Wylie |
།།། རྒྱ་གར་སྐད་དུ། ཏྲཻ་ལོ་ཀྱ་པྲ་ཏི་བཾ། བོད་སྐད་དུ། ཁམས་གསུམ་སྒྲོན་མ། ཆོས་ཉིད་སྟོང་པའི་ངང་ལ་ཕྱག་འཚལ་ལོ། ཁམས་གསུམ་སྒྲོན་མ་རྐྱེན་དང་བྲལ།། མ་རིག་མུན་སེལ་བློས་མ་རེག། གཞན་ནས་བཙལ་བས་རྙེད་མི་འགྱུར།། ཐིག་ལེ་བརྡལ་བའི་རང་བྱུང་བདེ།། རིག་པ་རང་ཤར་བཅོས་སུ་མེད།། ལྷུན་གྲུབ་བཙལ་དུ་གདོད་ནས་མེད།། སྙིང་པོའི་སྙིང་པོ་གཉིས་མེད་མཆོག། ཡེ་ནས་ཐ་སྙད་ཀུན་དང་བྲལ།། ཇི་བཞིན་གསལ་ལ་རྟོག་མེད་དོན།། དོན་དམ་སྤྲོས་མེད་ཡང་དག་དབྱིངས།། བཙལ་དུ་མེད་པས་སྒོམ་ཚིག་འདས།། ཇི་བཞིན་ཀློང་དུ་གྱུར་པས་ན།། རྣམ་དག་དོན་ལ་མཁས་པ་ཡིན། ། གདོད་ནས་མ་སྐྱེས་གསལ་བའི་ཀློང།། དོན་དམ་རྟོགས་པས་ཆོས་ཀྱི་སྐུ།། ལོངས་སྤྱོད་བདེ་ཆེན་རྒྱལ་པོའི་སྐུ།། ཡེ་ཤེས་རོལ་པས་སྤྲུལ་པའི་སྐུ།། ཐུགས་རྗེ་བྱང་ཆུབ་སེམས་དཔའི་ལམ།། མ་གཡོས་རྟོག་མེད་ཆོས་ཀྱི་ལམ། ། རང་བཞིན་གནས་པས་བདེ་བའི་རྫོང། ཁམས་གསུམ་མུན་སེལ་སྒྲོན་མའི་མཆོག། བདེ་ཆེན་རང་བྱུང་ཐུགས་རྗེར་གསལ། ཁམས་གསུམ་སྒྲོན་མ་རྫོགས་སོ།། རྒྱ་གར་སྐད་དུ། བཛྲ་ས་ཏྲ་ས་མ་ཡ། ཁེ་མ་ཧཱ་དེ་ཧ་པུཥྟཾར་ག་ར་ཏན་ཏྲ། བོད་སྐད་དུ། རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ་བྲམ་ཟེ་རྒྱས་པའི་རྒྱུད། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། ། འདི་སྐད་བཤད་པའི་དུས་ན། འོག་མིན་གྱི་གནས། ཆོས་ཉིད་ཀྱི་མཁའ། དབྱིངས་ཉིད་ཀྱི་ཀློང། སེམས་ཉིད་ཀྱི་གནས། ཡེ་ཤེས་སྒྲིབ་པ་མི་མངའ་བའི་གཞལ་ཡས་ན་ཉིད་ཀྱི་རང་བཞིན་དང། ཉིད་ཀྱི་ངོ་བོ་དང། ཉིད་ཀྱི་ཐུགས་རྗེས་སྤྲུལ་པའི་འཁོར་འདི་ལྟ་སྟེ། རང་བཞིན་གྱི་འཁོར་ཆོས་ཀྱི་སྐུ་ཞེས་བྱ་བ་དང། ངོ་བོ་ཉིད་ཀྱི་འཁོར་ལོངས་སྤྱོད་རྫོགས་པའི་སྐུ་ཞེས་བྱ་བ་དང། ཐུགས་རྗེ་ཆེན་པོའི་འཁོར་སྤྲུལ་པའི་སྐུ་ཞེས་བྱ་བ་དང། རྡོ་རྗེ་སེམས་དཔའ་ལ་སོགས་པ་འབྱེད་པ་མེད་པའི་འཁོར་རྣམས་དང་ཐབས་ཅིག་ཏུ་བཞུགས་སོ།། དེ་ནས་བཅོམ་ལྡན་འདས་ཀུན་ཏུ་བཟང་པོས་ཐམས་ཅད་བསྡུས་ནས་ཐིག་ལེ་ཆེན་པོ་གཅིག་ཏུ་བཞུགས་སོ། ། དེ་ནས་རྡོ་རྗེ་སེམས་དཔའི་ཉིད་ཀྱི་རང་བཞིན་ཐིག་ལེ་ཆེན་པོ་གཅིག་ཏུ་བཞུགས་པ་དེ་ལས་ཕྱུང་ན་བཅོམ་ལྡན་འདས་ཀུན་ཏུ་བཟང་པོ་ལ་དགའ་བའི་སེམས་ཀྱིས་དང་བའི་མདངས་ཕྱུང་ནས་འཁོད་དོ། ། དེ་ནས་བཅོམ་ལྡན་འདས་ཀུན་ཏུ་བཟང་པོས་རྡོ་རྗེ་སེམས་དཔའ་ལ་སྨྲས་པ། རྡོ་རྗེ་སེམས་དཔའ་ཨེ་མ་ཧོ།། དགའ་བའི་སེམས་སྐྱེས་ཨེ་མའོ།། དང་བའི་མདངས་ཕྱུང་ཨེ་མའོ།། ང་ལས་བྱུང་བ་ཨེ་མའོ། ཁྱེད་འདུད་དགའ་བ་ཨེ་མའོ། ། ཞེས་གསུངས་པས། རྡོ་རྗེ་སེམས་དཔས་ཞུས་པ། སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་ལགས།། སྟོན་པ་ཉིད་ཀྱང་ཐིག་ལེ་སྤྲོས་པ་མེད།། འཁོར་རྣམས་ཀུན་ཀྱང་ཐིག་ལེ་སྤྲོས་པ་མེད། ། བསྟན་པ་ཀུན་ཀྱང་ཐིག་ལེ་སྤྲོས་པ་མེད།། དུས་དང་གནས་ཀྱང་ཐིག་ལེ་སྤྲོས་པ་མེད།། ཐམས་ཅད་ཀུན་ཀྱང་ཐིག་ལེ་སྤྲོས་མེད་ན།། སྟོན་པའི་སྟོན་པས་ཅི་ཞིག་སྟོན་པར་མཛད།། འཁོར་དུ་འཁོར་བའི་འཁོར་ནི་ཅི་ལ་འཁོར། ། འཁོར་ལ་སྟོན་པས་ཅི་ཞིག་སྟོན་པར་མཛད།། དུས་དང་གནས་ནི་གཅིག་པ་ཅི་ལྟ་བུ།། ཞེས་པ་དང། དེ་ནས་ཀུན་ཏུ་བཟང་པོས་འདི་སྐད་ཅེས་གསུངས་སོ།། ངས་དོན་ལ་མ་ལུས་པ་སྒྲར་བཤད་ཀྱིས་ཡིད་ལ་བྱོས་ཤིག། སེམས་ཉིད་ཀུན་ཏུ་བཟང་པོ་ང་ཉིད་ནི།། སྟོན་པ་དང་ནི་བསྟན་པ་འཁོར་དུས་གནས།། ང་ལས་བྱུང་བས་ཡེ་ནས་ཐིག་ལེ་སྟེ།། ང་ཡིས་རང་བཞིན་ཐིག་ལེར་བསྟན་པ་ཡིན།། ཐིག་ལེ་ཡེ་ནས་སྤྲོས་པ་མེད་པའི་དོན། ། སྙིང་པོ་མ་སྤྲོས་ཡེ་ནས་ཐིག་ལེ་ཡིན།། ཞེས་གསུངས་སོ།། རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ་བྲམ་ཟེ་རྒྱས་པའི་རྒྱུད་ལས། གླེང་གཞིའི་ལེའུ་སྟེ་དང་པོའོ།།།། དེ་ནས་ཡང་རྡོ་རྗེ་སེམས་དཔས་ཞུས་པ། བཅོམ་ལྡན་བདེ་ཆེན་ཀུན་བཟང་པོ།། ཉིད་ཀྱི་རྩ་བ་བཤད་དུ་གསོལ།། ཞེས་ཞུས་པས། ཀུན་ཏུ་བཟང་པོས་བཀའ་སྩལ་པ།། ཉོན་ཅིག་ང་ལ་འདུས་པའི་འཁོར།། ང་ཡི་རང་བཞིན་བསྟན་པ་ནི། ། གནས་ནི་ཆོས་ཉིད་དབྱིངས་ན་གནས།། གསལ་ནི་རིག་པའི་མཁའ་ལ་གསལ། ཁྱབ་ནི་སྣོད་བཅུད་ཀུན་ལ་ཁྱབ།། བྱུང་ནི་སྣང་སྲིད་ཀུན་ཏུ་བྱུང།། ཡིན་ནི་བྱང་ཆུབ་སེམས་ཡིན་ཏོ།། བསྟན་ནི་ཐེག་པ་དགུ་རུ་བསྟན། ། འདུས་ནི་རྫོགས་པ་ཆེན་པོར་འདུས།། བསྟན་དུ་མཚན་མའི་དངོས་པོ་མེད།། མཐོང་དུ་མེད་པའི་ཡུལ་དང་བྲལ།། ཤེས་སུ་ཚིག་གིས་བརྗོད་དུ་མེད།། རྒྱུ་ལས་མ་བྱུང་སྙིང་པོ་འདི།། ཡོད་ནི་གཅིག་ལས་མེད་པ་སྟེ། ། སྤྲོས་ནི་སྣ་ཚོགས་ཁྱབ་པར་སྤྲོས།། བརྟགས་པས་མ་མཐོང་ཅིར་ཡང་མཐོང།། གང་ལྟར་བསྒོམ་ཡང་འགྱུར་བ་མེད།། ཐ་དད་སྤྲོས་ཀྱང་ཐིག་ལེ་གཅིག། ཀུན་བྲལ་ཉག་གཅིག་ཅི་མ་ཡང།། མཐོང་བྱེད་སྣ་ཚོགས་ཀུན་གྱིས་གཞི། ། དམིགས་སུ་མེད་པར་མཚོན་ཏེ་བསྟན།། དེ་འདོད་ངེས་པར་རྟོགས་འདོད་ན།། དེ་ནི་ནམ་མཁའ་ལྟ་བུར་བརྟགས།། དོན་ནི་ཆོས་ཉིད་སྐྱེ་བ་མེད།། རྟགས་ནི་སེམས་ཉིད་འགག་པ་མེད།། ནམ་མཁའ་ལྟ་བུའི་ཆོས་ཉིད་ལ། ། ནམ་མཁའ་ལྟ་བུའི་དཔེ་ཡིས་མཚོན།། དམིགས་སུ་མེད་པའི་ཆོས་ཉིད་ལ།། དམིགས་པ་མེད་པར་མཚོན་ཏེ་བསྟན།། ཚིག་ཏུ་བརྗོད་པ་མེད་པ་ལ།། བརྗོད་དུ་མེད་པའི་ཚིག་བརྗོད་དོ། ། དམིགས་མེད་དོན་གྱི་ངོ་བོ་བསྟན།། དོན་ཆེན་འདི་ཡིས་རྟོགས་པར་བྱེད།། འདི་ཡིས་དོན་ཆེན་མ་རྟོགས་ན།། དོན་གྱི་སྒྲ་ཚིག་ཅི་བསྟན་ཀྱང།། སྙིང་པོའི་དོན་དང་འཕྲད་མི་འགྱུར།། ཞེས་གསུངས་སོ།། རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ་བྲམ་ཟེ་རྒྱས་པའི་རྒྱུད་ལས། སྙིང་པོ་རྩ་བ་བསྟན་པའི་ལེའུ་སྟེ་གཉིས་པའོ།།།། དེ་ནས་ཡང་རྡོ་རྗེ་སེམས་དཔས་ཞུས་པ། བཅོམ་ལྡན་བདེ་ཆེན་ཀུན་བཟང་པོ།། སྟོན་པ་དང་ནི་བསྟན་པ་དང། ། དེ་བཞིན་འཁོར་ཚོགས་བཤད་དུ་གསོལ།། ཞེས་ཞུས་པས། ཀུན་ཏུ་བཟང་པོས་བཀའ་སྩལ་པ།། ཉོན་ཅིག་ང་ཡི་འདུས་པའི་འཁོར།། སྟོན་པ་ཡང་ནི་རྣམ་གསུམ་སྟེ།། བསྟན་པ་ཡང་ནི་རྣམ་པ་གསུམ། ། དེ་འཛིན་འཁོར་ཡང་གསུམ་དུ་བསྟན།། སྟོན་པ་གསུམ་ནི་འདི་ལྟ་སྟེ།། ཆོས་ཀྱི་རང་བཞིན་སྟོན་པ་དང།། ཆོས་ཀྱི་ངོ་བོ་སྟོན་པ་དང།། དོན་གྱི་སྒྲ་ཚིག་སྟོན་པའོ།། རང་བཞིན་སྟོན་པའི་སྟོན་པས་ནི། ། སྐྱེ་བ་མེད་པའི་བྱིན་བརླབས་ལས།། ཇི་ལྟར་སྣང་བའི་ཆོས་རྣས་ཀུན།། དེ་བཞིན་ཉིད་དུ་སྟོན་པར་བྱེད། ངོ་བོ་སྟོན་པའི་སྟོན་པས་ནི།། ཇི་ལྟར་སྣང་བའི་ཆོས་རྣམས་ཀུན།། སྟོང་པ་ཉིད་ཀྱི་སྐུར་བྱུང་ནས།། ངོ་བོ་དེ་ལས་མེད་པར་སྟོན། ། སྒྲ་ཚིག་སྟོན་པའི་སྟོན་པས་ནི།། ཆོས་རྣམས་དོན་གྱི་སྒྲར་བསྡུས་ནས།། མ་རིག་མི་ཤེས་སེམས་ཅན་ལ།། དེ་དོན་སྒྲ་ཚིག་སྡེབས་ནས་སྟོན།། བསྟན་པ་རྣམ་པ་གསུམ་ནི་འདི་ལྟ་སྟེ།། ཆོས་སྐུའི་བསྟན་པ་དེ་བཞིན་ཉིད་དུ་བསྟན། ། དེ་བཞིན་ཉིད་ལ་རྣམ་པར་དབྱེ་རུ་མེད།། ཇི་ལྟར་སྣང་བའི་ཆོས་རྣམས་ཐམས་ཅད་ཀུན།། སེམས་ཀྱི་ངོ་བོ་ཡིན་པས་དེ་བཞིན་ཉིད།། དེ་ལ་གང་ཞིག་འཆོས་ཤིང་སྒོམ་བྱེད་པ། ། དེ་ཡིས་ཆོས་སྐུའི་བསྟན་པ་རྟོག་པ་མེད།། སྣང་བ་མེད་པའི་ཆོས་ཉིད་བྱང་ཆུབ་སེམས།། མ་ནོར་དེ་བཞིན་ཉིད་དུ་མ་རྟོགས་ཏེ།། དེ་ལ་གང་དུ་འཆོས་ཤིང་སྒོམ་བྱེད་པ།། དེ་ཡིས་རང་སེམས་བཅོས་མེད་དེ་མ་རིག། སྣང་སྲིད་ཆོས་དང་སྣང་སྲིད་བྱང་ཆུབ་སེམས།། སེམས་ཀྱིས་དེ་བཞིན་ཉིད་ཕྱུང་དེ་བཞིན་ཉིད།། དེ་བཞིན་ཉིད་དུ་མ་རྟོགས་སོ་སོར་མཐོང།། དེ་བཞིན་ཉིད་ནི་དབྱིངས་ནས་འཚོལ་བྱེད་པ།། དུས་གསུམ་རྒྱལ་བས་བཙལ་ཡང་མི་རྙེད་དོ། ། ལོངས་སྤྱོད་རྫོགས་པའི་བསྟན་པ་ལོངས་སྤྱོད་དུ།། ལོངས་སྤྱོད་ལྔ་ནི་ཆོས་ཉིད་ལོངས་སྤྱོད་གཅིག། སངས་རྒྱས་སེམས་ཅན་ཀུན་གྱི་ལོངས་སྤྱོད་དུ།། ལོངས་སྤྱོད་རྫོགས་པའི་སྐུ་ལས་སྤྱོད་དུ་མེད། ། གཟུགས་ལ་སོགས་པའི་ལོངས་སྤྱོད་ལྔ་ལ་ནི།། གཅིག་ལ་ལྔ་ལྔ་ཉི་ཤུ་རྩ་ལྔར་སྤྱོད།། རྩ་ལྔའི་ལོངས་སྤྱོད་དེ་ནི་སྐུ་ལྔའི་ཚུལ།། ཆོས་ཉིད་དོན་གྱི་ངོ་བོ་ཉིད་དུ་བཤད།། སྤྲུལ་སྐུའི་བསྟན་པ་ཐུགས་རྗེས་དོན་མཛད་དེ། ཁམས་གསུམ་སེམས་ཅན་བསམ་པ་ཐ་དད་ལ།། སྐུ་དང་གསུང་དང་ཐུགས་ནི་རྣམ་གསུམ་གྱིས།། བསམ་པ་ཐམས་ཅད་སྐུ་གསུང་ཐུགས་རྗེས་བཟློག། དེ་འཛིན་འཁོར་ནི་རྣམ་པ་གསུམ་བསྟན་ཏེ། ། ཤིན་ཏུ་རྣལ་འབྱོར་རྩོལ་བསྒྲུབ་འདས་པའི་འཁོར།། སྒོར་ཞུགས་ཡིད་ཆེས་སངས་རྒྱས་ས་ལ་གནས།། རིག་འཛིན་ས་དང་དང་པོ་བཅུ་པར་འཁོར།། མ་འཐོབ་ཉེ་རེག་སྒོམ་པའི་ས་ལ་གནས།། སེམས་བསྐྱེད་མོས་པ་སྤྱོད་པའི་འཁོར་རྣམས་ནི། ། རྒྱུ་དགེ་འབྲས་བུ་དུག་འཇོམས་ས་ལ་གནས།། དེ་ནི་སྟོན་པ་གསུམ་གྱི་འཁོར་དུ་རྗེ་སེམས་དཔའ་ནམ་མཁའ་ཆེ་བྲམ་ཟེ་རྒྱས་པའི་རྒྱུད་ལས། སྟོན་པ་དང་ནི་བསྟན་པ་དང་འཁོར་བསྟན་པའི་ལེའུ་སྟེ་གསུམ་པའོ། །།། རྡོ་རྗེ་སེམས་དཔས་ཡང་ཞུས་པ།། བཅོམ་ལྡན་བདེ་གཤེགས་ཀུན་བཟང་པོ།། ཉིད་ཀྱི་བྱ་མེད་བཤད་དུ་གསོལ།། ཞེས་ཞུས་པས། ཀུན་ཏུ་བཟང་པོས་བཀའ་སྩལ་པ། ། ཉོན་ཅིག་ང་ལ་འདུས་པའི་འཁོར།། བྱ་བ་མེད་པའི་དོན་འདི་ནི།། ཀུན་བཟང་ང་ཡི་རང་བཞིན་ཏེ།། ང་ཡི་རང་བཞིན་འགྱུར་མེད་ལ།། བསྒོམས་ཤིང་འཆོས་ན་བསྒྱུར་བ་ཡིན།། ཡེ་ནས་ལྷུན་གྱིས་གྲུབ་པ་ལ། ། བསྒྲུབ་ན་ང་ལ་འཆོས་པ་ཡིན།། ང་ནི་ཡེ་ནས་བྱས་ཟིན་པས།། བྱ་བ་མེད་པའི་ཆོས་ཉིད་ཡིན།། ཆོས་ཉིད་ང་ཡི་རང་བཞིན་པས།། རང་བཞིན་དེ་ལ་བྱ་རུ་མེད།། བཅོས་སུ་མེད་པའི་རང་བཞིན་ལ།། རྡོ་རྗེ་སེམས་དཔའ་ཁྱོད་མ་འཆོས། ། རྡོ་རྗེ་སེམས་དཔའ་ཁྱོད་འཆོས་ན།། ཀུན་ཏུ་བཟང་པོ་འཆོས་པ་ཡིན།། ཇི་ལྟར་སྣང་བའི་ཆོས་རྣམས་ཀུན།། ཀུན་ཀྱང་ང་ཡི་རང་བཞིན་ཡིན།། མི་གནས་དམིགས་པའི་ཡུལ་དང་བྲལ། ། སྤྲོས་མེད་བསམ་མེད་ཡུལ་ལས་འདས།། དེ་ལ་སྤང་འགེགས་སུ་བྱེད་པ།། བསྐལ་པར་བཙལ་ཡང་རྙེད་པར་དཀའ།། ང་ལས་བཙལ་བས་གྲུབ་པ་མེད།། ང་ལས་སྦྱོངས་པས་བྱང་བ་མེད།། ང་ལ་མ་ལྟ་ཡུལ་མེད་ཀྱི། ། ང་ལ་མ་བགྲོད་ལམ་མེད་ཀྱི།། ང་ལ་མ་སྤྱོད་སྒྲིབ་མེད་ཀྱི།། ང་ལ་བགྲོད་པས་ཕྱིན་པ་མེད།། བདེ་ཆེན་ཆོས་སྐུ་སེམས་སུ་གཅིག་པའི་ཕྱིར།། སྔ་ཕྱིར་དུས་གསུམ་མེད་དེ་ཁྱད་པར་མེད།། རང་བྱུང་ཡེ་ཤེས་ཡུལ་ལ་མི་རྟོག་པས། ། རིག་པའི་ཡེ་ཤེས་ཡུལ་གྱིས་བཙལ་མི་དགོས།། མ་བཙལ་ཡེ་ནས་ལྷུན་གྱིས་གྲུབ་པའི་ཕྱིར།། རྩོལ་བའི་ཕྲིན་ལས་ཡེ་ནས་བྱ་མི་དགོས།། ཡེ་ནས་བྱང་ཆུབ་ས་ལ་ཀུན་གནས་པས།། རིག་འཛིན་ས་དང་ས་བཅུ་སྦྱང་མི་དགོས། ། ཡེ་ནས་བྱས་ཟིན་ལྟ་བ་བསྒོམ་མི་དགོས།། ཡེ་ནས་རྣམ་དག་དམ་ཚིག་བསྲུང་མི་དགོས།། མི་གནས་མི་རྟོག་ཅིར་ཡང་དགོངས་མེད་པས།། མི་རྟོག་མཉམ་པའི་ཡུལ་ལ་རང་བཞིན་གནས། ། རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ་བྲམ་ཟེ་རྒྱས་པའི་རྒྱུད་ལས་བྱ་བ་མེད་པའི་ལེའུ་སྟེ་བཞི་པའོ།།།། རྡོ་རྗེ་སེམས་དཔས་ཡང་ཞུས་པ།། བཅོམ་ལྡན་བདེ་ཆེན་ཀུན་བཟང་པོ། ཐམས་ཅད་བྱང་ཆུབ་སེམས་ཁོ་ནར་སངས་རྒྱས་པའི་དོན་བཤད་དུ་གསོལ། ཀུན་ཏུ་བཟང་པོས་བཀའ་སྩལ་པ། ཉོན་ཅིག་ང་ལ་འདུས་པའི་འཁོར།། ཆོས་ཀྱི་སྐུ་ནི་བྱང་ཆུབ་སེམས།། བྱང་ཆུབ་སེམས་ལས་ཆོས་ཀྱི་སྐུ།། རྡུལ་ཙམ་སུས་ཀྱང་བཅོས་པ་མེད། ། དེས་ན་སེམས་ལ་སངས་རྒྱས་མེད།། ལོངས་སྤྱོད་རྫོགས་སྐུ་བྱང་ཆུབ་སེམས།། བྱང་ཆུབ་སེམས་ལ་ལོངས་སྤྱོད་སྐུ།། སེམས་ལས་བྱུང་བའི་གཟུགས་རྣམས་ལ།། ལོངས་སྤྱོད་རྫོགས་པས་སྐུ་གཞན་མེད། ། སྤྲུལ་པའི་སྐུ་ནི་བྱང་ཆུབ་སེམས།། བྱང་ཆུབ་སེམས་ནི་སྤྲུལ་པའི་ལས།། འགྲོ་བའི་དོན་མཛད་གཞན་ན་མེད།། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱང།། བྱང་ཆུབ་སེམས་ལས་གཞན་མེད་དེ། ། སྔ་རབས་འདས་པའི་སངས་རྒྱས་རྣམས།། རང་སེམས་མ་བཅོས་སྔར་མཐོང་རྟོགས།། ད་ལྟར་བཞུགས་པའི་སངས་རྒྱས་རྣམས།། མ་བཅོས་པ་ཡི་རང་བཞིན་ཏེ།། མ་བཅོས་ཇི་བཞིན་རྟོགས་གྱུར་ནས། ། ད་ལྟར་འགྲོ་བའི་དོན་ཡང་མཛད།། སླད་ནས་འབྱོན་པའི་སངས་རྒྱས་རྣམས།། རང་བྱུང་སེམས་ཉིད་འདི་ལ་ནི།། སྔ་བས་འཆོས་པས་ལུང་མ་བསྟན།། ད་ལྟར་ཏིང་འཛིན་སེམས་མི་བཅོས།། མ་བཅོས་ལམ་དུ་ཞུགས་ནས་བྱོན། ། ཇི་ལྟར་སྣང་བའི་ཆོས་རྣམས་ལ།། བྱང་ཆུབ་སེམས་སུ་མ་རྟོགས་ཏེ།། བཅོས་ཤིང་བསྒྲུབ་པས་འགྲུབ་མི་འགྱུར།། མ་རྟོགས་བཅོས་པས་འགྲུབ་པ་ཡི།། བསྐལ་པ་དུ་མའི་གྲངས་བགྲངས་ཀྱང། ། མི་བཙལ་བདེ་བ་དང་མི་ཕྲད།། སྐུ་གསུམ་སེམས་ལས་མ་བཅོས་ཕྱིར།། སྐུ་གསུམ་སྟོན་པའི་ཀུན་བཟང་ལས།། དེ་བཞིན་འཆོས་པར་བྱེད་པ་ཡི།། སྟོན་པས་བདེན་ཚུལ་ཅི་བསྟན་ཀྱང།། ཉིད་ཀྱི་རང་བཞིན་སྟོན་པ་ཡིན། ། རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ་བྲམ་ཟེ་རྒྱས་པའི་རྒྱུད་ལས་བྱང་སེམས་བཅོས་མེད་ཀྱི་ལེའུ་སྟེ་ལྔ་པའོ།།།། རྡོ་རྗེ་སེམས་དཔས་ཡང་ཞུས་པ།། བཅོམ་ལྡན་བདེ་ཆེན་ཀུན་བཟང་པོས།། ཉིད་ཀྱི་ལྟ་སྒོམ་བཤད་དུ་གསོལ། ། ཀུན་ཏུ་བཟང་པོས་བཀའ་སྩལ་པ།། ཉོན་ཅིག་ང་ལ་འདུས་པའི་འཁོར།། རྫོགས་ཆེན་ལྟ་བ་སྒོམ་དུ་མེད་པ་ནི།། ཀུན་ཏུ་བཟང་པོའི་སེམས་ཀྱི་ཡོན་ཏན་ཏེ།། བྱང་ཆུབ་སེམས་ཀྱི་ཆེ་བའི་ཡོན་ཏན་གྱིས། བཙལ་ཞིང་བསྒྲུབ་པའི་དཀའ་བ་སྤྱོད་མི་དགོས།། རྒྱུ་རྐྱེན་མེད་པས་བཙལ་བའི་ལས་མི་དགོས།། འབྲས་བུའི་རང་བཞིན་གཞན་ནས་སྒྲུབ་མི་དགོས།། ཆོས་ཉིད་རང་བཞིན་སྒོམ་པས་བྱ་མི་དགོས། ། མ་བྱས་པས་ནི་འཇིག་པའི་གཉེན་པོ་མེད།། གཞན་ལ་མི་ལྟོས་བསྒོམ་ནས་འཚོལ་མི་དགོས།། དམ་ཚིག་བསྲུང་བའི་སྒོམ་པ་བྱ་མི་དགོས།། ཕྲིན་ལས་བཙལ་བའི་སྒོམ་པ་བྱ་མི་དགོས།། ལམ་ལ་མི་བགྲོད་ས་ལ་མི་སྦྱོང་སྟེ། ། རང་ལས་ཆོས་ནི་གཞན་དུ་ཚོལ་མི་བྱེད།། ད་ནི་སྤྱོད་ཡུལ་ཀུན་ལས་འདས་པའི་ཕྱིར།། ཚིག་གིས་མི་ཕེབས་དབང་པོའི་སྤྱོད་ཡུལ་འདས།། རང་གི་རང་བཞིན་བསྡུས་ཏེ་ཐིག་ལེར་གནས།། མ་སྤྲོས་གཉིས་མེད་ཡེ་ནས་གཅིག་ཏུ་བསྟན། ། རང་བྱུང་ཡེ་ཤེས་མི་རྟོག་གཡོས་པ་མེད།། རྒྱུ་འབྲས་འདས་པས་རྩོལ་དང་སྒྲུབ་མི་བྱེད།། མ་བྱུང་བས་ན་དངོས་པོ་སྒཽམ་མི་བྱེད།། མ་སྐྱེས་པས་ན་འཇིག་པའི་དོགས་པ་མེད། ། བདེ་ཆེན་བརྡལ་བ་ཆེན་པོའི་ཀློང་དཀྱིལ་ན།། མི་སྣང་བས་ན་དམིགས་པའི་ཡུལ་དང་བྲལ།། ཆོས་ཉིད་སྣང་བ་མེད་པའི་རང་བཞིན་ལ།། མི་རྟོག་མཉམ་པ་ཆེན་པོར་ངང་གིས་གནས།། ཆོས་ཉིད་སྤྲོས་པ་མེད་པའི་རང་བཞིན་ལ། ། རིག་པས་མི་རྟོག་ཏིང་འཛིན་མི་བྱེད་ཅིང།། གང་ཞིག་ངང་ལ་སྒོམ་པ་བྱེད་པ་དེས།། སྒོམ་པ་ཉིད་ཀྱི་ངང་དང་ཕྲད་མི་འགྱུར།། ཆོས་ཉིད་མངོན་དུ་ཕྱུང་བ་ང་ཡིན་པས།། སྡུག་བསྔལ་མི་སྐྱེ་རྣམ་པར་སྤང་མི་དགོས། ། རང་བྱུང་ཡིན་པས་སྐྱེ་འཇིག་མེད་པའི་ཕྱིར།། མ་རིག་རྟེན་འབྲེལ་དབང་པོ་དགག་མི་དགོས།། རང་རྒྱུད་རྣམ་དག་ཆོས་ཉིད་སྦྱང་མི་དགོས།། ཡེ་ནས་དག་པས་གཙང་སྦྲ་བྱ་མི་དགོས། ། ཡེ་ནས་ལྷུན་གྲུབ་རྩོལ་སྒྲུབ་བྱ་མི་དགོས།། ང་ཡི་ངོ་བོ་ཀུན་གྱིས་མཐོང་བྱའི་ཕྱིར།། ང་ཡིས་མངོན་དུ་ཕྱུང་བའི་ཆོས་རྣམས་ནི།། སྣ་ཚོགས་དབང་པོའི་ངོ་ལ་བསྟན་པ་ཡིན།། དེ་ལ་ང་ཡི་རང་བཞིན་ཀུན་རྟོགས་ཤིག། དེ་ལ་ང་ཡི་རང་བཞིན་མ་མཐོང་ན།། ཀུན་བཟང་ང་ཡི་རང་བཞིན་བསྟན་མི་བྱ།། རྫོགས་པ་ཆེན་པོའི་དོན་དང་སྐལ་མེད་པས།། རྒྱུ་འབྲས་ཐེག་པ་དྲང་བའི་ལུང་ལ་གཟུང།། རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ་བྲམ་ཟེ་རྒྱས་པའི་རྒྱུད་ལས། ལྟ་བ་སྒོམ་མེད་ཀྱི་ལེའུ་སྟེ་དྲུག་པའོ།།།། རྡོ་རྗེ་སེམས་དཔས་ཡང་ཞུས་པས། བཅོམ་ལྡན་བདེ་ཆེན་ཀུན་བཟང་པོ།། ཉིད་ཀྱི་དམ་ཚིག་བཤད་དུ་གསོལ།། ཀུན་ཏུ་བཟང་པོས་བཀའ་སྩལ་པ། ། ཉོན་ཅིག་ང་ལ་འདུས་པའི་འཁོར།། མ་སྐྱེས་སྤྲོས་དང་བྲལ་བའི་རང་བཞིན་གྱིས།། སྐྱེ་བའི་ཆོ་འཕྲུལ་སྣ་ཚོགས་ཡུལ་ཕྱུང་ནས།། ཡུལ་མེད་རང་གི་རང་བཞིན་ཡིན་ཞེས་བྱ།། དེ་ལ་མི་རྟོག་རྟོག་པའི་ཡུལ་ལས་འདས། ། ཡུལ་ལ་མི་འཛིན་སྤང་དང་ལེན་མེད་པས།། མེད་པ་ཕྱལ་པ་གཅིག་ཏུ་ལྷུན་གྲུབ་སྟེ།། བསྲུང་བར་བྱ་བའི་ཚུལ་ཁྲིམས་ཀུན་དང་བྲལ།། ཀུན་བཟང་ང་ལ་བསྲུང་བའི་དམ་ཚིག་མེད། ། རྒྱུ་རྐྱེན་མེད་པས་རྩོལ་ཞིང་བསྒྲུབ་མི་དགོས།། ལྷུན་གྱིས་གྲུབ་པས་སྤྱད་པའི་ལས་མི་དགོས།། ཡེ་ནས་ཡིན་པས་ཤེས་པར་བྱ་མི་དགོས།། རང་བྱུང་ཡིན་པས་རྒྱུ་དང་རྐྱེན་མི་དགོས།། བཟང་ངན་མེད་པས་བླང་དོར་བྱ་མི་དགོས། ། དངོས་པོ་མེད་པས་མེད་པ་ཞེས་སུ་བཤད།། དངས[(]ཚ་དངོས[)]སུ་མི་ཡོང་ཡེ་ཤེས་མ་འགགས་པས།། དེ་ལ་ཕྱལ་པ་ཞེས་སུ་བཏགས་པ་ཡིན།། སེམས་སུ་ཀུན་གཅིག་གཅིག་པུར་བཏགས་པ་ཡིན། ། ཇི་ལྟར་སྣང་བའི་ཆོས་རྣམས་ཐམས་ཅད་ཀུན།། ཡིད་ཆེས་བྱང་ཆུབ་སེམས་སུ་རྫོགས་པའི་ཕྱིར།། ལྷུན་གྱིས་རྫོགས་པ་ཞེས་སུ་ང་ཡིས་བཤད།། ཆོས་ཉིད་རང་བཞིན་ཅིར་ཡང་འགྱུར་མེད་པས།། བཙལ་བར་གྲུབ་པར་ང་ཡིས་ལུང་མ་བསྟན། ། བཀྲེས་སྐོམ་ཚ་གྲང་བླུན་ལྐུགས་ཆོས་ཉིད་ལ།། སྐུ་གསུམ་འཁོར་དངངས་འགྲོས་པའི་ཆོ་ག་དྲུག། རང་བྱུང་ཡིན་པས་བཙལ་ཞིང་བསྒྲུབ་མི་དགོས།། རྒྱུ་ཉིད་རང་བྱུང་ཡེ་ཤེས་ཡིན་པའི་ཕྱིར། ། ལས་ཀྱི་རྐྱེན་གྱིས་དབང་དུ་དེ་མི་འགྲོ།། རང་བྱུང་ཡེ་ཤེས་ཀུན་དང་མཚུངས་མེད་པས།། རྒྱུ་རྐྱེན་ལས་ཀྱིས་རང་བྱུང་དེ་མི་འགྲུབ།། ངེས་པ་གཅིག་ལ་བདེན་པ་རྣམ་པ་གཉིས།། བདེན་པ་གཉིས་ཀྱིས་གཏན་ལ་དབབ་ཏུ་མེད། ། མ་ངེས་ཐེ་ཚོམ་ཅན་གྱི་ལུང་དེ་ལ།། ངེས་པ་གཅིག་ཏུ་བསྟན་པ་ག་ལ་ཡོད།། སྟོང་གསུམ་རྒྱུ་འབྲས་ལུང་ལ་བརྟེན་བྱས་ནས།། རྣལ་འབྱོར་གང་ཟག་ཆོས་ལ་རློམ་བྱེད་པ།། དེ་ལ་བདེན་གཉིས་ཚད་མ་བཞི་ཡང་དགོས། ། ངས་བྱས་ཆོས་ལ་བདེན་པ་གཉིས་མི་དགོས།། ངས་བྱས་ཆོས་ལ་བདེན་པ་གཉིས་དགོས་སུ།། ངས་བྱས་ཐམས་ཅད་བྱང་ཆུབ་སེམས་སུ་བྱས།། བྱང་ཆུབ་སེམས་ལ་དོན་དམ་ཀུན་རྫོབ་མེད། ། ཅེས་གསུངས་སོ།། རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ་བྲམ་ཟེ་རྒྱས་པའི་རྒྱུད་ལས་དམ་ཚིག་བསྲུང་དུ་མེད་པའི་ལེའུ་སྟེ་བདུན་པའོ།།།། རྡོ་རྗེ་སེམས་དཔས་ཡང་ཞུས་པ།། བཅོམ་ལྡན་བདེ་ཆེན་ཀུན་བཟང་པོ། ། ཉིད་ཀྱི་ཕྲིན་ལས་བཤད་དུ་གསོལ།། ཀུན་ཏུ་བཟང་པོས་བཀའ་སྩལ་པ།། ཉོན་ཅིག་ང་ལ་འདུས་པའི་འཁོར།། རྫོགས་ཆེན་རྒྱུ་འབྲས་ཡེ་ནས་འདས་པའི་ཕྱིར།། བཙལ་ཞིང་བསྒྲུབས་པས་བྱར་མེད་གྲུབ་པ་མེད། ། དོན་དེ་རྟོགས་པས་ལས་རྣམས་མི་བྱེད་དེ།། ལས་མ་བྱས་པས་དེ་བཞིན་ཉིད་དུ་གནས།། དེ་བཞིན་ཉིད་ལ་གང་ཞིག་སུ་གནས་པ།། དེ་ཡིས་མ་ནོར་མ་བཅོས་གྲུབ་པར་འགྱུར།། དེ་ནི་མ་ནོར་བཞིན་ནི་མ་བཅོས་ཡིན། ། བཞིན་ནི་མ་ནོར་ངོ་བོ་ཉིད་ལ་བྱ།། དེ་བཞིན་ཉིད་ལས་སངས་རྒྱས་བཅོས་མེད་དོ།། བྱང་ཆུབ་སེམས་ལ་སྐྱེ་བ་མེད་པའི་ཕྱིར།། སེམས་ལ་ཡེ་ནས་རྒྱུ་མེད་འབྲས་བུ་མེད།། འཇིག་རྟེན་སྐྱེ་བའི་ཆོས་ལ་དཔེ་བླངས་ནས། ། སྐྱེ་ལ་འཇིག་པ་འབྱུང་བ་སྒྲོ་མི་གདགས།། རང་བྱུང་རྒྱུ་འབྲས་འདས་པ་མ་བརྟགས་པར།། འཇིག་རྟེན་མཚན་མའི་ཆོས་ལ་ཚོད་བཙུགས་ནས།། རྒྱུ་ལ་བཙལ་ནས་འབྲས་བུ་འབྱུང་ཟེར་བ། ། དེ་ནི་རྒྱུ་འབྲས་ཐེག་པ་དྲང་ལུང་ཡིན།། ཡེ་ཤེས་ཡེ་ཤེས་ཞེས་སུ་བསྟན་པ་ནི།། རང་བྱུང་ཡེ་ཤེས་མ་འགགས་ཀུན་དང་མཚུངས།། རྒྱུ་ལས་མ་བྱུང་མཚུངས་མེད་ཡེ་ཤེས་ཏེ།། ཐམས་ཅད་སྐྱེས་པས་གཞན་ནས་ཆོས་འབྱུང་མེད། ། འཇིག་རྟེན་རྒྱུ་འབྲས་ཆོས་ལ་ཚོད་བཙུགས་ནས།། བཙལ་བས་མེད་པར་འབྲས་བུ་འབྱུང་མི་འགྱུར།། བྱང་ཆུབ་སེམས་ལ་རྒྱུ་རྐྱེན་ཡང་མི་སྐྱེ།། འཇིག་རྟེན་སྐྱེ་འགག་ཆོས་ལ་ཚོད་མི་འཛུག། བྱང་ཆུབ་སེམས་ནི་རྐྱེན་གྱིས་མ་བསྐྱེད་པས། ། འཇིག་རྟེན་རྐྱེན་བསྐྱེད་ཆོས་ལ་དཔེ་མི་ལེན།། སེམས་ཀྱི་ཏིང་འཛིན་བསྒོམ་པ་མ་བྱེད་ཅིག། ཡེ་ཤེས་ཡུལ་ལ་རྟོག་པར་མ་བྱེད་ཅིག། ངག་གིས་འཛབ་དང་སྙིང་པོ་བཟླ་མི་དགོས། ། ལག་གིས་འདུ་བྱེད་ཕྱག་རྒྱ་བཅའ་མི་དགོས།། སེམས་ཀྱི་འདུ་འཕྲོ་ཏིང་འཛིན་ལས་མི་བྱེད།། ངང་ལ་གནས་པས་གཡོ་མེད་ལྷུན་གྱིས་གྲུབ།། རང་བཞིན་གནས་པས་སུས་ཀྱང་བཅོས་སུ་མེད།། མ་བཙལ་ཇི་བཞིན་ངང་དུ་མ་བཅོས་ཡིན། ། བྱ་བ་མེད་པ་ལས་ཀྱི་མཆོག་ཏུ་བསྟན།། ཆེ་བ་འདོད་ནས་རྩོལ་སྒྲུབ་རྩོལ་བྱེད་པ།། སྒོམ་སྒྲུབ་བཙལ་བས་ཆེ་བ་དེ་མི་འགྲུབ།། ཆེ་བ་རང་བྱུང་ཡེ་ཤེས་ཡེ་ནས་ཆེ།། བསྒོམས་ན་སངས་རྒྱས་དགོངས་པ་འཆོས་པ་ཡིན། ། སངས་རྒྱས་དགོངས་པ་གང་ཞིག་འཆོས་བྱེད་པ།། དེ་ཡིས་སངས་རྒྱས་ཐམས་ཅད་སྤངས་པ་ཡིན།། དེ་ཡིས་རང་གི་བྱང་ཆུབ་སེམས་སྤངས་པས།། རང་གི་རང་བཞིན་བསྐལ་པར་ཕྲད་མི་འགྱུར། ། ཞེས་གསུངས་སོ།། རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ་བྲམ་ཟེ་རྒྱས་པའི་རྒྱུད་ལས་ཕྲིན་ལས་བཙལ་དུ་མེད་པའི་ལེའུ་སྟེ་བརྒྱད་པའོ།།།། རྡོ་རྗེ་སེམས་དཔས་ཡང་ཞུས་པ། ། བཅོམ་ལྡན་བདེ་ཆེན་ཀུན་བཟང་པོ།། ས་ཡི་རང་བཞིན་བསྟན་དུ་གསོལ།། ཀུན་ཏུ་བཟང་པོས་བཀའ་སྩལ་པ།། ཉོན་ཅིག་ང་ལ་འདུས་པའི་འཁོར།། ཀུན་ཏུ་བཟང་པོ་ང་ཡི་ས།། ཀུན་གྱི་བྱང་ཆུབ་སྙིང་པོར་གནས། ། བྱང་ཆུབ་སེམས་ཀྱི་རང་བཞིན་ནི།། ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་སྟེ།། དུས་གསུམ་སངས་རྒྱས་ཐམས་ཅད་དང། ཁམས་གསུམ་སེམས་ཅན་ཐམས་ཅད་ཀུན།། ཀློང་ཆེན་སེམས་ཀྱི་གནས་དེ་ན།། མི་གནས་པ་ནི་གང་ཡང་མེད། ། ཀུན་གྱི་གནས་དང་ས་ཡིན་ཏེ།། འདུ་འབྲལ་མེད་པར་དེ་ན་བཞུགས།། དེ་ལ་སྦྱང་ཞིང་བགྲོད་མི་དགོས།། དེ་ལ་སྦྱང་ཞིང་བགྲོད་གྱུར་ན།། རང་སེམས་དེ་ལ་འཆོས་པ་སྟེ།། བཅོས་པས་རང་སེམས་འབྱོངས་མི་འགྱུར། ། དེ་ནི་སྤྱི་ས་ཀུན་གྱི་གནས།། ང་ལས་བྱུང་བའི་སྐུ་གསུམ་གྱིས།། རྒྱུ་འབྲས་འདས་པའི་འཁོར་རྣམས་ལ།། ས་མདོ་རྣམ་པ་གསུམ་བསྟན་ཏེ།། བསྐྱེད་པའི་ས་དང་སྤྱོད་པའི་ས།། བསྒྲུབ་པའི་ས་དང་གསུམ་བསྟན་ཏེ། ། བསྐྱེད་པའི་ས་རུ་བྱང་ཆུབ་སེམས་བསྐྱེད་ན།། ཆོས་དབྱིངས་ནམ་མཁའ་བྱང་ཆུབ་སེམས་མེད་ཅིང།། དགེ་སྡིག་ལས་ལ་དྲང་བ་དབང་བསྐུར་བས།། ཕྱི་ཡུལ་ཆོས་ཉིད་སྤངས་པས་མ་སྤོངས་ཏེ། ། རང་བྱུང་ཡེ་ཤེས་མི་ཁེགས་བཞིན་དུ་འགགས།། རང་བྱུང་ཡེ་ཤེས་ཡུལ་ལ་མི་རྟོག་བཞིན།། གཟུང་དང་འཛིན་པ་ཡོད་ཅེས་འཇོམས་པར་བྱེད།། དེས་ན་བྱང་ཆུབ་སེམས་ལ་སྐྱེས་པ་མེད།། སྤྱད་པའི་ས་རུ་བྱང་ཆུབ་བཅུ་སྤྱད་པས། ། ཇི་ལྟར་སྣང་བའི་ཆོས་རྣམས་ཐམས་ཅད་ཀུན།། བྱང་ཆུབ་སེམས་ལས་གཡོས་པ་མེད་པ་ནི།། ནམ་མཁའ་ལྟ་བུའི་ཆོས་ཉིད་སྣང་བར་ཟད།། ནམ་མཁའ་ལ་ནི་གཡོས་པ་རྡུལ་ཙམ་མེད།། དེ་བཞིན་བྱང་ཆུབ་སེམས་ལ་གཡོས་པ་མེད། ། བསྒྲུབ་པའི་ས་རུ་བྱང་ཆུབ་གྲུབ་འདོད་པ།། ཀུན་ཏུ་འོད་དང་པདྨ་ཅན་གྱི་ས།། རྡོ་རྗེ་འཛིན་དང་སྟུག་པོ་བཀོད་པ་དང།། འཁོར་ལོ་ཚོགས་ཆེན་རྡོ་རྗེ་འཆང་བ་དང།། རྒྱུ་འབྲས་ཀུན་བཟང་དབྱེ་བ་མེད་པ་དྲུག། བྱང་ཆུབ་བསྒྲུབ་པའི་ས་རུ་མིང་ཡང་གཏགས།། སེམས་ཀྱི་རང་བཞིན་རྒྱུ་རྐྱེན་བྲལ་བའི་ཕྱིར།། བསྒྲུབས་པས་གྲུབ་པའི་འབྲས་བུ་ངས་མ་བསྟན།། སེམས་ཀྱི་རང་བཞིན་དྲུག་ནི་འདི་ལྟ་སྟེ། ། རང་བྱུང་ཡེ་ཤེས་མ་འགགས་པ་ཡི་རྟགས།། དབང་པོ་སྒོ་ལྔ་ཀུན་ཏུ་གསལ་བ་ལ།། ཀུན་ཏུ་འོད་ཀྱི་ས་ཞེས་བཏགས་པ་ཡིན།། ཡུལ་ལ་མི་རྟོག་ཆགས་པ་མེད་པ་ལ།། མ་ཆགས་པདྨ་ཅན་དུ་བཏགས་པ་ཡིན། ། སྐྱེ་འཇིག་མེད་པའི་བྱང་ཆུབ་སེམས་དེ་ལ།། རྡོ་རྗེ་འཛིན་པ་ཞེས་སུ་ང་ཡིས་བཏགས།། རང་གི་རང་བཞིན་ཆོས་ཉིད་དཔག་མེད་ལ།། རང་བྱུང་ཡེ་ཤེས་མི་རྟོག་མཉམ་པ་བཀོད།། སྟུག་པོ་བཀོད་པ་ཞེས་སུ་བཏགས་པ་ཡིན། ། བྱང་ཆུབ་སེམས་ཀྱི་རང་བཞིན་དཀྱིལ་འཁོར་དེ།། རང་ལ་གནས་པའི་བྱང་ཆུབ་ཆོས་རྣམས་ལ།། ཡི་གེ་འཁོར་ལོ་ཚོགས་ཆེན་ས་རུ་བཏགས།། སྐུ་གསུང་ཐུགས་ལ་སྐྱེ་དང་འཇིག་མེད་པས། ། རྡོ་རྗེ་འཆང་གི་ས་ཞེས་བཤད་པ་ཡིན།། བྱང་ཆུབ་སེམས་ལ་རྒྱུ་འབྲས་གཉིས་མེད་དེ།། སེམས་ལས་བྱུང་བའི་ཆོས་རྣམས་ཐམས་ཅད་ལ།། བཟང་ངན་བླང་དོར་ཡེ་ནས་མེད་པའི་ཕྱིར།། འབྱེད་པ་མེད་པའི་ས་ཞེས་ང་ཡིས་བཤད། ། དེ་ན་བྱང་ཆུབ་སེམས་ཀྱི་ཆོས་དབྱིངས་ནི།། དུས་གསུམ་སངས་རྒྱས་ཁམས་གསུམ་སེམས་ཅན་ཀུན།། དེ་ནས་བྱུང་ཞིང་དེ་རུ་གནས་པའི་ཕྱིར།། ཆོས་དབྱིངས་བྱང་ཆུབ་སེམས་ནི་ཀུན་སྤྱན་ས། ། སངས་རྒྱས་བསྒྲུབ་པའི་ས་ཞེས་བཏགས་པ་སྟེ།། བྱང་ཆུབ་སེམས་ཀྱི་རང་བཞིན་དེ་ལས་མེད།། ཅེས་གསུངས་སོ།། རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ་བྲམ་ཟེ་རྒྱས་པའི་རྒྱུད་ལས་ས་སྦྱང་དུ་མེད་པ་བསྟན་པའི་ལེའུ་སྟེ་དགུ་པའོ། །།། རྡོ་རྗེ་སེམས་དཔས་ཡང་ཞུས་པ།། བཅོམ་ལྡན་བདེ་ཆེན་ཀུན་བཟང་པོ།། ཉིད་ཀྱི་ལམ་ཆེན་བཤད་དུ་གསོལ།། ཀུན་ཏུ་བཟང་པོས་བཀའ་སྩལ་པ།། ཉོན་ཅིག་ང་ལ་འདུས་པའི་འཁོར། ། བྱང་ཆུབ་སེམས་ནི་ཀུན་གྱི་ལམ་ཆེན་ཏེ།། གཞན་ན་མེད་དེ་འདི་ན་རང་བཞིན་གནས།། གནས་དང་ཡུལ་དང་སངས་རྒྱས་ས་དང་གསུམ།། ཆོས་ཀྱི་དབྱིངས་དང་ཆོས་ཉིད་འདི་ན་གནས།། ནམ་མཁའི་ཁམས་དང་གཞལ་ཡས་འདི་ནི་གནས། ། སངས་རྒྱས་དངོས་དང་ཡུལ་ནི་བྱང་ཆུབ་སེམས།། གཞན་དུ་བགྲོད་པའི་ལམ་དང་གནས་མེད་དེ།། བགྲོད་པས་ནམ་མཁའི་ལམ་ལ་ཕྱིན་པ་མེད།། རང་སེམས་སྤྲོས་བྲལ་ཆོས་ཀྱི་དབྱིངས་ཡིན་པས། ། སྤྲོས་བྲལ་དེ་ན་སངས་རྒྱས་ཐམས་ཅད་བཞུགས།། དེ་བས་ལམ་ལ་བགྲོད་པར་མ་བྱེད་ཅིག། རང་སེམས་མ་བསྒྲིབས་ནམ་མཁའི་རང་བཞིན་གསལ།། དེ་ན་དུས་གསུམ་སངས་རྒྱས་ཐམས་ཅད་བཞུགས། ། དེ་བས་ལམ་ལ་བགྲོད་པར་མ་བྱེད་ཅིག། རང་སེམས་མ་བཅོས་ཆོས་ཉིད་ཇི་བཞིན་པ།། དེ་ལ་དུས་གསུམ་སངས་རྒྱས་ལྷུན་གྱིས་གྲུབ།། དེ་བས་ལམ་ལ་བགྲོད་པར་མ་བྱེད་ཅིག། སངས་རྒྱས་རང་སེམས་རྟོག་དང་བྲལ་བ་ཡིན། ། བགྲོད་པས་རང་སེམས་རྟོག་བྲལ་དེར་མི་ཕྱིན།། གལ་ཏེ་མ་རིག་ལམ་ལ་བགྲོད་གྱུར་ན།། ཕྱིན་པའི་དུས་མེད་རྟོགས་པའི་ས་མེད་པས།། བགྲོད་པས་སངས་རྒྱས་ས་རུ་ཕྱིན་པ་མེད། ། སངས་རྒྱས་རང་སེམས་རྟོགས་དང་བྲལ་བ་ཡིན།། ལྟ་བ་བསྒོམས་པས་ཏིང་འཛིན་ཡུལ་དང་བྲལ།། ཏིང་འཛིན་དེ་ཡིས་རྟོག་བྲལ་མཉམ་དང་བྲལ།། དམ་ཚིག་བསྲུངས་པས་མ་ཉམས་འཛིན་དང་གནས། ། མ་ཉམས་འཛིན་པས་རྟོག་མེད་མཉམ་དང་བྲལ།། ཕྲིན་ལས་བཙལ་བས་གྲུབ་པའི་ཏིང་འཛིན་བྱེད།། གྲུབ་པའི་ཏིང་འཛིན་མི་རྟོག་མཉམ་དང་བྲལ།། ས་ལ་སྦྱངས་པས་གནས་པའི་ཏིང་འཛིན་བྱེད། ། འབྱོངས་པའི་ཏིང་འཛིན་རྟོག་མེད་མཉམ་དང་བྲལ།། ཆོས་ཉིད་བརྟགས་པས་གསལ་བའི་ཏིང་འཛིན་བྱཻད།། ཏིང་འཛིན་གསལ་བས་རྟོག་མེད་མཉམ་དང་བྲལ།། ཡེ་ཤེས་གསལ་བས་རྟོགས་པའི་ཏིང་འཛིན་བྱེད། ། གསལ་བར་རྟོགས་པའི་ཏིང་འཛིན་མཉམ་དང་བྲལ།། འདོད་པའི་ཏིང་འཛིན་ཇི་ལྟར་གསལ་བ་དེས།། འདོད་པ་མེད་པའི་བདེ་བ་གྲུབ་པ་མེད།། ཏིང་འཛིན་མི་བྱེད་བག་ཆགས་མི་གསོག་པས།། རང་བྱུང་ཡེ་ཤེས་ལས་ཀྱི་དབང་མི་འགྱུར། ། རང་བྱུང་ཡེ་ཤེས་ཆོས་སྐུ་སྙིང་པོ་དེ།། བཙལ་བས་མི་འགྲུབ་རང་བཞིན་གནས་པས་འགྲུབ།། གྲུབ་པས་བྱ་བའི་དོན་རྣམས་ཀུན་དང་བྲལ།། དོན་ཞེས་བྱ་བ་མིང་ཙམ་བཏགས་པ་ཡིན། ། སངས་རྒྱས་མིང་དུ་འདོགས་པར་བྱེད་པ་ནི།། ངེས་པའི་ལུང་མིན་དྲང་བའི་ལུང་དུ་བསྟན།། ཞེས་གསུངས་སོ།། རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ་བྲམ་ཟེ་རྒྱས་པའི་རྒྱུད་ལས་ལམ་ལ་བགྲོད་དུ་མེད་པའི་ལེའུ་སྟེ་བཅུ་པའོ། །།། རྡོ་རྗེ་སེམས་དཔས་ཡང་ཞུས་པ། བཅོམ་ལྡན་བདེ་ཆེན་ཀུན་བཟང་པོས།། རང་བྱུང་ཡེ་ཤེས་བཤད་དུ་གསོལ།། ཀུན་ཏུ་བཟང་པོས་བཀའ་སྩལ་པ།། ཉོན་ཅིག་ང་ལ་འདུས་པའི་འཁོར། ། འཁོར་གྱི་སྟོན་པའི་ཡེ་ཤེས་ནི།། ཡུལ་ལ་བརྟགས་པའི་ཡེ་ཤེས་ཏེ།། གང་སུ་ཡུལ་ལ་རྟོག་བྱེད་པ།། དེ་ནི་རིག་བྱེད་ཡེ་ཤེས་ཡིན།། རིག་པར་བྱ་བའི་ཡུལ་དེ་ནི།། བྱང་ཆུབ་སེམས་ལས་བྱུང་བའི་ཕྱིར།། དེ་ནི་ཡུལ་མེད་བྱང་ཆུབ་སེམས། ། ཡུལ་ལ་རྟོག་པའི་ཡེ་ཤེས་ཏེ།། ཡུལ་ལས་བྱུང་བས་རང་བྱུང་མིན།། ཡུལ་མེད་ཙམ་ན་གསལ་མི་བྱེད།། རང་བྱུང་ཡེ་ཤེས་ཞེས་བྱ་བ།། ཡེ་ཤེས་ཡེ་ནས་ཤེས་པ་ཡིན།། རང་བྱུང་ཡེ་ཤེས་ཡེ་ནས་ཤེས། ། དེས་ན་རང་བྱུང་ཡེ་ཤེས་ཏེ།། ཡེ་ནས་ཤེས་པས་ཡེ་ཤེས་ཡིན།། ཡེ་ཤེས་ཞེས་ནི་དེ་ལ་བཏགས།། ཡེ་ཤེས་རང་ལས་བྱུང་བའི་ཕྱིར།། དེ་ལ་ཏིང་འཛིན་སྒོམ་མི་བྱེད།། ཏིང་འཛིན་སྒོམ་པར་མི་བྱེད་པས། ། ཏིང་འཛིན་བག་ཆགས་བསོག་མི་འགྱུར།། བག་ཆགས་མེད་པའི་ཆོས་ཉིད་དེ།། དུས་གསུམ་སངས་རྒྱས་དགོངས་པར་བཤད།། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱིས།། དགོངས་པའི་ཡུལ་ལ་མི་རྟོག་ཏེ། ། མཉམ་པ་ཉིད་དུ་ཡེ་ནས་གནས།། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི།། རང་བྱུང་ཡེ་ཤེས་ཐུགས་དེ་ལ།། ཡེ་ནས་རྟོག་པ་མེད་པའི་ཕྱིར།། སངས་རྒྱས་དགོངས་པ་མི་མཛད་དེ།། རྟོག་པའི་ཡུལ་ནི་ཀུན་དང་བྲལ། ། རང་བྱུང་ཡེ་ཤེས་སངས་རྒྱས་དགོངས་པ་མཛད།། རང་བྱུང་ཡེ་ཤེས་ཡུལ་ལ་མི་རྟོག་པ།། རྣམ་རྟོག་རྟོག་པའི་བག་ཆགས་གོས་མི་འགྱུར།། ལས་ནི་ཏིང་འཛིན་བརྟགས་པའི་བག་ཆགས་ཡིན།། མི་རྟོག་པ་ལ་བག་ཆགས་ཡོངས་མ་གསུངས། ། མི་རྟོག་པ་ནི་རང་བྱུང་ཡེ་ཤེས་ལྔ།། སེམས་ཀྱི་རང་བཞིན་དབང་པོ་སྒོ་ལྔར་བཤད།། རང་བྱུང་ཡེ་ཤེས་དེ་ལ་འགག་པ་མེད།། བྱང་ཆུབ་སེམས་ཀྱི་ངོ་བོ་ཀུན་སྣང་ལ། ། རང་བྱུང་ཡེ་ཤེས་མི་འགག་སོ་སོར་གསལ།། རང་གི་རྐྱེན་གྱིས་སྣང་བ་དེར་མི་སྤང།། ཏིང་འཛིན་མི་རྟོག་བག་ཆག་བསོག་མི་འགྱུར།། འདི་ནི་དུས་གསུམ་སངས་རྒྱས་དགོངས་པ་སྟེ།། གང་དུ་མི་རྟོག་འདི་ལ་སུ་གནས་པ། ། ས་ལ་མི་གནས་འགྲོ་བའི་དོན་མི་གནས།། ཆོས་སྐུ་བྱང་ཆུབ་སེམས་ལ་འདི་གནས་ཏེ།། དུས་གསུམ་སངས་རྒྱས་ཀུན་གྱི་དགོངས་པ་འདུས།། རིག་པའི་ཉམས་སུ་མངོན་སུམ་རྟོགས་པར་གྱིས།། རང་བྱུང་ཡེ་ཤེས་ཡུལ་ལ་མངའ་གསོལ་བ། ། ཡེ་ཤེས་ལྔ་ཡི་ཡུལ་ལྔ་འདོད་མ་ཡིན།། ཡུལ་འདོད་ལ་ནི་ཡེ་ཤེས་ལྔ་ལ་སྣང།། ཡུལ་དེ་ཡེ་ནས་ཡེ་ཤེས་ཡིན་པའི་ཕྱིར།། ཡུལ་དང་ཡེ་ཤེས་གཉིས་སུ་ངས་མ་བསྟན།། དེས་ན་ཡུལ་ཡང་རང་བྱུང་ཡེ་ཤེས་ཡིན་པར་བཤད། ། རང་བྱུང་ཡེ་ཤེས་ཅི་ཡང་མེད་པ་ལ།། ང་ལས་བྱུང་བའི་འཁོར་གྱི་སྟོན་པ་ཡིན།། ཡུལ་ལ་བརྟེན་ནས་ཡེ་ཤེས་མིང་བཏགས་པ།། རྣམ་པ་གྲངས་ཀྱི་ཡེ་ཤེས་བྱུང་བ་ནི།། རྣམ་པར་བཏགས་པའི་ཡེ་ཤེས་གཅིག་གིས་ནི། ། ཡུལ་གཅིག་རང་བཞིན་སོ་སོར་སྣང་བ་ལ།། ཡུལ་ཅན་ལ་ནི་ཡུལ་གྱི་མིང་བཏགས་པ།། དེས་ནི་ངེས་པ་མ་ཡིན་འཁྲུལ་པས་བཏགས།། ཞེས་གསུངས་སོ།། རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ་བྲམ་ཟེ་རྒྱས་པའི་རྒྱུད་ལས་རང་བྱུང་ཡེ་ཤེས་བསྟན་པའི་ལེའུ་སྟེ་བཅུ་གཅིག་པའོ། །།། རྡོ་རྗེ་སེམས་དཔས་ཡང་ཞུས་པ།། བཅོམ་ལྡན་བདེ་ཆེན་ཀུན་བཟང་པོ།། བྱ་མེད་རྫོགས་པ་འདོད་མེད་གང། ། ཀུན་ཏུ་བཟང་པོས་བཀའ་སྩལ་པ།། ཉོན་ཅིག་ང་ལ་འདུས་པའི་འཁོར།། ཆོས་རྣམས་ཐམས་ཅད་གྲུབ་འདོད་ན།། འདོད་པའི་ས་ནི་མ་བསྒྲུབས་ཤིག། འདོད་པར་བྱེད་པའི་སེམས་དེ་ནི།། མི་ལེན་ཐམས་ཅད་སྤོང་བ་ཡིན། ། འདི་ནི་རྒྱུ་འབྲས་འདས་པའི་ཕྱིར།། འབྲས་བུ་འདོད་པ་རྒྱུ་མི་བསྒྲུབ།། མི་རྟོག་རང་བཞིན་གནས་པས་འགྲུབ།། འདོད་པའི་ཏིང་འཛིན་ཐམས་ཅད་སྤོངས།། འདོད་མེད་ཐམས་ཅད་ལེན་པར་བྱེད། ། ཏིང་ངེ་འཛིན་ལས་འདོད་པ་འཛིན།། འདོད་པ་དེ་ནི་ཡང་དག་མིན།། ཡང་དག་གཟུང་དུ་ཡོད་མ་ཡིན།། བྱས་པའི་ལས་ནི་ཐམས་ཅད་ཀུན།། མ་བཙལ་ལྷུན་གྱིས་གྲུབ་པས་བསྒྲུབ།། མ་བཙལ་ལྷུན་གྱིས་གྲུབ་པ་དེ། ། བྱས་པས་གྲུབ་པ་མ་ཡིན་ཏེ།། མ་བྱས་ཡེ་ནས་ལྷུན་གྱིས་གྲུབ།། འདོད་པ་ཐམས་ཅད་ཀུན་སྤངས་པས།། གྲུབ་པར་བྱེད་པའི་བགེགས་སུ་ཆེ།། འདོད་པའི་ཏིང་འཛིན་བག་ཆགས་དེས།། བག་ཆགས་དེ་ནི་སེམས་འཛིན་ཡིན། ། འཛིན་པས་བདེ་བ་དེ་སྤོང་བྱེད།། མི་འཛིན་བདེ་བ་ཀུན་ལེན་པ།། ཇི་བཞིན་པ་ཡི་རང་བཞིན་ནོ།། མི་གནས་པ་ལ་དམིགས་པ་མེད།། མི་རྟོག་པ་ལ་ཏིང་འཛིན་མེད།། མེད་པ་དོན་གྱི་སྙིང་པོ་དེ། ། འདོད་པ་མེད་པར་ཐོབ་བར་འགྱུར།། ཇི་བཞིན་བཅོས་པ་མེད་པ་སྟེ།། སངས་རྒྱས་ཀུན་གྱི་དགོངས་པ་གཅིག། བདེ་བ་ཆེ་ལས་མ་གཏོགས་པ།། འདོད་དང་འཛིན་པ་ག་ལ་ཡོད།། གང་ལ་འཛིན་ཆགས་མེད་པ་དེས། ། ཏིང་ངེ་འཛིན་དེ་འཛིན་པའི་མཆོག། ཀུན་འཛིན་ཡེ་ནས་གྲུབ་ཟིན་པས།། གཏང་གཞག་མི་རྟོག་གྲུབ་པའི་རྒྱལ།། ཞེས་གསུངས་སོ།། རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ་བྲམ་ཟེ་རྒྱས་པའི་རྒྱུད་ལས་བྱ་མེད་ལྷུན་རྫོགས་ཀྱི་ལེའུ་སྟེ་བཅུ་གཉིས་པའོ། །།། རྡོ་རྗེ་སེམས་དཔས་ཡང་ཞུས་པ། བཅོམ་ལྡན་བདེ་ཆེན་ཀུན་བཟང་པོ།། འདོད་མེད་མ་གཡོས་རྩོལ་མེད་གང།། ཀུན་ཏུ་བཟང་པོས་བཀའ་སྩལ་པ། ། ཉོན་ཅིག་ང་ལ་འདུས་པའི་འཁོར།། ཆོས་ཉིད་འགྱུར་བ་ཡེ་ནས་མེད།། བསྒྱུར་བས་གཡོས་པ་རྡུལ་ཙམ་མེད།། བདེ་དང་སྡུག་བསྔལ་བྱང་ཆུབ་གཅིག། སངས་རྒྱས་སེམས་ཅན་སེམས་སུ་གཅིག། སྣང་སྲིད་སྣོད་བཅུད་ཆོས་ཉིད་གཅིག། བདེན་རྫུན་གཉིས་ཀྱང་ཆོས་ཉིད་མཉམ།། བདེ་ལ་ཆགས་ན་སྡུག་བསྔལ་ཡིན།། རང་བཞིན་གནས་པས་ཀུན་ཀྱང་འགྲུབ།། ཀུན་གསལ་དེ་ལ་རྟོག་མེད་པས།། དེ་ནི་རང་བྱུང་ཡེ་ཤེས་ཡིན། ། ཡེ་ཤེས་བག་ཆགས་མི་བསོག་པས།། ལས་ཀྱིས་གོས་པར་ག་ལ་འགྱུར།། སྣ་ཚོགས་བསྒོམས་པས་གཅིག་མི་གསལ།། གསལ་བའི་ཏིང་འཛིན་གང་བྱེད་པ།། དེ་ལ་ཏིང་འཛིན་ཡོད་མ་ཡིན།། དེ་བཞིན་ཉིད་དུ་གཅིག་པ་ལ། ། སངས་རྒྱས་སེམས་ཅན་གཉིས་སུ་ཕྱེ།། བདེ་བ་སྡུག་བསྔལ་གཉིས་ཕྱེ་ནས།། དགེ་བ་དང་དུ་བླང་བར་བསྟན།། སྡིག་པ་རྒྱབ་ཏུ་བོར་བར་བསྟན།། དེ་ནི་ངེས་པའི་དོན་ལས་འགལ།། རང་བཞིན་ཆོས་ལ་གཡོས་པ་མེད། ། སངས་རྒྱས་རང་བཞིན་གཡོས་མེད་པར།། དུས་གསུམ་རྒྱལ་བའི་ཆོས་ཉིད་ཡིན།། དེ་ལ་སངས་རྒྱས་གུད་ན་མེད།། བྱང་ཆུབ་སེམས་ལས་མ་གཏོགས་པའི།། སངས་རྒྱས་སེམས་ཅན་གཉིས་ཀ་མེད། ། སེམས་ཉིད་མི་རྟོག་སངས་རྒྱས་ཡིན།། སངས་རྒྱས་ཀུན་ལ་སེམས་ཉིད་བསྔགས།། སེམས་ཉིད་མ་གཡོས་རྩོལ་དང་བྲལ།། རྩོལ་བྲལ་དེ་ལ་བཅོས་སུ་མེད།། ཅེས་གསུངས་སོ།། རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ་བྲམ་ཟེ་རྒྱས་པའི་རྒྱུད་ལས་མ་གཡོས་རྩོལ་བྲལ་གྱི་ལེའུ་སྟེ་བཅུ་གསུམ་པའོ། །།། རྡོ་རྗེ་སེམས་དཔས་ཡང་ཞུས་པ། བཅོམ་ལྡན་བདེ་ཆེན་ཀུན་བཟང་པོ།། ཉིད་ཀྱི་རིག་པ་ཇི་ལྟར་གསལ།། ཀུན་ཏུ་བཟང་པོས་བཀའ་སྩལ་པ། ། ཉོན་ཅིག་ང་ལ་འདུས་པའི་འཁོར།། རིག་པ་བསམ་བརྗོད་མེད་པར་གསལ།། མི་རྟོག་བསམ་མེད་ངང་དུ་གསལ།། རིག་པ་རྟོག་འཛིན་མེད་པར་གསལ།། བསམ་པ་མ་ཞུགས་དྲང་པོར་གསལ། ། རིག་པ་དམིགས་གཏད་མེད་པར་གསལ།། མི་རྟོག་མཉམ་པའི་ངང་དུ་གསལ།། རིག་པ་བྱ་བཙལ་མེད་པར་གསལ།། མཁའ་དབྱིངས་བདེ་ཆེན་ཀློང་དུ་གསལ།། རིག་པ་དྲན་བག་མེད་པར་གསལ།། ཤེས་རིག་བསམ་བརྗོད་མེད་པར་གསལ། ། རིག་པ་འཛིན་རྟོག་མེད་པར་གསལ།། མི་གཡོ་མཉམ་པའི་ངང་དུ་གསལ།། རིག་པ་གང་དུའང་གཞག་མེད་གསལ།། སྤྱོད་པའི་མཐའ་དང་བྲལ་བར་གསལ།། རིག་པ་རང་ལུགས་ཆེན་པོར་གསལ། ། བྱ་རྩོལ་ཉིད་ལས་འདས་པར་གསལ།། རིག་པ་མ་བཀག་དྲང་པོར་གསལ།། མི་རྟོག་མཉམ་པའི་ངང་ལ་གསལ།། རིག་པ་འཛིན་བག་མེད་པར་གསལ།། མི་རྟོག་སྤྲཽས་དང་བྲལ་བར་གསལ། ། རིག་པ་བསམ་དཔྱོད་མེད་པར་གསལ།། ཤེས་པ་ཅིར་ཡང་མ་གཡོས་གསལ།། རིག་པ་བློ་གཏད་མེད་པར་གསལ།། བསམ་པ་གང་དུའང་མ་ཞུགས་ལ།། རིག་པ་ངོས་གཟུང་མེད་པར་གསལ།། རིག་པ་རྒྱ་མ་ཆད་པར་གསལ། ། རིག་པ་ཕྱོགས་སུ་མ་ལྷུང་གསལ།། རིག་པ་ཡོངས་ལ་འབྲེལ་པར་གསལ།། ཐམས་ཅད་ཀུན་གྱི་གཞི་མར་གསལ།། ཞེས་གསུངས་སོ།། རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ་བྲམ་ཟེ་རྒྱས་པའི་རྒྱུད་ལས་རིག་པ་རང་གསལ་གྱི་ལེའུ་སྟེ་བཅུ་བཞི་པའོ། །།། རྡོ་རྗེ་སེསམ་དཔས་ཡང་ཞུས་པ།། བཅོམ་ལྡན་བདེ་ཆེན་ཀུན་བཟང་པོ།། མཉམ་པར་གཞག་ན་ཇི་ལྟར་གཞག། ཀུན་ཏུ་བཟང་པོས་བཀའ་སྩལ་པ། ། ཉོན་ཅིག་ང་ལ་འདུས་པའི་འཁོར།། ཀུན་བཟང་མ་ངེས་ནམ་མཁའ་འདྲ།། མ་རྟག་གསལ་བའི་ངང་ལ་གཞག། སྒོ་ལྔ་མ་བཀག་རང་སར་གཞག། མ་བཙལ་རང་ལུགས་ཆེན་པོར་གཞག། མི་གཡོ་མཉམ་པའི་ངང་ལ་གཞག། མི་རྟོག་སྤྲོས་དང་བྲལ་བར་གཞག། གང་དུའང་ངོས་མི་གཟུང་བར་གཞག། སྣང་བ་མི་དགག་གང་དགར་བཞག། རྟོག་མེད་གསལ་བའི་ངང་ལ་གཞག། གཉིས་མེད་མཉམ་པའི་ངང་ལ་གཞག། ལུས་ངག་ཡིད་གསུམ་གློད་དེ་གཞག། དེ་བཞིན་མ་བཅོས་རང་སར་གཞག། མ་ཆགས་ཞེན་དང་བྲལ་བར་གཞག། བསམ་པ་གང་དུའང་མ་ཞུགས་གཞག། ཤེས་པ་བསམ་དཔྱོད་མེད་པར་གཞག། ཅེས་གསུངས་སོ།། རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ་བྲམ་ཟེ་རྒྱས་པའི་རྒྱུད་ལས་མི་རྟོག་མཉམ་གཞག་གི་ལེའུ་སྟེ་བཅོ་ལྔ་པའོ། །།། དེ་ནས་ཀུན་ཏུ་བཟང་པོས་རྡོ་རྗེ་སེམས་དཔའ་ལ་སོགས་པའི་འཁོར་རྣམས་བསྡུ་བར་མཛད་ནས་རྒྱུད་ཀྱི་དོན་བཤད་པའོ། ། ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་དང། ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ཀྱི་རྩ་བ་ནི་ཀུན་ཏུ་བཟང་པོའི་ཐུགས་རང་བྱུང་གི་ཡེ་ཤེས་སོ།། ཐུགས་རང་བྱུང་གི་ཡེ་ཤེས་ནི་བྲམ་ཟེ་རྒྱས་པ་ཉིད་དོ། ། རྒྱུད་འདི་ནི་ཀུན་ཏུ་བཟང་པོ་ཉིད་དོ།། རང་གི་བྱང་ཆུབ་ཀྱི་སེམས་སོ།། སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་སོ།། རྒྱུད་འདི་འཛིན་པ་ནི་སངས་རྒྱས་ཉིད་དོ། ། ཐམས་ཅད་སངས་རྒྱས་པའི་ཕྱིར་འཁོར་བ་ཀ་དག་གོ། འདི་འཛིན་པ་ནི་ཀུན་ཏུ་བཟང་པོའོ།། ཐམས་ཅད་རང་བྱུང་ཡེ་ཤེས་ཡིན་པའི་ཕྱིར་རོ།། རིན་པོ་ཆེ་གསེར་གླིང་ན་རྡོ་དང་ས་མི་སྣང་བ་ལྟར་འཁོར་བ་ཀ་དག་སྟེ་རང་བྱུང་ཡེ་ཤེས་ཉིད་དོ། ། བྲམ་ཟེ་རྒྱས་པའི་རྒྱུད་ལས་རྒྱུད་ཡོངས་སུ་གཏད་པའི་ལེའུ་སྟེ་བཅུ་དྲུག་པའོ།།།། རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ་བྲམ་ཟེ་རྒྱས་པའི་རྒྱུད་རྫོགས་སོ། །།།@#། ། རྒྱ་གར་སྐད་དུ། མ་ཧཱ་སུ་ཁ་བོ་དྷི་ཙིཏྟ་སོ་པ་ཤི་ཀ། བོད་སྐད་དུ། བདེ་བ་ཆེན་པོ་བྱང་ཆུབ་ཀྱི་སེམས་རྨད་དུ་བྱུང་བའི་ལེའུ། བཅོམ་ལྡན་འདས་དཔལ་གྱི་དཔལ། དཔལ་རྡོ་རྗེ་སེསམ་དཔའ་ལ་ཕྱག་འཚལ་ལོ།
CLOSE WINDOW