CLOSE WINDOW

Gpb033.009: མན་ངག་ཐམས་ཅད་ཀྱི་སྡོམ
Wylie

རྒྱ་གར་སྐད་དུ། ཨུ་པ་དེ་ཤ་སརྦ་སཱུ་ཏྲ། ཤྲཱི་མ་ཧཱ་སུ་ཁ་ན་མཿ་བོད་སྐད་དུ། མན་ངག་ཐམས་ཅད་ཀྱི་སྡོམ། དཔལ་བདེ་བ་ཆེན་པོ་ལ་ཕྱག་འཚལ་ལོ།། མན་ངག་སྤྱི་ཡི་རྒྱ་མདུད་འདི།། བློ་དམན་རྣམས་ཀྱིས་མ་ཁྲོལ་བ། ། ཕོ་སྙིང་འདྲ་བའི་ལྟ་བས་བཀྲོལ།། མ་རིག་ཐ་རམས་སྔོན་པོ་འདི།། རྨོངས་པ་རྣམས་ཀྱིས་མི་ཕྱེད་པ།། འཕྲུལ་གྱི་ལྡེ་མིག་འདི་ཡིས་ཕྱེ།། དེ་ལ་ཐོག་མར་གསང་བའི་བདག་པོས། ཉིད་ཀྱི་བྱང་ཆུབ་ཀྱི་སེམས་བསོད་ནམས་ཀྱི་ངོ་བོ་ཡིན་པས། སེམས་དཔའ་རྡོ་རྗེས་རིག་ཅིང་རྟོགས་སམ། ཞེས་བྱ་བ་དྲི་བའི་ཕྱིར། འདི་སྐད་ཅེས་གསུངས་སོ།། ཀྱེ་སེམས་དཔའ་རྡོ་རྗེ་ཉོན་ཅིག། ང་ཡི་བྱང་ཆུབ་སེམས་གཅིག་ནི།། ཡེ་ཤེས་ལྔ་ཡི་རང་བཞིན་པས། ། དེ་དོན་ཁྱོད་ཀྱིས་རྟོགས་གྱུར་ཏམ།། སེམས་དཔའ་རྡོ་རྗེས་ཡང་གསོལ་པ། ཀྱེ་གསང་བའི་བདག་པོ་ལགས།། ཉིད་ཀྱི་བྱང་ཆུབ་སེམས་གཅིག་ནི།། ཡེ་ཤེས་ལྔ་ཡི་རང་བཞིན་པ།། དེ་དོན་བདག་གིས་རྟོགས་གྱུར་ཏེ། ། སེམས་ཉིད་དབྱིངས་ནས་མ་གཡོས་པ།། ཆོས་དབྱིངས་ཡེ་ཤེས་ཡིན་པར་རྟོགས།། གསལ་ལ་རྟོག་པ་མེད་པ་ནི།། མེ་ལོང་ཡེ་ཤེས་ཡིན་པར་རྟོགས།། སེམས་ལ་དབྱེ་བ་མེད་པ་ནི། ། མཉམ་ཉིད་ཡེ་ཤེས་ཡིན་པར་རྟོགས།། སེམས་ཉིད་ཅིར་ཡང་སྣང་བ་ནི།། ཀུན་རྟོག་ཡེ་ཤེས་ཡིན་པར་རྟོགས།། སེམས་ཀྱིས་ཀུན་ལ་དབང་བསྒྱུར་བ།། བྱ་གྲུབ་ཡེ་ཤེས་ཡིན་པར་རྟོགས།། ཞེས་གསོལ་ཏོ།། ཡང་གསུངས་པ། ང་ཡི་བྱང་ཆུབ་སེམས་གཅིག་ནི།། བདེ་གཤེགས་རིགས་ལྔའི་རང་བཞིན་ལ།། དེ་དོན་ཁྱོད་ཀྱིས་རྟོགས་གྱུར་ཏམ།། སེམས་དཔའ་རྡོ་རྗེས་ཡང་གསོལ་པ།། ཀྱེ་གསང་བའི་བདག་པོ་ལགས།། ཉིད་ཀྱི་བྱང་ཆུབ་སེམས་གཅིག་ནི། ། བདེ་གཤེགས་ལྔ་ཡི་རང་བཞིན་པ།། དེ་དོན་བདག་གིས་རྟོགས་གྱུར་ཏེ།། སེམས་ཉིད་ཅིར་ཡང་སྣང་བ་ནི།། རྣམ་པར་སྣང་མཛད་ཡིན་པར་རྟོགས།། སེམས་ལ་འཕོ་འགྱུར་མེད་པ་ནི། ། རྡོ་རྗེ་སེམས་དཔའ་ཡིན་པར་རྟོགས།། ཆེ་བའི་ཡེ་ཤེས་བྱུང་བས་ན།། རིན་ཆེན་འབྱུང་ལྡན་ཡིན་པར་རྟོགས།། སེམས་ཀྱིས་ཀུན་ལ་ཁྱབ་པས་ན།། སྣང་བ་མཐའ་ཡས་ཡིན་པར་རྟོགས།། བྱ་བཙལ་མེད་པར་གྲུབ་པས་ན། ། དོན་ཡོད་གྲུབ་པ་ཡིན་པར་རྟོགས།། ཞེས་གསོལ་ཏོ།། ཡང་གསུངས་པ། ང་ལ་བྱང་ཆུབ་སེམས་གཅིག་ནི།། སངས་རྒྱས་སྐུ་ལྔའི་རང་བཞིན་པ།། དེ་དོན་ཁྱོད་ཀྱིས་རྟོགས་གྱུར་ཏམ།། སེམས་དཔའ་རྡོ་རྗེས་ཡང་གསོལ་པ། ། ཀྱེ་གསང་བའི་བདག་པོ་ལགས། ཉིད་ཀྱི་བྱང་ཆུབ་སེམས་ཉིད་ནི།། སངས་རྒྱས་སྐུ་ལྔའི་རང་བཞིན་པས།། དེ་དོན་བདག་གིས་རྟོགས་གྱུར་ཏེ།། གཟུང་འཛིན་པ་ཡི་བྱང་ཆུབ་སེམས།། དེ་ནི་ཆོས་སྐུ་ཡིན་པར་རྟོགས། ། གསལ་ལ་རྟོག་པ་མེད་པ་ནི།། ལོངས་སྤྱོད་རྫོགས་སྐུ་ཡིན་པར་རྟོགས།། སེམས་ལ་དབང་ཐོབ་བསྒྱུར་ནུས་པ།། དེ་ནི་སྤྲུལ་སྐུ་ཡིན་པར་རྟོགས།། རང་རིག་མངོན་དུ་གྱུར་པ་ནི།། མངོན་པར་བྱང་ཆུབ་སྐུ་རུ་རྟོགས། ། སེམས་ལ་ཉིས་སྐྱོན་མེད་པ་ནི།། རྡོ་རྗེ་ལྟ་བུའི་སྐུ་རུ་རྟོགས།། ཞེས་གསོལ་ཏོ།། ཡང་གསུངས་པ། ཀྱེ་སེམས་དཔའ་རྡོ་རྗེ་ཉོན་ཅིག། ང་ཡི་བྱང་ཆུབ་སེམས་གཅིག་ནི།། ཉོན་མོངས་དུག་ལྔའི་རང་བཞིན་པ། ། དེ་དོན་ཁྱོད་ཀྱིས་རྟོགས་གྱུར་ཏམ།། སེམས་དཔའ་རྡོ་རྗེས་ཡང་གསོལ་པ།། ཉིད་ཀྱི་བྱང་ཆུབ་སེམས་གཅིག་ནི།། ཉོན་མོངས་དུག་ལྔའི་རང་བཞིན་པ།། དེ་དོན་བདག་གིས་རྟོགས་གྱུར་ཏེ། ། འདོད་པ་སྲིད་གསུམ་སངས་རྒྱས་འདོད།། ཆགས་པ་ཆོས་ཉིད་ངང་ལ་ཆགས།། སེམས་ནི་འདོད་ཆགས་ཡིན་པར་རྟོགས།། ཞེ་བ་བྱང་ཆུབ་དོན་ལ་ཞེ།། སྡང་བ་འཁོར་བའི་ཆོས་ལ་སྡང།། སེམས་ནི་ཞེ་སྡང་ཡིན་པར་རྟོགས། ། གཏི་བ་ཆོས་ཉིད་དོན་ལ་གཏི།། མུག་པ་འཁོར་བའི་ཆོས་ལ་མུག། སེམས་ནི་གཏི་མུག་ཡིན་པར་རྟོགས།། ང་ནི་བྱང་ཆུབ་སེམས་ཡིན་ལ།། རྒྱལ་ནི་ཐེག་པ་ཀུན་ལས་རྒྱལ།། སེམས་ནི་ང་རྒྱལ་ཡིན་པར་རྟོགས། ། ཕྲག་ནི་ཆོས་ཉིད་དབྱིངས་ཀྱི་ཕྲག། དོག་པ་མཚན་མ་ཀུན་ལ་དོག། སེམས་ནི་ཕྲག་དོག་ཡིན་པར་རྟོགས།། ཞེས་གསོལ་ཏོ།། ཡང་གསུངས་པ། ང་ཡི་བྱང་ཆུབ་སེམས་འདི་ནི། ཁ་དོག་དྲུག་གི་རང་བཞིན་ཏེ། ། དེ་དོན་ཁྱོད་ཀྱིས་རྟོགས་གྱུར་ཏམ།། སེམས་དཔའ་རྡོ་རྗེས་ཡང་གསོལ་པ།། ཉིད་ཀྱི་བྱང་ཆུབ་སེམས་ཉིད་ནི། ཁ་དོག་དྲུག་གི་རང་བཞིན་པ།། དེ་ནི་བདག་གིས་རྟོགས་གྱུར་ཏེ།། བྱང་ཆུབ་སེམས་ཀྱི་ཆོས་ཉིད་ལ། ། ཉོན་མོངས་སྐྱོན་གྱིས་མ་གོས་པས།། བྱང་ཆུབ་སེམས་ནི་དཀར་པོར་རྟོགས།། ཆེ་བའི་ཡེ་ཤེས་འབྱུང་བའི་ཕྱིར།། བྱང་ཆུབ་སེམས་ནི་སེར་པོར་རྟོགས།། ཐུགས་རྗེ་ཀུན་ལ་ཁྱབ་པའི་ཕྱིར།། བྱང་ཆུབ་སེམས་ནི་དམར་པོར་རྟོགས། ། གང་ལའང་ཐོགས་པ་མེད་པའི་ཕྱིར།། བྱང་ཆུབ་སེམས་ནི་ལྗང་གུར་རྟོགས།། གཞན་གྱིས་བསྒྱུར་དུ་མེད་པའི་ཕྱིར།། བྱང་ཆུབ་སེམས་ནི་ནག་པོར་རྟོགས།། སྣ་ཚོགས་ཅིར་ཡང་སྣང་བའི་ཕྱིར། ། བྱང་ཆུབ་སེམས་ནི་ཁྲ་བོར་རྟོགས།། ཞེས་གསོལ་ཏོ།། ཡང་གསུངས་པ། ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག། ང་ཡི་བྱང་ཆུབ་སེམས་གཅིག་ནི།། འདོད་སྤྱོད་ལྔ་ཡི་རང་བཞིན་པས།། དེ་དོན་ཁྱོད་ཀྱིས་རྟོགས་གྱུར་ཏམ། ། རྡོ་རྗེ་སེམས་དཔས་ཡང་གསོལ་པ།། ཀྱེ་གསང་བའི་བདག་པོ་ལགས། ཉིད་ཀྱི་བྱང་ཆུབ་སེམས་གཅིག་ནི།། འདོད་སྤྱོད་ལྔ་ཡི་རང་བཞིན་པ།། དེ་དོན་བདག་གིས་རྟོགས་གྱུར་པས།། སྣང་བ་ཐམས་ཅད་སེམས་ལས་སྣང། ། དེས་ན་སེམས་ཉིད་གཟུགས་སུ་རྟོགས།། གྲག་པ་ཐམས་ཅད་སེམས་ལ་གྲག། དེས་ནི་སེམས་ཉིད་སྒྲ་རུ་རྟོགས།། རོ་ཕྱོགས་ཐམས་ཅད་སེམས་ལ་བྲོ།། དེས་ན་སེམས་ཉིད་རོ་རུ་རྟོགས། ། དྲི་ཕྱོགས་ཐམས་ཅད་སེམས་ལ་བྲོ།། དེས་ན་སེམས་ཉིད་དྲི་རུ་རྟོགས།། རེག་ཚོགས་ཐམས་ཅད་སེམས་ལ་རེག། དེས་ན་སེམས་ཉིད་རེག་ཏུ་རྟོགས།། ཞེས་གསོལ་ཏོ།། ཡང་གསུངས་པ། ཀྱེ་སེམས་དཔའ་རྡོ་རྗེ་ཉོན་ཅིག། ང་ཡི་བྱང་ཆུབ་སེམས་གཅིག་ནི།། འབྱུང་བ་ལྔ་ཡི་རང་བཞིན་ལ།། དེ་དོན་ཁྱོད་ཀྱིས་རྟོགས་གྱུར་ཏམ།། སེམས་དཔའ་རྡོ་རྗེས་ཡང་གསོལ་པ།། ཀྱེ་གསང་བའི་བདག་པོ་ལགས།། ཉིད་ཀྱི་བྱང་ཆུབ་སེམས་གཅིག་ནི། ། འབྱུང་བ་ལྔ་ཡི་རང་བཞིན་པ།། དེ་དོན་བདག་གིས་རྟོགས་གྱུར་ཏེ།། བྱང་ཆུབ་སེམས་ཀྱིས་ཀུན་བསྡུས་པས།། བྱང་ཆུབ་སེམས་ལ་ཀུན་བརྟེན་པས།། བྱང་ཆུབ་སེམས་ནི་ཆུ་འདྲར་རྟོགས། ། ཀུན་ལ་སྙོམས་ཤིང་སྨིན་མཛད་པའི།། བྱང་ཆུབ་སེམས་ནི་མེ་འདྲར་རྟོགས།། གཟུགས་མེད་ཁམས་ལ་རྒྱུ་བས་ནི།། བྱང་ཆུབ་སེམས་ནི་རླུང་འདྲར་རྟོགས།། སྣང་མེད་མཁའ་ལ་ཁྱབ་པས་ནི།། བྱང་ཆུབ་སེམས་ནི་མཁའ་འདྲར་རྟོགས། ། ཞེས་གསོལ་ཏོ།། ཡང་གསུངས་པ། ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག། ང་ཡི་བྱང་ཆུབ་སེམས་གཅིག་ནི།། སྐུ་ལྔ་མངོན་དུ་ཕྱུང་གྱུར་པ།། དེ་དོན་ཁྱོད་ཀྱིས་རྟོགས་གྱུར་ཏམ།། སེམས་དཔའ་རྡོ་རྗེས་ཡང་གསོལ་པ། ཀྱེ་གསང་བའི་བདག་པོ་ལགས། ཉིད་ཀྱི་བྱང་ཆུབ་སེམས་གཅིག་ནི།། སྐུ་ལྔ་མངོན་དུ་ཕྱུང་གྱུར་ཏེ།། བྱང་ཆུབ་སེམས་ཀྱི་ཡེ་ཤེས་ནི།། འབྱུང་ཆེན་ལྔ་ཡི་སྐུར་ཕྱུང་ནས།། ཚིག་དང་ཡི་གེར་མི་སྟོན་ཏོ། ། རང་གི་ངོ་བོས་ཆོས་སྟོན་ཏོ།། བདག་ཏུ་མི་རྟོག་གཞན་མི་རྟོག། མི་རྟོག་མཉམ་པའི་ཆོས་སྟོན་ཏོ།། ཞེས་གསོལ་ཏོ།། ཡང་གསུངས་པ། ཀྱེ་རྡོ་རྗེ་སེམས་དཔའ་ཉོན་ཅིག། ང་ཡི་བྱང་ཆུབ་སེམས་གཅིག་ནི། ཁམས་གསུམ་དག་གི་རང་བཞིན་པ།། དེ་དོན་ཁྱོད་ཀྱིས་རྟོགས་གྱུར་ཏམ།། སེམས་དཔའ་རྡོ་རྗེས་ཡང་གསོལ་པ།། ཀྱེ་གསང་བའི་བདག་པོ་ལགས།། ཉིད་ཀྱི་བྱང་ཆུབ་སེམས་གཅིག་ནི། ཁམས་གསུམ་དག་གི་རང་བཞིན་པ། ། དེ་དོན་བདག་གིས་རྟོགས་གྱུར་ཏེ།། བྱང་ཆུབ་སེམས་ཀྱི་ཆོས་ཉིད་དེ།། མ་སྐྱེས་སྟོང་ལ་སྐྱེ་མེད་པས།། དེ་ནི་གཟུགས་མེད་ཁམས་སུ་རྟོགས།། དབང་པོ་ཡུལ་དུ་སྣང་བ་ནི།། དེ་ནི་གཟུགས་ཀྱི་ཁམས་སུ་རྟོགས། ། དེ་ཉིད་ཞེན་པས་བཟུང་བ་ནི།། དེ་ནི་འདོད་པའི་ཁམས་སུ་རྟོགས།། ཞེས་གསོལ་ཏོ།། ཡང་གསུངས་པ། ཀྱེ་སེམས་དཔའ་རྡོ་རྗེ་ཉོན་ཅིག། ང་ཡི་བྱང་ཆུབ་སེམས་གཅིག་ནི།། སྐུ་གསུང་ཐུགས་ཀྱི་རང་བཞིན་པ། ། དེ་དོན་ཁྱོད་ཀྱིས་རྟོགས་གྱུར་ཏམ།། སེམས་དཔའ་རྡོ་རྗེས་ཡང་གསོལ་པ། ཀྱེ་གསང་བའི་བདག་པོ་ལགས།། ཉིད་ཀྱི་བྱང་ཆུབ་སེམས་གཅིག་ནི།། སྐུ་གསུང་ཐུགས་ཀྱི་རང་བཞིན་པ།། དེ་ནི་བདག་གིས་རྟོགས་གྱུར་ཏེ། ། རང་བཞིན་ངོ་བོ་ཐུགས་རྗེ་གསུམ།། སེམས་ཀྱི་སྐུ་ལས་སྐུ་གཞན་མིན།། དེས་ན་སེམས་ཀྱི་སྐུ་རུ་རྟོགས།། སྣོད་བཅུད་སྒྲ་སྐད་སྣ་ཚོགས་པ།། སེམས་ཀྱི་གསུང་ལས་གཞན་མི་གྲག། དེས་ན་སེམས་ཉིད་གསུང་དུ་རྟོགས། ། ཀུན་གྱིས་མི་རྟོག་མཉམ་ཉིད་དེ།། བྱང་ཆུབ་སེམས་ཀྱི་ཐུགས་ཡིན་པས།། དེས་ན་སེམས་ནི་ཐུགས་སུ་རྟོགས།། ཞེས་གསོལ་ཏོ།། ཡང་གསུངས་པ། ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག། ང་ཡི་བྱང་ཆུབ་སེམས་གཅིག་ནི།། དུས་གསུམ་བཞུགས་པའི་རང་བཞིན་པ།། དེ་དོན་ཁྱོད་ཀྱིས་རྟོགས་གྱུར་ཏམ།། ཡང་སེམས་དཔའ་རྡོ་རྗེས་གསོལ་པ། ཀྱེ་གསང་བའི་བདག་པོ་ལགས།། ཉིད་ཀྱི་བྱང་ཆུབ་སེམས་གཅིག་ནི། ། དུས་གསུམ་བཞུགས་པའི་རང་བཞིན་པ།། དེ་དོན་བདག་གིས་རྟོགས་གྱུར་ཏེ།། འདས་དང་མ་བྱོན་ད་ལྟར་གྱི།། དུས་གསུམ་དབྱེ་བ་མེད་པ་རུ།། བྱང་ཆུབ་སེམས་ནི་གནས་པའི་ཕྱིར། ། སེམས་ཉིད་དུས་གསུམ་ཁྱབ་པར་རྟོགས།། ཞེས་གསོལ་ཏོ།། ཡང་གསུངས་པ། ཀྱེ་སེམས་དཔའ་རྡོ་རྗེ་ཉོན་ཅིག། ང་ཡི་བྱང་ཆུབ་སེམས་གཅིག་ནི།། རྒྱུ་འབྲས་ལམ་གྱི་རང་བཞིན་པས།། དེ་དོན་ཁྱོད་ཀྱིས་རྟོགས་གྱུར་ཏམ། ། སེམས་དཔའ་རྡོ་རྗེས་གསོལ་པ། ཀྱེ་གསང་བའི་བདག་པོ་ལགས།། ཉིད་ཀྱི་བྱང་ཆུབ་སེམས་གཅིག་ནི།། རྒྱུ་འབྲས་ལམ་གྱི་རང་བཞིན་པ།། དེ་དོན་བདག་གིས་རྟོགས་གྱུར་ཏེ།། སེམས་རྟོགས་སངས་རྒྱས་བྱུང་བའི་ཕྱིར། ། སེམས་ནི་སངས་རྒྱས་རྒྱུ་རུ་རྟོགས།། མ་ཡིས་གནས་པ་ལམ་ཡིན་པས།། སེམས་ནི་སངས་རྒྱས་ལམ་དུ་རྟོགས།། མངོན་དུ་གྱུར་པ་འབྲས་བུ་པས།། སེམས་ནི་འབྲས་བུ་ཡིན་པར་རྟོགས། ། ཞེས་གསོལ་ཏོ།། ཡང་གསུངས་པ། ཀྱེ་སེམས་དཔའ་རྡོ་རྗེ་ཉོན་ཅིག། ང་ཡི་བྱང་ཆུབ་སེམས་གཅིག་ནི།། ཕུན་སུམ་ཚོགས་པའི་རང་བཞིན་པ།། དེ་སྐད་ཁྱོད་ཀྱིས་རྟོགས་གྱུར་ཏམ།། སེམས་དཔའ་རྡོ་རྗེས་གསོལ་པ། ཀྱེ་གསང་བའི་བདག་པོ་ལགས།། ཉིད་ཀྱི་བྱང་ཆུབ་སེམས་གཅིག་ནི།། ཕུན་སུམ་ཚོགས་པའི་རང་བཞིན་པ།། དེ་དོན་བདག་གིས་རྟོགས་གྱུར་ཏེ།། རང་བྱུང་ཡེ་ཤེས་སྒྲིབ་མེད་པས།། སྟོན་པ་ཕུན་སུམ་ཚོགས་པར་རྟོགས། ། རིག་པ་འདུ་འབྲལ་མེད་པ་ནི།། དེ་འཁོར་ཕུན་སུམ་ཚོགས་པར་རྟོགས།། སེམས་ཉིད་མ་བཅོས་རྣལ་བཞག་པས།། བསྟན་པ་ཕུན་སུམ་ཚོགས་པར་རྟོགས།། ཞེས་གསོལ་ཏོ།། ཡང་གསུངས་པ། ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག། ང་ཡི་བྱང་ཆུབ་སེམས་གཅིག་ནི།། ཚུལ་ནི་ཇི་ལྟར་ཡིན་པར་རྟོགས།། སེམས་དཔའ་རྡོ་རྗེས་གསོལ་པ། ཀྱེ་གསང་བའི་བདག་པོ་ལགས།། ཉིད་ཀྱི་བྱང་ཆུབ་སེམས་གཅིག་ནི། ། ཚུལ་ནི་འདི་ལྟར་ཚོགས་གྱུར་ཏེ།། ཡིན་ཚུལ་ངེས་པ་མེད་པ་ལ།། སྣང་ཚུལ་ཅིར་ཡང་སྣང་བར་རྟོགས།། ཞེས་གསོལ་ཏོ།། ཡང་གསུངས་པ། ཀྱེ་སེམས་དཔའ་རྡོ་རྗེ་ཉོན་ཅིག། ཡོད་པར་རྟོགས་སམ་མེད་པར་རྟོགས། ། སེམས་དཔའ་རྡོ་རྗེས་གསོལ་པ། ཀྱེ་གསང་བའི་བདག་པོ་ལགས།། ཉིད་ཀྱི་བྱང་ཆུབ་སེམས་གཅིག་ནི།། མཚན་མའི་དངོས་པོར་མེད་པར་རྟོགས།། རིག་པའི་ངོ་བོར་ཡོད་པར་རྟོགས།། ཞེས་གསུངས་སོ། ། ཡང་གསུངས་པ། ཀྱེ་སེམས་དཔའ་རྡོ་རྗེ་ཉོན་ཅིག། ང་ཡི་བྱང་ཆུབ་སེམས་རྟོགས་ཡིད་ཆེས་དད་པ་ཇི་ལྟར་སྐྱེ།། དེ་དོན་ཁྱོད་ཀྱིས་རྟོགས་གྱུར་ཏམ།། སེམས་དཔའ་རྡོ་རྗེས་གསོལ་པ། ཀྱེ་གསང་བའི་བདག་པོ་ལགས། ། ཉིད་ཀྱི་བྱང་ཆུབ་སེམས་རྟོགས་པས།། ཡིད་ཆེས་དད་པ་འདི་ལྟར་སྐྱེ།། བྱང་ཆུབ་སེམས་ཀྱི་ཆོས་ཉིད་ཀྱིས།། ཅི་ལྟར་སྣང་བའི་ཆོས་རྣམས་ཀུན།། མི་སྣང་བ་ལ་མངོན་དུ་འབྱིན་ནུས་པས། ། ཆོས་ཀྱི་སྙིང་པོ་ཡིན་པར་ཡིད་ཀྱང་ཆེས།། རྒྱུ་ལས་མ་བྱུང་རྐྱེན་གྱིས་མ་བསྐྱེད་པས།། རང་བྱུང་ཡེ་ཤེས་ཡིན་པར་ཡིད་ཀྱང་ཆེས།། རང་བཞིན་བཅུ་ཡིས་རྩལ་དུ་མེད་པའི་ཕྱིར།། མ་བཙལ་ལྷུན་གྱིས་གྲུབ་པར་ཡིད་ཀྱང་ཆེས། ། ཆོས་རྣམས་ཐམས་ཅད་གཏན་ལ་ཕབ་པའི་ཕྱིར།། བསྟན་པའི་སྒྲོན་མེ་ཡིན་པར་ཡིད་ཀྱང་ཆེས།། ཉམས་སུ་བླངས་ཤིང་བློ་ལ་བཞག་པའི་ཆོས་ཡིན་པས།། མན་ངག་ཀུན་གྱི་རྩ་བ་ཡིན་པར་ཡིད་ཀྱང་ཆེས། ། སྡེ་སྣོད་ཀུན་དང་རྒྱུད་ཀུན་གྱི།། འབྱུང་གནས་གཏན་ལ་འབེབས་པས་ན།། ཀུན་གྱི་སྤྱི་འབྲེལ་ཡིན་པར་ཡིད་ཀྱང་ཆེས།། རྒྱུ་འབྲས་ཐེག་པ་ཅན་ལ་ཁྱད་འཕགས་པས།། ཐེག་པའི་ཉིང་ཁུ་ཡིན་པར་ཡིད་ཀྱང་ཆེས། ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི།། ལམ་དུ་ཁྱེར་བའི་ཆོས་ཉིད་དེ།། བྱང་ཆུབ་སེམས་ལས་མེད་པའི་ཕྱིར།། བསྟན་པའི་ཡངས་ཆེན་ཡིན་པས་ཡིད་ཀྱང་ཆེས།། ཐམས་ཅད་ཉིད་དུ་འདུས་པའི་ཕྱིར།། ཀུན་གྱི་རྩ་བ་ཡིན་པར་ཡིད་ཀྱང་ཆེས། ། ཐམས་ཅད་ཉིད་ཀྱིས་བྱས་པའི་ཕྱིར།། ཀུན་གྱི་མཁན་པོ་ཡིན་པར་ཡིད་ཀྱང་ཆེས།། ཐམས་ཅད་ཉིད་ལས་བྱུང་བའི་ཕྱིར།། ཀུན་གྱི་འབྱུང་གནས་ཡིན་པར་ཡིད་ཀྱང་ཆེས།། ཐམས་ཅད་ཉིད་ལ་གནས་པའི་ཕྱིར། ། ཀུན་གྱི་གཞི་མ་ཡིན་པར་ཡིད་ཀྱང་ཆེས།། ཐམས་ཅད་ལས་ལ་གྱེས་པའི་ཕྱིར།། ཀུན་གྱི་སྡོང་པོ་ཡིན་པར་ཡིད་ཀྱང་ཆེས།། ཐམས་ཅད་ཉིད་ལས་མེད་པའི་ཕྱིར།། ཀུན་གྱི་ངོ་བོ་ཡིན་པར་ཡིད་ཀྱང་ཆེས། ། སྣང་མེད་ཀུན་ལ་ཁྱབ་པས་ན།། བརྡལ་བ་ཆེན་པོ་ཡིན་པར་ཡིད་ཀྱང་ཆེས།། གཅིག་ལས་དུ་མར་བགྲང་དུ་མེད་པའི་ཕྱིར།། ཐིག་ལེ་ཉག་གཅིག་ཡིན་པར་ཡིད་ཀྱང་ཆེས།། དུས་གསུམ་འཕོ་འགྱུར་མེད་པར་བྱ་བའི་ཕྱིར། ། མི་ནུབ་རྒྱལ་མཚན་ཡིན་པར་ཡིད་ཀྱང་ཆེས།། རང་ལ་ཡོད་ཅིང་རྟོགས་པར་དཀའ་བའི་ཕྱིར།། གསང་བའི་མན་ངག་ཡིན་པར་ཡིད་ཀྱང་ཆེས།། ཞེས་གསོལ་ཏོ།། དེ་ནས་སེམས་དཔའ་རྡོ་རྗེས་གསང་བའི་བདག་པོ་ལ་འདི་སྐད་ཅེས་གསོལ་ཏོ། ། ཀྱེ་གསང་བའི་བདག་པོ་ལགས།། བླ་མེད་བྱང་ཆུབ་ཆེན་པོ་འདི།། བཅོས་པས་གྲུབ་བམ་མ་བཅོས་གྲུབ།། གསང་བའི་བདག་པོས་བསྟན་དུ་གསོལ། ། གསང་བའི་བདག་པོས་གསུངས་པ། ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག། བླ་མེད་བྱང་ཆུབ་ཆེན་པོ་འདི།། བཅོས་པས་གྲུབ་པ་མ་ཡིན་ཏེ།། མ་བཅོས་རྣལ་དུ་བཞག་པས་གྲུབ།། སྔར་འདས་སངས་རྒྱས་ཐམས་ཅད་ཀྱང། ། ཇི་བཞིན་པ་ལ་བཅོས་པ་མེད།། ད་ལྟར་སངས་རྒྱས་ཐམས་ཅད་ཀྱང།། ཇི་བཞིན་པ་ལ་བཅོས་མི་མཛད།། མ་འོངས་སངས་རྒྱས་ཐམས་ཅད་ཀྱང།། ཇི་བཞིན་པ་ལ་བཅོས་མི་འགྱུར། ། གསང་བའི་བདག་པོ་ང་ཡིས་ཀྱང།། ཇི་བཞིན་པ་ལ་བཅོས་མ་མྱོང།། སེམས་དཔའ་ཆེན་པོ་ཁྱོད་ཀྱིས་ཀྱང།། ཇི་བཞིན་པ་ལས་བཅོས་མ་བྱེད།། སེམས་དཔའ་ཆེན་པོ་རང་ལུས་མ་བཅོས་པ་ལ་ལྷ་མ་བསྒོམས། ། སྨྲ་བའི་ཚིག་དང་ངག་མ་བཅོས།། ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག། ཆུ་མ་སྙོགས་ན་དངས། སེམས་མ་བཅོས་ན་གསལ། ལམ་མ་བགྲོད་ན་ཉེ། འབྲས་བུ་མ་དམིགས་ན་ཐོབ། ཀྱེ་སེམས་དཔའ་ཆེན་པོ་ཇི་ལྟར་སྣང་བའི་ཆོས་རྣམས་ཀུན། དེ་བཞིན་ཉིད་དུ་གཅིག་པ་ལ།། དེ་ལས་སུའང་འཆོས་པར་མ་བྱེད་ཅིག། མ་བཅོས་མཉམ་པའི་རྒྱལ་པོ་དེ་ལ་ནི། མི་རྟོག་ཆོས་སྐུའི་དགོངས་པ་འདི་ལ་གནས།། ཅི་བཞིན་པ་ལ་བཅོས་མ་བྱེད། ། ཇི་བཞིན་པ་ལ་སུས་བཅོས་པ།། དེ་ཡིས་རྣལ་དུ་འབྱོར་པ་མེད།། རྣལ་དུ་མ་འབྱོར་དོན་མི་འགྲུབ།། ཇི་བཞིན་པ་ལ་འཆོས་མ་བྱེད།། ཇི་བཞིན་པ་ལ་སུ་འཆོས་པ།། དེ་ཡི་མྱ་ངན་མི་འདའ་སྟེ། ། དེ་ནི་འཁོར་བའི་སྙིང་པོ་འགྲུབ།། ཀྱེ་སེམས་དཔའ་ཆེན་པོ། རང་ལས་མེད་ཀྱི་གཞན་མ་བལྟ།། འགྲོ་ས་མེད་ཀྱི་ཅོག་གེ་སྡོད།། ཕུགས་ན་འདུག་གི་སྒོར་མ་འབྱུང།། ཡེ་ནས་ཡིན་གྱིས་གཟོད་མ་འཚོལ།། རང་བྱུང་ཡེ་ཤེས་ཕུགས་ནས་སྒོར་ཕྱུང་བས། ། མཚན་མ་སྣ་ཚོགས་ཆོས་དང་ཐུག་གིས་ཕྲད།། དེ་ལ་བརྟགས་ཤིང་དཔྱད་བྱས་པས། ཁམས་གསུམ་འཁོར་བའི་སྙིང་པོ་འགྲུབ།། རང་བྱུང་ཡེ་ཤེས་ཕུགས་ནས་སྒོར་ཕྱུང་བས། ། བལྟར་མེད་བལྟས་པས་མ་མཐོང་སྒྲིབ་པ་འབྱུང།། བཙལ་མེད་བཙལ་བས་མ་གྲུབ་གོལ་ས་བྱུང།། ཀྱེ་སེམས་དཔའ་ཆེན་པོའོ།། བྱས་པའི་སྤྱོད་པ་སྤྱོད་པ་ཟང་མ་མིན།། དམིགས་པའི་ཏིང་འཛིན་སྒོམ་པ་ཟང་མ་མིན། ། གསལ་བའི་ཡེ་ཤེས་ཡེ་ཤེས་ཟང་མ་མིན།། བསྒྲུབས་པའི་འབྲས་བུ་འབྲས་བུ་ཟང་མ་མིན།། ཕྱོགས་ལྷུང་ཡོད་ན་ལྟ་བ་ཟང་མ་མིན།། འཕོ་འགྱུར་ཡོད་ན་ཆོས་ཉིད་ཟང་མ་མིན།། འབྱུང་བའི་སྤྱོད་པ་སྤྱོད་པ་ཟང་མ་མིན། ། དམིགས་པ་མེད་ན་སྒོམ་པ་ཟང་མ་ཡིན།། གསལ་འགྲིབ་མེད་ན་ཡེ་ཤེས་ཟང་མ་ཡིན།། ལྷུན་གྱིས་གྲུབ་པ་ཡེ་ཤེས་ཟང་མ་ཡིན།། ཕྱོགས་ལྷུང་མེད་ན་ལྟ་བ་ཟང་མ་ཡིན།། འཕོ་འགྱུར་མེད་ན་ཆོས་ཉིད་ཟང་མ་ཡིན། ། ཀྱེ་སེམས་དཔའ་ཆེན་པོ་དེ་ལྟ་བས་ན། ཆོས་ཇི་བཞིན་པའི་ངང་ལ་བློ་ཇི་བཞིན་པ་བཞག་སྟེ། དབང་པོ་རྒྱ་ཡན། རིག་པ་ཁྱབ་གདལ། ལུས་སེམས་བཅོས་པ་མེད་པར་བཞག་གོ། དབང་པོ་ཡུལ་ལ་ཡན་པ་བསྡུ་མི་བྱ། ། ཡུལ་དང་དབང་པོ་མི་དབྱེ་ལྷུག་པར་བཞག། ཆོས་རྣམས་ངོ་ཡིས་མི་བཟུང་གྱི་ནར་བཞག། མཉམ་གཞག་ཡིན་ལ་གཞོག་ཅིག་རྗེས་ཐོབ་རྟ་ལྟར་བཙའ།། ཞེས་གསུངས་སོ།། ཡང་གསོལ་པ། ཀྱེ་གསང་བའི་བདག་པོ་ལགས། དཔེ་མཚོན་ཚིག་གི་ལྡེ་མིག་གིས།། དོན་གྱི་གསང་སྒོ་དབྱེ་བྱ་སྟེ།། དེ་དོན་བདག་ལ་བསྟན་དུ་གསོལ།། གསང་བའི་བདག་པོས་གསུངས་པ། ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག། དཔེ་མཚོན་ཚིག་གི་ལྡེ་མིག་གིས། ། དོན་གྱི་གསང་སྒོ་དབྱེ་བྱ་སྟེ།། དེ་དོན་བསྟན་པ་འདི་ལྟ་སྟེ། མཁའ་ལ་ཤར་བའི་གཟུགས་སོགས་རྣམས།། དངས་པའི་རྒྱ་མཚོ་ཆེན་པོ་རུ།། དེ་ཉིད་མ་འདྲེས་ཡོངས་སུ་རྫོགས། ། དེ་བཞིན་ཆོས་རྣམས་ཐམས་ཅད་ཀྱང།། གཉིས་མེད་ཡེ་ཤེས་ངོ་ཁ་ལ།། དེ་ཉིད་མ་འདྲེས་ཡོངས་སུ་རྫོགས།། མཁའ་ལ་ཤར་བའི་གཟུགས་སོགས་རྣམས།། དངས་པའི་རྒྱ་མཚོ་ཆེན་པོ་ཡིས།། བླང་བ་མེད་ཅིང་དོར་བ་མེད། ། གཟུང་བ་མེད་ཅིང་དོར་བ་མེད།། མཁའ་ལ་གཟུགས་སོགས་ཤར་བ་རྣམས།། ཆུ་ནང་གཟུགས་བརྙན་ཤུགས་ཀྱིས་འབྱུང།། ཀུན་གཞི་མཁའ་ལ་རིག་ཤར་བས།། རིག་པའི་རྩལ་ཤུགས་ཤུགས་ཀྱིས་འབྱུང། ། མཁའ་ལ་ཤར་བའི་གཟུགས་སོགས་དང།། ཆུ་ནང་དག་གི་གཟུགས་བརྙན་གཉིས།། གཅིག་པ་མ་ཡིན་ཐ་དད་མིན།། དེ་བཞིན་རིག་པའི་རྒྱལ་པོ་དང།། རིག་པའི་རྩལ་དུ་སྣང་བ་གཉིས།། གཅིག་པ་མ་ཡིན་ཐ་དད་མིན། ། དཔེར་ན་ནམ་མཁའི་གཟུགས་གཅིག་ལ།། ཆུ་ནང་གཟུགས་བརྙན་བསམ་མི་ཁྱབ།། དེ་བཞིན་རིག་པ་གཅིག་པ་ལ།། རིག་པའི་རྩལ་ཤུགས་བསམ་མི་ཁྱབ།། དཔེར་ན་ཆུ་ནང་ཟླ་བ་ཡང། ། སྣང་ཡང་དེ་ལ་རང་བཞིན་མེད།། དེ་བཞིན་རིག་པའི་རྩལ་སྣང་བ།། སྣང་ཡང་དེ་ལ་རང་བཞིན་མེད།། ཚོན་ལྔ་འདྲེས་པའི་ཁ་དོག་ལ།། འདི་ཞེས་གཅིག་ཏུ་ངོས་གཟུང་མེད།། དེ་བཞིན་སོ་སོར་དབྱེར་མེད་ཀྱང། ། ཀུན་བྲལ་ཅི་ཡང་མ་སྤངས་པའོ།། ཆོས་རྣམས་འདུས་པའི་ཡེ་ཤེས་ལ།། འདི་ཞེས་གཅིག་ཏུ་ངོས་གཟུང་མེད།། དེ་བཞིན་སོ་སོར་དབྱེ་བ་ཡང།། ཀུན་བྲལ་ཅི་ཡང་མ་སྤངས་པའོ།། སྣ་ཚོགས་དར་གྱི་མིང་རྣམས་ཀྱང། ། ཟ་འོག་སྣམ་བུར་བྱས་ཙམ་ན།། སྣ་ཚོགས་དར་མིང་བྲལ་ནས་ཀྱང།། སྣམ་བུར་བཏགས་པ་ཇི་བཞིན་དུ།། དེ་བཞིན་ཆོས་རྣམས་ཐམས་ཅད་ཀྱང།། གཉིས་མེད་ཡེ་ཤེས་བསྡུས་ཙམ་ན།། སྣ་ཚོགས་ཆོས་ཀྱི་མིང་དང་བྲལ་ནས་ཀྱང། ། གཉིས་མེད་ཐིག་ལེ་ཆེན་པོར་གཅིག། གསེར་ལས་བྱས་པའི་རྫས་རྣམས་ཀུན།། མིང་དབྱིབས་ལ་སོགས་ཐ་དད་ཀྱང།། ངོ་བོ་གསེར་དུ་གཅིག་པ་བཞིན།། སེམས་ཀྱིས་བཏགས་པའི་ཆོས་རྣམས་ཀུན། ། མིང་དབྱིབས་ལ་སོགས་ཐ་དད་ཀྱང།། ཆོས་ཉིད་ངོ་བོར་དབྱེར་མེད་གཅིག། དཔེར་ན་རས་སྣམ་ཡུག་གཅིག་ལ།། ཚོན་གྱི་རྐྱེན་གྱིས་སོ་སོར་སྣང།། སྣང་ཡང་རས་སུ་དབྱེར་མེད་གཅིག། དེ་བཞིན་ཆོས་ཀྱི་རྒྱུ་གཅིག་ལ། ། དབང་པོ་རྐྱེན་གྱིས་སོ་སོར་སྣང།། ཆོས་དེ་ངོ་བོར་དབྱེར་མེད་གཅིག། ཤེལ་སྒོང་དག་གི་དྲུང་དག་ཏུ། ཁ་དོག་སྣ་ཚོགས་རས་བཞག་པས།། གང་བཞག་རྐྱེན་གྱིས་དེ་ལྟར་སྣང།། སྣང་ཡང་ཤེལ་ལ་འགྱུར་བ་མེད། ། དེ་བཞིན་སེམས་ཉིད་རྒྱུད་གཅིག་ལ།། འགྲོ་བ་རིགས་དྲུག་སོ་སོ་ནས།། ལས་བག་རྐྱེན་གྱིས་སོ་སོར་སྣང།། ཆོས་ཉིད་ངང་ལས་འགྱུར་བ་མེད།། རྒྱུ་ཉིད་གསེར་དུ་གཅིག་པ་ལ།། བཟོ་ཡི་ལས་ཀྱིས་བསྒྱུར་བྱས་ཏེ། ། སྐུ་གཟུགས་ཆེན་པོ་བྱས་པའི་ཚེ།། གསེར་ཡང་བཟོ་ཡི་རྫས་སུ་སྣང།། ཆོལ་ཟངས་དྲི་སྣོད་བྱས་པའི་ཚེ།། གསེར་ཡང་ངན་པའི་རྫས་སུ་སྣང།། དེ་བཞིན་ཆོས་ཉིད་རྒྱུ་གཅིག་ལ། ། འཁྲུལ་པ་ཅན་གྱིས་བརྟགས་ཙམ་ན།། ཡུལ་ཡང་མ་དག་འཇིག་རྟེན་ཁམས།། ངམ་གྲོག་གཡང་ས་ལུང་ཁུང་རྣམས།། ཡེ་ཤེས་ཅན་གྱི་ངོ་ཁ་ལ།། ཡུལ་གྱི་ཞིང་ཁམས་རྣམ་དག་སྟེ།། བདེ་བ་ཅན་གྱི་ཡུལ་དུ་སྣང། ། གཉིས་མེད་ཡེ་ཤེས་ངོ་ཁ་ལ།། སྣང་དང་མི་སྣང་གཉིས་སུ་མེད།། སྨན་དང་དུག་ཏུ་གཅིག་པ་ལ།། ལ་ལའི་སྨན་ཡང་ལ་ལའི་དུག། ཧ་ལ་ནག་པོའི་དུག་དག་ཀྱང།། ཐབས་མཁས་བཟའ་ལེགས་སྨན་གྱི་མཆོག། སྨན་པའི་རྒྱལ་པོ་བཅུད་ལེན་ཡང།། ཐབས་མ་མཁས་ཤིང་བཟའ་ཉེས་ན།། ཧ་ལ་ནག་པོའི་དུག་དང་མཚུངས།། འདོད་ཆགས་ཞེ་སྡང་གཏི་མུག་ཀྱང།། བསྐྱེད་པ་མེད་པའི་ཡེ་ཤེས་ཡིན།། རང་བྱུང་ཡེ་ཤེས་ཆེན་པོ་ཡང། ། རྣམ་རྟོག་རླུང་གིས་བསྐྱོད་ཙམ་ན།། འདོད་ཆགས་ཞེ་སྡང་གཏི་མུག་ཡིན།། ས་འོག་གནས་པའི་གསེར་དག་བྱང།། བདག་པོ་མེད་ན་རྡོ་དང་འདྲ།། དགོས་པ་ཅི་ཡང་ཆེ་རྒྱུ་མེད།། ཀུན་ལ་ཡོད་པའི་བྱང་ཆུབ་སེམས། ། ཡེ་ཤེས་མེད་ན་འཁྲུལ་པ་ཡིན།། དགོས་པ་ཅི་ཡང་ཆེ་རྒྱུ་མེད།། མི་གཡོ་ཡེ་ཤེས་ལྡན་གྱུར་ན།། ཐིག་ལེ་ཉག་གཅིག་ཆོས་ཀྱི་སྐུ།། བྱིན་རླབས་ཡིད་བཞིན་ནོར་བུའི་ཚུལ།། དེ་ནས་སེམས་དཔའ་རྡོ་རྗེས་གསང་བའི་བདག་པོ་ལ་འདི་སྐད་ཅེས་གསོལ་ཏོ། ། ཀྱེ་གསང་བའི་བདག་པོ་ལགས།། རྫོགས་པ་ཆེན་པོའི་ངེས་ཚིག་ཇི་ལྟར་ལགས།། དེ་ལ་བླང་དོར་ཡོད་དམ་མེད།། གསང་བའི་བདག་པོས་གསུངས་པ།། ཇི་ལྟར་ནམ་མཁའི་མཚན་ཉིད་དུ། ། སྣང་ཉིད་མ་བགག་ཤོང་བ་ལྟར།། རྫོགས་པ་ཆེན་པོའི་མཚན་ཉིད་དུ།། མེད་པའི་ཆོས་དང་ཡོད་པའི་ཆོས།། དེ་བཞིན་སྲིད་དང་མི་སྲིད་པ།། སངས་རྒྱས་སེམས་ཅན་བདེ་སྡུག་བསྔལ། ། བཟང་ངན་ཆེ་ཆུང་སྐྱོན་ཡོན་ཏན།། ལྷག་མ་མེད་པར་ཡོངས་རྫོགས་པས། དེ་ཕྱིར་དེ་ལ་རྫོགས་ཞེས་བྱ།། རིན་པོ་ཆེ་ཡི་གསེར་གླིང་དུ།། ཐམས་ཅད་གསེར་ལས་མེད་པའི་ཕྱིར།། དོར་དུ་རུང་བ་ཡོད་མ་ཡིན། ། རྫོགས་པ་ཆེན་པོའི་ཆོས་ཉིད་ལ།། སྤང་བ་གང་ཡང་མེད་པའི་ཕྱིར།། དོར་དུ་རུང་བ་ཡོད་མ་ཡིན།། གཉིས་མེད་ཡེ་ཤེས་ཁོ་ན་ལ།། མཚན་མ་ཅི་ཡང་མི་སྣང་ཕྱིར།། བླང་དུ་རུང་བ་ཡོད་མ་ཡིན།། ཅེས་གསུངས་སོ། ། ཡང་གསོལ་བ། ཀྱེ་གསང་བའི་བདག་པོ་ལགས། མ་འདྲེས་ཡོངས་སུ་རྫོགས་ཞེས་བྱ།། དེ་དོན་བདག་ལ་བསྟན་དུ་གསོལ།། གསང་བའི་བདག་པོས་གསུངས་པ། མཁའ་ལ་གཟུགས་སོགས་མ་འདྲེས་པ། ། ཆུ་ནང་ཕྱོགས་སུ་ཡོངས་སུ་རྫོགས།། འབྱུང་བ་རྣམ་བཞི་མ་འདྲེས་པ།། ནམ་མཁའི་ངང་དུ་ཡོངས་སུ་རྫོགས།། སྣ་ཚོགས་དར་སྣ་མ་འདྲེས་པ།། ཟ་འོག་སྣམ་བུར་ཡོངས་སུ་རྫོགས།། ཚོན་རྩི་རྣམ་ལྔ་མ་འདྲེས་པ། ། དཀྱིལ་འཁོར་ཆེན་པོར་ཡོངས་སུ་རྫོགས།། རིན་ཆེན་སྣ་བཞི་མ་འདྲེས་པ།། རི་བོ་མཆོག་རབ་ཡོངས་སུ་རྫོགས།། ཀུན་རྫོབ་ཕྱོགས་ནས་མ་འདྲེས་པ།། དོན་དམ་ཕྱོགས་སུ་ཡོངས་སུ་རྫོགས། ། ཆོས་ཅན་ཕྱོགས་ནས་མ་འདྲེས་པ།། ཆོས་ཉིད་ཕྱོགས་སུ་ཡོངས་སུ་རྫོགས།། བསམ་དབང་ཕྱོགས་ནས་མ་འདྲེས་པ།། དངོས་དབང་ཕྱོགས་ནས་ཡོངས་སུ་རྫོགས།། འཁྲུལ་དབང་ཕྱོགས་ནས་མ་འདྲེས་པ། ། གཉིས་མེད་ཕྱོགས་སུ་ཡོངས་སུ་རྫོགས།། བརྒྱད་ཀྱི་ལྟ་སྤྱོད་མ་འདྲེས་པ། ཨ་ཏི་ཡོ་གར་ཡོངས་སུ་རྫོགས།། ཡང་གསོལ་པ། ཀྱེ་གསང་བའི་བདག་པོ་ལགས། སྤྱི་བཅིངས་རྒྱལ་པོ་ཞེས་བགྱི་བ།། དེ་དོན་བདག་ལ་བསྟན་དུ་གསོལ། གསང་བའི་བདག་པོས་གསུངས་པ།། ལམ་གྱི་སྤྱི་ནི་གྲོངས་ཀྱིས་བཅིངས།། ཆུ་དྲན་སྤྱི་ནི་རྒྱ་མཚོས་བཅིངས།། རི་བདུན་སྤྱི་ནི་རི་བོས་བཅིངས།། འབྱུང་བཞིའི་སྤྱི་ནི་ནམ་མཁས་བཅིངས། ། ཐེག་པའི་སྤྱི་ནི་ཨ་ཏིས་བཅིངས།། སྐུ་གསུམ་སྤྱི་ནི་གསང་ཆེན་སྐུ་ཡིས་བཅིངས།། ཡེ་ཤེས་ཀུན་གྱི་སྤྱི་དག་ནི།། རང་བྱུང་ཡེ་ཤེས་ཆེན་པོས་བཅིངས།། སྣང་སྲིད་ཆོས་ཀྱི་སྤྱི་དག་ནི།། ཆོས་ཉིད་བྱང་ཆུབ་སེམས་ཀྱིས་བཅིངས། ། ཞེས་གསུངས་སོ།། ཡང་གསོལ་པ། ཀྱེ་གསང་བའི་བདག་པོ་ལགས། གང་ཟག་དག་གི་བསམ་དབང་དང།། ཆོས་ཉིད་དག་གི་དངོས་དབང་གཉིས།། དེ་དོན་བདག་ལ་བསྟན་དུ་གསོལ། ། གསང་བའི་བདག་པོས་ཡང་གསུངས་པ།། བཏགས་པ་ཐམས་ཅད་བློ་ཡིས་བཏགས།། གཟུང་བ་ཐམས་ཅད་བློ་ཡིས་བཟུང།། ཕྱེ་བ་ཐམས་ཅད་བློ་ཡིས་ཕྱེ།། བརྗོད་པ་ཐམས་ཅད་བློ་ཡིས་བརྗོད།། སྣང་བ་ཐམས་ཅད་བློ་ལ་སྣང། ། གྲུབ་པ་ཐམས་ཅད་བློ་ལ་གྲུབ།། དངོས་དབང་དེ་ལས་ཟློག་པའོ།། རེ་ཞིག་བློ་ལ་བསྒོམ་བྱ་ན།། ཡིན་ཚུལ་ངེས་པ་མེད་པའི་ཕྱིར།། སྣང་ཚུལ་ཅིར་ཡང་སྣང་བ་ཡིན།། རྒྱ་ཆད་ཕྱོགས་ལྷུང་མེད་པ་ཡིན། ། མ་འདྲེས་ཡོངས་སུ་རྫོགས་པ་ཡིན།། ཀུན་བྲལ་ཅི་མ་བློང་བ་ཡིན།། ལྡན་ལྡོག་གཉིས་དང་བཅས་པ་ཡིན།། དེ་ལ་དབྱེ་བ་མེད་པ་ཡིན།། སྒྲོ་སྐུར་ཀུན་དང་བྲལ་བ་ཡིན།། ཞེས་གསུངས་སོ།། ཡང་གསོལ་པ། ཀྱེ་གསང་བའི་བདག་པོ་ལགས། ཕྱོགས་ཆ་ཅན་གྱི་ལྟ་བ་ལ།། དེ་ལ་བསྟན་པར་བགྱི་མི་བགྱིད།། བདེ་གཤེགས་གསང་བའི་བདག་པོ་ཡིས།། ཕྱོགས་ཆ་ཅན་དུ་གསུངས་པ་དེ།། ངེས་དོན་ལགས་སམ་དགོངས་བཤད་ལགས། ། གསང་བའི་བདག་པོས་བསྟན་དུ་གསོལ།། གསང་བའི་བདག་པོས་གསུངས་པ། ཕྱོགས་གཅིག་སྤངས་ན་ཕྱོགས་གཅིག་བླ།། ཕྱོགས་ལ་ཆགས་པས་ཕྱོགས་ཐུག་མཐའ།། ཕྱོགས་རིས་མེད་པའི་ལྟ་བ་ལ། ། ཕྱོགས་ཆ་ཅན་དུ་གཟུང་བ་དེ།། ལྟ་བ་ངན་ཏེ་ལྡིང་བ་ཡིན།། དེ་ལ་བསྟན་པར་མི་བྱའོ། ཁྱེད་ལ་སོགས་པའི་འཁོར་རྣམས་ཀྱིས། བསྲེགས་བཅད་བརྡར་བའི་གསེར་བཞིན་དུ།། ཡོངས་སུ་བརྟགས་ཏེ་ང་ཡི་བཀའ། ། བླང་བར་བྱ་ཡི་གུས་ཕྱིར་མིན།། ང་ཡི་བཀའ་ནི་དགོངས་པ་ཅན།། ཡོད་མཐའ་དགྲོལ་ཕྱིར་མེད་མཐའ་བསྟན།། མེད་མཐའ་དགྲོལ་ཕྱིར་ཡོད་ཅེས་བསྟན།། གཉིས་མེད་དགྲོལ་ཕྱིར་ཉག་གཅིག་བསྟན། ། སྤྲོས་དགྲོལ་ཕྱིར་ན་བརྗོད་མེད་བསྟན།། བརྗོད་མེད་དགྲོལ་ཕྱིར་ཁ་འབྱམ་བསྟན།། ལྟ་བ་འཕྲུལ་གྱི་ཁ་འབྱམ་འདི།། ཇི་ལྟར་ནམ་མཁའི་མདུང་བསྐོར་བཞིན།། གང་ལྟར་སྐོར་ཡང་དོག་པ་མེད།། ཇི་ལྟར་འདམ་གྱི་ཕུར་པ་བཞིན། ། གང་ལྟར་བསྐུལ་ཡང་སྒུལ་དུ་བཏུབ།། ལྤགས་པ་རློན་པའི་མཐའ་བཞིན་དུ།། གང་ལྟར་འཐེན་ཡང་འཐེན་དུ་བཏུབ།། ཇི་ལྟར་སྨྱོན་པའི་ཚིག་བཞིན་དུ།། གང་ལྟར་སྨྲས་ཀྱང་རང་དབང་ཆེ། ། ཞེས་གསུངས་སོ།། ཡང་གསོལ་པ། ཀྱེ་གསང་བའི་བདག་པོ་ལགས། ཆོས་ཀྱི་སྐུ་དང་ལོངས་སྤྱོད་རྫོགས།། སྤྲུལ་པའི་སྐུ་དང་རྣམ་པ་གསུམ།། གཅིག་པ་ལགས་སམ་ཐ་དད་ལགས།། ཆོས་ཀྱི་སྐུ་དང་ཆོས་དབྱིངས་སམ། ། གཅིག་པ་ལགས་སམ་ཐ་དད་ལགས།། ཆོས་ཀྱི་སྐུ་དང་ཡེ་ཤེས་གཉིས།། གཅིག་པ་ལགས་སམ་ཐ་དད་ལགས།། རང་བྱུང་ཡེ་ཤེས་ཆེན་པོ་དང།། མ་རིག་པ་ཡི་འཁྲུལ་པ་གཉིས།། གཅིག་པ་ལགས་སམ་ཐ་དད་ལགས། ། ཆོས་ཅན་མཚན་མར་འཛིན་པ་དང།། ཆོས་ཉིད་དོན་གྱི་ངོ་བོ་གཉིས།། གཅིག་པ་ལགས་སམ་ཐ་དད་ལགས། ཁམས་གསུམ་འཁོར་བའི་སེམས་ཅན་དང།། དུས་གསུམ་བཞུགས་པའི་སངས་རྒྱས་གཉིས། ། གཅིག་པ་ལགས་སམ་ཐ་དད་ལགས།། གསང་བའི་བདག་པོས་བསྟན་དུ་གསོལ།། གསང་བའི་བདག་པོས་གསུངས་པ། བསམ་དབང་འཁྲུལ་པའི་ཕྱོགས་ནས་མི་གཅིག་ཐ་དད་ཀྱང།། གཉིས་མེད་དངོས་དབང་ཕྱོགས་སུ་ཐམས་ཅད་དབྱེར་མེད་གཅིག། ཅེས་གསུངས་སོ།། ཡང་གསོལ་པ། ཀྱེ་ནམ་མཁའི་དགོངས་པ་ཉིད་ཇི་ལྟར་ལགས། བྱང་ཆུབ་སེམས་ཀྱི་བཞུགས་ཚུལ་ནི། གསང་བའི་བདག་པོས་བསྟན་དུ་གསོལ། ། གསང་བའི་བདག་པོས་གསུངས་པ། དབང་པོའི་ངོ་ལ་གང་གསལ་པ།། རང་གསལ་དེ་ལ་མ་རྟོགས་པ།། དེ་བཞིན་ནམ་མཁའི་དགོངས་པར་བཤད།། ཡུལ་དང་དབང་པོ་མི་འབྱེད་ཅིང།། ཆོས་ཉིད་ངོ་ཡིས་མི་འཛིན་ན། ། དེ་བཞིན་ནམ་མཁའི་དགོངས་པར་བཤད།། རིག་པ་ནང་ནས་མི་གཡོ་ཞིང།། དེ་བཞིན་ནང་དུ་མི་རྩོལ་ན།། དེ་ནི་ནམ་མཁའི་དགོངས་པར་བཤད།། བྱང་ཆུབ་སེམས་ཀྱི་ཆོས་ཉིད་དེ།། བྱང་ཆུབ་སེམས་སུ་ཞུགས་ཙམ་ན། ། ཐམས་ཅད་འབྱུང་བའི་བདག་ཉིད་བུ།། ཆོས་རྣམས་ཀུན་གྱི་སྙིང་པོར་བཞུགས།། ཆོས་ཀྱི་སྐུ་རུ་བཞུགས་ཙམ་ན།། གཟུང་འཛིན་གཉིས་དང་བྲལ་བར་བཞུགས།། ལོངས་སྤྱོད་རྫོགས་སྐུར་བཞུགས་ཙམ་ན། ། འདོད་པའི་ཕུན་སུམ་ཚོགས་པར་བཞུགས།། སྤྲུལ་པའི་སྐུ་རུ་བཞུགས་ཙམ་ན།། གང་ལ་གང་དགོས་དེ་སྤྲུལ་ཞེས།། དགོངས་པ་ཕུན་སུམ་ཚོགས་པར་བཞུགས།། རང་བྱུང་ཡེ་ཤེས་བཞུགས་ཙམ་ན། ། གང་ཡང་ཆགས་པ་མེད་པར་བཞུགས།། གསལ་ལ་གཞན་རྟོག་མེད་པར་བཞུགས།། འཁྲུལ་པའི་བློ་རུ་བཞུགས་ཙམ་ན།། ཅི་ལྟར་སྣང་བའི་ཆོས་རྣམས་ཀུན།། བདེན་འཛིན་བློ་ཡིས་གཟུང་ནས་བཞུགས། ། ཞེས་གསུངས་སོ།། ཡང་གསོལ་པ། ཀྱེ་གསང་བའི་བདག་པོ་ལགས། རང་བྱུང་ཡེ་ཤེས་ཞེས་བགྱི་བ།། ས་དང་ས་ཡི་རྣམ་པ་རྣམས།། དེ་དོན་བདག་ལ་བསྟན་དུ་གསོལ།། གསང་བའི་བདག་པོས་གསུངས་པ། རང་བྱུང་རྒྱུ་རྐྱེན་མེད་པར་ནི།། ཡེ་ཤེས་སྒྲིབ་པ་མེད་པ་ཡིན།། རང་བྱུང་ཡེ་ཤེས་ཆེན་པོ་ལ།། ཏིང་འཛིན་བག་ཆགས་མི་སོགས་འདི།། རྩོལ་སྒྲུབ་དག་ལས་མི་འབྱུང་བས།། རང་བྱུང་ལས་ཀྱི་དབང་མི་འགྱུར། ། ཡུལ་འབྱུང་བྱས་འགྱུར་ཡེ་ཤེས་དེ།། ཡུལ་ལས་འབྱུང་ཞིང་གནས་འགྱུར་བས།། དེ་ལ་རང་བྱུང་མིང་མ་བཏགས།། ས་དང་ས་ཡི་རིམ་པ་དང།། བསྡུས་རྒྱས་གསུམ་གྱི་རིམ་པར་བསྟན།། ཀུན་ཏུ་འོད་དང་པདྨ་ཅན། ། འཁོར་ལོ་ཚོགས་ཆེན་བསྡུས་པའི་ཚུལ།། ཀུན་ཏུ་འོད་དང་རྡོ་རྗེ་འཛིན།། སྟུག་པོ་བཀོད་དང་རྡོ་རྗེ་འཆང།། དབྱེར་མེད་རང་བཞིན་ལྷུན་གྲུབ་པ།། དེ་ནི་འབྲིང་དུ་བསྟན་པ་ཡིན།། བརྒྱད་དང་དགུ་དང་བཅོ་ལྔ་ནི། ། རྒྱས་པར་བསྟན་པའི་ས་ཡིན་ཏེ།། རང་རང་སྐབས་སུ་ཤེས་པར་བྱ།། ཞེས་གསུངས་སོ།། ཡང་གསུངས་པ། ཀྱེ་གསང་བའི་བདག་པོ་ལགས།། ཆོས་ཀུན་རྩ་བ་སེམས་གཅིག་ལ།། དེ་དོན་གང་ལགས་བསྟན་དུ་གསོལ། ། གསང་བའི་བདག་པོས་གསུངས་པ།། སངས་རྒྱས་སྐུ་དང་ཡེ་ཤེས་དང།། སེམས་ཅན་ལུས་དང་བག་ཆགས་དང།། སྣང་སྲིད་ཆོས་དང་འབྱུང་ཆེན་ལྔ།། རྩ་བ་བྱང་ཆུབ་སེམས་སུ་གཅིག། སྤྲོས་པ་མེད་པའི་དོན་དུ་གཅིག། རྒྱུ་རུ་གཅིག་པས་འབྲས་བུར་གཅིག། དཔེ་རུ་གཅིག་པས་དོན་དུ་གཅིག། རྟགས་དང་གཏན་ཚིགས་མཐུན་པར་གཅིག། ཅེས་གསུངས་སོ།། ཡང་གསོལ་པ། ཀྱེ་གསང་བའི་བདག་པོ་ལགས། ། སྐུ་དང་ཡེ་ཤེས་དོན་དམ་བདེན།། གང་གི་ཕྱོགས་ནས་གྲགས་པ་ལགས།། སངས་རྒྱས་སེམས་ཅན་སྣང་སྲིད་ཆོས།། གང་ཞིག་ཕྱོགས་ནས་གྲགས་པ་ལགས།། གསང་བའི་བདག་པོས་བསྟན་དུ་གསོལ། ། གསང་བའི་བདག་པོས་གསུངས་པ།། སྐུ་དང་ཡེ་ཤེས་དོན་དམ་བདེན།། སངས་རྒྱས་སེམས་ཅན་སྣང་སྲིད་ཆོས།། བསམ་དབང་ཕྱོགས་ནས་གྲགས་ཤིང་སྣང།། དངོས་དབང་ཕྱོགས་ནས་དེ་མི་བདེན། ། ཞེས་གསུངས་སོ།། ལྟ་བ་ཐམས་ཅད་ཀྱི་གནད་མན་ངག་ཐམས་ཅད་ཀྱི་སྡོམ།། ཏནྟྲ་ཐམས་ཅད་ཀྱི་བཅུད་ཕྱུང་ནས་དོན་བསྡུས་པ། བང་མཛོད་འཕྲུལ་གྱི་ལྡེ་མིག་ཅེས་བྱ་བ། གསང་བའི་བདག་པོས་སེམས་དཔའ་རྡོ་རྗེ་ལ་གདམས་ངག་རིམ་པར་ཕོག་པ་རྫོགས་སོ། །།།

CLOSE WINDOW