CLOSE WINDOW

Gpb033.007: ཆོས་ཐམས་ཅད་སེམས་ཉིད་ཡེ་ཤེས་རྒྱལ་པོ་ཞེས་དངོས་གྲུབ་རང་བྱུང་དབང་བསྐུར་བའི་རྒྱུད
Wylie

རྒྱ་གར་སྐད་དུ། སརྦ་དྷརྨཱ་ཙིཏ་ཛྙཱ་ན་སིདྡྷི་བྷཀྵ་ཡང་ཙ་ར་ཨ་བྷི་ཥིཉྩ་ཨ་ཏྲཾ་ཏྲ། བོད་སྐད་དུ། ཆོས་ཐམས་ཅད་སེམས་ཉིད་ཡེ་ཤེས་རྒྱལ་པོ་ཞེས་དངོས་གྲུབ་རང་བྱུང་དབང་བསྐུར་བའི་རྒྱུད། རིག་པའི་རྒྱལ་པོ་ཀུན་གསལ་བའི། ། དྲན་པ་ཐམས་ཅད་ཏིང་འཛིན་མཆོག། བྱ་བྱེད་ཡེ་ཤེས་སྐུར་གསལ་བའི།། མ་ལུས་འགྲོ་དོན་རྡོ་རྗེར་སྒྲུབ།། འདོད་པ་ནོར་བུ་གཙུག་གི་རྒྱན།། རིག་པའི་གཏེར་ཆེན་མུ་ཁའི་གདོང།། ཚད་ལས་འདས་པ་སྐུ་གསུང་ཐུགས། ། ཐབས་ཀྱི་རྒྱལ་པོ་དབང་བསྐུར་བ།། བསྟན་པ་བཅུད་དུ་རྫོགས་བྱེད་པའི།། སེམས་དཔའ་རྡོ་རྗེ་ཡིད་ཀྱི་བདག། འགྲོ་བ་ཐུགས་སུ་སྨིན་བྱེད་དེ།། ཐ་མའི་སྙིགས་མ་ལ་དགོངས་པ། ། གསང་བའི་རྡོ་རྗེ་འཆང་ལ་མོས།། བསྟན་པ་གསུམ་གཉིས་མཐའ་ཅན་གྱི།། དུས་སུ་རྒྱུད་དྲག་མོས་ཆུང་བས།། ཚིག་གཅིག་དོན་ཀུན་རྫོགས་པའི་བདག། ལུང་གསུམ་གཅིག་འདུས་རྒྱུད་པ་ཡི།། དགུ་རུམ་སྦས་པ་སེམས་ཀྱི་གཏེར། ། ལོང་པ་ཨུ་ལུ་པྲ་ཤ་ཀས།། འཇུག་ཅིང་སྤྱད་པའི་ཉམས་མེད་པས།། སྨོན་ལམ་རྗེས་ཆགས་རྣལ་འབྱོར་ལ།། ཚིག་འབྲེལ་རྐྱེན་གྱིས་མི་རྟོགས་ཀྱང།། འཕྲུལ་གྱི་མེ་ལོང་སྒོ་དགུ་བཞིན།། རྟོག་མེད་མཐོང་བའི་ལམ་སྤྲད་དེ། ། སྒོམ་མེད་དོན་གྱི་གཟེར་ཆེན་བཏབ།། བགྲོད་མེད་རྟོག་པའི་འཇིམ་ལས་བསྒྲལ།། ཚིག་གི་ལམ་ཆད་ཡེ་ཤེས་སྒྲོན་མ་འདི།། མ་ཧཱ་དེ་བས་རིགས་སུ་བལྟས་པ་བཞིན།། རྡོ་རྗེ་སེམས་ཚིག་ལམ་གྱི་ལྡེ་མིག་སྟེ། ། འཕྲུལ་གྱི་རྒྱུད་པའི་ཟམ་པ་མ་ཆད་པར།། དབང་པོ་ལྷ་ཡི་དྲིན་གྱི་རྩ་གསུམ་གནས།། དེ་རུ་མཐོང་ནས་འཛམ་གླིང་འཇིང་དུ་བཅས།། ལག་ན་རྡོ་རྗེ་མངོན་དུ་དབང་བསྐུར་ཏེ།། དུས་མཐའ་ཉིད་ཀྱི་རྒྱལ་བའི་ས་ལ་བཀོད། ། འཕྲུལ་མིག་རྒྱུད་པའི་རྡོ་རྗེ་ཟམ་པ་ཡིན།། རང་བྱུང་ལྷུན་རྫོགས་ཆེན་པོ་ལ།། འདོད་པའི་དོན་ཀུན་རེ་བ་མེད།། ཐམས་ཅད་རང་སེམས་དག་པ་ལ།། གནས་ཀྱི་མཎྜལ་སྐྱེད་པ་མེད། ། རང་བྱུང་ཡེ་ཤེས་འོད་གསལ་ལ།། རྩོལ་བའི་ལྟ་བ་རྟོགས་ལས་འདས།། ཐམས་ཅད་ཅིག་པའི་ཕྱག་རྒྱར་གསལ།། བསམ་བརྗོད་བྲལ་བའི་ཏིང་འཛིན་མཆོག། མི་འགྱུར་མཆོག་གི་དངོས་གྲུབ་སྟེ།། འཇིག་རྟེན་འདས་དང་འཇིག་རྟེན་པའི། ། ཆོས་རྣམས་མ་ལུས་ཐམས་ཅད་ཀུན།། རྟོགས་ཏེ་རང་བཞིན་ལྷུན་གྱིས་གྲུབ།། ཐམས་ཅད་བདག་ཉིད་རང་དབང་ལས།། བསྐུར་བའི་ཆ་གཉིས་མི་རྟོགས་ཀྱང།། བརྡ་དོན་སྒྲོལ་བའི་མན་ངག་སྦྱིན། ། རེ་དོགས་བྲལ་བའི་སེམས་ལ་བསྟན།། འབྱུང་འཇུག་མེད་པའི་སེམས་ལ་ཐིམ།། དྲན་པ་སེམས་ཀྱི་མན་ངག་སྦྱིན།། རྟོག་པ་རླུང་གི་དྲན་སྐྱོད་ཅིང།། མཚན་མའི་སྤྲོས་པས་འཚོལ་བ་ལས། ། བདེ་བ་ཐིག་ལེའི་མན་ངག་སྦྱིན།། སེམས་ཀྱི་རྣམ་གྲངས་གང་དང་གང།། དེ་དང་དེ་ཡི་རྗེས་མཐུན་པར།། རྡོ་རྗེ་ཟམ་པ་མ་ཆད་པར།། བླ་མ་རིན་ཆེན་སྲོག་འགྱུར་དེས།། དེ་དེའི་སྒོ་ནས་གཏེར་ཁ་དབྱེ།། དེ་ཉིད་སྒོ་ཀུན་ཕྱེ་བ་ཡིན། དབྱིག་གི་རྫས་དང་ཕྲད་པ་ཡིན།། དཔེར་ན་ལྷ་ཡི་ནོར་བུ་ལ།། མཎྜལ་རྩེགས་པའི་སྒོ་བཞི་ཡོད།། གང་ནས་ཕྱེ་ཡང་དེ་ཉིད་ཐོབ་པར་འགྱུར།། འདི་ནི་ཐབས་རྒྱལ་རིན་ཆེན་ཏེ།། རྩལ་དང་བྲལ་བའི་དངོས་གྲུབ་ཡིན། ། རྒྱུ་འབྲས་མེད་པའི་མཐར་ཕྱིན་ཡིན།། སྔགས་ཚིག་བྲལ་བའི་ནུས་མཐུ་ཡིན།། ཐ་སྙད་བྲལ་བའི་དོན་མཚོན་ཡིན།། ལས་གཞི་བྲལ་བའི་དོན་གྲུབ་ཡིན།། འཆིང་བྲལ་སྟོན་པས་ལྟ་བ་ཡིན། ། འདའ་བ་མེད་པས་དམ་ཚིག་ཡིན།། རྟོག་འཛིན་སྤངས་པས་སངས་རྒྱས་ཡིན།། ཐམས་ཅད་རོལ་པས་འཁོར་བའང་སྟེ།། ཐེག་པའི་རིམ་པ་མ་ལུས་དང།། རྒྱལ་བའི་ཐུགས་བཅུད་དངོས་ཀྱང་ཡིན།། ཐམས་ཅད་གཅིག་དངོས་ཀུན་གྱི་བདག། འདི་ནི་རྒྱལ་བ་ཐམས་ཅད་ཀྱི།། ཐུགས་ཀྱིས་རྣག་པའི་དམ་པའི་ཐབས།། གཅིག་ཏུ་འདུས་པའི་བདེ་ཆེན་ཡིན།། འདི་ལ་ངོས་བཟུང་ཡང་དག་མེད།། ཏིང་འཛིན་སེམས་ཀྱི་རིམ་རྩལ་མེད། ། ལུས་དང་ངག་གི་བྱ་བཙལ་མེད།། གང་ལ་དམིགས་ཀྱང་རྣམ་འབྲེལ་མེད།། གཞན་དུ་སྣང་ཡང་གཉིས་སྣང་བྲལ།། སྐྱེ་འཇིག་འབྱུང་ཡང་འགག་བྲལ་མེད།། གནས་དང་བྲལ་ཡང་རྟེན་པ་མེད།། ཡུལ་དུ་སྣང་ཡང་འགག་པ་མེད། ། ལོངས་སྤྱོད་ལྡན་ཡང་ཆགས་པ་མེད།། བྲལ་བར་འདོད་པ་མཆོག་དང་ལྡན།། འདི་ནི་རྡོ་རྗེ་ལམ་མཆོག་སྟེ།། སྐལ་ལྡན་འབད་པ་མེད་པར་གྲོལ།། རྒྱལ་ཐབས་སེམས་ཀྱི་རིན་ཆེན་དབང། ། སྤྱི་བླུགས་ཚངས་པའི་དབང་ཞེས་བྱ།། སེམས་ཉིད་རིན་ཆེན་དབང་གཅིག་གིས།། བསྐུར་མེད་རྫོགས་པར་སྦྱིན་བྱས་པས།། བྱེ་བ་ཕྲག་རྒྱའི་དབང་ཐོབ་སྟེ།། ཞིང་ཁམས་གཉིས་པ་བདེ་ལོངས་སྤྱོད།། བརྐམ་ཆགས་ལྔ་ཡི་སྦྱོར་བ་ཡི། ། འདོད་པ་མོས་པའི་དངོས་གྲུབ་སྩོལ།། སྤང་ལེན་བཅས་པའི་ཏིང་འཛིན་གྱིས།། རེ་དོགས་འབྲས་བུ་དངོས་དང་བཅས།། འཐོབ་པ་རང་ལས་མ་ཡིན་ན།། གྲོལ་བ་རང་བྱུང་གཞན་ལས་མིན། ། འདོད་ལ་མོས་པ་རྒྱུ་རྟེན་ཅན།། བཀའ་རྟགས་ཚིག་གི་དབང་བསྐུར་ནི།། ང་རྒྱལ་འཛིན་པའི་དབང་ཐོབ་སྟེ།། དགྲ་བཅོམ་ས་ལ་འཇུག་པར་ནུས།། འཛིན་དྲུག་བྲལ་བའི་ཡེ་ཤེས་ལ།། བདེན་གཞི་གསལ་བའི་དབང་བྱིན་ཞིང། ། རྟེན་པ་ལས་ཀྱི་རླུང་བཟུང་སྟེ།། ཆུ་གཟར་འབབ་པའི་ཐིག་པའམ།། རླུང་གིས་བསྐྱོད་པའི་སྨིག་རྒྱུའམ།། རྒྱ་མཚོ་ཆུ་ལ་ཆུའི་ཚས།། བསྐུས་ཤིང་ཏིལ་མར་སྦྱར་བ་ལ།། ཞག་དྲུག་གཉིས་གྱུར་སུམ་འགྱུར་གྱི། ། བདེན་པ་གཏན་ལ་ཕེབས་འགྱུར་ཏེ།། བདེན་པ་བཞི་ལ་རིམ་གྱིས་སྦྱར།། ཡུན་དང་བཅས་པ་དེ་བཞིན་བྱ།། སྡུག་བསྔལ་ན་བའི་རྒྱུན་ལ་བྱ།། ཡིད་བརྟན་འཛིན་པ་བཟློག་པ་ཡིན།། སྟོང་པའི་དངོས་པོ་དེ་ཉིད་ཡིན། ། བདག་མེད་དམིགས་དང་བྲལ་བས་སོ།། རིམ་གྱི་ཁ་ཟས་བྲལ་བྱས་ཏེ།། ཟླ་བ་གསུམ་འགྱུར་ཚུན་ཆད་དོ།། ཟག་པ་ཟད་ནས་དབུགས་ཀྱི་དགང།། དབུགས་དང་ལྟེ་བ་སེམས་སུ་བཅས།། ལོ་གཅིག་བར་གྱི་འདྲེས་པར་དགང། ། དབུགས་ཀྱི་འགྱུ་བའང་དེ་ནས་ཟད།། སེམས་ཀྱི་འཛིན་པ་དེ་ནས་ཉམས།། དུས་དང་འབྲེལ་ནས་རྐྱེན་དབང་བསྐུར།། བྱང་ཆུབ་སེམས་དཔའ་བློ་ཅན་གྱིས།། འདུལ་བའི་སྡོམ་པ་དམ་མནོས་ཏེ། ། བདེན་གཉིས་རྟོགས་པས་ལམ་བསྟན་ཏེ།། སེམས་ཅན་རྒྱུད་ཀྱི་མཚན་རྟོགས་ནས།། ཞི་གནས་འབྲེལ་བའི་གནས་དྲུག་སྦྱར།། ལྷག་མཐོང་གསལ་བའི་སྐབས་གསུམ་བགྲོད།། ཞི་གནས་བརྟན་པའི་གནས་རྙེད་ནས། ། ཏིང་འཛིན་རྣམ་གཉིས་ཟུང་དུ་སྦྲེལ།། སྟོང་པའི་ནམ་མཁའ་དེ་ཉིད་བྱ།། ཟླ་བ་གཅིག་གི་རྟེན་འགྱུར་ནས།། དེ་ཉིད་སྟོང་པར་རྟག་པར་བྱ།། དེ་ཉིད་སྟོང་པའི་རླུང་ཆེན་ལ།། ཕལ་ཆེར་དབུགས་ཆེན་འབྱིན་པ་སྟེ། ། བསྐལ་པ་དུ་མའང་གནས་པ་སྲིད།། སྨོན་ལམ་སྟོབས་དྲག་མྱུར་དུ་འགྲུབ།། སྐུ་བྱིན་ལྡན་པའི་ཕྱག་བརྐྱང་ནས།། ཕྱག་གི་གདུགས་ཀྱིས་བཀབ་ནས་ནི།། ཞི་གནས་རྟེན་པའི་དབྱིངས་ལས་བསླང། ། མཚན་མ་ཐབས་ཀྱིས་བརྟན་བྱས་ཏེ།། མཚོན་པ་སྐུ་ཡི་རྒྱན་ལྡན་བྱས།། བདེ་གཤེགས་ཞིང་ཁམས་ཀུན་དུ་བསྒྲགས།། རྡོ་རྗེ་བུམ་པ་ན་བཟའ་དང།། རང་རྟགས་ཕྱག་རྒྱའི་དབང་བསྐུར་ཏེ།། རིག་པ་མཆོག་གི་དབང་རྣམས་བསྐུར། ། འདོད་ལ་མོས་པའི་ཚིག་ཡིན་པས།། ང་རྒྱལ་བདེ་བའི་མཚན་མ་མཐོང།། རྒྱལ་པོ་ཕྱི་ཡི་རྟགས་ཅན་ལ།། ལྷ་དང་ཡི་གེ་མངོན་འདོད་པའི།། སྟོང་ཉིད་རྣལ་འབྱོར་མཚན་མ་ཅན།། དངོས་པོ་གཉིས་ཀྱི་ལྟ་བས་བཅིང། ། བདེ་བ་ཆེན་པོ་སྲོག་དང་བྲལ།། བཀའ་རྟགས་དགུ་དང་བཅོ་ལྔ་ཡིས།། ལུས་སེམས་རྟོགས་པའི་ང་རྒྱལ་སྐྱེད།། ཏིང་འཛིན་སེམས་ཀྱི་སྨོན་པ་འདིས།། དངོས་པོ་སྨན་དང་སྔགས་སྦྱར་གྱིས། ། འཇིག་རྟེན་གསུམ་གྱི་བྱ་བ་བསྟན།། དོན་དང་སྤྱད་པ་མི་མཐུན་ཡང།། བློ་ཡི་རིམ་པ་དྲང་བ་དང།། ཐབས་ཀྱི་བདག་པོར་དབང་བསྐུར་བས།། གཙང་མའི་ལག་ན་རྡོ་རྗེ་དང།། དཔལ་འབྱུང་ལག་ན་རྡོ་རྗེ་དང། ། དཔའ་བརྟུལ་སྟོབས་ཀྱི་རྡོ་རྗེར་སྤྲུལ།། རིགས་གསུམ་རིགས་བཞི་རིགས་ལྔ་དང།། དེ་བཞིན་རིགས་གཅིག་རིགས་སྟོང་དང།། འདོད་པའི་ལྷ་རུ་ང་སྤྲུལ་ཏེ།། བློ་དང་མཐུན་པའི་བསྟན་པ་བྱིན། ཁ་བློན་ཆེན་པོ་སྒྱུར་ཚིག་དང། ། བཱ་ར་ཎ་སཱིའི་ཚོས་མ་བཞིན།། སྙིགས་མའི་ཞིང་འདུལ་དེ་བཞིན་ནོ།། འདི་རྒྱུད་པ་ཡི་སྦྱོར་བ་སྟེ།། དངོས་འཛིན་རྟོག་པ་སྤང་བར་བྱ།། བཱ་ར་ཎ་སཱིའི་བསིལ་ཁང་དུ།། གཙང་མའི་ལག་ན་རྡོ་རྗེ་ཡིས། ། ལག་མཐིལ་གཙང་མའི་དྲིས་བྱུགས་ནས།། རིགས་གསུམ་སྟོབས་ཀྱི་དཀྱིལ་འཁོར་བྲིས།། དམ་པ་གསུམ་ལ་དག་པར་བསྟན།། འཕྲུལ་གྱི་མེ་ལོང་དགུ་བཀྲམ་སྟེ།། དམིགས་པས་དངོས་པོའི་རྟོག་པ་སྤང། ། ལྷ་ཡི་མངོན་རྟགས་ལག་ཏུ་གཏད།། གང་བའི་ས་ལ་ངེས་བཀོད་དེ།། དེ་ཡང་བཅོས་མའི་སྦྱོར་བ་ཡིན།། རིན་ཆེན་ལྷུན་གྲུབ་བརྩེགས་པའི་ཁང།། རི་བོ་འབར་བའི་རྩེ་མོ་ལ།། དཔལ་འབྱུང་ལག་ན་རྡོ་རྗེ་ཡིས། ། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་འབར།། རང་བཞིན་དཀྱིལ་འཁོར་སྔོན་དུ་བྱུང།། དམ་པ་ལྔ་ལ་སྔོན་དུ་བསྟན།། ལྷ་བྲག་རྡོ་རྗེའི་རྫོང་ཕུག་ཏུ།། གཙང་མའི་རིག་འཛིན་གྲལ་ལ་འཁོད།། དེ་ཡང་བཅོས་མའི་དཀྱིལ་འཁོར་ཡིན། ། ཏིང་འཛིན་སྨོན་པའི་སྦྱོར་བ་སྟེ།། དབང་རྟགས་སྦྱོར་བས་ང་རྒྱལ་སྨིན།། མཉམ་ཉིད་ལྟ་བའི་ཚིག་འཛིན་ཅིང།། སྤྱོད་པ་སྙམ་པའི་ཚིག་ལས་འདས།། དམ་ཚིག་ལྡན་པའི་ལམ་གཞི་ཅན།། ལྟ་དང་དགོད་དང་འཁྱུད་པ་ཡིས། ། སྦྱོར་བའི་དམ་ཚིག་བསྟན་པ་ཡིན།། ཞིང་བཅས་བསྒྲལ་བའི་གནས་རྣམས་ནི།། ལྷ་རུ་སྒྱུར་དང་གཙོ་བོས་བསྒྲལ།། བདག་གི་ཏིང་འཛིན་སྦྱོར་བ་ཡིས།། བསྒྲལ་བས་སྤྱོད་པའི་དམ་པར་འདོད། ། ཕྱི་བའི་རྣལ་འབྱོར་ཏིང་འཛིན་རྣམས།། རིམ་པ་ཇི་བཞིན་མངོན་འདོད་དེ།། ལྷ་དང་བཅས་པའི་ཡན་ལག་རྣམས།། ཏིང་འཛིན་སེམས་ཀྱི་སྨོན་པ་སྟེ།། བཅོས་མའི་དཀྱིལ་འཁོར་ལ་བརྟེན་ནས།། ཕྱི་རྟགས་ཡིད་སྨོན་དབང་བསྐུར་ཡང། ། རང་བཞིན་ལམ་དང་འཕྲད་མི་འགྱུར།། བཅོས་མའི་སྦྱོར་བ་ཡན་ལག་གཞན།། རྣལ་འབྱོར་ནང་གི་རྟགས་