Wylie |
།།།@#། ། རྒྱ་གར་སྐད་དུ། མ་ཧཱ་སུ་ཁ་བོ་དྷི་ཙིཏྟ་སོ་པ་ཤི་ཀ། བོད་སྐད་དུ། བདེ་བ་ཆེན་པོ་བྱང་ཆུབ་ཀྱི་སེམས་རྨད་དུ་བྱུང་བའི་ལེའུ། བཅོམ་ལྡན་འདས་དཔལ་གྱི་དཔལ། དཔལ་རྡོ་རྗེ་སེསམ་དཔའ་ལ་ཕྱག་འཚལ་ལོ། ། རྨད་བྱུང་བྱང་ཆུབ་སེམས་འདི་གནས།། དེ་ཡི་གཞལ་ཡས་ཡོན་ཏན་གྱི།། དོན་འདི་བསྟན་པ་འདི་ཡིན་ནོ།། དུས་གསུམ་བཞུགས་པའི་སངས་རྒྱས་དང།། རྡོ་རྗེ་འཆང་བའི་རྣལ་འབྱོར་དང། ། དཔལ་ཆེན་ཁྲག་འཐུང་མ་མོའི་ཚོགས།། གཞན་ཡང་རྣམ་པ་མང་པོ་ཡི།། ལྷ་དང་ལྷ་མིན་རླུང་ལྷ་དང།། གཤིན་རྗེ་ཀླུ་དང་ལྷ་རྣམས་དང།། གནོད་སྦྱིན་སྲིན་པོ་འབྱུང་པོའི་ཚོགས།། དབང་མེད་དད་པས་འདུས་པ་དང། ། ལྷ་ཡི་ཚོགས་ཀྱིས་གང་བ་ཡི།། གཞལ་མེད་ཁང་མཛེས་དེ་དག་ནི།། མེ་དང་འདྲ་བར་འོད་གསལ་ཞིང།། ཉི་མ་ཟླ་བའི་གདན་དང་འོད།། ཞིང་རྣམས་གདན་ཆེན་གསལ་བ་དང།། རིན་ཆེན་ལས་བྱས་ཤིན་ཏུ་སྣང། ། སྐལ་དང་ལྡན་པའི་སངས་རྒྱས་ཞིང།། རབ་སྡང་གནོན་བྱེད་རྣམས་ཀྱང་སྤངས།། འདི་ལ་གནོད་བྱེད་གང་ཡིན་པ།། འབྱུང་པོ་འགྲུལ་བུམ་སྲིན་པོ་དང།། ཡི་དྭགས་སྲུལ་པོ་དེ་དག་གིས།། རྨད་བྱུང་འདི་ནི་མི་ཐོས་སོ། ། རྨད་བྱུང་བྱང་ཆུབ་ཡོན་ཏན་འདི།། འཇིག་རྟེན་མགོན་པོས་བཤད་པ་ཡིན།། འདི་ལ་གང་ཞིག་འགལ་བྱེད་པ།། འཇིགས་པ་ཐམས་ཅད་དེ་ལ་འོང།། མགོ་ནི་ཚལ་པ་བདུན་དུ་འགས།། སྔགས་འཆང་རྣམས་ཀྱིས་སྤངས་པར་འགྱུར། ། རྨད་བྱུང་བྱང་ཆུབ་སེམས་འདི་ནི།། དཔལ་ཆེན་པདྨ་ཧེ་རུ་ཀའི།། སྒྲུབ་པ་གསང་བ་ཐུགས་ཀྱི་མཆོག། ཆོས་ཀྱི་གཏམ་ལ་འཇིགས་མེད་ཅིང།། ལས་ཀྱིས་གོས་པར་མི་འགྱུར་ཏེ། ། དཔལ་ཆེན་འཁོར་ཚོགས་མང་པོ་དང།། སངས་རྒྱས་རྣལ་འབྱོར་ཆེན་པོ་དང།། འཁོར་ཚོགས་ཡེ་ཤེས་རྣལ་འབྱོར་མ།། འཇིགས་མེད་རྡོ་རྗེ་སེམས་དཔའ་དང།། སྐལ་ལྡན་རྣམས་ཀྱི་དོན་དུ་གསུངས།། གཞན་གྱི་དོན་དུ་མ་གསུངས་སོ། ། བྱང་ཆུབ་ཀྱི་སེམས་རྨད་དུ་བྱུང་བ་ལས་ཆོས་ཀྱི་གླེང་གཞིའི་ལེའུ་སྟེ་དང་པོའོ།།།། དེ་ནས་བཅོམ་ལྡན་འདས་འོག་མིན་གྱི་གནས་སྙིང་པོ་བྱང་ཆུབ་ན་བཞུགས་པའི་སྐུ།། རྡོ་རྗེ་སེམས་དཔའ་ལ་གཟིགས་ནས། ཆོས་རྨད་དུ་བྱུང་བའི་བྱང་ཆུབ་ཀྱི་སེམས་རྨད་དུ་བྱུང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ།། དེའི་ཚེ་དུས་གསུམ་གྱི་བདེ་བར་གཤེགས་པ་རྣམས་དང། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པ་འདི་དག་ཐམས་ཅད། བདེ་བར་གཤེགས་པ་ཐམས་ཅད་དོན་གཅིག་པ་སྟེ། བདག་ཉིད་བྱང་ཆུབ་ཀྱི་སེམས་རྨད་དུ་བྱུང་བ་ལས་འབྱུང་ཞིང། དེ་དག་ཐམས་ཅད་དེ་ལས་སྐྱེས་པ་དང། དེ་ལས་བྱུང་བའི་དཀྱིལ་འཁོར་རྨད་དུ་བྱུང་བའི་དཀྱིལ་འཁོར་ཡིན་པའི་དོན་ཐུགས་སུ་ཆུད་པའི་དོན། རྡོ་རྗེ་སེམས་དཔས་རིག་པར་བྱ་བའི་ཕྱིར། རྡོ་རྗེ་སེམས་དཔའ་ལ་གཟིགས་ཏེ། ཡིད་ཀྱི་དཀྱིལ་འཁོར་སྒོ་ཕྱེད་ནས། རང་གི་རིག་པའི་དོན་གསལ་བར་ཕྱུང་སྟེ། ཐམས་ཅད་ཀྱི་དོན་ཇི་ལྟ་བུ་ཡིན་པས་སོ་སོར་སྣང་བས་གསལ་བར་བྱས་ནས། རྡོ་རྗེ་སེམས་དཔའ་ཉིད་དང། བདེ་བར་གཤེགས་པ་ཐམས་ཅད་དང། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པ་རྣམས་བྱང་ཆུབ་ཀྱི་སེམས་རྨད་དུ་བྱུང་བ་འདི་ཉིད་ཡིན་པ་དང། བྱང་ཆུབ་ཀྱི་སེམས་རྨད་དུ་བྱུང་བ་ལས་བསྐྱེད་པའི་དཀྱིལ་འཁོར། སྐུ་རྨད་དུ་བྱུང་བ་སྐུའི་དཀྱིལ་འཁོར་གསང་བ་རྨད་དུ་བྱུང་བ་དང། གསུང་རྨད་དུ་བྱུང་བ་གསུང་གི་དཀྱིལ་འཁོར་གསང་བ་རྨད་དུ་བྱུང་བ་དང། ཐུགས་རྨད་དུ་བྱུང་བ་ཐུགས་ཀྱི་དཀྱིལ་འཁོར་གསང་བ་རྨད་དུ་བྱུང་བ་དང། ཆོས་ཆེན་པོ་རྨད་དུ་བྱུང་བ་ཉིད་ཡིན་པར་སྣང་བར་བྱས་ནས། དེ་དག་ཐམས་ཅད་བཅོམ་ལྡན་འདས་ཉིད་ཀྱི་སྐུ་གསུང་ཐུགས་སུ་བསྡུས་སོ།། དེ་ནས་རྡོ་རྗེ་སེམས་དཔས་འདི་སྐད་ཅེས་གསོལ་ཏོ། ། འཇིག་རྟེན་མཁས་པ་རྫོགས་སངས་རྒྱས།། སངས་རྒྱས་དོན་དུ་མཛད་པ་ཡིས།། ཐུགས་ཀྱི་སྒྲོན་མའི་དོན་བསྟན་པ།། གང་བློ་ཐེ་ཚོམ་ཟ་བ་དང།། གང་ཞིག་འགལ་བར་ཡིད་སེམས་དཔའ།། འཇིགས་པ་ཐམས་ཅད་དེ་ལ་འོང། ། མགོ་ནི་ཚལ་པ་བདུན་དུ་འགས།། རྡོ་རྗེ་སེམས་དཔའ་ཉིད་ཀྱང་སྔང།། སྔགས་འཆང་རྣམས་ཀྱིས་སྤངས་པར་འགྱུར།། སྔགས་རྣམས་ཐམས་ཅད་གསང་བ་ཡི།། ལྟ་བ་རྨད་དུ་བྱུང་བའི་དོན།། རྡོ་རྗེ་སེམས་དཔའ་བདག་ཉིད་ཀྱིས། ། སྔོན་ཆད་རྟོགས་པར་མ་གྱུར་པ།། ཐུགས་ཀྱི་སྒྲོན་མའི་དོན་བསྟན་པ།། གང་ལ་སངས་རྒྱས་གུས་མཛད་པ།། དོན་ལ་དེ་ནི་ཕྱག་འཚལ་ལོ།། སངས་རྒྱས་ཀུན་ལ་བརྩེ་དགོངས་ནས། ། གང་གི་དོན་དུ་མཛད་པ་ཡི།། དོན་མཛད་དེ་ལ་ཕྱག་འཚལ་ལོ།། གང་གི་དོན་དུ་བྱས་པའི་དོན།། དེ་དག་བདག་ལ་འགྲུབ་གྱུར་ཅིག། གཞལ་ཡས་མེ་འོད་འབར་བ་ལྟར།། དོན་དེ་བདག་གིས་རིག་གྱུར་ན། ། སངས་རྒྱས་ཀུན་དང་སྐལ་པ་མཉམ།། སངས་རྒྱས་ཀུན་པས་རྒྱས་གྱུར་ཅིག། དུས་གསུམ་རྣལ་འབྱོར་གང་དག་གིས།། སྐལ་ལྡན་གང་ཞིག་འབྱུང་བ་ཡི།། དོན་དུ་བདག་གིས་བཤད་པར་འཚལ།། རྨད་བྱུང་བྱང་ཆུབ་དོན་རྟོགས་ནས། ། རྡོ་རྗེ་སེམས་དཔའ་བདག་ཉིད་ཀྱང།། རྡོ་རྗེ་གདན་ལ་ཡང་སངས་རྒྱས།། རྨད་བྱུང་བྱང་ཆུབ་སེམས་འདི་ནི།། ཀུན་གྱིས་རིག་པ་མ་ཡིན་ནོ།། ལྷ་རྣམས་ཀུན་གྱིས་མི་རིག་གོ། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཀྱང། ། འདི་ནི་རིག་པར་དཀའ་བའོ།། བདེ་གཤེགས་རྣམས་ཀྱིས་སྨོན་མ་རིག། ཅེས་གསུངས་སོ།། སེམས་དཔའ་ཆེན་པོ་ཐམས་ཅད་མཁྱེན་པ་སྒོམ་པའི་མཆོག། ངོ་བོ་ཉིད་ནི་དམིགས་སུ་མེད། ། ང་ཡི་ལུས་སུ་སུ་སྦྱོར་བ།། བྱང་ཆུབ་མེད་ཅིང་སྒོམ་པའང་མེད།། ལུས་དང་ངག་སེམས་མཚན་ཉིད་ནི།། ཡེ་ཤེས་ལྔ་ཡི་བྱང་ཆུབ་སེམས།། སེམས་ཅན་ཀུན་གྱི་སེམས་ཆེན་པོ།། རང་བཞིན་དག་པ་དྲི་མ་མེད། ། ཐམས་ཅད་མ་སྐྱེས་ཟག་པ་མེད།། བྱང་ཆུབ་མེད་ཅིང་མངོན་རྟོགས་མེད། ཁམས་ཀྱང་མེད་ཅིང་འབྱུང་བ་མེད།། མཚན་ཉིད་མི་འགྱུར་ནམ་མཁའ་བཞིན།། གཉིས་མེད་གཉིས་སུ་འཛིན་མེད་ཅིང།། བྱང་ཆུབ་སེམས་འདི་རྒྱས་པའི་སྤྱན། ། ཞེས་བཀའ་སྩལ་ཏོ།། ཀྱེ་སེམས་དཔའ་ཆེན་པོ། བདེ་བར་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་དང། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པ་འདྲ་སྟེ། ངའི་བྱང་ཆུབ་སེམས་རྨད་དུ་བྱུང་བ་འདི་ཡིན་ནོ།། རང་རིག་པ་ལས་བྱུང་བའི་ཆོས་ཆེན་པོ་རྨད་དུ་བྱུང་བ་ཉིད་ཡིན་ནོ།། རྫུ་འཕྲུལ་ཆེན་པོ་རྨད་དུ་བྱུང་བ་ཉིད་ཡིན་ནོ།། ངའི་འཕྲུལ་ཆེན་པོ་རྨད་དུ་བྱུང་བ་ཉིད་ཡིན་ནོ། ། ངའི་རོལ་པ་ཆེན་པོ་རྨད་དུ་བྱུང་བ་ཉིད་ཡིན་ནོ།། ངའི་མཛད་པ་རྨད་དུ་བྱུང་བ་ཉིད་ཡིན་ནོ།། ངའི་དཀྱིལ་འཁོར་ཆེན་པོ་རྨད་དུ་བྱུང་བ་ཉིད་ཡིན་ནོ།། ངའི་ཆོ་འཕྲུལ་ཆེན་པོ་རྨད་དུ་བྱུང་བ་ཉིད་ཡིན་ནོ། ། ངའི་གསང་བ་རྨད་དུ་བྱུང་བ་ཉིད་ཡིན་ནོ།། བདེ་བར་གཤེགས་པ་རྣམས་དང། རྡོ་རྗེ་སེམས་དཔའ་ཉིད་གསང་བ་དང། གསང་བ་ཆེན་པོ་དང། གསང་བ་དེ་ཁོ་ན་ཉིད་དང། ལྟ་བ་གསང་བ་རྨད་དུ་བྱུང་བ་ཉིད་ཡིན་ནོ། ། སྐུ་རྨད་དུ་བྱུང་བའི་སྐུའི་དཀྱིལ་འཁོར་གསང་བ་རྨད་དུ་བྱུང་བ་ཉིད་ཡིན་ནོ།། གསུང་རྨད་དུ་བྱུང་བའི་དཀྱིལ་འཁོར་གསང་བ་རྨད་དུ་བྱུང་བ་ཉིད་ཡིན་ནོ།། ཐུགས་རྨད་དུ་བྱུང་བའི་ཐུགས་ཀྱི་དཀྱིལ་འཁོར་གསང་བ་རྨད་དུ་བྱུང་བ་ཉིད་ཡིན་ནོ། ། བྱང་ཆུབ་ཀྱི་སེམས་རྨད་དུ་བྱུང་བའི་ལེའུ་སྟེ་གཉིས་པའོ།།།། ལེའུ་འདིས་ཆོས་ཉིད་བསྟན་པའི་ཕྱིར་སེམས་དཔའ་ཆེན་པོ། བྱང་ཆུབ་འདོད་པ་དེ་ལ་བྱང་ཆུབ་མེད། ། ས་དང་རྣམ་ཐར་བྱང་ཆུབ་མཆོག་ལ་རིང།། རྒྱུ་འདྲའི་ཆོས་ཉིད་གང་ཡིན་ཤེས་པར་འགྱུར་བ་ཡི།། དེ་ཉིད་བྱང་ཆུབ་སེམས་ཉིད་བདག་ཉིད་ཡིན་པར་ངེས།། བྱང་ཆུབ་སྙིང་པོར་བདག་འཇུག་པས།། ཐོབ་པ་མེད་ཅིང་སྤང་བའང་མེད། ། སངས་རྒྱས་རྣམས་ཀྱི་བྱང་ཆུབ་ནི།། ཐ་སྙད་ཡིན་ཏེ་དོན་དུ་མེད།། ཆོས་ཉིད་མཚན་ཉིད་རྣམ་པར་དག། བདག་མེད་ཆོས་ལས་ཀུན་ཏུ་བྱུང།། མ་སྐྱེས་པ་ཡི་ཆོས་རྣམས་ལ།། ངོ་བོ་མེད་དེ་སྒོམ་པའང་མེད། ། ནམ་མཁའི་ཚུལ་དུ་རབ་སྦྱོར་བས།། དངོས་པོ་ཀུན་ཏུ་རབ་ཏུ་གྲགས།། ཆོས་རྣམས་རང་བཞིན་འོད་གསལ་བས།། གདོད་ནས་དག་པས་ནམ་མཁའ་བཞིན།། བྱང་ཆུབ་མེད་ཅིང་སེམས་ཅན་མེད། ། བདག་ཏུ་མེད་པའི་ཆོས་ལས་བྱུང།། སངས་རྒྱས་བྱང་ཆུབ་རྫོགས་བྱེད་པ།། རྣམ་པར་མི་རྟོག་དམིགས་སུ་མེད།། སྤྲོས་པ་མེད་པའི་ལེའུ་སྟེ་གསུམ་པའོ།།།། ལེའུ་འདིས་ཆེ་བ་བསྟན་ཏེ། སེམས་དཔའ་ཆེན་པོ། ཐུགས་ཀྱི་དཀྱིལ་འཁོར་རང་བཞིན་ལས།། ཡེ་ཤེས་རྫོགས་བཞུགས་མེ་ལོང་བཞིན།། ང་ནི་དུས་གསུམ་བཞུགས་པ་ཡི།། སངས་རྒྱས་རྣམས་ཀྱི་ཡེ་ཤེས་ཏེ།། བྱང་ཆུབ་སེམས་ཀྱི་དོན་རྟོགས་པས། ། སངས་རྒྱས་ཀུན་གྱི་ཉིང་ཤ་ཅན།། ང་ནི་སངས་རྒྱས་ཀུན་གྱི་དུར།། དུར་ཁྲོད་ཆེན་པོ་ང་བདག་ཡིན།། སེམས་དཔའ་ཆེན་པོ་ཐམས་ཅད་དང།། སེམས་ཅན་ཐམས་ཅད་ང་ལས་བྱུང།། སེམས་ཅན་དུར་ཉིད་ང་ཡིན་ཏེ། ། སྐལ་ལྡན་སེམས་དཔའ་རིག་པར་གྱིས།། སངས་རྒྱས་ཐམས་ཅད་ང་ཡི་ཞིང།། སེམས་ཅན་ཐམས་ཅད་སྐུ་གསུང་གཏེར།། ཐམས་ཅད་ང་ཡི་ལོངས་སྤྱོད་རྒྱུ།། ཞེས་གསུངས་པའི་ཚིག་ཐོས་པ་དང། སེམས་དཔའ་སྐལ་ལྡན་ཞལ་མཐོང་བ། རྨད་བྱུང་གསང་བའི་དཀྱིལ་འཁོར། བྱང་ཆུབ་སེམས་ཉིད་བདག་ཡིན་རིག། ཐལ་མོ་སྦྱར་ནས་འདི་སྐད་གསོལ།། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི།། ཐུགས་ཀྱི་ཐུགས་ཏེ་ཐུགས་ལ་རོལ། ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི།། སྐུ་ཡི་སྐུ་སྟེ་སྐུ་ལ་རོལ།། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི།། གསུང་གི་གསུང་སྟེ་གསུང་ལ་རོལ།། ཞེས་གསོལ་པ་དང། སེམས་དཔའ་ཆེན་པོ། བསྐལ་པ་འབུམ་གྱི་སྔོན་རོལ་དུ།། ང་ཉིད་གཅིག་པུ་སྔོན་དུ་བྱུང།། བྱུང་བ་བས་ཀྱང་ང་སྔར་བྱུང།། སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས།། ང་ལས་བྱུང་བ་དེ་ཡི་ཕྱིར།། སེམས་དཔའ་ཆེན་པོའི་ཐུགས་ཉིད་ནི།། ང་ཡིས་བྱིན་བརླབས་ཆེན་པོ་པ། ། དུས་གསུམ་སངས་རྒྱས་ཐམས་ཅད་དང།། རྣལ་འབྱོར་ཆེན་པོ་ཀུན་འདུས་ནས།། འོད་ཟེར་མངོན་སུམ་ཉི་བཞིན་ཤར།། སེམས་དཔའ་ཆེན་པོ་སྐལ་བ་བཟང།། རྣལ་འབྱོར་གང་ཞིག་འདི་འཆད་པ། ། ང་ནི་སེམས་དཔའ་ཉིད་ཀྱི་སྐུ་གསུང་ཐུགས།། དེ་ཉིད་ཡིན་པར་རིག་པར་གྱིས།། དོན་འདི་དག་པའི་རྣལ་འབྱོར་པ།། སངས་རྒྱས་ས་ལ་མི་གནས་ཏེ།། ཐམས་ཅད་ང་ཉིད་ང་ཡི་ཐུགས།། སེམས་ཅན་ཐམས་ཅད་ང་ལས་བསྐྱེད། ། ཅེས་གསུངས་སོ།། ཆེ་བ་བསྟན་པའི་ལེའུ་སྟེ་བཞི་པའོ།།།། ལེའུ་འདིས་གསང་བའི་ཞལ་གྱིས་བཞེས་པ་བསྟན་ཏེ།། སེམས་དཔའ་ཆེན་པོ། ང་བྱེད་པ་པོ་ང་ཉིད་རང་བཞིན་གྱིས་རྣལ་འབྱོར་དག་ནས། སངས་རྒྱས་མ་བསྐྱེད་པ་མེད་པས། འདུས་བྱས་ཀྱི་ཆོས་ཐམས་ཅད་ཡེ་ནས་མེད་དོ།། དེའི་ཕྱིར་ཆོས་ཐམས་ཅད་ཡེ་ནས་རྣམ་པར་དག་པ་ཉིད་དོ།། ང་ཉིད་ཆོས་ཀྱི་སྐུ་ཡི་རྣལ་འབྱོར་ཡིན་པས། ། ངའི་ཆོས་ཐམས་ཅད་རྣམ་པར་མི་རྟོག་པའོ།། སངས་རྒྱས་ཀུན་ལས་སྔར་སངས་རྒྱས་པའོ།། ནམ་མཁའ་མེད་པའི་སྔོན་རོལ་ན།། ནམ་མཁའི་ཆོས་ཉིད་ཡེ་ནས་མེད།། ང་ལ་ཆགས་མེད་སྔོན་རོལ་ཅན། ། ཆགས་པའི་འདོད་ཆགས་ཡེ་ནས་མེད།། སྲིད་པ་མེད་པའི་སྔོན་རོལ་དུ།། སྲིད་པའི་ཆོས་ཉིད་ཡེ་ནས་མེད།། འབྱུང་བ་མེད་པའི་སྔོན་རོལ་ན།། ཆེན་པོ་ལྔ་ཉིད་ཡེ་ནས་མེད།། སངས་རྒྱས་མེད་པའི་སྔོན་རོལ་ན། ། སེམས་ཅན་མིང་ནི་ཡེ་ནས་མེད།། མྱ་ངན་འདས་པའི་སྔོན་རོལ་ན།། འཁོར་བའི་ཆོས་ཉིད་ཡེ་ནས་མེད།། དེ་ཕྱིར་འབྱུང་བ་བས་ནི་ང་སྔར་བྱུང།། ཐམས་ཅད་ང་ཡིས་བྱས་པ་ཡིན།། ཐམས་ཅད་ང་ལས་བསྐྱེད་པ་ཡིན། ། ཐམས་ཅད་ང་ལས་བྱུང་བ་ཡིན།། ཞེས་བཀའ་སྩལ་ཏོ།། གསང་བ་ཞལ་གྱིས་བཞེས་པ་གསང་བའི་ལེའུ་སྟེ་ལྔ་པའོ།།།། ལེའུ་འདིས་བྱང་ཆུབ་ཀྱི་འཕྲུལ་ཆེན་པོ་བསྟན་ཏེ། གཞི་རྩ་མེད་པའི་སེམས་ཉིད་ནི། ། བཀྲུས་པས་མི་འདག་ནམ་མཁའ་བཞིན།། སྐྱེ་དང་བྲལ་བའི་བྱང་ཆུབ་ལ།། བྱང་ཆུབ་འབྲས་བུ་ཡོངས་ཀྱིས་མེད།། རྨད་བྱུང་བྱང་ཆུབ་སེམས་འདི་ནི།། རང་གི་རིག་པ་ཡེ་ཤེས་ཆེན་པོས་མཁྱེན་ནས། རོལ་པའི་ཐབས་ཆེན་པོ་རང་ལ་རྫོགས་པས་སངས་རྒྱས་སོ།། བྱང་ཆུབ་སེམས་འཕྲུལ་ཆེན་པོའི་བསྟན་པ་འདི་ལ་དོན་རྣམ་པ་ལྔ་སྟེ། བྱང་ཆུབ་སེམས་རྫུ་འཕྲུལ་ཆེན་པོ་རྨད་དུ་བྱུང་བ་སྟེ། བྱང་ཆུབ་སེམས་རྫུ་འཕྲུལ་ཆེན་པོ་རྨད་དུ་བྱུང་བ་དང། བྱང་ཆུབ་སེམས་རོལ་པ་ཆེན་པོའི་ཆོ་འཕྲུལ་རྨད་དུ་བྱུང་བ་དང། ཡོངས་སུ་བསྟན་པའི་ཆོ་འཕྲུལ་ཆེན་པོ་རྨད་དུ་བྱུང་བ་དང། བྱང་ཆུབ་སེམམ་གསང་བ་རྨད་དུ་བྱུང་བའི་ཆོས་རྗེས་སུ་བསྟན་པའི་ཆོ་འཕྲུལ་རྨད་དུ་བྱུང་བ་དང། བྱང་ཆུབ་སེམས་གསང་བ་ཆེན་པོའི་རྒྱུད་གསང་བའི་ཆོ་འཕྲུལ་ཆེན་པོ་མངོན་པར་བསྟན་པའི་ཆོས་རྨད་དུ་བྱུང་བའོ།། བྱང་ཆུབ་སེམས་རྨད་དུ་བྱུང་བ་ལས། འཕྲུལ་ཆེན་པོ་བསྟན་པའི་ལེའུ་སྟེ་དྲུག་པའོ། །།། ལེའུ་འདི་ལས་བྱང་ཆུབ་སེམས་གསང་བ་ཉིད་བསྟན་པ་བྱང་ཆུབ་ཀྱི་སེམས་གསང་བ་རྨད་དུ་བྱུང་བས་འཕྲུལ་ཆེན་པོ་འདི་ནི་སྐུ་གསུང་ཐུགས་ཉིད་དུ་གྱུར་པ་ཡིན་ཏེ། སྔོན་གྱི་སངས་རྒྱས་རྣམས་ཀྱིས་ཀྱང་བཤད་པ་མ་ཡིན་ནོ། ། ཀྱེ་སེམས་དཔའ་ཆེན་པོ། སྣང་ལ་མི་གནས་པ་རྣམས་ནི་ཐུགས་གསང་བ་ཆེན་པོ་རྨད་དུ་བྱུང་བའོ།། ཡང་དག་སངས་རྒྱས་ལམ་རིག་ནས། ནམ་མཁའ་ལྟར་ཆགས་པ་མེད་པར་ཀུན་ཏུ་ཁྱབ་པར་རང་ལ་འདུས་པ་ནི། བྱང་ཆུབ་ཀྱི་སེམས་རྨད་དུ་བྱུང་བ་ཉིད་དོ།། ཀྱེ་སེམས་དཔའ་ཆེན་པོ། བཀོད་པ་མེད་པར་ཀུན་ལ་མངོན་པར་སྣང་བ་ནི། སྐུ་སྨད་དུ་བྱུང་བའི་དཀྱིལ་འཁོར་ཡིན་ནོ། ། རང་རིག་པ་ལས་བྱུང་བའི་ཆོས་རྣམས་ནི་གང་དུ་ཡང་བསམ་དུ་མེད་པ་ཉིད་ཀྱི་དོན་དུ་གྱུར་པའི་གནས་ནི། བྱང་ཆུབ་ཀྱི་སེམས་རྨད་དུ་བྱུང་བ་ཉིད་དོ།། ཀྱེ་སེམས་དཔའ་ཆེན་པོ། མ་སྐྱེས་མ་སྤྲོས་པར་སྒྲ་སྐད་སྣ་ཚོགས་སོ་སོར་རང་ལས་བྱུང་བ་ནི་གསུང་རྨད་དུ་བྱུང་བའི་དཀྱིལ་འཁོར་ཉིད་ཡིན་ནོ། ། སྒྲ་ལས་འདས་པའི་ཏིང་ངེ་འཛིན་གྱི་སྐུ་གསུང་ཐུགས་ཉིད་དུ་གྱུར་པ་ནི། བྱང་ཆུབ་ཀྱི་སེམས་རྨད་དུ་བྱུང་བ་ཉིད་དོ།། ཀྱེ་སེམས་དཔའ་ཆེན་པོ། རང་རིག་པའི་སེམས་ལས་བྱུང་བའི་ཆོས།། ཆོས་སྐུ་མི་མངའ་བར་ཀུན་ལ་ཁྱབ་པར་གནས་པའི་ནམ་མཁའ་སྟེ། བྱང་ཆུབ་ཀྱི་སེམས་རྨད་དུ་བྱུང་བ་ཉིད་དོ།། ཀྱེ་སེམས་དཔའ་ཆེན་པོ། སྐུ་གསུང་ཐུགས་དཔེ་བྱད་ལས་འདས་པར་སྐུ་ལྔ་ལྷུན་གྱིས་རྫོགས་པར་གསལ་བ་རང་ལས་བྱུང་བ་ནི། བྱང་ཆུབ་ཀྱི་སེམས་རྨད་དུ་བྱུང་བ་ཉིད་དོ།། ཀྱེ་སེམས་དཔའ་ཆེན་པོ། ཆེན་པོ་ལྔ་ནི་སྐུ་ལྔ་ལྷུན་གྱིས་རྫོགས་པའི་དཀྱིལ་འཁོར་ཉིད་དོ། ། ཆེན་པོ་ལྔ་ཡི་མདངས་མ་ནི། བྱང་ཆུབ་ཀྱི་སེམས་དྲི་མ་མེད་པར་རྨད་དུ་བྱུང་བ་ཉིད་དོ།། དྭངས་མ་དེ་གསལ་བའི་སྙིང་པོ་ཤིན་ཏུ་བརྟག་དཀའ་བ་ཉིད་ཡེ་ཤེས་ཏེ། ཐུགས་ཉིད་དུ་གྱུར་པའོ། ། ཀྱེ་སེམས་དཔའ་ཆེན་པོ། འབྱུང་བ་ཆེན་པོ་སོ་སོར་མ་བཅོས་མ་བྱས་བསམ་པ་མེད་པ་ལས་སྒྲ་སྐད་སྣ་ཚོགས་འབྱུང་བ་ནི་ང་རང་ཉིད་ཡིན་ནོ།། ཀྱེ་སེམས་དཔའ་ཆེན་པོ། འདི་དག་ནི་བདག་ཉིད་ལས་འབྱུང་བ་གང་གིས་ངོ་བོར་ཡང་མ་གྱུར་པས་ཆོས་ཀྱི་སྐུ་སྟེ། བྱང་ཆུབ་སེམས་རྨད་དུ་བྱུང་བའོ།། འབྱུང་བ་ཆེན་པོ་བཞི་ནི་སྐྱེ་བ་འབྱུང་བ་དང། སྐྱེ་བ་རྣམས་ཀྱི་རྒྱུ་ཉིད་དུ་གྱུར་པས། བྱང་ཆུབ་སེམས་རྨད་དུ་བྱུང་བ་ཉིད་དོ། ། འབྱུང་བ་ཆེན་པོ་བཞི་ལས་སྐྱེ་ཞིང་འབྱུང་བ་དང། སྐྱེ་བ་རྣམ་པ་བཞིའི་སེམས་ཅན་རྣམས་བདག་ཉིད་དུ་གྱུར་པ་སངས་རྒྱས་མེད་པའི་སངས་རྒྱས་ཡིན་པས། བྱང་ཆུབ་སེམས་རྨད་དུ་བྱུང་བ་ཉིད་དོ།། ཀྱེ་སེམས་དཔའ་ཆེན་པོ། དེ་ལ་བྱང་བ་ནི་བདག་ཉིད་ལས་བྱུང་བའི་ཆོས་ཐམས་ཅད་ལ་ཉོན་མོངས་པའི་དྲི་མ་ཡེ་ནས་མེད་པའོ།། ཆུབ་ཅེས་བྱ་བ་ནི་འདས་པ་དང། མ་བྱུང་བ་དང། ད་ལྟར་བཞུགས་པ་དང། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པ་ཐམས་ཅད་དོན་གཅིག་སྟེ། སྐུ་གསུང་ཐུགས་ལས་མ་གཏོགས་པའི་ཆོས་རྡུལ་ཙམ་ཡང་མེད་ལ། ཆོས་ཐམས་ཅད་ཀྱི་དོན་དབྱེར་མེད་པར་ཐུགས་སུ་ཆུད་པ་ནི། ཀུན་ཆུབ་པའོ།། སེམས་ཅན་ཐམས་ཅད་སྐུ་གསུང་ཐུགས་སུ་དབྱེར་མེད་པའི་དོན་ལས་གཡོ་བ་མེད་པར་གསལ་བ་ཉིད་ཀྱི་ཏིང་ངེ་འཛིན་ཉིད་དོ།། བྱང་ཆུབ་ཀྱི་སེམས་ཉིད་བསྟན་པའི་ལེའུ་སྟེ་བདུན་པའོ། །།། ལེའུ་འདིས་བྱང་ཆུབ་སེམས་རྣམ་པར་ཐར་པའི་ལམ་བསྟན་ཏེ། བཅོམ་ལྡན་འདས་རིགས་ལྔའི་སངས་རྒྱས་ལ། རྣམ་པར་ཐར་པའི་ལམ་དུ་མངའ་ཞེས་གསོལ་པ་དང། སེམས་དཔའ་ཆེན་པོ་ཉོན་ཅིག་ཅེས་བཀའ་སྩལ་པ། དེ་བཞིན་གཤེགས་པ་ཐམས་ཅད་ལ་རྣམ་པར་ཐར་པའི་ལམ་མ་ནོར་བ་ཆོས་ཉིད་རྣམ་པར་ཐར་པ་ལྔ་ཡོད་དོ།། འདོད་ཆགས་དང། ཞེ་སྡང་དང། གཏི་མུག་དང། ང་རྒྱལ་དང། ཕྲག་དོག་གོ། དེ་ལ་འདོད་ཆགས་ནི་བདག་ཉིད་ལས་བྱུང་བའི་ཆོས་ལ། བདག་ཉིད་དུས་དང་རྣམ་པ་མེད་པར་སྤྱོད་པར་འདོད་དོ།། ཆགས་པ་ནི་འདོད་པའི་དབང་དུ་གྱུར་པའོ།། དེ་ལ་བདག་ཉིད་ལས་བྱུང་བའི་ཆོས་ནི། ། གཟུགས་དང། སྒྲ་དང། དྲི་དང། རོ་དང། རེག་བྱའོ།། དེ་དག་ཇི་ལྟར་འདོད་ཅེ་ན། ཐམས་ཅད་བདག་ཉིད་དུ་གྱུར་པར་འདོད་ཅིང་འདོད་པ་ལ་ཆགས་པའོ།། ཞེ་སྡང་ནི་བདག་ཉིད་ལ་ཡེ་ནས་གསང་བའི་ཆོས་ཐམས་ཅད་འབྱུང་བའི་ངོ་བོ་ཉིད་དུ་གྱུར་པའོ། ། སྤངས་ཀྱང་མི་སྤངས་བཀྲུས་ཀྱང་མི་འདག་པའི་ཆོས་ཉིད་དུ་གྱུར་པ། འདོད་ཆགས་སྤོང་བ་ལ་ཞེ་སྡང་བ་དང། ཞེ་སྡང་སྤོང་བ་ལ་ཞེ་སྡང་བ་དང། གཏི་མུག་སྤོང་བ་ལ་ཞེ་སྡང་བ་དང། ང་རྒྱལ་སྤོང་བ་ལ་ཞེ་སྡང་བ་དང། ཕྲག་དོག་སྤོང་བ་ལ་ཞེ་སྡང་བའོ།། གཏི་མུག་ནི་བདག་ཉིད་ལས་བྱུང་བའི་ཆོས་ཐམས་ཅད་ལ། ལྟ་བ་སོ་སོར་དབྱེར་མེད་པར་ཐུགས་སུ་ཆུད་དེ། སོ་སོར་ཕྱེ་བའི་དགོངས་པ་མི་མངའ་བས། གཏི་མུག་པ་དང། ཆོས་ཐམས་ཅད་བདེ་བར་གཤེགས་པའི་ཐུགས་ཉིད་དུ་ཆུད་པས། གསང་བ་མཆོག་གིས་དགྱེས་པ་ན། ཐམས་ཅད་བདག་ཉིད་གཅིག་ཏུ་བཞུགས་ཏེ། ས་དང་སའི་རིམ་པར་དབྱེ་བའི་དགོངས་པ་མི་མངའ་བས། གཏི་མུག་པ་དང། སྐུ་གསུང་ཐུགས་ཀྱི་ངོ་བོ་ཉིད་དུ་གཅིག་སྟེ། དབྱེར་མེད་པས་ཐུགས་སུ་ཆུད་དེ། མཉམ་པ་ཉིད་ཀྱི་སྐུར་བཞུགས་པས། མཉམ་པའི་དོན་ལ་དགོངས་པས་གཏི་མུག་པ་དང། དེ་བཞིན་གཤེགས་པ་ཐམས་ཅད་དང། ཆོས་ཐམས་ཅད་བདག་ཉིད་ལས་བྱུང་བས། གཞན་ལས་མ་བྱུང་མ་སྐྱེས་པའི་དོན་ཐུགས་སུ་ཆུད་པས་གཏི་མུག་པ་དང། བདག་དང་བདག་གི་སྐུར་གྱུར་པས། དེ་ལས་མ་གཏོགས་པ་གཞན་དུ་གྱུར་པ་དང། གཞན་དུ་སྐྱེ་བ་དང། གཞན་དུ་འབྱུང་བ་དང། གཞན་དུ་འགོག་པ་དང། གཞན་ལས་སྐྱེས་པ་དང། གཞན་ལས་བྱུང་བ་དང། གཞན་དུ་གྱུར་པར་སྟོན་པ་མི་མངའ་བས་གཏི་མུག་པ་དང། བདག་ཉིད་ལས་བྱུང་བའི་སྤྲུལ་པའི་སྐུ་རྣམ་པ་སྣ་ཚོགས་ལས། རོལ་པ་ཅི་ཡང་མཛད་ཅིང་སྐུ་གཅིག་ཏུ་སྟོན་པ་མི་མངའ་བས་གཏི་མུག་པའོ།། ང་རྒྱལ་ནི་བདག་ཉིད་ལས་བྱུང་བའི་ཆོས་ཐམས་ཅད་དང། སྐྱེ་བ་ཐམས་ཅད་ལ་ང་དང། བདག་མེད་པར་ཐུགས་སུ་ཆུད་དེ་མཁྱེན་པས། དེའི་ཕྱིར་ཆོས་ཐམས་ཅད་ལ་ང་དང་བདག་ཏུ་མེད་པར་སྟོན་པར་མཛད་པའི་ང་རྒྱལ་དང། བདག་ཉིད་ལས་བྱུང་བའི་ཆོས་བླ་ན་མེད་པ་ཐམས་ཅད་ཐུགས་སུ་ཆུད་དེ། དུས་གསུམ་དུ་བདག་ཉིད་སྟོན་པ་མཛད་ཅིང། བདག་ཉིད་ཆེ་བར་སྟོན་པར་མཛད་པའི་ང་རྒྱལ་དང། བདག་ཉིད་ལས་བྱུང་བའི་ཆོས་རྣམས་ལ། བདག་ཉིད་དུས་ཐམས་ཅད་ལོངས་སྤྱོད་པར་མཛད་པའི་དབང་གིས། རོལ་པའི་སྐུ་ཅི་ཡང་སྟོན་པར་མཛད་པའི་ང་རྒྱལ་དང། ཆོས་ཐམས་ཅད་དང། སྲིད་པ་གསུམ་དང། ཆེན་པོ་ལྔ་ལ་སོགས་པ་སྐྱེ་འགྲོ་ཐམས་ཅད་བདག་ཉིད་ལས་གྱུར་པར་ཐུགས་སུ་ཆུད་དེ། དེ་དག་ཐམས་ཅད་བདག་ལ་བསྡུས་ཤིང། བདག་ཉིད་དུ་གྱུར་པའི་ཆེ་བའི་ང་རྒྱལ་ལོ།། ཕྲག་དོག་ནི་ཆོས་ཐམས་ཅད་བདག་གི་ངོ་བོ་ཉིད་གཅིག་པ་ལས། ཐ་དད་པར་རྟོག་པ་དེ་ལ་ཕྲག་དོག་པ་དང། འདོད་ཆགས་གཏི་མུག་རྣམས་ཡེ་ནས་སྐུ་གསུང་ཐུགས་སུ་དབྱེར་མེད་པ་ལས། མཚན་ཉིད་སོ་སོར་འཛིན་པ་ལ་ཕྲག་དོག་པ་དང། ཡང་དག་པའི་དོན་མ་ནོར་བར་གཏན་ལ་ཕབ་པ་ལ། ཕྱིན་ཅི་ལོག་ཏུ་རྟོག་པ་ལ་ཕྲག་དོག་པ་དང། ཆོས་དེ་རྣམས་ཐམས་ཅད་བདེ་བར་གཤེགས་པ་ཡིན་པ་ལ། དེ་ལྟར་མ་རྟོགས་པ་ལ་ཕྲག་དོག་པ་དང། ཆེ་བའི་ལམ་ཡིན་པ་ལ་རྣམ་པར་ཐར་པ་མ་མཐོང་བ་ལ་ཕྲག་དོག་པའོ། ། ཆོས་ཆེན་པོ་རྨད་དུ་བྱུང་བ་ལས། བྱང་ཆུབ་ཀྱི་སེམས་ཐར་པའི་ལམ་བསྟན་པའི་ལེའུ་སྟེ་བརྒྱད་པའོ།།།། ལེའུ་འདིས་བྱང་ཆུབ་ཀྱི་སེམས་ཡེ་ནས་མི་མཉམ་པར་བསྟན་པ་སྟེ། རྡོ་རྗེ་སེམས་དཔའ་དཔའ་བོ་ཁྱོད།། ཡང་དག་སངས་རྒྱས་ལམ་རིག་པས།། ནམ་མཁའ་ལྟ་བུར་སྐྱེ་བ་མེད།། རྣམ་དག་ཕུང་པོ་ལྔ་ཡིས་བརྡལ།། སྣ་ཚོགས་ངེས་པ་ཁྱོད་ལས་བྱུང། ཁྱོད་ལས་མ་བྱུང་གཅིག་ཀྱང་མེད། ། སྣ་ཚོགས་འབྱུང་བ་ཀུན་གྱི་རྒྱུ།། སངས་རྒྱས་ཀུན་གྱི་སྤྲུལ་པའི་སྐུ།། སངས་རྒྱས་བྱང་ཆུབ་བླ་ན་མེད།། རྣམ་པར་དག་པ་བདག་མེད་ཆོས།། ཡང་དག་ཡེ་ཤེས་ཐམས་ཅད་ལམ།། སྐྱེ་མེད་ཆོས་ཏེ་སྣ་ཚོགས་དོན། ། འབྱུང་བ་རྣམ་པས་ཁྱོད་ལྔར་བྱུང།། དོན་གཅིག་གཉིས་མེད་ཆོས་ཀྱི་དོན།། དམ་པའི་དོན་ནི་འཇིགས་པ་མེད། ཁྱོད་ལས་མ་བྱུང་ཡི་གེ་མེད།། གསང་སྔགས་དོན་དུ་བསྐྱེད་པ་རྣམས།། རྣམ་པ་ཀུན་ལྡན་རྣམ་པ་མེད། ། ཡན་ལག་མེད་པའི་རྩིས་ལས་འདས།། སངས་རྒྱས་རྣམས་ཀྱིས་རྟོགས་བྱ་བ།། ཐམས་ཅད་སངས་རྒྱས་ཉིད་ཀྱིས་མཛད།། སངས་རྒྱས་བྱང་ཆུབ་བླ་ན་མེད།། རང་གི་ལོངས་སྤྱོད་རང་ལས་སྤྲུལ།། རང་ལས་སྤྲུལ་པའི་སྐུ་རྣམས་ལ། ། རང་གི་ལོངས་སྤྱོད་ཅིར་ཡང་མཛད།། སྤྲུལ་པའི་རྣམ་པ་ཅིར་ཡང་སྟོན། ཁྱོད་ལས་ཆོ་འཕྲུལ་སྣ་ཚོགས་འབྱུང།། རོལ་པའི་སྐུ་ཡིས་ཅིར་ཡང་རོལ།། སངས་རྒྱས་རོལ་པ་ཁྱོད་ལས་བྱུང། ། སེམས་དཔའ་ཆེན་པོ་ཐམས་ཅད་ཁྱོད་ཉིད་ལས་བྱུང་བའོ།། སེམས་དཔའ་ཆེན་པོ་འདི་ནི་སངས་རྒྱས་ཐམས་ཅད་ཀྱི་གསང་བ་རྨད་དུ་བྱུང་བའོ།། སེམས་དཔའ་ཆེན་པོ་ཉོན་ཅིག། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱིས་ཐམས་ཅད་མཛད་དེ། ཆགས་པ་དང་བྲལ་བའི་ལུས་ལས་འདས་པ་ཡང་ཁྱོད་དོ།། ངའི་བྱང་ཆུབ་སེམས་ཕྲ་ཞིང་ཟག་པ་མེད་པ་ས་བོན་དང་བྲལ་བ། རྡུལ་མེད་དེ་རྡུལ་དང་བྲལ་བས་དྲི་མ་མེད་པ། བདེ་བར་གཤེགས་པ་དང་སེམས་ཅན་ཐམས་ཅད་ལ་གནས་པ་ཡིན་ནོ། ། འདི་ནི་སངས་རྒྱས་ཐམས་ཅད་ཀྱི་གསང་བའི་བྱང་ཆུབ་ཀྱི་སེམས་གསང་བ་དམ་པའོ།། སེམས་དཔའ་ཆེན་པོ་དེ་བཞིན་གཤེགས་པ་ནི་འདི་ལྟར་རིག་པར་བྱའོ། ། ཡེ་ཤེས་ལུས་ཅན་དེ་བཞིན་གཤེགས་པ་ཡིན་ཏེ། དེའི་སྐུའི་འོད་ཟེར་ཞུགས་ཞིང་གསུང་གི་འོད་ཟེར་ལ་རོལ་ཏེ། དེའི་ཕྱིར་རྣམ་པར་དག་པ་ནམ་མཁའ་དང་འདྲ་བའི་སྐུའོ།། དེ་ལ་ཡངས་པ་དང། ཀུན་ཁྱབ་པར་གནས་པ་དང། འགོག་པ་མེད་པར་འཇུག་པ་ནི་ནམ་མཁའོ།། གསལ་ཞིང་སྣང་བ་ཐམས་ཅད་ནི་སྐུའི་འོད་ཡིན་ཞིང།། ནམ་མཁའི་རང་བཞིན་མ་ཡིན་ནོ།། ཆེན་པོ་ལྔ་སོ་སོར་གསལ་བ་དང། སྣང་བ་ཆེན་པོ་ཡོད་པ་ནི་ཆེན་པོ་ལྔ་ཉིད་རིགས་ལྔའི་སྐུར་གྱུར་པའི་འོད་ཡིན་ཏེ། ནམ་མཁའི་ཁམས་ཀུན་ལ་ཁྱབ་པའི་འོད་དང། ནམ་མཁའི་རང་བཞིན་ལས་བྱུང་བ་མ་ཡིན་ཏེ། སྐུ་མདོག་ཇི་ལྟ་བ་བཞིན་དུ་ནམ་མཁའི་མདོག་ཀྱང་དེ་བཞིན་དུ་གྱུར་པ་ཡིན་ནོ། ། བར་སྣང་ལ་སྣང་བར་སྟོན་པ། ཉི་ཟླ་གཟའ་སྐར་ལ་སོགས་པ་རང་གི་སྣང་བའི་འོད་འབྱུང་བ་དང། བར་སྣང་སྣང་བར་སྟོན་པ་ཡང། སྐུ་རིན་པོ་ཆེའི་འོད་དང། གསུང་ཆོས་ཉིད་དུ་སྤྲོས་པའི་ཟེར་ཉིད་ཡིན་ནོ།། ཆེན་པོ་བཞི་ལས་བྱུང་བའི་ཁ་དོག་རྣམས་དང། རྣམ་པ་སྣ་ཚོགས་སུ་སྨྲ་བ་དང། བར་སྣང་ལ་སྤྲིན་གྱི་ཁ་དོག་སོ་སོར་སྣང་བ་དང། འཇའ་ཚོན་གྱི་ཁ་དོག་འབྱུང་བ་དང། རིགས་སོ་སོའི་སྐུ་དང། ཡེ་ཤེས་ཀྱི་འོད་ལས་བྱུང་བ་ཡིན་གྱི། ནམ་མཁའ་དང་ཁ་དོག་ཀྱང་ཆེན་པོ་དང་བཞིའི་མཐུ་ལས་བྱུང་བ་ནི་མ་ཡིན་ནོ།། སྐུ་དཀར་ན་ནམ་མཁའ་ཡང་དཀར། སྐུ་མདོག་ཇི་ལྟ་བ་བཞིན་དུ་ནམ་མཁའི་མདོག་ཀྱང་དེ་དང་འདྲ་བ་དང། ཆེན་པོ་བཞི་ལས་བྱུང་བའི་སྐྱེ་བ་རྣམས་ཀྱི་ཁ་དོག་རྣམས་ཀྱང་དེ་དང་འདྲའོ།། དེ་བཞིན་གཤེགས་པའི་སྐུ་ནི་ཆེན་པོ་ལྔ་ལས་བརྟེན་ཅིང་འབྱུང་བ་ཆེན་པོ་བཞིའི་རྒྱུ་ལས་བྱུང་བའམ། སྐྱེ་བ་བཞི་ལས་སྐྱེས་པ་ནི་མ་ཡིན་ནོ།། འབྱུང་བ་ཆེན་པོ་བཞི་དང་འབྱུང་བ་ལས་གྱུར་པ་ཐམས་ཅད་དང། སྐྱེ་བ་རྣམ་པ་བཞིའི་གནས་ལ་སྐྱེས་པའི་སེམས་ཅན་ཐམས་ཅད་དང། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་མ་ལུས་ལུས་པ་མེད་པ་རྣམས་ནི། དེ་བཞིན་གཤེགས་པའི་སྐུ་གསུང་ཐུགས་ཉིད་ལས་བྱུང་ཞིང། སྐུ་གསུང་ཐུགས་ཀྱི་རོལ་པ་ཆེན་པོ་རྣམས་སྤྱིར་ཡང་རོལ་ཅིང། ཆོས་ཐམས་ཅད་ལ་མངའ་མཛད་པ་དང། ཆོས་ལ་རོལ་པ་ཆེན་པོ་རྟག་ཏུ་མཛད་པའི་དོན་དུ་དེ་བཞིན་གཤེགས་པས་མཛད་དོ།། ཆེན་པོ་ལྔ་མེད་པའི་སྔོན་རོལ་ན། དེ་བཞིན་གཤེགས་པའི་སྐུ་ནི་རང་བྱུང་སྟེ།། སྐུ་ལ་ཞུགས་ཤིང་གསུང་གི་འོད་ལ་རོལ་ཏོ། ། ཆོས་ཆེན་པོ་རྨད་དུ་བྱུང་བ་ལས། བྱང་ཆུབ་ཀྱི་སེམས་ཡེ་ནས་མཉམ་པ་དང་མི་མཉམ་པར་བསྟན་པའི་ལེའུ་སྟེ་དགུ་པའོ།།།། ལེའུ་འདིས་བྱང་ཆུབ་སེམས་གསང་བ་དམ་པ་བསྟན་ཏེ། སེམས་དཔའ་ཆེན་པོ་བྱང་ཆུབ་སེམས་གསང་བ་རྨད་དུ་བྱུང་བ་འདི་ནི་ཆོས་ཐམས་ཅད་དང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པ་རྣམས། སངས་རྒྱས་ཀྱི་མཛད་པ་གསང་བ་རྨད་དུ་བྱུང་བའོ། ། སངས་རྒྱས་ཉིད་ལས་བྱུང་བས་གསང་བ་རྨད་དུ་བྱུང་བའོ།། སངས་རྒྱས་ཉིད་ལས་སྐྱེས་པས་གསང་བ་རྨད་དུ་བྱུང་བའོ།། བདག་ཉིད་ཀྱི་རིག་པའི་ཡེ་ཤེས་ལས་མ་སྐྱེས་པ་དང། མ་བྱུང་བ་དང། རང་རིག་པའི་ཡེ་ཤེས་དེས་མ་བྱས་པའི་ཆོས་གང་ཡང་མེད་པས་གསང་བ་རྨད་དུ་བྱུང་བའི་ཆོས་ཆེན་པོ་སྟེ། བྱང་ཆུབ་སེམས་དཔའ་ཆེན་པོ་ཉིད་དང། བྱང་ཆུབ་སེམས་རྣམས་ཀྱིས་ཤིན་ཏུ་རྟོགས་པར་དཀའ་བའི་ཕྱིར་གསང་བ་མཆོག་གི་དམ་པའོ། ། གསང་བ་རྨད་དུ་བྱུང་བ་ལས་གསང་བ་དམ་པ་བསྟན་པའི་ལེའུ་སྟེ་བཅུ་པའོ།།།། ལེའུ་འདིས་ངེས་པར་གསང་བའི་མན་ངག་བསྟན་ཏེ་རྡོ་རྗེ་སེམས་དཔའ་ཆེན་པོ། རྡོ་རྗེ་སེམས་དཔའ་ཉིད་ཀྱི་ཐུགས་གསང་བའི་རྒྱུད་ལས་ནི། སྐུ་གསུང་ཐུགས་སུ་མ་འདུས་པ་གཅིག་ཀྱང་མེད་དོ།། བདེ་བར་གཤེགས་པ་ཐམས་ཅད་སྐུ་གསུང་ཐུགས་ཉིད་ལས་གྱུར་པས་གསང་བའོ།། དེ་བཞིན་གཤེགས་པ་ཉིད་ལ་རྣམ་པར་དག་པའི་ཕུང་པོ་ལྔ་ཡོད་དེ། གཟུགས་རྣམ་པར་དག་པས་ཐམས་ཅད་དུ་གྱུར་པའི་ཕུང་པོ་དང། དག་པ་ནམ་མཁའ་དང་འདྲ་བ་ཡེ་ཤེས་འབྱུང་བས། རྣམ་པར་གྲོལ་བའི་ཚོར་བ་འགག་པ་མེད་པའི་ཕུང་པོ་དང། སྐྱེ་བ་མེད་པའི་འདུ་ཤེས་ཆོས་ཉིད་དུ་གྱུར་པའི་ཕུང་པོ་དང། ལེན་པ་མེད་པའི་འདུ་བྱེད་རྣམ་པ་ཐམས་ཅད་དུ་ཐ་དད་པའི་སྒོ་ལྔའི་ཕུང་པོ་དང། རྣམ་པར་ཤེས་པ་ནམ་མཁའ་དང་འདྲ་བའི་ཡེ་ཤེས་འབྱུང་བའི་ཕུང་པོ་དང་ལྔའོ། ། དེ་ལ་སྐུ་ལྔ་ནི་ཕུང་པོ་ལྔ་ཀུན་གྱི་བདག་ཉིད་དུ་ཡོད་པ་དང། ཀུན་གྱི་བདག་ཉིད་དུ་གྱུར་པས་སྐུའོ།། སྐུ་རྣམ་པར་སྣང་མཛད་དུ་གྱུར་པ་ནི་སྐུ་ལྔ་ལྷུན་གྱིས་རྫོགས་པས་ལོངས་སྤྱོད་རྫོགས་པའི་སྐུ་སྟེ་རྣམ་པར་སྣང་མཛད་དོ། ། དེ་ལ་རྣམ་པར་སྣང་མཛད་ཅེས་གསུངས་པ་ནི། ཀུན་གཞིའི་རྣམ་པར་ཤེས་པ་ཉིད་སྐུ་ལྔ་ཉིད་དུ་གྱུར་པ་ཡིན་ཏེ། དེ་ཉིད་ལས་སྐུ་རྣམ་པ་སྣ་ཚོགས་ཅིར་ཡང་སྣང་བར་མཛད་དོ། ། དེའི་ཕྱིར་སེམས་དཔའ་ཆེན་པོ་ཇི་སྐད་དུ་གསུངས་ཞེ་ན། འདས་པ་དང། མ་འོངས་པ་དང། ད་ལྟར་བྱུང་བ་རྣམས་དང། དུས་དང་དུས་ཀྱིས་སོ་སོར་གྱུར་པ་དང། དུས་གསུམ་གྱི་བདེ་བར་གཤེགས་པ་ཐམས་ཅད་དང། སྐྱེ་བ་ཐམས་ཅད་དང། སྐྱོ་བོ་དང། སྐྱེ་འགྲོ་རྣམས་དང། ཆེན་པོ་ལྔ་དང། འབྱུང་བ་བཞི་ལས་བྱུང་བའི་ཆོས་ཐམས་ཅད་ཀུན། སྐུ་ལྔ་རྣམ་པར་དག་པ་ལས་མ་བྱུང་བའི་ཆོས་གཅིག་ཀྱང་མེད་དོ།། དེ་དག་ཐམས་ཅད་སྐུ་ལྔ་ལས་བྱུང་བས་ཐམས་ཅད་ནས་ཐམས་ཅད་དུ་སྐུ་ལྔ་ཉིད་དུ་མ་གྱུར་པ་གཅིག་ཀྱང་མེད་དོ། ། དེའི་ཕྱིར་ཐམས་ཅད་སངས་རྒྱས་སུ་མ་གྱུར་པ་གཅིག་ཀྱང་མེད་དོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་ནི་ཕྱི་དང་ནང་དང། ལུས་དང་ངག་ཏུ་ཡང་སྣང་ལ་ཀུན་ཏུ་ཡང་སྣང་ངོ།། ཀུན་ལ་སྣང་བར་མཛད་དོ།། ཡང་ཇི་སྐད་དུ་གསུངས་ཞེ་ན། ངའི་སྐུ་རྣམ་པར་དག་པ་ནི་ཅིར་ཡང་སྤྲུལ་ཅིང་ཅིར་ཡང་འགྱུར་ཞིང། ཀུན་ཏུ་འགྱུར་བ་ཉིད་ཡིན་ཏེ། སྐུ་ལྔ་ལས་གྱུར་པའི་ཆེན་པོ་ལྔ་ཉིད་ལས་རོལ་པ་ཆེན་པོ་རྡོ་རྗེ་རྣམ་པར་རོལ་པར་མཛད། རྟག་པར་བཞུགས་ཤིང་རྟག་པར་རྣམ་པར་ཅིར་ཡང་རོལ།། རྡོ་རྗེ་རྣམ་པར་རོལ་པ་ཆེན་པོ་ཅིར་ཡང་མཛད། ཆོས་ཉིད་ལ་མངའ་མཛད་པའི་རོལ་པ་ཆེན་པོས། སྐུའི་ཆོ་འཕྲུལ་ཆེན་པོ་ཅིར་ཡང་སྣང་ཞིང་ཅིར་ཡང་སྟོན། ཆོ་འཕྲུལ་ཆེན་པོ་ཅིར་ཡང་སྟོན།། ཆོ་འཕྲུལ་ཆེན་པོ་ཅིར་ཡང་མཛད་དོ།། སྐུ་ཅིར་ཡང་སྣང་བ་ལ་ཅིར་ཡང་རོལ་པའི་ཆོ་འཕྲུལ་གྱིས། རྟག་པར་ལོངས་སྤྱོད་པར་མཛད་པས་སོ།། དེའི་ཕྱིར་སེམས་དཔའ་ཆེན་པོ། ཕྱིའི་སྤྱོད་ཡུལ་ཐམས་ཅད་ནི་འདི་ལྟར་ཡིན། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་དག་ནི། ངའི་དེ་བཞིན་གཤེགས་པའི་གཟིགས་མོའི་ཡུལ་ལོ།། ང་ཉིད་ལས་བྱུང་བའི་ཆོས་ཉིད་དོ།། མ་བྱུང་བ་འབྱུང་བར་བྱེད་པའི་ཡུལ་ལོ།། མ་བྱུང་བ་མེད་པར་བྱེད་པའི་དམ་ཚིག་གི་ཡུལ་ལོ།། སྐུ་གསུམ་ཐུགས་མངོན་པར་སྣང་བ་ཉིད་དོ།། སྐུ་གསུང་ཐུགས་མཐར་མི་ཟད་པའི་མཛོད་དོ།། སྟོན་པ་མཐར་མི་ཟད་པའི་དོན་ཉིད་དོ།། སྐུ་གསུང་ཐུགས་ཀྱི་རོལ་པའི་ཆོ་འཕྲུལ་ཆེན་པོ་ཉིད་དོ།། རྫུ་འཕྲུལ་ཆེན་པོ་ཉིད་ཀྱི་རང་བཞིན་ནི། ངའི་མཐུ་ལས་བྱུང་བ་ཉིད་དོ།། ངའི་སྟོབས་ལས་བྱུང་བའི་ཆོས་སོ།། ངའི་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོ་ཉིད་དོ།། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་དག་ཐམས་ཅད་ནི་ང་ཉིད་ཀྱི་ཡུལ་ལོ།། བཞུགས་གནས་སོ།། གཞལ་ཡས་ཁང་ངོ།། འདི་དག་ཐམས་ཅད་ནི་ངའི་སྐུའོ།། ངའི་གསུང་ངོ།། ངའི་ཐུགས་སོ།། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་དག་ཐམས་ཅད་ནི་སངས་རྒྱས་ཀྱི་རྫོགས་པ་ཆེན་པོ་ཉིད་དོ།། བྱང་ཆུབ་ཆེན་པོར་རྫོགས་པ་ཉིད་དོ།། སངས་རྒྱས་ཀྱི་ཞིང་བདེ་བ་ཆེན་པོ་ཉིད་དོ།། བྱང་ཆུབ་ཀྱི་ས་ཉིད་དོ།། བྱང་ཆུབ་ཀྱི་སེམས་རྨད་དུ་བྱུང་བ་ཐམས་ཅད་ཀྱི་ངོ་བོ་ཉིད་ཡིན་ནོ།། སྐུ་རྨད་དུ་བྱུང་བ་ཉིད་ཡིན་ནོ།། གསུང་རྨད་དུ་བྱུང་བ་ཉིད་དོ།། ཐུགས་རྨད་དུ་བྱུང་བ་ཉིད་ཡིན་ནོ།། ཆོས་རྨད་དུ་བྱུང་བ་ཉིད་དོ།། གསང་བ་རྨད་དུ་བྱུང་བ་ཉིད་ཡིན་ནོ།། རོལ་པ་རྨད་དུ་བྱུང་བ་ཉིད་ཡིན་ནོ།། མཛད་པ་རྨད་དུ་བྱུང་བ་ཉིད་ཡིན་ནོ།། རྫུ་འཕྲུལ་རྨད་དུ་བྱུང་བ་ཉིད་ཡིན་ནོ།། བྱང་ཆུབ་སེམས་རྨད་དུ་བྱུང་བ་འདི་ཉིད་ཡིན་ནོ།། སངས་རྒྱས་ཀྱི་ས་ཆེན་པོ་ནོན་པ་རྨད་དུ་བྱུང་བ་འདི་ཉིད་ཡིན་ནོ།། སངས་རྒྱས་ཀྱི་ལྟ་བ་མཐར་ཕྱིན་པ་ཡང་འདི་ཉིད་ཡིན་ནོ།། སངས་རྒྱས་རྣམས་ཀྱི་སྤྱོད་པ་མཐར་ཕྱིན་པ་ཡང་ཆོས་ཆེན་པོ་རྨད་དུ་བྱུང་འདི་ཉིད་ཡིན་ནོ།། སྟོན་པ་ཕུན་སུམ་ཚོགས་པས་བསྟན་པ་ཡང་རྨད་དུ་བྱུང་བ་འདི་ཉིད་ཡིན་ནོ།། ཉན་པ་ཕུན་སུམ་ཚོགས་པས་ཉན་པོ་ཡང་རྨད་དུ་བྱུང་བ་འདི་ཉིད་ཡིན་ནོ།། སངས་རྒྱས་རྣམས་ཀྱི་བདེ་བ་ཆེན་པོ་ཡང་འདི་ཉིད་ཡིན་ནོ།། སངས་རྒྱས་རྣམས་ཀྱི་འདོད་པའི་ཡོན་ཏན་ལྔ་ཡང་རྨད་དུ་བྱུང་བ་འདི་ཉིད་ཡིན་ནོ།། འདོད་པའི་ཡོན་ཏན་ལྔའི་མཚན་ཉིད་ཀྱང་རྨད་དུ་བྱུང་བ་འདི་ཉིད་ཡིན་ནོ།། སངས་རྒྱས་རྣམས་ཀྱི་བདེ་བ་ཆེན་པོ་མཐར་ཐུག་པ་ཉིད་རྨད་དུ་བྱུང་བ་འདི་ཉིད་ཡིན་ནོ།། སངས་རྒྱས་རྣམས་ཀྱི་སྤྲུལ་པའི་སྐུའི་ཆོས་ཉིད་ལ་རོལ་པའི་ཆོ་འཕྲུལ་གྱིས། ཆོས་ལ་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཆོས་ཀྱི་འཁོར་ལོ་ཡང་རྨད་དུ་བྱུང་བ་འདི་ཉིད་ཡིན་ནོ།། འདོད་ཆགས་དང། ཞེ་སྡང་དང། གཏི་མུག་དང། ང་རྒྱལ་དང། ཕྲག་དོག་ཀྱང་རྨད་དུ་བྱུང་བ་འདི་ཉིད་ཡིན་ནོ།། ཆོས་ཀྱི་གསུང་ལམ་ཡང་རྨད་དུ་བྱུང་བ་འདི་ཉིད་ཡིན་ནོ།། ཆོས་ཀྱི་འཁོར་ལོ་ཡང་རྨད་དུ་བྱུང་བ་འདི་ཉིད་ཡིན་ནོ།། འཁོར་བ་ཡང་ཆོས་ཉིད་ལ་ཆོས་ཉིད་ཀྱི་དོན་གྱིས་འཁོར་ཞིང། ཆོས་ཉིད་ལ་ཆོས་ཉིད་གནས་པ་ཡང་རྨད་དུ་བྱུང་བ་འདི་ཉིད་ཡིན་ནོ།། སྐུ་གསུང་ཐུགས་ལས་མ་གཏོགས་པ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན། འཁོར་བ་དང་ཉོན་མོངས་པའི་མིང་ཡང་མེད་དོ། ། སངས་རྒྱས་འབྱུང་བ་ལས་མ་གཏོགས་པ། སེམས་ཅན་དུ་སྐྱེ་བའི་རྒྱུ་མིང་ཡང་མེད་དོ།། སྐུ་སྣང་བ་ལས་མ་གཏོགས་པ་སེམས་ཅན་གྱི་རང་བཞིན་དང་ཆེན་པོ་ལྔ་ཡེ་ནས་གུད་ན་མེད་དོ། ། སངས་རྒྱས་ཀྱི་བདེ་བ་ཆེན་པོ་ལས་མ་གཏོགས་པ། སེམས་ཅན་དང་སྡུག་བསྔལ་གྱི་ཆོས་ཡེ་ནས་མེད་དོ།། སངས་རྒྱས་ཀྱི་ངེས་པའི་ས་ཆེན་པོ་རྫོགས་ཆེན་གཅིག་པུ་ལས་མ་གཏོགས་པ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་སེམས་ཅན་གྱི་ཡུལ་དང་གནས་ནི་ང་ཉིད་ཀྱི་གསང་བ་རྨད་དུ་བྱུང་བ་ལས་མེད་པས། ང་ཉིད་ལས་མེད་པའི་ཆོས་ཉིད་ལས། སེམས་ཅན་གྱི་ཡུལ་དང་གནས་ནི་མིང་ཡང་མེད་དོ། ། སྐུ་རྨད་དུ་བྱུང་བ་དང། བྱང་ཆུབ་ཀྱི་སེམས་རྨད་དུ་བྱུང་བའི་རང་བཞིན་བསྟན་པ་དང། ངེས་པའི་མན་ངག་བསྟན་པའི་ལེའུ་སྟེ་བཅུ་གཅིག་པའོ།།།། ལེའུ་འདིས་སྐུ་གསུམ་ཐུགས་བྱང་ཆུབ་ཀྱི་སེམས་བཙལ་དུ་མེད་པས་འགྲུབ་པའི་ལུང་བསྟན་ཏེ། སེམས་དཔའ་ཆེན་པོ། རྒྱལ་བའི་རྒྱལ་བ་རྣམས་ཀྱི་སྐུ།། སྣ་ཚོགས་ཅིར་ཡང་སྣང་བ་ཡང།། ཀུན་ཏུ་རིན་ཆེན་ལྟ་བུ་སྟེ།། ཞེས་གསུངས་པ་ཡིན་ནོ།། སྐུའི་ཁ་དོག་ཅིར་ཡང་སྣང་ཞིང་ཅིར་ཡང་རོལ་པ་ནི་རིན་པོ་ཆེ་དང་འདྲ་བ་སྟེ། རིན་པོ་ཆེ་ནི་དཀར་པོ་ཡང་རིན་པོ་ཆེ། དམར་པོ་དང་སེར་པོ་དང་སྔོན་པོ་དང། ལྗང་གུ་ལ་སོགས་པ་ཁ་དོག་ཅི་འདྲ་བ་ཡང་རིན་པོ་ཆེ་ཉིད་ཡིན་ནོ།། འདི་ནི་རིན་པོ་ཆེ་ཡིན་ནོ། ། འདི་ནི་མིན་པ་ནི་མ་ཡིན་ནོ།། དེ་བཞིན་དུ་རྒྱལ་བའི་རྒྱལ་བ་རྣམས་ཀྱི་སྐུ་དང། ཁ་དོག་ཐམས་ཅད་དུ་སྣང་བ་དང། དབྱིབས་ཐམས་ཅད་ཇི་ལྟར་འདུག་པ་དང། དྲི་ཅིར་བྲོ་ཞིང་བསྣམ་པ་དང། རོ་ཇི་ལྟར་བྲོ་བ་དང། གཟུགས་ཇི་ལྟར་སྣང་བ་དང། སྒྲ་ཇི་ལྟར་ཐོས་པ་དང། རེག་བྱ་ཇི་ལྟར་ཚོར་བ་ཐམས་ཅད་ཉིད་ཀྱི་སྐུ་ཡིན་ནོ།། རྒྱལ་བའི་རྒྱལ་བ་རྣམས་ཀྱི་སྐུ་ཡིན་གྱི། ཁ་དོག་དང་དབྱིབས་ནི་རྒྱལ་བའི་སྐུ་ཡིན། འདི་ནི་རྒྱལ་བའི་སྐུ་མིན་བྱ་བ་ལྟ་བུ་ནི་མ་ཡིན་ནོ།། དེའི་ཕྱིར། སངས་རྒྱས་རྣམས་ཀྱི་ཡེ་ཤེས་སྐུ།། སྣ་ཚོགས་གཟུགས་བརྙན་ཡིད་ལས་སྐྱེས།། ཞེས་གསུངས་སོ།། དེ་བཞིན་གཤེགས་པ་རྣམས་ཀྱི་ཐུགས་ནི། ཡེ་ཤེས་བརྒྱད་སོ་སོར་དབྱེར་མེད་པ། གང་གིས་མི་བཤིགས་པའི་དོན་རིག་པའི་ཡེ་ཤེས་ཀྱི་སྐུ་དང་གཉིས་སུ་མེད་པར་སྐུ་ལས་ཤར་བ་ནི། ཐུགས་རྨད་དུ་བྱུང་བའོ།། སེམས་དཔའ་ཆེན་པོ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་དག་ཐམས་ཅད་ནི། དེ་བཞིན་གཤེགས་པ་རྣམས་ཀྱི་ཐུགས་ལས་ཕྱུང་ཞིང། ཐུགས་རྨད་དུ་བྱུང་བར་མ་གྱུར་པ་མེད་དོ།། དེ་བཞིན་གཤེགས་པ་རྣམས་ལ་ཟད་པའི་མཐའ་མེད་པས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པ་འདི་ལ་ཟད་ཅིང་མེད་པའི་དུས་མེད་དོ། ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པ་འདི་ལ་ཟད་ཅིང་སྟོངས་པའི་དུས་མེད་ན། བདེ་བར་གཤེགས་པ་རྣམས་ཀྱི་སྐུ་གསུང་ཐུགས་ཉིད་ཡིན་ཏེ། སྐུ་གསུང་ཐུགས་ཉིད་ཟད་ཅིང་སྟོངས་པའི་དུས་མེད་པ་ནི། བྱང་ཆུབ་ཀྱི་སེམས་རྨད་དུ་བྱུང་བ་ཉིད་ཡིན་ཏེ། དེ་བཞིན་གཤེགས་པ་རྣམས་ཀྱི་སྐུ་གསུང་ཐུགས་ལས་མ་གཏོགས་པ། སྟོང་གསུམ་ཞེས་བྱ་བ་གཞན་མེད་དོ།། དེ་བཞིན་གཤེགས་པ་རྣམས་ཀྱི་གསུང་ནི་སྐུ་གསུང་ཐུགས་ཉིད་སོ་སོར་དབྱེར་མེད་པའི་དོན་དང། རང་བཞིན་ཀུན་ལ་སྣང་བར་བྱེད་ཅིང་སོ་སོས་གསལ་བར་གོ་བ་ཉིད་དུ་གྱུར་པ་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་གསུང། གསུང་ལས་གྱུར་པའི་སྒྲ་སྐད་སྣ་ཚོགས་པ་ཅིར་ཡང་གྱུར་པ་དང། མིང་དང་ཚིག་མང་པོ་རྣམས་དང། ཡེ་ཤེས་ལ་སོགས་པ་དང། སྒྲ་སྐད་སྣ་ཚོགས་པ་མང་པོར་བྱུང་བ་རྣམས་ལ། གསུང་དུ་མ་གྱུར་པ་གཅིག་ཀྱང་མེད་དེ། སྐུ་དང་ཐུགས་ཉིད་གསུང་ངོ།། གསུང་དང་ཐུགས་ཉིད་སྐུར་ཏེ། གསུང་སྤྲུལ་པའི་སྐུ། ཐུགས་སྙིང་པོ་བྱང་ཆུབ་མཆོག་གི་སྐུ། སྐུ་ལོངས་སྤྱོད་རྫོགས་པའི་སྐུའོ།། སེམས་དཔའ་ཆེན་པོ་དེ་བཞིན་གཤེགས་པ་རྣམས་ཀྱི་རང་བཞིན་ནི། རྨད་དུ་བྱུང་བ་འདི་ཉིད་ཡིན་པར་རིག་པར་གྱིས་ཤིག། ཡེ་ནས་ཡོད་ཅིང་རྟག་པར་བཞུགས། ། རང་བྱུང་ཆེ་བ་བདག་ཉིད་སྐུ།། ཡེ་ནས་དག་པ་ཆོས་ཀྱི་སྐུ།། བདག་ཉིད་ཡེ་ནས་ལྷུན་གྱིས་གྲུབ།། འགྱུར་བ་མེད་པ་བསོད་ནམས་སྐུ།། ཡེ་ནས་རྫོགས་པ་སྤྲུལ་པའི་སྐུ།། ལྷུན་གྱིས་རྫོགས་པ་ལོངས་སྤྱོད་རྫོགས་པའི་སྐུ། ། བྱ་བཙལ་མེད་པས་སྙིང་པོ་བྱང་ཆུབ་སྐུ།། སྐུ་གསུང་ཐུགས་བསྟན་པའི་ལེའུ་སྟེ་བཅུ་གཉིས་པའོ།།།། ལེའུ་འདིས་བྱང་ཆུབ་སེམས་ཀྱི་སྤྱོད་པ་དང། ཕྲིན་ལས་ཁྱད་པར་ཆེན་པོ་བསྟན་ཏེ། སེམས་དཔའ་ཆེན་པོ། འདོད་ཆགས་ཞེ་སྡང་གཏི་མུག་ང་རྒྱལ་ཕྲག་དོག་ནི་རྡོ་རྗེ་ཐེག་པ་ཆེན་པོ་ཉིད་དོ།། སྙིང་རྗེ་མེད་པར་གསོད་པ་དང།། འཇིགས་པ་མེད་པར་སྦྱོར་བ་དང།། གཙང་སྨེ་མེད་པར་ཟ་བ་དང། ། རང་གི་ཁུ་བས་རང་མཆོད་པ།། རྡོ་རྗེ་ཐེག་པའི་ཆོས་ཉིད་ཡིན།། སེམས་ཅན་བརྩེ་བ་མེད་པ་དང།། མ་བྱིན་ལེན་དང་མི་ཚངས་སྤྱོད།། གཞན་ལ་སློང་བར་མི་བྱེད་པ།། འདི་ནི་རྡོ་རྗེ་ཐེག་པའི་དམ་ཚིག་སྟེ། ། འདི་ནི་རང་བྱུང་བྱང་ཆུབ་སེམས།། བདེ་བ་གསལ་བའི་འཁོར་ལོ་ལ།། རྒྱལ་བ་བདག་ཉིད་རྟག་པར་བཞུགས།། རྡོ་རྗེ་ཐེག་པ་གསང་བ་རྨད་དུ་བྱུང་བའོ།། གང་ཞིག་བྱང་ཆུབ་མཆོག་འདོད་པ།། རྟག་ཏུ་བདག་ཉིད་མཆོད་པར་བྱ། ། མཆོད་པ་ཀུན་གྱིས་རབ་ཏུ་མཆོད།། ཡིད་བཞིན་རིན་ཆེན་ལ་སོགས་རྣམས།། སངས་རྒྱས་འདོད་ན་བདག་ཉིད་མཆོད།། སངས་རྒྱས་ཞིང་ཁམས་ཐམས་ཅད་དུ།། བདག་ཉིད་ཀུན་གྱི་ལྷ་ཡིན་པས། ། ཀུན་གྱི་མཆོད་པས་བདག་ལ་མཆོད།། སེམས་ཅན་ཐམས་ཅད་བསད་ན་ནི།། རྒྱལ་བ་མཉེས་ཏེ་སྲས་སུ་སྐྱེ།། འདོད་ཆགས་འདོད་པ་རྟག་ཏུ་སྦྱིན།། འདི་ནི་གསང་བའི་བྱང་ཆུབ་སེམས།། སངས་རྒྱས་ཉིད་དུ་ཆུད་མི་ཟ། ། དེ་ནི་སངས་རྒྱས་དངོས་གྲུབ་ཡིན།། ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག། དུས་གསུམ་བདེ་གཤེགས་རྨད་བྱུང་མཁྱེན་མངའ་བ།། མགྱོགས་པས་དུས་མཐའ་མེད་པར་གྲོས་ནས་ཀྱང།། ང་ཡིས་ཆོས་ཀྱི་དབྱིངས་ལས་གར་མ་ཕྱིན། ། ཡོད་མེད་སྟོང་ལས་འདས་པས་ང་ལ་འཐུད།། ཀུན་གྱི་ཡེ་ཤེས་སྐུ་མཆོག་ཡེ་ཤེས་དེ།། མདོངས་པས་རྨོངས་འཁྲུགས་དངོས་ལ་གཏི་མུག་ལ།། འདོད་པའི་སྙིང་ཁྲག་ཆེན་པོ་ཡིན།། ཀུན་གཞི་གཏན་ནས་ལུང་མཛད་ང་ལ་འཐུད། ། ཟད་པའི་དུས་ན་བསྐལ་པའི་མེ་འབར་བ།། མི་བཟད་འཇིགས་གཟུགས་བསམ་ཡས་ང་ལ་འཐུད།། བསྐལ་པའི་ཆུ་ཆེན་རབ་ཏུ་འབྲུབ་པ་འབུམ།། འཇིག་རྟེན་ཁམས་ཀུན་རབ་ཏུ་འཇིགས་བྱེད་པ། ། དེས་ཀྱང་ང་ཡི་ལྗགས་ཀྱི་མཐའ་མ་སྣུམ། ཁྲག་མཚོ་མཐའ་མེད་སྐེམས་ལ་ཕྱག་འཚལ་ང་ལ་འདུད།། རྣམ་པར་འཐོར་རླུང་ཟློག་པའི་རླུང་ཆེན་དང།། འཇིག་རྟེན་ཁམས་ཀུན་རབ་ཏུ་གཡེངས་བྱེད་པ། ། སྲིད་གསུམ་ཁམས་གསུམ་ཐམས་ཅད་འཐོར་བྱེད་པ།། ང་ཡི་བ་སྤུའི་ཆ་ཙམ་བརྗོད་པའི་སྒྲ།། ཟིལ་གནོན་ཚད་སྐུ་མངའ་བ་ང་ལ་འཐུད།། འཇིག་རྟེན་འདི་ན་ལྷ་མི་འགའ་ཙམ་གསོད་བྱེད་པ། ། གསོད་པས་འཇིགས་སུ་རུང་ཞེས་ཀུན་སྐྲག་ཀྱང།། གཡོ་དང་མི་གཡོ་ཐམས་ཅད་ཀུན་གསོལ་ཞིང།། འཇིགས་མེད་ང་ལྟ་བུ་ལ་ཇི་སྐད་བྱ།། སངས་རྒྱས་ཐམས་ཅད་གསོལ་ཀྱང་ང་ལ་ཞོས།། ད་དུང་འགྲོ་ཀུན་གསོལ་བྱེད་སྒྲིབས་ཤིང་སྐྱེས་པ་ང་ལས་འཐུད། ། རང་རིག་གཤེགས་བྱེད་སྲས་མང་སྤེལ་མཛད་པ།། འདའ་དཀའ་ད་ལྟ་བུ་ལ་ཀུན་བཟང་ཇི་ལྟར་བྱ།། ཚད་མེད་དཔེས་མཚོན་སྐུ་ལྔ་གསོལ་འདྲ་ཡང།། མ་འགྲམས་ཐབས་སུ་མཚོན་པ་ཙམ་དུ་ཟད། ། ཇི་སྐད་སྨྲས་ཤིང་དམིགས་པ་ང་ཡི་སྐུ་གསུང་ཐུགས།། དངོས་གྲུབ་བདག་ལ་ཡོད་པའི་ཕྱིར།། ཡིད་དུ་འོང་བ་བདག་ཉིད་བསྒོམ།། མཁས་པས་མཆོད་པ་བདག་ལས་བྱུང། ། བདག་ལས་བྱུང་བའི་མཆོད་པ་རྣམས།། བདག་ཉིད་བདག་ལ་མཆོད་པར་བྱ།། མཁས་པས་བདག་གི་ཁུ་བ་དག། སྦྱོར་བའི་དོན་གྱིས་རྟག་ཏུ་བྱུང།། འདི་ནི་སངས་རྒྱས་བདག་ཉིད་ཡིན།། སྤྱོད་པ་མཁའ་དང་མཚུངས་པའོ། ། འདི་ནི་རྡོ་རྗེ་ཐེག་པའི་སྤྱོད་པ་རྨད་དུ་བྱུང་བའི་ལེའུ་སྟེ་བཅུ་གསུམ་པའོ།།།། ལེའུ་འདིས་གསང་བ་རྨད་དུ་བྱུང་བ་བསྟན་ཏེ། བདག་ལས་བྱུང་བའི་ཁུ་བ་ཡིས།། བདག་གི་ལུས་ལ་རབ་བརྒྱན་ན། ། སངས་རྒྱས་མཐོང་བ་ཡིད་དུ་འོང།། འཇིག་རྟེན་ཁམས་རྣམས་དབང་དུ་འགྱུར།། ང་ཡི་ལུས་ཉིད་སྔགས་ཀྱི་ལྷ།། རྟགས་པར་མཆོད་ན་སངས་རྒྱས་འགྲུབ།། གང་གིས་མཆོད་ན་དངོས་གྲུབ་ཐོབ། ། ངག་དང་ཡིད་ཀྱང་ཕྱག་རྒྱ་ཡིན།། སྤྱོད་པ་ཅིར་ཡང་སྤྲུལ་པའི་སྐུ།། དངོས་གྲུབ་མཆོག་རྣམས་བདག་ལས་བྱུང།། བྱང་ཆུབ་མྱུར་དུ་ཐོབ་པ་ཡིན།། ལུས་དང་ངག་དང་གསང་བའི་གནས།། ནམ་མཁའ་བཞིན་དུ་མཉམ་པར་གནས། ། སེམས་ལ་དམིགས་པ་བདག་མེད་པས།། ལྷ་ཡི་ཏིང་འཛིན་གསང་བའི་སྔགས།། ངོ་བོ་ཉིད་ཀྱིས་དམིགས་སུ་མེད།། ཀྱེ་སེམས་དཔའ་ཆེན་པོ། ང་བྱང་ཆུབ་ཀྱི་སྙིང་པོར་ཞུགས་པའི་ཚེ། ། སྟོང་པའི་ཆོས་ལ་སྟོང་པའི་ཡུལ་དེ་མི་གནས་སོ།། བྱང་ཆུབ་སེམས་ལ་བྱང་ཆུབ་སྒྲུབ་པའི་རྒྱུ་མེད་དེ་མི་གནས་སོ།། སྲིད་པའི་ཆོས་ཐམས་ཅད་ལ་སྲིད་པ་མེད་དེ་མི་གནས་སོ།། ཆོས་ཉིད་ལ་སེམས་མེད་པས། རྣམ་པར་དག་པ་ལ་གཉིས་སུ་མེད་དོ།། སེམས་ཅན་ཐམས་ཅད་མངོན་པར་རྫོགས་པར་སངས་རྒྱས་པའི་ཕྱིར། ཡིད་ལ་བྱེད་པ་མངོན་པར་རྫོགས་པར་སངས་རྒྱས་སོ།། སེམས་ཅན་ཐམས་ཅད་གསང་བ་མཆོག་གི་ཡེ་ཤེས་ཀྱི་དཀྱིལ་འཁོར་གྱི་ཡེ་ཤེས་ཀྱི་ལྷ་ཉིད་ཡིན་པས། སངས་རྒྱས་ཀུན་གྱིས་གསང་བར་མཛད་པའོ།། ང་ལ་བྱུང་བའི་ཆེན་པོ་ལྔ་ཉིད། ཡེ་ཤེས་གསང་བའི་དཀྱིལ་འཁོར་གྱི་ལྷ་ཉིད་ཡིན་པས། དངོས་གྲུབ་གཞན་ནས་བླང་དུ་མེད་པས་དུས་གསུམ་གྱི་བདེ་བར་གཤེགས་པའི་གསང་བ་ཆེན་པོ་ཉིད་ཡིན་ནོ། ། སེམས་དཔའ་ཆེན་པོ། སངས་རྒྱས་ཀུན་གྱི་བྱང་ཆུབ་སེམས་འདི་ནི། སངས་རྒྱས་ཀུན་གྱི་ཐུགས་ལས་བྱུང་བ་ཉིད་ཡིན་ནོ། ། དེ་ཕྱིར་སངས་རྒྱས་ཀུན་གྱི་བྱང་ཆུབ་སེམས།། སངས་རྒྱས་ཀུན་གྱི་ཐུགས་ལ་གནས།། སེམས་དཔའ་དེ་བཞིན་རིག་པར་གྱིས།། དེ་ནས་རྡོ་རྗེ་སེམས་དཔའ་ཡ་མཚན་པའི་ཏིང་ངེ་འཛིན་ལ་ཞུགས་ནས་འདི་སྐད་ཅེས་གསོལ་ཏོ། ། སངས་རྒྱས་ཀུན་གྱི་བྱང་ཆུབ་སེམས།། སངས་རྒྱས་ཉིད་ཀྱི་ཐུགས་ལ་གནས།། རྡོ་རྗེ་སེམས་དཔའི་ཤེས་རབ་ཀྱིས།། ཡེ་ཤེས་ཕ་རོལ་ཕྱིན་པའི་གནས།། དུས་གསུམ་གཅིག་སྟེ་རྟག་པར་བཞུགས། ། ཞེས་གསོལ་ཏོ།། སེམས་དཔའ་ཆེན་པོ་དེ་བཞིན་ཏེ།། རྣམ་པར་སྣང་མཛད་ཡེ་ཤེས་ཏེ།། བདེ་བར་གཤེགས་པའི་ཐུགས་ལ་གནས།། ཡི་གེ་ཀུན་ལ་མི་སྣང་ཡང།། སེམས་ལ་གསལ་བར་མངོན་པར་སྣང། ། སྐལ་ལྡན་རྣམས་ཀྱི་རང་རིག་པ།། དོན་ཆེན་ཡི་གེ་དམ་པ་སྟེ། ཁོང་ནས་འབྱུང་བ་སྐྱེ་བ་མེད།། སེམས་དཔའ་ཆེན་པོ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་དག་ཐམས་ཅད་ནི་སངས་རྒྱས་ཀུན་གྱི་ཡེ་ཤེས་དྲི་མ་མེད་པ་ཉིད་ཡིན་ཏེ། དེའི་ཕྱིར་ངས་འདི་སྐད་ཅེས་བཀའ་སྩལ་ཏོ།། ཡེ་ཤེས་འབའ་ཞིག་ལས་བྱུང་བ།། སངས་རྒྱས་ཀུན་གྱི་བྱང་ཆུབ་སེམས།། སངས་རྒྱས་ཀུན་གྱིས་རྙེད་པ་ཡིན།། བདེ་བར་གཤེགས་པ་རྣམས་ཀྱི་གསང། ། གསང་བ་རྨད་དུ་བྱུང་བའི་ལེའུ་སྟེ་བཅུ་བཞི་པའོ།།།། ལེའུ་འདིས་བྱང་ཆུབ་སེམས་ངེས་པའི་ལུང་བསྟན་ཏེ། སེམས་དཔའ་ཆེན་པོ་ཉོན་ཅིག། བདེ་བར་གཤེགས་པ་རྣམས་ཀྱི་རྒྱུད་གསང་བའི་དོན་རྣམ་པ་གསུམ་སྟེ། དོན་དང་ལུང་དང་ངེས་པའི་གསང་བ་གསུམ་མོ།། དེ་ལ་དོན་ནི་བཀྲི་བའི་དོན་མ་ཡིན་ཏེ། ངེས་པའི་དོན་གཏན་ལ་ཕབ་པའོ།། དེ་ལ་བདེ་བར་གཤེགས་པ་རྣམས་དང། སྣོད་བཅུད་ནམ་མཁས་བསྡུས་པའི་ཆོས། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་མ་ལུས་ལུས་པ་མེད་པར་བསྡུས་པའི་ཆོས་ཐམས་ཅད་དོན་གཅིག་སྟེ། སྐུ་གསུང་ཐུགས་སུ་འདུས་སོ།། སྐུ་གསུང་ཐུགས་ཀྱི་དོན་དབྱེར་མེད་དེ། གང་གིས་མི་ཤིགས་གང་གིས་མི་ཆོད། གང་གིས་ཀྱང་མི་ཕྱེད་པས་རྡོ་རྗེའོ།། སྐུ་གསུང་ཐུགས་སུ་མ་གྱུར་པའི་དངོས་པོའམ་མ་འདུས་པའི་ཆོས་གཅིག་ཀྱང་མེད་དེ། སྐུ་གསུང་ཐུགས་སུ་ལྷུན་གྱིས་གྲུབ་པར་གཏན་ལ་ཕབ་པའོ། ། དེའི་ཕྱིར་རྡོ་རྗེ་ཆོས་སོ།། དེའི་ཕྱིར་རྡོ་རྗེའི་ཐེག་པའོ།། ལུང་ནི་སྒོམ་པར་ཤེས་པར་བྱའོ།། སྒོམ་པ་ནི་ལྷ་དང་བདག་ཏུ་དོན་གཅིག་ཀྱང་གཉིས་སུ་མེད་པར་ཤེས་པར་བྱའོ། ། ཤེས་པར་བྱ་བ་ནི་ཆོས་ཐམས་ཅད་ཀྱི་དོན་མ་ནོར་བར་ཤེས་པར་བྱ་བ་དང། བདག་ཉིད་ཀྱི་དོན་མ་ནོར་བར་ཤེས་པར་བྱ་བ་དང། ལྟ་བ་མ་ནོར་བར་ཤེས་པར་བྱ་བ་དང། རྡོ་རྗེ་སེམས་དཔའི་ཐུགས་གསང་བའི་རྒྱུད་མ་ནོར་བར་ཤེས་པར་བྱ་བ་དང། ། རྡོ་རྗེ་སེམས་དཔའི་རང་བཞིན་མ་ནོར་བར་ཤེས་པར་བྱ་བ་དང།། རྡོ་རྗེ་སེམས་དཔའི་ཡོན་ཏན་དང། རྡོ་རྗེ་རྣམ་པར་རོལ་པ་དང། རྣམ་པར་རོལ་པ་ཆེན་པོ་མ་ནོར་བར་ཤེས་པར་བྱ་བ་དང། རྡོ་རྗེ་སེམས་དཔའི་སྤྱོད་པ་དང། ཆོས་ཉིད་ལ་ལོངས་སྤྱོད་ཆེན་པོས་མངའ་མཛད་པའི་དོན་མ་ནོར་བར་ཤེས་པར་བྱ་བ་དང། ངེས་པའི་གསང་བའི་མན་ངག་དང་རྨད་དུ་བྱུང་བའི་དོན་ནོ། ། རྨད་དུ་བྱུང་བའི་གསང་བའི་ཆོས་ཐམས་ཅད་བདག་ཉིད་ལས་བྱུང་ཞིང་བདག་ཉིད་ཀྱིས་མཛད། བདག་ལས་འཕྲོས་ཤིང་བདག་ཉིད་དེ་ལ་རོལ། བདག་ལས་སྤྲུལ་ཅིང་ཉིད་ཀྱི་དབྱིངས་སུ་སྡུད། བདག་ཉིད་ལས་བྱུང་བའི་ཆོས་ལ་བདག་ཉིད་ལོངས་སྤྱོད་མཛད་དེ། བདག་ཉིད་ཀྱི་ཡོན་ཏན་ལས་བདག་ཉིད་ཀྱི་ཆེ་བ་སྟོན་ཅིང་སྒྲོག། བདག་ཉིད་ལས་བྱུང་བའི་ཆོས་རྣམས་ལ་བདག་ཉིད་ཆེན་པོ་སྟོན་པར་བྱེད། ཆོས་ཐམས་ཅད་འབྱུང་བ་ཡང་བདག་ཉིད་ལས་འབྱུང་ཞིང། སླར་ཡང་བདག་ཉིད་ལ་སྡུད་དེ། བདག་ལས་མ་བྱུང་བའམ། བདག་ཉིད་དུ་མ་གྱུར་པའི་ཆོས་གཅིག་ཀྱང་མེད་དོ།། ཆོས་ཆེན་པོ་རྨད་དུ་བྱུང་བ་ལས། གསང་བ་རྨད་དུ་བྱུང་བའི་བྱང་ཆུབ་ཀྱི་སེམས་ལུང་དུ་བསྟན་པའི་ལེའུ་སྟེ་བཅོ་ལྔ་པའོ།།།། ལེའུ་འདིས་གསང་བ་རྨད་དུ་བྱུང་བའི་དཀྱིལ་འཁོར་བསྟན་ཏེ། སངས་རྒྱས་ཀུན་གྱི་ཐུགས་ནི་གང། བདེ་བར་གཤེགས་པ་ཐམས་ཅད་འབྱུང་བའི་གནས། སེམས་ཅན་གྱི་རྣམ་པར་ཤེས་པའི་ཚོགས་བརྒྱད་ནི། གསང་བ་འདུས་པའི་ཡེ་ཤེས་ཀྱི་དཀྱིལ་འཁོར། རང་ལས་བྱུང་བའི་ཡེ་ཤེས་ཀྱི་ལྷ་ཉིད་དོ།། རྣམ་པར་ཤེས་པའི་ཚོགས་བརྒྱད་ནི། མཆོད་པའི་ལྷ་མོ་བརྒྱད་དང། དངོས་གྲུབ་ཀྱི་རྫས་ཉིད་དོ།། སེམས་དཔའ་ཆེན་པོ་དང། སྒོ་ལྔའི་རྣམ་པར་ཤེས་པ་ནི། ཤེས་རབ་ཟབ་མོའི་སྒོ་དང། གསང་བའི་རྒྱུད་མཐར་ཕྱིན་མི་འགོག་པའི་སྒོ་དང། ཆོས་ཉིད་ཀྱི་འཁོར་ལོ་བསྐོར་བའི་སྒོ་དང། སྐུ་གསུང་ཐུགས་ཉིད་དུ་གྱུར་པའི་སྒོ་དང། འབྲས་བུ་ཡོད་པའི་སྒོའོ།། སེམས་ཅན་གྱི་སྒོ་ལྔའི་རྣམ་པར་ཤེས་པ་ལ། ཡིད་ཀྱི་དཀྱིལ་འཁོར་གསལ་བར་གྱུར་པ་ནི། ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་གསང་བའི་དཀྱིལ་འཁོར་གསང་བ་ཉིད་དེ། རྣམ་པར་ཤེས་པའི་ཡུལ་དང། དབང་པོ་རྣམས་ནི་རྣམ་པར་ཤེས་པའི་ཚོགས་ཏེ། མཚན་དང་དཔེ་བྱད་ཀུན་ལས་འདས་པ་སྟེ་ཡིད་ཀྱི་ལྷའོ། ། དེའི་ཕྱིར་ངག་འདས་པའི་སྐུ། ལུས་ད་ལྟར་བྱུང་བའི་སྐུའོ།། སེམས་ནི་མ་བྱུང་བའི་སྐུའོ།། ངག་འདས་པའི་ལམ། ལུས་ད་ལྟར་བཞུགས་པའི་ལམ། སེམས་ཕྱིས་འབྱུང་བའི་ལམ་ཉིད་དོ།། ངག་འདས་པའི་ཡུལ་ལུས་ད་ལྟར་བཞུགས་པའི་ཡུལ། སེམས་ཕྱིས་འབྱུང་བའི་ཡུལ། སེམས་དཔའ་ཆེན་པོ་དེའི་ཕྱིར། སངས་རྒྱས་ཀྱི་མཁྱེན་པའི་ཡུལ། སངས་རྒྱས་ཉིད་ཀྱི་གསང་བའི་གནས། གསང་བ་རྨད་དུ་བྱུང་བའི་ཡུལ་བསྟན་པའི་ལེའུ་སྟེ་བཅུ་དྲུག་པའོ། །།། ལེའུ་འདིས་རྨད་དུ་བྱུང་བའི་དཀྱིལ་འཁོར་བསྟན་ཏེ། སེམས་ནི་ཇི་བཞིན་མཉམ་པ་ཡི།། སངས་རྒྱས་རྣམས་ཀྱི་རྣལ་འབྱོར་རོ།། ཡང་དག་བདག་མེད་དེ་བཞིན་ཉིད། ། ཡང་དག་ལམ་དེ་ཡི་གེ་མེད།། འགྲོ་བ་མེད་པས་ལམ་ཡང་མེད།། ཀུན་སྤྱོད་ཡོན་ཏན་རྣམ་ལྔ་ནི།། ཡེ་ཤེས་རོལ་པའི་བདག་ཉིད་ཡིན།། འདོད་ཆགས་ཞེ་སྡང་གཏི་མུག་རྣམས།། སངས་རྒྱས་འབྱུང་བའི་ཡེ་ཤེས་ལམ། ། སྐུ་གསུང་ཐུགས་ཀྱི་བྱང་ཆུབ་སེམས།། བྱང་ཆུབ་སེམས་ནི་ཐར་པའི་ལམ།། འཁོར་བའི་རྒྱ་མཚོ་མཐའ་རིང་ལས།། ཉོན་མོངས་སེམས་ཅན་གནས་པའི་ལམ།། བྱང་ཆུབ་སེམས་ནི་ཐབས་ཆེན་གྱིས། ། གསང་བ་འབའ་ཞིག་ལས་སུ་རུང།། མཆོད་པ་ཆེན་པོ་བདེ་བ་ཆེ།། འདོད་ཆགས་ཆེན་པོ་དགའ་བའི་མཆོག། མཆོད་པ་ཆེན་པོ་ཞེ་སྡང་ཆེ།། ཞེ་སྡང་ཆེན་པོ་རྫོགས་སངས་རྒྱས།། མཆོད་པ་ཆེན་པོ་གཏི་མུག་ཆེ། ། གཏི་མུག་བློ་སྟེ་གཏི་མུག་སེལ།། མཆོད་པ་ཆེན་པོ་ཕྲག་དོག་ཆེ།། ཕྲག་དོག་ཆེན་པོ་དགའ་བས་དགའ། མཆོད་པ་ཆེན་པོ་ང་རྒྱལ་ཆེ།། ང་རྒྱལ་ཆེན་པོ་རྒྱལ་བས་རྒྱལ།། ཀྱེ་སེམས་དཔའ་ཆེན་པོ། དེ་བཞིན་གཤེགས་པ་རྣམས་ཀྱིས་ཐུགས་རྡོ་རྗེ་རོལ་པ་མཛད་པའི་དོན་དུ། བྱང་ཆུབ་སེམས་དཔའ་རོལ་པའི་ཡུལ་མ་གཏོགས་པར། དམྱལ་བའི་ཡུལ་ཡེ་ནས་མེད་དོ།། དམྱལ་བའི་རྒྱུ་མེད་དེའི་དངོས་ཀྱང་མེད། ཀྱེ་སེམས་དཔའ་ཆེན་པོ། མ་སྐྱེས་པའི་ཆོས་རྣམས་ལ། ནམ་ཡང་སྐྱེ་བར་མི་འགྱུར་རོ།། སངས་རྒྱས་དང་སེམས་ཅན་གྱི་གནས་ནི་གཉིས་སུ་མེད་དེ་གཅིག་པའོ།། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པ་ནི། སངས་རྒྱས་ཀྱི་ཞིང་ཁམས་ཡོངས་སུ་དག་པ་ཉིད་དོ།། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པ་འདི་ན། འཁོར་བ་དང་མྱ་ངན་ལས་འདས་པ་ཡང་མེད་ན། བདེ་བ་ཆེན་པོའི་ཆོས་ཉིད་འབྱུང་བའི་དཀྱིལ་འཁོར་ཉིད་དོ།། དེའི་ཕྱིར་བྱང་ཆུབ་ཀྱི་ཡེ་ཤེས་ནི། སངས་རྒྱས་ཐུགས་ལ་གནས་པ་སྣང།། རྣམ་ཤེས་དམིགས་པའི་ཡུལ་ལས་འདས།། གསལ་བ་མཆོག་གི་བདེ་བ་ཡིས། ། སངས་རྒྱས་ཀུན་གྱི་ཐུགས་ལ་གནས།། འདི་ནི་གསང་བའི་བྱང་ཆུབ་སེམས།། ཞེས་གསུངས་སོ།། བདེ་བ་ཆེན་པོའི་དཀྱིལ་འཁོར་རྨད་དུ་བྱུང་བའི་ལེའུ་སྟེ་བཅུ་བདུན་པའོ།།།། ལེའུ་འདིས་རྨད་དུ་བྱུང་བའི་དཀྱིལ་འཁོར་བསྟན་ཏེ། ཡང་གསུངས་པ། སེམས་དཔའ་ཆེན་པོ། ཡང་དག་སངས་རྒྱས་གནས་རིག་པ།། རྟག་པར་སངས་རྒྱས་ཉིད་ལ་གནས།། ནམ་མཁའ་ལྟ་བུར་ཆགས་པ་མེད།། གནས་དེ་ཉིད་ནི་ཡང་དག་པའོ། ། ཕུང་པོ་ལྔ་དོན་དེ་ཉིད་ཤེས།། མི་འཕོ་བ་ཡི་དོན་ཡང་རིག། མི་འཕོ་བ་ཡི་ལམ་ལ་གནས།། རང་བཞིན་མེད་པའི་དོན་ཤེས་རིག། རང་བཞིན་མེད་པའི་ལམ་ལ་གནས།། མ་སྐྱེས་པ་ཡི་སེམས་ཉིད་ལ། ། སེམས་ཅན་སྐྱེ་བའི་རྒྱུ་མི་གནས།། མ་རིག་མེད་པར་འཁོར་བའང་མེད།། མྱ་ངན་མི་འདའ་རྟག་པར་བཞུགས།། མྱ་ངན་འདས་པའི་ལམ་ཡང་མེད།། སྲིད་པའི་ཆོས་ལ་རང་བཞིན་མེད།། ལུས་དང་ངག་སེམས་དག་པ་ལས། ། ཆོས་རྣམས་རང་བཞིན་དག་པར་ཟད།། སེམས་ཅན་མེད་དེ་སངས་རྒྱས་མེད།། སངས་རྒྱས་ལམ་ལ་མི་གནས་ཏེ།། འཁོར་བའི་སྐྱོན་གྱིས་མི་གོས་ཤིང།། རྣམ་པར་ཐར་པའི་སྒོ་ལས་འདས།། དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཆེན་པོ། སྙིང་པོ་བྱང་ཆུབ་ན་བཞུགས་པའི་སྐུ་ལ། སངས་རྒྱས་ཐམས་ཅད་དད་པས་འདུས་ནས། ཚིག་མཐུན་པར་འདི་སྐད་ཅེས་གསོལ་ཏོ།། འཇིག་རྟེན་མཁས་པས་རྫོགས་སངས་རྒྱས། ། གང་གིས་ཐོག་མར་བྱང་ཆུབ་སེམས།། བླ་མེད་དཀྱིལ་འཁོར་བསྒོམ་པ་རྣམས།། སྙིང་པོ་བྱང་ཆུབ་བཞུགས་པར་གསུངས།། འཛམ་བུ་གླིང་དུ་གསུངས་པ་ཡི།། ད་ལྟར་བཞུགས་དང་འདས་པ་དང།། མ་འོངས་སངས་རྒྱས་མཛད་པ་རྣམས། ། ཐམས་ཅད་དོན་དུ་བཤད་པར་གསོལ།། དེ་ནས་སྐྱོབ་པ་སངས་རྒྱས་རྣམས།། གསུངས་པ་འདི་ནི་ཡང་དག་བཤད།། བྱང་ཆུབ་སེམས་ནི་མ་ཡིན་པའི། ཁམས་གསུམ་གནས་པའི་སེམས་ཅན་ལ། ། ཕན་པའི་སྨན་ནི་གཞན་མེད་དེ།། བྱང་ཆུབ་སེམས་ཀྱི་དོན་རིག་ན།། འཁོར་བའི་ཆོས་ནི་རྒྱུ་མེད་དེ།། མྱུར་དུ་བྱང་ཆུབ་ཀུན་གྱིས་ཐོབ།། མི་སྐྱེ་མི་འཇིག་བདེ་ལ་གནས།། སྐུ་གསུང་ཐུགས་ཀྱི་གསང་བ་ལས། ། ཡང་དག་སྙིང་པོར་བྱུང་བ་ནི།། དེ་ནི་བྱང་ཆུབ་སེམས་ཞེས་བྱ།། དེ་ལས་བྱུང་བར་རིག་པ་ནི།། རྨད་དུ་བྱུང་བའི་བྱང་ཆུབ་སེམས།། གསང་བ་མཆོག་གི་རིན་པོ་ཆེ།། སངས་རྒྱས་རྣམས་ཀྱི་དཀྱིལ་འཁོར་ཡིན། ། སངས་རྒྱས་རྣམས་ཀྱི་གསང་བའོ། ཁམས་གསུམ་བླ་ན་མེད་པའི་ལམ།། ས་རྣམས་དག་དང་དབྱེར་མེད་པས།། ས་རྣམས་སངས་རྒྱས་ཉིད་ཀྱི་ས།། རྣལ་འབྱོར་དབང་ཕྱུག་ཆེན་པོ་ཡི།། གསང་བའི་དོན་རྣམས་གཅིག་ཏུ་བསྒོམ། ། ཡེ་ཤེས་རང་བྱུང་བྱང་ཆུབ་སེམས།། སངས་རྒྱས་ཐམས་ཅད་བདག་གིས་བྱས།། ཡེ་ཤེས་ལྷ་རྣམས་རང་ལས་བྱུང།། འདི་ནི་རྨད་དུ་བྱུང་བའི་སྐུ།། གསང་བའི་དཀྱིལ་འཁོར་དམ་པ་ཡིན། ། འཛབ་དང་བསྙེན་པ་བྱ་མི་དགོས།། བྱང་ཆུབ་སེམས་ནི་བསྐྱེད་དུ་མེད།། ལྷ་ཡང་གཞན་ནས་བོད་མི་དགོས།། མཆོད་པ་གཞན་ལ་མི་མཆོད་དོ།། དངོས་གྲུབ་གཞན་ལ་མི་སློང་ངོ།། སངས་རྒྱས་ཀུན་གྱི་བྱང་ཆུབ་སེམས། ། བླ་ན་མེད་པར་རྟོགས་གྱུར་ན།། རྒྱ་བས་གསུངས་པའི་ཡེ་ཤེས་གང།། དེ་ནི་དཀྱིལ་འཁོར་སྙིང་པོར་གསུངས།། སེམས་དཔའ་ཆེན་པོ། གསང་བ་མཆོག་གི་དཀྱིལ་འཁོར་འདི།། སངས་རྒྱས་ཉིད་ཀྱིས་མཁྱེན་པ་ཡིན། ། སེམས་ཅན་མང་པོར་བྱས་པ་ནི།། གསང་བ་མཆོག་གི་དོན་ཉིད་དོ།། སངས་རྒྱས་ཉིད་ཀྱིས་མཛད་པ་ཡིན།། གསང་བ་རྨད་དུ་བྱུང་བའི་དཀྱིལ་འཁོར་བསྟན་པའི་ལེའུ་སྟེ་བཅོ་བརྒྱད་པའོ། །།། ལེའུ་འདིས་བྱང་ཆུབ་སེམས་བསྒོམ་པའི་དོན་བསྟན་ཏེ། ཁམས་གསུམ་རིན་ཆེན་རྙེད་པའི་མི།། ཇི་ལྟར་འདོད་པ་བཞིན་དུ་འགྲུབ། ཁམས་འདི་ཡིད་བཞིན་ཉིད་དུ་འགྱུར།། སེམས་དཔའ་ཆེན་པོ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ནི། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ཉིད་ཡིན་ནོ།། འདི་སྐད་གསུངས་པའི་ཆོས་ཐོས་ནས།། རྡོ་རྗེ་སེམས་དཔའ་དཔའ་བོ་ཡང།། འཇིགས་ཤིང་སྔངས་ནས་སྟན་ལས་ལངས། ། མཆོད་པ་སྣ་ཚོགས་བྱས་ནས་ཀྱང།། དགའ་བའི་ཚིག་གིས་འདི་སྐད་གསོལ།། སྣང་མཛད་རྡོ་རྗེ་རྒྱལ་ཅན་མ།། དཀའ་བའི་བསམ་པས་བསྟོད་བྱེད་པ།། སངས་རྒྱས་ཀུན་པས་སྔར་སངས་རྒྱས། ། མི་ཤེས་དྲི་མ་ཡོངས་ནས་མེད།། དཔལ་གྱི་རྣམ་རྒྱལ་དེ་བཞིན་དུ།། ལོངས་སྤྱོད་དབང་ཕྱུག་དཔལ་དང་ལྡན།། རྡོ་རྗེ་ཉི་མ་གཟི་བརྗིད་དང། ཁ་དོག་ཤིན་ཏུ་འབར་བ་ཡིས།། བཞད་ཅིང་རྨད་དུ་མཛད་པ་ཡིས། ། དགའ་མགུ་རངས་པ་རྣམས་སུ་འགྱུར།། པདྨ་བཞད་པས་ཆོས་ཀུན་གྱི།། རྟོགས་མཛད་སངས་རྒྱས་ཐམས་ཅད་ཀྱིས།། བྱང་ཆུབ་སེམས་འདི་བརྙེས་གྱུར་ནས།། སྐད་ཅིག་ཉིད་ལ་དོན་རྟོགས་ཏེ།། སྙིང་པོ་བྱང་ཆུབ་ཉིད་དུ་འགྱུར། ། རྡོ་རྗེ་གདན་ལ་ཡང་སངས་རྒྱས།། ལམ་འདི་རྫོགས་པའི་བྱང་ཆུབ་སེམས།། ཕྱི་མ་འབྱུང་བར་བདེ་བ་དང།། སངས་རྒྱས་ཉིད་ལ་རྫོགས་འགྱུར་ཏེ།། སངས་རྒྱས་ཉིད་དང་སྐལ་པ་མཉམ། ། ཞེས་གསོལ་ཏོ།། དེ་ནས་སྟོན་པ་བླ་ན་མེད།། རབ་ཏུ་དགྱེས་པ་མཛད་ནས་འཛུམ།། དེ་ནས་ཐུགས་གསང་བའི་སྒྲོན་མས་འདི་སྐད་གསུངས་སོ།། རྨད་བྱུང་བྱང་ཆུབ་སེམས་བསྒོམ་པ།། འགྲོ་བ་མྱུར་དུ་བྱང་ཆུབ་སྟེ། ། མ་སྐྱེས་བྱང་ཆུབ་རྨད་བྱུང་ལ།། ཉོན་མོངས་ལས་ཀྱིས་གོས་མི་འགྱུར།། བྱང་ཆུབ་སེམས་འདི་བྱང་ཆུབ་ཉིད།། ཚོགས་རྣམས་མ་བསགས་ཅིག་ཆར་རྫོགས།། རང་གི་སྙིང་པོ་རང་སྔགས་ཀྱིས། ། བསྒྲུབ་པའི་སྙིང་པོར་ཆུད་མི་ཟ།། རང་གི་སྙིང་པོར་རང་བྱས་ནས།། བསམས་ན་ལྷུན་གྱིས་གྲུབ་པའི་སྐུ།། སངས་རྒྱས་མི་བསྒོམ་བདག་ཉིད་བསྒོམ།། སྙིང་པོ་མི་བརྗོད་བདག་ཉིད་བརྗོད།། བདག་ཉིད་མ་མཐོང་སྐུ་གསུམ་མཐོང། ། འཁོར་བ་མ་མཐོང་བདེ་བ་ཉིད།། རང་གི་ལྷར་ནི་བདག་བསྒོམ་ན།། བསོད་ནམས་ཡེ་ཤེས་ཅིག་ཆར་རྫོགས།། རང་གི་སྙིང་པོར་རང་སྔགས་བརྗོད།། སྒྲུབ་པའི་སྙིང་པོར་ཆུད་མི་ཟ།། ཕྱག་རྒྱ་མི་བསྐྱོད་ཡན་ལག་བསྐྱོད། ། སངས་རྒྱས་མི་གཤེགས་བདག་ཉིད་གཤེགས།། སངས་རྒྱས་མི་མཆོད་བདག་ཉིད་མཆོད།། སྟོན་པ་མ་མཐོང་བདག་ཉིད་མཐོང།། སངས་རྒྱས་མ་མཐོང་སློབ་དཔོན་མཐོང། ། གཟུགས་ཉིད་མ་མཐོང་ཆོས་སྐུ་མཐོང།། དཔེ་བྱད་མི་བལྟ་རང་ལུས་བལྟ།། ཡང་དག་ཡེ་ཤེས་རང་རིག་གནས།། མྱུར་དུ་བླ་ན་མེད་པའོ།། ཐམས་ཅད་འབྱུང་བའི་སྦྱོར་བ་ཡིས།། བདག་གི་ལྷར་ནི་བདག་ཉིད་བྱ། ། འདི་ནི་སངས་རྒྱས་ཐམས་ཅད་དཔལ།། སངས་རྒྱས་རྣམས་ཀྱི་ཡེ་ཤེས་ཀྱི།། ཤེས་རབ་མ་ལུས་ཕུན་སུམ་ཚོགས།། འདི་འདྲའི་དཀྱིལ་འཁོར་བླ་ན་མེད།། སངས་རྒྱས་དེ་བཞིན་གཤེགས་པས་གསུངས། ། ཐེག་པ་གསུམ་གྱི་ངེས་འབྱུང་ལ།། ཐེག་པ་གཅིག་གི་འབྲས་བུར་གནས།། བྱང་ཆུབ་སེམས་བསྒོམ་པ་རྨད་དུ་བྱུང་བའི་ལེའུ་སྟེ་བཅུ་དགུ་པའོ།།།། ལེའུ་འདིས་གསང་བ་མཆོག་གི་བདེ་བ་རྨད་དུ་བྱུང་བ་བསྟན་ཏེ། སེམས་དཔའ་ཆེན་པོ། སྨན་མཆོག་ནད་མེད་བདེར་འཚོ་བ།། དུས་གསུམ་སྨན་མཆོག་བྱང་ཆུབ་སེམས།། འཇིག་རྟེན་སྨན་རྣམས་འདི་ཡིན་ནོ།། བྱང་ཆུབ་སེམས་ཀྱི་བྱས་པ་རྣམས།། དགེ་ཚུལ་དཔག་བསམ་ལྗོན་ཤིང་བཞིན། ། རྟག་ཏུ་བྱང་ཆུབ་བདེ་བ་ཡིས།། བྱང་ཆུབ་མཆོག་གི་སྙིང་པོར་འགྱུར།། སེམས་དཔའ་ཆེན་པོ། ཕུང་པོ་ལྔ་རིགས་ལྔ། རིགས་ལྔ་རྫོགས་པའི་ལྷུན་གྱིས་གྲུབ་པའི་གསང་བའི་དཀྱིལ་འཁོར་ཡིན་ལ། ཡང་དག་པའི་དཀྱིལ་འཁོར་ནི། གཟུགས་ཀྱི་མཚན་ཉིད་མང་པོ་སྣ་ཚོགས་པར་བྱུང་བ་རྣམས་ནི། དེ་བཞིན་གཤེགས་པའི་རིགས་ཀྱི་ལྷ་དང། ལྷ་མོ་དང། སེམས་དཔའ་དང་སེམས་མ་ལ་སོགས་པ། དེ་བཞིན་གཤེགས་པའི་ལྷུན་གྱིས་གྲུབ་པར་གནས་པ་ལ་བྱའོ།། དེའི་དོན་ནི་འདུས་པ་དང། ཚོགས་པ་དང་ཡོངས་སུ་རྫོགས་པས། དེ་ལ་ཚོགས་ཤིང་འདུས་པ་ནི་དཀྱིལ་ལོ།། མཚན་ཉིད་སོ་སོར་སྣང་བ་ནི་འཁོར་ཏེ། འདི་ནི་དེ་བཞིན་གཤེགས་པའི་རིགས་རྣམ་པར་སྣང་མཛད་མངོན་པར་རྫོགས་པར་སངས་རྒྱས་པའི་དཀྱིལ་འཁོར་ཏེ། ཁམས་གསུམ་རྣམ་པར་རྒྱལ་བའི་དཀྱིལ་འཁོར་རོ།། སྐུ་ནི་སྙིང་པོ་བྱང་ཆུབ་ན་བཞུགས་པའི་རང་བྱུང་ཡེ་ཤེས་ཀྱི་སྐུའོ། ། བྱང་ཆུབ་སེམས་ནི་ཆོས་ཉིད་བྱང་ཆུབ་སེམས་སོ།། ཕྱག་རྒྱ་ནི་བྱང་ཆུབ་མཆོག་གི་ཕྱག་རྒྱའོ།། ཞལ་ནི་ཕྱོགས་བཞིར་གཟིགས་སོ།། དེའི་ཕྱིར་རྣམ་པར་སྣང་མཛད་ཀུན་ཏུ་ཞལ་ཞེས་བྱའོ། ། གསང་བའི་རྒྱུད་ལས་བཤད་པ་ཡིན་ནོ།། ས་ནི་ཡེ་ཤེས་བླ་མའི་ས་ཉིད་དོ།། སེམས་དཔའ་ཆེན་པོ། གཟུགས་ཀྱི་ཕུང་པོ་ལས་ཚོར་བ་སྣ་ཚོགས་རང་བྱུང་བ་ནི།། ཚོར་བའི་ཕུང་པོ་སྟེ་རིན་པོ་ཆེའི་རིགས་ལྷུན་གྱིས་གྲུབ་པའི་ལྷ་དང་ལྷ་མོ་དང། སེམས་དཔའ་དང་སེམས་མ་ལ་སོགས་པ་རིན་པོ་ཆེའི་རིགས་ལྷུན་གྱིས་རྫོགས་པ་སྟེ། དེ་ལ་གཅིག་ཏུ་འདུས་ཏེ་རང་བཞིན་མེད་པ་ནི་དཀྱིལ། མང་པོ་ཚོགས་པ་ནི་འཁོར་ཏེ། རིན་ཆེན་འབྱུང་ལྡན་མངོན་པར་རྫོགས་པར་སངས་རྒྱས་པ་ནི། རིན་ཆེན་འབྱུང་ལྡན་ཞེས་བྱ་བའི་དཀྱིལ་འཁོར་ཆེན་པོ་སྟེ། དབང་ཆེན་རོལ་པའི་དཀྱིལ་འཁོར་རོ།། བྱང་ཆུབ་སེམས་ནི་བྱང་ཆུབ་སེམས་ཐུགས་ནི་རིན་པོ་ཆེའོ། ། ཕྱག་རྒྱ་ནི་དབང་སྦྱིན་པའི་ཕྱག་རྒྱའོ།། སྐུ་ནི་རིན་ཆེན་འབྱུང་ལྡན་སྐུའོ།། ས་ནི་ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་སའོ།། ཀྱེ་སེམས་དཔའ་ཆེན་པོ།། ཚོར་བའི་ཕུང་པོ་ལས་འདུ་ཤེས་རྣམ་པ་སྣ་ཚོགས་འབྱུང་བས་དེ་ཉིད་ནི་པདྨའི་རིགས་ཏེ། འདུ་ཤེས་རྣམ་པ་སྣ་ཚོགས་འབྱུང་བ་ཉིད། པདྨའི་རིགས་ལྷུན་གྱིས་རྫོགས་པ་སྟེ། པདྨའི་རིགས་ཀྱིས་ལྷ་དང་ལྷ་མོ་དང་སེམས་དཔའ་དང་སེམས་མ་ལ་སོགས་པ། ཆོས་ཉིད་དཀྱིལ་འཁོར་རང་བྱུང་བ་ཡིན་ཏེ། བཀའི་འཁོར་ལོ་བསྐོར་བའི་དཀྱིལ་འཁོར་ཉིད་དོ།། ཐུགས་རྗེ་འབྱུང་བའི་དཀྱིལ་འཁོར་ཞེས་གསུངས་སོ།། སྐུ་ནི་བསོད་ནམས་ཀྱི་སྐུའོ།། བྱང་ཆུབ་ཀྱི་སེམས་ནི་ཡེ་ཤེས་ཀུན་ཏུ་སྤྲོས་པ་ཉིད་དོ། ། ས་ནི་རྡོ་རྗེ་འཛིན་པའི་སའོ།། ཕྱག་རྒྱ་ནི་ཆོས་ཀྱི་ཕྱག་རྒྱའོ།། སེམས་དཔའ་ཆེན་པོ། འདུ་ཤེས་ཀྱི་ཕུང་པོ་ལས། ལས་བྱེད་པ་སྣ་ཚོགས་འབྱུང་བ་ནི་ལས་ཀྱི་རིགས་ཏེ། འདུ་བྱེད་མང་པོ་འབྱུང་བ་ཉིད། ལས་ཀྱི་རིགས་ཀྱི་ལྷ་དང་ལྷ་མོ་དང། སེམས་དཔའ་སེམས་མ་ལ་སོགས་པ། ལས་ཀྱི་རིགས་ལྷུན་གྱིས་རྫོགས་པ་སྟེ། བདག་ཉིད་ལས་འབྱུང་བར་མངོན་པར་རྫོགས་པར་སངས་རྒྱས་པ་སྟེ། འགྲོ་བ་འདུལ་བའི་དཀྱིལ་འཁོར་ཉིད་དོ། ། བྱང་ཆུབ་སེམས་ནི་རྡོ་རྗེའོ།། སྐུ་ནི་ལོངས་སྤྱོད་རྫོགས་པའི་སྐུའོ།། ཕྱག་རྒྱ་ནི་ལས་ཀྱི་ཕྱག་རྒྱའོ།། ས་ནི་ཀུན་ཏུ་བཟང་པོ་མཆོག་གི་སའོ།། སེམས་དཔའ་ཆེན་པོ། འདུ་བྱེད་ཀྱི་ཕུང་པོ་ལས་བྱེད་པའི་རྣམ་པར་ཤེས་པ་སྣ་ཚོགས་པར་རང་བྱུང་བ་ཉིད་ནི། རྣམ་པར་ཤེས་པའི་ཕུང་པོ་སྟེ། རྡོ་རྗེའི་རིགས་སོ།། རྣམ་པར་ཤེས་པ་མང་པོ་ཉིད། རྡོ་རྗེའི་རིགས་ཀྱི་ལྷ་དང་ལྷ་མོ་དང། སེམས་དཔའ་དང་སེམས་མ་ལ་སོགས་པ། རྡོ་རྗེའི་རིགས་ལྷུན་གྱིས་རྫོགས་པ་ཉིད་ཡིན་ཏེ། སྔོན་དུ་མངོན་པར་སངས་རྒྱས་པ་འབྱུང་བའི་དཀྱིལ་འཁོར་ཏེ། ཐམས་ཅད་ཀྱི་དབྱིངས་རྣམ་པར་དག་པ། རྫོགས་པ་ཆེན་པོའི་དཀྱིལ་འཁོར་ཉིད་དོ། ། བྱང་ཆུབ་སེམས་ནི་སྤྲོས་པ་མེད་པའོ།། སྐུ་ནི་རྡོ་རྗེའི་སྐུའོ།། ཕྱག་རྒྱ་ནི་དམ་ཚིག་གི་ཕྱག་རྒྱའོ།། ས་ནི་བྱ་བ་མེད་པའི་སའོ།། སེམས་དཔའ་ཆེན་པོ། དེ་བཞིན་གཤེགས་པའི་དཀྱིལ་འཁོར་གྱི་ནང་ན། འདི་ནི་གསང་བ་ཆེན་པོ་གསང་བའི་མཆོག་ཡིན་ཏེ། ཕུང་པོ་ལྔ་ལ་རིགས་ལྔ་མང་པོ་དང། ལྷ་དང་ལྷ་མོ་མང་པོ་དང། ཁ་དོག་མང་པོ་དང། ཡེ་ཤེས་མང་པོ་དང། སྐུ་མང་པོ་དང། གསུང་མང་པོ་དང། ཐུགས་མང་པོ་དང། ཕྱག་མཚན་མང་པོ་དང། ཕྱག་རྒྱ་དང། ཡེ་ཤེས་ཀྱི་དཀྱིལ་འཁོར་མང་པོ་འདུས་ཤིང་ཚོགས་པས་ཚོགས་ཀྱི་དཀྱིལ་འཁོར་ཉིད་དོ།། གསང་བ་ཐམས་ཅད་འདིར་འདུས་པ། གསང་བ་འདུས་པའི་དཀྱིལ་འཁོར་རོ། ཁམས་གསུམ་བླ་ན་མེད་པའི་གསང་བ་མཆོག་གི་དཀྱིལ་འཁོར་རྨད་དུ་བྱུང་བ་བསྟན་ཏེ། དཀྱིལ་འཁོར་ལྔ་པོ་འདི་དག་ནི། རིམ་གྱིས་བཀོད་པ་མ་ཡིན་ཏེ། ལྷའི་ཏིང་ངེ་འཛིན་གང་བསྒོམ་པའི་སྐུ་གཅིག་ལས། སྐུ་ལྔ་ལྷུན་གྱིས་རྫོགས་པའི་རང་བཞིན་གྱི་གནས་དང། དཀྱིལ་འཁོར་གཅིག་ལས་དཀྱིལ་འཁོར་ལྔ་ཆར་རྫོགས་པ་རང་བྱུང་སྟེ། བཀོད་ཅིང་བསྐྱེད་མི་དགོས་སོ།། བྱང་ཆུབ་སེམས་ཀྱང་ཆོས་ཉིད་མ་སྐྱེས་པ་ལས་བྱང་ཆུབ་སེམས་ལྔར་འབྱུང་བས། རང་བྱུང་མཆོག་གི་དཀྱིལ་འཁོར་ཏེ། ཕྱག་རྒྱ་ཡང་རང་བཞིན་གྱིས་གསལ་བར་གྱུར་པ་ནི་རང་བྱུང་མཆོག་གི་ཕྱག་རྒྱའོ།། དེ་བཞིན་དུ་སྐུ་དང། ཡེ་ཤེས་དང། རིགས་དང། ཕྱག་མཚན་དང། ཁ་དོག་ཐམས་ཅད་གཅིག་ལས་ཀུན་རྫོགས་པར་འབྱུང་ཞིང། རང་བཞིན་གྱིས་གནས་སོ།། གསང་བ་རྨད་དུ་བྱུང་བ་ལས་ཁམས་གསུམ་བླ་ན་མེད་པའི་སངས་རྒྱས་གསང་བའི་ས་གོང་ན་མེད་པར་རྫོགས་པའི་ས་སྟེ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་བསམ་གྱིས་མི་ཁྱབ་མཐའ་ཀླས་ཏེ་མུ་མེད་པའི་སེམས་ཅན་རེ་རེ་ལ། དཀྱིལ་འཁོར་ལྔ་ལྔའི་རང་བཞིན་གྱིས་ཡོད་པ་དང། སྣོད་ཀྱི་འཇིག་རྟེན་ཆེན་པོ་ལྔ་གཅིག་གི་མཚན་ཉིད་ལ་ཡང། དཀྱིལ་འཁོར་ལྔ་ལྔ་རྫོགས་པར་ཡོད་དོ།། བདེ་བར་གཤེགས་པའི་སྐུ་བསམ་གྱི་མི་ཁྱབ་པ་རེ་རེ་ལ། དཀྱིལ་འཁོར་ལྔ་ལྔ་རྫོགས་པར་བཞུགས་པས། དེའི་ཕྱིར་གསང་བ་རྨད་དུ་བྱུང་བ་ཉིད་དོ། ། བྱང་ཆུབ་སེམས་རྨད་དུ་བྱུང་བ་ཉིད་དོ།། དཀྱིལ་འཁོར་རྨད་དུ་བྱུང་བ་ཉིད་དོ།། ལྟ་བ་རྨད་དུ་བྱུང་བ་ཉིད་དོ།། ཆོས་ཆེན་པོ་རྨད་དུ་བྱུང་བ་ཉིད་དོ།། སངས་རྒྱས་རྨད་དུ་བྱུང་བ་ཉིད་དོ།། རོལ་པ་དང་སྤྲུལ་པ་རྨད་དུ་བྱུང་བ་ཉིད་དོ། ། མཁྱེན་པ་རྨད་དུ་བྱུང་བ་ཉིད་དོ།། ཡེ་ཤེས་རྨད་དུ་བྱུང་བ་ཉིད་དོ།། ཆོ་འཕྲུལ་ཆེན་པོ་དང། རྫུ་འཕུལ་ཆེན་པོ་རྨད་དུ་བྱུང་བ་ཉིད་དོ།། མཛད་པ་རྨད་དུ་བྱུང་བ་ཉིད་དོ།། སྐུ་གསུང་ཐུགས་རྨད་དུ་བྱུང་བ་ཉིད་དོ། ། དུས་གསུམ་རྨད་དུ་བྱུང་བ་ཉིད་དོ།། སྲིད་པ་གསུམ་རྨད་དུ་བྱུང་བ་ཉིད་དོ། ཁམས་བླ་ན་མེད་པ། གསང་བ་མཆོག་གི་དཀྱིལ་འཁོར་བླ་ན་མེད་པའི་ལེའུ་སྟེ་ཉི་ཤུ་པའོ། །།། ལེའུ་འདིས་གསང་བ་མཆོག་གི་བདེ་བ་ཆེན་པོ་བསྟན་ཏེ། ཀྱེ་སེམས་དཔའ་ཆེན་པོ། དེ་བས་སངས་རྒྱས་མ་ཡིན་པའི།། སེམས་ཅན་སེམས་ཀྱི་རྒྱུ་ནི་གང།། བྱང་ཆུབ་སེམས་ནི་མ་ཡིན་པའི།། ཆོས་དང་ཆོས་ཉིད་དངོས་ནི་གང། ། དཀྱིལ་འཁོར་དཀྱིལ་འཁོར་གསུངས་པ་ཉིད།། རྫོགས་པའི་དཀྱིལ་འཁོར་བདག་ལ་འདུས།། དཀྱིལ་འཁོར་དཀྱིལ་འཁོར་ཞེས་བྱ་བ།། ཡེ་ཤེས་དཀྱིལ་འཁོར་ཐུགས་ལ་གནས།། རྡོ་རྗེ་ཡེ་ཤེས་མཆོག་ཉིད་ནི། ། བདག་གི་སྦྱོར་བ་བསྟན་པའོ།། ཐམས་ཅད་རང་བྱུང་དཀྱིལ་འཁོར་རོ།། དཀྱིལ་འཁོར་ལྔར་མ་འདུས་པའི་ཆོས་དེ་ནི།། སངས་རྒྱས་ཉིད་ལའང་མི་མངའོ།། ཀྱེ་སེམས་དཔའ་ཆེན་པོ། སྐྱེ་བའི་སེམས་ཅན་ཐམས་ཅད་ཀྱང། ། དབྱིངས་གསུམ་རྣམ་པར་དག་པ་ཡི།། སྐྱེ་བ་མེད་པའི་སངས་རྒྱས་ཡིན།། བྱང་ཆུབ་སེམས་ཀྱི་ངོ་བོ་འདི།། སངས་རྒྱས་གསང་བ་ཉིད་ལས་གསུངས།། གང་ཕྱིར་སངས་རྒྱས་ཉིད་ལ་གསུངས། ། བྱང་ཆུབ་སེམས་ནི་སྤུ་གྲིའི་སོ།། ཏིལ་མར་ངར་བཏགས་རལ་གྲི་བཞིན།། བྱང་ཆུབ་སེམས་ནི་ཡོངས་ཀྱི་ལམ།། སྐྱོན་གྱིས་མ་གོས་པདྨ་བཞིན།། བསྐལ་པར་འབར་བའི་མེ་བཞིན་དུ།། སྡུག་བསྔལ་སྡིག་པ་ཅི་སྤྱད་ཀྱང། ། རྣམ་གྲོལ་བླ་མེད་འབྲས་བུ་འགྲུབ།། སངས་རྒྱས་ཆོས་དང་དགེ་འདུན་དང།། བླ་ན་མེད་པ་ཐམས་ཅད་ཀྱང།། ང་ཡི་བྱང་ཆུབ་སེམས་ལ་གནས།། མཚན་དང་དཔེ་བྱད་ཀུན་ལས་འདས།། ཡིད་བཞིན་ནོར་བུ་རིན་ཆེན་ལྟར། ། མ་བསམ་ལྷུན་གྱིས་གྲུབ་པའི་སྐུ། ཁམས་གསུམ་འདི་ནི་གཅིག་པུ་གནས།། གཅིག་པུ་རབ་ཏུ་ཆེ་བའི་ས།། གསང་བ་མཆོག་གིས་དགྱེས་པ་ན།། ཐམས་ཅད་བདག་ཉིད་གཅིག་པུ་བཞུགས། ཁམས་གསུམ་མེད་པར་གནས་མེད་པས།། སེམས་དང་ཆོས་ཉིད་གཅིག་པུར་འདུས།། གསང་བ་མཆོག་གི་བདེ་བ་བསྟན་པའི་ལེའུ་སྟེ་ཉི་ཤུ་གཅིག་པའོ།།།། ལེའུ་འདིས་ལྟ་བ་རྨད་དུ་བྱུང་བ་བསྟན་ཏེ། ཀྱེ་གྲོགས་པོ་དག། བྱང་ཆུབ་སེམས་ནི་མངོན་སངས་རྒྱས།། འདི་དོན་དེ་ལྟར་གང་རིག་པ།། རྣལ་འབྱོར་རྟག་ཏུ་བདེ་བ་གནས།། དམྱལ་བའི་གནས་ནི་བླ་མེད་ལམ།། དམྱལ་བའི་གནས་ན་དེ་ལྟར་སྤྱོད། ། གནོད་སྦྱིན་སྲིན་པོ་གཤིན་རྗེའི་ཚོགས།། སངས་རྒྱས་ཡིན་པར་ཀུན་གྱིས་མཐོང།། དངོས་ལ་དམྱལ་བའི་རྒྱུ་མི་གནས།། དམྱལ་བའི་རྒྱུ་མེད་ཀུན་གྱི་རིག། དམྱལ་བའི་མེ་ལྕེའི་ཕྲེང་བ་རྣམས།། བྱང་ཆུབ་སེམས་ཡིན་གནོད་པ་འཇིལ། ། དེ་ཕྱིར་སངས་རྒྱས་རྣལ་འབྱོར་མེད།། དེ་ན་ལམ་མེད་འགྲོ་བའང་མེད།། སངས་རྒྱས་མེད་དེ་རྒྱུ་ཡང་མེད།། བྱང་ཆུབ་མེད་དེ་མིང་ཡང་མེད།། བྱང་ཆུབ་ཉིད་ཀྱི་ས་ཡང་མེད།། སེམས་ཅན་མེད་དེ་སྲོག་ཀྱང་མེད། ། ཉོན་མོངས་མེད་དེ་འཁོར་བའང་མེད།། བདེ་བ་མེད་དེ་འབྲས་བུའང་མེད།། རེ་བ་མེད་དེ་དོག་པའང་མེད།། གནས་པ་མེད་ཅིང་ཡུལ་ཡང་མེད།། ཐེག་པ་མེད་ཅིང་འཇུག་པའང་མེད། ། སྨོན་པ་མེད་ཅིང་སྒྲུབ་པའང་མེད།། སྤོང་བ་མེད་ཅིང་ལེན་པའང་མེད།། སེམས་ཀྱི་གནས་ཀྱི་ཡུལ་མེད་པས།། བསྒོམ་དུ་མེད་པས་བྱང་ཆུབ་སེམས།། གསང་བ་དམ་པའི་ངེས་པ་རྨད་དུ་བྱུང་བའི་ལེའུ་སྟེ་ཉི་ཤུ་རྩ་གཉིས་པའོ། །།། ལེའུ་འདིས་རྩོལ་བ་དང་བྲལ་བའི་རྒྱུ། རྩོལ་དུ་མེད་པས་འགྲུབ་པའི་རྒྱུ་བསྟན་ཏེ། ཀུན་རིག་ཆོས་ཀྱི་རྗེས་བཀའ་སྩལ་པ། ཀྱེ་ཆོས་ཐམས་ཅད་ཀྱི་ཆོས་ཉིད་འདི་ནི་ངོ་མཚར་ཆེ་སྟེ། ང་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣལ་འབྱོར་ཡིན་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མེད་ན། ཕ་རོལ་ཏུ་ཕྱིན་པ་དགུའི་དོན་མེད་ཅིང། ཐར་པའི་ལམ་ཡང་མེད་དེ། བསྲུང་བ་མེད་པས་རྣལ་འབྱོར་དུ་མི་ཆུད་ཅིང་དོན་མེད་པ་ཡིན་ནོ། ། དེ་ནས་མངོན་སུམ་པའི་ཏིང་ངེ་འཛིན་ལ་ཞུགས་ནས་ཡང་གསུངས་པ། དེ་བཞིན་གཤེགས་པ་ལ་ཆོས་ཐམས་ཅད་སངས་རྒྱས་པ་མེད་དོ།། ཆོས་ཀྱི་དབྱིངས་ཞེས་བྱ་བ་ཡང་མེད། མེད་པ་དེ་ཉིད་ཆོས་ཀྱི་དབྱིངས་སོ། ། ལྟ་བ་ཐམས་ཅད་ལ་མཁས་པར་བྱའོ།། བསླབ་པ་ཐམས་ཅད་རྣམས་བསླབ་པ། གང་ཡིན་དེ་བསླབ་པ་མ་ཡིན་ཏེ། གང་ལ་བསླབ་པ་མེད་པ་ནི།། མཁས་པ་ང་ཡིས་བསླབ་པ་ཡིན།། བྱང་ཆུབ་འདོད་པ་དེ་ལ་བྱང་ཆུབ་མེད། ། ས་དང་རྣམ་ཐར་བྱང་ཆུབ་མཆོག་ལ་རིང།། འདི་འདྲའི་ཆོས་ཉིད་གང་གིས་རིག་གྱུར་པ།། དེས་ནི་བྱང་ཆུབ་མྱུར་དུ་ཐོབ་པར་འགྱུར།། བྱང་ཆུབ་སེམས་རྨད་དུ་བྱུང་བ་ལས་རྩ་བ་དང་བྲལ་བའི་ལེའུ་སྟེ་ཉི་ཤུ་རྩ་གསུམ་པའོ། །།། དེ་ནས་ས་བཅུ་མནན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་ཞུགས་ནས། ཡང་འདི་སྐད་ཅེས་གསུངས་སོ།། ཕ་རོལ་ཕྱིན་བཅུ་ལྷུན་གྱིས་རྫོགས་པ་ཡི།། བྱང་ཆུབ་སེམས་འདི་རྨད་དུ་བྱུང། ། རྨད་བྱུང་བྱང་ཆུབ་སེམས་འདི་ནི།། ཆོས་ཐམས་ཅད་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་པས་ཆོས་ཐམས་ཅད་ཀྱི་མཛོད་ཡིན་ནོ།། ཟད་མི་ཤེས་པའི་མཛོད་ཡིན་ནོ།། བླ་ན་མེད་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པ་ཡིན་ནོ། ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས། དེ་བཞིན་གཤེགས་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱང་འདི་ཡིན་ནོ།། ཆོས་ཐམས་ཅད་ཀྱི་ཆོས་ཉིད་འདི་ནི་ངོ་མཚར་ཆེའོ། ། བྱང་ཆུབ་ཀྱི་སེམས་ནི་ཐམས་ཅད་མཁྱེན་པ་ཐོབ་པ་སྟེ་མཁྱེན་ཏོ།། སངས་རྒྱས་ནི་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པ་སྟེ་ཡེ་ཤེས་སོ།། ལུས་ལས་བྱུང་བའི་ཆོས་ལ་ཀུན་ཏུ་སྤྱོད་པའོ།། སེམས་ལས་ཀུན་འབྱུང་བའི་ཆོས་ལ་སྤྱོད་པའོ། ། ངག་ལས་ཀུན་འབྱུང་བའི་ཆོས་སྤྱོད་པའོ།། ཆོས་ལས་ཀུན་འབྱུང་བའི་ཆོས་སྤྱོད་པའོ།། ཡུལ་བཱ་ར་ཎཱ་སཱིའི་གོས་བཞིན་དུ།། སོ་སོའི་འགོག་པ་མེད་པར་ཐུགས་སུ་ཆུད་དོ། ། ཡང་ངེས་དོན་འདི་བཀའ་སྩལ་ཏོ།། རྡོ་རྗེ་སེམས་དཔའ་ཡི་དམ་ལྷ་མེད་པས།། རྣལ་འབྱོར་དབང་ཕྱུག་གཞན་ལ་བརྟེན་མི་དགོས།། བྱང་ཆུབ་རྙེད་དཀའ་རྒྱལ་བ་ང་ཡི་སྐུ།། དུས་གསུམ་སངས་རྒྱས་རྣམས་ཀྱིས་རྟོགས་དཀའ་བ། ། རང་རིག་ཆེན་པོ་རྟོགས་དཀའ་ང་ཡི་དབྱིངས།། སངས་རྒྱས་གཞན་ན་ཡོད་པ་མ་ཡིན་ནོ།། ཡང་གསུངས་པ། ང་མི་མཉམ་པ་དང་མཉམ་པའི་ལྷག་པའི་ཡེ་ཤེས་དང།། ཆེ་བའི་ཡོན་ཏན་རྫོགས་པའི་ཆོས་ཀུན་ཐུགས་སུ་ཆུད་པས་ཁམས་གསུམ་ལས་རྣམ་པར་རྒྱལ་བའི་བྱང་ཆུབ་སེམས་རྨད་དུ་བྱུང་བ་ཉིད་ཡིན་ནོ། ། བྱང་ཆུབ་སེམས་རྨད་དུ་བྱུང་བའི་དམ་ཚིག་བརྒྱད་ནི། ཡེ་ནས་མ་སྐྱེས་པ་དང། ཡེ་ནས་མ་བྱུང་བ་དང། ཡེ་ནས་མི་གནས་པ་དང། ཡེ་ནས་སྟོང་པ་དང། མེད་པ་དང། ཕྱལ་པ་དང། གཅིག་པུ་དང། ལྷུན་གྱིས་གནས་པ་དང་བརྒྱད་དོ།། དེ་ལས་སྐྱེས་པས་མིང་ཆེའོ།། གདོད་ནས་མ་བྱུང་བས་མི་འགྲོའོ། ། མི་གནས་པས་མྱ་ངན་ལས་འདས་པའོ།། གཟུང་འཛིན་དང་བྲལ་བས་ཡེ་ནས་སྟོང་པའོ།། མེད་པས་དམ་ཚིག་གོ། གཅིག་བསྲུངས་པས་ཀུན་ཐུབ་པས་བསྲུངས་པའོ།། ཕྱལ་པས་དམ་ཚིག་ལ་ཕྱོགས་རིས་མེད་པ་གྲངས་ལས་འདས་པའོ། ། སྟོང་སྤྱི་ཕུད་ཡིན་ཏེ་གང་ན་གཞན་མེད་པས་གཅིག་པུ་ཨ་ཏི་ཡོ་གའི་དམ་ཚིག་རྟག་པ་གཡུང་དྲུང་དུ་གནས་པས་མི་འགྱུར་ཏེ། ལྷུན་གྱིས་གནས་པའོ།། རྨད་དུ་བྱུང་བའི་དམ་ཚིག་ཉི་ཤུ་རྩ་ལྔ་སྤྱོད་དོ། ། བསྲུང་བ་མེད་པ་གསུམ་ཐུགས་སུ་ཆུད་དེ། ཐུགས་ལས་མི་མཁྱེན་པ་མེད་ཅིང། ཐམས་ཅད་ཐུགས་སུ་ཆུད་པས་བསྲུང་དུ་མེད་པ་དང། གསུང་ལས་ཐམས་ཅད་མ་རྫོགས་པ་མེད་པས་བསྲུང་དུ་མེད་པ་དང། སྐུ་ལས་ཐམས་ཅད་ལྷུན་གྱིས་རྫོགས་པས་གཞན་གྱི་ལོངས་སྤྱོད་ལ་ཐོགས་པ་མེད་པས་བསྲུང་དུ་མེད་པའོ། དེའི་ཕྱིར་བསྲུང་བ་མེད་པའི་སྐུ་གསུང་ཐུགས།། མཁྱེན་པ་མེད་པས་ཐམས་ཅད་ཆུབ། ། ཐམས་ཅད་བསྲུང་དུ་མེད་པ་དང།། སྲུང་བ་ཐམས་ཅད་རྫོགས་པས་ན།། སྐུ་ལྔ་ལྷུན་རྫོགས་བསྲུང་དུ་མེད།། ཅེས་གསུངས་སོ།། བྱང་ཆུབ་སེམས་རྨད་དུ་བྱུང་བ་ལས་སྲུང་དུ་མེད་པའི་དམ་ཚིག་གི་ལེའུ་སྟེ་ཉི་ཤུ་བཞི་པའོ། །།། ལེའུ་འདིས་མཆོག་ཏུ་གསང་བའི་མན་ངག་གི་ལེའུ་སྟོན་ཏེ། དེ་ནས་སེམས་དཔའ་ཆེན་པོས་གསོལ་པ། བཅོམ་ལྡན་འདས་བདག་དང་བདེ་བར་གཤེགས་པ་ཐམས་ཅད་ཀྱིས་སྔོན་མ་མཐོང་བ་ངོ་མཚར་ཆེ་བའི་གསང་བ་ཆེན་པོའི་ཆོས། དེ་བཞིན་གཤེགས་པའི་ཐེག་པ་གང་དང་ཡང་མི་མཐུན་པ། གསང་སྔགས་ཀྱི་ཆོས་གང་དང་ཡང་མི་མཉམ་པ། གསང་བ་གང་དང་ཡང་མ་འདྲེས་པ། ཐེག་པ་གང་དང་ཡང་ཐུན་མོང་མིན་པའི་ཆོས་ཉིད་མིང་མེད་པར། སངས་རྒྱས་མེད་པར་སེམས་ཅན་མིང་མེད་པར། རོལ་པའི་དགྱེས་པ་མ་གཏོགས་པ་སྡུག་བསྔལ་མིང་ཡང་མེད་པ། སྐུ་གསུང་ཐུགས་ཉིད་དུ་འཁོར་བའི་ཆོས་ཀྱི་འཁོར་ལོ་བསྐོར་ཞིང་བསྐོར་བ་མ་ཡིན་པར་འཁོར་བའི་རྒྱུ་དང་འཁོར་བའི་ཆོས་ཡེ་ནས་མེད་པ་དང། བྱང་ཆུབ་ཀྱི་སར་སྦྱོར་བ་ལས་མ་གཏོགས་པར། དམྱལ་བ་མིང་ཡང་མེད་པ་དང། ཐམས་ཅད་མཁྱེན་པ་ལས་མ་གཏོགས་པར། མ་རིག་པ་མིང་ཡང་མེད་པའི་ཆོས་དང། དོན་མ་ནོར་བར་ཐུགས་སུ་ཆུད་པའི་ཆོས་ཐུགས་བྱང་ཆུབ་སེམས་རིན་པོ་ཆེ། སྒྲོན་མའི་གསང་བ་རྨད་དུ་བྱུང་བའི་མན་ངག་རྫོགས་པར་དུས་གསུམ་གྱི་བདེ་བར་གཤེགས་པ་ཐམས་ཅད་དང། བདག་གི་དོན་དུ་བྱང་ཆུབ་སེམས་རྨད་དུ་བྱུང་བའི་དོན་རྫོགས་པར་གསུངས་ཏེ། རྒྱུ་གང་གིས་མཁྱེན་པར་འགྱུར། དེ་སྐད་གསོལ་པ་དང། བཅོམ་ལྡན་འདས་ཀུན་རིག་ཆོས་ཀྱི་རྗེས་བཀའ་སྩལ་པ་སེམས་དཔའ་ཆེན་པོ་ཉོན་ཅིག། སངས་རྒྱས་བཅོམ་ལྡན་འདས་ནི་ཚད་མེད་པའི་བསོད་ནམས་ཀྱི་ཚོགས་དཔག་ཏུ་མེད་པ་རྣམས་ཡང་དག་པར་བསགས་པས་མཁྱེན་ཏོ།། ཡང་དག་པར་རྫོགས་པའི་སངས་རྒྱས་ནི། ཚད་མེད་པ་ཡང་དག་པའི་ཐབས་རྫོགས་པའི་ཐུགས་སུ་ཆུད་དེ་མཁྱེན་ཏོ།། སངས་རྒྱས་བཅོམ་ལྡན་འདས་ནི་མི་མཉམ་པ་དང་མཉམ་པའི་སྨོན་ལམ་གྱི་སྟོབས་དང་ལྡན་པས་ཐུགས་སུ་ཆུད་དེ་མཁྱེན་ཏོ། ། སངས་རྒྱས་བཅོམ་ལྡན་འདས་ནི་ཤེས་རབ་ཚད་མེད་པ་བསགས་པས་ཐུགས་སུ་ཆུད་དེ་མཁྱེན་ཏོ།། སངས་རྒྱས་བཅོམ་ལྡན་འདས་ནི་སྤྱོད་པ་ཚད་མེད་པའོ།། སངས་རྒྱས་བཅོམ་ལྡན་འདས་ནི་སྐྱེ་བོ་ཚད་མེད་པ་རྣམས་ནི་སྣོད་དུ་གྱུར་པར་མཛད་དོ། ། སངས་རྒྱས་བཅོམ་ལྡན་འདས་ནི་སྣོད་ཇི་ལྟ་བ་བཞིན་དུ་སྟོན་པར་མཛད་པ་དང། སྣོད་ཇི་ལྟ་བ་བཞིན་དུ་སེམས་ཅན་རྣམས་ཀྱི་དོན་མཛད་པ་དང། ཇི་ལྟར་འདུལ་བ་བཞིན་དུ་སེམས་ཅན་རྣམས་ཀྱི་དོན་མཛད་པ་དང།། མོས་པ་ཇི་ལྟ་བ་བཞིན་དུ་སེམས་ཅན་རྣམས་ཀྱི་དོན་མཛད་པ་ཡིན་པས། ཐུགས་སུ་ཆུད་དེ་མཁྱེན་ཅིང་སྣོད་དང་སྦྱར་ནས་གསུངས་པ་ཡིན་ནོ། ། སེམས་དཔའ་ཆེན་པོ། གསུང་ནི་རྡོ་རྗེ་སྒྲས་ཉིད་དོ།། སྦྱོར་བ་བྱང་ཆུབ་སེམས་ནི་ལུས་ངག་ཡིན་གསུམ་སོ་སོ་མ་ཡིན་པ་ཐ་མི་དད་པ། གཉིས་སུ་མེད་པར་རིག་ལ་རིག་པར་བྱེད་པ་ནི་སྦྱོར་བའོ།། སྒྲོལ་བ་ནི་ལུས་དང་ངག་དང་སེམས་དབྱེར་མེད་པ་ནི་རྡོ་རྗེའོ། ། རྡོ་རྗེ་ནི་གང་ན་ཡང་མི་གནས་པ་དང། ཆོས་ཐམས་ཅད་གང་ན་ཡང་མི་གནས་པ་ཉིད་དུ་གྱུར་པ་ཉིད་སྒོམ་པའོ།། ཆོས་ཆེན་པོ་རྨད་དུ་བྱུང་བའི་གསང་བའི་རྒྱུད་དུ་གྱུར་པས་གསང་བ་ཆེན་པོ་འབུམ་སྡེ་ལས། རྡོ་རྗེ་སེམས་དཔའ་རིག་པར་བསྟན་པ། གསང་བ་ཐམས་ཅད་ཀྱི་གསང་བའི་མཆོག། རྨད་དུ་བྱུང་བའི་མན་ངག་བསྟན་པའི་ལེའུ་སྟེ་ཉི་ཤུ་རྩ་ལྔ་པའོ།།།། ལེའུ་འདིས་རྨད་དུ་བྱུང་བའི་དོན་སྐྱོན་ཐམས་ཅད་ཉམས་པ་བསྐང་བའི་དོན་བསྟན་ཏེ། རྡོ་རྗེ་སེམས་དཔས་སྟོན་པ་ལ་ཞུས་པ། ཆོས་ཆེན་པོ་རྨད་དུ་བྱུང་བའི་ཐུགས་རྗེ་ཆེན་པོ་ཇི་ལྟ་བུ། ཀུན་རིག་ཆོས་ཀྱི་རྗེ་སྟོན་པས་བཀའ་སྩལ་པ། སྟོང་རི་གནམ་ལྕགས་ཐོག་ཆེན་གྱིས།། སྐྱོན་གྱི་གངས་རིའི་རྩེ་ནས་བཅོམ།། བདུད་རྩིའི་རྒྱ་མཚོ་ཞུ་ནས་བསྐྱིལ།། ཏིང་འཛིན་འབུམ་ཕྲག་ཡངས་པས་འདི།། འདིས་ནི་ཉམས་པ་མེད་པའོ། ། ཡང་རྡོ་རྗེ་སེམས་དཔས་སྟོན་པ་ལ་ཞུས་པ། ཐུགས་གསང་བའི་རྒྱུད་འདི་གང་ལས་གསུངས་པ། རི་རབ་སུམ་ཅུ་ཕྲག་དགུའི་བསྐལ་པ་ཞིང་གི་རྡུལ་སྙེད་ཀུན་ཞེས་ཞུས་པས། སྟོན་པ་ཀུན་རིག་ཆོས་ཀྱི་རྗེས་བཀའ་སྩལ་པ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀུན་དང། རྨད་དུ་བྱུང་བའི་དོན་ཀུན་གཅིག་སྟེ།། རི་རབ་སུམ་ཅུ་ཕྲག་དགུ་ཡང།། རྨད་བྱུང་བྱང་ཆུབ་སེམས་འདི་ཡིས།། སྒོམ་པ་རྡོ་རྗེས་ཕྱེ་མར་བརླག། ཅེས་གསུངས་སོ།། དེའི་ཕྱིར་བྱང་ཆུབ་རྨད་དུ་བྱུང་བའི་སྐུ་ནི། སྟོང་སྤྱི་ཕུད་ཅེས་བྱའོ།། གསུང་ནི་ཡེ་ཤེས་མཁའ་ལ་རོལ་ཞེས་བྱའོ།། ཐུགས་ནི་ནམ་མཁའི་སྤང་པོ་ལ་རྡོ་རྗེའི་བཟང་གི་དྲ་ཞེས་བྱའོ།། དེ་ཡང་རྨད་དུ་བྱུང་བའི་