོ།། སེམས་ཉིད་རྫོགས་པའི་སངས་རྒྱས་ཏེ།། སངས་རྒྱས་གཞན་དུ་མ་ཚོལ་ཅིག། སངས་རྒྱས་གཞན་ནས་ཚོལ་བ་ནི། ། མར་འདོད་ཆུ་ཉིད་བསྲུབས་པ་འདྲ།། དེ་བཞིན་གཤེགས་པ་ཐམས་ཅད་ལ།། གསང་བ་དམ་པ་འདི་མེད་པས།། གང་ཞིག་ལམ་གཞན་འཇུག་པ་དེ།། བསྐལ་པ་དག་ནི་སྟོང་དུ་ཡང།། སྔགས་ཀྱི་འབྲས་བུ་མི་འཐོབ་བོ། ། དབང་དང་དམ་ཚིག་ལྡན་པ་ལ།། ཐབས་མཁས་སྙིང་རྗེར་རབ་ལྡན་པས།། ཡིད་གཉིས་ཐེ་ཚོམ་མེད་པ་ན།། ངེས་པར་ལེགས་པའི་དགོངས་པ་འགྲུབ།། འདི་ལ་མི་བྱ་ཅི་ཡང་མེད།། མི་བཟའ་བ་ནི་ཡོངས་མེད་དེ། ། སྨྲ་བར་མི་བྱ་ཅུང་ཟད་མེད།། བདུད་རྩི་ལྔ་དང་ཤ་ལྔ་དང།། བཟའ་བཏུང་ཐམས་ཅད་རིས་མེད་བྱ།། དབང་པོ་གཡོ་བ་ནང་དུ་སྦྱར།། མཉམ་པར་བཞག་པས་བཏུལ་ནས་སུ།། ལུས་སེམས་ཁོག་སློད་གྱི་ནར་བཞག། ལུས་སེམས་ཚད་མར་གང་འཇོག་པ།། དེ་ལ་འཛིན་པའི་ཕུར་པ་དམ།། དངོས་གྲུབ་མཆོག་ཏུ་གྱུར་པའོ།། དེ་ནས་བཅོམ་ལྡན་དགྱེས་པ་ཆེན་པོའི་དེས། ཉིད་ལ་ཉིད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ། ། དངོས་པོའི་རང་བཞིན་སྐྱེ་མེད་ཅིང།། སྟོང་པ་ཉིད་ཀྱི་རང་བཞིན་ལས།། གཞི་རྩ་མེད་དབྱིངས་སྐད་ཅིག་མ།། འཁོར་བ་ལ་སོགས་འབྲས་བུ་རྣམས།། སྐད་ཅིག་མས་ནི་བྱེད་འགྱུར་ཏེ།། རྟེན་ཅིང་འབྲེལ་བར་འབྱུང་བའོ། ། སྐད་ཅིག་རྒྱུ་འབྲས་མེད་པར་དབྱིངས།། དེར་མྱོས་རྒྱུན་དེ་འཆད་མི་བྱ།། བབས་ན་དེ་བཞིན་ཉིད་མིན་གཞག། གལ་ཏེ་དེ་བཞིན་དེ་ལ་སྒྲིབ།། དེ་ཡི་སྙིང་པོ་དེ་བས་ན།། དེ་ལས་དེ་འབྱུང་ངོ་མཚར་ཆེ། ། འཁོར་བ་དང་ནི་མྱ་ངན་འདས།། སྐད་ཅིག་མ་ལ་བརྟེན་འགྱུར་ཏེ།། ནུས་པ་བསྐྱེད་པ་གདོན་མི་ཟ།། རྟོག་པའི་རྒྱུ་ནི་ཇི་སྙེད་པས།། སྐད་ཅིག་མས་ནི་བྱེད་འགྱུར་ཏེ།། རྒྱུ་འབྲས་རྣམ་པར་ཞི་བ་ནི། ། ངེས་སྒོམ་ཡིན་ཏེ་མཆོག་གི་ས།། སྔ་མའི་རྒྱུན་ནི་འགག་པ་ལས།། ཕྱི་མའི་སྟོབས་ནི་ཆུང་བྱེད་པ།། སྐད་ཅིག་མ་ལ་བརྟག་པར་བྱ།། འདི་ནི་རྒྱལ་བ་ཐམས་ཅད་ཀྱི།། ཐབས་ཀྱི་མཆོག་ཏུ་གསུངས་པ་དེ།། བསྒོམ་ལམ་བྱུང་བའི་ཤེས་པར་ལྡན། ། རྣལ་འབྱོར་ཅན་གྱིས་རྟག་ཏུ་བསྒོམ།། དེ་དང་དེ་ཡི་ཁྱད་པར་ལས།། ནམ་མཁའི་དངོས་གྲུབ་ཆེན་པོ་འཐོབ།། སྐུ་དང་གསུང་དང་ཐུགས་ཀྱི་མཆོག། ཡོན་ཏན་མི་ཟད་ཐོབ་པར་བྱེད། ། དེ་ཉིད་སངས་རྒྱས་ཀུན་དང་མཉམ།། སངས་རྒྱས་བྱང་ཆུབ་སེམས་དཔའ་ཡིས།། སྲས་དང་སྤུན་དུ་དགོངས་པ་འགྱུར།། ཞིང་ཁམས་དཀྱིལ་འཁོར་ཐམས་ཅད་ཀྱི།། ཟད་མི་ཤེས་པའི་གཏེར་དུ་འགྱུར།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་བཞིན་ནམ་མཁའ་ཆེ་རྒྱས་པའི་རྒྱུད་ལས། ཤིན་ཏུ་རྣལ་འབྱོར་གྱི་ལེའུ་སྟེ་བརྒྱད་པའོ།།།། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་དགྱེས་པ་ཆེན་པོ་དེ། སེང་གེ་རྣམ་པར་བསྒྱིངས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། ཤིན་ཏུ་རྣལ་འབྱོར་གྱི་ཐབས་འདི་གསུངས་སོ།། དངོས་པོ་མེད་པ་དངོས་པོར་གྲགས།། དངོས་རྣམས་ཉིད་ན་དངོས་མེད་པའོ། ། ཨེ་མ་ཧོ་ཀུན་ཏུ་བཟང་པོ་ཡི།། རྡོ་རྗེ་སྐུ་དང་གསུང་དང་ཐུགས།། སྐྱེ་བ་མེད་པའི་ཚུལ་གྱིས་སུ།། སྐྱེ་བ་འདི་ནི་རབ་ཏུ་བསྒྲགས།། ཨཱ+ོཾ་མ་ཧཱ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོུ྅་ཧཾ། ཕུང་པོ་ཁམས་དང་སྐྱེ་མཆེད་དང། ། གང་ཞིག་གཡོ་དང་མི་གཡོ་བ།། དཀྱིལ་འཁོར་ཀུན་ཏུ་བཟང་པོའི་ཞིང།། མི་ཟད་རྒྱན་གྱི་འཁོར་ལོ་ལྡན།། ཟད་པར་བྱ་བའི་དོན་དུ་ནི།། གསང་སྔགས་འདི་ནི་བརྗོད་པར་བྱ།། ཨཱ+ོཾ་དྷརྨ་དྷཱ་ཏུ་སྭ་བྷཱ་ཝ་ཨཱཏྨ་ཀོུ྅་ཧཾ། ། གྲུ་བཞི་པ་ལ་སྒོ་བཞི་པ།། ལྟེ་བ་རྩིབས་སུ་བཅས་པ་ལ།། དཀྱིལ་འཁོར་འབར་བ་བསྒོམ་པར་བྱ།། རྒྱན་དུ་དཀྱིལ་འཁོར་མ་ལུས་བསྒོམ།། སྐུ་གསུང་ཐུགས་ལྡན་གཟུགས་ཀྱང་དགོད།། ཡན་ལག་བཞི་དང་རབ་ལྡན་པས། ། གསང་བའི་པདྨར་མེ་ཏོག་བརླན།། བྱང་ཆུབ་སེམས་ནི་འབྱུང་བའི་ཚེ།། མཁས་པས་སྔགས་ནི་ཕཊ་ཅེས་བརྗོད།། ཨཱ+ོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ནཱཾ་ཨཱདྱ་ནུ་ཏྤནྣ་ཏྭ་ད། ཨོཾ་ཨཱཿཧཱུ~ཾ་སྭཱ་ཧཱ། སྔགས་དེ་རྣམས་ནི་གསུངས་མ་ཐག། སྣང་བའི་དངོས་པོ་ཀུན་འགགས་ནས།། ཐ་མར་ཉམས་སུ་མྱོང་བར་བྱེད།། ཆོས་རྣམས་གང་ཡང་མཐོང་བར་བྱེད།། བཙལ་བ་མེད་པར་བྱང་ཆུབ་ཆེ།། དེ་ཉིད་དངོས་གྲུབ་མཆོག་གི་ས། ། ཐམས་ཅད་ལྟ་བས་རྒྱས་བཏབ་ནས།། སྤྱོད་པས་ཅི་ལ་ཆགས་མེད་པའོ།། ལྟ་བ་དང་ནི་སྤྱོད་པ་དང།། གཉིས་སུ་མེད་པར་བྱས་ཏེ་བསྒྲུབ།། ཐམས་ཅད་ཟིལ་གྱིས་གནོན་པ་ཡི།། ངོ་བོ་ཉིད་ཀྱི་རང་བཞིན་གྱིས། ། ཐམས་ཅད་མ་ལུས་ཕྱག་རྒྱས་བཏབ།། ངོ་བོ་ཉིད་ཀྱི་རང་བཞིན་ལ།། དམིགས་སུ་རྡུལ་ཕྲ་མེད་པས་ན།། དེ་དམིགས་ཤེས་པའང་ཡོད་མི་རུང།། རང་བཞིན་རང་བཞིན་མེད་པ་ལ།། རང་བཞིན་མེད་པ་ཡོངས་སུ་བསྒོམ། ། རང་བཞིན་མེད་པའི་རྒྱུ་ཉིད་ལས།། འབྲས་བུ་རང་བཞིན་མེད་པ་འབྱུང།། སྤྲོས་པ་ཉེ་བར་ཞི་བ་དེ།། གསང་བ་དམ་པ་འདི་ཡིས་བསྒྲུབ།། དེ་མ་ཐག་ཏུ་ཡེ་ཤེས་འགྱུར།། དབྱིངས་དང་ཡེ་ཤེས་གཉིས་མེད་ན། ། ཆོས་སྐུ་བདེ་བ་ཆེན་པོར་འགྱུར།། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྱེས་པ་ཆེན་པོ་དེས། དམ་པའི་དོན་བསྒྲུབ་པའི་ཐབས་གསང་བ་ཆེན་པོ་འདི་གསུངས་སོ།། ཀུན་ལ་ཁྱབ་པའི་རང་བཞིན་ནི། ། ཐ་དད་དུ་མ་མེད་པ་སྟེ།། ཅིར་ཡང་དམིགས་སུ་མེད་པའོ།། ཤེས་རབ་ཐབས་ཀྱིས་ཕྱག་རྒྱ་ལྡན།། བདག་གི་དེ་ཉིད་རིམ་གྱིས་ནི།། རླུང་གི་རིམ་པ་ཡང་དག་འཇུག། སྦྱོར་བའི་ཡན་ལག་བཞི་དང་ལྡན། ། མཚམས་ཀྱི་འོད་ཟེར་ལྕགས་ཀྱུ་ཡིས།། རྒྱལ་བའི་ཚོགས་དྲངས་ཀྵུཾ་དུ་གྱུར།། ཆོས་ཀྱི་དབྱིངས་སུ་ཞུ་མཛད་དོ།། ཞུ་བ་མྱོས་ནས་མི་རྟོག་བདེ།། འཁོར་བ་མྱ་ངན་འདས་པ་ཡི།། མཐའ་ནི་གང་ལ་ཡང་མི་གནས་པའོ། ། ཤེས་རབ་ཡེ་ཤེས་དབང་ཆེན་དེ།། ཤེས་རབ་ཅེས་པར་མྱ་ངན་འདས།། ཡེ་ཤེས་ཞེས་པ་འཁོར་བར་གསུངས།། དགའ་དང་གཞན་དགའ་དཔའ་བོའི་དགའ།། དགའ་བ་འདུས་པའི་བདག་ཉིད་ཅན། ། དགའ་བ་ཡང་དག་ལས་བྱུང་བའི།། མི་རྟོག་བདེ་དང་ལྡན་པའོ།། སྟོང་པ་ཤིན་ཏུ་སྟོང་པ་སྟེ།། དངོས་མེད་སྟོང་པ་ཆེན་པོ་ལ།། དངོས་དང་དངོས་མེད་གཉིས་ཀ་མེད།། ཐམས་ཅད་སྟོང་པ་ཞེས་བྱའོ།། སྟོང་པའི་རང་བཞིན་མཚན་མ་མེད། ། དེ་ཡི་ཕྱིར་ན་སྟོང་པ་མིན།། མི་སྟོང་པ་ཡང་མ་ཡིན་ཏེ།། མཐའ་དབུས་གང་ཡང་མ་ཡིན་པའོ།། མཚན་ཉིད་མེད་པའི་ཕྱག་རྒྱ་དང། ལྡན་པས་ཡོན་ཏན་སྐྱེད་པར་བྱེད།། གསང་བའི་པདྨ་ལས་བྱུང་བ། ། མེ་ཏོག་ཉི་ཟླར་བཅས་པ་ལས།། དབྱིབས་དང་ཁ་དོག་ལྡན་པ་ཡི།། ཕྱག་རྒྱ་ཆེན་པོ་རྫོགས་པའོ།། ལྷུན་གྲུབ་བདེ་བའི་ངང་གནས་ན།། ཅི་ལ་ཡང་ཐོགས་པ་མེད་པར་སྤྱད།། རང་བཞིན་གྲུབ་པ་མེད་པས་ན། ། ཆོས་རྣམས་གང་ཡང་གྲུབ་པར་བྱེད།། ཀུན་ཏུ་བཟང་མོའི་བྷ་ག་ལ།། ཀུན་ཏུ་བཟང་པོ་རོལ་པ་ཡིས།། སྒྱུ་མ་ལྷུན་གྲུབ་ཡུལ་ལས་རོལ།། བླུན་པོ་རྟོག་གེའི་ཤེས་པ་ནི།། ཡོད་དང་མེད་པའི་ཆོས་ལ་སྤྱོད།། དེ་ཡིས་རྣམ་པར་མི་འགྲོལ་ཏེ། ། འདོད་པ་དངོས་སུ་སྤྱོད་པ་ཡིན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་བཞིན་ནམ་མཁའ་ཆེ་རྒྱས་པའི་རྒྱུད་ལས། དེ་བཞིན་ཉིད་དང་ཤིན་ཏུ་རྣལ་འབྱོར་དམ་པ་བསྟན་པའི་ལེའུ་སྟེ་དགུ་པའོ། །།། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་དགྱེས་པ་ཆེན་པོ་དེས། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། གསང་བའི་དོན་འདི་ལྟ་བུ་རྡོ་རྗེའི་ཚིག་ཏུ་གསུངས་སོ། ། བརྗོད་དུ་མེད་པའི་བདག་ཉིད་ཆོས།། ཡི་གེའི་ཐ་སྙད་རྣམ་པར་དག། མིང་དང་ཚིག་ལས་འདས་པ་ཡི།། དེ་ཁོ་ན་ཉིད་ཤེས་པར་བྱའོ།། དེ་ཁོ་ན་ཉིད་བསྒྲུབ་པའི་ཐབས།། ཐོས་བསམ་སྒོམ་ལ་རབ་སྦྱངས་པས། ། མཉམ་པའི་དོན་ལ་དམིགས་པར་བྱ།། ཡང་དག་མཐོང་ནས་རྣམ་པར་གྲོལ།། ཀུན་རྫོབ་སེམས་བསྐྱེད་ཚད་མེད་བཞི།། རྣམ་འབྱོར་པ་ཡིས་བསྒོམ་པར་བྱ།། ཉན་ཐོས་བྱང་ཆུབ་སེམས་དཔའ་དང། ། བླ་ན་མེད་པའི་ཐེག་པ་ཡིས།། ཚད་མེད་བཞི་པོ་ཐ་དད་འགྱུར།། བླ་མེད་ཐེག་པའི་ཚད་མེད་དག། དོན་ལ་དམིགས་པ་ཞེས་བྱ་སྟེ།། བཏང་སྙོམས་ཆེན་པོར་བསྒོམ་པར་བྱ།། ཡོད་དང་མེད་པ་དབྱེར་མེད་ཅིང། ། ཆགས་སྡང་གཉིས་དང་བྲལ་བ་ཡི།། དབུ་མ་ཆེན་པོ་བསྒོམ་པར་བྱ།། བླ་མེད་དོན་ལ་གནས་བཅས་ལ།། ཉོན་མོངས་ལས་རྣམས་ཀུན་སྤྱད་ཀྱང།། བྱས་ལ་མི་སོག་ཚོགས་འགྱུར་ཏེ།། ཕྱི་ནང་སྣོད་བཅུད་རྣམ་པར་དག། གང་ལའང་ཆགས་དང་མ་ཆགས་མེད།། བཏང་སྙོམས་ཆེན་པོའི་ངང་གནས་ན།། ཡུལ་གྱིས་མྱོས་སྦག་མི་འབྱུང་ཞིང།། མཉམ་ཉིད་མི་འཕྲོག་བྱ་དང་བྲལ།། བསྒོམ་པ་མ་རྙེད་འགྲུབ་མི་འགྱུར།། དེ་ཕྱིར་གསང་བ་འདི་བསྒོམ་མོ། ། རྣམ་ཐར་གསུམ་པོའང་བདུད་ཀྱི་ལས།། འཁོར་བ་ཉིད་ཀྱི་རང་བཞིན་ལས།། དོན་དམ་བཙལ་བས་རྙེད་མི་འགྱུར།། དྲུག་གིས་ཡང་དག་དོན་མི་མཐོང།། ཤེས་རབ་ཐབས་སུ་གང་འབྲེལ་པས། ། ཡོད་མེད་དབུ་མ་མི་དམིགས་ཤིང།། མཉམ་བཞག་བཏང་སྙོམས་ཆེན་པོར་བསྒོམ།། ཞེས་བརྗོད་པས།། དངོས་པོ་ཐམས་ཅད་སྒྱུ་མ་དང་འདྲ་བར་གཟིགས་ཏེ། གཟུགས་སྟོང་པའོ།། སྟོང་པ་ཉིད་ཀྱང་གཟུགས་སོ། ། གཟུགས་ལས་སྟོང་པ་ཉིད་གཞན་མ་ཡིན་ནོ།། སྟོང་པ་ཉིད་ལས་ཀྱང་གཟུགས་གཞན་མ་ཡིན་ནོ།། དེ་བཞིན་དུ་ཕུང་པོ་དང། ཁམས་དང། སྐྱེ་མཆེད་ལ་སོགས་པ་རྣམས་དང། རང་བཞིན་གྱིས་སྟོང་པའོ། ། ཐ་མི་དད་པའོ།། དབྱེར་མེད་པའོ།། བདེན་པའོ།། ཞི་བའོ།། སྤྲོས་པ་དང་བྲལ་བའོ།། དེ་ལྟ་བས་ན་ཆོས་ཐམས་ཅད་ནི་སེམས་ལ་གནས་སོ།། སེམས་ནི་ནམ་མཁའ་ལ་གནས་སོ།། ནམ་མཁའ་ནི་ཅི་ལའང་མི་གནས་སོ། ། ཞེས་གསུངས་སོ།། སྤྲོས་པ་ཉེ་བར་ཞི་བ་ཡི།། ཆོས་ཀྱི་དབྱིངས་ཀྱིས་ཀུན་ཏུ་ཁྱབ།། ཐ་དད་དུ་མ་མེད་པས་ན།། ཀུན་ཏུ་ཁྱབ་པའི་སྤྱི་ཉིད་སྟེ།། སེམས་ཉིད་ཡེ་ཤེས་གཟུགས་བསྒྱུར་བ།། ཐབས་ཀྱི་རིམ་པས་འབྱུང་བའོ། ། ཐབས་ལས་ཐབས་བྱུང་ཐབས་བསམ་ཡས།། འབྲེལ་པ་བདུན་གྱི་རིམ་པ་ཡིས།། སྐུ་དང་ཡེ་ཤེས་རྫོགས་པར་འགྱུར།། ཐབས་དང་བརྟེན་པའི་ཏིང་ངེ་འཛིན།། དེ་ལྟ་བུ་ཡི་ངང་དུ་འབྱུང།། དོན་དམ་བླ་མེད་བསྒྲུབ་པའི་ཐབས། ། སྲོག་དང་རྩོལ་བ་ཞེས་བྱ་སྟེ།། དབུགས་དགག་སྟོང་པ་ཞེས་སུ་བཤད།། དགག་པ་དང་ནི་སྟོང་པ་དང།། གཉི་ག་གཉི་ག་མ་ཡིན་པ།། བརྟག་པ་རྣམ་པ་གསུམ་ཞེས་བྱ།། ཕྱི་རོལ་རྩོལ་བའི་དུས་སུ་ནི། ། ཕྱི་མའི་ནམ་མཁར་ཐིམ་པ་སྟེ།། སྲོག་གི་ནང་གི་དུས་སུ་ནི།། གཞི་རླུང་ཉིད་ལ་ཐིམ་པར་བྱ།། གཞི་རླུང་དེ་ཉིད་ནམ་མཁའ་ཡི།། དབྱིངས་ཀྱི་དབང་ཕྱུག་ཅེས་བྱ་སྟེ།། རྣམ་པ་བཅུ་པའི་རྒྱུད་ཡིན་ནོ། ། དེ་ནི་དབང་ཕྱུག་ལྔ་གཉིས་ཏེ།། ཕྱི་རོལ་གཡོ་བའི་རྣམ་པ་ཀུན།། དབུགས་ཉིད་ལས་ནི་དེས་སྦྱར་ཏེ།། རྟེན་དང་བརྟེན་པའི་བདག་ཉིད་པས།། རྩ་དང་རྒྱལ་པོའི་ཚུལ་དུ་གནས།། ཐམས་ཅད་གཡོ་བ་རླུང་དུ་སྦྱར། ། རླུང་ཉིད་ཕྱི་ནང་མཁའ་ལ་བསྟིམ།། དེ་ཉིད་རྡོ་རྗེ་སེམས་དཔའ་སྟེ།། ནམ་མཁའ་ལ་ནི་ནམ་མཁའ་བསྒོམ།། ནམ་མཁའ་ཉིད་ལ་ཉིད་སྤྱོད་དེ།། གཞན་དུ་བྱ་བ་ཅི་ཡང་མེད།། མཁའ་ལས་རླུང་བྱུང་ན་བུན་ཚུལ། ། བྱུང་ཡང་ནམ་མཁའ་ལས་བྱུང་སྟེ།། མཐར་ཡང་ནམ་མཁའ་ཉིད་ལ་ཐིམ།། གཉིས་དང་དྲུག་ལ་སོགས་པ་ཡི།། རྣམ་པ་ཐ་དད་དུ་མ་ཡང།། སྲོག་དང་རྩོལ་བ་ཉིད་དུ་འདུ།། རླུང་གི་རྒྱུ་འདུལ་རླུང་གཞི་ཉིད་ལ་བསྟིམ། ། ལངས་ནས་མཁའ་རླུང་ཉིད་ལ་བརྟག། བརྟགས་པས་དངོས་པོ་མེད་མཐོང་བ།། དེ་ཉིད་ཡང་དག་མཐོང་བ་ཡིན།། དེ་ནས་སྟོན་པ་ཀུན་མཁྱེན་གྱིས།། རྡོ་རྗེའི་གསུང་དུ་བཀའ་སྩལ་པ།། དོན་གྱི་རང་གི་ངོ་བོ་ཉིད། ། དངོས་པོའི་དབང་གི་ཆོས་དབྱིངས་ཏེ།། སེམས་ཅན་བསམ་པའི་དབང་གིས་ན།། ཆོས་ཀྱི་དབྱིངས་དང་ཞི་གནས་དང།། ཡེ་ཤེས་ཤེས་རབ་རྣམ་བཞིར་སྣང།། དངོས་པོའི་དབང་གིས་ཀུན་ཏུ་འོད།། བསམ་པས་ཐ་དད་དུ་མར་སྣང། ། རྣམ་གྲངས་དོན་དམ་ཞེས་བྱ་སྟེ།། རིམ་པ་རིམ་པས་འཇུག་པའོ།། ཤིན་ཏུ་རྣལ་འབྱོར་འདི་ཉིད་ནི།། གཞན་ལ་བརྟེན་པ་མ་ཡིན་ཏེ།། ལམ་གྱི་ནང་ནས་ཉེ་ལམ་སྟེ།། ཐབས་ཀྱི་མཆོག་ཏུ་གྱུར་པས་ན། ། ཅིག་ཆར་འཇུག་པ་ཞེས་བྱའོ།། ཡེ་ནས་གནས་པའི་དེ་བཞིན་ཉིད།། ཡེ་སངས་རྒྱས་པ་ཞེས་བྱ་སྟེ།། ཆོས་རྣམས་མ་ལུས་དབྱིངས་སུ་རྫོགས།། ཐམས་ཅད་ཀུན་འདུས་རྣམ་པར་དག། ཡོད་མེད་དབུ་མ་མི་དམིགས་ཤིང། ། མི་འགྱུར་མི་ཤིགས་རྡོ་རྗེ་སྟེ།། ཡངས་ལ་རྒྱ་ཆེ་ཀུན་ཏུ་བཟང།། འགྱུར་བ་མ་ཡིན་དྲང་པོར་གནས།། རྣལ་འབྱོར་ལྟ་བ་དེ་ཞེས་བྱ།། བར་དུ་སྒོམ་པའི་ཐབས་གསུངས་པ།། ཏིང་ངེ་འཛིན་དང་སྤྱོད་པའོ། ། ཏིང་ངེ་འཛིན་ཅེས་བྱ་བ་ནི།། གསང་བའི་དོན་ལ་འཇུག་པ་སྟེ།། སྤྱོད་པ་དངོས་སུ་གསུངས་པ་ནི།། མ་དང་བུ་མོ་སྲིང་མོ་སོགས།། རྟག་ཏུ་སེམས་ནི་སྦྱར་བར་བྱ།། གླང་ཆེན་ཤ་དང་ཤ་ཆེན་དང།། རྟ་ཤ་ཁྱི་ཤ་བ་གླང་ཤ། བྱང་ཆུབ་སེམས་ལ་སོགས་པ་རྣམས།། བཟའ་ཞིང་སྤྱད་པར་བྱ་བ་སྟེ།། དེ་ལ་མི་བྱ་ཅི་ཡང་མེད།། མི་བཟའ་བ་ཡང་ཅི་ཡང་མེད།། ཐམས་ཅད་ལྟ་བས་གཉིས་མེད་ཅིང།། ཏིང་ངེ་འཛིན་ལ་གནས་གྱུར་ན། ། མི་སྤྱད་པ་ནི་གང་ཡང་མེད།། ཐབས་དང་བརྟན་པར་གྱུར་པ་དང།། མ་མར་སེམས་ནི་བཅོས་དགོས་སོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་བཞིན་ནམ་མཁའ་ཆེ་རྒྱས་པའི་རྒྱུད་ལས། ཟབ་མོའི་ཐབས་བསྟན་པའི་ལེའུ་སྟེ་བཅུ་པའོ། །།། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་ཉིད་དགྱེས་པ་ཆེན་པོ་དེས། མ་འོངས་པ་ཡི་རྣལ་འབྱོར་པ། ཤེས་རབ་ཀྱི་རྒྱགས་པ་རྣམས་དང། ཚུལ་བཞིན་དུ་དབང་བསྐུར་བའི་སྒྲུབ་པ་པོ་རྣམས་ཀྱི་དོན་དུ། གསང་བ་དང་གསང་ཆེན་དང། ཡེ་ཤེས་སྙིང་པོ་གསུམ་རྫོགས་པར་བྱ་སྟེ།། ཐབས་ཟབ་མོ་འདི་གསུངས་སོ།། རང་བཞིན་གནས་པའི་དེ་བཞིན་ཉིད། ། ཡེ་ནས་གནས་པའི་ཆོས་ཉིད་དེ།། ས་ལ་མི་བགྲོད་སྦྱང་དུ་མེད།། ལྷུན་རྫོགས་རང་བྱུང་གཅིག་པུར་གནས།། དཔའ་བོ་དངོས་པོ་ཐམས་ཅད་ཟ།། སྟོང་པ་ཉིད་ཀྱི་རང་བཞིན་ལས།། ཏིང་ངེ་འཛིན་དུ་མཉམ་གཞག་པ། ། ལུས་ཀྱི་ཆོས་ཀྱི་རང་བཞིན་ལ།། ཀླད་པ་དང་ནི་ཀླད་རྒྱས་དང།། སྐྲ་དང་སྤུ་དང་སེན་མོ་དང།། ཤ་དང་ལྤགས་པ་ཚིལ་བུ་དང།། རྒྱུ་མ་གཉེ་མ་ལ་སོགས་པ།། མི་དམིགས་གཙང་བའི་རང་བཞིན་ཅན། ། བལྟས་པས་དངོས་པོ་མཐོང་མེད་སྟེ།། སྒྱུ་མ་མིག་ཡོར་ཚུལ་ཤེས་ཤིང།། བདེན་པ་གཉིས་སུ་མ་མཐོང་སྟེ།། དེ་ཉིད་ཡང་དག་མཐོང་བ་ཡིན།། མི་རྟོག་ཤེས་རབ་གང་སྐྱེས་པ།། གསང་བའི་དོན་ལ་ཞུགས་པ་ཡིན། ། ངག་གི་ཆོས་སུ་སྣང་བ་ཀུན།། ཇི་སྙེད་སྒྲ་དང་ཐ་སྙད་དང།། ཡི་གེའི་སྐད་དང་བརྡའ་ལ་སོགས།། གདགས་བྱ་དང་ནི་འདོགས་བྱེད་དང།། གདགས་པའི་ཚིག་ལ་སོགས་པ་ཡི།། དངོས་པོ་གང་ཡང་མ་རྙེད་དེ། ། འགའ་ཡང་མཐོང་བ་མེད་པ་ནི།། དེ་ཉིད་མཐོང་བ་ཆེན་པོ་ཡིན།། ཚིག་ལས་མི་རྟོག་ཤེས་རབ་བསྐྱེད།། དངོས་པོ་མེད་པར་གྲགས་པ་ཡིན།། སེམས་ཀྱི་ཆོས་སུ་གང་གསུངས་པ།། སེམས་དང་སེམས་ལས་བྱུང་བ་ཡི། ། དྲན་དང་རྟོག་པ་ལ་སོགས་པའི།། བརྟགས་པས་དངོས་པོ་མེད་མཐོང་བ།། ཟག་པ་མེད་པའི་ཤེས་རབ་སྟེ།། ཡེ་ཤེས་མྱུ་གུ་བསྐྱེད་པའོ།། ལམ་ལྔ་རྫོགས་པའི་རིམ་པ་ལ།། སྟོང་ཉིད་ཡེ་ཤེས་ཆེན་པོ་སྟེ། ། པདྨའི་སྤྱན་དུ་རྣམ་པར་གྲགས།། ཤིན་ཏུ་སྦྱོར་བ་དེས་མཐོང་བས།། ཆོས་སྐུ་བདེ་བ་ཆེན་པོ་འཐོབ།། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས་འདི་སྐད་གསུངས་སོ།། ཕྱོགས་བཅུ་ན་བཞུགས་ཤིང། དུས་གསུམ་དུ་གཤེགས་པའི། རྒྱལ་བ་ཐུགས་རྗེ་རོ་གཅིག་པ་རྣམས་ཀྱང། ཟབ་མོའི་ཐབས་འདི་ལྟ་བར་འཚལ་ལོ།། འདས་པའི་སངས་རྒྱས་དང། ད་ལྟར་དང་མ་འོངས་པའི་སངས་རྒྱས་རྣམས་ཀྱང། ཐབས་ཟབ་མོ་འདིས་མངོན་པར་རྫོགས་པ་འཚང་རྒྱའོ།། རིགས་ཀྱི་བུ་རྣམས་ཀྱིས་ཀྱང་ཚུལ་བཞིན་དུ་ཡིད་ལ་བྱའོ།། ལྟ་བ་ངན་པས་ཀྱང་དམན་པའི་འདུ་ཤེས་མ་སྐྱེད་ཅིག། ཤེས་རབ་འཆལ་བ་ལ་སོགས་པར་གྱུར་ཏ་རེ། དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པའི་དགོངས་པ་ནི་ནམ་མཁའ་དང་མཉམ་པའོ།། ཟླ་མེད་པའོ།། གཞན་གྱིས་མི་དཔོགས་པའོ།། མི་མཉམ་པ་དང་མཉམ་པའོ།། ཆོས་ཉིད་དང་འདྲ་བའོ། ། དེ་བས་ན་ནམ་མཁའ་ནི་ཐམས་ཅད་ཀྱི་རྗེས་སུ་སོང་བའོ།། དེ་བཞིན་དུ་ཆོས་རྣམས་ཀྱི་ཆོས་ཉིད་ཀྱང་ཐམས་ཅད་ཀྱི་རྗེས་སུ་སོང་བ་སྟེ། ཀུན་ལ་ཁྱབ་པའོ།། སངས་རྒྱས་ཀྱི་བདག་ཉིད་དོ།། དེ་བཞིན་ཉིད་དོ་མཐོང་བ་ནི་སངས་རྒྱས་སོ། ། ང་འོ།། ང་དང་འདྲ་བ་ཉིད་དོ།། གྱ་ནོམ་པའོ།། བླ་ན་མེད་པའོ།། དེ་ནས་སངས་རྒྱས་པ་བདག་ཉིད་ཆེན་པོ་སྒྲུབ་པ་འདི་གསུངས་སོ།། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ། རྫོགས་པ་ཆེན་པོ་སློབ་པར་འདོད་པས། ཤིན་ཏུ་རྣལ་འབྱོར་གྱི་དོན་འདི་བསྒོམ་པར་བྱའོ།། དེ་བས་ན་ཆོས་ཐམས་ཅད་ནི་རང་གིས་རང་མི་ཤེས་ཏེ། གཟུགས་ཀྱིས་གཟུགས་མི་ཤེས་སོ།། སྒྲ་ཡིས་སྒྲ་མི་ཤེས་སོ། ། དེ་བཞིན་དུ་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པ་ཐམས་ཅད་རང་རང་གི་ངོ་བོ་ལ་བལྟ་བར་བྱའོ།། དེ་ཉིད་མཐོང་བ་ནི་མ་རིག་པའི་སྒྲིབ་པ་བྲལ་ཏེ། བཏགས་པའི་ཚིག་མི་སྐྱེ་བའོ།། བདེན་པ་མཐོང་བའོ། ། བྱང་ཆུབ་སེམས་དཔའི་ས་ལ་གནས་པའོ།། དེ་ཉིད་མ་མཐོང་བའི་ཚུལ་གྱིས་མཐོང་བ་ན། སངས་རྒྱས་ཀྱི་ས་ལ་གནས་པའོ།། བདེ་བར་གཤེགས་པའོ།། མི་གནས་པའི་མྱ་ངན་ལས་འདས་པའོ།། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རབ་ཏུ་དགའ་བའི་སྤྱན་རྒྱས་པར་གཟིགས་མོས་མཉེས་པར་གྱུར་ཏོ། ། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས། དེ་བཞིན་གཤེགས་པ་དེ་དག་དང། བྱང་ཆུབ་སེམས་དཔའ་རྣམས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། གཡོ་དང་མི་གཡོ་དངོས་པོ་ཀུན།། ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཏེ།། སྲིད་དང་ཞི་བ་དབྱེར་མེད་ཕྱིར།། ཐམས་ཅད་ནམ་མཁའི་རང་བཞིན་ནོ། དང་པོ་གནས་ཁང་ཉམས་དགའ་བར།། ཡོ་བྱད་ལྔ་ནི་རྫོགས་པར་ལྡན།། འདུ་འཛི་ཐམས་ཅད་སྤངས་ནས་སུ།། ལུས་ཀྱི་བཅའ་བ་རྣམ་ལྡན་བྱ།། ལུས་ངག་ལྟེང་ཀ་བཞིན་གནས་པ། ། སེམས་ཀྱང་ལྟེང་ཆུ་བཞིན་དུ་གནས།། གཟུགས་ལ་སོགས་པའི་དངོས་པོ་རྣམས།། རང་བཞིན་གྱིས་ནི་སྟོང་པ་སྟེ།། དངོས་པོའི་མཐའ་ནི་མེད་ཅེས་བྱ།། གང་ཡང་རང་བཞིན་མེད་བརྟགས་ན།། ཐམས་ཅད་ཆོས་ཀྱི་ཕྱག་རྒྱ་ཡིས། ། ལྟ་བའི་རྒྱ་ནི་བཏབ་བྱས་ལ།། དེ་ནས་གཞི་ཡི་སྙིང་པོ་བསྒོམ།། སྤྱོད་པས་གང་ཡང་ཐོགས་མེད་ཅིང།། ཏིང་ངེ་འཛིན་ཏུ་མཉམ་གཞག་ན།། མཆོག་གི་དངོས་གྲུབ་ཐོབ་པར་འགྱུར།། སེམས་ལ་དམིགས་པ་བདག་མེད་པར། ། ས་ལེ་ས་ལེ་བསམ་བྱས་ལ།། རང་བཞིན་གྱིས་ནི་འོད་གསལ་ཏེ།། སྟོང་པ་ཉིད་ཀྱི་བདག་ཉིད་སྟེ།། འཇིག་རྟེན་པ་ཡི་ལམ་དུ་ནི།། རྗེས་སུ་དཔགས་པའི་ཤེས་པ་སྟེ།། ཤེས་པ་གསུམ་པོ་གྱུར་པ་ནི། ། བསམ་མེད་དྲན་མེད་སྒྱུ་མའང་མེད།། ཏིང་འཛིན་ཚུལ་ཁྲིམས་ཤེས་རབ་པོ།། དེ་ཉིད་མོས་པས་སྤྱོད་པའི་ས།། ས་ཡི་རིམ་པ་ཐ་དད་སྟེ།། ས་རྣམས་ཡོངས་སུ་བཀོད་པ་ཡང།། སྟོང་ཉིད་ཡེ་ཤེས་བསྐྱེད་པ་སྟེ། ། ཏིང་ངེ་འཛིན་གྱི་རིམ་པ་ཡིན།། ཏིང་ངེ་འཛིན་གྱི་ཁྱད་པར་ལས།། ས་ནས་ས་འཕར་མངོན་བྱང་ཆུབ།། དེ་དང་དེ་ཡི་རིམ་པ་ཡིས།། ཀུན་ཏུ་བཏགས་པའི་མ་རིག་དང།། ལྷན་ཅིག་སྐྱེས་པའི་མ་རིག་པ། ། སྒྲིབ་པ་གཉིས་ནི་ཞེས་བྱ་སྟེ།། བྱང་ནས་ཚོགས་གཉིས་རྫོགས་པ་ཡི།། སྐུ་ལྔ་ཡེ་ཤེས་རྣམ་ལྡན་པ།། ད་ལྟ་ཉིད་དུ་ཐོབ་པར་འགྱུར།། ཡོན་ཏན་རྣམ་པར་ཕྱེ་བ་ཡིན།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་བཞིན་ནམ་མཁའ་ཆེ་རྒྱས་པའི་རྒྱུད་ལས། ཟབ་མོའི་མན་ངག་བསྟན་པའི་ལེའུ་སྟེ་བཅུ་གཅིག་པའོ།།།། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་འདི་སྐད་ཅེས་གསོལ་ཏོ། ། ཨེ་མ་ཧོ་སངས་རྒྱས་ཐམས་ཅད་ཀྱི།། བྱང་ཆུབ་སེམས་ནི་གང་ཡིན་པ།། དོན་དམ་ཅི་ཡང་མེད་པ་ལས།། ཀུན་རྫོབ་དག་ཏུ་བཤད་པ་མཛོད།། ཅེས་བརྗོད་པས། དེ་བཞིན་ཉིད་ཀྱི་དོན་ལ་རོལ་ཅིང་དགྱེས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས། དེ་བཞིན་གཤེགས་པ་རྣམས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། ཁ་ཅིག་ཀུན་གྱི་རང་བཞིན་ཞི་བ་ལ།། ཕྱོགས་སུ་བལྟས་པས་གྲུབ་མེད་དེ། ། རང་བཞིན་གྱིས་ནི་རྟོགས་པ་དང།། གཉེན་པོ་འམ་ཡང་ན་གཏན་ཚིགས་ཀྱིས།། ཤིན་ཏུ་ཞིབ་པར་བརྟག་བྱའོ།། དེ་ནས་དེ་བཞིན་གཤེགས་པའི་བདག་པོས། གཏན་ཚིགས་ཀྱི་སྒོ་ནས་བསྒྲུབ་པའི་དབུ་མའི་བརྟགས་པ་འདི་གསུངས་སོ། ཁ་ཅིག་གཡོ་དང་མི་གཡོ་ཀུན།། དམ་པ་ཉིད་དུ་རང་བཞིན་མེད།། རང་བཞིན་མེད་ལས་ཅིར་ཡང་སྣང།། བདག་དང་གཞན་དང་གཉི་ག་དང།། རྒྱུ་མེད་པ་ལས་རྐྱེན་བྲལ་ཕྱིར། ། ནམ་མཁའི་མེ་ཏོག་ཇི་བཞིན་དུ།། ནམ་ཡང་སྐྱེ་བར་མི་འགྱུར་རོ།། གང་ཞིག་རྫོགས་ཆེན་འདོད་པ་ཡིས།། ཏིང་ངེ་འཛིན་དུ་མཉམ་གཞག་ན།། སྤྱོད་པ་མ་རབས་ལྡན་པ་ལ།། གསང་བའི་དོན་ཉིད་བསྒོམ་པར་བྱ། ། ལངས་ནས་ཕྱི་རོལ་ཡུལ་རྣམས་ལ།། འཁོར་ལོ་ཉིད་དུ་ཤེས་པར་བྱ།། དོན་དམ་ཀུན་རྫོབ་སེམས་བསྐྱེད་ནས།། མཚན་མེད་མཚན་མ་རྣམས་བསྒོམས་པས།། ཆོས་ཀྱི་སྐུ་དང་གཟུགས་སྐུ་འགྲུབ།། ཞིང་དང་ཐུགས་རྗེས་འབྲེལ་བའོ། ། ཡང་ན་གཅིག་དང་དུ་མ་ཡི།། རང་བཞིན་མེད་དེ་གཟུགས་བརྙན་བཞིན།། དངོས་པོ་གང་དང་གང་ལ་ཡང།། མཚན་མ་ཡོད་པ་མ་ཡིན་ནོ།། རང་བཞིན་རང་བཞིན་མེད་མཐོང་བ། ངོ་བོ་ཉིད་དུ་གནས་པ་ཡིན། ། མུ་བཞི་སྐྱེ་བ་རྣམ་བྲལ་ཕྱིར།། རང་བཞིན་མེད་དེ་སྐྱེ་མེད་བལྟ།། དྲང་པོར་འདུག་ལ་ཡང་དག་ལྟོས།། ཡང་དག་མཐོང་ན་རྣམ་པར་གྲོལ།། རྟེན་ཅིང་འབྲེལ་བར་གང་བྱུང་བ།། རང་བཞིན་མེད་པས་གཟུགས་བརྙན་འདྲ། ། སྔོན་དང་ཕྱི་མའི་མཐའ་སྤངས་ཏེ།། འགྲོ་བ་སྒྱུ་མ་བཞིན་དུ་སྣང།། ངོ་བོ་ཉིད་ཀྱིས་མ་སྐྱེས་པས།། སྐྱེ་དང་འགག་པར་མི་འགྱུར་ཏེ།། མཐོང་བས་ཆོས་ཉིད་དེ་བཞིན་གཤེགས།། རྟེན་ཅིང་འབྲེལ་འབྱུང་ཟབ་མོའི་དོན། ། དམ་པའི་དོན་དུ་བསྒོམ་པར་བྱ།། སྲིད་གསུམ་རང་བཞིན་མེད་མཐོང་ན། ཁམས་གསུམ་འགྲོ་རྣམས་སྔོན་དུ་འགྱུར།། གསང་བ་ཟབ་མོའི་དོན་ཉིད་ལ།། འཛིན་པ་མེད་པ་མེད་པ་ཡིས། ། ཡོད་པ་མེད་པར་ཤེས་འདུག་ན།། ད་ལྟ་ཉིད་དུ་ས་གསུམ་རྫོགས།། བྱ་མེད་བྱ་དང་རྣམ་པར་བྲལ། ཁམས་གསུམ་ལས་འདས་རིན་པོ་ཆེ།། ཡོན་ཏན་ཐམས་ཅད་འབྱུང་བའི་གནས།། ཟད་མི་ཤེས་པའི་གཏེར་དུ་འགྱུར། ། མི་རྟོག་གསང་བར་ཀུན་འདུས་ཕྱིར།། རྟོག་པ་ཐམས་ཅད་དག་པ་ཡིན།། གཟུང་དང་འཛིན་པ་ལས་བྱུང་སྟེ།། ཕྲ་རྒྱས་ཐམས་ཅད་གང་ཡིན་པ།། ལྷུན་གྱིས་གནས་པས་བཀག་པ་ཡིན། ། འདི་ནི་ཨ་དང་མཛེས་པའི་ཏ།། ཏ་ལས་ཡན་ལག་སྤྲོས་པ་བཞིན།། འཇིག་རྟེན་ཡོངས་ཀྱི་སྤྱོད་ཡུལ་ལས།། སངས་རྒྱས་གསུང་གི་ཟབ་མོ་འབྱུང།། སྲོག་དང་རྩོལ་བ་ལས་བྱུང་བའི།། སྤྲོ་དང་བསྡུ་བ་དེ་བཞིན་ཏེ། ། དབུགས་ནི་ཕྲ་མོ་ཉིད་དུ་བྱ།། དེ་ནས་མ་སྐྱེས་ཏིང་འཛིན་བསྒོམ།། ཀུན་གྱིས་བགྲོད་པའི་ལམ་རྒན་ཕྱིན།། ཅིག་ཆར་འཇུག་པའི་དོན་ཉིད་ལས།། གཞན་དུ་འཇུག་པར་མི་བྱའོ།། དེ་ནས་བྱང་ཆུབ་སེམས་དཔའ་ལ་སོགས་པ་ཐེག་པ་གཞན་རྣམས་ངོ་མཚར་དུ་གྱུར་རྨད་དུ་གྱུར། འདུས་པ་རབ་ཏུ་འདུས་སོ།། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས། བྱང་ཆུབ་སེམས་དཔའ་ལ་སོགས་པ་དེ་དག་ཐམས་ཅད་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། ། ཤིན་ཏུ་རྣལ་འབྱོར་གྱི་དོན་འདི་ནི་ནམ་མཁའ་དང་མཉམ་པ་སྟེ། སངས་རྒྱས་ཀྱི་སྤྱོད་ཡུལ། ཉན་ཐོས་ལ་སོགས་པ་དང་ཐུན་མོང་མ་ལགས་པ། མཆོག་ཏུ་གསང་བ་ཉིད་ལས། ཁྱེད་རྣམས་ཀྱང་མ་སྐྲག་དངངས་པར་མ་བྱེད་ཅིག། སྤྱོད་ཡུལ་འདི་ལས་འདའ་བར་དཀའོ།། དེ་བཞིན་ཉིད་དང་ཀུན་ལ་གནས་སུ་ཟིན་ཀྱང། ཤེས་རབ་དང་སྙིང་རྗེར་མི་ལྡན་ཞིང། སྐལ་བ་མེད་པ་རྣམས་འཇུག་པར་མ་བྱེད་ཅིག། དེ་ནི་ཉམས་པར་གྱུར་ཏེ། ཟབ་མོའི་དོན་མི་རྟོགས་གནས་མེད་པ་ཡིན་ཏེ། དཔེར་ན་དེ་ཕི་པུ་ཏྲ་བཞིན་ནོ།། དེ་བས་ན་རིགས་གང་ཡིན་པ་མཚན་མ་ལས་ཡོངས་སུ་གཟུང་བ་ཞེས་བརྗོད་པས། ཐམས་ཅད་རང་རང་གི་གནས་ག་ལ་བར་འཁོད་པར་གྱུར་ཏོ།། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས། ཤིན་ཏུ་རྣལ་འབྱོར་གྱི་དོན་དུ། རྩོལ་པ་དང་བྲལ་བའི་ཐབས་འདི་གསུངས་སོ། ། ཐམས་ཅད་ལྟ་བས་བཀག་ནས་སུ། སྙིང་རྗེའི་མཐུ་ལས་བྱུང་བ་ཡི།། བྱང་ཆུབ་སེམས་ལྡན་གསང་སྔགས་པས།། སྣང་བ་དགག་པ་མ་ཡིན་ཏེ།། དབང་པོ་ཡུལ་ལ་ཡིན་པར་བཞག། བལྟས་པས་མ་མཐོང་ཅི་ཡང་མེད། ། དངོས་ཀུན་སྒྱུ་མ་འདྲར་ཤེས་ན།། མ་མཐོང་མཐོང་བའི་རྣམ་པ་ཅན།། བྱ་བྲལ་ལྷུན་གྲུབ་ཇི་བཞིན་གནས།། རང་བྱུང་ཀུན་ངམ་ལྷུན་གྱིས་གྲུབ།། ཇི་བཞིན་པ་ཞེས་མི་རྟོག་ཀྱང།། རྣམ་པར་སྣང་མཛད་ཀུན་ཏུ་བཟང། ། རྣམ་པར་མི་རྟོག་ཀུན་འདུས་ཕྱིར།། ཚོར་བ་བསྒོམ་ན་ཅི་ཞིག་བྱ།། ཟིན་པས་རྩོལ་བའི་ནད་སྤངས་ཏེ།། ལྷུན་གྱིས་གནས་པས་བཞག་པ་ཡིན།། བསྒོམས་པས་རྩོལ་བའི་ནད་ཡིན་ཏེ། ། རྩོལ་སེམས་བདེ་བར་རང་ལས་འབྱུང།། སྣང་བ་མེད་པའི་ཆོས་ཉིད་ནི།། བཙལ་བ་མེད་པའི་བཙལ་བས་འགྲུབ།། ཕྱི་ནང་གཡོ་དང་མི་གཡོ་ཀུན།། བྱང་ཆུབ་སྙིང་པོ་ཉིད་ཡིན་པས།། རྩོལ་བའི་བསམ་པས་དབྱིངས་མི་བསྐྱོད། ། མ་བཙལ་བཞག་ན་བསྒོམ་པ་ཡིན།། དེ་དང་དེ་རུ་རྣམ་བཙལ་ན།། དེ་ལས་དེ་བཞིན་དེ་མི་འབྱུང།། དེ་ནི་སྙིང་པོ་དེ་བས་ན།། དེ་བས་དེ་འབྱུང་ངོ་མཚར་ཆེ།། ཕུང་པོ་ལྔ་ཉིད་སངས་རྒྱས་གཙོ། ། འབྱུང་བ་ལྔ་ཉིད་རིགས་ཀྱི་ཡུམ།། དབང་པོ་ཡུལ་དུས་རིག་པ་རྣམས།། བྱང་ཆུབ་སེམས་དང་ཁྲོ་བོའི་ཚོགས།། ཉོན་མོངས་ལྔ་པོ་བྱང་ཆུབ་ལམ།། ཐམས་ཅད་ཀུན་ཏུ་བཟང་པོའི་ཞིང།། སངས་རྒྱས་ཉིད་ལས་གཞན་མ་ཡིན། ། དམ་པ་ཉིད་དུ་བཙལ་མེད་སྟེ།། ཀུན་རྫོབ་ཏུ་ཡང་བཙལ་མ་ཡིན།། དམ་པའི་དོན་ལ་གང་འཇུག་པས།། གསང་བ་ཨ་ཡི་དོན་ཉིད་ལ།། གསང་བ་ཨོཾ་ཉིད་དམིགས་པ་ན།། གདམས་ངག་ངེས་པ་ཟབ་མོ་ཡིས། ། བཙལ་བ་མེད་པའི་བཙལ་བ་དང།། མི་བསྒོམ་པ་ཡི་བསྒོམ་པ་དང།། མི་གནས་པ་ཡི་ཚུལ་དུ་གནས།། མཉམ་གཞག་མེད་པའི་ཚུལ་གྱིས་ནི།། རྟག་པ་ཉིད་དུ་རྣམ་པར་གཞག། དགེ་དང་མི་དགེ་གཉིས་མེད་དེ། ། བྱང་ཆུབ་ནམ་མཁའི་མཚན་ཉིད་དོ།། བྱང་ཆུབ་བཙལ་པས་རྙེད་མིན་ཏེ།། བྱང་ཆུབ་འདོད་ལ་བྱང་ཆུབ་མེད།། ཡང་དག་དོན་གྱི་སྙིང་པོ་འདི།། བསྒོམས་པས་རྙེད་པར་མི་འགྱུར་ཏེ།། མ་བསྒོམས་པས་ཀྱང་རྙེད་མི་འགྱུར། ། བཙལ་བ་མེད་པའི་བསྒོམ་པ་ཡིས།། ཉལ་བའི་འཁོར་ལོ་ཉིད་དུ་བྱ།། ཆོས་རྣམས་མ་ལུས་སེམས་ཀྱི་ངང།། སེམས་དེ་རང་བཞིན་བཞག་ནས་བསྒོམ།། དངོས་མེད་བྱང་ཆུབ་སེམས་ཀྱི་ངང།། འདུས་མ་བྱས་པས་བདེ་བའི་ཀློང། ། སེམས་ཉིད་བསམ་མེད་བརྗོད་ལས་འདས།། ཡེ་སངས་རྒྱས་པས་བསྒོམ་དུ་མེད།། དྲང་སྲོང་མཁས་པའི་རིག་པ་ཡིས།། དེ་ལ་མ་བཙལ་ཕབ་ན་བསྒོམ།། རིག་པ་དབྱིངས་ལ་ཡན་པ་ནི། ། བཙལ་བའི་ནད་བྲལ་བསྒོམ་པ་ཡིན།། དེ་བས་གསང་བ་དྲི་མ་མེད།། ཡང་དག་འོད་གསལ་བསྒོམ་པར་བྱ།། འོད་གསལ་ཟུང་འཇུག་གནས་གྱུར་ན།། མཚན་མ་སྣ་ཚོགས་བག་ལ་སད།། ཨཱ་ལི་ཀཱ་ལིའི་ཕྱག་རྒྱ་ཡིས། ། ཀུན་ཏུ་བཟང་པོའི་རོལ་པ་འགྲུབ།། དངོས་མེད་དངོས་ལ་མི་གནས་ཤིང།། དབུ་མ་མི་དམིགས་མིང་ཡང་མེད།། སེམས་ཀྱི་རྒྱུ་བ་མེད་པས་ན།། ཐམས་ཅད་ཐམས་ཅད་སྟོང་པའོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་བཞིན་ནམ་མཁའ་ཆེ་རྒྱས་པའི་རྒྱུད་ལས། ཟབ་མོའི་མན་ངག་རྩོལ་བ་དང་བྲལ་བས། བསྒོམ་པའི་ལེའུ་སྟེ་བཅུ་གཉིས་པའོ།།།། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས། བདེན་པ་གཉིས་སོ་སོར་བསྟན་པའི་ཆེད་དུ། དེ་བཞིན་གཤེགས་པ་ཐམས་ཅད་ལ་བོས་ནས་འདི་སྐད་ཅེས་བཀའ་སྩལ་ཏོ།། དོན་དམ་པ་ཡི་ངོ་བོ་ཉིད།། ཐ་དད་དུ་མ་མ་ཡིན་ཏེ། ། སེམས་ཅན་བསམ་པའི་དབང་གིས་ན།། ཐབས་ཀྱི་རིམ་པ་དུ་མར་འགྱུར།། ལོག་པར་རྟོག་པའི་བདག་ཉིད་ཅན།། བྱེད་པ་པོ་ལ་སོགས་པ་ཡི།། རྒྱུར་འདོད་མཐའ་རུ་འཛིན་པ་དང།། ལྟ་བ་དྲུག་ཅུ་རྩ་གཉིས་ལྡན། ། ཀུན་རྫོབ་ཡིན་ཏེ་དོན་དམ་མིན།། ཚིག་ཏུ་སྤྲོས་བྲལ་ཞེས་བྱའོ།། ཕྱི་རོལ་དོན་དུ་ལྟ་བ་གཉིས།། བདག་ཏུ་འཛིན་པ་ལ་སོགས་པ།། ཀུན་རྫོབ་ཡིན་ཏེ་དོན་དམ་མིན།། ཕུང་པོ་ཁམས་དང་སྐྱེ་མཆེད་དང། ། རྟེན་ཅིང་འབྲེལ་བ་ལ་སོགས་པ།། ཡང་དག་རྫས་སུ་འདོད་པ་སྟེ།། རྡུལ་ལས་གྲུབ་པའི་བདག་ཉིད་དོ།། དེ་ལས་དེ་བྱུང་ཆོས་བདག་ཉིད།། དོན་དམ་པ་ཡི་རང་བཞིན་ནོ།། གཟུང་དང་འཛིན་པ་རྣམ་སྤངས་ནས། ། ཤེས་བྱ་ནང་གིར་འདོད་པ་དག། རྡུལ་ཉིད་ཕྱོགས་ཆས་མི་འགྲུབ་ཅིང།། གཅིག་མིན་དུ་མ་མ་ཡིན་ནོ།། ཀུན་ཏུ་བརྟགས་པའི་བདག་ཉིད་ནི།། ཡང་དག་མིན་ཏེ་ཀུན་རྫོབ་ཡིན།། གཞན་གྱི་དབང་གི་ངོ་བོ་ཉིད། ། ཡོངས་སུ་གྲུབ་པ་ཞེས་བྱ་བ།། དོན་དམ་བདེན་པ་ཞེས་བྱ་བའོ།། སྟོང་པ་ཆེན་པོའི་རང་བཞིན་ནི།། ཆོས་བདག་མེད་པ་མཉམ་ཉིད་པས།། རང་སེམས་གཟོད་ནས་མ་སྐྱེས་པ།། རང་བཞིན་ཅན་ནི་ཀུན་རྫོབ་སྟེ། ། དོན་དམ་སྟོང་པ་ཉིད་ཡིན་པས།། རང་བཞིན་རང་བཞིན་མེད་པའོ།། བྱ་བ་དད་ནི་གཉི་ག་རྒྱུད།། ཕྱི་རོལ་སྤྱོད་པའི་བྱ་བ་དག་ཁྲུས་དང་གཙང་སྦྲ་ལ་སོགས་པ།། ཀུན་རྫོབ་ཡིན་ཏེ་དོན་དམ་མིན།། མཚན་མ་དག་ལ་རྟེན་བཅས་ནས། ། མཚན་མ་མེད་པ་སྒྲུབ་པ་དང།། ནང་ཉིད་དག་པར་སྦྱོར་བ་ནི།། ཡང་དག་བདེན་པ་ཞེས་བྱའོ།། རྣལ་འབྱོར་རྒྱུད་ནི་ཐམས་ཅད་ཀུན།། རང་ལ་རང་བཞིན་མེད་པ་སྟེ།། འཁོར་ལོ་བདག་ཉིད་ཐམས་ཅད་དུ། ། ཀུན་རྫོབ་ཡིན་ཏེ་འགོག་པ་ཡིན།། དོན་དམ་བདེན་པ་ཞེས་བྱ་བ།། གསང་བ་ཡིན་ཏེ་རང་བཞིན་མེད།། གསང་བའི་ཐིག་ལེ་ཀུན་གྱི་དབྱིངས།། དེ་ནི་སངས་རྒྱས་ཀུན་གྱི་དངོས།། འདི་ནི་སངས་རྒྱས་ཐམས་ཅད་ཀྱི། ། གསང་བ་དམ་པ་དྲི་མ་མེད།། ཡོན་ཏན་ཐམས་ཅད་འབྱུང་བའི་གནས།། ཐམས་ཅད་རང་བཞིན་མེད་པའོ།། ཤིན་ཏུ་རྣལ་འབྱོར་ཆེན་པོ་ནི།། ཏིང་ངེ་འཛིན་དང་སྤྱོད་པ་དང།། ཐབས་ཀྱི་རིམ་པ་ཀུན་རྫོབ་ཏེ། ། ཐེག་པ་ཐེག་པ་ཞེས་བྱའོ།། དོན་དམ་སྟོང་པ་ཉིད་ཡིན་པས།། རང་བཞིན་རང་བཞིན་མེད་པའོ།། ལྷ་དང་ཏིང་འཛིན་སྤྱོད་པ་འགྲེལ།། ལམ་ཀྱི་ནང་ན་ཉེ་ལམ་སྟེ།། ཐབས་ཀྱི་མཆོག་ཏུ་གྱུར་པས་ན། ། རྫོགས་པ་ཆེན་པོ་ཞེས་བྱའོ།། ཕྱི་རོལ་ཡུལ་ལས་ལོག་ནས་ནི།། ཇི་བཞིན་པ་ཡི་ངང་ལ་འཇུག། འདུ་ཤེས་མེད་པའི་ཤེས་པ་ཅན།། ནང་དུ་འདུ་བའི་རྟོག་མེད་སྒོམ།། རྩོལ་བ་མེད་པའི་སེམས་དཔའ་ཡིས། ། བཙལ་བ་མེད་པའི་རྡོ་རྗེ་བསྒོམ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་བཞིན་ནམ་མཁའ་ཆེ་རྒྱས་པའི་རྒྱུད་ལས། བདེན་པ་གཉིས་སོ་སོར་བསྟན་པའི་ལེའུ་སྟེ་བཅུ་གསུམ་པའོ། །།། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས། ཤིན་ཏུ་རྣལ་འབྱོར་གྱི་དོན་གསང་བ་བསྡུས་པ་འདི་གསུངས་སོ།། དངོས་པོའི་རང་བཞིན་ཐམས་ཅད་ནི།། ཆོས་ཀྱི་དབྱིངས་ཀྱི་ཐིག་ལེ་སྟེ། ། དེ་ཉིད་བསྒྲུབ་པའི་ཐབས་སུ་ནི།། མེ་ཤེལ་གཟུགས་བརྙན་ལ་སོགས་བརྟག། བརྟགས་པས་དངོས་པོ་མེད་མཐོང་སྟེ།། ཡང་དག་མཐོང་ནས་རྣམ་པར་གྲོལ།། གཟུགས་དང་སྒྲ་ལ་སོགས་པ་རྣམས། ། ཡང་དག་མ་ཡིན་ཀུན་རྟོག་ཡིན།། ཤེལ་རབ་ཐབས་ལས་ཐམས་ཅད་འབྱུང།། གང་ཞིག་དངོས་མེད་ཤེས་རབ་སྟེ།། རང་གི་མཚན་ཉིད་ཐབས་ཡིན་ནོ།། ཐབས་དང་ཤེས་རབ་སྙོམས་འཇུག་པ།། བདེ་བའི་བསམ་གཏན་ཆེན་པོ་ཡིན། ། སྒྱུ་མའི་རོ་ལ་མ་ཆགས་ན།། དེ་ནི་ཆགས་པ་ཆེན་པོ་ཡིན།། སྲོག་དང་མ་བྱིན་ལེན་པ་དང།། རྫུན་དང་རྩུབ་པའི་ངག་ལ་སོགས།། ཐམས་ཅད་མ་ལུས་སྤྱད་པ་སྟེ།། སྤྱད་ན་ཡེ་ཤེས་ཐོབ་པར་འགྱུར། ། སྐུ་གསུང་ཐུགས་སུ་གང་བསྒྲུབས་པས།། ཕྲ་མོའི་ཐིག་ལེ་རྫོགས་པར་བསྒོམ།། དེ་ནས་གྲུབ་པ་མཐོང་མ་ཐག། མ་སྐྱེས་པ་ཡི་ཏིང་འཛིན་བསྒོམ།། དེ་ཡང་རང་བཞིན་མཚན་མ་མེད།། གཉིས་མེད་གཉིས་སུ་མེད་མིན་ཞི། ། མི་འགྱུར་བ་དང་དྲི་མ་མེད།། ནམ་མཁའ་ལྟ་བུར་བདག་མེད་པའོ།། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཀུན་ཏུ་བཟང་པོ་ཐོད་རྒལ་གྱི་ཏིང་ངེ་འཛིན་ལ་ཞུགས་ཏེ་ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ། ། རིགས་ཀྱི་བུ་གང་ལ་ལས་ཤིན་ཏུ་རྣལ་འབྱོར་གྱི་དོན་འདི་ཐོས་པ་མེད་པའི་ཚུལ་དུ་ཐོས་པ་དང། མཐོང་བ་མེད་པའི་ཚུལ་གྱིས་མཐོང་བ་ལ་སོགས་པའི་རྟོགས་ཤིག། འདི་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བའི་དོན་ཟབ་མོ་ཡི་གེ་མེད་པའི་རྒྱུད་ཅེས་བྱའོ། ། འདི་ཡི་དོན་ནི་བླ་མའི་ཞལ་ལས་ཤེས་པར་བྱའོ།། དངོས་གྲུབ་ཀྱང་བླ་མ་ལ་གནས་སོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་བཞིན་ནམ་མཁའ་ཆེ་རྒྱས་པའི་རྒྱུད་ལས། ཤིན་ཏུ་རྣལ་འབྱོར་གྱི་དོན་བསྡུས་པའི་ལེའུ་སྟེ་བཅུ་བཞི་པའོ།།།། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་ཆེན་པོ་ལ་འཁོར་རྣམས་ཀྱིས་མགྲིན་གཅིག་ཏུ་བསྟོད་པ། ཐམས་ཅད་སྐུ་ཡི་བདག་པོ་མཆོག། མཚན་དང་དཔེ་བྱད་རྫོགས་པར་ལྡན།། ཤིན་ཏུ་རྣལ་འབྱོར་དོན་འཆང་བ།། ཐམས་ཅད་སྐུ་ཁྱོད་ཕྱག་འཚལ་ལོ།། ཐམས་ཅད་གསུང་གི་བདག་པོ་མཆོག། ཡི་གེ་མེད་པའི་གསུང་མཆོག་སྟེ། ། གསང་བ་ཟབ་མོའི་དོན་འཆང་བ།། ཐམས་ཅད་གསུང་ཁྱོད་ཕྱག་འཚལ་ལོ།། ཐམས་ཅད་ཐུགས་ཀྱི་བདག་པོ་མཆོག། ཡེ་ཤེས་ལྔ་ཡི་བདག་ཉིད་ཅན།། རྫོགས་པ་ཆེན་པོའི་དོན་འཆང་བ། ། ཐམས་ཅད་ཐུགས་ཁྱོད་ཕྱག་འཚལ་ལོ།། ཞེས་བརྗོད་པས། དེ་བཞིན་གཤེགས་པ་ཉིད་མཉེས་པར་གྱུར་ཏེ། གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་ལ་བོས་ནས། ཁྱོད་ཀྱིས་ཤིན་ཏུ་རྣལ་འབྱོར་གྱི་དོན་འདི། བྱང་ཆུབ་སེམས་དཔའི་རིགས་ཅན་གྱི་འགྲོ་བ་རྣམས་ལ་ཆོས་ཀྱི་འཁོར་ལོ་སྐོར་ཅིག་ཅེས་གསུངས་པས། ཕྱག་ན་རྡོ་རྗེ་བཅོམ་ལྡན་འདས་ཀྱིས་གསུངས་པ་བཞིན་དུ་བགྱིའོ།། ཞེས་བརྗོད་དོ།། དེ་ནས་ཆོས་ཀྱི་རྒྱལ་ཚབ་ཆེན་པོར་དབང་བསྐུར་རོ། ། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་འཁོར་དང་བཅས་པ་ཐམས་ཅད་ཤིན་ཏུ་རྣལ་འབྱོར་གྱི་དོན་ལ་ཞུགས་ཏེ་མི་སྣང་བར་གྱུར་ཏོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་བཞིན་ནམ་མཁའ་ཆེ་རྒྱས་པའི་རྒྱུད་ལས། བདག་པོ་མཉེས་པ་དང་ཡོངས་སུ་གཟུང་བའི་ལེའུ་སྟེ་བཅོ་ལྔ་པའོ།།།། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་བཞིན་ནམ་མཁའ་ཆེ་རྒྱས་པ་ཞེས་བྱ་བ་སྟེ། མན་ངག་གི་སྙིང་པོ་ཞེས་བྱ་བ་རྣལ་འབྱོར་མའི་རྒྱུད་ལས། རྫོགས་པའི་ཡང་རྫོགས་པ། ཟབ་མོའི་ཡང་ཟབ་མོ། ཤིན་ཏུ་རྣལ་འབྱོར་གྱི་དོན་མཐར་ཐུག་པ་རྫོགས་སོ། །།། རྒྱ་གར་གྱི་མཁན་པོ་ཛྙཱ་ན་གར་བྷ་དང། བོད་ཀྱི་དགེ་སློང་བཻ་རོ་ཙ་ནས་བསྒྱུར་ཅིང་གཏན་ལ་ཕབ་པ། ཕྱིས་སྐད་གསར་བཅད་ཀྱིས་བཅོས་པའོ།།།།
CLOSE WINDOW