བརྟག་པ།། བརྟུལ་ཤུགས་སྤྱོད་པ་གཙོར་བླངས་ནས།། གཉན་པོའི་སྦྱོར་བ་གཙོར་བཞག་སྟེ། ། བླང་དོར་འཛིན་པའི་སེམས་ཀྱིས་སུ།། མཉམ་ཉིད་རྡོ་རྗེའི་ཚིག་ལ་གནས།། ལག་ན་རྡོ་རྗེའི་བརྟུལ་ཤུགས་ཀྱིས། སེམས་དཔའ་རྡོ་རྗེ་ཆེ་ལ་གནས།། བློ་དང་མཐུན་པའི་དོན་བསྒྲགས་ཏེ། ། སུམ་ཅུ་རྩ་གསུམ་ལྷ་ཡི་གནས།། ཆོས་བཟངས་ལྷ་ཡི་ཕོ་བྲང་དུ།། མཆོད་སྡོང་གཙུག་གི་མེ་ཏོག་དང།། རྡོ་རྗེ་གསང་བའི་མེ་ཏོག་དང།། ལྷ་མོ་བརྒྱད་ཀྱི་མེ་ཏོག་གིས།། རྡོ་རྗེ་འཛིན་ལ་མངོན་གཏོར་ཏེ།། དགྱེས་པས་ཕོག་སྟེ་འཛུམ་པ་ཡིས། ། མདངས་ཀྱི་བལྟས་ཏེ་དཀྱིལ་འཁོར་ཡང།། སྣོད་དང་འཚམས་པ་རིམ་པར་སྦྱར།། དད་དང་ལྡན་པའི་མོས་པ་ཅན།། སྨོན་པའི་སྦྱོར་བ་དེས་འཕངས་པ།། དེ་བ་མ་ཧཱ་ཤྲི་ཅན་དང།། བརྒྱ་བྱིན་འཁོར་གྱི་བུ་ཐུ་བོ། ། ལྷ་ལྔ་རིགས་དང་མཉམ་སྦྱར་བས།། གཟུགས་བརྙན་དཀྱིལ་འཁོར་མངོན་དགའ་བའི།། ཡེ་ཤེས་གཟུགས་བརྙན་མངོན་ཤར་བ།། བུམ་པའི་དབང་བྱིན་སྲས་བུ་བྱས།། མི་ལྡོག་ས་ལ་དེ་ནས་བཀོད། ། དེ་ནས་འཁོར་གྱི་གཙོ་བོ་ཡིས།། གནང་བ་ཞུས་ཏེ་བཀའ་བཞིན་སྒྲུབ།། སྣོད་བཅུད་རྟག་པ་ཐོས་བསམ་གྱིས།། གྲོལ་བའི་ཏིང་འཛིན་སྦྱོར་བ་སྐྱེད།། ལྡང་བའི་སེམས་ཀྱི་དེས་སྐྱེད་ནས།། གསང་བའི་ཡེ་ཤེས་གུས་བསྟོད་ཞུས། ། དེ་ནས་དབང་པོ་ཁྲི་ལ་འཛེགས།། ཚུལ་དང་མཐུན་པའི་མོས་པ་སྐྱེད།། གསང་བའི་མེ་ཏོག་འཐོར་འཐུང་མཆོད།། གསང་བའི་གཟུགས་བརྙན་དཀྱིལ་འཁོར་དུ།། མཚོན་པའི་གཟུགས་བརྙན་དེར་བཞག་སྟེ། ། གསང་བ་ནང་གི་རིག་འཛིན་དུ།། ངེས་པར་ལུང་བསྟན་མིང་ཕོག་སྟེ།། བདུད་རྩིའི་སྤྱོད་པ་ཐམས་ཅད་བྱས།། མདོག་འགྱུར་ནུས་པའི་སྟོབས་རྙེད་ནས།། རྡོ་རྗེའི་ཁྲི་ཆེན་ཐོག་ཏུ་བསྐྱོན།། ལྷ་མོ་འབར་བའི་ཁ་ལ་བཞག། རོལ་པ་རྩེ་དགུ་སྐྱོད་པ་བསྟན། ཁ་ན་མ་ཐོའི་ལས་རྣམས་ལམ།། བག་མེད་སེམས་ཉིད་རོལ་པར་བྱ།། བདེ་བ་མྱུ་གུའི་རིག་འཛིན་ཏེ།། དོན་དམ་བདེན་པ་རྟོགས་པ་ཡིན།། སྟོང་ཉིད་བདེ་བའི་མན་ངག་སྦྱིན། ། རོལ་པའི་ཀ་ར་བཅུ་གཉིས་བསྟན།། སྒྱུར་བའི་མན་ངག་རྣམ་གསུམ་བསྟན།། བཀུག་དང་མཉེ་དང་བསྡམས་པ་དང།། གཟུང་དང་སྤྲད་དང་བཅིང་བ་དང།། སྤྲད་དང་གར་གྱི་ཕྱག་རྒྱ་དང། ། གཉིས་བཞི་ལྡན་པའི་ཐབས་ཆེན་ཀྱི།། དམ་པའི་བདེན་པ་མངོན་དུ་བསྟན།། སྟོང་པ་དེ་ཉིད་ཚུལ་ལ་གནས།། སྔགས་ཀྱི་སྤྱོད་པར་བྱིན་གྱིས་རློབས།། ཚེ་ཡི་རིག་འཛིན་དབང་ཐོབ་སྟེ།། འཆི་བ་མེད་པའི་ཚེ་དང་སྦྱོར། ། སྲས་ཀྱི་ཐུ་བོ་ཉེར་བཞག་ལྔ།། བུམ་པའི་ཁང་ཐོག་རྩིབས་བརྒྱད་འབར།། སུམ་ཅུ་རྩ་གསུམ་གནས་ཆེན་པོ།། སྤྲུལ་པ་བརྒྱ་བྱིན་གནས་སྒྱུར་ཏེ།། བརྒྱ་བྱིན་བུ་མོ་གྲགས་ཆེན་པོ།། ལྷ་རྒྱལ་ཀུན་གྱི་གཟུངས་ཆེན་ཏེ། ། བདེ་བར་མཆོད་ནས་ཉེ་བར་བཞག། གཟུགས་བརྙན་གསང་བའི་དཀྱིལ་འཁོར་དེ།། ཆགས་པ་བདེ་བའི་ས་བོན་ཞིང།། འདོད་པའི་ཡུལ་དུ་གདབ་པར་བྱ།། གཉིས་མེད་ཡེ་ཤེས་ཀློང་དུ་འཆར།། འདོད་ཆགས་སྲེག་པའི་མེ་ཡིན་ཏེ། ། རྡོ་རྗེ་རླུང་གི་སྙིང་པོ་བསྐུལ།། དབྱིངས་ཕྱུག་འཁོར་ལོ་མེ་ཡི་བསྲོ།། ཐིག་ལེ་རྫོགས་པ་ཕྱེད་ནས་བསྐུལ།། རྩ་མདུད་དངས་མེས་རྒྱས་འགྱུར་ན།། ཇི་ལྟར་འདོད་པ་བདེ་བ་འབྱུང།། ཡེ་ཤེས་འདྲེས་པའི་ཐིག་ལེ་ཅན། ། དབུགས་རྔུབ་བསྡུ་བའི་མན་ངག་སྦྱིན།། རྡོ་རྗེ་འཛིན་པའི་རིག་འཛིན་ཡིན།། ཏིང་འཛིན་འབར་བའི་དཀྱིལ་འཁོར་དུ།། སེམས་དཔའི་བསྟན་པ་ལུང་ཕོག་སྟེ།། གནས་མེད་དཀྱིལ་འཁོར་དམ་པར་བཞུགས། ། དེ་ཉིད་དཀྱིལ་འཁོར་དེར་ཞུགས་ནས།། རང་བཞིན་དཀྱིལ་འཁོར་ལ་གསལ་དུ།། དོན་གྲུབ་ལས་ཀྱི་དབང་བསྐུར་ཏེ།། རྒྱལ་ཚབ་སྐྱེས་བུའི་སར་བཞག་ནས།། འབུམ་ཕྲག་གསུམ་གྱི་བསྟན་པ་བསྒྲགས། ། ཆོས་ཀྱི་འཁོར་ལོ་གསུམ་གསུངས་ཏེ།། བཅོས་མའི་སྦྱོར་བ་འདི་ཡིས་ནི།། རྣལ་མའི་དངོས་གྲུབ་རྙེད་མ་ཡིན།། བརྟུལ་ཤུགས་སྤཽང་ལེན་བྱེད་པའི་དབང།། འདི་ཡིས་དེ་ཉིད་མི་ཐོབ་སྟེ།། དཔེར་ན་སྤྲེའུ་རྒྱལ་པོ་བཞིན། ། སྦྱོར་བ་གཞན་གྱི་དངོས་མི་འགྱུར།། འདི་དག་བཅོས་མའི་སྦྱོར་བ་སྟེ། སྨིན་ཀྱང་འབྲས་བུ་མི་འགྲུབ་སྟེ།། བིམ་པ་ར་ཡི་འབྲས་བུ་བཞིན།། བཅོས་མའི་སྦྱོར་བས་དངོས་མི་འགྱུ།། བཱ་ར་ཎ་སིའི་ཀློང་ཕུག་ཏུ། ། ཤ་རི་བུ་ཡི་སྟོན་པའི་ས།། བ་ཏའི་བུ་གསུམ་དབང་བསྐུར་ཏེ།། ཚེ་སྟོད་དགྲ་བཅོམ་ཟག་པ་ཟད།། ཚེ་སྨད་ངན་སོང་གསུམ་དུ་ལྷུང།། བྱ་རྒོད་ཕུང་པོའི་འགྲམ་ལོགས་འདབ། ། དགོན་ཕུག་བྱེ་མའི་འདབས་སྣ་རུ།། དངོས་པོར་ལྟ་བའི་རིགས་ཅན་ཏེ།། བྲམ་ཟེ་ས་ལ་རྒན་མོའི་བུ།། དགེ་སློང་ས་རི་བྱ་བ་དེ།། ང་ནི་སྡུག་བསྔལ་ཟག་པ་ཟད།། རྒྱལ་ཚབ་སྐྱེས་བུའི་ས་འཛིན་ཟེར།། དགྲ་བཅོམ་ལྔ་བརྒྱ་སྟོང་གཅིག་འདུས། ། སྐྱེས་བུ་ཆེན་པོར་དབང་བསྐུར་བས།། འཁོར་བའི་གནས་རབ་དགུ་རུ་རྒྱུད།། བརྟེན་པའི་ཚིག་གི་དབང་འདི་ནི།། འདོད་ལ་མོས་པའི་བརྐམ་ཆགས་ཅན།། རྒྱལ་ཚབ་མ་ཡི་བདེ་འཐོབ་པའོ། ། གང་གཱའི་རྒྱ་མཚོ་མདོ་ལེ་ལ།། དེད་དཔོན་བློན་གྱི་བུ་ཐུ་བོ།། བྲམ་ཟེ་ནོར་གྱི་རྒྱལ་མཚན་འཛིན།། ཕྱི་ཡི་རྡོ་རྗེ་རྟགས་འཛིན་པ།། བཀའ་རྟགས་ཚིག་གི་དབང་བསྐུར་ཏེ།། བདེན་པ་ཚིག་གིས་ནུས་པ་བཞག། འཁོར་བའི་རྒྱ་མཚོ་རྒལ་མ་ནུས།། བསྐུར་བས་ཐོབ་པའི་དབང་རྣམས་ནི།། ཟག་བཅས་ནུས་མཐུས་འཁོར་བའི་ཆོས།། ཤར་ཕྱོགས་ཨིན་ཏྲའི་ལུང་པ་ན།། རྒྱ་ལུང་རྡོ་རྗེ་བརྩེགས་པ་རུ།། རིགས་ཅན་ཨིནྟྲ་བོ་དྷི་དང། ། ས་ག་རྒྱལ་པོའི་བུ་ཐུ་བོ།། ཀླུ་ཡི་བུ་མོ་རྒྱ་མཚོ་དང།། སིང་ཧ་ཨུ་པ་ར་དང་ནི།། ལྷ་ཡི་བུ་ནི་དགེ་བ་ཅན།། དྲི་མ་མེད་པའི་འོད་ལ་སོགས།། ཚོམ་བུ་ལྔ་བཅུ་སྟོང་དང་བཅས།། ཕྱག་ན་རྡོ་རྗེ་མངོན་བསྒྲུབས་ཏེ། ། སྤང་ལེན་བརྟུལ་ཤུགས་སྤྱོད་པའི་དབང།། དགེ་བར་བསྐུར་ནས་སྡིག་པ་མེད།། གནང་བ་སྒྲུབ་ཅིང་ལུང་ལ་བརྟེན།། དེ་ཡང་སྤྱོད་ལོག་དངོས་གྲོལ་ཏེ།། མཚན་མ་གཡོན་གྱི་ལམ་ལ་ཞུགས།། བརྐམ་ཆགས་རང་ག་སྲེད་པ་སྤངས། ། ཆགས་པ་གཡོན་གྱི་ལམ་གྱི་ཁྲིད།། བདེ་ཆེན་ལམ་དང་དེ་བྲལ་ལོ།། རྒྱ་ཕུག་འཁོར་ལོ་བརྩེགས་པའི་ཁང།། འདའ་ན་ཀོ་ཤ་གླིང་ཕུག་ཏུ།། གསེར་གྱི་བྲག་ཕུག་ཡུ་བ་ཅན།། དེ་ནང་རྡོ་རྗེ་གདན་སྟེང་སྟེ། ། རིན་ཆེན་འབར་བ་གསལ་བྱེད་ཀྱི།། ཕྱོགས་མཚམས་རྒྱས་པའི་གུར་ཕུག་སྟེ།། ཡི་གེ་མེད་པའི་འབྲུ་གསུམ་སྟིམ།། རྣ་བརྒྱུད་ལུང་གི་གཏེར་ཆེན་བཀྲོལ།། ཕྱོགས་མཚམས་བཅས་པའི་འཁོར་ལོ་བཅས། ། རིན་ཆེན་འཕྲུལ་གྱི་མེ་ལོང་བསྟན།། རྒྱུ་བ་མེད་པའི་རིག་པ་སྐྱེད།། རང་བཞིན་གསལ་བའི་འོད་ལ་ཞུགས།། ལོངས་སྤྱོད་རྫོགས་པའི་རྒྱན་དང་ལྡན།། སྤྱི་བླུགས་ཚངས་པའི་དབང་བསྐུར་ཏེ།། བདེ་ཆེན་ས་ལ་བཀོད་པའོ། ། བཅོས་མའི་སྦྱོར་བ་ལ་བརྟེན་ནས།། རྣལ་མའི་སྦྱོར་བ་རྟོགས་པར་བྱ།། འདྲ་འབག་ལྷའི་ལུས་བཞིན་དུ།། རྟགས་ཀྱི་དེ་ཉིད་དོན་མཚོན་བྱ།། བཅོས་མའི་དབང་བསྐུར་རྟགས་ཀྱི་བརྡའ།། མཚོན་ནས་རྟགས་ནི་སྤང་བར་བྱ། ། རྣལ་མའི་དབང་བསྐུར་ཆེན་པོ་འདི།། བྲལ་བའི་རྣལ་འབྱོར་གང་དག་ནི།། གང་ཞིག་མིག་དང་བྲལ་བ་ཡིན།། འདི་ཉམས་རྣལ་འབྱོར་ལམ་འཚོལ་བ།། རྒྱ་མཚོ་འཇིང་ལ་སྟེགས་བཅས་ནས། ། ནམ་མཁའི་དངོས་པོར་སྙེག་པ་འདྲ།། བདེ་བ་ཆེན་པོའི་མན་ངག་འདི།། དམུས་ལོང་མདུན་ནས་གཟུགས་སྣང་ཞིང།། སྐལ་ངན་ལས་ཀྱིས་བསྒྲིབས་པ་ལ།། སྲོག་ལུས་བྲལ་ཡང་ཁར་དབྱུང་མིན། ། བློ་ངན་དད་པ་ཆུང་བ་དང།། ངང་གི་བློ་འཕངས་དམའ་བ་དང།། ཐོས་པ་ཆུང་བའི་བློ་སྦྲམ་དང།། ཐེག་པ་དམན་ལ་ཞུགས་པ་དང།། རང་རྐྱེན་ངན་པས་དྲེགས་པ་དང།། ངར་འཛིན་དྲེགས་པས་གཙོར་འཆེལ་དང། ། འཇིག་རྟཻན་བྱ་བའི་རྒྱུར་སྒྲུབ་དང།། ཐབས་ཀྱི་བཅུད་ཆེན་འཛག་པ་དང།། བརྐམ་ཆགས་ངན་པས་འཛིན་པ་དང།། སྣོད་ཀྱི་དྲི་མ་མ་དག་པས།། བསྒྲུབ་བྱ་དམ་པར་མི་སེམས་དང།། བླ་མ་སྲོག་ཏུ་མི་འཛིན་དང། ། ཐ་མའི་སྤྱོད་པ་ཉམས་པ་རྣམས།། གྲིབ་བཞིན་བྱུང་འཁོར་སྤང་བར་བྱ།། སྲོག་ལུས་བྲལ་ཡང་ལས་ཀྱིས་བྲལ།། མཚོ་ཆེན་གསེར་གྱི་འོག་གཞི་ལྟར།། མི་འགྱུར་བརྟན་པའི་སེམས་ཀྱིས་བཟུང།། གལ་ཏེ་བཅས་པའི་རྒྱ་རལ་ན། ། ན་རག་རྡོ་རྗེའི་གདན་བཞི་སྟེ།། ཆད་པའི་རིགས་སུ་ངེས་པ་ཡིན།། རྣམ་སྨིན་འཇིག་རྟེན་འདི་ལས་བྱུང།། དམ་ཅན་རྡོ་རྗེ་མཁའ་འགྲོའི་ཚོགས།། བོས་པ་བཞིན་དུ་འདུས་གྱུར་ནས།། ཤ་ཁྲག་ལ་སོགས་དངོས་སུ་ཟ། ། དམ་ཤོད་གླིང་གི་དུར་ཁྲོད་བཞིན།། མཁའ་འགྲོ་རྣ་ཉན་ཀུན་གྱིས་སྡུད།། དེས་ན་ཐབས་ཆེན་མན་ངག་འདི།། རྗེས་སུ་མཐུན་པའི་དམ་བཅས་བཟུང།། རིན་ཆེན་གཏེར་གྱི་སྙིང་པོ་འདི། ། ཀུན་བཟང་རྒྱལ་བ་ཐམས་ཅད་ཀྱིས།། གསང་བའི་བདག་པོ་བཀའ་བསྒོ་བ།། གསང་འཛིན་རྡོ་རྗེ་སེམས་དཔའ་ནི།། སུམ་ཅུ་རྩ་གསུམ་བུམ་ཐོགས་ཏེ།། སྲོག་ཤིང་རྡོ་རྗེ་རྩེ་དགུ་འབར།། གསེར་གྱི་འཁོར་ལོ་འབར་ལ་བཞག། གསང་བའི་ཏིང་འཛིན་བདག་པོར་བསྒྲགས།། དགའ་རབ་རྡོ་རྗེ་བདག་ཉིད་ཀྱང།། དེ་བ་བཟང་སྐྱོང་བུ་ཐུ་བོ།། ཀུན་དགའ་སྙིང་པོ་བྱ་བ་ཡིན།། ལག་ན་རྡོ་རྗེ་གསང་བདག་གིས།། འཁོར་ལོ་འབར་བའི་ལྟེ་བར་བཞག། ནམ་མཁའི་མཐའ་དང་མཉམ་པའི་རྒྱུད།། ཀློང་དགུ་བམ་པོ་ཉི་ཁྲི་གསུངས།། སྤྱི་བླུགས་ཚངས་པའི་དབང་བསྐུར་ནས།། དུས་མཐའ་ཉིད་ཀྱི་ས་ལ་བཀོད།། འཛམ་གླིང་འཇིང་དུ་རྒྱལ་ཐེབས་བྱས། ། སེམས་རྒྱུད་རིག་པའི་ཐོར་ཅོག་ཅན།། རྒྱལ་གྱི་རིགས་ཅན་དྲ་མའི་ཡུལ།། རྒྱ་ཕུག་ད་ན་ཀོ་ཤའི་གླིང།། ཕྱག་ཏུ་གསང་བའི་གནས་རབ་བཅས།། ལུང་གསུམ་རྒྱུད་པའི་རྩ་བའི་དོན།། དགུ་གསུམ་སྦས་པའི་མན་ངག་འདི། ། སེམས་ལ་གླེན་ཞི་བདེ་ལ་འགོད།། ཡིད་ལ་བཅངས་ཤིང་ལུས་ལ་བཅངས།། བཀའ་ཡི་བདེ་ཆེན་མ་མཐོང་བ།། ཕྱི་ནང་རྒྱུད་པའི་ལུང་ལ་བརྟེན།། ལུས་ངག་སེམས་ཀྱི་བྱ་བཙལ་གྱིས།། བརྐམ་ཆགས་འདོད་པའི་ཆུ་བོ་སྐྱེད། ། བདེ་ཆེན་སྲོགས་དང་བྲལ་མཐོང་ནས།། གསལ་བར་གནས་སུ་དབུགས་ཆེན་ཕྱུང།། འཕྲུལ་མིག་རྡོ་རྗེ་ཟམ་པ་འདི།། བཀའ་ཡི་ཐུགས་ཀྱི་ཉིང་ཁུ་འདི།། ངང་པས་འོ་མ་བསྡུས་པའམ། ། འཇོག་པོས་རིན་ཆེན་ཕྱུང་བ་སྟེ།། རྒྱ་མཚོ་གླིང་གི་ཁ་བྱབ་བཞིན།། བཀའ་ཡི་བདུད་རྩི་བསྡུས་པ་ཡིན།། སྤྱི་བླུགས་ཚངས་པའི་དབང་ཆེན་ནི།། ཐབས་ཀྱིས་རྒྱལ་བའི་རིམ་པར་བསྟན།། རྗེས་སུ་མཐུན་པའི་བཞི་དང་བཅས། ། འཇུག་པ་རྒྱུ་ཡི་རིམ་པ་དང།། སྨན་པའི་ཆད་པར་ཀུན་སྤངས་པའི།། ཀུན་རྫོགས་ཚངས་པའི་དབང་བསྟན་དང།། བརྡ་དོན་འགྲོལ་བའི་རིམ་པ་ཡིན།། ཐུགས་བརྟོལ་རྣ་བརྒྱུད་མན་ངག་སྦྱིན། ། འཕྲུལ་གྱི་མེ་ལོང་དགུ་བསྐོར་བཞིན།། རྒྱལ་བས་དངོས་གྲུབ་མན་ངག་སྦྱིན།། གསལ་བྱེད་རིན་ཆེན་རབ་འབར་བསྟན།། མི་འགྱུར་བསྟན་པའི་དབང་བསྐུར་ལ།། དྲན་པ་རྐྱེན་གྱི་མན་ངག་སྦྱིན།། དྲན་རྟོག་རླུང་གིས་སྐྱེད་བྱེད་པས། ། གཡོ་འཛིན་རླུང་གི་མན་ངག་སྦྱིན།། སེམས་ཉིད་མི་བསྟན་སྤྲོས་འཚལ་བས།། བདེ་བ་ཐིག་ལེའི་མན་ངག་སྦྱིན།། བདེ་ཆེན་རང་བྱུང་བྱིན་རླབས་པས།། མི་འགྱུར་བརྟན་པའི་སྤྱོད་པ་བརྟན། ། བརྟན་ནས་མི་འགྱུར་ལྷུན་གྱིས་ཚེ།། བདེ་ཆེན་རིག་པས་བསྒྲུབ་པར་བྱ།། དང་པོའི་ཡན་ལག་བརྟན་བྱས་པ།། གནས་དང་སློབ་དཔོན་དཀྱིལ་འཁོར་དང།། སློབ་མ་དག་དང་འཇུག་རྣམས་དང།། དུས་དང་འཇུག་པའི་ཡོན་ཏན་ནོ། ། གནས་ནི་རྣམ་པ་གཉིས་གསུངས་ཏེ།། གཞི་ཡི་གནས་དང་རྟེན་པའི་གནས།། ཐམས་ཅད་རང་རིག་སེམས་ཉིད་དེ།། རྒྱུ་གཉིས་བྲལ་བའི་དངོས་གཞི་ཉིད།། བདེ་གཤེགས་རྒྱལ་བ་མ་ལུས་དང། ། རྒྱུ་དྲུག་སངས་རྒྱས་ཐམས་ཅད་ཀྱི།། བཞུགས་གནས་རྨད་འབྱུང་ཁྱད་པར་ཅན།། ཚད་དང་བྲལ་བའི་རིན་ཆེན་ཁང།། མི་འགྱུར་རྡོ་རྗེའི་རྒྱུ་ལས་བྱུང།། རང་བྱུང་ཡེ་ཤེས་གཞལ་ཡས་ཁང།། གནས་ཉིད་གནས་ལ་གནས་པ་མེད། ། དེ་ལས་འབྱུང་ཞིང་དེ་རུ་འདུས།། དེ་ཉིད་དེ་ཡི་རང་བཞིན་གནས།། བྱང་ཆུབ་སེམས་ཉིད་བདེ་ཆེན་པོ།། རྨད་འབྱུང་ཐིག་ལེའི་གནས་ཞེས་བྱའོ།། རྟེན་གནས་ཁྱད་པར་བསྟན་བྱ་བ།། དོན་གྲུབ་རྡོ་རྗེ་རིགས་ཅན་འདི། ། དང་པོ་བདེ་བའི་གཞི་ཡིན་པས།། ཡེ་ཤེས་རྒྱུ་ལས་བྱུང་བ་ཡི།། ཟ་མ་ཏོག་གི་རྒྱལ་མཚན་ནམ།། དཔལ་ཕུག་རྡོ་རྗེའི་རྒྱལ་མཚན་ནམ།། བ་ར་ཎཱ་སཱིའི་བསིལ་ཁང་ངམ།། དོན་གྲུབ་རིན་ཆེན་སུལ་མངས་སམ། ། རྒྱ་ཕུག་ཀོ་ཤ་གླིང་ཕུག་གམ།། དོན་གྲུབ་བཀྲ་ཤིས་ཁང་བུའང་རུང།། ཡེ་ཤེས་སྟོབས་དང་རིག་པའི་བྱིན་རླབས་དང།། བདེ་བའི་གནས་སུ་བདུད་རྩི་བཅུད་སྤེལ་ན།། རྣལ་འབྱོར་ཚེ་འཛིན་རིག་པའི་བྱིན་རླབས་སྟོང། ། དེས་ན་སྙིགས་མའི་རྒྱུ་ཅན་དང་པོ་སྟེ།། རྐྱེན་ལྔ་རྣམ་འབྱོར་ཡིན་ན་རྟེན་བཞིར་གཟུང།། དཀྱིལ་འཁོར་རང་འབྱུང་ཡེ་ཤེས་ཏེ།། མ་བཅོས་དངོས་གཞི་དཀྱིལ་འཁོར་གསུམ།། ཐམས་ཅད་ཡེ་ཤེས་རང་རིག་གསལ། ། མཁའ་ལྟར་ཁྱབ་པའི་བདེ་ཆེན་པོ།། ཡེ་ཤེས་དཔག་མེད་ཡོན་ཏན་གསལ།། སྙིང་པོ་ལེན་པས་མ་དྷ་ལ།། རང་ལ་རྫོགས་པས་ལྷུན་གྱིས་གྲུབ།། ཡོན་ཏན་རྫོགས་པས་ཡོན་ཏན་རྫོགས། ། ཐིག་ལེར་འདུས་པས་གཙོ་ཡི་རྒྱན།། སྣོད་བཅུད་འདུས་པས་ཐིག་ལེ་ཆེ།། འབར་བ་དཔག་མེད་གཞལ་ཡས་ཁང།། གདོད་ནས་གྲུབ་པས་རབ་གནས་རྒྱས།། ངོ་བོ་གསལ་བར་འབྱུང་འཇུག་མེད། ། བདག་ཉིད་གསལ་བས་སྐྱེད་པ་མེད།། རྒྱ་དབྱིབས་བྲལ་བས་ཡོངས་སུ་རྫོགས།། ཡོན་ཏན་ལྷུན་གྲུབ་གྲུ་བཞི་ཡིན།། རང་རིག་ཡེ་ཤེས་ཆེན་པོ་ལ།། མ་ལུས་ཀུན་འདུས་ཟླ་གམ་ཡིན།། མཚན་མའི་བག་ཆགས་མ་ལུས་འཇོམས། ། གྲུ་གསུམ་དྲག་པོའི་གཞལ་ཡས་ཡིན།། འཛིན་རྟོག་བྲལ་བས་ངང་གིས་ཞི།། ཞི་བ་ཆེན་པོའི་གཞལ་ཡས་ཡིན།། ཡེ་ཤེས་འབར་བ་ལྷམ་མེ་བ།། དངོས་པོ་འཇོམས་པའི་ཁྲི་ཆེན་ཡིན།། ལྷན་ནེ་ལྷང་ངེ་འོད་དུ་ཞུ། ། གཉིས་མེད་ཐིག་ལེའི་རང་བཞིན་ཅན།། རྡོ་རྗེ་ཉི་མ་ལྷ་ཆེན་པོ།། འདི་ནི་རང་བཞིན་རྣལ་མ་ཡི།། དཀྱིལ་འཁོར་ཆེན་པོ་འདོད་ཡིན་ཏེ། ཁྲོ་དང་ཞི་བ་ལ་སོགས་པའི།། གནས་པའི་དཀྱིལ་དུ་ལུས་བདག་པ། ། ལས་རྣམས་མ་ལུས་ཀུན་བསྒྲུབས་པའི།། རྣལ་མའི་དཀྱིལ་འཁོར་ཆེན་པོ་རུ།། ཞུགས་པ་མེད་པར་དངོས་གྲུབ་པའི།། རྣམ་མའི་འབྱོར་པ་དམ་པ་ཙམ།། དང་པོར་སེམས་དཔའི་རྣལ་འབྱོར་པས།། བསྡོངས་ཏེ་སེམས་ཀྱི་མ་མཚོན་ན། ། རྒྱལ་པོ་ཕྲུ་གུ་འཁྱམས་པ་བཞིན།། རང་གི་མཚན་ཉིད་མི་རྟོགས་སོ།། བདག་ཉིད་ཁམས་ཀྱི་རང་བཞིན་ཅན།། མྱ་ངན་འདས་པའི་བདག་ཉིད་ཅན།། མ་ལུས་གཅིག་རྫོགས་འཁོར་ལོ་ཡིན། ། བདག་ཉིད་རྫོགས་པའི་དཀྱིལ་འཁོར་ནི།། ཀུན་གཞི་ཆོས་སྐུ་ཆེན་པོ་ཡིན།། ལོངས་སྤྱོད་རྫོགས་པ་མ་འདྲེས་ཡིད།། ཚོགས་དྲུག་སྤྲུལ་པ་རྒྱ་ཆེན་པོ།། བརྐམ་ཆགས་ལྔ་ཉིད་རིགས་ལྔ་ཡིན།། རྣམ་ཤེས་གཅིག་བདག་རིགས་གཅིག་ཉིད། ། ཤེས་པའི་བྱེ་བྲག་རྣམས་མཐའ་ཡས།། རྒྱལ་བ་རྡུལ་སྙེད་འཇིག་རྟེན་སྒྲོལ།། ཙིཏྟ་རིན་ཆེན་དཀྱིལ་འཁོར་ནི།། འོག་མིན་གནས་ཆེན་མུ་མཐའ་ཡས།། སྒྲ་སྐད་མ་ལུས་རྣམས་མང་ཡང། ། མི་བཟད་རྒྱན་གྱི་འཁོར་ལོའི་གསུང།། གཟུང་མཆོག་སྐུ་ཡི་དཀྱིལ་འཁོར་རྫོགས།། དྲན་རྟོག་སེམས་ཀྱི་རྒྱུ་བ་ཀུན།། མི་ཟད་རྒྱན་གྱི་འཁོར་ལོ་ཐུགས།། སྣོད་བཅུད་ཡེ་ཤེས་དཀྱིལ་འཁོར་ཡིན།། སེམས་ཉིད་རབ་འབྱམས་དཀྱིལ་འཁོར་ཡིན། ། དུས་གསུམ་ཁམས་གསུམ་བདག་ཉིད་ཅན།། བརྐམ་ཆགས་དྲུག་གི་མཚན་ཉིད་ནི།། རྒྱུ་དྲུག་གནས་པའི་སེམས་ཅན་ཡིན།། རྩ་དྲུག་ས་བོན་བདག་ཉིད་ཅན།། ཙིཏྟ་འཁོར་ལོ་རིན་པོ་ཆེ། ། ཟག་པ་ཟད་པའི་མཚན་ཉིད་དེ།། རྩ་གསུམ་འདུས་པའི་ཐིག་ལེ་གཅིག། རྩ་བཞི་ཐིག་ལེར་བཅས་པ་ནི།། ཡེ་ཤེས་ལྔ་ཡི་བདག་ཉིད་སེམས།། རྩ་བརྒྱད་ཐིག་ལེའི་རང་བཞིན་ནི། ཁྱད་པར་དབང་པོའི་ལམ་དང་འབྲེལ། ། རྩལ་རྣམས་བདེ་བའི་ཐིག་ལེ་ལས།། དྭངས་མ་ཕྱི་ནང་མཚན་ཉིད་ཅན།། ནམ་མཁའི་ཁམས་ཀྱི་ཕྱོགས་ཆ་ན།། ཡེ་ཤེས་གཉིས་མེད་ཐིག་ལེའི་ངང།། དབུས་ཀྱི་ཐིག་ལེ་ཆེན་པོའོ།། ཕྱོགས་མཚམས་བརྒྱད་ཀྱི་མདུན་སྒོ་ན། ། ས་བོན་དྲུག་དང་སྒོ་དང་སོ།། ཐིག་ལེ་སོ་སོའི་ནུས་པ་ཅན།། དབུས་ཀྱི་ཐིག་ཐུང་ཨ་ཡི་རང་བཞིན།། དེ་དང་འབྲེལ་བའི་ཐིག་ལེ་བརྒྱད།། རང་འབྱུང་ཡེ་ཤེས་བདེ་བ་བཅུད། ། ཐིག་ལེ་འཁྱིལ་པའི་ཚུལ་དུ་གནས།། རྩ་བརྒྱད་འཁོར་བའི་རྩེ་འཁོར་ལོ།། གཉེ་མོ་འཁྲིལ་བའི་ཚུལ་བཞིན་ཏེ།། དབང་པོ་དྭངས་མའི་བཅུད་དང་འབྲེལ།། བདེ་གཤེགས་དཀྱིལ་འཁོར་བརྗོད་ལས་འདས། ། མཚན་དང་དཔེ་བྱད་རང་བཞིན་རྫོགས།། སྤྲུལ་པའི་འཁོར་ལོ་གཟུགས་ཁམས་ཏེ།། དབུས་ཀྱི་ཐིག་ལེ་སྒྲོན་མའི་ཁ།། སྤྱི་བོ་གཏད་ནས་འཁྱིལ་པའི་གཟུགས།། ཐིག་ལེ་བཞི་དང་ཡང་དག་འབྲེལ།། སྤྲོས་འཛིན་བདེ་བའི་སྒྱུ་མས་གང། ། མཁས་པས་བདེ་བ་སྤྱད་པར་བྱ།། རྩ་བཞི་འབྲེལ་བའི་ཐིག་ལེ་བརྒྱད།། བསམ་གཏན་བཞི་ཡི་སྡེ་པ་ཅན།། ཕྱི་རོལ་འཁོར་ལོ་འདབ་བརྒྱད་ཅན།། ཐིག་ལེ་བཅུ་དྲུག་དེ་དང་འབྲེལ། ། དང་པོ་ཉིད་ནི་འདྲེན་མ་ཡིས།། བཞི་དང་བཅུ་ནི་འདོད་པ་ཡི།། ཐུན་མོང་བདེ་བ་ཉིད་ཡིན་ནོ།། གཉིས་ནི་རིག་པའི་རྫིང་གི་འགྲམ།། འདུས་པའི་མདུད་འཆད་མེ་ཡི་འགྲམ།། ཐིག་ལེ་གཉིས་ནི་སྒོ་མེད་ཡིན། ། རྒྱུད་རྣམས་ཀུན་གྱི་ཐུན་མོང་གི། བདེ་བ་མྱོང་བར་བྱ་བ་ཡིན།། གཡས་གཡོན་འདུས་པའི་ཐིག་ལེ་མཆོག། ལོངས་སྤྱོད་འདུད་པའི་རྩི་ཡིས་ཟིན།། ཆོས་ཀྱི་ཐིག་ལེ་དང་པོའི་བཅུད།། གཉིས་སུ་འཁྱིལ་ཞིང་འཛག་པའི་རྩི། ། ཐིག་ལེ་འཁྱིལ་བ་བཞི་གནས་ཏེ།། བདེ་བ་ཆེན་པོས་འགེངས་དང་འཛག། འཁོར་ལོ་བཟློག་དང་རྩ་གསུམ་རྒྱས།། རང་བྱུང་བདེ་བ་རྒྱས་པར་བསྲེ།། རླུང་དང་ཡེ་ཤེས་དྭངས་མའི་བཅུད།། འདྲེས་པ་རྡོ་རྗེ་ཉི་མའི་ཚུལ། ། འཁྱིལ་ནས་བདེ་བའི་རོས་གང་ན། ཁམས་གསུམ་ཡེ་ཤེས་ཆེན་པོ་སྟེ།། ཇི་བཞིན་རླུང་བུས་ཕེབས་པ་ཡིན།། བར་གཅོད་རྐྱེན་དང་བྲལ་བ་ཡིན།། ལོངས་སྤྱོད་འཁོར་ལོ་འདོད་པའི་ཁམས།། བདེ་བ་ཆེན་པོའི་གཟུགས་མེད་པ། ། དངོས་པོ་མེད་པའི་སྙིང་པོ་ཅན།། བདེ་བ་འབྱུང་བ་གུ་ལི་ཚོགས།། ལོངས་སྤྱོད་བདེ་བའི་ཐིག་ལེ་ཅན།། རྣམ་དག་ཆོས་སྐུའི་རང་བཞིན་ཡིན།། རང་རིག་བདེ་བ་ཆེན་པོ་ལ།། རྒྱུ་དྲུག་ལོངས་སྤྱོད་གནས་ལ་སོགས། ། མྱ་ངན་འདས་པའི་སྐུ་གསུང་ཐུགས།། མ་ལུས་རྫོགས་པའི་དཀྱིལ་འཁོར་ཏེ།། རང་གི་སྦྱོར་བའི་ཏིང་འཛིན་ལ།། སྤྱན་དྲངས་མོས་པའི་ཡིད་སྨོན་ཡིན།། བློ་ཡི་སྦྱོར་བ་རྟག་པ་སྟེ། ། བཅོས་མའི་ཐབས་ཀྱིས་སྦྱོར་བ་ཡིས།། ཇི་བཞིན་དངོས་ལ་མི་འཇུག་པར།། བཅོས་མའི་བརྙན་མ་མངོན་བྱེད་ན།། དོན་དུ་དམིགས་ནས་འཇུག་བྱེད་ཀྱང།། དཔེར་ན་སྤྲེའུ་དང་སྤྲེ་འབག་བཞིན།། དེ་ཡིས་དེ་ཡི་དོན་མི་འགྲུབ། ། བཅོས་མའི་དཀྱིལ་འཁོར་སྤང་བར་བྱ།། དེས་ན་རང་འབྱུང་དཀྱིལ་འཁོར་འདི།། ཇི་བཞིན་མངོན་སུམ་ཁོ་ན་བས།། འདི་ལ་དེ་བཞིན་ནན་ཏན་བྱ།། བཀྲ་གསལ་གཟུགས་དང་བརྗོད་བྲལ་སྒྲ། ། དངོས་བྲལ་རང་བཞིན་མེད་པའི་དྲི།། མུ་ཁ་ཐིག་ལེ་དབྱིངས་ཀྱི་ངང།། སྣ་ཚོགས་དབྱིངས་ཉིད་བྷ་གའི་ཀློང།། ཀུན་འདུས་བདེ་ཆེན་དཀྱིལ་འཁོར་དྲུག། བདེ་བ་ཆེན་པོ་གཅིག་གི་ངང།། ཡེ་ཤེས་མུ་མཐའ་མེད་པར་འཇུག། འདི་ནི་རང་བཞིན་དཀྱིལ་འཁོར་ཡིན། འདི་ལ་སློབ་དཔོན་རྣམ་གཉིས་ཏེ།། བརྡ་དོན་སྒྲོལ་བའི་སློབ་དཔོན་ཡིན།། ཤེས་རབ་མཆོག་ལྡན་ཏིང་ངེ་འཛིན་ཐོབ་པ།། དམན་པའི་བློ་སྤངས་ཁྱད་པར་ཀུན་ཤེས་ཅན། ། བསྟན་པའི་བཅུད་ཕྱུང་ཐེག་པའི་ཡ་ཐོག་ལ།། བདེ་གཤེགས་སྲས་དང་སྨན་པའི་སངས་རྒྱས་དང།། རེ་ཐག་ལས་ཤིང་མི་རྟོག་ཐུགས་རྗེ་བ།། ནང་གི་དྲི་མ་སྦྱངས་པས་འཇིག་རྟེན་ཆོས་བརྒྱད་སྤངས། ། སྨོན་ལམ་མ་ནོར་དག་པས་བཀའ་ཡི་མངའ་བདག་ཅན།། ཤེས་རབ་དང་ལྡན་བརྩོན་འགྲུས་ཁྱད་པར་འཕགས།། མ་ནོར་དོན་རྟོགས་གདུང་རྒྱུད་མ་ཆད་པ།། སྣོད་བཅུད་རྟོག་ཅིང་གཞན་གྱི་སེམས་ཤེས་པ། ། སྣོད་ལྡན་མཆོག་ཏུ་སྨིན་བྱེད་ཐུགས་རྗེའི་བདག། འདི་འདྲའི་བླ་མ་རྗེས་སུ་བཟུང་བྱས་ཏེ།། སྲོག་ལུས་བྲལ་ཡང་བླ་མ་ཡིད་ཀྱིས་བཟུང།། རྒྱལ་བའི་སྲས་ཆེན་ཆོས་ཀྱི་རྒྱལ་ཚབ་ཡིན།། མ་ནོར་དོན་གྱི་བླ་མ་ནི། ། རང་སེམས་སློབ་དཔོན་ཀུན་གྱི་བདག། ཐམས་ཅད་རང་རིག་རྒྱལ་པོ་བས།། སེམས་ཉིད་སངས་རྒྱས་ཀུན་གྱི་དངོས།། རྡོ་རྗེ་སློབ་དཔོན་རིན་ཆེན་བདག། རྒྱལ་བ་ཀུན་གྱི་བླ་མ་ནི།། རང་རིག་ཡེ་ཤེས་ཆེན་པོ་ཡིན། ། འདི་ནི་སངས་རྒྱས་ཐམས་ཅད་ཀྱི།། མཆོག་ཏུ་བཀུར་ཞིང་རྗེས་སུ་གཟུང།། རང་རིག་ཡེ་ཤེས་རྒྱལ་པོ་འདི།། གསང་སྔགས་གཏེར་གྱི་མཛོད་འཛིན་ཅིང།། བསྟན་པ་རྒྱ་མཚོ་སྒྲོགས་པའི་བདག། མན་ངག་རིན་ཆེན་གཏེར་གྱི་ཀློང། ། ཡེ་ཤེས་སྒྲོན་མ་ལྷམ་མེ་བ།། འཇིག་རྟེན་ཀུན་གྱི་སྟོན་པའོ།། བླ་མ་སངས་རྒྱས་རིན་ཆེན་སེམས།། མ་བཅོས་དེ་ཉིད་ལམ་སྟོན་པའི།། བླ་མ་སངས་རྒྱས་ཀུན་གྱི་དངོས།། རྡོ་རྗེ་སློབ་དཔོན་དམ་པ་ཡིན། ། སློབ་མ་རིན་ཆེན་སེམས་རང་བཞིན།། ཀུན་གྱི་རང་བཞིན་དངོས་དེ་ཉིད།། དེ་ཉིད་དེ་ཡི་ཕྱག་རྒྱ་ཅན།། དེ་ཡི་དབང་གིས་དེ་ཐོབ་ཅིང།། དེར་འདུས་དེ་ལ་རག་ལས་པས།། དེ་དག་དེ་ཡི་རིགས་ལས་བྱུང། ། བརྐམ་ཆགས་དྲུག་ལྡན་རྐྱེན་བཞིའི་བདག། རྣམ་དག་བདེ་ལམ་འཐོབ་དང་བཅས།། ཐམས་ཅད་སེམས་ཀྱི་དེ་དག་ཉིད།། སྤྱོད་ཡུལ་སེམས་ཀྱི་རང་བཞིན་ཅན།། སློབ་མ་རྡོ་རྗེའི་རིགས་ཅན་ཏེ།། ལྷུན་གྲུབ་བླ་མའི་རང་བཞིན་ཏེ། ། དེ་ཡི་བཀའ་རྟགས་རྡོ་རྗེ་ཅན།། ཐམས་ཅད་མི་འགྱུར་རྡོ་རྗེའི་དབྱིངས།། དེས་ན་སློབ་མ་རྡོ་རྗེའི་བུ།། རིགས་སུ་ངེས་པའི་བཀའ་རྟགས་ཡིན།། ཐམས་ཅད་སློབ་མ་རྡོ་རྗེ་ཉིད།། དེ་ཉིད་བླ་མ་རྡོ་རྗེའི་སྟོབས། ། རྡོ་རྗེའི་ངང་གཅིག་རྡོ་རྗེ་ཉིད།། རྡོ་རྗེའི་ཡེ་ཤེས་ཁྱབ་གདལ་བས།། དེས་ན་རྡོ་རྗེ་ལྷུན་གྲུབ་པའོ།། བླ་མའི་རིམ་པའི་རྣལ་འབྱོར་ཅན།། དེ་ཉིད་སྡུད་དང་འཐོར་བ་ཡི།། རིག་པ་ཉམས་སུ་དེར་བཞག་ན། ། སྦྱོར་བ་མ་ནོར་རིགས་ཅན་ནམ།། རིགས་རྒྱུད་དག་པའི་རྣལ་འབྱོར་པ།། མན་ངག་རིན་ཆེན་གཏེར་དུ་འཆང།། བླ་མ་རིན་ཆེན་སྲོག་ཏུ་འཛིན།། ཏིང་འཛིན་ཤེས་རབ་རྩལ་དུ་རྫོགས།། ལྷག་པའི་ཡེ་ཤེས་ཉི་མ་ཤར། ། དད་དང་བརྩོན་འགྲུས་རྒྱུ་འབྲས་རྫོགས།། རྩོལ་བས་ལུས་ངག་བརླག་སྟོང་དུ།། གྱུར་ཀྱང་དོན་གྱི་འདོན་མི་གཏོང།། བདེ་བ་འབེབས་པའི་ཡན་ལག་ཡིན།། བླ་མ་རྡོ་རྗེ་སྲོགས་གྱུར་ཏེ།། ལུས་ངག་སེམས་ཀྱི་རྒྱུ་མེད་པར། ། རྡོ་རྗེའི་ལུས་སུ་གྱུར་ནས་འགྲུབ།། རྡོ་རྗེ་བླ་མ་གཞན་སེམས་ཅན།། རྒྱལ་སྲས་ཡིད་ཀྱི་བློ་ཅན་དེས། ཁེངས་སེམས་འཇིག་རྟེན་སྤྱོད་ལུས་ངག། བགེགས་ཀྱིས་ཚོར་ན་བླ་མ་དེ།། གཏེར་ཁྱིམ་རིག་པའི་སྒོ་སྡོམ་སྟེ། ། མན་ངག་ཉམས་པའི་རྒྱུ་ཡིན་པས།། ལུས་དང་བྲལ་བའི་ཡན་ལག་རྒྱུས།། གླང་ཆེན་ལུས་སུ་མི་ཐོབ་ལྟར།། མན་ངག་ཉམས་པའི་ཐབས་རྣམས་ཀྱིས།། བྱང་ཆུབ་ལུས་སུ་ཐོབ་མི་འགྱུར། ། དེས་ན་བླ་མ་སྲོག་ཡིན་པས།། ལུས་ངག་སེམས་ཀྱི་དུས་གསུམ་དུ།། རང་སྲོག་བྲལ་བའི་ལས་མི་བྱེད།། གྲགས་དང་རྙེད་པའི་སེམས་ལོག་གིས།། ཉམས་པར་གྱུར་པའི་མཐུ་ཤེས་པ།། ནང་དང་ཕྱི་རྒྱུད་སེམས་སྦྱངས་པ། ། འཁྲུལ་པའི་སེམས་བརྒྱད་རྣམས་སྤངས་ཤིང།། དོན་མཐར་ཕྱིན་པའི་བརྩོན་འགྲུས་སོ།། མི་ལྡོག་ངེས་པའི་རིགས་རྒྱུད་ཅན།། རྡོ་རྗེའི་ལུས་ལ་རྒྱན་མཐོང་ན།། བདག་སེམས་དགའ་བའི་ཚོར་བ་སྐྱེ། ། གྲགས་སེམས་རྒྱལ་བའི་ཆོས་ཐོས་ན།། རྗེས་སུ་མཐུན་པའི་ཡིད་ཀྱིས་མོས།། བླ་མ་རྡོ་རྗེ་སྐལ་ལྡན་དེས།། ལུས་ངག་སྤྱོད་པ་ཅི་བྱས་ཀྱང།། གཡོ་སྒྱུ་མེད་པས་དགའ་འབྱེད་ཅིང།། མཐོང་དང་དྲན་པའི་ཤེས་རྒྱུད་ཀྱིས། ། ཐུན་མོང་དྲི་མ་ཀུན་འཇོམས་ཤིང།། ཉི་མའི་འོད་བཞིན་ཞི་བྱེད་པ།། བླ་མ་རྡོ་རྗེ་སྐུ་གསུང་ལ།། རྟག་ཏུ་རང་གི་ཡིད་འདོགས་ཤིང།། ཐུགས་ཀྱིས་ཇི་ལྟར་སེམས་པ་བཞིན།། གུས་པའི་སེམས་ཀྱིས་མཉེས་བྱེད་ཅིང། ། རྟག་ཏུ་མཆོད་པ་འབུལ་བྱེད་པ།། དེ་ནི་རིགས་ཀྱི་བུ་ཡིན་ཏེ།། བདེ་བའི་ཞིང་གྱུར་སྐལ་ལྡན་དེ།། རྡོ་རྗེ་རིན་ཆེན་དག་ལ་བསྐྱོན།། བདེ་གཤེགས་ཉིད་དུ་ངེས་ལུང་བསྟན།། དུས་མཐའི་འབྲས་བུ་ས་ལ་བཀོད། ། དེ་ནས་རྡོ་རྗེ་བླ་མ་དེས།། དོན་རྟོགས་གསལ་བའི་མངོན་སུམ་མམ།། ལུས་དང་སེམས་ཀྱི་བརྡ་རྟགས་སམ།། ཆོས་སྐྱོང་མཁའ་འགྲོ་འམ་སེམས་དཔའ་ཡིས།། ཐབས་ཀྱི་གནས་པའམ་རྡོ་རྗེའི་གདན་ས་རུ། ། རིག་ནས་སྐལ་ལྡན་དེ་ནི་སར།། སྨིན་པར་བྱ་ཕྱིར་རིམ་པར་བྱ།། འདི་ལ་ཅི་སྩལ་ཡན་ལག་དང།། ཐབས་རིམ་ཕྲ་སླ་ཀྲིད་ཀར་མ།། རྩོལ་སྒྲུབ་ལུས་དང་སེམས་ཀྱི་ལས།། དངོས་གང་ཐིག་ལེའི་མཚན་ཉིད་ནི། ། འདོད་རྩོལ་སྤྲོས་པ་ཐམས་ཅད་འགགས།། བརྗོད་པར་བྱ་བའི་ལུང་བསྟན་མིན།། སྐལ་ལྡན་སེམས་ཀྱི་དཀྱིལ་འཁོར་དུ།། བདེ་ཆེན་ཤར་བའི་རྣལ་འབྱོར་རམ།། དེ་རྟོགས་ཀླུང་དུ་འབེབས་འདོད་པས། ། གསང་སྔགས་འཕྲུལ་གྱི་ལན་ཆེན་ནམ།། བསྟན་པ་བློ་ཡི་རིམ་པས་བསམ།། རང་འདོད་ཐ་མལ་སྨད་ལས་ཀྱི།། རིམ་པ་གང་ཅི་དེ་བཞིན་དུ།། ཐབས་ཀྱི་རྒྱལ་པོས་མཐར་ཕྱིན་བྱ།། གསལ་བ་རིན་ཆེན་འཕྲུལ་སྣང་ངམ། ། བཅུད་ལེན་སྨན་དང་མ་གི་ཏ།། གང་ལྡན་དེ་ནི་འབད་རྩོལ་མེད་པའི་ལས།། རྩོལ་སྒྲུབ་འབད་རྩོལ་ཅི་བྱེད་ཀྱང།། དེ་ནི་བྱ་རྩོལ་མེད་པ་ཡིན།། ཨཱ+ོཾ་བཛྲ་སུ་ལཾ་མཾ་པཾ། མ་མ་རུ་རུ་ཙི་ཏ་ཨ་བེ་པྲ་བ་ལ་སྭཱ་ཧཱ། འདི་ནི་མཁའ་འགྲོ་སྟོན་པ་ཡི།། དང་པོ་རྟགས་ཀྱི་མངོན་ཤེས་ཡིན།། དོན་དང་ལྡན་པའི་གནོད་རིགས་ནས།། ཐབས་ཆེན་སྦྱོར་བར་རྩལ་བར་བྱ།། སྐལ་ལྡན་བློ་ཡི་ཁྱད་པར་གྱིས།། སོ་སོའི་བསྟན་པ་རིམ་པ་བཞིན། ། འདོད་པའི་སྨོན་པས་རྗེས་འཇུག་ན།། སོ་སོའི་གྲུབ་མཐའ་རིམ་པ་བཞིན།། དབང་བསྐུར་ཤེས་རབ་རིམ་པར་བསྐྱོད།། རྣམ་རྟོག་སྤྲོས་པ་ཐམས་ཅད་བཅད།། སེམས་ཀྱི་དམིགས་པ་ཟིན་འགྱུར་ཏེ། ། རྣམ་རྟོག་སྨིན་པའི་དངོས་པོར་འགྱུར།། ཡང་ན་དང་པོ་དོན་ཅིག་ལ།། སེམས་ཀྱི་བྱེ་བྲག་ཀུན་སྐྱེ་ན།། སེམས་དཔའ་ལས་སུ་འཇུག་པ་སྟེ།། དེ་ནས་ཚངས་པ་ཆེན་པོའི་དབང།། དམ་པ་འདི་ནི་སྐུར་གྱུར་ན། ། འདི་ནི་སྐད་ཅིག་དུས་མཐའ་ཡིས།། སེམས་དཔའ་ཆེན་པོ་ཉིད་དུ་འགྱུར།། དངོས་སུ་ཡེ་ཤེས་ཀུན་ཁྱབ་ཅན།། ཟག་པ་མེད་པའི་རྩེ་མོར་ཕྱིན།། ཡོན་ཏན་མ་ལུས་རྫོགས་པའོ།། རྣམ་རྟོག་གྲུབ་མཐའ་མ་སྒྱུར་བའི། ། ཐ་མལ་དངོས་འཛིན་རྟོག་པ་ཅན།། ལྷ་ཀླུ་གནོད་སྦྱིན་ལ་སོགས་པ།། འདོད་པའི་སྨོན་པས་རྗེས་སྒྲུབ་ན།། དངོས་མི་སྤོང་བ་མ་འདྲེས་པར།། སྦྱང་དང་སྲུང་བ་ལ་སོགས་པའི།། དྲག་པོའི་རྩོལ་བས་སེམས་སྟོབས་བསྒྱུར། ། རང་གི་སེམས་རྟོགས་སྤྲོས་བྱེད་ན།། དེ་ནས་དེ་བདེ་ཆེན་པོ་སྦྱིན།། དེ་ནི་རིག་པའི་དུས་མཐའ་ཡིས།། རྒྱལ་བའི་སྲས་སུ་ངེས་པ་ཡིན།། བདེ་གཤེགས་ཉིད་དང་སྐལ་བ་མཉམ།། ཡེ་ཤེས་ནམ་མཁའི་མཐའ་དང་མཉམ། ། རིག་པའི་རྒྱལ་པོ་ཀླུ་ལྟར་བར།། སྔོན་དུ་འཇུག་པའི་སྟོབས་མེད་ཀྱང།། རྩལ་ཆེན་རིག་པའི་ངང་ལ་རྫོགས།། སེང་གེ་ལྟེ་ཐག་བསྐྱིགས་པའམ།། བྱ་རྒོད་གཤོག་རུ་བཅུམ་པ་བཞིན།། སེམས་ལ་ཤར་ཡང་སྟོབས་མ་རྫོགས། ། རྟོག་པ་རླུང་གིས་སྦལ་བ་ཡིས།། སེམས་ཀྱི་རྒྱུ་བ་མ་ཟིན་ཏེ།། དངོས་པོ་རླུངས་སུ་མ་ཕེབས་ཤིང།། རིག་པས་རྩལ་ཆེན་མ་བྱང་བའོ།། འདི་ལ་རིམ་པ་མེད་པ་སྟེ།། དང་པོར་དངོས་གཞིའི་དཀྱིལ་འཁོར་བསྟན། ། ཀུན་རྫོགས་དཀྱིལ་འཁོར་ལུས་ལ་རྫོགས།། འཕྲུལ་གྱི་མན་ངག་རྣ་བར་གཞུག། སེམས་ལུང་བསྒོམ་པའི་མན་ངག་བསྟན།། རྒྱ་རྟགས་གདབ་པའི་ཆོ་ག་བྱ།། བཀྲ་ཤིས་ཡན་ལག་ཀུན་ལྡན་པའི། ། སེམས་དང་མཐུན་པའི་གནས་ཆེན་དེར།། གསལ་བྱེད་རིན་ཆེན་འབར་བ་དེ།། རྩི་སྟན་ར་ཡི་འོ་མས་བྱ།། གསེར་ཆུ་ཞུན་མས་རྩི་བཏབ་སྟེ།། བཻཌཱུར་སོ་མ་ཏ་ཡི་རྩིས། ཁ་བྱུགས་དྲི་མ་བྲལ་བར་བྱ།། དན་ཤིང་དཀར་པོའི་སོལ་བ་ཡིས། ། བཞུ་བའི་དངུལ་ཆུ་ཞུན་མས་བྱུག། སྐྱེ་བ་བདུན་པ་ཚངས་པའི་ཞག། འཕྲུལ་གྱི་འོ་མ་མར་མེ་ཡི།། དུད་པས་མིག་ལ་བྱུགས་གྱུར་ན།། མིག་སྤྲིན་བཏེག་ནས་བལྟས་གྱུར་ན། ། སྟོང་ཆེན་མི་མཇེད་རྒྱུ་གཅིག་པའི།། གང་གི་ཕྱོགས་དེ་གསལ་བར་འགྱུར།། དེ་ནས་སྒོ་བརྒྱད་ལྡན་པའི་ཁྲི།། ཡིད་མཐུན་བྱུག་པ་ཀུན་བྱས་ཏེ།། ལག་ན་རྡོ་རྗེས་བྱིན་བརླབས་ཏེ།། རྩིབས་བརྒྱད་འཁོར་ལོ་གྲུ་བཞི་བྱ། ། སྒོ་དབྱེ་ལས་རྣམས་ཐོབ་པར་བྱ།། དང་པོ་སེམས་བསྐྱེད་འཇུག་གི་བར།། བསྟན་པའི་ལུས་སུ་མ་རེག་པས།། ལག་ན་རྡོ་རྗེས་བྱིན་བརླབས་པའི།། བསྲུང་དང་གསད་པ་རིག་པ་གདགས།། ལོངས་སྤྱོད་ཀུན་ལའང་སྦྱོར་བས་གདབ། ། ཨཱ+ོཾ་བཛྲ་ཡཀྵ་ཀྲོ་ཏ་ཧཱུཾ་ཧཱུཾ་ཕཊ། ཨཱ+ོཾ་བཛྲ་ཡག་ཤ་ཀྲོ་ཏ་ཛྭ་ལ། ཧ་ལ་ཧ་ལ་ཧཱུཾ་ཧཱུཾ་ཕཊ། ཨཱ+ོཾ་བཛྲ་ཙཀྲ་རཀྵ་རཀྴ་མུ་རུ་ཙུ་རེ། རཀྵ་རཀྵ། ཧཱུཾ་ཧཱུཾ་ཧཱུཾ། དེ་ནས་སྲོག་འཛིན་བླ་མ་ལ།། ལུས་དང་བཅས་པའི་ལོངས་སྤྱོད་འབུལ། ། དངོས་དང་འདོད་པའི་སེམས་འཛིན་གཏང།། མོས་དང་འདོད་པའི་བདེ་བ་སྐྱེད།། སྐལ་ལྡན་རིགས་ཀྱི་བུ་དེ་ནི།། དམ་པ་གཅིག་ལ་བསྟན་པར་བྱ།། འཇིག་རྟེན་ཁམས་ནི་མ་ལུས་ལས། ། རབ་འབྱམས་ཀུན་ཏུ་དཀྲུགས་འགྱུར་ན།། རྐྱེན་དང་ལས་ཀྱིས་འཕྲད་གྱུར་ནས།། མང་ཡང་གསུམ་ལས་འདའ་མི་བྱ།། གདམས་ངག་རིམས་ཀྱིས་སོ་སོར་སྦྱིན།། རྒྱལ་ཐེབས་ཐུ་བོ་དེ་ལ་བསྐུར།། དང་པོར་དུས་དང་བྲལ་བ་ནས། ། མཐར་ཕྱིན་ཐུན་མཚམས་བཅུ་ཕྲག་བདུན།། གཉིས་དང་ལྡན་པས་མཐར་ཕྱིན་འགྱུར།། ཟླ་ཕྱེད་འབྲིང་གི་ཐུན་མཚམས་ཏེ།། གཞན་དུ་ཡང་གྲགས་དེ་ཉིད་ཀྱིས་རྫོགས་སོ།། དེ་ལས་གཞན་པར་ཡང་ན་སྟེ། ། སྤྱོད་པའི་ཡན་ལག་ཉམས་པའོ།། དང་པོར་བཅུ་གཅིག་ཞག་གི་དུས།། ནུས་པའི་ཚོགས་བསགས་བར་ཆོད་བསྲུང།། རྡོ་རྗེ་གོ་ཆས་ལུས་སྲུང་ངོ།། འཕོ་བའི་དུས་མཚམས་ཉི་ཤུ་དྲུག། ཐུན་མཚམས་བརྒྱད་དུ་སྒོམ་བྱ་བ། ། དངོས་པོ་ཕྱི་ནང་ཐམས་ཅད་ལ།། བུ་དེས་ཇི་ལྟར་བཟུང་བ་ཡིས།། རྣམ་རྟོག་ཞེན་པའི་ཡུལ་དེ་ལ།། བརྟགས་པས་དེ་ཉིད་ངོས་བཟུང་བྱ།། དེ་བཞིན་ཐུན་མཚམས་བརྒྱད་ལ་ནི།། བཅུ་དྲུག་དག་ཏུ་རྣམ་ཕྱེ་སྟེ། ། བདག་ཉིད་རྒྱན་དང་བཅས་པའི་ལུས།། གསལ་བའི་ཡུལ་ལུས་བརྟག་བྱ་སྟེ།། མི་གཡོ་སེམས་དཔའ་ཐམས་ཅད་བཟུང།། རྩེ་གཅིག་རྟོགས་པའི་དངོས་པོར་དམིགས།། དེ་ནས་ཐུན་ཕྱེད་བརྒྱད་པ་ལ། ། སྟོང་པ་ནམ་མཁའི་འདུ་ཤེས་དངོས།། ཚད་པའི་སྟོང་པ་ཉི་ཚེ་དེ།། བརྟག་ཅིང་དེ་ཉིད་ངོས་གཟུང་བྱ།། དེ་དག་རིམ་པའི་དོན་རྣམས་ནི།། ཐུན་མོང་བློ་ཡིས་ངོས་ཟིན་ནས།། རྡོ་རྗེ་མི་ཟློག་གོ་བསྐོམ་ཏེ།། བུ་ཁྱོད་རྨོངས་པའི་དྲི་མ་ཅན། ། བསྐལ་པར་སྦྱོར་བའི་སྡུག་བསྔལ་ཉིད།། དངོས་ནས་དེ་ཉིད་བདེ་བར་གསལ།། དངོས་དང་གཅོང་རོང་འཁོར་བའི་མུན་པ་ཉིད།། དེ་ཉིད་ཡེ་ཤེས་སྒྲོན་མར་སྤར།། སྙིང་མའི་གནས་ངན་ཁམས་གསུམ་ཉིད། ། རྒྱལ་བའི་ཞིང་ཁམས་བདེ་བར་བསྐྱར།། ང་ཡི་ཚིག་འདི་བདུད་རྩིའི་བཅུད།། ཡེ་ཤེས་སྒྲོན་མའི་འོད་འབར་ཅན།། རིག་པའི་སྟེང་དུ་ནན་ཏན་བྱའོ།། དེ་ནས་མཐར་ཕྱིན་ཐུན་མཚམས་ནི། ། ཉི་ཤུ་རྩ་བཞི་འམ་བཅུ་གཉིས་ལ།། འཇུག་ཅིང་ཞུགས་པའི་ཡོན་ཏན་སྟེ།། མཐོང་བའི་ལམ་དང་ལྡན་པར་བྱ།། ཕྱི་རོལ་ནང་ན་གནས་པ་ཡི།། ཐམས་ཅད་སྤངས་པའི་གཞི་མེད་དེ།། དེ་ཉིད་དོན་དེ་ཡིན་ཕྱིར་རོ། ། ཕྱི་རོལ་ཡུལ་ལ་སོགས་པ་ཡིན།། གཉིས་པའི་དངོས་པོ་མི་དམིགས་པའི།། ཐམས་ཅད་སེམས་ཉིད་ཁོ་ན་སྟེ།། དེ་ཡང་དངོས་གྲུབ་ཡོད་མ་ཡིན།། དང་པོར་གཉིས་པ་མེད་པས་ན།། དེ་ནི་གཉིས་མེད་བརྟག་པ་ཡིན། ། གཉིས་པར་གཉིས་སུ་མེད་པས་ན།། གཉིས་མེད་དྲང་བའི་དག་པ་ཡིན།། གསུམ་པ་ཀུན་མེད་ཐམས་ཅད་ལྡན།། བདེ་ཆེན་རང་རིག་ཡེ་ཤེས་ལ།། འདོད་པ་ཀུན་སྤངས་ཆགས་ཆེན་པོ།། ཡེ་ཤེས་ཀུན་གྲུབ་བདེ་བའི་ཀློང། ། སྒྱུ་མ་ལྷུན་གྲུབ་ཡུལ་ལ་རོལ།། དེ་ནི་བཅོས་མེད་ཀུན་རྫོགས་པའོ།། དེ་ནི་རྣམ་པར་དེ་སྒྲུབ་ན།། ཡུལ་གྱི་རྣམ་པ་སེམས་ཉིད་དེ།། དེ་ཉིད་དེ་ལ་གསལ་བ་དང།། དེ་མ་གྲུབ་པར་དེ་ལྡོག་པས།། དེ་ཉིད་དེ་ཡི་རང་བཞིན་ཏེ། ། དེ་རིག་དེ་སྣང་དེ་དེ་ཁོ་ནའོ།། ཉི་མའམ་རིན་ཆེན་འབར་བ་བཞིན།། འོད་དང་ངོ་བོ་དེ་ཉིད་ལས།། ཡུལ་དང་གཞན་གྱིས་བྱས་པ་ཡིན།། རིག་པའི་ཡེ་ཤེས་སྐུར་གསལ་པ།། སེམས་ཉིད་དྲི་མ་མེད་པ་ལ། ། ནམ་མཁའི་ཁམས་དང་སྦྱོར་བའི་སེམས།། འཛིན་པའི་རླུང་དང་དེ་ཉིད་རླུང།། ལས་རླུང་རྟེན་པས་སྤར་བ་བཞིན།། དེས་ན་དེ་བཞིན་བདེ་བར་སྣང།། སྣང་ཡང་སྦྱོར་བ་མེད་པ་ཡི།། གཉིས་མེད་བདེ་བའི་ཡེ་ཤེས་ཡིན། ། རང་འབྱུང་ཡེ་ཤེས་རྩལ་མེད་པས།། བདེ་བ་ཆེན་པོའི་ངང་དུ་འཆར།། ལུས་དང་བྲལ་བའི་ཡེ་ཤེས་ནི།། དུས་གསུམ་མཐར་ཐུག་འབྱུང་མི་འགྱུར།། དེ་བྲལ་དེ་ཉིད་མི་སྲིད་དེ།། ངོ་བོ་གཅིག་པས་མཉམ་རྫོགས་ཡིན། ། འདུ་འབྲལ་མེད་པའི་ཡེ་ཤེས་ནི།། རྒྱུད་དང་བྲལ་བས་རང་བཞིན་ཅན།། དེ་ནི་སྲིད་པར་མི་རུང་སྟེ།། བདག་ལ་ཡོན་ཏན་རྫོགས་པ་དང།། མེ་དང་ཚ་བར་འབྲེལ་པ་བཞིན།། མངོན་སུམ་བདེ་བ་ཆེན་པོར་གསལ། ། བདེ་ཆེན་བདེ་བར་རྒྱས་འགྱུར་ན།། ཡུལ་དུ་སྣང་ཡང་ཐིག་ལེའམ།། རིག་པར་སྣང་ཡང་རྟོག་པ་སྟེ།། ཡུལ་དང་བྲལ་ཡང་རྟོགས་གེགས་ཡིན།། གཉིས་སུ་སྣང་ཡང་མཚན་མ་ཡིན།། སྤྲོས་པ་བཀག་ཀྱང་རྨུགས་པ་ཡིན། ། རང་ལ་རྫོགས་ཀྱང་ང་རྒྱལ་ཡིན།། ཡོན་ཏན་བརྗོད་ཀྱང་བརྐམ་ཆགས་སྐྱེ།། དེ་ནས་བདེ་ཆེན་རོལ་པའི་རྒྱས།། ཐིག་ལེ་དབྱིངས་སུ་གདབ་པར་བྱའོ།། དེས་ན་ཡུལ་མེད་སེམས་མེད་པས། ། ཡུལ་གྱི་མཚན་ཉིད་བསྟན་པར་བྱ།། རྟོག་མེད་ངང་ལ་ཤར་བ་ཡི།། ལུས་དང་བྲལ་བའི་ཡེ་ཤེས་ནི།། ཚིག་ལ་སྒྲོ་བཏགས་ཐ་སྙད་ཡོན།། བསྟན་བྱ་རྟོགས་པ་ལས་གྲོལ་བའི།། ཡེ་ཤེས་ཆེན་པོའི་མཚན་ཉིད་ཅན། ། ཡུལ་འཛིན་རྟོག་པ་དག་བྱེད་པའི།། མ་བཅོས་ངང་གི་ཡེ་ཤེས་གསལ།། དེ་ཉིད་རྟོག་པ་རྣམས་སྤངས་ཏེ།། སེམས་ཉིད་གསལ་བས་ཡུལ་དང་བྲལ།། དོན་དུ་གསལ་བས་བག་ཆགས་བྲལ།། དེ་ཉིད་མཐོང་བས་ཐེ་ཚོམ་མེད། ། རྒྱུ་བ་མེད་པར་ཀླུངས་སུ་ཕེབས།། རང་གིས་གསལ་བས་རྟོག་སྒྲིབ་མེད།། གང་ཡང་ཡིན་པས་གོལ་ས་མེད།། རྣམ་དག་སེམས་ཀྱི་ཡེ་ཤེས་ཡུལ།། བདེ་བར་གཤེགས་པ་ཡེ་ཤེས་ཡུམ། ། ཡོན་ཏན་ཀུན་ལྡན་བུ་མོ་དེ།། ཐབས་ཀྱིས་མཉེས་པའི་སུམ་རྫོགས་ནས།། བདེ་ཆེན་ཕྱག་རྒྱ་མཚོན་པའི་རྒྱུ།། བདེ་བ་ཆེན་པོར་མངོན་དུ་བསམ།། བདེ་བ་ཆེན་པོར་བསྟུན་པར་བྱ།། རིན་ཆེན་གཏེར་གྱི་མན་ངག་སྦྱིན། ། སྐལ་ལྡན་བདེ་བའི་རྒྱུ་ཅན་ཏེ།། ངན་རྟོག་འདོད་པའི་བག་ཆགས་ནི།། རང་འབྱུང་བདེ་བ་ཆེན་པོར་འབྱུང།། རང་ལུས་འདོད་རྒྱལ་ཆེན་པོར་འབྱུང།། རྣམ་རྟོག་ཡེ་ཤེས་ངང་ཉིད་ལ།། མ་བཅོས་བདེ་བའི་ཐིག་ལེར་ཤར། ། རྡོ་རྗེ་མེ་ཏོག་ཐབས་ཆེ་རྩི།། སྒྱུར་བྱེད་ཨ་ཀར་རྟ་བཞིན་ནོ།། རང་འབྱུང་དཀྱིལ་འཁོར་ལུས་ལ་དགོད།། རླུང་དང་མེ་དང་བདེ་བའི་ཁམས།། འཁོར་ལོ་ལྔ་ནི་རིམ་དང་རིམ།། སྟོབས་དང་དྲག་པོའི་ཐབས་ཀྱིས་ཀྱང། ། བདེ་བའི་ལག་གི་འདུ་བྱེད་ཀྱིས།། དེ་ནི་རིམ་བཞིན་བདེ་བ་དབབ།། རྒོད་མའི་ཁ་དང་རྫོང་ཆེན་རྫོགས།། སྦྱར་ཞིང་རྩ་གསུམ་གྱེན་དུ་བརླབས།། འབར་བ་མྱུ་གུ་དྲང་ཞིང་ཞིབ།། ཉིང་ཁུའི་བདེ་བའི་རྫོང་དུ་དབབ། ། བདེ་བ་ཆེན་པོའི་བཅུད་རླབས་པས།། ཙིཏྟ་རྒྱས་ཤིང་འཁོར་ལོ་དབང།། རིན་ཆེན་རྫིང་གི་པད་མ་རྒྱས།། ཐུང་ངུ་ཨ་ལ་འབབ་ཙམ་ཕོབ།། ལུས་འདར་མི་མ་འཛུམ་ཞིང་འབར།། སེམས་ཀྱི་དམིགས་པ་སྡུར་གྱུར་པ། ། སེམས་ཉིད་ཚོར་བ་བདེ་བ་སྟེ།། བདེ་བ་རང་འབྱུང་ཀློང་དུ་དབབ།། གཙུག་ཏོར་སྒྱུར་བ་རྡོ་རྗེ་ཡིས།། དེ་བ་རང་ཙ་འཇམ་དཔལ་མུ་ཏྲ་དང།། བདེ་བྱེད་ཨིན་དྲ་བོ་དྷེ་དང།། ཨུ་བ་ར་ཧ་དེ་ཏ་ག་ཨཀྵ། ། དེ་བ་ཨ་མེན་ཙན་ཏྲ་ལྔས།། ཚིག་དབང་ནོས་ནས་ཐ་མའི་ལུས།། རྒྱལ་བ་དལ་ལྔའི་རིགས་སུ་བྱས།། མངོན་སུམ་བདེ་བའི་དབང་འདི་ནོས།། རྒྱལ་བའི་ཕྱག་རྒྱ་མངོན་དུ་བཏབ།། རྒྱལ་བ་ཉིད་ཀྱི་རོལ་པ་མཛད། ། དེ་བཞིན་ཐ་མའི་སྐལ་ལྡན་གང།། ཐོག་མར་རིན་ཆེན་ཚིག་དབང་བསྐུར།། ཐམས་ཅད་རང་འབྱུང་ཐུགས་སུ་དབང།། དེ་ནས་བདེ་བའི་ཐབས་སྦྱིན་ཏོ།། ཡེ་ཤེས་བདེ་བའི་འཁོར་ལོ་ལས།། རིམ་གྱིས་ལས་ནི་སྤྱད་བྱ་བ། ། ཀ་ར་ནི་ཡི་བསྟན་ཆོས་ལས།། གསུངས་པ་བདེ་བ་རྒྱས་པའི་ཆོས།། བརྒྱ་ཕྲག་གཉིས་དང་བཅུ་ཕྲག་གསུམ།། དེ་ལ་སོགས་པའི་མ་ལུས་ཆོས།། མགོ་དང་ལུས་དང་ཡན་ལག་རྣམས།། བདེ་བའི་འཁོར་ལོ་རིམ་པས་རིམ། ། གནས་དང་མཐུན་པའི་སྤྱོད་པ་བྱ།། བདེ་བ་ཆེན་པོའི་དབུགས་འབྱུང་ན།། བདེ་གཤེགས་རྒྱལ་བ་ཐམས་ཅད་ཀྱི།། རང་བཞིན་བདེ་བའི་འཁོར་ལོ་ཉིད།། རྒྱལ་དང་བྲལ་བའི་སྟཽང་གསུམ་པ། ། ཐམས་ཅད་ཡེ་ཤེས་བདེ་བར་དབབ།། བདེ་མཆོག་མུ་ཁའི་མན་ངག་སྦྱིན།། མཚན་ལྡན་གང་རུང་རྒྱས་མ་དེས།། མགོ་ལ་བདེ་བའི་རོལ་པ་བྱ།། རྩ་མདུད་བགྲོད་དང་བདེ་བ་བཀུག། བྲང་དང་ཨོག་ཀོ་སྦྱར་བྱས་ནས། ། བདེ་བ་འདོད་པ་སུམ་ལག་གིས།། ཡེ་ཤེས་རྒྱལ་པོ་རིག་པར་བྱ།། མགོ་བོ་སྐྲུག་ཅིང་སྨིན་མ་ལངས།། མིག་དམར་དེ་བཞིན་མདོག་དམར་ཏེ།། ཡེ་ཤེས་རིམ་པ་སྤོར་བར་བྱ།། སྦྱོར་བའི་ཡན་ལག་སྔ་མ་བཞིན། ། རྩ་མདུད་ལག་གི་བཟུང་བྱ་སྟེ།། ཀ་རའི་ཆོས་ཀྱང་རིམ་པར་བྱ།། རྩ་མགོ་ལག་གིས་གནན་བྱས་ཏེ།། འཕར་ལ་བཅད་ཅིང་རྒྱུ་བ་དབྲལ།། མྱུ་གུ་ཁ་ནི་ཤིན་ཏུ་དབྱེ།། སྔང་དང་བ་སྤུ་སྡང་བ་དང། ། ཆུ་ཡི་ཟིལ་པ་མདོག་བདེ་བ།། རང་ལུས་མཆོག་གི་ཐད་ཀར་དབྱུང།། དེ་ནས་བདེ་བའི་རིམ་པ་བཞིན།། ལེགས་པའི་སེམས་ཀྱི་བཅཝ[(]བཻ་རྩ[)]པར་བྱ།། འདབ་བཞི་ལྟེ་བའི་ཡེ་ཤེས་གནས།། མ་ཕྱིན་བདེ་བས་གང་འགྱུར་ཞིང། ། མི་འཁྲུགས་བདེ་བས་གཡོས་འགྱུར་ཏེ།། རིན་ཆེན་ཡེ་ཤེས་རྫིང་རྒྱས་ཏེ།། འདོད་དང་བསམ་གཏན་བདེ་བའང་འབྱུང།། འཁྱིལ་བའི་ཐིག་ལེ་བཞི་སྒོ་ནས།། འཇིག་རྟེན་སྤོང་བའི་བདེ་བའང་འབྱུང། ། རྡོ་རྗེ་སྒོ་རྩ་ཁམས་སའི་བཅུད།། བདེ་བའི་མ་ནུའི་རྩ་སྒོ་གསུམ།། འཕེལ་བ་ཟླ་བའི་གཟུགས་ཅན་གཉིས། ཁ་སྦྱར་བདེ་བ་རྒྱས་པར་བྱ།། ལག་པ་གཉིས་ཀྱི་འཁྲིག་སྒོར་གསུམ།། འཕེལ་བ་ནུ་མ་མཆན་ཁུང་སྟེ། ། ཙ་ན་ཀྲ་དང་སུ་ག་གླིང།། འདུ་བྱེད་ལས་ཀྱི་སྦྱོར་བ་ཡིས།། བདེ་བ་འཕེལ་དང་ཐིག་ལེ་རྒྱས།། མུ་ཁ་བཞིན་དུ་འཛག་པར་འགྱུར།། འཁོར་ལོ་ཁ་སྦྱོར་བཀུག་དང་དགུག། འདོད་ཀུན་བྲལ་བའི་ཡན་ལག་འཁྱུད། ། ཀ་རའི་སྦྱོར་བའི་དམིགས་སྤྲོད་ཀྱིས།། སུ་ཀ་དང་ནི་སུ་ཀ་དབྱེ།། ཐིག་ལེ་འཁྱིལ་པའི་སྒོ་དབྱེ་ན།། དང་པོ་མི་སྲིད་དྲི་མའང་འཁྱོར།། ལུས་ཀྱང་ཁ་དོག་དམར་པོར་འགྱུར།། གཡོ་དང་འཕར་བ་ལ་སོགས་འབྱུང། ། ཤེས་པ་ལྟག་པ་སྐྱེ་བར་འགྱུར།། ཀུན་ཏུ་རྟོག་པ་ཉམས་པར་འགྱུར།། གང་གཏད་དམིགས་པའི་ཡུལ་དེ་ཟིན།། ལུས་ལ་རླུང་གི་འཕེན་པ་ཞུགས།། རླུང་གིས་ལས་རྣམས་འདོད་པ་འགྲུབ།། དེར་ནི་རྡོ་རྗེ་ཆུ་ལམ་གནས། ། ཡེ་ཤེས་ཆེན་པོ་འབྱུང་བ་ཡིན།། ལུས་ནི་བསྐྱེད་ཅིང་སྨིན་པར་བྱ།། རྡུལ་ཕྲན་ཟིལ་པ་རླུང་གིས་བསྐྱོད།། གནས་གསུམ་བདེ་བའི་བསྟིམ་གནས་སུ།། ཐིག་ལེ་རྡོ་རྗེའི་གཟུགས་སུ་ཆགས།། སྤྲོས་ཀྱང་བདེ་བའི་གནས་སུ་བསྡུ། ། རྡོ་རྗེ་རྒྱལ་པོ་ཐབས་ཆེན་ཡིན།། རྡོ་རྗེ་ཡིས་ནི་གཞིབ་བྱ་ཞིང།། འབར་བས་རྩེ་མོ་དྲིལ་ཕྱི་བྱ།། ལག་གི་སྦྱོར་བའི་མུ་ཁ་དབྱེ།། རིག་མ་ལྷ་མོ་རྡོ་རྗེ་ཡི།། པད་མ་ཁ་དབྱེ་རྗེས་མཐུན་པར། ། འཕྲད་སྦྱོར་ཨུཏྤལ་ཏ་ཀོས་བྱ།། ཨ་ཀར་རྒྱ་སྤོས་དུ་རུ་ཀ། ཀླུ་འབྲུག་འབྲས་བུའི་སྙིང་པོ་དང།། ར་ཡི་མར་དང་དེ་བཞིན་བྱ།། སྒོ་ང་གཉིས་ཀྱི་སྦྱར་བྱ་སྟེ།། ལག་གི་སྦྱོར་ན་རྣ་ཕུར་བྱའོ།། རྩེ་གསུམ་འདོད་པའི་དབུས་སུ་གཟུང། ། དེ་བཞིན་གཡས་གཡོན་བླུག་པར་བྱ།། ན་ཡིད་བཞོན་ལ་རབ་ཏུ་བྱ།། སྨན་ནམ་གཞིབ་པས་སྣུམ་པར་བྱ།། གལ་ཏེ་བདེ་བར་འབྱུང་འགྱུར་ན།། རིན་ཆེན་རྫིང་དུ་མཆུ་བཙུགས་ཏེ། ། རྔུབས་ཤིང་འཕར་བས་བརླབ་བྱ་ན།། དེས་ན་དེ་ཙམ་འགྲུབ་པར་འགྱུར།། འདར་དང་རྒྱལ་པ་ལ་སོགས་ཏེ།། མཐུན་པའི་རྟགས་རྣམས་བྱུང་གྱུར་ན།། འཁྲིལ་དང་འདོད་པའི་པྲ་ཀྲིད་བྱའོ།། རང་འབྱུང་བདེ་བ་མངོན་སུམ་བྱའོ། ། ཐབས་ཀྱི་ཕ་རོལ་ཕྱིན་པར་བྱ།། ཐབས་ཀྱི་ཕྱག་རྒྱ་ཆེན་པོར་བསྟན།། བཅུད་ཆེན་འདྲེས་པ་རླུང་གི་བསྡུ།། ཐིག་ལེ་འཁྱིལ་བ་སྒོ་ཕྱེ་ན།། སྟོད་སྨད་རྒྱས་པའི་རླུང་བསྡུས་ཏེ།། བེམས་པོ་རླུང་གིས་འཕེན་སྡུད་བྱ། ། གཡོ་བ་ཉམས་སུ་མྱོང་འགྱུར་ནས།། རྣ་ཆེན་རྫིང་གི་རྔུབ་པར་བྱ།། རྡོ་རྗེའི་རྫིང་ལ་ཐུག་པ་རྔུབ།། རླུང་རྣམས་བསྡམས་པས་ཡེ་ཤེས་དྲང།། བུ་གའི་གསུམ་འབབས་ཐིག་ལེ་ཡི།། བདེ་བས་རིན་ཆེན་བརྒྱུས་པ་བཞིན། ། རྡོ་རྗེ་མེ་ཡི་གཟུགས་སུ་འབར།། བདེ་བའི་ཡེ་ཤེས་རང་འབར་སྐྱེ།། ཐིག་ལེ་རྡོ་རྗེ་ཁར་དབྱུང་མིན།། ཡེ་ཤེས་ལུས་ཅན་རྡོ་རྗེའི་གཟུགས།། ཐམས་ཅད་ཡེ་ཤེས་ལུས་ཅན་ཡིན།། བདེ་བ་ཆེན་པོར་ལྷུན་གྲུབ་པའོ། ། འདོད་རྒྱལ་ཐབས་ཀྱི་རིམ་པ་ཡང།། ཐམས་ཅད་རང་འབྱུང་ཡེ་ཤེས་པས།། ཡུལ་དང་ཤེས་པ་གང་སྒོ་ནས།། ཚངས་ཆེན་རྡོ་རྗེའི་དབང་བསྐུར་བྱ།། རང་ལ་རྫོགས་པའི་ལྷུན་གྲུབ་སྦྱིན།། བརྐམ་ཆགས་འདོད་ལ་མོས་པ་དང། ། སྤྱོད་ཡུལ་ཐམས་ཅད་སེམས་ཉིད་པས།། ཐམས་ཅད་སེམས་ཉིད་རེག་བྱར་བྱ།། རིག་མའི་རེག་བྱ་བདེ་བ་ཡིན།། བདེ་བ་རང་རིག་ཆེན་པོ་སྟེ།། དེ་ཉིད་མ་ལུས་ཀུན་དངོས་ཅན།། སྤང་ལེན་མེད་པའི་ཡེ་ཤེས་ཏེ། ། མ་བཅོས་ལྷུན་གྲུབ་ཉིད་དུ་ཤར།། དུས་མཐའི་སྐད་ཅིག་དེ་ཉིད་ཀྱིས།། འཇིག་དང་རྟེན་དང་འཇིག་རྟེན་འདས།། བདེ་བ་ཏིང་འཛིན་ཐམས་ཅད་ཐོབ།། རྒྱུད་རྣམས་ལ་བསྟན་མ་ལུས་པའི། ། ཆོས་ཀུན་མ་ལུས་དུས་གཅིག་རྫོགས།། དེ་ནི་སྤྱི་བླུགས་ཚངས་པའི་དབང།། ཨེ་མ་ཧོ་རྡོ་རྗེའི་རིགས་ཀུན་བདག། གུས་པའི་སེམས་ཀྱིས་བླ་མ་ཟུང།། ཚངས་པ་ཆེན་པོའི་ཡེ་ཤེས་ཀྱིས།། རང་འབྱུང་ཡེ་ཤེས་ཀློང་བརྟོལ་པའི། ། མ་བཅོས་བདེ་བའི་དཀྱིལ་འཁོར་འདི།། སྤྲོས་མེད་རིག་པའི་མཁའ་ལ་ཞོག། བདེ་བ་ཆེན་པོའི་ཡེ་ཤེས་ཏེ།། རྒྱལ་བ་ཀུན་གྱི་གསང་བའི་ཡུམ།། རྡོ་རྗེ་འཕྲུལ་གྱི་ཐབས་ཆེན་རྩི།། འདི་ནི་སྤ་ཞིང་བརྣག་པར་བཟུང། ། སངས་རྒྱས་མ་ལུས་འདུས་པའི་མཁའ།། བྷ་ག་ཡངས་པའི་ཐིག་ལེ་ཀློང།། དུས་གསུམ་རྒྱལ་བའི་གསང་མཆོག་དབྱིངས། ཁམས་གསུམ་མ་ལུས་བདེ་བའི་ཞིང།། ཡེ་ཤེས་རོལ་པའི་མཁའ་དབྱིངས་འདི། ། མི་འགྱུར་བརྟན་པའི་སེམས་ཀྱིས་བཟུང། ཁམས་གསུམ་བདེ་བ་ཆེན་པོ་སྤྱོད།། ཐམས་ཅད་ཡེ་ཤེས་རོལ་པ་ཡི།། བདེ་བ་ཆེན་པོར་སྒྱུར་བྱེད་པ།། ཡེ་ཤེས་རོལ་པའི་ཐིག་ལེར་ཐིམ་ཧོ།། དེ་ཉིད་ཐབས་རྒྱལ་རྟོགས་པ་ཡིས། ། ཡེ་ཤེས་དཀྱིལ་འཁོར་ལམ་དུ་གཞུག། བདེ་བ་ཆེན་པོའི་རོལ་པ་བྱ།། རང་བྱུང་རྫོགས་པའི་དཀྱིལ་འཁོར་དུ།། བདེ་བའི་ཡེ་ཤེས་མངོན་དུ་ཞུགས།། རིག་པའི་རྒྱལ་པོར་བདེ་བར་ཤར། ། ཡེ་ཤེས་ཀློང་དུ་དམིགས་པ་སྒྲོལ།། མ་བཅོས་རང་སྣང་ལྷུན་གྲུབ་པའོ།། བཀྲ་གསལ་སྐུ་ཡི་དཀྱིལ་འཁོར་དུ།། རང་རིག་བདེ་བ་ཆེན་པོར་འཁྱིལ།། ཆགས་མེད་ཡེ་ཤེས་བརྗོད་དང་བྲལ།། ཚིག་གི་ལམ་ཆད་དགྲ་གཉེན་ཚུལ། ། བརྟག་བྲལ་མ་ཆགས་རྡོ་རྗེའི་གསུང།། རྣམ་དག་ཡེ་ཤེས་དཀྱིལ་འཁོར་དུ།། རྣམ་དག་ཡེ་ཤེས་གསུང་དུ་འཁྱིལ།། དངོས་བྲལ་རང་བཞིན་མེད་པའི་དྲི།། རྟོག་འཛིན་བྲལ་བའི་ཆགས་མེད་པས། ། ཡོན་ཏན་དཀྱིལ་འཁོར་མཁའ་འདྲ་བར།། འཛིན་མེད་ཡེ་ཤེས་ཀློང་དུ་འཁྱིལ།། མུ་ཁ་བདེ་བ་ཆེན་པོའི་དབྱིངས།། འཛིན་མེད་ལོངས་སྤྱོད་རྣམ་དག་པའི།། མ་ལུས་སྒྲུབ་བྱེད་ཐིག་ལེ་ཡི།། ཡོན་ཏན་རྫོགས་པའི་དཀྱིལ་འཁོར་དུ། ། རོལ་པའི་ཡེ་ཤེས་ཐིག་ལེར་འཁྱིལ།། བདེ་སྡུག་དབྱིངས་ཕྱུག་བྷ་གའི་ཀློང་དཀྱིལ་དུ།། ལས་ཀྱི་དཀྱིལ་འཁོར་ཡེ་ཤེས་སྒྲོན་མར་འབར།། བདེ་མཆོག་དབྱིངས་སུ་བསྡུས་པའི་ཐིག་ལེར་ཐིམ། ། མ་ལུས་རྫོགས་པའི་དཀྱིལ་འཁོར་མཆོག། མི་རྟོགས་བདེ་བའི་དཀྱིལ་འཁོར་དུ།། མ་ལུས་དཀྱིལ་འཁོར་ཐིག་ལེར་ཐིམ།། གང་སྣང་རང་རིག་ཡེ་ཤེས་ཉིད།། མ་བཅོས་མཁའ་མཉམ་དཀྱིལ་འཁོར་དུ། ། ཆགས་མེད་ཐིག་ལེའི་དབང་བསྐུར་ཏེ།། གསང་བའི་ཡེ་ཤེས་རྨད་པོ་ཆེ།། སྤྱོད་ཡུལ་མ་ལུས་ཐམས་ཅད་ཀུན།། ཡེ་ཤེས་ཆེན་པོའི་རོས་གང་བ།། རྣམ་པ་སྣ་ཚོགས་ཡེ་ཤེས་ཉིད།། ཡེ་ཤེས་ལྔ་ཡི་བདེ་བ་རྒྱས།། མི་འགྱུར་རྡོ་རྗེ་ཚངས་པའི་དབང། ། ཀུན་རྫོགས་བདེ་བ་ཆེན་པོར་ཐིམ།། ཐམས་ཅད་ཡེ་ཤེས་མཉམ་ཉིད་ལ།། ཕྱོགས་གཅིག་བདེ་བ་འདོད་པའོ།། ཕྱོགས་སུ་ལྟོས་པས་གྲུབ་པ་མེད།། རྣམ་པའི་མཚན་ཉིད་རང་བཞིན་རླུང། ། བདེ་བ་ཆེན་པོར་ལྷུན་གྲུབ་པ།། ཐམས་ཅད་རྒྱས་པའི་དབང་ཆེན་ཏེ།། ཡེ་ཤེས་རོལ་པའི་ཕྱག་རྒྱ་ཅན།། རང་ལུས་མ་བཅོས་དེ་བཞིན་ཉིད།། རྒྱལ་བའི་སྐུ་རུ་ལྷུན་གྲུབ་པ།། ཕྱག་རྒྱ་སྐུ་ཡི་དབང་ཆེན་ཡིན།། རྒྱུ་དྲུག་འཁོར་བའི་ལུས་རྣམས་དང། ། ཡེ་ཤེས་སྤྲུལ་པ་རྒྱ་མཚོའི་སྐུ།། མ་ལུས་རང་བཞིན་ལྷུན་གྲུབ་པ།། སྐུ་མཆོག་རྒྱན་གྱི་འཁོར་ལོའི་དབང།། མྱ་ངན་འདས་དང་འཁོར་བ་ཡི།། སྒྲ་སྐད་རབ་འབྲིང་མ་ལུས་པ།། མ་ལུས་ལྷུན་གྲུབ་རྡོ་རྗེའི་གསུང། ། གསུང་གི་ཕྱག་རྒྱ་ཆེན་པོའི་དབང།། དྲན་རྟོག་མ་ལུས་རྡོ་རྗེའི་སེམས།། ཐུགས་ཀྱི་ཡེ་ཤེས་མཁའ་མཉམ་པ།། ལྷུན་གྲུབ་བདེ་བ་ཆེན་པོའི་ཐུགས།། སྤྱི་བླུགས་ཡེ་ཤེས་རྒྱལ་པོའི་དབང། ། རང་རིག་ཡེ་ཤེས་རྒྱུན་མི་འཆད།། བདེ་བ་ཆེན་པོ་མི་འབྲལ་གཟུངས།། རང་ལུས་ཡེ་ཤེས་རིན་པོ་ཆེ།། མ་ལུས་བདེ་ཆེན་ལྔ་རྒྱས་བཏབ།། རྣམ་པ་མ་ལུས་མཆོག་ལྡན་པའི།། ཡེ་ཤེས་སྟོང་པ་ཆེན་པོའི་གོ། ཡེ་ཤེས་འཁྱིལ་པ་རྡོ་རྗེ་བུམ།། བདེ་བ་ཆེན་པོའི་ཆོས་གང་བ།། མ་ལུས་དག་པས་ཆུ་ཡི་མཆོག། གསང་བའི་ཡེ་ཤེས་དཀྱིལ་འཁོར་ཆེ།། མ་ལུས་འདུས་པས་བཅུད་ཀྱི་བདག། གསལ་བའི་ཡེ་ཤེས་བདེ་ཆེན་པོ། ། མ་ལུས་ཀུན་འདུས་རིག་པའི་དབང།། རང་འབྱུང་རྒྱལ་པོའི་མིང་གི་མཚོན།། ཐམས་ཅད་རང་འབྱུང་བཙལ་གྱི་ཐོབ།། བསྐུར་བས་ཐོབ་པའི་དབང་རྣམས་བྲལ།། བསྐུར་མེད་གཞན་ནས་མ་ཡིན་ཏེ། ། ཐོབ་མེད་མ་ལུས་མངོན་དུ་ཐོབ།། མི་འགྱུར་རྡོ་རྗེ་ཚངས་པའི་དབང།། ཀུན་རྫོགས་བདེ་བ་ཆེན་པོར་ཐིམ་ཧོ།། དུས་གསུམ་རྒྱལ་བ་ཐམས་ཅད་ཀྱི།། ཐུགས་ལ་བརྣག་པའི་མན་ངག་ཆུད།། ཐམས་ཅད་བསྟན་པ་རང་ལ་རྫོགས། ། ལྷུན་གྲུབ་བདེ་ཆེན་མི་རྟོག་པ།། མ་བཅོས་དེ་ཉིད་བདེ་བའི་ཀློང།། ལྷུན་གྲུབ་རང་བྱུང་ཡེ་ཤེས་མཁའ་ཁྱབ་པ།། མ་བཀག་རིག་པའི་མཁའ་ལ་རྫོགས།། རང་འབྱུང་རིག་པའི་བདེ་ཆེན་པོ།། ཡོན་ཏན་ལྷུན་གྲུབ་རྫོགས་པའི་ཀློང། ། སྤྲོས་མེད་ཐིག་ལེ་ཆེན་པོར་ཤར།། མི་རྟོག་ཡེ་ཤེས་མ་ལུས་གསལ།། འཛིན་རྟོག་བྲལ་བའི་ཆགས་མེད་ཡུལ།། རང་རིག་ཅིར་ཡང་མི་རྟོག་པས།། ཡེ་ཤེས་རྒྱལ་པོ་མ་ལུས་གསལ། ། ཅིར་ཡང་མི་རྟོག་བདེ་བ་ཆེན་པོར་མིན།། ཅིར་ཡང་མི་རྟོག་དམིགས་སུ་མེད།། ཡི་གེ་རྣམ་རྟོག་སེམས་ཀྱི་རྒྱུ་བ་མེད།། ཡེ་ཤེས་རང་རིག་མ་རིག་དཔྱད་ལུས་ཀུན་བྲལ་བའོ།། རང་རིག་རྣམ་པ་ཡེ་ཤེས་སྐུ། ། བདེ་ཀློང་མངོན་དུ་གསལ་བ་ཉིད།། རྟོག་མེད་ཡེ་ཤེས་རོལ་པ་སྟེ།། རྣམ་དག་སྒྱུ་མའི་ཡེ་ཤེས་ཀློང།། རང་རིག་ཡེ་ཤེས་སྒྱུ་མའི་ངང།། རང་འབྱུང་སྒྱུ་མར་མངོན་དུ་གསལ།། ལྷུན་གྲུབ་སྒྱུ་མ་མ་བཅོས་པ།། བདེ་ཆེན་སྒྱུ་མའི་རང་རིག་གསལ། ། རང་སེམས་ལྷུན་གྲུབ་རིན་པོ་ཆེ།། རང་རིག་མཁའ་ཁྱབ་རྡོ་རྗེའི་སྐུ།། སྒྱུ་མའི་ཡེ་ཤེས་སྤྲུལ་པའི་སྐུ།། གསལ་བྱེད་ཁམས་གསུམ་གཟུགས་བརྙན་འཆའ།། མ་ཧཱ་རཀྵ་ཨ་ཧྱཀྵ་ཨ།། འབྲུ་གསུམ་ལྡན་པའི་སྔགས་དང་བཅས། ། རྡོ་རྗེ་རིན་ཆེན་དབུགས་སུ་གཞུག། བར་ཆོད་རླུང་ཡང་དབྲལ་བར་བྱ།། བཅོ་ལྔ་ཐོ་རངས་དུས་སུ་བསྟན།། འཕྲུལ་ཚིག་རིག་པའི་ངང་གིས་བསྡེབ།། བརྡ་དོན་བྲལ་བའི་རྒྱལ་བུ་བཞིན། ། ནོར་བུ་ས་ནས་བརྡ་བཀྲོལ་ཏེ།། འཁོར་ལོ་བཞི་ལ་དབང་བྱེད་ཅིང།། སྟོབས་བརྒྱད་མཐུ་ཡི་བདག་པོར་བསྐུར།། དེ་བཞིན་སྐལ་ལྡན་རིགས་ཀྱི་བུ།། རང་སྣང་བརྡ་དོན་གྲོལ་ཐོབ་ནས།། རང་གི་མཚན་ཉིད་མ་བཅོས་པ། ། སྔོན་དུ་བསྟན་པའི་མན་ངག་སྦྱིན། ཁམས་གསུམ་མངོན་དུ་གསལ་བ་ཡི།། སྒྱུ་མའི་ཡེ་ཤེས་ལྷུན་གྲུབ་པ།། འཕྲུལ་གྱི་ཡེ་ཤེས་བསྟན་བྱ་ཞིང།། ཆགས་མེད་ཡེ་ཤེས་ཀློང་དུ་གཞུག། ཐབས་ཀྱི་ཡེ་ཤེས་མངོན་སུམ་དུ། ། སྐད་ཅིག་དུས་མཐའ་ལྷུན་གྱིས་གྲུབ།། ལྷུན་གྲུབ་བདེ་ཆེན་ཚངས་པའི་གསུང།། ཐམས་ཅད་རྫོགས་པའི་བདེ་ཆེན་པོ།། རང་འབྱུང་ལྷུན་གྲུབ་རྡོ་རྗེ་སྟེ།། རྡོ་རྗེ་གསུམ་ལུས་ཀུན་གྱི་དངོས།། འདུས་པ་ཐིག་ལེ་དགུ་ཡི་བདག། སྙིང་པོ་ལ་འདུས་རྡོ་རྗེ་རྒྱལ།། བདེ་ཆེན་དྲུག་བསྡུས་རིག་པ་བརྒྱ།། ཀུན་གྲོལ་བདེ་བའི་ལམ་ལ་གཟུགས།། ལུང་གསུམ་བརྒྱུད་པའི་འོད་ཆེན་འདི།། ལྔ་དང་དགུ་དང་གསུམ་གྱི་འོད། ། མ་ལུས་བཞིར་འགྱུར་དངོས་མེད་པ།། བརྗོད་བཞི་ཐ་སྙད་ཀུན་བདག་ཉིད།། ཡི་གེ་རྣམ་རྟོག་རྒྱུ་བ་བྲལ།། ནམ་མཁའ་དངོས་མེད་སྟོང་པ་བཞིན།། བྲལ་ཀྱང་མ་ལུས་སེམས་ཀྱི་གཏེར།། འདོད་ཡོན་ལོངས་སྤྱོད་རྒྱལ་བའི་ཡུམ། ། དེ་ཉིད་ལོངས་སྤྱོད་གཏེར་གྱི་བཅུད།། བདེ་བའི་ལོངས་སྤྱོད་རང་རིག་མཆོག། ཞིང་ཁམས་གཞལ་ཡས་བདེ་བའི་གནས།། གསང་བའི་གནས་ཆེན་གནས་པའི་བདག། རྒྱུ་དང་བྲལ་བའི་དངོས་གཞི་ཅན། ། ངོ་མཚར་རྨད་འབྱུང་དེ་ཉིད་བཅུད།། མ་ལུས་འདུས་པའི་རིན་པོ་ཆེ།། བརྗོད་བྱ་མ་ལུས་ཀུན་འདུས་པའི།། རྒྱལ་བ་བསྟན་པ་ཀུན་གྱི་གཙོ།། ཐུགས་ཀྱི་བཅུད་འདུས་དེ་ཉིད་ལམ།། སྤྱོད་ཡུལ་བྲལ་བའི་རང་རིག་ཉིད། ། བདེ་གཤེགས་རྒྱལ་བ་ཀུན་གྱི་ཐུགས།། དངོས་གཞི་བྲལ་བའི་རང་རིག་ཉིད།། བདེ་གཤེགས་རྒྱལ་བ་ཀུན་གྱི་ཐུགས།། མ་ལུས་འཕྲོས་པ་ཀུན་གྱི་རྒྱུ།། ཟག་པ་མེད་པས་འདུས་མ་བྱས།། བསྟན་པ་ཀུན་འདུས་ཐིག་ལེའི་བཅུད། ། རིག་མའི་ངང་གསལ་ཡེ་ཤེས་སྒྲོན།། འཕེལ་འགྲིབ་མེད་པས་ནམ་མཁའི་དབྱིངས།། སྡུག་བསྔལ་མེད་པས་བདེ་ཀློང་འཁྱིལ།། སྤང་དུ་མེད་པས་སླང་དང་བྲལ།། རེ་བ་མེད་པས་དོགས་པ་བཅོམ། ། ཤེས་གྱུད་བཅད་པས་ཡུལ་དང་བྲལ།། བརྐམ་ཆགས་ལྔ་བྲལ་རང་འབྱུང་བས།། འཁོར་བ་རྣམ་དག་ཡེ་ཤེས་ཀློང།། བྱེད་རྩོལ་ཏིང་འཛིན་རིམ་སྤངས་པས།། འབྲས་བུ་གཞན་འདོད་ཡུལ་དང་བྲལ། ། དགེ་དང་མི་དགེ་རྣམ་རྟོག་སྤངས།། མཉམ་རྫོགས་ཆེན་པོའི་ཐིག་ལེ་ཅན།། གཙང་དང་སྨེ་བའི་ལོ་ཏོག་འདོད།། ཐམས་ཅད་མ་ལུས་ཡེ་ཤེས་ལ།། སྤྱོད་པ་རྣམ་དག་རྟོག་མེད་པ།། ཇི་ལྟར་འདོད་དགུ་བདེ་བ་སྤྱོད། ། མི་རྟོག་བདེ་ཆེན་ཤར་བ་ཉིད།། དེ་ཉིད་སྤྱོད་པ་རྒྱ་མཚོ་སྟེ།། ལུས་ངག་གཙོ་རུ་འཇལ་བྱེད་པ།། དེ་ཡང་སྤྱོད་ཉིད་སྤྱོད་མེད་པ།། རང་འབྱུང་ལྷུན་གྲུབ་དེ་ཉིད་ལ།། ཡན་ལག་ཀུན་རྫོགས་ཁྱད་པར་ཆེ།། མི་དམིགས་སྒྱུ་མའི་བདེ་མཆོག་ནི། ། གཉུག་མར་གསལ་ན་ལྟ་བ་ཡིན།། གདེང་དུ་ཕེབས་ནས་སྒོམ་པའི་མཆོག། སྙིང་པོར་ཆུབ་པས་དཀྱིལ་འཁོར་ཡིན།། རང་ལ་རྫོགས་ན་དབང་བསྐུར་ཡིན།། དེ་ཉིད་ཉམས་ལེན་སྤྱོད་པའི་མཆོག། བདེ་མཆོག་མི་གཡོ་འབར་བའི་ཀློང།། མི་ལྡོག་བདེ་བའི་ཀློང་གྱུར་པ།། དེ་ནི་སྒྲུབ་པའི་དངོས་གྲུབ་མཆོག། མི་འདའ་བ་ཡི་དམ་ཚིག་སྟེ།། ཕྱག་རྒྱ་སྒྲུབ་པའི་ལུང་ཆེན་པོ།། མ་ལུས་ཐིམ་ཞིང་ཞུགས་འགྱུར་བས། ། བདེ་བ་ཆེན་པོའི་མཆོད་པ་ཡིན།། རང་ལ་རྫོགས་པས་ཕུལ་པ་ཡིན།། བྱིན་གྱིས་བརླབས་པས་ཡེ་ནས་དག། རྟག་ཏུ་མཆོད་པས་རོལ་པའི་གནས།། གཉིས་མེད་གྱུར་པས་མཛེས་པའི་རྒྱན།། མ་ལུས་རྫོགས་པའི་རིན་པོ་ཆེ། ། རྨད་བྱུང་ངོ་མཚར་དཀྱིལ་འཁོར་ཆེ།། ཀུན་རྫོགས་ཕོ་བྲང་སྙིང་པོ་དེར།། བླ་མ་རིན་ཆེན་སྲོག་འགྱུར་དེས།། ཐམས་ཅད་རྟོགས་པའི་གདེང་ལྡན་ན།། དབང་ཕྱུག་རྒྱལ་པོས་ཞུགས་པ་ཡིན། ། བྱས་དང་ལྡན་པས་རབ་གནས་ཡིན།། རང་ཉིད་གསལ་བས་སྤྱན་དྲངས་ཡིན།། འཛིན་དང་བྲལ་ན་དྲི་མ་དག། མོས་དང་ལྡན་ན་སྨོན་ལམ་འཕངས།། ཆགས་དང་བྲལ་ན་བླ་མ་མཉེས།། དགུ་རུམ་སྦས་པའི་ཐིག་ལེ་དེ། ། གདེང་དུ་བསྟན་ན་དེ་ཉིད་མཆོག། བསྲུང་མཚམས་མ་ཡིན་སྟོན་མཚམས་ཀྱི།། དམ་ཚིག་འདི་ཡང་རྨད་འབྱུང་གི། ཐུན་མོང་དམ་ཚིག་ཁྱད་པར་ཅན།། བསྲུང་བ་མེད་པའི་སྡོམ་པ་ཅན།། རྟོགས་དང་ལྡན་པའི་རྣལ་འབྱོར་ལ། ། དངོས་སུ་གྲུབ་པར་མི་དགོས་ཏེ།། རྡོ་རྗེ་ཚིག་གིས་བརྗོད་པར་བྱ།། རང་ལུགས་གླིང་གི་རིན་ཆེན་བྲོ།། རྒྱ་མདུད་སྣ་བཞི་སྒོ་དང་བཅས། ཁྲོལ་ན་གཏེར་ཁྱིམ་བདག་པོ་མཛོད། ། ལོངས་སྤྱོད་གཏེར་ལ་རོལ་པ་བཞིན།། རྡོ་རྗེ་ཚིག་གི་མདུད་ཁྲོལ་ན།། བྱང་ཆུབ་གཏེར་གྱི་མངའ་བདག་མཛོད།། དེ་ཉིད་ཁྲོལ་ན་དམིགས་ཕྱེ་བ།། བདེ་ཆེན་རྫོགས་ན་དཀྱིལ་འཁོར་མཐོང།། ཐབས་ཀྱིས་ཟིན་ན་མངའ་བདག་སྟེ། ། རྡོ་རྗེ་རྒྱལ་པོ་ཐོད་པ་ཡིན།། བདེ་གཤེགས་ཉིད་དང་སྐལ་པ་མཉམ།། བྱང་ཆུབ་རྡོ་རྗེའི་རིགས་ངེས་པའོ།། མཐར་ཕྱིན་ཏིང་འཛིན་རིམ་པའི་ས།། མ་བགྲོད་དམན་ལ་ཞུགས་པའམ། ། གྲུབ་མཐའ་ཤེས་པར་མ་སྒྱུར་པའི།། ཐུན་མོང་བློ་ཅན་བ་ཏའི་གཟེབ།། སྒྲོལ་བའི་ཐབས་དང་དམ་ཚིག་བསྟན།། ཕྱག་རྒྱ་ཆེན་པོ་རྫོགས་པར་བསྐྱེད།། ཀུན་ཁྱབ་ཡེ་ཤེས་འབར་བའི་སྐུ།། ཆོས་དང་ལོངས་སྤྱོད་སྤྲུལ་པ་དང། ཁྲོ་དང་ཞི་བའི་དཀྱིལ་འཁོར་དང།། འདུས་པའི་ཡེཤེས་ལུས་ཆེན་པོ།། གསལ་བར་བསྐྱེད་ལ་མངོན་དུ་བྱ།། གཟའ་དང་སྤྱོད་པའི་དམ་ཚིག་སྦྱིན།། བདེ་ཐོབ་ཐུན་མཚམས་བར་པའི་ས། ། མངོན་སུམ་འཇུག་པའི་དབང་རྣམས་རྫོགས།། དགེ་སྡིག་ལས་ཀྱི་རྣམ་རྟོག་མེད།། རྣམ་སྨིན་ངན་པས་མི་གོས་པས།། རང་གི་ཆགས་མེད་བདེ་ཐོབ་པས།། ལྷུན་གྲུབ་མཉམ་རྫོགས་ཉིད་ལ་རལ།། རང་གསལ་བདེ་བའི་ལོངས་སྤྱོད་བསྒྲུབ། ། མ་ཆགས་སྤྱོད་པའི་ཡེ་ཤེས་རྟོགས།། རང་སེམས་དུབ་པའི་སྟོབས་དང་ནི།། རྣམ་རྟོག་བྲལ་བའི་བྱང་ཆུབ་སེམས།། ཉིད་འགྱུར་བདེ་བའི་ལོངས་སྤྱོད་བྱོས།། འབྱུང་བ་བཞི་ལ་སྨིན་གྲུབ་པས། ། ནམ་མཁའི་རྡོ་རྗེ་ཟས་སུ་གྱུར།། དེ་ནི་རྡོ་རྗེ་རྒྱལ་པོ་ཡི།། གཉིས་མེད་རྡོ་རྗེ་ཚིམ་པར་བྱའོ།། རྡོ་རྗེ་ཚིག་གི་ལམ་ནས་སྨྲ།། དོན་རྟོག་ཕྲ་བའི་ཚིག་གིས་དམན།། བཤང་གཅི་ཁུ་བ་ལ་སོགས་ཏེ།། རྟོག་དང་ཁ་ན་མ་ཐོའི་ཟས། ། ས་ལ་སོགས་ཏེ་འབྱུང་བ་བཞི།། དངོས་པོའི་རྫས་ནི་ཐམས་ཅད་ལ།། སྦྲང་རྩི་བ་ཡི་འོ་མ་དང།། བཟང་དྲུག་ལྕེ་པོག་དཀར་པོ་དང།། ཚ་དང་རྡོ་རྗེའི་ཁུ་བར་བཅས།། ཆུ་ཡིས་གཏོར་ཏེ་ཟོས་འགྱུར་ན། ། རྩི་རུ་ཆགས་ཤིང་གནོད་མི་ནུས།། དུག་ལའང་སྔགས་ཀྱིས་བཏབ་ལ་བཟའ།། དེ་ཡི་རྗེས་སུ་སེམས་འཇུག་པས།། སེམས་ཉིད་རྣམ་རྟོག་བྲལ་བས་བྱ།། དུས་གསུམ་ལུས་ངག་མི་འཇུག་སྟེ། ། འཇུག་པའི་ཐུན་མཚམས་དུས་ཀྱིས་བྱའོ།། རྗེས་སུ་མཐུན་པའི་ལས་བྱས་ཏེ།། རང་རིག་ལྷུན་གྲུབ་རྡོ་རྗེའི་ངག། སྨྲ་བརྗོད་ཁ་ན་མ་ཐོའི་ལས།། འདོད་རྟོག་ངན་པའི་ཚིག་སྨྲས་ཀྱང།། མ་ལུས་ཡེ་ཤེས་རྡོ་རྗེའི་སྒྲ། ། མ་ལུས་སྒྲ་ལ་ཚིག་དོན་མེད།། དེ་སྐད་བརྗོད་དེ་བག་ཡངས་ཀྱི།། རྡོ་རྗེ་ངག་གི་སྤྱོད་པ་བྱའོ།། རྡོ་རྗེ་ལུས་ཀྱི་སྤྱོད་པ་ནི།། ཨེ་མ་ཧོ་མཉམ་རྫོགས་ཐིག་ལེ་སྐུ་ཡི་བཅུད།། ཆགས་མེད་རྡོ་རྗེ་ལུས་ཀྱི་ལས།། ལུས་ཀྱི་ལས་ལ་གཉིས་མེད་དེ། ། ཐམས་ཅད་ཡེ་ཤེས་རང་རིག་བྱས།། གང་བྱེད་རྟོག་མེད་ངང་དུ་ཤར།། ཐམས་ཅད་སྒྱུ་མ་ལྷུན་གྲུབ་པས།། མ་ཆགས་འཛིན་མེད་ངང་གིས་བཅད།། དཔེར་ན་མིག་འཕྲུལ་སྒྱུ་མ་བཞིན།། དེ་ཡིས་དེ་ལ་དགོད་པ་བདེ། ། དེ་ལ་རྒྱུ་དྲུག་ཐམས་ཅད་བསྡུས།། རྣམ་རྟོག་འཛིན་པ་དངོས་སུ་བསྒྲལ། སྲོག་གཅོད་མ་བྱིན་ལེན་པ་དང།། འདོད་ལོག་ལ་སོགས་ལུས་ཀྱི་ལས།། བག་ཚ་ཁ་ན་མ་ཐོ་དང།། ཐམས་ཅད་དེར་ནི་ཉམས་སུ་བླང། ། མངོན་སུམ་བཤད་པའི་ལས་རྣམས་ཀྱིས།། ལ་ཐག་ཆོད་ཅིང་ཐེ་ཚོམ་བྲལ།། ཉམས་མྱོང་བདེ་བའི་རྒྱལ་པོའོ།། གང་ཟག་རྣལ་མའི་དོན་ཐོབ་པ།། འདོད་དང་ལྡན་པའི་ཐབས་ཆེན་གྱི།། བདེ་དེས་བྱང་ཆུབ་འཚོལ་བྱེད་པ། ། ཐབས་ཀྱི་བྱ་བའི་ཚིག་གིས་མིན།། ཞི་དང་རྒྱས་པའི་རང་བཞིན་ཅན།། རྩོལ་བ་མེད་པས་རང་འབྱུང་ཡིན།། དེ་ནི་ལུས་བྲལ་ཡེ་ཤེས་སོ།། རང་འབྱུང་ཡེ་ཤེས་ཀུན་གྱི་བདག། ལུང་བཅུ་རྫོགས་པའི་ཐིག་ལེ་ཅན། ། རང་ཡུལ་རྟོག་པའི་ཡེ་ཤེས་ཏེ།། དེ་བཞིན་ཡེ་ཤེས་བདག་བཞི་ཅན།། རྒྱུ་རྐྱེན་བྲལ་བས་དངོས་གྲུབ་མེད།། ཆོས་ཀུན་ནམ་མཁའི་རང་བཞིན་ཅན།། ལུས་དང་བྲལ་བས་ཡན་ལག་མེད། ། དངོས་གཞི་བཅད་པས་རྟགས་དང་བྲལ།། ཀུན་སྤངས་ཀུན་གྱི་དངོས་གཞི་ཅན།། རྟོག་པའི་གསལ་རླུང་ཡེ་ཤེས་རྒྱུས།། བདེ་ཆེན་ཤར་བའི་ཡེ་ཤེས་རླུང།། དེ་ཉིད་དེ་ལྡན་དེ་གྲུབ་སྟེ།། གཡོ་བ་མེད་པར་ཀུན་ཁྱབ་ཅན། ། ཤར་བ་མེད་པར་ཀུན་ཏུ་གསལ།། འདི་ནི་སྨོན་ལམ་ཤེས་པ་བཞིན།། རྒྱུད་བཞི་བྲལ་བའི་རང་རིག་དེ།། རྒྱུ་ལ་རྩལ་འཛིན་ཐབས་སུ་འཕྲོ།། རིག་པའི་རང་གསལ་བདེ་བར་འཁྱིལ།། སྤྲོས་པ་མ་བཀག་ཐིག་ལེར་སྡུད། ། མ་བཅོས་ལྷུན་གྲུབ་ཆེན་པོར་ཤར།། མ་སྐྱེས་སེམས་ཀྱི་ཐིག་ལེ་ལ།། རྩོལ་སྒྲུབ་བྲལ་བའི་ཏིང་འཛིན་གསལ།། བྱ་བ་མེད་པའི་དོན་ཀུན་རྫོགས།། རྒྱུ་འབྲས་རྡོ་རྗེའི་ངང་ལ་བསྡུས།། ཐམས་ཅད་རང་སེམས་ངོ་བོའི་ཕྱིར། ། འཛིན་རྟོག་སྤྲོས་པ་ཐམས་ཅད་ཞི།། བྱེད་རྩོལ་རིག་པའི་ངང་གིས་འགྲུབ།། རྩོལ་སྒྲུབ་བྲལ་བའི་ལམ་མཆོག་ཡིན།། དགྱེས་ཆེན་སྡུད་པའི་ཐིག་ལེ་ཡིན།། རྒྱུ་དྲུག་རྟོགས་པ་ཐམས་ཅད་དང། ། མྱ་ངན་འདས་པས་རྒྱལ་བའི་ཐུགས།། མ་ལུས་བདེ་ཆེན་རིག་པའི་ངང།། ཇི་བཞིན་མ་བཅོས་ངང་དུ་གསལ།། ལྷུན་རྫོགས་སྤྲོས་པ་མེད་པ་ཡི།། གཅིག་འདུས་མ་ལུས་ཀུན་གྱི་བདག། རྣམ་པར་རྟོག་པའི་རྒྱུ་བ་བྲལ། ། དུས་གསུམ་བྲལ་བའི་རང་རིག་ཉིད།། རྩོལ་དང་བྲལ་བས་རྒྱུན་མི་འཆད།། རྣམ་རྟོག་མཚན་མ་ཇི་སྙེད་པ།། ཇི་བཞིན་མི་འགྱུར་དེ་ཉིད་གསལ།། གནས་འགྱུར་རྒྱལ་པོའི་ལུང་ཆེན་ཡིན།། བྱེད་རྩོལ་ཐམས་ཅད་མ་སྤངས་པས། ། འཇིག་རྟེན་འདས་དང་འཇིག་རྟེན་པའི།། སེམས་ཀྱི་རིག་པ་མ་ལུས་འདུས།། སྒྲུབ་པའི་ལམ་མཆོག་ཀུན་གྱི་བདག། འདོད་པའི་འབྲས་བུ་ཀུན་དངོས་ཅན།། རྩོལ་སྒྲུབ་དོར་བ་རྒྱུ་འབྲས་ཀྱི། ། ལུས་ཅན་མ་ལུས་ཐམས་ཅད་འདུས།། འདོད་རྩོལ་བྱེད་པ་རྒྱུ་རྐྱེན་བྲལ།། བླང་དོར་མོས་འདོད་རྩོལ་དཀའ་བའི།། མཐར་ཕྱིན་ཆེ་བའི་འབྲས་འདོད་པ།། རྨོངས་པའི་ད་རྒོད་ནམ་མཁའ་ལ།། གསེར་གྱི་ཐེམས་གས་འཚོལ་དང་འདྲ། ། སྡུག་བསྔལ་ལས་གྲོལ་འདོད་སེམས་ཀྱིས།། འདོད་པའི་ལོག་ལྟ་སྤྱི་འབྲེལ་བརྟག། འདི་ནི་རིན་ཆེན་གཏེར་གྱི་དངོས།། དོན་གཅིག་རྣམ་པ་ཀུན་སེམས་བདག། འགྲོལ་མེད་ལྷུན་གྲུབ་རྣམ་གྲོལ་ལམ། ། ཀུན་རྫོགས་ཇི་བཞིན་འབྲས་བུའི་མཆོག། རྒྱུ་འབྲས་དབྱེར་མེད་ཐིག་ལེའི་ངག། བྱ་མེད་ལྷུན་རྫོགས་སེམས་ཀྱི་གཏེར།། དཔེ་བྱད་མཚན་ཆེན་རྒྱན་རྫོགས་ཏེ།། མཚོན་ཆའི་ཕྱག་རྒྱ་དྲི་མ་མེད། ། དྲན་རྟོག་མི་འགྱུར་གསལ་བའི་ཐུགས།། སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་ཅན།། འདོད་སོགས་ཏིང་འཛིན་བདེ་བའི་རོ།། ཡན་ལག་ཏིང་འཛིན་སྟོབས་དང་བཅས།། མི་རྟོག་བདེ་བ་གཅིག་ཏུ་འཁྱིལ།། མ་ལུས་ཀུན་གྲུབ་དབྱེ་བ་ཅན། ། མི་རྟོག་ཡེ་ཤེས་བདེ་བའི་ཐུགས།། དཔག་མེད་ཏིང་འཛིན་འབུམ་ཕྲག་སྒོ།། སྐལ་ལྡན་དང་པོ་ཉིད་ནས་རྫོགས།། རྒྱུ་དྲུག་འགྲོ་བ་མ་ལུས་པའི།། ལུས་སྣང་རྣམ་པ་ཇི་སྙེད་པ།། གཟུགས་སྣང་རགས་པས་བསྡུས་པ་ཀུན། ། ཐམས་ཅད་འཁྱིལ་པའི་ཡེ་ཤེས་སྐུ།། ཚད་ལས་འདས་པའི་སྐུ་རྫོགས་ཏེ།། མ་ལུས་འདུས་པ་སྐུ་ཡི་བཅུད།། གྲགས་སྟོང་འཛིན་པ་ཆགས་བྲལ་གསུང།། རྒྱུ་དྲུག་སྒྲ་སྐད་ལ་སོགས་ཏེ། ། རབ་འབྲིང་ཡི་གེ་བརྗོད་པ་རྣམས།། མ་ལུས་སྐྱེ་མེད་རྡོ་རྗེའི་གསུང།། རྨད་འབྱུང་ལྷུན་གྲུབ་ཆེན་པོ་ཉིད།། མི་རྟོག་བརྡ་འཇལ་ཐམས་ཅད་གོ། ཐམས་ཅད་སྟོན་པའི་རིག་པའི་སྒོ།། སྒྱུ་མ་ཆུ་ཟླ་བདེ་བའི་ཀློང། ། མི་རྟོག་ཐབས་ཀྱི་ཡེ་ཤེས་འདི།། མ་བཅོས་རང་བྱུང་ཆེན་པོ་ལ།། རྣམ་པའི་ཡེ་ཤེས་ཐབས་ཀྱི་རོལ།། རྒྱལ་བའི་དགོང་པ་ཀློང་བརྡོལ་བའི།། རྣམ་པའི་ཡེ་ཤེས་བདེ་ཆེན་འདི།། མངོན་དུ་སྣང་ལ་མཐོང་བ་མེད། ། རང་ལ་རྫོགས་ན་གྲུབ་པ་མེད།། འདི་དང་བྲལ་ན་རྟོག་པའི་བདག། མཚན་མའི་བདུད་པ་གྲོལ་མི་འགྱུར།། དེ་ནས་སྐལ་ལྡན་རིགས་ཅན་དེས།། བདེ་བ་ཆེན་པོའི་རྒྱས་བཏབ་པའི།། མི་རྟོག་ཡེ་ཤེས་ལྷུན་གྲུབ་པ། ། བདེ་བའི་རོལ་པས་བསྒྲུབ་པ་བྱ།། རླུང་དང་རྟོག་པ་བསླད་པ་ཡིས།། རྒྱུན་དང་བཅས་པའི་ཡེ་ཤེས་ཏེ།། བདེ་ཆེན་ཡེ་ཤེས་རླུང་དུ་དཔག། རླུང་ནི་རྣམ་པ་གཉིས་ཡིན་ཏེ།། རིག་པའི་རླུང་དང་བེམས་པོའོ། ། བེམས་པོ་ལ་ནི་རྣམ་གསུམ་སྟེ།། སྲོག་འཛིན་ཤེས་པའི་རྟེན་ཉིད་དང།། ལུས་ཟུངས་བཅུད་དང་འདྲེས་པ་དང།། སྙིགས་མ་ལུས་ཀྱི་ལས་བྱེད་པ།། གྱེན་དུ་རྒྱུ་དང་ཐུར་དུ་རྒྱུ་བའོ།། རིག་པའི་རླུང་ནི་གཅིག་ཡིན་ཏེ། ། བྱེ་བྲག་བརྒྱད་དང་དཔག་མེད་པའི།། རླུང་ནི་གཅིག་གི་འཕེན་པ་ཡིན།། རྟེན་པ་ལས་རླུང་ཟིན་གྱུར་ན།། ཀུན་ཀྱང་རིག་པ་ཟིན་པ་ཡིན།། བདེ་བའི་རོལ་པ་ཡེ་ཤེས་སྐུ།། འབད་རྩོལ་བྲལ་བའི་བདེ་ཆེན་ལས། ། ལྷུན་གྲུབ་ཐབས་ལ་རྟེན་པས་གྲུབ།། ཡེ་ཤེས་རང་རིག་ཆེན་པོ་སྟེ།། ངང་གི་མི་ལྡོག་ཐབས་ཀྱི་མཆོག། སྐལ་ལྡན་ཡེ་ཤེས་རྒྱལ་པོ་དེས།། བར་པའི་ཐུན་མཚམས་བཅུ་གཉིས་ཀྱིས།། ཡེ་ཤེས་རིག་པའི་ཕུར་པས་ཐེབས། ། རྟོག་པ་གཞོན་པའི་རླུང་དང་འཕྲད།། འདོད་པ་དམིགས་པའི་ཡུལ་དང་འཕྲད།། མཐར་ཕྱིན་དུས་མཚམས་གཅིག་གིས་ཀྱང།། ཡེ་ཤེས་ཐིག་ལེའི་དངོས་གྲུབ་ཐོབ།། བདེ་བ་ཆེན་པོར་སྒྱུར་བའི་ཐབས། ། འདི་ནི་ཐར་པའི་ལམ་མཆོག་སྟེ།། རྒྱུ་འབྲས་མེད་པའི་མཐར་ཕྱིན་ནི།། དང་པོ་རིག་པའི་རླུང་གཟུང་སྟེ།། ཉོན་དང་མཚན་གྱི་ཐུན་གཉིས་ལ།། ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་བཅུ།། འཕོ་བའི་ཐུན་མཚམས་བཅུ་གཉིས་ཏེ། ། ཀུན་འདར་འཕོ་བ་གཅིག་ཡིན་ཏེ།། སྙིགས་མ་བཅུ་ཡི་གཅིག་འཕོ་ཡིན།། དྭངས་མའི་འཕོ་བ་བསྟན་པར་བྱ།། འདི་ཉིད་རིམ་པ་འདི་ཡིན་ཏེ།། ཡེ་ཤེས་འཇའ་ཚོན་ལྟ་བུའི་འོད།། བདེ་བ་ཆེན་པོའི་ཡེ་ཤེས་ཏེ། ཁམས་གསུམ་རང་འབྱུང་ཆེན་པོ་སྟེ།། མི་གཡོ་ཐིག་ལེ་དག་བྱས་ཏེ།། རྔུབས་པས་རྐྱལ་བ་དྲུད་པ་ལྟར།། སྤྲོས་པ་དེ་ཉིད་བཤོས་པ་ལྟར།། ཡེ་ཤེས་རླུང་གིས་སྟོང་པར་བྱ།། ཨ་པདྨ་འདས་ནས་ལྡང་གི་བར། ། གཡོ་མ་རང་བྱུང་ཐིག་ལེ་བྱ།། དེ་ནས་ཐིག་ལེའི་རྟགས་འབྱུང་སྟེ། ཁམས་སྙོམས་རང་ལུས་བདེ་བ་རྒྱས།། ཉམས་དང་བྲལ་ནས་མཁའ་ལ་འདུག། ཚོར་བ་བདེ་བ་ཆེན་པོར་སྐྱེ།། རྒྱུ་བ་གསལ་ཞིང་བྱེ་བྲག་ཤེས། ། དེ་ནས་བདེ་བ་འཕྲོ་བ་ཡི།། ཡེ་ཤེས་རླང་ལ་རྔུབ་པར་བྱ།། དེ་ཉིད་ཐབས་ཀྱི་ཡེ་ཤེས་དགུག། དཔེར་ན་རགས་པ་གྱེན[(]བཻ་འགྱུའི[)]རླུང།། ཀུན་འདར་ཕྲ་བའི་རླུང་བཞིན་དུ།། གསང་བའི་པདྨའི་ལྟོ་བ་ནས། ། ན་ས་འདུས་པའི་ལྟོ་བ་ནས།། ཤིན་ཏུ་ཕྲ་ཞིང་ངལ་བ་ཡི།། ཡེ་ཤེས་རླུང་གི་ལྷུན་གྲུབ་པ།། བདེ་བ་ཆེན་པོའི་རྒྱུ་བ་བྱ།། རླུང་གི་ཐུན་ཕྱེད་ཕྱེད་དག་ཏུ།། སྟོབས་ཀྱིས་སྡང་བར་ནུས་འགྱུར་ན།། དེ་ནས་རྒྱུ་བ་མེད་པ་བསླབ། ། ལུས་བསྲང་བདེ་བའི་བག་ཡངས་ཀྱིས།། ཨོཾ་དང་ཧཱུཾ་དུ་སྦྱར་བྱས་ཏེ།། གསང་བར་ལྟེ་བར་དམིགས་བྱ་སྟེ།། རྔུབ་དང་འབྱུང་བའི་རིམ་གྱིས་ཏེ།། གནས་པའི་བདེ་བ་རྒྱས་པར་བཟུང།། ལུས་ཟུངས་དབུགས་བཅུད་ཉིད་དུ་བསྲེ། ། དེ་ལ་མཐུན་པའི་རྟགས་འབྱུང་སྟེ།། རེག་པས་ལུས་ཟུང་རྒྱས་འགྱུར་ཏེ།། བདེ་བ་ཆེན་པོའི་ཡེ་ཤེས་སྐྱེ།། ན་ས་སྒོ་དང་དབང་པོའི་ལམ།། ཀུན་ཏུ་སྤྱོད་ནུས་འཇུག་ལྡང་མེད། ། འཕོ་བ་མེད་པའི་དགག་པའང་འགྲུབ།། དབང་པོའི་ལམ་ནས་རང་རིག་ཏུ།། ཡེ་ཤེས་ཆེན་པོའི་འདྲེས་ནས་འབར།། དེ་ཉིད་སྟོབས་ཀྱི་མ་ལུས་འདྲེས།། བསྐལ་པ་དུ་མའི་དབུགས་ཀྱང་བསྡུད།། གནོད་པ་མེད་པར་གདམས་པའང་འགྲུབ། ། འདི་ནི་ཐབས་ཆེན་གང་བའི་ལས།། བདེ་བ་ཆེན་པོར་རྒྱས་ཐེབས་པས།། རོལ་པའི་ཀློང་དུ་ཕེབས་པ་ཡིན།། དེ་ནས་བདག་ཉིད་རང་འབྱུང་གི། བདེ་བ་ཆེན་པོའི་ཐིག་ལེར་འཆར་ཡང་གསལ། ། རང་གི་མཚན་ཉིད་མ་བཅོས་པའི།། བདེ་བའི་དཀྱིལ་འཁོར་རང་ལུས་གསལ།། རང་བྱུང་བདེ་བའི་ཕུར་པས་ཐེབས།། ཕྱོགས་བཅུ་མ་ལུས་ཐམས་ཅད་ཀུན།། ཡེ་ཤེས་ཆེན་པོའི་འོད་ཀྱིས་ཁྱབ།། ཡེ་ཤེས་སྐུ་ཡི་འོད་ལ་ཞུགས། ། རང་བྱུང་གསུང་གི་ཟེར་ལ་རོལ།། ལྷུན་གྲུབ་བདེ་བ་ཆེན་པོའི་ཐུགས།། མི་འགྱུར་ཡེ་ཤེས་རླུང་དུ་ཕེབས།། དེ་ནས་བདེ་ཆེན་འཁོར་ལོ་བསྐོར།། རང་བྱུང་ཡེ་ཤེས་རྣམ་པའི་ལུས།། རང་གི་མཚན་ཉིད་མ་བཅོས་པ། ། བདེ་བ་ཆེན་པོར་སྐུ་གསུམ་ཐིག་ལེར་ཤར།། བདེ་བ་ཆེན་པོར་རང་རིག་ཉིད་དུ་འགྲུབ།། མ་བཙལ་རྫོགས་པའི་ཡེ་ཤེས་སྐུ།། བཀྲག་གསལ་བདེ་བ་ཆེན་པོའི་གཟུགས།། རང་རིག་སྒྱུ་མའི་ཡེ་ཤེས་གསལ། ། ཆགས་མེད་ཅིར་ཡང་མ་རྟོགས་པ།། ཐམས་ཅད་རང་བྱུང་ཡེ་ཤེས་སྐུ།། འགྱུར་མེད་མ་བཀག་ཀློང་དུ་ཤར།། དེ་ཉིད་མཐུན་པའི་ལས་ཅིག་ལ།། མཐུན་པའི་དམིགས་པ་བསྒོམ་པར་བྱ།། དེ་བཞིན་དངོས་པོ་མ་ལུས་པ། ། དྲན་པའི་ཐག་པ་གདག་བྱ་སྟེ།། རང་བྱུང་བདེན་པའི་ལུང་ཕོག་སྟེ།། སྤྱོད་ཡུལ་ཞིང་ལའི་ཕྱག་རྒྱས་བཏབ།། གང་འདོད་དེ་དེའི་ལུང་གསལ་བྱས།། གང་ཞིག་གང་དང་ལྡན་འགྱུར་བ།། དེ་ཡང་དེ་དེས་སྨིན་པར་འགྱུར། ། དེ་ཉིད་དེ་ཡི་ཕྱག་རྒྱ་ཅན།། དེ་ནི་དེ་མེད་དགྲོལ་བར་འགྱུར།། འདི་ནི་དེ་དེའི་ཐབས་ཆེན་ཡིན།། པདྨ་ཅན་གྱི་གསེར་གླིང་ཁང།། གཟུགས་བརྙན་མཐོང་ཡང་སྐྲག་ཅིང་འབྲོས།། དྲན་ལས་སྡུག་བསྔལ་དྲག་པོ་བསྐྱེད། ། དགའ་བའི་གླིང་དང་འཁྲུག་པའི་གླིང།། གནས་པ་བདེ་དང་ཞེ་སྡང་བསྐྱེད།། དད་པའི་སྐལ་ལྡན་སྨིན་པར་བྱའོ།། དྲུག་གམ་མཐུན་མཚམས་བཅུ་གཉིས་ལ།། མན་ངག་འབད་པའི་རྩོལ་བས་བསྒྲུབ། ། དེ་ནས་རང་བྱུང་བདེ་ཆེན་ཏེ།། སྤྱོད་ཡུལ་ཐམས་ཅད་མ་འདའ་ལ།། ཐམས་ཅད་ཡེ་ཤེས་རྣམ་པར་གསལ། ཁྱབ་གདལ་ཆེན་པོའི་ངང་ལ་རྫོགས།། ཡེ་ཤེས་རིག་པའི་ཀློང་དུ་གདགས།། མཁའ་ལྟར་ཁྱབ་པས་མུ་མཐའ་མེད། ། སྐྱེ་འགྲོ་རྡོ་རྗེའི་ས་རུ་ཆུབ།། མ་བཅོས་ཐིག་ལེ་མངོན་སངས་རྒྱས།། རང་བྱུང་སྙིང་པོ་རྡོ་རྗེའི་སྐུ།། ཡོན་ཏན་ལྷུན་གྲུབ་རྡོ་རྗེའི་རྒྱན།། བཀོད་པ་མེད་པར་རང་རྫོགས་པ། ཁམས་གསུམ་བདེ་བའི་ལོངས་སྤྱོད་དང། ། རིན་ཆེན་ལྷུན་གྲུབ་བྱང་ཆུབ་ཞིང།། རྒྱལ་བའི་དགོངས་པ་སེམས་ཀྱི་གཏེར།། མ་ལུས་འདུས་པའི་ཐིག་ལེ་ཅན།། བདག་ཉིད་སངས་རྒྱས་ཀུན་གྱི་དངོས།། རྡོ་རྗེ་རྒྱལ་པོ་ཀུན་ད་མེད། ། ལོག་རྟོག་དངོས་པོ་ཐ་དད་པ།། ལྷུན་གྲུབ་བདེ་བ་ཀློང་ན་གསལ།། མ་འདྲེས་གསང་བའི་བདེ་ཆེན་པོ།། གང་དང་གང་གི་གང་རྣམས་ནི།། དེ་དེ་དེ་ཉིད་དེ་དེ་རུ།། དེ་ཉིད་དེ་ལ་དེ་དེར་སྣང།། དེ་ཉིད་དེ་ཡི་རང་བཞིན་པས། ། དེ་རྟག་དེ་ལ་ལྷུན་གྱིས་གྲུབ།། མ་ལུས་རྣམ་དག་ལྷུན་གྲུབ་པ།། རིག་པ་རང་འབྱུང་འང་དེ་རྫོགས་པར།། དང་པོའི་ཐུན་མཚམས་བཅུ་གཉིས་ཏེ།། གདོན་མི་ཟ་བར་བཅུ་ཡིས་འགྲུབ།། ཟླ་ཕྱེད་ཟླ་བ་ལྔ་ཡི་ཞག། རྣམ་པ་མཚན་ཉིད་འདོད་རྣམས་ལ།། རྒྱུ་བ་བྲལ་བའི་མངོན་སུམ་ལ།། རིམ་གྱིས་ཅིག་ཅར་གོམས་པར་བྱ།། སྤང་ལེན་འཛིན་རྟོག་རེ་དོགས་དང།། བདེ་སྤྱོད་གཙང་སྨེ་ཟློག་སྲིད་པ།། གྲུབ་མཐས་ལོག་རྟོག་འདོད་རྩོལ་པ། ། གྲགས་པའི་ཐ་སྙད་གཡོ་བའོ།། རང་འབྱུང་རྒྱལ་པོས་ཐོགས་མེད་པར།། སྤྱོད་པ་རྒྱ་མཚོར་ཅི་བདེར་སྤྱོད།། གང་ལྟར་སྤྱོད་པ་རྫོགས་ལོངས་སྤྱོད།། ལུས་ངག་བྱ་བ་མ་ལུས་པ།། ཡུལ་དང་གདུལ་བྱ་བློ་ཡི་རིམ། ། ཉམས་པར་མི་འགྱུར་ཐབས་ཀྱིས་སྤྱད།། རང་བྱུང་སྤྱོད་པའི་རྒྱལ་པོར་བྱ། ཁྱུང་ཆེན་ནམ་མཁར་འཕུར་བ་བཞིན།། ཆགས་མེད་ཉམ་ངའི་སེམས་མེད་ཅིང།། གནས་མེད་གནས་པར་མི་བྱའོ།། རིག་པ་རང་འབྱུང་མཁའ་ལྟར་ཁྱབ། ། སྐྱེ་མེད་ལུས་ནི་རྡོ་རྗེའི་སྐུ།། བདེ་བའི་ཐབས་ཀྱིས་བསྒྲུབ་པར་བྱ།། བེམས་པོའི་རླུང་ཉིད་ལུང་བསྟན་པ།། སྡུད་དང་དངས་པའི་རླུང་དེ་ཉིད།། ལུས་གཟུངས་རླུང་ལ་བསྟིམ་པར་བྱ། ། དངས་མའི་ལུས་གཟུངས་བཅུད་དུ་འདྲེས།། མི་ཤིགས་རླུང་དང་གཅིག་ཏུ་གྱུར།། ཟ་བའི་ཁམས་དང་བྲལ་གྱུར་ནས།། ཐུན་མཚམས་ཟས་ལ་རྟེན་པས་ནི།། ཐིག་ལེ་འཁྱིལ་བའི་སྒོ་ཕྱེ་ནས།། སྲོག་གཟུངས་བཅུད་དང་འདྲེས་གྱུར་ཏེ། ། རིན་ཆེན་རྫིང་གི་དན་རྒྱུའི་ལམ།། བུ་ག་གཉིས་པ་ལན་ཆོད་དུ།། རྡོ་རྗེ་ཏིལ་འབྲུའི་གཟུགས་སུ་འཁྱིལ།། ཡེ་ཤེས་རླུང་དང་ཁུ་བ་ཁྲག། དངས་པ་འཁྱིལ་པ་བདེ་བའི་བཅུད།། ཡོངས་སུ་འཁྱིལ་པར་རང་འབར་གཟུགས། ། སྙིགས་མ་བྲལ་ན་སྟོབས་དང་ལྡན།། རང་བྱུང་བདེ་བ་ཆེན་པོའི་ཟས།། མི་འགྱུར་བདེ་བ་ལྷུན་གྱི་ཚེ།། ཐོབ་ནས་རང་འབྱུང་ལྷུན་གྲུབ་ཏུ།། སྐད་ཅིག་དེ་ལ་འགྲུབ་པར་བྱ།། འདི་ནི་རབ་འབྲིང་མཐུན་མཚམས་ཀྱིས། ། ངེས་པར་འགྲུབ་སྟེ་གཞན་དུ་ན།། ཟླ་བ་བཞི་ཡིས་གདོན་མི་ཟ།། འདི་ནི་ངོ་མཚར་ཡ་མཚན་གྱི།། རྨད་བྱུང་ཐབས་ཀྱི་འཕྲུལ་ཆེན་ཡིན།། བདེ་གཤེགས་མ་ལུས་དགོངས་པ་ཡི།། རྒྱལ་བ་རྣམས་ནི་ཀུན་གྱི་བཅུད། ། རྡོ་རྗེ་ཟམ་པ་རྣ་བརྒྱུད་འདི།། བསྟན་པ་ཀུན་གྱི་ཉིད་ཁུ་འདི།། བཀའ་ཡི་རྒྱལ་པོར་ཕྱུང་བ་སྟེ།། རྒྱུད་ཀྱི་རྒྱལ་པོ་ལུང་གི་མདོ།། མན་ངག་སེམས་ཀྱི་ཚད་འཛིན་པ།། བསྟན་པའི་འཁོར་ལོ་འདུས་པའི་གཙོ། ། རྒྱལ་བ་མངོན་དུ་སྟོན་པ་ཡི།། ངོ་མཚར་འཕྲུལ་གྱི་ལྡེ་མིག་ཡིན།། ཐབས་རྒྱལ་བ་དང་བྲལ་བ་ཡི།། སྐལ་ལྡན་རྣམས་ནི་མུན་པར་ལྷུང།། བསྐལ་པ་བྱེ་བ་མཐའ་ཀླས་པ།། བཙལ་ཀྱང་འགྲུབ་པར་མི་འགྱུར་རོ། ། འདི་ན་དངོས་གྲུབ་ཡ་མཚན་གྱི།། མངོན་སུམ་འཕྲུལ་གྱི་ལྡེ་མིག་སྟེ།། དུས་མཐའི་སྐད་ཅིག་དེ་ཉིད་ལ།། གང་ཡིན་དེ་ཡི་སྔོན་དུ་སྟོན།། རང་བྱུང་ཉག་གཅིག་མངོན་སུམ་ལས།། འདི་ལས་གཞན་པའི་ཤེས་པ་མེད། ། མན་ངག་བསྟན་པས་རྒྱལ་བའི་གྲལ་དུ་འཇོག། འདི་ནི་ཚིག་དང་བྲལ་བས་ཏེ།། ཐུན་མཚམས་གསུམ་དང་ལྡན་པ་ཡིས།། རྡོ་རྗེ་འཛིན་པ་ཉིད་དུ་འགྲུབ།། གཞན་དུ་བསྟན་པའི་མཚན་ཉིད་ཀྱིས། ། ངེས་པར་གདོན་མི་ཟ་བར་འགྲུབ།། གནས་ནི་བྲག་དང་ཆུ་ལ་བཞག། སྲོག་དང་བྲལ་བའི་ཁ་བཞིན་སྡོམ།། འདི་གནས་ལྡན་པའི་སེམས་ཅན་ནི། ཁམས་གསུམ་བྱུགས་ཀྱང་གཅིག་ལྡན་མིན།། འདི་ནི་སྲིད་བཞིན་དགྲ་ལ་སྟོན། ། དྲེགས་པའི་ཆོས་བརྒྱད་གཙོར་བཞག་ནས།། ཉམས་པའི་སེམས་ཀྱིས་འཆི་འགྱུར་ན།། འདི་ལ་རྡོ་རྗེ་དམྱལ་གནས་སུ།། ངེས་འགྱུར་ཐེ་ཚོམ་མེད་པར་ངེས།། དེས་ན་བསྟན་པའི་བཀའ་དང་བསྟུན། ། བཀའ་ཡི་བཅུད་འདུས་ཐུགས་ཀྱི་ཉིད་ཁུ་འདི།། ལག་ན་རྡོ་རྗེས་རྣ་བརྒྱུད་སེམས་ལ་བསྟིམ།། རྡོ་རྗེའི་ཟམ་པ་བསྟན་ནས་འཕྲུལ་གྱི་ལུང་བཅུ་ཕོབ།། ལུང་བསྟན་སྐལ་ལྡན་རྣམས་ཀྱི་སེམས་ལ་ཐིམ།། རྣ་བརྒྱུད་སྤྱི་བླུགས་ཚངས་པ་དབང་གི་རྒྱུད་རྫོགས་སོ། །།།

CLOSE WINDOW