སྐུ་ནི། སྙིང་པོ་བྱང་ཆུབ་ན་བཞུགས་པའི་སྐུ་ཞེས་བྱའོ།། རྨད་དུ་བྱུང་བའི་གསུང་ནི་སྙིང་པོ་བྱང་ཆུབ་ན་བཞུགས་པ་ལས། དགོངས་པ་ངེས་པར་འགྲེལ་པ་ཞེས་བྱའོ།། རྨད་དུ་བྱུང་བའི་ཐུགས་ནི་མཚན་ཉིད་ཡེ་ཤེས་མི་ཟད་པའི་བློ་གྲོས་ཀྱི་ཐུགས་ཏེ། ཡེ་ཤེས་ཐུགས་ཏེ་ཐུགས་ཀྱི་མཆོག། ཅེས་བཀའ་སྩལ་ཏེ། དེ་ཡང་ཐུགས་གསང་བ་ཉིད་ཀྱི་རྒྱུད་ལས། ནམ་མཁའི་སྐུ་ལས་རྨད་དུ་བྱུང།། ནམ་མཁའི་གསུང་གི་ལམ་སྟོན་པ། ། ནམ་མཁའི་ཐུགས་ནི་ཐུགས་ཀྱི་མཆོག། རྨད་བྱུང་ནམ་མཁའ་གནས་ཀྱི་མཆོག། ཅེས་འབྱུང་སྟེ། དེ་ལྟར་ནམ་མཁའི་སྐུ་གསུང་ཐུགས་བཤད་ནས་སའི་སྐུ་གསུང་ཐུགས་བཤད་པ་ནི། སའི་སྐུ་ནི་རི་རབ་སུམ་ཅུ་ཕྲག་དགུ་ཡིན་ལ། བསྐལ་པ་ཞིང་གི་རྡུལ་སྙེད་འབྱུང་བ་དེ་ཀུན་རྨད་དུ་བྱུང་བའི་ས་ནི་སྟོང་གསུམ་གྱི་སྟོང་ཆེན་པོ། སའི་འཇིག་རྟེན་ཡང་རི་རབ་སུམ་ཅུ་ཕྲག་དྲུག་ལ། རི་རབ་འབུམ་ཡོད་དེ། དེའི་བསྐལ་པ་ཞིང་གི་རྡུལ་སྙེད་གཅིག་གི་ཚད་ལ་ནི། བྱང་ཆུབ་སེམས་རྨད་དུ་བྱུང་བའི་ཚད་དཔག་ཏུ་མེད་པ་ནི་རི་རབ་དང་གླིང་རྣམས་དང་ས་གཞི་དང་སྣང་ཞིང་སྲིད་པ་རྣམས་ཀྱི་ནང་ན། སྣང་ཞིང་སྲིད་པའི་སྐྱེ་འགྲོ་རྣམས་དང། དེ་ཀུན་ཟོས་ཀྱང་ད་དུང་མ་ཟོས་ཞེས་དེ་ལྟ་བུ་ལ་བྱའོ། ། བྱང་ཆུབ་སེམས་རྨད་དུ་བྱུང་བའི་ཉམས་པ་བསྐང་བའི་ལེའུ་སྟེ་ཉི་ཤུ་རྩ་དྲུག་པའོ།།།། དེ་ནས་རྨད་དུ་བྱུང་བའི་སྐུ་ལས་མེའི་འོད་དུ་འབརཏེ། འདོད་ཆགས་འོད་དུ་འབར། ཞེ་སྡང་འོད་དུ་འབར། ང་རྒྱལ་འོད་དུ་འབར། ཕྲག་དོག་འོད་དུ་འབར། གཏི་མུག་འོད་དུ་འབར། དེ་བཞིན་དུ་ཕུང་པོ་ལྔ་ཉིད་སྐུ་ལྔ་སྟེ། འོད་དུ་འབར་བ་དེ་ཡང། བྱང་ཆུབ་ཀྱི་སེམས་རྨད་དུ་བྱུང་བའི་སྐུ་ལྔ་སྟེ། བདག་ཉིད་ལས་འོད་དུ་འབར་བའོ།། དེ་བཞིན་དུ་རྣམ་པར་ཤེས་པ་ལྔ་ལས་ཀྱང་འོད་དུ་འབར་ཏེ། མིག་དང། རྣ་བ་དང། སྣ་དང། ལྕེ་དང། སེམས་ལས་འོད་དུ་འབར་བའོ།། དེ་བཞིན་དུ་ཕྱིའི་ཡུལ་ལས་ཀྱང་འོད་དུ་འབར་བའོ། ། ས་ཆུ་མེ་རླུང་ནམ་མཁའ་ལས་འོད་དུ་འབར་བའོ།། འོད་དེ་ཀུན་པས་རྨད་དུ་བྱུང་བའི་བྱང་ཆུབ་སེམས་རང་རིག་པའི་རྒྱལ་པོ་འོད་ལས་བྱུང་བའི། འོད་ཆེན་པོ་ཡེ་ཤེས་ཀྱི་འོད་ཆེ་ཞིང་གསལ་བས། འཇིག་རྟེན་གྱི་ཁམས་ཀུན་ཀྱང་ངའི་རིག་པའི་འོད་ལས་བྱུང་ཞིང་གསལ་བ་ཞེས་བྱའོ།། དེ་ཡིས་འཁོར་བའི་མུན་ནག་འོད་ཀྱིས་ཟིལ་གྱིས་མནན་ནས། ཡེ་ཤེས་མྱ་ངན་ལས་འདས་པས་སངས་རྒྱས་ཞེས་བྱའོ། ། འོད་འདི་དག་རྨད་དུ་བྱུང་བའི་འོད་དོ།། སྐྱེ་དང་རྒ་རྒུད་འཆི་བའི་སྡུག་བསྔལ་ལ།། རྨད་བྱུང་བྱང་ཆུབ་སེམས་ནི་བདེ་ཆེན་པོས།། སྨན་མཆོག་ནད་མེད་བདེ་འཚོ་བ།། དུས་གསུམ་འཇིག་རྟེན་གསུམ་ལས་འདས། ། མྱ་ངན་འདས་ཞེས་དེ་ལ་བྱའོ།། ཡང་སྙིང་པོ་བྱང་ཆུབ་ན་བཞུགས་པའི་སྐུས། རྡོ་རྗེ་སེམས་དཔའ་ལ་གཟིགས་ནས། ཆོས་རྨད་དུ་བྱུང་བ་བྱང་ཆུབ་སེམས་རྨད་དུ་བྱུང་བ་ཞེས་བྱ་བ། འདི་དག་སྟོན་ཅིང་བཞུགས་པའི་ཚེ། གཉིས་སུ་མེད་པའི་ལྕང་ལོ་ཅན་གྱི་ཕོ་བྲང། བདེ་བ་ཆེན་པོའི་ཞིང་ཁམས་ན། འཕགས་པ་ཉན་ཐོས་དང། རང་སངས་རྒྱས་དང། ཐེག་པ་ཆེན་པོའི་མདོ་སྡེ་ལ་སོགས་པ། རྩོལ་བ་དང་བཅས་པའི་སྡུག་བསྔལ་གྱི་རྒྱ་མཚོ་ནས། ས་ནས་ས་རུ་བགྲོད་ཅིང་སྦྱོར་ཞིང་རྩོལ་བ་མིང་ཡང་མི་བརྗོད་དོ།། ཐེག་པ་ཆེན་པོ་གསང་སྔགས་བླ་ན་མེད་པའི་དོན་སྟོན་ཅིང། རིགས་ལྔའི་སངས་རྒྱས་དང། དུས་གསུམ་གྱི་བདེ་བར་གཤེགས་པ་འདི་དག་ཐམས་ཅད་དང། དགོངས་པ་ཆས་ཉིད་ཀྱི་ཐིག་ལེར་གསལ་ཞིང་དག་པའི་ཕྱིར། བྱང་ཆུབ་སེམས་དཔའ་དང། སེམས་མ་གཉིས་སུ་མེད་པར་སྦྱོར་བས། རྩ་བ་དང་བཅས་པའི་སྡུག་བསྔལ་གྱི་རྒྱ་མཚོ་རྩ་བ་མེད་པའི་དོན་གྱིས་སྐེམ་སྟེ། ཡེ་ཤེས་ཀྱི་སྣང་བ་ཆེན་པོ་ཡང་དག་པ་རང་རིག་པ་ཉིད་ལས་འཆར་བར་སྟོན་པ་ནི། རྩ་བའི་དོན་དང་སྦྱར་རོ།། དེ་ལ་ཚིག་གི་དོན་ལ་རྣམ་པ་གསུམ་སྟེ། ཚིག་ཉུང་ལ་དོན་ཆེ་བར་བསྟན་པ་དང། འབྲས་བུ་སྐུ་གསུང་ཐུགས་སུ་བསྟན་པ་དང། ཚིག་སྡེབ་སྦྱོར་ལེགས་པར་བསྟན་པའོ།། དེ་ལ་ཚིག་གི་དོན་ཡང། བྱང་ཆུབ་སེམས་རྨད་དུ་བྱུང་བ་འདི་ནི་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོའི་ཐུགས་ཀྱི་དགོངས་པ་བདེ་བའི་དབྱིངས་ནས། དུས་གསུམ་གྱི་བདེ་བར་གཤེགས་པ་རྣམས་ཀྱི་དོན་དུ་ཐུགས་ཀྱི་གསང་བ་དཀྱིལ་འཁོར་ནས་ལྗགས་ཀྱི་དབང་པོར་བཀྲམ་སྟེ་བཤད་པ་ནི་ཚིག་གི་དོན་ནོ།། འབྲས་བུ་སྐུ་གསུང་ཐུགས་སུ་བསྟན་པ་ནི། ། ཡེ་ནས་ཡོད་ཅིང་རྟག་པར་བཞུགས།། འགྱུར་བ་མེད་པས་བསོད་ནམས་སྐུ།། བསམ་གྱིས་མི་ཁྱབ་སྤྲུལ་པའི་སྐུ།། ལྷུན་གྱིས་གྲུབ་པས་ལོངས་སྤྱོད་རྫོགས་པའི་སྐུ།། བྱ་བཙལ་མེད་པས་སྙིང་པོ་བྱང་ཆུབ་སྐུ། ། སྣ་ཚོགས་འབྱུང་བས་ཡེ་ཤེས་ཆོས་ཉིད་སྐུ།། ཞེས་འབྱུང་བ་ལ་སོགས་པས། སྔགས་ཆེ་བའི་ཡོན་ཏན་ཁྱད་པར་དུ་བྱུང་སྟེ། དཔག་པས་བདེ་གཤེགས་ཆོས་དབྱིངས་སྐུ།། ཆོས་ཀྱི་སྐུ་དེ་ཡེ་ཤེས་ཀྱི་འོད་འབྱུང་བའོ། ། དེ་ལྟར་འོད་ཀྱིས་སྟོང་གསུམ་གྱི་སྟོང་ཆེན་པོའི་ཆོས་ཀྱི་དབྱིངས་ཀྱི་སྐུ་དང། ཡེ་ཤེས་ཀྱི་འོད་ཀྱིས་འཇིག་རྟེན་ཁམས་མ་ལུས་པ་ཀུན་ལ་ཁྱབ་སྟེ། སྟོང་པ་ཆེན་པོར་བཤད་པའོ། ། རྨད་དུ་བྱུང་བ་སངས་རྒྱས་ཀྱི་འོད་ནི་བསམ་གྱིས་མི་ཁྱབ་པའོ།། དེ་ནི་ཡེ་ཤེས་ཀྱི་འོད་དེ། དེས་བྱང་ཆུབ་རྨད་དུ་བྱུང་བ་མཐོང་བར་བྱེད་པས། རྨད་དུ་བྱུང་བའི་འོད་ཅེས་བྱའོ།། བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔས། ཡང་ཀུན་རིག་ཆོས་ཀྱི་རྗེ་ལ་ཞུས་པ།། ཆོས་ཀྱི་སྐུ་དང་ཡེ་ཤེས་ལས། འོད་འབྱུང་བ་ནི་ཇི་ལྟ་བུ་ལགས་ཞེས་གསོལ་པ་དང། སངས་རྒྱས་ཀྱིས་གསུངས་པ། འདི་ལྟར་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་རྡུལ་ཕྲ་མོ་དག་ཏུ་བྱས་ནས། ཆོས་ཀྱི་སྐུར་སྟོན་པ། རྨད་དུ་བྱུང་བའི་བྱང་ཆུབ་ཀྱི་སེམས་ཆོས་ཀྱི་སྐུའི། ཡེ་ཤེས་ཀྱི་འོད་དེ་དེ་ཙམ་མོ།། དེ་བཞིན་ཡེ་ཤེས་འོད་ཀྱང་བསམ་མི་ཁྱབ།། སྲིད་གསུམ་ནམ་མཁའི་ཁམས་པས་འོད་ཕུང་གསལ། ། བསྐལ་པའི་ཞིང་གི་རབ་འབྱམས་ཇི་ཙམ་གྱི།། སེམས་ཅན་ཀུན་ལ་ཐུགས་རྗེའི་འོད་དེ་ཙམ།། སྤྱོད་དང་མི་སྤྱོད་གཡོ་དང་མི་གཡོ་ཞེས་བཀའ་སྩལ་ཏོ།། བློ་དང་ཡེ་ཤེས་རིག་པའི་འོད་ཀྱང་རྨད་དུ་བྱུང་བའོ། ། དེ་སྙེད་དུ་སངས་རྒྱས་ཀྱི་འོད་འབྱུང་བ་ནི་ཆེའོ།། རང་རིག་པའི་ཡེ་ཤེས་ཀྱི་འོད་འབྱུང་བ་ནི་ཤིན་ཏུ་གསལ་ལོ།། དེའི་ཕྱིར་ནམ་མཁའ་དང་ཉི་ཟླའི་འོད་འདྲ་བ་མ་ཡིན་པས། འོད་ནི་ཀུན་དང་ཐུན་མོང་མིན་ཞེས་བཀའ་སྩལ་ཏོ། ། བྱང་ཆུབ་སེམས་རྨད་དུ་བྱུང་བ་ལས། འོད་ཀྱི་ཁྱད་པར་གྱི་ལེའུ་སྟེ་ཉི་ཤུ་བདུན་པའོ།།།། ལེའུ་འདིས་འཁོར་བའི་ལམ་ལྔ་བསྟན་ཏེ། དེ་ནས་རྡོ་རྗེ་སེམས་དཔས་ཞུས་པ། འཁོར་བའི་ལམ་ལྔ་གང་ལགས། སྟོན་པ་ཀུན་རིག་ཆོས་ཀྱི་རྗེས་བཀའ་སྩལ་པ།། འདོད་ཆགས་ཀྱིས་ནི་བླང་བར་བྱ།། ཞེ་སྡང་གིས་ནི་གསད་པར་བྱ།། ཕྲག་དོག་གིས་ནི་དབྱེ་བར་བྱ།། ང་རྒྱལ་གྱིས་ནི་བརྡེག་པར་བྱ། ། གཏི་མུག་ཆོས་སུ་ལམ་སྟོན་ཏེ།། འདོད་ཆགས་ཞེ་སྡང་གཏི་མུག་དང།། ང་རྒྱལ་ཕྲག་དོག་འདི་རྣམས་ཀུན།། མ་རིག་དུག་གསུམ་རྩ་བ་སྟེ།། རིག་ན་བྱང་ཆུབ་ལམ་ཡིན་ནོ།། རིན་ཆེན་དཔལ་དང་ཆགས་མེད་འགྲུབ། ། རྡོ་རྗེ་དེ་བཞིན་གཤེགས་པར་སྣང།། བྱང་ཆུབ་སེམས་རྨད་དུ་བྱུང་བ་ལས། འཁོར་བའི་ལམ་ལྔ་བསྟན་པའི་ལེའུ་སྟེ་ཉི་ཤུ་རྩ་བརྒྱད་པའོ།།།། ལེའུ་འདིས་འཁོར་བའི་ལམ་ལྔ་ཉིད་རིགས་ལྔ་དང་ཡུམ་ལྔའི་དབྱིངས་སུ་བསྟན་ཏེ། ཡང་རྡོ་རྗེ་སེམས་དཔས་ཚིག་གི་ལེའུ་གོང་མ་ལ་བསྟན་ཏེ་ཞུས་པ་ལས། ཀུན་རིག་ཆོས་ཀྱི་རྗེ་ལ་སྟོན་པས་བཀའ་སྩལ་པ། མ་བྱིན་ལེན་པ་ས་ཡིན་ཏེ། མི་ཚངས་སྤྱོད་པ་ཆུ་ཡིན་ནོ། ། བརྫུན་དུ་སྨྲ་བ་རླུང་ཡིན་ཏེ།། གསོད་པར་བྱེད་པ་མེ་ཡིན་ནོ།། ཐམས་ཅད་ནམ་མཁའི་དབྱིངས་སུ་བསྟན།། ཞེས་བཀའ་སྩལ་ཏོ།། བྱང་ཆུབ་སེམས་རྨད་དུ་བྱུང་བ་ལས། འཁོར་བའི་ལམ་ལྔ་ཉིད་རིགས་ལྔ་དང་ཡུམ་ལྔའི་དབྱིངས་སུ་ཡེ་ནས་གནས་པའི་དོན་དུ་ལམ་ལྔ་ཡང་ད་ལྟར་བསྟན་པའི་ལེའུ་སྟེ་ཉེར་དགུ་པའོ། །།། ལེའུ་འདིས་འཁོར་བའི་རྒྱུ་འབྲས་ཉིད་ཡེ་ནས་དག་པའི་རྒྱུ་མ་ཆགས་པའི་ཞིང་དུ་གནས་པར་ལུང་བསྟན་ཏེ། དུག་གསུམ་རྩ་བ་བཅད་པས་ཁམས་གསུམ་འཁོར་བའི་རྒྱུ་འབྲས་མེད།། སྲོག་ཡོད་གསོད་པར་བྱེད་པ་ཧེ་རུ་ཀ། ཆགས་མེད་འཛིན་དང་བྲལ་བས་བཅིང་མེད་དུར་ཁྲོད་ཆེན་པོ་བརྒྱད།། མི་འཇུག་མི་འབྱུང་ཡུལ་མེད་དབང་པོས་སྟོང། ། ཕྱི་ནང་སྒོ་ཕུགས་མེད་པས་རྒྱ་ཆེ་ཡངས་པ་ཉིད།། སྐུ་གསུང་ཐུགས་དང་བྲལ་བས་ཆེ་བའི་མཆོག། སྔགས་དང་ཕྱག་རྒྱ་བྲལ་བས་ཉམས་པ་མེད།། ཆེ་བའི་ཆེན་པོར་རྫོགས་པས་རྨད་དུ་བྱུང། ། ཞེས་ཀུན་རིག་ཆོས་ཀྱི་རྗེས་བཀའ་སྩལ་ཏོ།། བྱང་ཆུབ་སེམས་རྨད་དུ་བྱུང་བ་ལས་འཁོར་བའི་རྒྱུ་འབྲས་ཉིད་དག་པའི་ཞིང་དུ་བསྟན་པའི་ལེའུ་སྟེ་སུམ་ཅུ་པའོ།།།། ལེའུ་འདིས་འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་རྣམ་པར་དག་པའི་དབྱིངས་སུ་བསྟན་ཏེ། སྟོན་པ་སངས་རྒྱས་བཅོམ་ལྡན་འདས་བདེ་བ་ཆེན་པོ་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་རྣམ་པར་དག་པའི་དབྱིངས་སུ་གནས་པར་གཟིགས་ནས་གཉིས་སུ་མེད་པའི་དོན་རྟོགས་ཏེ་ཐུགས་སུ་ཆུད་ནས། འགྲོ་བ་ཡང་ཆོས་ཉིད་ལ་འཁོར་བ་ཡང་མྱ་ངན་ལས་འདས་ཏེ། གཉིས་སུ་མེད་པའི་དོན་རྟོགས་ནས་ལ་བཟླས་ཏེ་མི་གཡོ་བའི་ཚུལ་དུ་བཞུགས་པ་ལས། ། བྱང་ཆུབ་སེམས་རྨད་དུ་བྱུང་བའི་དོན་དབུས་མཐའ་མེད་པར་བསྟན་ཏོ།། བྱང་ཆུབ་སེམས་རྨད་དུ་བྱུང་བ་ལས། ཆོས་ཐམས་ཅད་དབུས་མཐའ་རྣམ་པར་མེད་པར་བསྟན་པའི་ལེའུ་སྟེ་སུམ་ཅུ་གཅིག་པའོ། །།། ལེའུ་འདིས་ཆོས་ཉིད་བྱང་ཆུབ་སེམས་ཀྱི་ཡེ་ནས་ཡེ་ཤེས་ཆེན་པོའི་རང་བཞིན་དུ་གནས་པར་བསྟན་ཏེ། དེ་ཡང་ཆོས་ཉིད་བྱང་ཆུབ་ཆེན་པོའི་རང་བཞིན་གནས་པ་ལས་དབྱིངས་དང་ཡེ་ཤེས་འདུ་འབྲལ་མེད་པས། ཡོ་ག་ཐམས་ཅད་ཀྱི་དོན་ཨ་ཏི་ཡོ་གར་འདུས་པར་སྟོན་ལ། ཨ་ཏི་ཡོ་གའི་དོན་ནི་བྱང་ཆུབ་སེམས་རྨད་དུ་བྱུང་བར་འདུས་པར་སྟོན་ཏོ།། བྱང་ཆུབ་སེམས་རྨད་དུ་བྱུང་བ་ལས། ཡོ་ག་ཐམས་ཅད་ཨ་ཏི་ཡོ་གར་འདུས་པའི་ལེའུ་སྟེ་སུམ་ཅུ་སོ་གཉིས་པའོ།།།། ལེའུ་འདིས་ཆོས་ཐམས་ཅད་ཡེ་ནས་སངས་རྒྱས་པར་བསྟན་ཏེ། མྱ་ངན་འདས་འདས་པའི་དབྱིངས་ན་མི་དམིགས་པའི་རྒྱལ་པོ་ལ། བླ་འོག་དང་ཕྱོགས་ཆ་མེད་པར་བཞུགས་ཀྱང། ཡེ་ཤེས་ཀྱི་ཐུགས་རྗེ་ཆེན་པོས་སྤྲུལ་པ་རྣམ་པ་སྣ་ཚོགས་པ་ཅིར་ཡང་མཛད་པར་སྟོན་པ་ནི། ཐམས་ཅད་དག་པའི་ཞིང་དུ་སྦྱོར་ཞིང། ཐམས་ཅད་དག་པའི་དབྱིངས་སུ་སྒྲོལ་བར་སྟོན་ཅིང་བཞུགས་སོ། ། དེ་ཉིད་ཀྱང་ཁམས་གསུམ་ལས་འདས་ཤིང། མི་འཕོ་མི་འགྱུར་མི་འཁོར་མི་གནས་པའི་རིན་པོ་ཆེ་ཀུན་ཏུ་བཟང་པོའི་ངང་ལ་གནས། བྱང་ཆུབ་སེམས་རྨད་དུ་བྱུང་བ་ལས་མི་འཕོ་མི་འགྱུར་བའི་ལེའུ་སྟེ་སུམ་ཅུ་སོ་གསུམ་པའོ། །།། ལེའུ་འདིས་བདེ་བ་ཆེན་པོའི་ཀློང་ན། སྐུའི་འོད་དང་གསུང་གི་ཟེར་ལ་རོལ་ཅིང་ཇི་ལྟར་འབྱུང་བ་བསྟན་ཏེ། བྱང་ཆུབ་སེམས་བདེ་བ་ཆེན་པོའི་ཀློང་ན། སྐུའི་འོད་དང་གསུང་གི་ཟེར་ལས་ཀུན་རིག་ཆོས་ཀྱི་རྒྱལ་པོས། ཡུམ་འདོད་པའི་དབང་མོ་ལ། གཉིས་སུ་མེད་པས་གནས་ཤིང་སྣང་སྲིད་ཐམས་ཅད་ཐུགས་རྗེ་ཆེན་པོའི་ངང་དུ་གྱུར་ཏེ། ཡང་འཁོར་བའི་ཆོས་དང་སྲིད་པ་ཀུན་ཡང་དག་པའི་བྱང་ཆུབ་ཏུ་བསྟན་ཏོ། ། བྱང་ཆུབ་སེམས་རྨད་དུ་བྱུང་བ་ལས། ཚིག་དང་ཡི་གེ་ལས་འདས་པར་བསྟན་པའི་ལེའུ་སྟེ་སུམ་ཅུ་སོ་བཞི་པའོ།།།། ལེའུ་འདིས་ཆོས་ཐམས་ཅད་ཡེ་ནས་མྱ་ངན་ལས་འདས་པར་བསྟན་ཏེ། དེ་ཡང་བྱང་ཆུབ་སེམས་མྱ་ངན་ལས་འདས་པ་ཡང་དོན་གསུམ་སྟེ། ཡེ་ནས་སངས་རྒྱས་པའི་དབྱིངས་ན་མི་དམིགས་པའི་རྒྱལ་པོ་རྟོག་པ་མི་མངའ་བར་ཐུགས་རྗེ་ཆེན་པོ་ཡེ་ཤེས་སུ་གྱུར་པ་བཞུགས་པ་དང། སྲིད་པ་གསུམ་དུས་གཅིག་ཏུ་གསལ་བར་མཁྱེན་པའི་ཡེ་ཤེས་ལ་མ་འགགས་པར་གསལ་ཞིང་དག་པ་དང། དག་པར་མཁྱེན་པ་དང། ཐམས་ཅད་ཀྱི་སྣོད་དང་བཅད་དུ་གྱུར་པའོ། ། དེ་ལྟར་ཀུན་གྱི་སྙིང་པོར་གྱུར་པས། སྐུ་དང་ཡེ་ཤེས་ཀྱི་ཆོས་ཉིད་དོ།། བྱང་ཆུབ་སེམས་རྨད་དུ་བྱུང་བ་ལས། སྐུ་དང་ཡེ་ཤེས་ཆོས་ཉིད་དུ་བསྟན་པའི་ལེའུ་སྟེ་སུམ་ཅུ་སོ་ལྔ་པའོ། །།། ལེའུ་འདིས་བྱང་ཆུབ་སེམས་རྨད་དུ་བྱུང་བའི་དགོས་ཆེད་བསྟན་ཏེ། བྱང་ཆུབ་སེམས་རྨད་དུ་བྱུང་བ་འདིའི་མགོ་མཇུག་ཏུ་དགོས་ཆེད་ཀྱི་དོན་རྣམ་པ་བརྒྱད་ཀྱིས་བསྟན་ཏེ། འབྲས་བུ་སྐུ་གསུང་ཐུགས་ལྷུན་གྱིས་གྲུབ་པར་བསྟན་ཏོ། ། དེ་ཡང་གང་ཞེ་ན། བྱང་ཆུབ་སེམས་ཀྱི་སེམས་རང་བཞིན་བསྟན་པ་དང། བྱང་ཆུབ་སེམས་ཀྱི་ཁྱབ་གདལ་ཆེན་པོ་བསྟན་པ་དང། བྱང་ཆུབ་སེམས་ཀྱི་ངེས་ཚིག་བསྟན་པ་དང། བྱང་ཆུབ་སེམས་ཀྱི་རྒྱུ་འབྲས་ཀྱི་དོན་བསྟན་པ་དང། བྱང་ཆུབ་སེམས་མྱ་ངན་ལས་འདས་པ་ཆེན་པོ་བསྟན་པ་དང། བྱང་ཆུབ་སེམས་སྟོང་པ་ཆེན་པོའི་ཡེ་ཤེས་མི་འགྱུར་བའི་བདག་ཉིད་དུ་བསྟན་པ་དང། བྱང་ཆུབ་སེམས་བདེ་བ་ཆེན་པོའི་ཡེ་ཤེས་ཡེ་ནས་སངས་རྒྱས་ཏེ། རྟག་པ་ཆེན་པོའི་གཡུང་དྲུང་དུ་བསྟན་པ་དང། བྱང་ཆུབ་སེམས་མཐར་ཐུག་མེད་པ་དང་བརྒྱད་དོ།། དེ་ཡང་དབྱེ་ན་བྱང་ཆུབ་སེམས་ཀྱི་རང་བཞིན་བསྟན་ལ་ཡང་དོན་གཉིས་ཏེ། ། སྣང་ཞིང་སྲིད་པའི་ཆོས་ཐམས་ཅད་ཡེ་ནས་མ་བཅོས་པར་སངས་རྒྱས་པར་བསྟན་པ་དང། དེ་ལྟར་རིག་ཅིང་རྟོགས་ན་འབྲས་བུ་གཞན་ནས་བཙལ་དུ་མེད་པར་བསྟན་པའོ།། བྱང་ཆུབ་སེམས་ཀྱི་ངེས་ཚིག་བསྟན་པ་ལ་ཡང་དོན་གསུམ་སྟེ། ལུང་ངེས་པ་དང། མན་ངག་གསང་བ་འདི་སྤྲོས་པ་མེད་པའི་བྱང་ཆུབ་སེམས་སུ་བསྟན་པ་དང། དཔེ་དང་ཚིག་ལ་འདས་པས་གཟུང་འཛིན་གྱི་ཡུལ་དང་བྲལ་བར་བསྟན་པ་དང། བྱང་ཆུབ་སེམས་ལས་མ་གཏོགས་པའི་ཆོས་འཇིག་རྟེན་གཞན་ནས་བཙལ་དུ་མེད་པར་བསྟན་པའོ།། བྱང་ཆུབ་སེམས་རྒྱུ་འབྲས་ཀྱི་དོན་བསྟན་པ་ལ་བཞི་སྟེ། ཐམས་ཅད་འབྱུང་བའི་རྒྱུ། ཡུམ་ཀུན་ཏུ་བཟང་མོའི་དབྱིངས། ཀློང་ཡངས་པའི་ཐིག་ལེར་འབྲས་བུ་བྱང་ཆུབ་སེམས་ཀུན་ཏུ་བཟང་པོར་ཤར་བར་བསྟན་པ་དང། མི་རྟོག་པའི་ཡེ་ཤེས་ཀྱི་རིག་པ་རང་ལས་འཆར་བར་བསྟན་པ་དང། ཆོས་སྐྱེ་འགག་དང་བྲལ་བའི་ངང་ལས་ཀྱང། ཐུགས་རྗེ་ཐབས་མཁས་པའི་བྱེ་བྲག་སྣ་ཚོགས་སུ་བསྟན་པ་དང། ཕུང་པོ་དང་ཁམས་སྐྱེ་མཆེད་ལྷའི་སྐུ་ཕྱག་རྒྱ་ཆེན་པོར་བསྒོམས་པས། དུས་གསུམ་དུ་འདུས་མ་བྱས་པའི་སྙིང་པོ་ཡེ་ཤེས་ཀྱི་རིག་པ་ཙིཏྟའི་དཀྱིལ་དུ་འཆར་བར་བསྟན་པའོ། ། བྱང་ཆུབ་སེམས་མཐར་ཐུག་པ་མེད་པ་ལྟར་བསྟན་པ་ལ་ཡང་དོན་ལྔ་སྟེ། ཐབས་དང་ཤེས་རབ་བསྒོམས་པས། རིགས་ལྔའི་སངས་རྒྱས་ཀྱི་སྐུ་མདོག་དང། བཞུགས་ཚུལ་བསྟན་པ་དང། དབྱིངས་དང་ཡེ་ཤེས་སུ་གསལ་བས་སྐུའི་དངོས་པོ་དང་བྲལ་ཏེ། རིག་པའི་ཏིང་ངེ་འཛིན་པས་ཐམས་ཅད་འོད་ཀྱི་དཀྱིལ་འཁོར་དུ་བསྟན་པ་དང། ཤེས་པ་དང་ཤེས་བྱ་རྟོགས་པས་སངས་རྒྱས་ཀྱི་དགོངས་པ་མ་འདྲེས་པར་ཐུགས་སུ་ཆུད་པར་བསྟན་པ་དང། ནམ་མཁའ་ལྟར་ཀུན་ལ་ཁྱབ་ཅིང་རེ་དོགས་དང་འཁོར་བའི་ཆོས་མེད་པར་བསྟན་པ་དང། རང་རིག་པ་བྱང་ཆུབ་སེམས་ཀྱི་རྟོགས་པའི་འབྲས་བུ་དུས་གསུམ་དུ་མི་འགྱུར་བར་བསྟན་པའོ། ། བྱང་ཆུབ་སེམས་ཁྱབ་གདལ་ཆེན་པོར་བསྟན་པ་ལ་ཡང་དྲུག་སྟེ། གསང་བ་མཆོག་གི་དཀྱིལ་འཁོར་དུ་ནི་དོན་རྟོགས་པས། ན་ར་ཧ་སའི་དབྱིངས་བགྲོད་པར་བསྟན་པ་དང། འདུ་འབྲལ་མེད་པའི་དོན་བྱ་བཙལ་དང་བྲལ་བར་བསྟན་པ་དང། ལུང་གི་ཤ་ཐང་ཕྱེ་ནས་མན་ངག་གི་དབྱིངས་བགྲོད་པར་བསྟན་པ་དང། དམ་ཚིག་སྡོམ་པ་ལ་གནས་ཤིང་སྐུ་གསུང་ཐུགས་ཀྱི་འབྲས་བུ་ཐོབ་པར་བསྟན་པ་དང། རྒྱལ་བ་ཐམས་ཅད་ཀྱི་ཐུགས་ཀྱི་གཏེར་བྱང་ཆུབ་སེམས་རྨད་དུ་བྱུང་བ་ཡིན་པར་བསྟན་པ་དང། རྒྱུ་འབྲས་ཆོས་ཐམས་ཅད་ཇི་ལྟར་བསྟན་པ་ཡང། སེམས་མི་སྐྱེ་བ་ལས་སྐྱེ་བའི་ཆོ་འཕྲུལ་འབྱུང་བར་བསྟན་པའོ། ། བྱང་ཆུབ་ཀྱི་སེམས་མྱ་ངན་ལས་འདས་པར་བསྟན་པ་ལ་ཡང་དོན་གསུམ་སྟེ། ཡེ་ནས་སངས་རྒྱས་ཏེ་མྱ་ངན་ལས་འདས་པའི་དབྱིངས་ན། མི་དམིགས་པའི་རྒྱལ་པོ་ཕྱོགས་མེད་པར་བཞུགས་ཀྱང། ཐུགས་རྗེ་ཆེན་པོའི་སྤྲུལ་པ་ཇི་ལྟར་མཛད་པར་བསྟན་པ་དང། ཐམས་ཅད་དག་པའི་ཞིང་དུ་སྒྲོལ་ཞིང་ཡུམ་གྱི་ལྷུམས་སུ་སྦྱོར་བས། ཁམས་གསུམ་ལས་འདས་པ་ཆེན་པོར་བསྟན་པ་དང་མི་འཕོ་མི་འགྱུར་མི་འཁོར་མི་གནས་པས། སེམས་རིན་པོ་ཆེ་ཀུན་ཏུ་བཟང་པོའི་ངང་ལས་གཡོས་པ་མེད་པར་བསྟན་པའོ།། བྱང་ཆུབ་སེམས་སྟོང་པ་ཆེན་པོར་ལ་བཟླས་པ་ལ་ཡང་དོན་རྣམ་པ་གཉིས་ཏེ། བདེ་བའི་ཀློང་ན་སྐུའི་འོད་ལ་བཞུགས་ཤིང། གསུང་གི་འོད་ཟེར་ལ་རོལ་བར་བསྟན་པ་དང། ཀུན་རིག་ཆོས་ཀྱི་རྒྱལ་པོས་ཡུམ་འདོད་པའི་དབང་མོ་དང་གཉིས་སུ་མེད་པར་བསྟན་པའོ།། བྱང་ཆུབ་ཡེ་ནས་སངས་རྒྱས་ཏེ། རྟག་པའི་གཡུང་དྲུང་དུ་བསྟན་པ་ལ་དོན་བདུན་ཏེ། ཞིང་བཅུ་ཡང་སངས་རྒྱས་ཀྱི་ཞིང་དུ་བསྟན་པ་དང། སྣང་སྲིད་ཐམས་ཅད་ཐུགས་རྗེ་ཆེན་པོའི་ངང་དུ་བསྟན་པ་དང། འཁོར་བའི་ཆོས་ཐམས་ཅད་བྱང་ཆུབ་སེམས་སུ་བསྟན་པ་དང། ཐེག་པ་མཐའ་དག་གི་ཡང་རྩེ་ཨ་ཏི་ཡོ་གར་བསྟན་པ་དང། རྒྱུ་དང་འབྲས་བུའི་ཆོས་ཐམས་ཅད་བྱང་ཆུབ་སེམས་སུ་འདུས་པར་བསྟན་པ་དང། ཚིག་དང་ཡི་གེའི་སྤྱོད་ཡུལ་ལས་འདས་པར་བསྟན་པ་དང། སྦྱོར་སྒྲོལ་སྐྱེ་ཤི་རྩ་བ་བཅད་ནས། ཀུན་ནས་བསྡུས་པའི་ཐིག་ལེ་རྟག་ཆད་ཀྱི་མཐའ་ལས་འདས་པར་བསྟན་པའོ།། བྱང་ཆུབ་སེམས་རྨད་དུ་བྱུང་བ་ལས། མན་ངག་གི་དགོས་ཆེད་བསྟན་པའི་ལེའུ་སྟེ་སུམ་ཅུ་དྲུག་པའོ། །།། ལེའུ་འདིས་བྱང་ཆུབ་སེམས་རྨད་དུ་བྱུང་བའི་ངེས་ཚིག་བསྟན་ཏེ། དེ་ཡང་བྱང་བ་ནི་སྒྲིབ་པ་དང་བག་ཆགས་ཡེ་ནས་བྱང་བ་སྟེ། ཤེལ་སྒོང་ལག་མཐིལ་དུ་བཞག་པ་ལྟར། དུས་གསུམ་དང་ཁམས་གསུམ་དང། སྲིད་པ་གསུམ་དུས་གཅིག་ཏུ་མཁྱེན་པ་མ་འགགས་པས། དྭངས་ཤིང་དག་ལ་གསལ་བས་དོན་ངེས་པ་ཡིན་ལ། ཆུབ་པ་ནི་ཏིལ་འབྲུ་མར་གྱིས་ཁྱབ་པ་དང་འདྲ་བར་ཐམས་ཅད་ཀྱི་བཅུད་དུ་འགྱུར་ཏེ། ལྷུན་གྱིས་གནས་པའི་ཆོས་ཉིད་ཀུན་གྱི་སྙིང་པོའོ།། སྐུ་དང་ཡེ་ཤེས་ཀྱི་འབྱུང་གནས་སུ་གྱུར་པས་ཆུབ་ལ། སེམས་ནི་རྟོག་པའི་ཡེ་ཤེས་སུ་གྱུར་པས། ཀུན་གཞི་གསང་བའི་དབྱིངས་ནས་མ་བསླད་པའི་དོན་བཙལ་དུ་མེད་པ་ནི་ནོར་བུ་རིན་པོ་ཆེ། རང་བཞིན་དང་ཁ་དོག་ཏུ་གསལ་བ་ནི་སེམས་སྐྱེ་བ་མེད་པ་ཡིན་ལ། བདེ་བ་ནི་དུས་གསུམ་ཅིག་ཅར་རྫོགས་ཏེ། ཆོས་ཀྱི་དབྱིངས་ཡོངས་སུ་དག་པ་དང། དགྱེས་པ་ཆེན་པོ་བཏང་སྙོམས་སུ་བཞུགས་པས་བདེ་བ་ཡིན་ལ། ཆེན་པོ་ནི་གཉན་པོ་གང་དག་གིས་ཀྱང་ཆོས་སུ་མེད་པ་སྟེ། ནམ་མཁའ་ལྟར་རྒྱུ་ལ་མ་ལྟོས་ཏེ་ཡེ་ནས་དག། རྐྱེན་དང་མ་འབྲེལ་ཏེ་ཡེ་ནས་གནས། རྫས་དང་མཚན་མ་ལ་རག་མ་ལས་ཏེ། གང་ན་ལ་བཟླར་མེད་པ་ཡིན་ནོ།། ཐུགས་ལ་ཡང་དོན་གསུམ་སྟེ། ཀུན་ལ་འཇུག་པ་དང། ཡིད་ཀྱི་མཚན་ཉིད་དང། རིག་པའི་ཡེ་ཤེས་སོ།། སྐུ་ལ་ཡང་དོན་གསུམ་སྟེ། ཀློང་ཡངས་པའི་མཁའ་དང། ཀུན་ཏུ་བདེ་བའི་སྐུ་དང། བྱང་ཆུབ་ཀྱི་སེམས་རྡོ་རྗེའོ།། གསུང་ལ་ཡང་གསུམ་སྟེ། ངེས་པའི་ཚིག་དང། བརྗོད་པར་བྱ་བ་དང། ཐམས་ཅད་དུ་སྤྲོས་པའོ།། བྱང་ཆུབ་སེམས་རྨད་དུ་བྱུང་བ་འདིས་ཁམས་གསུམ་དབང་དུ་བསྡུས་ཏེ། ཐམས་ཅད་ཀྱི་སྲོག་འཛིན་པའི་ཕྱིར། ཡུམ་ཀུན་ཏུ་བཟང་མོའི་བྷ་ག་རྒྱ་མཚོའི་དབྱིངས་སུ་ཐིམ་ལ་སྐུ་གསུང་ཐུགས་ལྷུན་གྱིས་གྲུབ་སྟེ། བྱ་བཙལ་ལས་འདས་ནས་རིག་པའི་རྒྱལ་པོ་རང་དབང་དུ་གྱུར་ནས། ཡེ་ཤེས་ཀྱི་སྣང་བ་ཆེན་པོ་རང་ལ་མཆོད་པའི་ཕྱིར། ཀུན་ཏུ་བཟང་པོའི་མཁའ་བདེ་བ་ཆེན་པོར་བསྡུས་སོ།། དེ་གཉིས་སུ་མེད་པ་ལས་སེམས་རིན་པོ་ཆེ་སྐྱེ་བ་མེད་པའི་དོན་ཕྱིན་ཅི་མ་ལོག་པའི་ཚིག་དང་ཡི་གེ་མཚོན་པ་ལས་འདས་པའི། རང་བཞིན་དང་ཁ་དོག་ཅིར་ཡང་སྟོན་ཅིང། འགྱུར་བ་མེད་པའི་དབྱིངས་བདེ་བ་ཆེན་པོའི་ཀློང་ཡངས་པ་ན། རྟག་པ་ཆེན་པོ་གཡུང་དྲུང་གི་སྐུ་བཞུགས་སོ།། བྱང་ཆུབ་སེམས་རྨད་དུ་བྱུང་བ་ལས། ངེས་པའི་ཚིག་བསྟན་པའི་ལེའུ་སྟེ་སུམ་ཅུ་བདུན་པའོ།།།། ལེའུ་འདིས་བྱང་ཆུབ་སེམས་རྨད་དུ་བྱུང་བའི་ཡོན་ཏན་བསྟན་ཏེ། བྱང་ཆུབ་སེམས་བསྒོམ་པའི་དོན་བསྟན་པ། གཞུང་ལས་ཀྱང་ཁམས་གསུམ་རིན་ཆེན་རྙེད་པའི་མི་ཞེས་འབྱུང་བ་ནི། དཔེར་ན་བྱང་ཆུབ་སེམས་རྨད་དུ་བྱུང་བའི་དོན་རྟོགས་པ་ནི། མཆོད་དང་མཆིང་བུ་ནོར་བུ་རི། ནོར་ཆེ་བ་ཡང་བཻ་ཌཱུརྱ་ལུག་ཤིག་ཙམ་ཞིག་གི་འོད་ཀྱིས། རི་དེ་རིལ་ཀྱང་ནོར་བུའི་རི་དེ་ཀུན་བཻ་ཌཱུརྱ་མངོན་ནོ།། དེ་དང་འདྲ་བར་བྱང་ཆུབ་སེམས་ཀྱི་སེམས་སྟོང་སྤྱི་ཕུད་ཡེ་ཤེས་མཁའ་ལ་རོལ་པ་འདི་ནི་རྨད་དུ་བྱུང་བ་སྟེ། ཁམས་གསུམ་རིལ་ཡང་རིན་པོ་ཆེར་མཐོང་ལ། སྲིད་པ་གསུམ་ཡང་རིན་པོ་ཆེར་གྱུར་པ་ལ་བྱའོ།། དེ་བཞིན་དུ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལ་ནི་ཅི་ཡང་འབྱུང་བ་ལྟ་བུ་ཞེས་བྱའོ།། བྱང་ཆུབ་སེམས་རྨད་དུ་བྱུང་བ་ལས། རྨད་དུ་བྱུང་བའི་ཡོན་ཏན་དང་བསྒོམ་པའི་ལུང་བསྟན་པའི་ལེའུ་སྟེ་སུམ་ཅུ་བརྒྱད་པའོ། །།། ལེའུ་སྟེ་འདིས་བྱང་ཆུབ་སེམས་ཀྱི་མན་ངག་བསྟན་ཏེ། བྱང་བ་ལས་རྣམ་པར་དག་སྟེ་བྱས་ཟིན་པས་བྱང་དོན་ཐམས་ཅད་དབྱིངས་སུ་གཅིག་སྟེ། མ་བཙལ་བར་དབྱིངས་སུ་མེད་པས་ཆུབ་བོ།། ཐིག་ལེ་ཆེན་པོས་ཀུན་ལ་ཁྱབ་སྟེ། གཅིག་པས་སེམས་ཀུན་ཏུ་བཟང་པོའི་ངང་དུ་གསལ་ཏེ། མི་འབྱེད་པས་བདེ། རྒྱུ་རྐྱེན་ཀུན་དང་བྲལ་ཏེ་རག་གཞན་ལ་མ་ལུས་པ་ཆེན་པོ། རགས་པར་སྣང་བའི་རྩོལ་བ་མི་བསམ་སྟེ། བྱ་བ་བྱེད་པ་མེད་པས་བྱང། མི་དམིགས་པའི་ངང་ལ་མི་གཡོ་བའི་དྲན་པ་ཀུན་དང་བྲལ་བས་ཆུབ། སྐྱེ་བ་མེད་པའི་ཏིང་ངེ་འཛིན་ལ་ཡིད་གཞན་དུ་མ་ཡེངས་པའི་ཚེ་ན་སེམས། དྲན་པ་རྣལ་དུ་ཕབ་པ་ལ་གཉན་པོ་གཞན་མེད་པས་བདེ་བ་དབང་དང་དངོས་གྲུབ་ཀྱི་རག་གང་དུ་ཡང་མ་ལུས་ཏེ། ལམ་གྱི་བསྒྲུབ་མི་དགོས་པས་དགོངས་པ་ལྷུན་གྱིས་གྲུབ་པ་ཆེན་པོ། བྱང་ཆུབ་སེམས་རྨད་དུ་བྱུང་བ་ལས། བྱང་ཆུབ་སེམས་མན་ངག་ཏུ་བསྟན་པའི་ལེའུ་སྟེ་སུམ་ཅུ་རྩ་དགུ་པའོ།།།། ད་ནི་ལེའུ་འདིས་སློབ་མ་སྣོད་བཟང་པོའི་སློབ་མ་ལ། ལོབས་པར་བྱ་བའི་གཏན་ཚིགས་བསྟན་ཏེ། བྱང་ཆུབ་སེམས་ནི་ཀུན་ཏུ་བཟང་པོ་ཡང་ཡིན་ནོ།། རྡོ་རྗེ་སེམས་དཔའ་ལ་སོགས་ཏེ་རིགས་ལྔ་ཡང་ཡིན་ནོ།། རིགས་ཀྱི་ཡུམ་རྣམས་ཀྱང་ཡིན་ནོ།། བྱང་ཆུབ་སེམས་དཔའ་དང་སེམས་མ་ཡང་ཡིན་ནོ།། སྐུ་གསུང་ཐུགས་ཀྱང་ཡིན་ནོ། ། རྒྱུ་འབྱུང་བ་ཆེན་པོ་ལྔ་ཡང་ཡིན་ནོ།། རྒྱུ་ཡང་ཡིན་ནོ།། འབྲས་བུ་ཡང་ཡིན་ནོ།། རྡོ་རྗེ་ཡང་ཡིན་ནོ།། ཡེ་ཤེས་ཀྱང་ཡིན་ནོ།། ཆོས་ཉིད་ཀྱང་ཡིན་ནོ།། ཆོས་ཀྱི་དབྱིངས་ཀྱང་ཡིན་ནོ། ། ཆོས་ཀྱི་སྐུ་བདེ་བ་ཆེན་པོ་ཡང་ཡིན་ནོ།། ཆོས་ཅན་ཡང་ཡིན་ནོ།། འཁོར་བ་ཡང་ཡིན་ནོ།། མྱ་ངན་ལས་འདས་པ་ཡང་ཡིན་ནོ།། གཉིས་སུ་ཡང་མེད་པ་ཡང་ཡིན་ནོ།། རྒྱུ་འབྲས་ཀྱང་ཡིན་ནོ།། རྣམ་པར་སྣང་མཛད་ཀྱང་ཡིན་ནོ། ། ཡང་དག་པའི་ཡེ་ཤེས་ཀྱང་ཡིན་ནོ།། སེམས་དཔའ་བཅུ་ཡང་ཡིན་ནོ།། དེའི་ཕྱིར་སྣ་ཚོགས་ཀུན་ཏུ་བཟང་པོ་རྡོ་རྗེ་སེམས། དེ་ཉིད་མ་སྐྱེས་རྒྱལ་བ་ཡུམ་གྱི་མཁའ།། ཡབ་ཡུམ་དབྱེར་མེད་པ་ནི་སྐུ་གསུང་ཐུགས། ། ཞེས་ལུང་གི་རྒྱལ་པོས་གསུངས་པའི་མན་ངག་བསྟན་པའི་ལེའུ་སྟེ་བཞི་བཅུ་པའོ།།།། ལེའུ་འདིས་རྨད་དུ་བྱུང་བའི་སློབ་མ་དང། སྣོད་ཀྱི་སྐྱོན་དང་ཡོན་ཏན་བསྟན་ཏེ། དེ་ཡང་གཞུང་ལས། ཐེག་པ་དམན་ལ་ཞུགས་པ་དང།། ངང་གིས་བློ་འཕང་དམའ་བ་དང།། ཐོས་པ་ཉུང་བའི་བློ་སྦྲམ་དང།། བསླད་པའི་ཚིག་གིས་འཆལ་བ་དང། སྤུས་ངན་དད་པ་ཆུང་བ་དང། ཕོ་དྲེགས་ཆེ་ལ་རང་ཕྱོགས་ཅན། ། བཅད་ཀྱང་ཕྲག་མེད་སེར་སྣས་བཅིངས།། དེ་ལ་རྨད་བྱུང་དོན་མི་བཤད།། བཤད་ཀྱང་བློ་རྒྱུད་མི་ཁྲོལ་བས།། བླ་མེད་ཐེག་རྒྱལ་རྫོགས་པའི་ལུང།། ཨ་ཏི་ཡོ་ག་འདི་མི་བཤད།། བྱང་ཆུབ་སེམས་རྨད་དུ་བྱུང་བ་ལས། སློབ་མ་སྣོད་ངན་པ་ལ་མི་བསྟན་པའི་ལེའུ་སྟེ་བཞི་བཅུ་གཅིག་པའོ།།།། ད་ནི་ལེའུ་འདིས་སློབ་མ་སྣོད་བཟང་པོའི་སློབ་བུ་ལ་ལོབས་པར་བྱ་བའི་གཏན་ཚིགས་དབུ་ལས་ཐུན་མོང་མ་ཡིན་པའི་དོན་བརྒྱད་ཀྱིས་བསྟན་ཏེ། དེ་ཡང་གཞུང་ལས། གླང་པོས་ཐེག་ཚད་ཁུར་བསྐུར་ན།། དུད་འགྲོ་ཕལ་དང་སྟོབས་མི་མཉམ།། རྩལ་སྟོབས་དེ་ཡང་ཐུན་མོང་མིན།། གངས་ཀྱི་སེང་གེ་གདངས་བྱུང་ན།། སྡེར་ཆགས་ཕལ་དང་གདངས་མི་མཉམ། ། གདངས་སྐད་འདི་ཡང་ཐུན་མོང་མིན།། རྒྱ་མཚོ་ཆེན་པོའི་རླབས་མཐོང་ན། ཆུ་བྲན་ཕལ་དང་རླབས་མི་མཉམ།། ཆུ་ཀླུང་དེ་ཡང་ཐུན་མོང་མིན།། རི་རབ་ལྷུན་པོའི་རྩེར་ཕྱིན་ན།། རི་ཕྲན་ཕལ་དང་འཕང་མི་མཉམ། ། རྩེ་རྒྱལ་འདི་ཡང་ཐུན་མོང་མིན།། མཁའ་གསལ་ཉི་ཟླའི་འོད་མཐོང་ན།། གཟའ་སྐར་ཕལ་དང་འོད་མི་མཉམ།། འོད་འདི་ཀུན་དང་ཐུན་མོང་མིན། ཁྱུང་ཆེན་གནམ་འཕང་གཅོད་མཐོང་ན། ། འདབ་ཆགས་ཕལ་དང་ཤུགས་མི་མཉམ།། རྩལ་ཤུགས་འདི་ཡང་ཐུན་མོང་མིན།། རྡོ་རྗེ་ཐེག་པའི་གཏིང་མཐོང་ན།། ཐེག་གཞན་ཕལ་དང་གཏིང་མི་མཉམ།། གཏིང་དཔག་འདི་ཡང་ཐུན་མོང་མིན།། ཤེས་རྒྱུད་སྦྱོང་བའི་མཁས་པ་དང། ། ཐོས་པ་ཆུང་བའི་བློ་སྒྲམ[(]ཚ་སྒྲོམ[)]གཉིས།། འགྲོ་བའི་དོན་ལ་དོན་མི་མཉམ།། དོན་མཆོག་འདི་ཡང་ཐུན་མོང་མིན།། ཞེས་གསུངས་སོ།། ཆོས་ཆེན་པོ་རྨད་དུ་བྱུང་བ་ལས། སློབ་མ་སྣོད་བཟང་པོ་ལ་ལོབས་པར་བྱ་བའི་ཡོན་ཏན་ཐུན་མོང་མ་ཡིན་པའི་ལེའུ་སྟེ་བཞི་བཅུ་གཉིས་པའོ། །།། རྫོགས་སོ།།།། རྒྱ་གར་གྱི་མཁན་པོ་ཤྲཱི་སེང་ཧ་དང། བོད་ཀྱི་ལོ་ཙཱ་བ་བཻ་རཱ+ོ་ཙ་ནས་བསྒྱུར་བའོ། །།།
CLOSE WINDOW